ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๗ · หน้า 1b
༄༅༅། །སྨན་པའི་རྒྱལ་པོ་ཡན་ལག་རྣམ་པ་བཞི་དང་ལྡན་པ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ཡན་ལག་རྣམ་པ་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་
ནི་རྒྱལ་པོ་ལ་འོས་ཤིང་རྒྱལ་པོ་ལ་རིགས་པ་རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོའོ། །བཞི་གང་ཞེ་ན་དགེ་སློང་དག་འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ལ་མཁས་པར་གྱུར་པ་དང་། ནད་ཀུན་
ནས་སློང་བ་ལ་མཁས་པ་དང་། ནད་ཀུན་ནས་སྤང་བ་ལ་མཁས་པ་དང་། ནད་བྱུང་བ་དག་ཕྱིར་མི་ལྡོག་པར་བྱ་བའི་ཐབས་ལ་མཁས་པར་གྱུར་པའོ། །དགེ་སློང་དག་ཇི་ལྟར་ན་སྨན་པ་ཟུག་རྔུ་འབྱིན་
པ་ནད་ལ་མཁས་པར་གྱུར་པ་ཡིན་ཞེ་ན། དགེ་སློང་དག་འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་འདི་ནི་འདི་དང་འདི་ལྟ་བུའོ་ཞེས་ནད་ཤེས་པར་གྱུར་པ་ཡིན་ཏེ། དགེ་སློང་དག་འདི་ལྟར་ན་སྨན་པ་ཟུག་རྔུ་
འབྱིན་པ་ནད་ལ་མཁས་པར་གྱུར་པ་ཡིན་ནོ། །དགེ་སློང་དག་ཇི་ལྟར་ན་སྨན་པ་ཟུག་རྔུ་འབྱིན་པ། ནད་ཀུན་ནས་སློང་བ་ལ་མཁས་པར་གྱུར་པ་ཡིན་ཞེ་ན། དགེ་སློང་དག་འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་
เล่ม ๑๔๗ · หน้า 2a
ནད་འདི་ནི་རླུང་གིས་ཀུན་ནས་བསླང་བ། ནད་འདི་ནི་མཁྲིས་པས་ཀུན་ནས་བསླང་བ། ནད་འདི་ནི་བད་ཀན་གྱིས་ཀུན་ནས་བསླང་བ། ནད་འདི་ནི་འདུས་པས་ཀུན་ནས་བསླང་བ། འདི་ནི་གློ་བུར་བ། འདི་ནི་
དུས་ཡོངས་སུ་འགྱུར་བ་ཞེས་ནད་ཀུན་ནས་སློང་བ་ཤེས་པར་གྱུར་པ་ཡིན་ཏེ། དགེ་སློང་དག་འདི་ལྟར་ན་སྨན་པ་ཟུག་རྔུ་འབྱིན་པ་ནད་ཀུན་ནས་སློང་བ་ལ་མཁས་པར་གྱུར་པ་ཡིན་ནོ། །དགེ་སློང་དག་ཇི་ལྟར་ན་སྨན་པ་ཟུག་རྔུ་འབྱིན་པ་
ནད་བྱང་བའི་ཐབས་ལ་མཁས་པ་ཡིན་ཞེ་ན། དགེ་སློང་དག་འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་འདི་ནི་མིག་སྨན་གྱིས། འདི་ནི་མིག་སྨན་སོ་སོས། འདི་ནི་སྐྱུག་པས། འདི་ནི་འཁྲུ་བས། འདི་ནི་སྟོད་སྦྱངས་ཀྱིས། འདི་ནི་སྨད་
སྦྱངས་ཀྱིས། འདི་ནི་སྣ་སྦྱངས་ཀྱིས། འདི་ནི་དུ་བ་བཏུང་བས། འདི་ནི་རྡུལ་གདོན་པས་ཞེས་དེ་ལྟ་བུའི་རང་བཞིན་གྱི་བྱ་བ་རྣམས་ཀྱིས་ནད་སྐྱེས་པ་རྣམས་སྤང་བའི་བྱ་བ་ཤེས་པར་གྱུར་པ་ཡིན་ཏེ། དགེ་སློང་དག་འདི་ལྟར་ན་
སྨན་པ་ཟུག་རྔུ་འབྱིན་པ་ནད་སྤོང་བ་ལ་མཁས་པར་གྱུར་པ་ཡིན་ནོ། །དགེ་སློང་དག་ཇི་ལྟར་ན་སྨན་པ་ཟུག་རྔུ་འབྱིན་པ་ནད་བྱང་བ་ཕྱིར་མི་ལྡོག་པར་བྱ་བའི་ཐབས་ལ་མཁས་པར་གྱུར་པ་ཡིན་ཞེ་ན། དགེ་སློང་དག་འདི་ལ་སྨན་པ་
เล่ม ๑๔๗ · หน้า 2b
ཟུག་རྔུ་འབྱིན་པ་ནད་འདི་ནི་འདི་དང་འདི་ལྟ་བུའོ་ཞེས་ཕྱིར་མི་ལྡོག་པར་བྱ་བའི་བྱ་བ་རྣམས་ཀྱིས་སྤོང་ཞིང་ཕྱིས་མི་སྐྱེ་བར་ཤེས་པར་གྱུར་པ་ཡིན་ཏེ། དགེ་སློང་དག་འདི་ལྟར་ན་སྨན་པ་ཟུག་རྔུ་འབྱིན་པ་ནད་བྱང་བ་ཕྱིར་མི་ལྡོག་པར་བྱ་བའི་ཐབས་ལ་མཁས་པར་གྱུར་པ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡན་ལག་རྣམ་པ་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བརྗོད་དེ། བཞི་གང་ཞེ་ན། དགེ་སློང་དག་དེ་བཞིན་གཤེགས་པས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་
ཅིང་། འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དགེ་སློང་དག་སྨན་པ་ཟུག་རྔུ་འབྱིན་པ་སྡུག་བསྔལ་གྱི་རྩ་བ་སྤོང་བའི་སྨན་དག་མི་ཤེས་ལ། སྐྱེ་བ་དང་རྒ་བ་དང་ན་
བ་དང་འཆི་བ་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པའི་སྡུག་བསྔལ་གྱི་རྩ་བ་སྤོང་བའི་སྨན་དག་མི་ཤེས་སོ། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྡུག་བསྔལ་གྱི་རྩ་བ་སྤོང་བའི་སྨན་
མཁྱེན་ཅིང་སྐྱེ་བ་དང་། རྒ་བ་དང་ན་བ་དང་འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པའི་སྡུག་བསྔལ་གྱི་རྩ་བ་སྤོང་བའི་སྨན་དག་མཁྱེན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ནི་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བརྗོད་དོ་ཞེས་གསུངས་སོ། །འདི་དག་ནི་འཕགས་པ་རྣམས་ལ་བདེན་པ་དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཁྱེད་ཅག་གིས་ངས་འཕགས་པའི་བདེན་པ་
བཞི་བསྟན་པ་ཁྱེད་ཅག་གིས་གཟུང་ངམ། དེ་ནས་དགེ་སློང་གཞན་ཞིག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གསུངས་
เล่ม ๑๔๗ · หน้า 3a
པའི་འཕགས་པའི་བདེན་པ་བཞི་པོ་དག་བདག་གིས་བཟུང་ལགས་སོ། །དགེ་སློང་ཁྱོད་ཀྱིས་ངས་བསྟན་པའི་འཕགས་པའི་བདེན་པ་བཞི་པོ་དག་ཇི་ལྟ་ཇི་ལྟ་བུར་བཟུང་། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བསྟན་པ་དེ་བདག་
གིས་བཟུང་སྟེ། དེ་བཞིན་དང་གཞན་དུ་མི་འགྱུར་བ་དང་། དེ་ཁོ་ན་ཉིད་དང་། ཇི་ལྟ་བ་བཞིན་དང་། ཕྱིན་ཅི་མ་ལོག་ཅིང་འཕགས་པ་རྣམས་ལ་བདེན་པ་དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བརྗོད་དོ། །སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་
འགོག་པར་འགྲོ་བའི་ལམ་ཞེས་བསྟན་པ་དེ་བདག་གིས་བཟུང་སྟེ། དེ་བཞིན་དང་གཞན་དུ་མི་འགྱུར་བ་དང་། དེ་ཁོ་ན་ཉིད་དང་། ཇི་ལྟ་བ་བཞིན་དང་། ཕྱིན་ཅི་མ་ལོག་ཅིང་འཕགས་པ་རྣམས་ལ་བདེན་པ་དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བརྗོད་དོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བསྟན་པའི་
འཕགས་པའི་བདེན་པ་བཞི་རྣམས་བདག་གིས་དེ་ལྟར་བཟུང་ངོ་། །དགེ་སློང་ངས་བསྟན་པའི་འཕགས་པའི་བདེན་པ་བཞི་བཟུང་བ་ལེགས་སོ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ངས་བསྟན་པ་དགེ་སློང་འདིས་རབ་ཏུ་བཟུང་ཞིང་དེ་བཞིན་ཞེས་བྱ་བ་ནས། སྔ་མ་བཞིན་
དུ་འདི་དག་འཕགས་པ་རྣམས་ལ་བདེན་པ་དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བརྗོད་དོ་ཞེས་བྱ་བའི་བར་དུའོ། །སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བསྟན་པ་དེ་དགེ་སློང་འདིས་རབ་ཏུ་བཟུང་ཞིང་དེ་བཞིན་དང་ཞེས་
བྱ་བ་ནས། སྔ་མ་བཞིན་དུ་འདི་དག་འཕགས་པ་རྣམས་ལ་བདེན་པ་དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་དེའི་ཕྱིར་འཕགས་པའི་བདེན་པ་བཞི་པོ་སྔོན་མངོན་པར་མ་རྟོགས་པ་རྣམས་མངོན་པར་རྟོགས་པར་བྱ་བའི་ཕྱིར་དྲན་པ་དང་ཤེས་བཞིན་གྱིས་འདུན་པ་
དྲག་པོ་དང་། བརྩོན་འགྲུས་དང་། འབད་པ་དང་། རྩོལ་བ་དང་། མི་གཏོང་བ་དང་། རབ་ཏུ་འབད་པ་ཆེན་པོ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པས་བདེ་བར་གང་གསུངས་པ། །དེ་ནི་གཞན་གྱིས་སྡུག་བསྔལ་རིག །ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་
เล่ม ๑๔๗ · หน้า 3b
སློང་དག་ལྷ་དང་མི་རྣམས་གཟུགས་ལ་དགའ་ཞིང་གནས་ཏེ། གཟུགས་ལ་ཀུན་དུ་དགའ་བ་དང་། གཟུགས་ལ་རབ་ཏུ་དགའ་བ་དང་། གཟུགས་ལ་མངོན་པར་དགའ་བ་དང་། གཟུགས་ལ་འདོད་ཆགས་དང་བྲལ་བ་དང་། འགགས་ན་ལྷ་དང་མི་རྣམས་སུ་སྡུག་བསྔལ་བར་གནས་སོ། །
སྒྲ་ལ་དགའ་བ་དང་། དྲི་ལ་དགའ་བ་དང་། རོ་ལ་དགའ་བ་དང་། རེག་བྱ་ལ་དགའ་བ་དང་། ཆོས་ལ་དགའ་བ་དང་། ཆོས་ལ་ཀུན་དུ་དགའ་བ་དང་། ཆོས་ལ་རབ་ཏུ་དགའ་བ་དང་། ཆོས་ལ་མངོན་པར་དགའ་བ་དང་། ཆོས་ལ་འདོད་ཆགས་དང་བྲལ་བ་དང་། འགགས་ན་ལྷ་དང་མི་
རྣམས་སུ་སྡུག་བསྔལ་བར་གནས་སོ། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་གཟུགས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།
གཟུགས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པས་གཟུགས་ལ་དགའ་ཞིང་གནས་ཏེ། གཟུགས་ལ་ཀུན་དུ་དགའ་བ་དང་། གཟུགས་ལ་རབ་ཏུ་དགའ་བ་དང་། གཟུགས་ལ་མངོན་པར་
དགའ་བ་མེད་ཅིང་གཟུགས་ལ་འདོད་ཆགས་དང་བྲལ་ཞིང་འགགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྡུག་བསྔལ་བར་མི་གནས་སོ། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྒྲ་དང་།
དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ཆོས་རྣམས་ཀྱི་ཀུན་འབྱུང་བ་དང་མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་
པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པས་ཆོས་ལ་མངོན་པར་དགའ་ཞིང་མི་གནས་ཏེ། ཆོས་ལ་ཀུན་དུ་དགའ་བ་དང་། ཆོས་ལ་རབ་ཏུ་དགའ་བ་དང་། ཆོས་ལ་མངོན་པར་དགའ་བ་མེད་ཅིང་ཆོས་ལ་འདོད་ཆགས་དང་བྲལ་ཞིང་འགགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
เล่ม ๑๔๗ · หน้า 4a
ཡང་དག་པར་རྫོགས་པའི་སངས་རྒྱས་སྡུག་བསྔལ་བར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང་། གསུམ་འདུས་པ་ལས་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་
དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བར་འགྱུར་རོ་ཞེས་དེས་ཚོར་བ་འདི་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེས་ཚོར་བ་འདི་དག་གི་ཀུན་འབྱུང་བ་དང་། མི་
སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པས་གཟུགས་ལ་ཀུན་དུ་སྦྱོར་བ་དེ་དག་ཟད་ཅིང་གཞན་གྱིས་སྦྱོར་བའི་སྦྱོར་བ་དག་ཟད་ལ་མྱ་ངན་ལས་འདས་པ་གྲུབ་པ་དང་བདེ་བ་བླ་ན་མེད་པ་ཞེས་བརྗོད་དོ། །དགེ་སློང་དག་རྣ་བ་དང་། སྣ་
དང་ལྕེ་དང་ལུས་དང་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང་གསུམ་འདུས་པ་ལས་རེག་པ་དང་། རེག་པ་ལ་བརྟེན་ཏེ་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བར་འགྱུར་ཏེ། དེས་ཚོར་བ་འདི་དག་གི་ཀུན་འབྱུང་བ་དང་ཞེས་བྱ་བ་ནས་སྔ་
མ་བཞིན་དུ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པས་ཆོས་ལ་ཀུན་དུ་སྦྱོར་བ་དེ་དག་ཟད་ཅིང་གཞན་གྱིས་སྦྱོར་བའི་སྦྱོར་བ་དག་ཟད་ལ་མྱ་ངན་ལས་འདས་པ་གྲུབ་པ་དང་བདེ་བ་བླ་ན་མེད་པ་ཞེས་བརྗོད་དོ་ཞེས་བྱ་བའི་བར་དུའོ། །སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །གཟུགས་
དང་སྒྲ་དང་དྲི་དང་རོ། །རེག་དང་ཆོས་རྣམས་འབའ་ཞིག་ལ། །ལྷ་མིར་བཅས་པའི་འཇིག་རྟེན་རྣམས། །འདོད་དང་སྡུག་དང་ཡིད་འོང་དང་། །ཇི་སྲིད་ཡོད་པ་ཞེས་བརྗོད་ཅིང་། །དེ་ལ་བདེ་བ་ཉིད་དུ་རིག །གང་ཕྱིར་འདོད་ཆགས་བྲལ་འགགས་ན། །དེ་དག་སྡུག་བསྔལ་ཉིད་དུ་རིག །འཇིག་ཚོགས་ལྟ་བ་
འགགས་པ་ནི། །གཞན་གྱིས་བདེ་བ་མཐོང་བ་ཡིན། །རྐྱེན་ལས་འདི་དག་བྱུང་བ་དང་། །འཇིག་རྟེན་ཀུན་གྱིས་མཐོང་མ་ཡིན། །འཕགས་པས་བདེ་བར་གང་གསུངས་པ། །དེ་ནི་སྡུག་བསྔལ་གཞན་གྱིས་རིག །གཞན་གྱིས་སྡུག་བསྔལ་གང་སྨྲས་པ། །དེ་ནི་འཕགས་པས་བདེ་བར་མཁྱེན། །
เล่ม ๑๔๗ · หน้า 4b
གང་ལས་བྱིས་པ་རྨོངས་གྱུར་པ། །མུན་པས་ཀུན་ནས་བསྐོར་བ་དང་། །མུན་པ་ལྟ་བུར་གྱུར་པ་ཡི། །རྟོགས་པར་དཀའ་བའི་ཆོས་རྣམས་ལྟོས། །སྒྲོན་མ་མཐོང་བ་ཇི་ལྟ་བར། །དེ་དག་སྒྲིབ་པ་མེད་པར་འགྱུར། །ཁ་ཅིག་རྣམ་པར་མི་ཤེས་མི། །ཆོས་རྣམས་ཇི་ལྟར་རིག་པར་འགྱུར། །
སྲིད་པའི་འདོད་ཆགས་མཐར་ཕྱིན་པ། །ཆོས་རྣམས་ཡང་དག་རིག་པར་འགྱུར། །གང་ཡང་འདི་དག་འཕགས་པ་ལས། །གཞན་གྱིས་རྟོགས་པར་རིགས་མ་ཡིན། །གོ་འཕང་གང་ཞིག་ཡོངས་ཤེས་ན། །ཡང་སྲིད་དག་ཏུ་འགྲོ་མི་འགྱུར། །ཞེས་གསུངས་སོ། །བདེ་བའི་ཚོར་བ་སྐྱེ་བ་ན་བདེ་
བ་ཞེས་བྱ་བ་ལ། ལུང་བར་མའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་མཐར་དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས་འདོན་པ་སྡུག་བསྔལ་གྱི་ཚོར་བ་ནི་འགགས་པ་ན་བདེ་ཞེས་མདོ་བྲིས་ཟིན་ཏོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་
སློང་དག་གཟུགས་མི་རྟག་པ་སྟེ་གང་མི་རྟག་པ་དེ་ནི་སྡུག་བསྔལ་བ། དེ་ནི་བདག་མེད་པ་སྟེ། གང་བདག་མེད་པ་དེ་ཐམས་ཅད་ནི་ངའི་ཞེས་བྱ་བ་དང་། འདི་བདག་གི་ཞེས་བྱ་བ་དང་། བདག་འདིའི་ཞེས་བྱ་བ་མེད་དོ་ཞེས་འདི་ལྟར་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །དགེ་སློང་
དག་འདི་ལྟར་མཐོང་བའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་གཟུགས་ལ་སྐྱོ་བར་འགྱུར་ཞིང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཡང་སྐྱོ་བར་འགྱུར་ཏེ། སྐྱོ་ན་འདོད་ཆགས་དང་བྲལ་ཞིང་འདོད་ཆགས་དང་བྲལ་ན་གྲོལ་བར་འགྱུར་ཞིང་།
གྲོལ་ན་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ། །སྐྱེ་མཆེད་དྲུག་གི་ཚོགས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་ལྔ་པ་ལས་གཟུགས་
ལ་སོགས་པའི་གནས་རྣམས་དང་། མིག་ལ་སོགས་པ་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་རྣམས་སུ་བྱས་ནས་དེ་ལྟར་འདོན་ཏོ།། །།གང་ཅུང་ཟད་ཚོར་བ་དེ་ཐམས་ཅད་སྡུག་བསྔལ་བའོ་ཞེས་བྱ་བ་ལ། གླེང་གཞི་ཡང་དག་པར་ལྡན་པའི་སྒོ་གསུམ་པའི་སྡོམ་གྱི་ཚིགས་སུ་བཅད་
เล่ม ๑๔๗ · หน้า 5a
པ་ལྔ་པར་ལྔ་པ་དང་ཡན་ལག་ལྔར་བཞག་པ་ཞེས་བྱ་བའི་མདོ་ལས་གནས་བརྟན་འཆར་བྱེད་ཀྱིས་བཅོམ་ལྡན་འདས་ལ་ཡོངས་སུ་དྲིས་པ་ཇི་སྐད་དུ་བཙུན་པ་བཅོམ་ལྡན་འདས་ལ་བདག་དོན་འདི་ལྟ་བུ་ཡོངས་སུ་འདྲི་སྟེ། བཙུན་པ་ཚོར་བ་རྣམས་དུ་ཞིག་མཆིས་པ་བཅོམ་ལྡན་འདས་
ཀྱིས་བཤད་དུ་གསོལ། འཆར་བྱེད་ངས་ཚོར་བ་གཅིག་ཏུ་བཤད་པའི་རྣམ་གྲངས་ཀྱང་ཡོད། ངས་ཚོར་བ་གཉིས་སུ་བཤད་པའི་རྣམ་གྲངས་ཀྱང་ཡོད། ངས་ཚོར་བ་གསུམ་དུ་བཤད་པའི་རྣམ་གྲངས་ཀྱང་ཡོད། ངས་ཚོར་བ་བཞིར་བཤད་པའི་རྣམ་གྲངས་ཀྱང་ཡོད། ངས་ཚོར་བ་ལྔར་བཤད་
པའི་རྣམ་གྲངས་ཀྱང་ཡོད། ངས་ཚོར་བ་དྲུག་ཏུ་བཤད་པའི་རྣམ་གྲངས་ཀྱང་ཡོད། ངས་ཚོར་བ་བཅོ་བརྒྱད་དུ་བཤད་པའི་རྣམ་གྲངས་ཀྱང་ཡོད། ངས་ཚོར་བ་སུམ་ཅུ་རྩ་དྲུག་ཏུ་བཤད་པའི་རྣམ་གྲངས་ཀྱང་ཡོད། ངས་ཚོར་བ་བརྒྱ་རྩ་བརྒྱད་དུ་བཤད་པའི་རྣམ་གྲངས་ཀྱང་ཡོད། ངས་ཚོར་བ་
ཚད་མེད་པར་བཤད་པའི་རྣམ་གྲངས་ཀྱང་ཡོད་དོ། །འཆར་བྱེད་ངས་ཚོར་བ་གཅིག་ཏུ་བཤད་པའི་རྣམ་གྲངས་གང་ཞེ་ན། གང་ཅུང་ཟད་ཚོར་བ་དེ་ཐམས་ཅད་ནི་སྡུག་བསྔལ་བ་སྟེ། འཆར་བྱེད་རྣམ་གྲངས་འདིས་ན་ངས་ཚོར་བ་གཅིག་ཏུ་བཤད་དོ། །འཆར་བྱེད་ངས་ཚོར་བ་གཉིས་སུ་བཤད་པའི་
རྣམ་གྲངས་གང་ཞེ་ན། ལུས་ཀྱི་དང་སེམས་ཀྱི་སྟེ། འཆར་བྱེད་རྣམ་གྲངས་འདིས་ན་ངས་ཚོར་བ་གཉིས་སུ་བཤད་དོ། །འཆར་བྱེད་ངས་ཚོར་བ་གསུམ་དུ་བཤད་པའི་རྣམ་གྲངས་གང་ཞེ་ན། བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྟེ། འཆར་བྱེད་ངས་
རྣམ་གྲངས་འདིས་ན་ཚོར་བ་གསུམ་དུ་བཤད་དོ། །འཆར་བྱེད་ངས་ཚོར་བ་བཞིར་བཤད་པའི་རྣམ་གྲངས་གང་ཞེ་ན། འདོད་པ་དང་ཡང་དག་པར་ལྡན་པ་དང་། གཟུགས་དང་ཡང་དག་པར་ལྡན་པ་དང་། གཟུགས་མེད་པ་དང་ཡང་དག་པར་ལྡན་པ་དང་། ཟག་པ་མེད་པ་དང་ཡང་དག་པར་ལྡན་པ་སྟེ། འཆར་
བྱེད་ངས་རྣམ་གྲངས་འདིས་ན་ཚོར་བ་བཞིར་བཤད་དོ། །འཆར་བྱེད་ངས་ཚོར་བ་ལྔར་བཤད་པའི་རྣམ་གྲངས་གང་ཞེ་ན། བདེ་བའི་དབང་པོ་དང་། སྡུག་བསྔལ་བའི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་སྟེ། འཆར་བྱེད་ངས་
เล่ม ๑๔๗ · หน้า 5b
རྣམ་གྲངས་འདིས་ན་ཚོར་བ་ལྔར་བཤད་དོ། །འཆར་བྱེད་ངས་ཚོར་བ་དྲུག་ཏུ་བཤད་པའི་རྣམ་གྲངས་གང་ཞེ་ན། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་སྟེ། འཆར་བྱེད་ངས་རྣམ་གྲངས་
འདིས་ན་ཚོར་བ་དྲུག་ཏུ་བཤད་དོ། །འཆར་བྱེད་ངས་ཚོར་བ་བཅོ་བརྒྱད་དུ་བཤད་པའི་རྣམ་གྲངས་གང་ཞེ་ན། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་སྟེ། དེ་དག་གཅིག་ཏུ་བསྡམས་ན་ཚོར་བ་བཅོ་བརྒྱད་དུ་འགྱུར་ཏེ། འཆར་
བྱེད་ངས་རྣམ་གྲངས་འདིས་ན་ཚོར་བ་བཅོ་བརྒྱད་དུ་བཤད་དོ། །འཆར་བྱེད་ངས་ཚོར་བ་སུམ་ཅུ་རྩ་དྲུག་ཏུ་བཤད་པའི་རྣམ་གྲངས་གང་ཞེ་ན། ཡིད་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་དང་། ཡིད་བདེ་བ་མངོན་པར་འབྱུང་བ་ལ་བརྟེན་པ་དྲུག་དང་། ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་དང་། ཡིད་མི་
བདེ་བ་མངོན་པར་འབྱུང་བ་ལ་བརྟེན་པ་དྲུག་དང་། བཏང་སྙོམས་ཞེན་པ་ལ་བརྟེན་པ་དྲུག་དང་། བཏང་སྙོམས་མངོན་པར་འབྱུང་བ་ལ་བརྟེན་པ་དྲུག་སྟེ། གཅིག་ཏུ་བསྡུས་ནས་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །འཆར་བྱེད་ངས་རྣམ་གྲངས་འདིས་ཚོར་བ་སུམ་ཅུ་རྩ་དྲུག་ཏུ་བཤད་དོ། །འཆར་བྱེད་ངས་རྣམ་
གྲངས་གང་གིས་ཚོར་བ་བརྒྱ་རྩ་བརྒྱད་དུ་བཤད་ཅེ་ན། འདས་པའི་དུས་སུ་བྱུང་བའི་ཚོར་བ་སུམ་ཅུ་རྩ་དྲུག་དང་། མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་ཚོར་བ་སུམ་ཅུ་རྩ་དྲུག་དང་། ད་ལྟར་བྱུང་བའི་དུས་ན་བྱུང་བའི་ཚོར་བ་སུམ་ཅུ་རྩ་དྲུག་སྟེ། དེ་དག་གཅིག་ཏུ་བསྡུས་ན་ཚོར་བ་བརྒྱ་རྩ་བརྒྱད་དུ་
འགྱུར་ཏེ། འཆར་བྱེད་ངས་རྣམ་གྲངས་འདིས་ན་ཚོར་བ་བརྒྱ་རྩ་བརྒྱད་དུ་བཤད་དོ། །འཆར་བྱེད་ངས་ཚོར་བ་དཔག་ཏུ་མེད་པར་བཤད་པའི་རྣམ་གྲངས་གང་ཞེ་ན། ཇི་ལྟར་ཚོར་ཡང་ཚོར་བ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། འཆར་བྱེད་ངས་རྣམ་གྲངས་འདིས་ན་ཚོར་བ་དཔག་ཏུ་མེད་པར་བཤད་དོ། །
འཆར་བྱེད་གང་འབའ་ཞིག་ངས་རྣམ་གྲངས་ཀྱིས་བཤད་པའི་ཆོས་རྣམས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཐམས་ཅད་ཀྱིས་དོན་ཐམས་ཅད་མི་ཤེས་ན། དེ་དག་འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། རྣམ་པར་སྨྲ་བ་དང་། རྩོད་པར་སྐྱེ་ཞིང་བྱུང་བ་དག་སྟོན་པའི་ཆོས་འདུལ་བས་ཉེ་བར་མ་ཞི་
เล่ม ๑๔๗ · หน้า 6a
བར་གནས་སོ་ཞེས་རེ་བར་བྱའོ། །འཆར་བྱེད་གང་འགའ་ཞིག་ངས་རྣམ་གྲངས་ཀྱིས་བཤད་པའི་ཆོས་རྣམས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཐམས་ཅད་ཀྱིས་དོན་ཐམས་ཅད་ཤེས་ན། དེ་དག་འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། རྣམ་པར་སྨྲ་བ་
དང་། རྩོད་པ་སྐྱེས་ཤིང་བྱུང་བ་དག་སྟོན་པའི་ཆོས་འདུལ་བ་ལ་ཉེ་བར་ཞི་ཞིང་གནས་པར་འགྱུར་རོ་ཞེས་རེ་བར་བྱའོ་ཞེས་གསུངས་སོ།། །།ངས་འདུ་བྱེད་མི་རྟག་པ་ཉིད་ལ་དགོངས་ནས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་
བུ་དབེན་པ་ན་ནང་དུ་ཡང་དག་འཇོག་ལ་གནས་པ་ན་སེམས་ལ་སེམས་ཀྱིས་ཡོངས་སུ་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་གསུམ་དུ་ཡང་གསུངས་ལ། བཅོམ་ལྡན་འདས་ཀྱིས་ཚོར་
བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་ཀྱང་གསུངས། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཚོར་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་གསུངས་སྙམ་དུ་སེམས་ན། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་
ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་
འདས་འདི་ན་བདག་གཅིག་པུ་དབེན་པར་གྱུར་པ་ན་ནང་དུ་ཡང་དག་འཇོག་ལ་གནས་པ་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་ཚོར་བ་འདི་གསུམ་དུ་ཡང་གསུངས་ལ་ཞེས་བྱ་བ་ནས། ཚོར་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་
ཀྱང་གསུངས་ཞེས་བྱ་བའི་བར་དུའོ། །ཀུན་དགའ་བོ་ངས་འདུ་བྱེད་ནི་མི་རྟག་པ་ཉིད་དང་ཡོངས་སུ་འགྱུར་བ་ཉིད་ལ་དགོངས་ནས་ཚོར་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་གསུངས་སོ། །ཀུན་དགའ་བོ་འོན་ཀྱང་འདུ་བྱེད་རྣམས་རིམ་པ་བཞིན་དུ་ཉེ་བར་ཞི་བར་འགྱུར་ཞིང་རིམ་པ་
เล่ม ๑๔๗ · หน้า 6b
བཞིན་དུ་འདུ་བྱེད་རྣམས་ཉེ་བར་ཞི་བར་འགྱུར་ཏེ། རིམ་པ་བཞིན་དུ་འདུ་བྱེད་རྣམས་སོ་སོར་འགག་པར་འགྱུར་ཞིང་རིམ་པ་བཞིན་དུ་འདུ་བྱེད་རྣམས་སོ་སོར་རབ་ཏུ་འགག་པར་འགྱུར་རོ། །བཙུན་པ་ཇི་ལྟ་ཇི་ལྟར་འདུ་བྱེད་རྣམས་རིམ་གྱིས་ཉེ་བར་ཞི་བར་འགྱུར་ཞིང་རིམ་པ་བཞིན་དུ་འདུ་བྱེད་རྣམས་ཉེ་བར་ཞི་བར་འགྱུར་ཞེ་
ན། ཀུན་དགའ་བོ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ན་ངག་ཉེ་བར་ཞི་བར་འགྱུར་རོ། །བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ན་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བར་འགྱུར་རོ། །བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་ན་དགའ་བ་ཉེ་བར་ཞི་བར་འགྱུར་རོ། །བསམ་གཏན་བཞི་པ་ལ་
སྙོམས་པར་ཞུགས་ན་དབུགས་འབྱུང་བ་དང་རྔུབ་པ་ཉེ་བར་ཞི་བར་འགྱུར་རོ། །འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་ཞུགས་ན་འདུ་བྱེད་དང་ཚོར་བ་ཉེ་བར་ཞི་བར་འགྱུར་ཏེ། ཀུན་དགའ་བོ་འདི་ལྟར་འདུ་བྱེད་རྣམས་རིམ་པ་བཞིན་དུ་ཉེ་བར་ཞི་བར་འགྱུར་ཞིང་རིམ་པ་བཞིན་དུ་ཉེ་བར་ཞི་བར་འགྱུར་རོ། །བཙུན་པ་འདི་ལྟར་
འདུ་བྱེད་རྣམས་རིམ་གྱིས་ཉེ་བར་ཞི་བར་འགྱུར་ཞིང་རིམ་པ་བཞིན་དུ་འདུ་བྱེད་རྣམས་ཉེ་བར་ཞི་བར་འགྱུར་ན། བཙུན་པ་ཇི་ལྟ་ཇི་ལྟར་རིམ་པ་བཞིན་དུ་འདུ་བྱེད་རྣམས་སོ་སོར་འགག་པར་འགྱུར་ཞིང་། རིམ་པ་བཞིན་དུ་འདུ་བྱེད་རྣམས་རབ་ཏུ་སོ་སོར་འགག་པར་འགྱུར་ཞེ་ན། ཀུན་དགའ་བོ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་
ན་ངག་སོ་སོར་འགག་པར་འགྱུར་ཞེས་བྱ་བ་ནས། འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་ཞུགས་ན་འདུ་ཤེས་དང་ཚོར་བ་སོ་སོར་འགག་པར་འགྱུར་ཞེས་བྱ་བའི་བར་དུ་སྟེ། ཀུན་དགའ་བོ་འདི་ལྟར་ན་རིམ་པ་བཞིན་དུ་འདུ་བྱེད་རྣམས་སོ་སོར་འགག་པར་འགྱུར་ཞིང་རིམ་པ་བཞིན་དུ་འདུ་བྱེད་རྣམས་སོ་སོར་
འགག་པར་འགྱུར་རོ། །ཀུན་དགའ་བོ་སོ་སོར་འགག་པ་དེ་དག་ལས་མཆོག་ཏུ་གྱུར་པའི་སོ་སོར་འགག་པ། ཁྱད་པར་དུ་འཕགས་པའི་སོ་སོར་འགག་པ། བླ་ན་མེད་པའི་སོ་སོར་འགག་པ། གོང་ན་མེད་པའི་སོ་སོར་འགག་པ། སོ་སོར་འགག་པ་གཞན་ལས་སོ་སོར་འགག་པ། བླ་ན་མེད་པར་འཇུག་པ།
འདས་པར་འཇུག་པ། གྱ་ནོམ་པར་འཇུག་པ་དྲུག་པ་ཡང་ཡོད་དེ། ཀུན་དགའ་བོ་སོ་སོར་འགག་པ་དེ་དག་ལས་ཞེས་བྱ་བ་ནས། སོ་སོར་འགག་པ་གཞན་ལས་སོ་སོར་འགག་པ། བླ་ན་མེད་པར་འཇུག་པ། འདས་པར་འཇུག་པ། གྱ་ནོམ་པར་འཇུག་པ་དྲུག་པ་དེ་གང་ཞེ་ན། ཀུན་དགའ་བོ་འདི་ན་དགེ་སློང་སེམས་
เล่ม ๑๔๗ · หน้า 7a
འདོད་ཆགས་ལས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བར་འགྱུར། ཞེ་སྡང་དང་གཏི་མུག་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བར་གྱུར་པ་སྟེ། ཀུན་དགའ་བོ་འདི་ནི་སོ་སོར་འགག་པ་དེ་དག་ལས་ཞེས་བྱ་བ་ནས། སོ་སོར་འགག་པ་གཞན་ལས་སོ་སོར་འགག་
པ། བླ་ན་མེད་པར་འཇུག་པ། འདས་པར་འཇུག་པ། གྱ་ནོམ་པར་འཇུག་པ་དྲུག་པའོ། །རྫོགས་པའི་སངས་རྒྱས་རབ་མཁྱེན་པས། །འདུ་བྱེད་མི་རྟག་ཉིད་དང་ནི། །ཡོངས་སུ་འགྱུར་བ་ཉིད་མཁྱེན་ནས། །ཚོར་བ་སྡུག་བསྔལ་ཞེས་གསུངས་སོ། །གང་ཡང་དགེ་སློང་བརྩོན་ལྡན་ཞིང་། །ཤེས་བཞིན་
ཡོངས་སུ་མི་གཏོང་བ། །དེ་ཡིས་ཚོར་བ་འདི་དག་ཀུན། །ཡོངས་སུ་ཤེས་པ་དེ་མཁས་པའོ། །དེ་ཡིས་ཚོར་བ་ཡོངས་ཤེས་ནས། །མཐོང་བའི་ཆོས་ལ་ཟག་པ་མེད། །ཕུང་པོ་ཞིག་པར་གྱུར་པ་ན། །ཤེས་རབ་མྱ་ངན་འདས་གྲངས་འཐོབ། །ཅེས་གསུངས་སོ།། །།བདེ་བའི་ཚོར་བ་ནི་སྡུག་
བསྔལ་བ་ཉིད་དུ་བལྟ་བར་བྱའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཚོར་བ་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན། བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །དགེ་སློང་དག་དེ་ལ་བདེ་
བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟ་བར་བྱའོ། །སྡུག་བསྔལ་གྱི་ཚོར་བ་ནི་ཟུག་རྔུར་བལྟ་བར་བྱའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་མི་རྟག་པ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་དུ་བལྟ་བར་བྱའོ། །དགེ་སློང་དག་དགེ་སློང་གང་ཞིག་བདེ་བའི་ཚོར་བ་སྡུག་བསྔལ་
དུ་མཐོང་བར་གྱུར་ཅིང་། སྡུག་བསྔལ་གྱི་ཚོར་བ་འབྲས་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་མི་རྟག་པ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་དུ་མཐོང་ན། དགེ་སློང་འདིས་ཡང་དག་པ་ལེགས་པར་མཐོང་བ་ཞེས་བྱའོ། །སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །
གང་གིས་བདེ་བ་སྡུག་བསྔལ་མཐོང་། །དེ་བཞིན་སྡུག་བསྔལ་ཟུག་རྔུ་དང་། །བདེ་མིན་སྡུག་བསྔལ་མ་ཡིན་ལ། །མི་རྟག་ཉིད་དུ་མཐོང་གྱུར་པ། །དགེ་སློང་དེ་ཡིས་ཡང་དག་མཐོང་། །ཞི་ཞིང་ཞི་བའི་གོ་འཕང་རེག །བདག་ཏུ་འཛིན་པ་བཅོམ་ནས་ནི། །བདུད་ཀྱི་སྡེ་ལས་རྒྱལ་བར་འགྱུར། །
เล่ม ๑๔๗ · หน้า 7b
ཞེས་གསུངས་སོ།། །།གང་ཡང་ཇི་སྐད་དུ་སྡུག་བསྔལ་བ་ལ་བདེའོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་ཅེས་བྱ་བ་ལ། མུ་བཞི་པའི་ཚོམས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པའི་མདོ་གཉིས་པ་ལས་འབྱུང་བ། མཛོད་ཀྱི་གནས་ལྔ་པ་འདི་ཉིད་དུ་ཕྱིན་ཅི་ལོག་གི་མདོ་ལས་བྲིས་པ་བལྟ་བར་བྱའོ། །
གང་ཡང་བདེ་བའི་དབང་པོ་དང་། །ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དབང་པོ་ནི་ལྔ་པོ་འདི་དག་སྟེ། བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོའོ། །དེ་
ལ་བདེ་བའི་དབང་པོ་གང་ཡིན་པ་དང་། ཡིད་མི་བདེ་བའི་དབང་པོ་གང་ཡིན་པ་ནི་བདེ་བའི་ཚོར་བར་བལྟ་བར་བྱའོ། །སྡུག་བསྔལ་གྱི་དབང་པོ་གང་ཡིན་པ་དང་། ཡིད་མི་བདེ་བའི་དབང་པོ་གང་ཡིན་པ་ནི་སྡུག་བསྔལ་གྱི་ཚོར་བར་བལྟ་བར་བྱའོ། །བཏང་སྙོམས་ཀྱི་དབང་པོ་གང་ཡིན་པ་ནི་བདེ་བ་ཡང་མ་ཡིན་སྡུག་
བསྔལ་བ་ཡང་མ་ཡིན་པར་བལྟ་བར་བྱའོ། །གང་གིས་དབང་པོ་ལྔ་པོ་འདི་དག་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ན་ཀུན་དུ་སྦྱོར་བ་གསུམ་སྤོང་ཞིང་ཡོངས་སུ་ཤེས་པར་འགྱུར་ཏེ། གསུམ་གང་ཞེ་ན་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་
མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ། །རྒྱུན་དུ་ཞུགས་པ་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་པ། ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་དུ་ཉིང་མཚམས་སྦྱར་ནས་སྡུག་བསྔལ་མཐར་བྱེད་པར་གྱུར་པ་དག་ཡིན་ནོ་ཞེས་གསུངས་སོ།། །།
མིང་ཆེན་གཟུགས་གཅིག་ཏུ་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུའི་རྫིང་གི་གཙུག་ལག་ཁང་ན་བཞུགས་ཏེ། དེའི་ཚེ་ན་ལིཙྪ་བཱི་མིང་ཆེན་ཞེས་བྱ་བ་ཉི་མ་རེ་རེ་ཞིང་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བའི་ཕྱིར་བརྩོན་པར་བྱེད་པར་གྱུར་ཏོ། །དེ་
ནས་ལིཙྪ་བཱི་མིང་ཆེན་འདི་སྙམ་དུ་བདག་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བའི་ཕྱིར་འགྲོ་ན། རེ་ཞིག་ནམ་ནངས་ཀྱི་བར་དུ་བཅོམ་ལྡན་འདས་ཀྱང་ནང་དུ་ཡང་དག་འཇོག་ལས་མ་བཞེངས་ཤིང་། དགེ་སློང་རྣམས་ཀྱང་ནང་དུ་ཡང་དག་འཇོག་ལས་མ་ལངས་པས་བདག་འཚོ་བ་པའི་ཨ་མྲ་བདུན་པ་དག་
เล่ม ๑๔๗ · หน้า 8a
གི་ནང་དུ་ཉེ་བར་འགྲོ་བར་བྱའོ་སྙམ་ནས། དེ་ནས་ལིཙྪ་བཱི་མིང་ཆེན་འཚོ་བ་པའི་ཨ་མྲ་བདུན་པའི་ཀུན་དགའ་ར་བ་གང་ན་བ་དེར་སོང་ངོ་། །དེའི་ཚེ་ན་འཚོ་བ་པའི་ཨ་མྲ་བདུན་པའི་ཀུན་དགའ་ར་བ་ན་འོད་སྲུངས་རྫོགས་བྱེད་དགེ་འདུན་གྱི་གྲངས་ཀྱིས་བགྲང་ཞིང་འཕགས་པ་ལྟར་བཅོས་པའི་
སྐྱེ་བོ་མང་པོ་དང་ཆེན་པོར་བགྲང་པ་དག་གིས་མདུན་དུ་བྱས་ཏེ། འཚོ་བ་པ་ལྔ་བརྒྱ་ཙམ་གྱིས་གཙོ་བོར་བྱས་ཏེ་འདུག་པར་གྱུར་ཏེ། དེའི་འཁོར་རྣམས་ཀུ་ཅོ་དང་ཅ་ཅོ་དང་སྒྲ་གསང་ཆེན་པོ་དང་། སྒྲ་གསང་མཐོན་པོ་དག་གིས་སོ་སོ་ནས་སྨྲ་སྟེ། དུད་འགྲོའི་གཏམ་བརྗོད་ཅིང་འདུས་པར་གྱུར་ཅིང་འདུག་པས་འོད་
སྲུངས་རྫོགས་བྱེད་ཀྱིས་ལིཙྪ་བཱི་མིང་ཆེན་འོངས་པར་གྱུར་པ་དག་ཐག་རིང་པོ་ནས་སྔར་མཐོང་ནས་རང་གི་འཁོར་རྣམས་ལ་སྒྲ་ཆུང་ངུར་བྱེད་དུ་བཅུག་སྟེ། ཁྱེད་ཅག་རེ་ཞིག་སྒྲ་ཆུང་ངུར་གྱིས་ཤིག །ཁྱེད་ཅག་ཁ་རོག་འདུག་ཅིག །དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་ལིཙྪ་བཱི་མིང་ཆེན་ཞེས་བྱ་བ་འོང་ཞིང་འདུག་གི །དགེ་སྦྱོང་གཽ་ཏ་
མའི་ཉན་ཐོས་ཡངས་པ་ཅན་ན་གནས་པ་ཁྱིམ་པ་གོས་དཀར་པོ་གྱོན་པ་དེ་དག་ལས་ལིཙྪ་བཱི་མིང་ཆེན་ནི་མཆོག་ཏུ་གྱུར་པ་སྟེ། སྒྲ་ཆུང་བར་འདོད་པ། སྒྲ་ཆུང་བ་ལ་དགའ་བ། སྒྲ་ཆུང་བས་འདུལ་བ། སྒྲ་ཆུང་བའི་བསྔགས་པ་བརྗོད་པ། འཁོར་སྒྲ་ཆུང་བར་རིག་ནས་འོང་བར་བྱའོ་སྙམ་དུ་སེམས་སོ། །དེ་
སྐད་ཅེས་སྨྲས་པ་དང་། འཁོར་རྣམས་ཁ་རོག་འདུག་པར་གྱུར་ཏོ། །དེ་ནས་ལིཙྪ་བཱི་མིང་ཆེན་འོད་སྲུངས་རྫོགས་བྱེད་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་འོད་སྲུངས་རྫོགས་བྱེད་དང་ལྷན་ཅིག་ཡང་དག་པར་དགའ་བ་དང་། ཡང་དག་པར་བདེ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ།
ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལིཙྪ་བཱི་མིང་ཆེན་གྱིས་འོད་སྲུངས་རྫོགས་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །འོད་སྲུངས་ཁྱེད་འོད་སྲུང་བ་དག་འདི་སྐད་དུ་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ནི་རྒྱུ་མེད་རྐྱེན་མེད། སེམས་ཅན་རྣམས་ནི་རྒྱུ་མེད་རྐྱེན་མེད་པའི་ཀུན་ནས་ཉོན་
མོངས་སོ། །སེམས་ཅན་རྣམས་ཀྱི་རྣམ་པར་བྱང་བ་ནི་རྒྱུ་མེད་རྐྱེན་མེད་དེ། སེམས་ཅན་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་རྣམ་པར་བྱང་ངོ་ཞེས་ཉན་ཐོས་རྣམས་ལ་ཆོས་སྟོན་ཏོ་ཞེས་ཐོས་ནས། འོད་སྲུངས་གང་ཁ་ཅིག་འདི་སྐད་སྨྲ་ཞིང་འདི་སྐད་དུ་ལུང་སྟོན་ན་ཁྱེད་ཅག་འོད་སྲུང་བ་དག་སྨོད་པར་བྱེད་
เล่ม ๑๔๗ · หน้า 8b
དམ། མི་བདེན་པར་སྨྲ་བ་དང་། ཁྱེད་ཅག་འོད་སྲུང་བའི་ཆོས་སྨྲ་བ་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་ལུང་སྟོན་པ་ཡིན་ནོ། །འགའ་ཞིག་འོངས་ཏེ་འཁོར་གྱི་ནང་དུ་ཆོས་སྨྲ་བ་དང་རྗེས་སུ་སྨྲ་ན་ཆོས་སྨད་པའི་གནས་སུ་མི་བྱེད་དམ། མིང་ཆེན་དེ་སྐད་དུ་སྨྲ་སྟེ། དེ་ལྟར་ལུང་སྟོན་པ་བདེན་ཏེ། སྨོད་
པར་མི་བྱེད་ལ། མི་བདེན་པར་སྨྲ་བ་མ་ཡིན་ལ་ཆོས་སྨྲ་བ་ཡིན་ཞིང་། ཆོས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་ལུང་སྟོན་པ་ཡིན་ཞིང་དེ་དག་ལས་འགའ་ཞིག་འོངས་ཏེ་འཁོར་གྱི་ནང་དུ་ཆོས་སྨྲ་བ་དང་རྗེས་སུ་སྨྲ་ན་ཆོས་དེ་ལྟ་བུ་སྨད་པའི་གནས་སུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། མིང་ཆེན་ང་ཡང་འདི་ལྟར་ལྟ་ཞིང་
འདི་སྐད་དུ་སྨྲ་སྟེ། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ནི་རྒྱུ་མེད་རྐྱེན་མེད་དེ། སེམས་ཅན་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་ཀུན་ནས་ཉོན་མོངས་སོ། །སེམས་ཅན་རྣམས་ཀྱི་རྣམ་པར་བྱང་བ་ནི་རྒྱུ་མེད་རྐྱེན་མེད་དེ། སེམས་ཅན་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་རྣམ་པར་བྱང་ངོ་། །དེ་ནས་ལིཙྪ་བཱི་མིང་ཆེན་
འོད་སྲུངས་རྫོགས་བྱེད་ཀྱིས་བཤད་པ་ལ་ཁྲོ་བར་ཡང་མི་བྱེད། རྗེས་སུ་ཡི་རང་བར་ཡང་མི་བྱེད་པར་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་ལིཙྪ་བཱི་མིང་ཆེན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་
གོ། །ཕྱོགས་གཅིག་ཏུ་འདུག་ནས་ལིཙྪ་བཱི་མིང་ཆེན་འོད་སྲུངས་རྫོགས་བྱེད་དང་ལྷན་ཅིག་གཏམ་གཞན་བརྗོད་པ་དེ་ཐམས་ཅད་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལིཙྪ་བཱི་མིང་ཆེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མིང་ཆེན་འོད་སྲུངས་
རྫོགས་བྱེད་ནི་མ་དཔྱད་པར་དེའི་རང་བཞིན་མ་ཡིན་པ་དང་། སོ་སོར་མ་བརྟགས་པའི་ཆོས་སྨྲ་བ་ཡིན་ཏེ། ཇི་ལྟར་ཡང་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་འདི་སྐད་དུ་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ནི་རྒྱུ་མེད་རྐྱེན་མེད་དེ། སེམས་ཅན་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་ཀུན་ནས་ཉོན་
མོངས་སོ། །སེམས་ཅན་རྣམས་ཀྱི་རྣམ་པར་བྱང་བ་ནི་རྒྱུ་མེད་རྐྱེན་མེད་དེ། སེམས་ཅན་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་རྣམ་པར་བྱང་ངོ་ཞེས་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། མིང་ཆེན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ནི་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་ཏེ། སེམས་ཅན་རྣམས་ནི་རྒྱུ་དང་
เล่ม ๑๔๗ · หน้า 9a
བཅས་ཤིང་རྐྱེན་དང་བཅས་པར་ཀུན་ནས་ཉོན་མོངས་སོ། །སེམས་ཅན་རྣམས་ཀྱི་རྣམ་པར་བྱང་བ་ནི་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པ་སྟེ། སེམས་ཅན་རྣམས་ནི་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པར་རྣམ་པར་བྱང་ངོ་། །མིང་ཆེན་སེམས་ཅན་རྣམས་ཀྱི་ཀུན་
ནས་ཉོན་མོངས་པ་ནི་རྒྱུ་དང་བཅས་རྐྱེན་དང་བཅས་པ་སྟེ། སེམས་ཅན་རྣམས་རྒྱུ་དང་བཅས་རྐྱེན་དང་བཅས་པར་ཉོན་མོངས་པ་གང་ཞེ་ན། མིང་ཆེན་གཟུགས་གཅིག་ཏུ་སྡུག་བསྔལ་བར་གྱུར་ན། སེམས་ཅན་རྣམས་གཟུགས་ལ་ཆགས་པར་ཡང་མི་འགྱུར་ཞིང་། བདེ་བར་ཡང་མི་
འགྱུར། བདེ་བའི་རྗེས་སུ་འགྲོ་བར་ཡང་མི་འགྱུར། བདེ་བ་དང་ཡིད་བདེ་བ་ཆུང་ངུ་ལས་འདས་ཏེ། བདེ་བའི་རྒྱུ་ཉིད་དུ་ཡང་ཤེས་པར་མི་འགྱུར་བ་ཞིག་ན། མིང་ཆེན་གང་གི་ཕྱིར་གཟུགས་གཅིག་ཏུ་སྡུག་བསྔལ་བ་མ་ཡིན་ཞིང་། བདེ་བ་དང་ཡིད་བདེ་བ་དང་རྗེས་སུ་འབྲེལ་པ་དང་། བདེ་བ་
དང་ཡིད་བདེ་བ་ཆུང་ངུ་ལས་འདས་ཏེ་བདེ་བར་ཤེས་པ་དེའི་ཕྱིར་སེམས་ཅན་རྣམས་གཟུགས་ལ་ཡང་དག་པར་ཆགས་ཤིང་ཆགས་ནས་ཡང་དག་པར་སྦྱོར་བ་དང་། ཡང་དག་པར་སྦྱོར་བས་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། མིང་ཆེན་རྣམ་
པར་ཤེས་པ་གཅིག་ཏུ་སྡུག་བསྔལ་བ་ཞིག་ཏུ་གྱུར་ན་སེམས་ཅན་རྣམས་རྣམ་པར་ཤེས་པ་ལ་ཆགས་པར་ཡང་མི་འགྱུར་ཞིང་། བདེ་བར་ཡང་མི་འགྱུར། བདེ་བའི་རྗེས་སུ་འགྲོ་བར་མི་འགྱུར། བདེ་བ་དང་ཡིད་བདེ་བ་ཆུང་ངུ་ལས་འདས་ཏེ། བདེ་བའི་རྒྱུ་ཉིད་དུ་ཤེས་པར་ཡང་མི་འགྱུར་བ་ཞིག་
ན། མིང་ཆེན་གང་གི་ཕྱིར་རྣམ་པར་ཤེས་པ་གཅིག་ཏུ་སྡུག་བསྔལ་མ་ཡིན་ཞིང་བདེ་བ་དང་ཡིད་བདེ་བ་དང་རྗེས་སུ་འབྲེལ་པ་དང་། བདེ་བ་དང་ཡིད་བདེ་བ་ཆུང་ངུ་ལས་འདས་ཏེ། བདེ་བར་ཤེས་པ་དེའི་ཕྱིར་སེམས་ཅན་རྣམས་རྣམ་པར་ཤེས་པ་ལ་ཡང་དག་པར་ཆགས་ཤིང་ཡང་དག་པར་ཆགས་པས་ཡང་དག་
པར་སྦྱོར་བ་དང་། ཡང་དག་པར་སྦྱོར་བས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །མིང་ཆེན་རྒྱུ་འདི་དང་རྐྱེན་འདིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་ཤིང་། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་འདི་དག་གི་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་སོ། །མིང་ཆེན་སེམས་ཅན་
เล่ม ๑๔๗ · หน้า 9b
རྣམས་ཀྱི་རྣམ་པར་བྱང་བ་ནི་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པ་སྟེ། སེམས་ཅན་རྣམས་ནི་རྒྱུ་དང་བཅས་རྐྱེན་དང་བཅས་པར་རྣམ་པར་བྱང་བ་གང་ཞེ་ན། མིང་ཆེན་གཟུགས་གཅིག་ཏུ་བདེ་བ་ཞིག་ཏུ་གྱུར་ན་སེམས་ཅན་རྣམས་གཟུགས་ལ་འདོད་ཆགས་དང་བྲལ་བར་ཡང་མི་འགྱུར་ཞིང་སྡུག་
བསྔལ་བར་ཡང་མི་འགྱུར་སྡུག་བསྔལ་གྱི་རྗེས་སུ་འགྲོ་བར་ཡང་མི་འགྱུར། སྡུག་བསྔལ་དང་ཡིད་མི་བདེ་བ་ཆུང་ངུ་ལས་འདས་ཏེ་སྡུག་བསྔལ་གྱི་རྒྱུ་ཉིད་དུ་ཡང་ཤེས་པར་མི་འགྱུར་བ་ཞིག་ན། མིང་ཆེན་གང་གི་ཕྱིར་གཟུགས་གཅིག་ཏུ་བདེ་བ་མ་ཡིན་ཞིང་སྡུག་བསྔལ་དང་། སྡུག་བསྔལ་
དང་རྗེས་སུ་འབྲེལ་པ་དང་། སྡུག་བསྔལ་ཡིད་མི་བདེ་བ་ཆུང་ངུ་ལས་འདས་ནས་སྡུག་བསྔལ་གྱི་རྒྱུ་ཤེས་པ་དེའི་ཕྱིར་སེམས་ཅན་རྣམས་གཟུགས་ལ་ཡང་དག་པར་ཆགས་པ་དང་བྲལ་ཞིང་འདོད་ཆགས་དང་བྲལ་ནས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་ནས་ཡོངས་སུ་དག་པར་འགྱུར་རོ། །ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་དང་། མིང་ཆེན་རྣམ་པར་ཤེས་པ་གཅིག་ཏུ་བདེ་བ་ཞིག་ཏུ་གྱུར་ན་སེམས་ཅན་རྣམས་རྣམ་པར་ཤེས་པ་ལས་འདོད་ཆགས་དང་བྲལ་བར་ཡང་མི་འགྱུར་ཞིང་སྡུག་བསྔལ་བར་ཡང་མི་འགྱུར། སྡུག་བསྔལ་བའི་རྗེས་སུ་འགྲོ་བར་ཡང་མི་འགྱུར། སྡུག་བསྔལ་
བ་དང་། ཡིད་མི་བདེ་བ་ཆུང་ངུ་ལས་འདས་ནས་སྡུག་བསྔལ་གྱི་རྒྱུ་ཉིད་དུ་ཡང་ཤེས་པར་མི་འགྱུར་བ་ཞིག་ན། མིང་ཆེན་གང་གི་ཕྱིར་རྣམ་པར་ཤེས་པ་གཅིག་ཏུ་བདེ་བ་མ་ཡིན་ཞིང་སྡུག་བསྔལ་བ་དང་། སྡུག་བསྔལ་གྱི་རྗེས་སུ་འབྲེལ་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་
བ་ཆུང་ངུ་ལས་འདས་ཏེ་སྡུག་བསྔལ་བར་ཤེས་པ་དེའི་ཕྱིར་སེམས་ཅན་རྣམས་རྣམ་པར་ཤེས་པ་ལས་འདོད་ཆགས་དང་བྲལ་ཞིང་འདོད་ཆགས་དང་བྲལ་ནས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་ནས་ཡོངས་སུ་དག་པར་འགྱུར་ཏེ། མིང་ཆེན་རྒྱུ་འདི་དང་རྐྱེན་འདིས་སེམས་ཅན་
རྣམས་རྣམ་པར་བྱང་ཞིང་། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་རྒྱུ་འདི་དག་གིས་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་སོ། །དེ་ནས་ལིཙྪ་བཱི་མིང་ཆེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་
เล่ม ๑๔๗ · หน้า 10a
ཕྱག་བྱས་ནས། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་ཞེས་གསུངས་སོ།། །།མདོ་ལས་སྲེད་པ་གསུངས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་སྟེ། བཞི་གང་ཞེ་ན། སྡུག་
བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་
སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། མཛའ་བ་དང་བྲལ་བའི་སྡུག་བསྔལ་དང་། མི་མཛའ་བ་དང་ཕྲད་པའི་སྡུག་བསྔལ་དང་། གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་དག་སྡུག་བསྔལ་བ་སྟེ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་བའོ། །སྡུག་
བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། དགའ་བའི་འདོད་ཆགས་དང་ལྷན་ཅིག་པར་གྱུར་པའི་སྲེད་པ་ཡང་སྲིད་པར་ཀུན་འབྱུང་བ་སྟེ། དེ་དང་དེ་ལ་མངོན་པར་དགའོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང་ཞེ་ན། གང་ཡང་དགའ་བའི་འདོད་ཆགས་
དང་ལྷན་ཅིག་པར་གྱུར་པའི་སྲེད་པ་ཡང་སྲིད་པར་བྱུང་བ་དེ་དང་དེ་ལ་མངོན་པར་དགའ་བ་ལ་མ་ལུས་པར་སྤངས་པ། སོ་སོར་འགགས་པ། ཟད་པ་འདོད་ཆགས་དང་བྲལ་བ་འགགས་པར་ཉེ་བར་ཞི་བར་ནུབ་པའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་གང་
ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་
དག་པའི་ཏིང་ངེ་འཛིན་ཏོ་ཞེས་གསུངས་སོ།། །།བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ལས་དང་སྲེད་པ་དང་ནི་མ་རིག་པ། །ཕྱི་མའི་ཚེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ། །ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་ཚོགས་ཀྱིས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་སྡོམ་གྱི་ཚིགས་སུ་
เล่ม ๑๔๗ · หน้า 10b
བཅད་པ་གསུམ་པའི་མདོ་བཅུ་གཅིག་པ་མིའི་མདོ་ལས་བསྟན་པ་མཛོད་ཀྱི་གནས་གཉིས་པ་འདི་ཉིད་དུ། འདུས་མ་བྱས་ལ་དེ་དག་མེད། །ཅེས་བྱ་བའི་སྐབས་སུ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཙམ་དུ་བསྟན་པར་ཤེས་པར་བྱེད་པ་བྲིས་པ་བལྟ་བར་བྱའོ། །ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བ་
ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ལྔ་པོ་འདི་དག་ནི་ས་བོན་གྱི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། མདོའི་ས་བོན་དང་། གཤེགས་པའི་ས་བོན་དང་། ས་བོན་གྱི་ས་བོན་རྣམས་སོ། །དགེ་སློང་དག་གལ་ཏེ་ས་བོན་དེ་དག་
མ་ཆག་ཅིང་མ་གྲུགས་ལ། མ་རུལ་ཞིང་རླུང་དང་ཚད་པ་དག་གིས་མ་ཉམས་ལ། སྙིང་པོ་དང་ལྡན་པ་ཚགས་བྱས་པ་དང་ལྡན་པ་ཡང་སའི་ཁམས་ཡོད་ལ་ཆུའི་ཁམས་མེད་ན་ས་བོན་དེ་འཕེལ་ཞིང་རྒྱས་པ་དང་ཡངས་པར་མི་འགྱུར་རོ། །དགེ་སློང་དག་གལ་ཏེ་ས་བོན་དེ་དག་མ་ཆག་ཅིང་མ་གྲུགས་
ལ་མ་རུལ་ཞིང་རླུང་དང་ཚད་པ་དག་གིས་མ་ཉམས་ལ་སྙིང་པོ་དང་ལྡན་ཞིང་ཚགས་བྱས་པ་དང་ལྡན་ཡང་ཆུའི་ཁམས་ཡོད་ལ་སའི་ཁམས་མེད་ན་ས་བོན་དེ་འཕེལ་ཞིང་རྒྱས་པ་དང་ཡངས་པར་མི་འགྱུར་རོ། །དགེ་སློང་དག་གང་ཡང་ས་བོན་དེ་དག་མ་ཆག་ཅིང་མ་གྲུགས་ལ་མ་རུལ་ཞིང་རླུང་དང་ཚད་པ་དག་
གིས་མ་ཉམས་ལ་སྙིང་པོ་དང་ལྡན་ཞིང་ཚགས་བྱས་པ་དང་ལྡན་ཡང་སའི་ཁམས་དང་ཆུའི་ཁམས་ཀྱང་ཡོད་པར་གྱུར་ན་ས་བོན་དེ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་རོ། །དགེ་སློང་དག་འདི་ནི་ཇི་ལྟར་དོན་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པ་སྟེ། དོན་ནི་གཞན་དུ་བལྟ་བར་བྱ་སྟེ། དགེ་སློང་
དག་ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བ་ནི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་སོ། །སའི་ཁམས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བཞིའི་ཚིག་བླ་དགས་སོ། །ཆུའི་ཁམས་ཞེས་བྱ་བ་ནི་དགའ་བའི་འདོད་ཆགས་ཀྱི་ཚིག་བླ་དགས་སོ། །དགེ་སློང་དག་ཉེ་བར་ལེན་
པ་དང་བཅས་པའི་རྣམ་པར་ཤེས་པའི་གནས་ནི་བཞི་སྟེ། བཞི་གང་ཞེ་ན། དགེ་སློང་དག་རྣམ་པར་ཤེས་པ་གཟུགས་ལ་ཉེ་བར་བརྟེན་ཅིང་གནས་ཏེ། གཟུགས་ལ་བརྟེན། གཟུགས་ལ་གནས། གཟུགས་ལ་རབ་ཏུ་གནས་པ་དང་། དོན་དུ་གཉེར་ཞིང་བསྟེན་ནས་འཕེལ་ཞིང་རྒྱས་པ་དང་
เล่ม ๑๔๗ · หน้า 11a
ཡངས་པར་འགྱུར་རོ། །ཚོར་བར་ཉེ་བར་འགྲོ་བ་དང་། འདུ་ཤེས་སུ་ཉེ་བར་འགྲོ་བ་དང་། དགེ་སློང་དག་རྣམ་པར་ཤེས་པ་འདུ་བྱེད་དུ་ཉེ་བར་འགྲོ་བ་ལ་བརྟེན་ཅིང་གནས་ཏེ། འདུ་བྱེད་ལ་བརྟེན། འདུ་བྱེད་ལ་གནས། འདུ་བྱེད་ལ་རབ་ཏུ་གནས་པ་དང་། དོན་དུ་གཉེར་
ཞིང་བསྟེན་ནས་འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་རོ། །དགེ་སློང་དག་འདི་ཙམ་ལས་གཞན་དུ་རྣམ་པར་ཤེས་པ་འགྲོ་བའམ། འོང་བའམ། གནས་པའམ། འཆི་འཕོ་བའམ། སྐྱེ་བའམ། འཕེལ་ཞིང་རྒྱས་པ་དང་ཡངས་པར་མི་འགྱུར་བ་མི་གདགས་སོ། །དགེ་སློང་དག་གང་
ཞིག་འདི་སྐད་དུ་ངས་གཟུགས་ལས་གཞན་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ལས་གཞན་དུ་རྣམ་པར་ཤེས་པ་འགྲོ་བའམ་འོང་བའམ་གནས་པའམ། འཆི་འཕོ་བའམ། སྐྱེ་བའམ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་བ་གདགས་པར་བྱའོ་ཞེས་སྨྲ་ན། དེ་ནི་དེའི་
ཚིག་ཙམ་དང་དྲིས་པའི་ལན་ཡོངས་སུ་མི་ཤེས་ཤིང་ལན་ལ་མགོ་རྨོངས་པར་བྱེད་པ་སྟེ། ཇི་ལྟར་ཡང་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་གཟུགས་ཀྱི་ཁམས་ལ་འདོད་ཆགས་དང་བྲལ་བར་གྱུར་ཏེ། འདོད་ཆགས་དང་བྲལ་ན་གཟུགས་སུ་ཉེ་བར་འགྲོ་
བའི་ཡིད་ཀྱི་རང་བཞིན་གྱི་འཆིང་བ་སྤོང་བར་འགྱུར་ཞིང་། གཟུགས་སུ་ཉེ་བར་འགྲོ་བའི་ཡིད་ཀྱི་རང་བཞིན་འཆིང་བ་སྤངས་ན་དམིགས་པ་ཆད་པར་འགྱུར་ཞིང་རྣམ་པར་ཤེས་པ་གནས་པ་འཕེལ་ཞིང་རྒྱས་པ་དང་ཡངས་པར་མི་འགྱུར་རོ། །ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་
དང་། དགེ་སློང་དག་འདུ་བྱེད་ཀྱི་ཁམས་ལ་འདོད་ཆགས་དང་བྲལ་བར་འགྱུར་ཏེ། འདུ་བྱེད་ལས་འདོད་ཆགས་དང་བྲལ་ན་འདུ་བྱེད་དུ་ཉེ་བར་འགྲོ་བའི་ཡིད་ཀྱི་རང་བཞིན་གྱི་འཆིང་བ་སྤོང་བར་འགྱུར་ཞིང་། འདུ་བྱེད་དུ་ཉེ་བར་འགྲོ་བའི་ཡིད་ཀྱི་རང་བཞིན་གྱི་འཆིང་བ་སྤོངས་ན་དམིགས་པ་
འཆད་པར་འགྱུར་ཞིང་། རྣམ་པར་ཤེས་པ་གནས་པ་འཕེལ་ཞིང་རྒྱས་པ་དང་། ཡངས་པར་མི་འགྱུར་ཏེ། རྣམ་པར་ཤེས་པའི་གནས་པ་འཕེལ་ཞིང་། མངོན་པར་མ་རྒྱས་ན་མངོན་པར་འདུ་མི་བྱེད་ལ། མངོན་པར་འདུས་མ་བྱས་པའི་ཕྱིར་དེར་གནས་སོ། །དེར་གནས་པའི་
เล่ม ๑๔๗ · หน้า 11b
ཕྱིར་དགའ་བར་འགྱུར་རོ། །དགའ་བ་ལས་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་བ་ལས་འཇིག་རྟེན་ཅུང་ཟད་ཀྱང་ཉེ་བར་མི་ལེན་ཏོ། །ཉེ་བར་མ་བླངས་ན་གདུང་བ་མེད་དོ། །གང་ཡོངས་སུ་གདུང་བ་མེད་པ་དེ་ནང་གི་བདག་ཉིད་ཀྱི་མྱ་ངན་ལས་འདས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་
པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་ཏེ། དེའི་རྣམ་པར་ཤེས་པ་ཤར་ཕྱོགས་ཀྱི་ཡུལ་དུ་སོང་ཞེས་ང་མི་སྨྲའོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་གི་ཕྱོགས་དང་། ཕྱོགས་མཚམས་སུ་ཡང་མ་ཡིན་
ཏེ། གཞན་དུ་ན་མཐོང་བའི་ཆོས་ཉིད་ལ་གྲིབ་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་ཤིང་། ཞི་ཞིང་བསིལ་བར་གྱུར་པ་ཚངས་པར་སྤྱོད་པའོ་ཞེས་གསུངས་སོ།། །།མདོ་ལས་ཀྱང་རྒྱུར་གསུངས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མ་རིག་པ་ནི་ཡང་
དག་པར་ཆགས་པའི་རྒྱུ་དང་ཡང་དག་པར་ལྡང་བའི་རྒྱུ་དང་། ཡང་དག་པར་རྨོངས་པའི་རྒྱུ་སྟེ། མ་རིག་པ་ནི་ཡང་དག་པར་ཆགས་པའི་རྒྱུ་ཡང་དག་པར་སྡང་བའི་རྒྱུ། ཡང་དག་པར་རྨོངས་པའི་རྒྱུའོ། །དགེ་སློང་དག་གང་གི་ཕྱིར་ལས་ནི་སྐྱེ་བའི་རྒྱུ་ཡིན་ལ། སྲེད་པ་ནི་མངོན་པར་གྲུབ་པའི་རྒྱུ་ཡིན་
ཏེ། འདིར་བསྒོམ་པའི་རང་བཞིན་དགེ་བ་ཟག་པ་དང་བཅས་པའི་ལས་བྱས་ན། དེར་སྐྱེས་ནས་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་ཏེ། དེའི་ཕྱིར་སེམས་ཅན་དག་གི་ལས་ལས་གཞན་དུ་མི་འགྲོ་བའོ་ཞེས་ང་སྨྲའོ་ཞེས་གསུངས་སོ།། །།རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་
བཅས་པའི་མདོ་ལས་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་ཚོགས་ཀྱིས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པར་འདས་དང་ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པ་བསྡུས་པ་དང་། སྔར་དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས་འབྱུང་བ་མཛོད་ཀྱི་གནས་གསུམ་པ་འདི་ཉིད་དུ་རྟེན་ཅིང་
འབྲེལ་པར་འབྱུང་བའི་སྐབས་སུ་མ་རིག་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་བཤད་པ་ལས། མདོ་གཞན་ལས་ཞེས་བྱ་བར་བྲིས་པ་བལྟ་བར་བྱའོ། །འཕགས་པའི་རིགས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་
เล่ม ๑๔๗ · หน้า 12a
པའི་རིགས་མཆོག་རྒྱལ་པོའི་རིགས་སྔོན་ཉོན་མོངས་པ་མ་ཡིན་ཞིང་ཉོན་མོངས་པ་མེད་པ་དགེ་སློང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པ་དང་བཅས་པའི་འཇིག་རྟེན་གང་གིས་ཀྱང་ཉོན་མོངས་པར་བྱ་བར་མི་ནུས་པ་དག་སྟེ། བཞི་གང་
ཞེ་ན། འདི་ལ་དགེ་སློང་ཆོས་གོས་གང་ཡང་རུང་བས་དགའ་བར་འགྱུར་ཞིང་། ཆོས་གོས་གང་ཡང་རུང་བས་དགའ་བའི་བསྔགས་པ་བརྗོད་ལ་དེ་ཆོས་གོས་ཀྱི་རྒྱུས་རང་བཞིན་མ་ཡིན་པ་མི་ཚོལ་ལོ། །དེ་རྙེད་པའི་ཆོས་གོས་ཀྱིས་མི་སྙེམས་ཤིང་ཆོས་གོས་རྙེད་པ་དག་ལ་མ་ཆགས་པར་ལོངས་
སྤྱོད་དེ་ཆགས་པ་དང་ཞེན་པ་དང་། འདུན་པ་དང་། བརྒྱལ་བ་དང་། ཞེན་པ་དང་། ལྷག་པར་ཞེན་པར་མི་འགྱུར་ཞིང་ཉེས་དམིགས་མཐོང་ཞིང་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་ཉེ་བར་ལོངས་སྤྱོད་དེ། གང་གི་ཕྱིར་དགེ་སློང་མཁས་ཤིང་དྲན་པ་དང་ཤེས་
བཞིན་དང་ལྡན་པར་འགྱུར་ཏེ། འདི་ནི་དགེ་སློང་སྔོན་གྱི་འཕགས་པའི་རིགས་ལ་གཉིས་པ་ཞེས་བརྗོད་དོ། །ཆོས་གོས་ཇི་ལྟ་བ་བཞིན་དུ་བསོད་སྙོམས་དང་། མལ་ཆ་དང་སྟན་ཡང་དེ་བཞིན་ནོ། །གཞན་ཡང་དགེ་སློང་སྤོང་བ་ལ་དགའ་བར་འགྱུར་ཞིང་སྤོང་བ་ལ་དགའ་བ་དང་། སྤོང་
བ་ལ་དགའ་བའི་རྗེས་སུ་མཐུན་པར་གྱུར་པ་དང་། སྒོམ་པ་ལ་དགའ་བར་གྱུར་ཅིང་སྒོམ་པ་ལ་དགའ་བ་དང་། སྒོམ་པ་ལ་དགའ་བའི་རྗེས་སུ་མཐུན་པར་གྱུར་པ་སྟེ། དེ་སྤོང་བ་དང་སྒོམ་པ་ལ་དགའ་བས་བསྙེམས་པར་མི་འགྱུར་ཞིང་། གང་གི་ཕྱིར་དགེ་སློང་དྲན་པ་དང་ཤེས་
བཞིན་དང་ལྡན་པར་འགྱུར་ཏེ། འདི་དགེ་སློང་སྔོན་གྱི་འཕགས་པའི་རིགས་ལ་གནས་པ་ཞེས་བརྗོད་དོ། །འཕགས་པའི་རིགས་བཞི་པོ་འདི་དག་དང་ཡང་དག་པར་ལྡན་པའི་འཕགས་པ་ཉན་ཐོས་ཤར་ཕྱོགས་སུ་ཉེ་བར་བརྟེན་ཅིང་གནས་པ་ན་མི་དགའ་བ་མི་གནོད་དེ། དེ་ཉིད་ཀྱིས་
མི་དགའ་བ་ལ་གནོད་དོ། །དེ་གལ་ཏེ་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་བརྟེན་ཅིང་ཉེ་བར་གནས་པ་ན་ཡང་མི་དགའ་བས་མི་གནོད་དེ། དེས་མི་དགའ་བ་ལ་གནོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་གནང་བ་བཟོད་
เล่ม ๑๔๗ · หน้า 12b
ཀྱི། མི་དགའ་བ་ནི་བཟོད་དོ། །བརྟན་རྣམས་མི་དགའ་མི་བཟོད་དོ། །བརྟན་རྣམས་དགའ་བ་བཟོད་པ་ཡིན། །དེ་ཡིས་འདོད་པའི་འདོད་ཆགས་ཀུན། །སྤོང་བ་གང་གིས་བཟློག་པར་ནུས། །འཛམ་བུ་ཆུ་བོའི་གསེར་འོད་ལྟར། །དེ་ལ་གང་གིས་སྨད་པར་ནུས། །ཞེས་གསུངས་
སོ།། །།སྲེད་པ་སྐྱེ་བ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཆོས་གོས་ཀྱི་རྒྱུས་སྲེད་པ་སྐྱེ་བཞིན་པ་ན་སྐྱེའོ། །གནས་པ་ན་གནས་སོ། །མངོན་པར་ཞེན་པ་ན་མངོན་པར་ཞེན་ཏོ། །བསོད་སྙོམས་ཀྱི་རྒྱུ་དང་། མལ་ཆ་དང་སྟན་
གྱི་རྒྱུ་དང་། སྲིད་པ་མི་འབྱུང་བའི་རྒྱུས་སྲེད་པ་སྐྱེ་བཞིན་པ་ན་སྐྱེ་བོ་ཞེས་བྱ་བ་སྔ་མ་བཞིན་དུའོ་ཞེས་གསུངས་སོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གནས་སོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དྲན་པ་ཉེ་བར་གཞག་པ་ནི་བཞི་པོ་འདི་དག་སྟེ། བཞི་གང་
ཞེ་ན། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གནས་སོ་ཞེས་གསུངས་སོ།། །།ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་
དུ་ཡོད་པ་ནའོ། །དགེ་སློང་དག་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་དག་བསྟན་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་དག་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་གང་ཞེ་ན། འདི་ལ་དགེ་སློང་དག་ནང་གི་ལུས་ལ་ལུས་
ཀྱི་རྗེས་སུ་ལྟ་ཞིང་བརྟུན་པ་ཤེས་བཞིན་དང་དྲན་པ་ཅན་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་བསལ་ཅིང་གནས་སོ། །ཕྱིའི་ལུས་དང་ཕྱི་དང་ནང་གི་ལུས་དང་། ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ཕྱི་ནང་གི་ཚོར་བ་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་།
ནང་དང་ཕྱིའི་སེམས་དང་། ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པ་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་བསལ་ཏེ་གནས་སོ། །དགེ་སློང་དག་འདི་ལྟར་དྲན་པ་ཉེ་བར་
เล่ม ๑๔๗ · หน้า 13a
གཞག་པ་བཞི་བསྒོམ་པ་གོམས་པར་བྱའོ། །དགེ་སློང་དག་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་གོམས་པར་བྱའོ་ཞེས་བསྟན་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་གསུངས་སོ།། །།དེ་བཞིན་དུ་ཚེ་དང་ལྡན་པ་མ་འགགས་
པས་ཇི་སྐད་དུ་ཞེས་བྱ་བ་ལ་ཚེ་དང་ལྡན་པ་མ་འགགས་པ་གནས་བཅས་ན་ཚེར་མ་གསུམ་པ་ཅན་གྱི་ཚལ་ན་བརྟེན་ཅིང་གནས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བརྒ་ན་རི་བོང་གསོད་པ་ཞེས་བྱ་བ་རི་དྭགས་ཀྱི་ནགས་འཇིགས་པའི་སྒྲ་ཅན་གྱི་ནགས་ན་རྟེན་ཅིང་ཉེ་བར་གནས་
སོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པ་གཅིག་པུ་དབེན་པར་གྱུར་པ་ན་ནང་དུ་ཡང་དག་འཇོག་ལ་གནས་པ་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། སེམས་ཅན་རྣམས་ཡོངས་སུ་དག་པར་བྱེད་ཅིང་མྱ་ངན་དང་ཡོངས་སུ་འཚེ་བ་ལས་འདའ་ཞིང་སྡུག་བསྔལ་
བ་དང་ཡིད་མི་བདེ་བ་རྣམས་ནུབ་ནས་རིགས་པའི་ཆོས་རྟོགས་པའི་ཐེག་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ་དྲན་པ་ཉེ་བར་གཞག་པ་བཞིའོ། །བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །གང་
འགའ་ཞིག་དྲན་པ་ཉེ་བར་གཞག་པ་བཞི་ལ་མི་དགའ་བ་དེ་དག་ནི་འཕགས་པའི་ཚུལ་ལ་མི་དགའ་བ་ཡིན་ལ། གང་འཕགས་པའི་ཚུལ་ལ་མི་དགའ་བ་དེ་དག་ནི་འཕགས་པའི་ལམ་ལ་མི་དགའ་བ་ཡིན་ལ། གང་འཕགས་པའི་ལམ་ལ་མི་དགའ་བ་དེ་དག་ནི་ཐར་པ་ལ་མི་དགའ་
ལ། གང་ཐར་པ་ལ་མི་དགའ་བ་དེ་དག་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། མ་འོངས་པའི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་མ་གྲོལ་ཞིང་སྡུག་བསྔལ་བའོ་ཞེས་ང་སྨྲའོ། །
གང་འགའ་ཞིག་དྲན་པ་ཉེ་བར་གཞག་པ་བཞི་ལ་དགའ་བ་དེ་དག་ནི་འཕགས་པའི་ཚུལ་ལ་དགའ་ལ། འཕགས་པའི་ཚུལ་ལ་དགའ་བ་དེ་དག་ནི་འཕགས་པའི་ལམ་ལ་དགའ་ཞིང་། འཕགས་པའི་ལམ་ལ་དགའ་བ་དེ་དག་ནི་ཐར་པ་ལ་དགའ་ལ། ཐར་པ་ལ་
เล่ม ๑๔๗ · หน้า 13b
དགའ་བ་དེ་དག་ནི་རྣམ་པར་གྲོལ་བར་འགྱུར་ཏེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། མ་འོངས་པའི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་རྣམ་པར་གྲོལ་ཞིང་སྡུག་བསྔལ་མེད་པའོ་ཞེས་ང་སྨྲའོ། །
དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཚེ་དང་ལྡན་པ་མ་འགགས་པའི་སེམས་སེམས་ཀྱིས་རྣམ་པར་ཤེས་ནས། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བརྐྱང་བ་ལས་བསྐུམ་པ་འམ། བསྐུམ་པ་ལས་བརྐྱང་བ་ཙམ་གྱིས་
ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བརྒ་རི་བོང་གསོད་པ་ཞེས་བྱ་བ་ནི་དགས་ཀྱི་ནགས་འཇིགས་པ་ཅན་ནས་མི་སྣང་བར་གྱུར་ཏེ། ཚེར་མ་གསུམ་པ་ཅན་གྱི་ཚལ་དུ་ཚེ་དང་ལྡན་པ་མ་འགགས་པའི་མདུན་དུ་འདུག་ནས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མ་འགགས་པ་ཁྱོད་
གཅིག་པུ་དབེན་པར་གྱུར་པ་ན་ནང་དུ་ཡང་དག་འཇོག་ལ་གནས་པ་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་མ་སྐྱེས་སམ། སེམས་ཅན་རྣམས་ཡོངས་སུ་དག་པར་བྱེད་ཅིང་། མྱ་ངན་དང་ཡོངས་སུ་འཚེ་བ་ཐམས་ཅད་ལས་འདའ་ལ་སྡུག་བསྔལ་དང་ཡིད་མི་བདེ་བ་རྣམས་ནུབ་ནས་
རིགས་པའི་ཆོས་རྟོགས་པའི་ཐེག་པ་ནི་གཅིག་ཁོ་ན་སྟེ་ཞེས་བྱ་བ་ནས། རྒྱས་པར་སྡུག་བསྔལ་བ་མེད་པའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དེ་བཞིན་ནོ། །ཚེ་དང་ལྡན་པ་མ་འགགས་པ་ཇི་ཙམ་གྱིས་ན་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ལ་དགའ་
བར་འགྱུར་ཞིང་རབ་ཏུ་དགའ་བར་འགྱུར། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་ལ་དགེ་སློང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གནས་པ་ན་ལུས་ལ་དམིགས་ཏེ་དྲན་པ་གནས་པ་དང་། རབ་ཏུ་གནས་པ་དང་།
ལེགས་པར་གནས་པ་དང་། ཞི་བ་དང་། དུལ་བ་དང་། ཉེ་བར་ཞི་ཞིང་ཏིང་ངེ་འཛིན་དེ་གཅིག་ཏུ་གྱུར་ཅིང་གནས་སོ། །ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་ཆོས་རྣམས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཆོས་རྣམས་ལ་ཆོས་རྣམས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་
เล่ม ๑๔๗ · หน้า 14a
བར་གནས་ཏེ། ཆོས་རྣམས་ལ་དམིགས་ནས་དྲན་པ་གནས་པ་དང་། རབ་ཏུ་གནས་པ་དང་། ལེགས་པར་གནས་པ་དང་། ཞི་བ་དང་། དུལ་བ་དང་། ཉེ་བར་ཞི་ཞིང་ཏིང་ངེ་འཛིན་དེ་གཅིག་ཏུ་གྱུར་ཅིང་གནས་སོ། །འཕགས་པ་མཽད་གལ་གྱི་བུ་ཆེན་པོ་འདི་
ཙམ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ལ་དགའ་ཞིང་རབ་ཏུ་དགའ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཚེ་དང་ལྡན་པ་མ་འགགས་པས་བཤད་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་
སེམས་ཏིང་ངེ་འཛིན་ལ་མཉམ་པར་གཞག་ན་ཚེར་མ་གསུམ་པ་ཅན་གྱི་ཚལ་ནས་མི་སྣང་བར་འགྱུར་ཞིང་བརྒ་བའི་རི་བོང་གསོད་པ་ཞེས་བྱ་བའི་རི་དགས་ཀྱི་ནགས་འཇིགས་སྐྲག་ན་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་གསུངས་སོ།། །།ཇི་སྐད་དུ་
བཅོམ་ལྡན་འདས་ཀྱིས་ཀྱང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་
ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བྱང་ཆུབ་ཀྱི་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་ཅེས་བཤད་པ། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་འདི་གང་གི་ཚིག་བླ་དགས་
ལགས། དགེ་སློང་བྱང་ཆུབ་ཀྱི་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་ཅེས་བཤད་པ་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་འདི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་གྱི་ཚིག་བླ་དགས་སོ། །དགེ་སློང་འོན་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་གོ་རིམས་བཞིན་དུ་སྐྱེ་ཞིང་བྱང་ཆུབ་ཀྱི་ཡན་ལག་
རྣམས་གོ་རིམས་བཞིན་དུ་འཐོབ་པ་དང་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཙུན་པ་ཇི་ལྟ་ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་གོ་རིམས་བཞིན་དུ་སྐྱེ་ཞིང་བྱང་ཆུབ་ཀྱི་ཡན་ལག་རྣམས་གོ་རིམས་བཞིན་དུ་འཐོབ་པ་དང་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། འདི་ན་དགེ་
เล่ม ๑๔๗ · หน้า 14b
སློང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེའི་ཚེ་ནི་དྲན་པ་ཉེ་བར་གནས་པར་འགྱུར་ཞིང་ཀུན་དུ་མི་རྨོངས་པ་ཡིན་ཏེ། དེའི་ཚེ་ན་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མགོ་རྩོམ་པ་ཡིན་ཞིང་། དེའི་ཚེ་ན་དྲན་པ་ཡང་དག་བྱང་ཆུབ་ཀྱི་
ཡན་ལག་བསྒོམ་པར་འགྱུར་ལ་དེའི་ཚེ་ན་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་དྲན་པ་དང་ཆོས་དེ་སེམས་པ་དང་། རབ་ཏུ་སེམས་པ་དང་། ཡོངས་སུ་རྟོག་པ་དང་། རྣམ་པར་དཔྱོད་པར་བྱེད་ཅིང་ཆོས་རབ་ཏུ་རྣམ་པར་འབྱེད་
པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེའི་ཚེ་མགོ་རྩོམ་པ་ཡིན་ཞིང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེའི་ཚེ་བསྒོམ་པར་འགྱུར་ལ། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེའི་ཚེ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཆོས་དེ་དག་
ལ་སེམས་པ་དང་། ཡོངས་སུ་རྟོག་པ་དང་རྣམ་པར་དཔྱོད་པར་བྱེད་ན། དེ་ལ་མ་ཞུམ་པའི་བརྩོན་འགྲུས་རྩོམ་པར་འགྱུར་ཏེ། དེའི་ཚེ་ན་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མགོ་རྩོམ་པ་ཡིན་ཞིང་། དེའི་ཚེ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡིན་ལ།
དེའི་ཚེ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་བརྩམས་པ་ལ་ཟང་ཟིང་མེད་པའི་དགའ་བ་སྐྱེ་བར་འགྱུར་ཏེ། དེའི་ཚེ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མགོ་རྩོམ་པ་ཡིན་ཞིང་། དེའི་ཚེ་དགའ་བ་ཡང་དག་
བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡིན་ལ། དེའི་ཚེ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཡིད་དགའ་བ་ལ་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་ཏེ། དེའི་ཚེ་ན་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མགོ་རྩོམ་པ་
ཡིན་ཞིང་། དེའི་ཚེ་ན་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡིན་ལ། དེའི་ཚེ་ན་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་ན་བདེ་བ་མྱོང་ཞིང་དེའི་སེམས་ཏིང་ངེ་འཛིན་ལ་མཉམ་
เล่ม ๑๔๗ · หน้า 15a
པར་འཇོག་པར་འགྱུར་ཏེ། དེའི་ཚེ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མགོ་རྩོམ་པ་ཡིན་ཞིང་། དེའི་ཚེ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡིན་ལ། དེའི་ཚེ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་རྫོགས་
པར་འགྱུར་རོ། །དེ་བཞིན་དུ་མཉམ་པར་འཇོག་པ་ན་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ནས་བཏང་སྙོམས་སུ་འགྱུར་ཏེ། དེའི་ཚེ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མགོ་རྩོམ་པ་ཡིན་ཞིང་། དེའི་ཚེ་བཏང་སྙོམས་ཡང་དག་བྱང་ཆུབ་
ཀྱི་ཡན་ལག་བསྒོམ་པ་ཡིན་ལ། དེའི་ཚེ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འདི་ན་དགེ་སློང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་ཆོས་རྣམས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཆོས་རྣམས་ལ་ཆོས་རྣམས་ཀྱི་རྗེས་སུ་
ལྟ་ཞིང་གནས་པ་དེའི་དྲན་པ་ཉེ་བར་གནས་པར་འགྱུར་ཞིང་ཀུན་ཏུ་མི་རྨོངས་པ་ཡིན་ཏེ། དེའི་ཚེ་ན་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མགོ་རྩོམ་པ་ཡིན་ཞིང་ཞེས་བྱ་བ་ནས། རྒྱས་པར་དེའི་ཚེ་ན་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་རྫོགས་
པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་རྗེས་སུ་འཐོབ་པར་འགྱུར་ཞིང་གོ་རིམས་འདིས་བྱང་ཆུབ་ཀྱི་ཡན་ལག་རྣམས་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ།། །།དགེ་སློང་དག་ཇི་ལྟར་ན་ཞེས་བྱ་བ་ལ། དགེ་
སློང་དག་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཀུན་འབྱུང་བ་དང་ནུབ་པ་དག་བཤད་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་དག་ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཀུན་འབྱུང་བ་དང་ནུབ་པ་ཡིན་ཞེ་ན། དགེ་སློང་
དག་ཟས་ཀུན་འབྱུང་བས་ལུས་ཀུན་འབྱུང་བ་ཡིན་ལ། ཟས་འགགས་པས་ལུས་འགག་པར་འགྱུར་རོ། །ལུས་ཀུན་འབྱུང་བའི་ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་པ་དང་། ལུས་འཇིག་པའི་ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་པ་དང་། ལུས་ཀུན་འབྱུང་བ་དང་འཇིག་པའི་ཆོས་ཅན་དུ་རྗེས་
เล่ม ๑๔๗ · หน้า 15b
སུ་མཐོང་ཞིང་གནས་པ་དང་། མི་རྟེན་ཅིང་གནས་ན་འཇིག་རྟེན་ཅུང་ཟད་ཀྱང་ཉེ་བར་མི་ལེན་ཏོ། །དགེ་སློང་དག་རེག་པར་ཀུན་འབྱུང་བས་ཚོར་བ་ཀུན་འབྱུང་བ་ཡིན་ལ། རེག་པ་འགགས་པས་ཚོར་བ་ནུབ་པར་འགྱུར་ཏེ། ཚོར་བ་ཀུན་འབྱུང་བའི་ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་
པ་དང་། ཚོར་བ་འཇིག་པའི་ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་པ་དང་། ཚོར་བ་ཀུན་འབྱུང་བ་དང་འཇིག་པའི་ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་པ་དང་། མི་རྟེན་ཅིང་གནས་ན་འཇིག་རྟེན་ཅུང་ཟད་ཀྱང་ཉེ་བར་མི་ལེན་ཏོ། །དགེ་སློང་དག་མིང་དང་གཟུགས་ཀུན་འབྱུང་བས་
སེམས་ཀུན་འབྱུང་བ་ཡིན་ལ། མིང་དང་གཟུགས་འགགས་པས་སེམས་ནུབ་པར་འགྱུར་རོ། །སེམས་ཀུན་འབྱུང་བའི་ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་པ་དང་། སེམས་འཇིག་པའི་ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་པ་དང་། སེམས་ཀུན་འབྱུང་བ་དང་འཇིག་པའི་
ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་པ་དང་། མི་རྟེན་ཅིང་གནས་ན་འཇིག་རྟེན་ཅུང་ཟད་ཀྱང་ཉེ་བར་མི་ལེན་ཏོ། །དགེ་སློང་དག་ཡིད་ལ་བྱེད་པ་ཀུན་འབྱུང་བས་ཆོས་ཀུན་འབྱུང་བ་ཡིན་ཞིང་། ཡིད་ལ་བྱེད་པ་འགགས་པས་ཆོས་ནུབ་པར་འགྱུར་རོ། །ཆོས་ཀུན་འབྱུང་བའི་ཆོས་ཅན་དུ་
རྗེས་སུ་མཐོང་ཞིང་གནས་པ་དང་། ཆོས་འཇིག་པའི་ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་པ་དང་། ཆོས་ཀུན་འབྱུང་བ་དང་འཇིག་པའི་ཆོས་ཅན་དུ་རྗེས་སུ་མཐོང་ཞིང་གནས་པ་དང་། མི་རྟེན་ཅིང་གནས་ན་འཇིག་རྟེན་ཅུང་ཟད་ཀྱང་ཉེ་བར་མི་ལེན་ཏོ། །དགེ་སློང་དག་འདི་ལྟར་ན་དྲན་པ་ཉེ་བར་
གཞག་པ་རྣམས་ཀུན་འབྱུང་བ་དང་ནུབ་པ་རྣམས་ཏེ། དགེ་སློང་དག་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཀྱི་ཀུན་འབྱུང་བ་དང་། ནུབ་པ་བཤད་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་གསུངས་སོ།། །།མདོ་ལས་ཇི་སྐད་དུ་ཡང་དག་པའི་མྱ་ངན་
ལས་འདས་པ་ཞེས་བྱ་བ་ལ་ལམ་གྱི་ཚོགས་དང་ལམ་གྱི་ཡན་ལག་གི་སྒོ་ལས་ཏེ། ལོག་པའི་ཡན་ལག་གི་ལམ་དམྱལ་བ་ལ་བྱེད་དུ་འཇུག་པ་དང་། དེ་ཉིད་ཀྱི་མཚམས་མེད་པ་ལ་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་མདོ་ལས་བལྟ་བར་བྱའོ། །མདོ་འདི་ཡང་མཛོད་ཀྱི་གནས་གསུམ་པར།
เล่ม ๑๔๗ · หน้า 16a
འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་བྱ་བ་དེར་བྲིས་ཟིན་ཏོ།། །།ཀུན་འབྱུང་ལ་སོགས་པ་ནི་བྱ་བའི་མངོན་པར་རྟོགས་པ་ཡིན་ཏེ། སྤོང་བ་དང་། མངོན་དུ་བྱེད་པ་དང་། བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་ལ།
གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་བཞི་སྟེ། བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང་། སྡུག་
བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །དེ་ལ་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱ་ཞིང་། ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་ཤེས་ནས་ཡོངས་སུ་སྤང་བར་བྱ། འགོག་པ་འཕགས་པའི་བདེན་པ་མངོན་པར་ཤེས་
ནས་མངོན་སུམ་དུ་བྱ། ལམ་འཕགས་པའི་བདེན་པ་མངོན་པར་ཤེས་ནས་བསྒོམ་པར་བྱའོ། །དགེ་སློང་དག་གང་ཡང་དགེ་སློང་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་ཤེས་པས་ཡོངས་སུ་ཤེས་ཤིང་། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་ཤེས་ནས།
སྤངས་ལ། འགོག་པ་འཕགས་པའི་བདེན་པ་མངོན་པར་ཤེས་ནས་མངོན་དུ་བྱས་ཏེ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མངོན་པར་ཤེས་ནས་བསྒོམས་པ་ནི་དགེ་སློང་སྲེད་པ་ཆད་པ་ཀུན་དུ་སྦྱོར་བ་སྤངས་པ་ཡང་དག་པའི་ལམ་མངོན་པར་རྟོགས་ནས་སྡུག་བསྔལ་
མཐར་བྱེད་པ་ཞེས་བརྗོད་དོ་ཞེས་གསུངས་སོ།། །།འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅེས་བྱ་བ་ལ། ལམ་གྱི་ཚོམས་ཀྱི་ལམ་གྱི་ཡན་ལག་གི་སྒོའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་ལས། ཡང་དག་ཉིད་ཅེས་བྱ་བ་ལ་སོགས་པའི་མདོ་ལས་
བྱུང་བ། མཛོད་ཀྱི་གནས་བཞི་པར། སྤོང་བ་དག་ནི་ཆུ་ལོན་གསུངས། །ཞེས་བྱ་བ་བྲིས་ཏེ། དེ་ལས་འདི་ལྟར་འདོན་ཏེ། ཡང་དག་པའི་ལྟ་བ་འཕགས་པ་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཡང་དག་པར་ཟད་པ། སྡུག་བསྔལ་མཐར་བྱ་བའི་ཕྱིར་འཇུག་
เล่ม ๑๔๗ · หน้า 16b
པར་བྱ་བ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་པའམ། ཀུན་འབྱུང་ལ་ཀུན་འབྱུང་དུ་ཡིད་ལ་བྱེད་པའམ། འགོག་པ་ལ་འགོག་པར་ཡིད་ལ་བྱེད་པའམ། ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་
པ་ཆོས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་དང་། རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། མཚོན་པ་དང་། ཡང་དག་པར་མཚོན་པ་དང་། ཉེ་བར་མཚོན་པ་དང་། བསྟེན་པ་དང་། སོ་སོར་རིག་པའི་ཤེས་པ་དང་། མཐོང་བ་དང་། བློ་དང་། རིག་པ་དང་། རྟོག་པ་གང་ཡིན་
པ་སྟེ། འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཡང་དག་པར་ཟད་པ་སྡུག་བསྔལ་མཐར་བྱ་བའི་ཕྱིར་འཇུག་པའོ། །ཁྱིམ་བདག་བདེན་པ་མངོན་པར་རྟོགས་པ་གཅིག་པ་ཉིད་ནི་མེད་པ་ཉིད་དེ་ཞེས་བྱ་བ་ལ། གླེང་གཞི་ནི་
མཉན་དུ་ཡོད་པ་ནའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་
ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཕགས་པའི་བདེན་པ་བཞི་པོ་རྣམས་གོ་རིམས་བཞིན་དུ་མངོན་པར་རྟོགས་ལགས་སམ། འོན་ཏེ་ཅིག་ཅར། ཁྱིམ་བདག་འཕགས་པའི་བདེན་པ་བཞི་པོ་རྣམས་ནི་གོ་རིམས་བཞིན་དུ་མངོན་པར་རྟོགས། ཅིག་ཅར་མངོན་པར་རྟོགས་པ་ནི་མ་ཡིན་ནོ། །ཁྱིམ་
བདག་གང་ཞིག་འདི་སྐད་དུ་བདག་གིས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར། ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱ་ཞིང་། ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་འགོག་པ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱ།
འགོག་པ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱའོ། །ཞེས་སྨྲ་ན། དེ་སྐད་དུ་མ་སྨྲ་ཤིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་
เล่ม ๑๔๗ · หน้า 17a
སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་རྟོགས་པ་དང་། ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་འགོག་པ་འཕགས་པའི་བདེན་པ་མངོན་པར་རྟོགས་པ་དང་། འགོག་པ་འཕགས་
པའི་བདེན་པ་མངོན་པར་མ་རྟོགས་པར། ལམ་འཕགས་པའི་བདེན་པ་མངོན་པར་རྟོགས་པ་འདི་ནི་གནས་མེད་དོ། །ཁྱིམ་བདག་འདི་ལྟ་སྟེ། གང་ཞིག་འདི་སྐད་དུ་བདག་གིས་ཤིང་རྟའམ། ཤིང་རྟའི་ཁང་པ་དག་གི་རྨང་མ་བརྩིགས་པ་རྩིག་པ་དག་བརྩིག་པར་བྱ་ཞིང་། རྩིག་པ་མ་བརྩིགས་པར་ཁོང་ཐོག་དང་ཤིང་
སྦྲ་དག་བརྩིག་པར་བྱའོ་ཞེས་སྨྲ་ན། དེ་སྐད་དུ་མ་སྨྲ་ཤིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། ཤིང་རྟའམ་ཤིང་རྟའི་ཁང་པ་དག་གི་རྨང་མ་བརྩིགས་པར་རྩིག་པ་བརྩིགས་པ་དང་། རྩིག་པ་མ་བརྩིགས་པར་ཁང་ཐོག་དང་། ཤིང་སྦྲ་རྩིག་པར་བྱེད་
པ་འདི་ནི་གནས་མེད་དོ། །ཁྱིམ་བདག་དེ་བཞིན་དུ་ཁ་ཅིག་འདི་སྐད་དུ་བདག་གིས་སྡུག་བསྔལ་གྱི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་གི་བདེན་པ་མངོན་པར་རྟོགས་པར་བྱ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མངོན་པར་རྟོགས་
པར་བྱའོ་ཞེས་སྨྲ་ན། འདི་ནི་གནས་མེད་དོ། །ཁྱིམ་བདག་གང་ཞིག་འདི་སྐད་དུ་བདག་གིས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་རྟོགས་ནས། ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱ་ཞིང་། ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་རྟོགས་ནས། འགོག་
པ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱ་ཞིང་། འགོག་པ་འཕགས་པའི་བདེན་པ་མངོན་པར་རྟོགས་ནས། ལམ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱའོ་ཞེས་སྨྲ་ན། དེ་བཞིན་ནོ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་སྡུག་
བསྔལ་འཕགས་པའི་བདེན་པ་མངོན་པར་རྟོགས་ནས། ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་རྟོགས་པ་དང་། ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་རྟོགས་ནས་འགོག་པ་འཕགས་པའི་བདེན་པ་མངོན་པར་རྟོགས་པ་དང་། འགོག་པ་འཕགས་པའི་བདེན་པ་མངོན་པར་རྟོགས་ནས་ལམ་འཕགས་
เล่ม ๑๔๗ · หน้า 17b
པའི་བདེན་པ་མངོན་པར་རྟོགས་པར་འགྱུར་བ་འདི་ནི་གནས་ཡོད་དོ། །ཁྱིམ་བདག་འདི་ལྟ་སྟེ་ཁ་ཅིག་འདི་སྐད་དུ་བདག་གིས་ཤིང་རྟའམ་ཤིང་རྟའི་ཁང་པ་དག་གི་རྨང་བརྩིགས་ཏེ་རྩིག་པ་བརྩིག་པར་བྱའོ། །རྩིག་པ་བརྩིགས་ནས་ཁང་ཐོག་དང་ཤིང་སྦྲ་དག་བརྩིག་པར་བྱའོ་ཞེས་སྨྲ་ན། དེ་བཞིན་ནོ་ཞེས་བརྗོད་པར་བྱ་
འོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། ཤིང་རྟའམ་ཤིང་རྟའི་ཁང་པ་དག་གི་རྨང་བརྩིགས་ཏེ། རྩིག་པ་བརྩིགས་པ་དང་། རྩིག་པ་བརྩིགས་ནས་ཁོང་ཐོག་དང་ཤིང་སྦྲ་དག་བརྩིགས་པ་འདི་ནི་གནས་ཡོད་དོ། །ཁྱིམ་བདག་དེ་བཞིན་དུ་སྡུག་བསྔལ་འཕགས་པའི་བདེན་
པ་མངོན་པར་རྟོགས་ནས་ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་རྟོགས་པ་དང་། ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་རྟོགས་ནས་འགོག་པ་འཕགས་པའི་བདེན་པ་མངོན་པར་རྟོགས་པ་དང་། འགོག་པ་འཕགས་པའི་བདེན་པ་མངོན་པར་རྟོགས་ནས་ལམ་འཕགས་པའི་བདེན་པ་མངོན་
པར་རྟོགས་པ་འདི་ནི་གནས་ཡོད་དོ། །དེ་བས་ན་འཕགས་པའི་བདེན་པ་རྣམས་མངོན་པར་མ་རྟོགས་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་འདུན་པ་དྲག་པོ་དང་། བརྩོན་འགྲུས་རྩོམ་པ་དང་། སྤོང་བ་དང་རབ་ཏུ་སྤོང་བ་དང་མི་གཏོང་བར་བྱ་ཞིང་། དྲན་པ་དང་ཤེས་བཞིན་དང་ལྡན་པར་བྱའོ། །དེ་ནས་ཁྱིམ་བདག་
མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་ཞེས་གསུངས་སོ། །དེ་ནས་དགེ་སློང་གཞན་ཞིག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དྲིས་པ་
དེ་ཉིད་ཀྱི་དཔེའི་ཁྱད་པར་དྲིས་པ་དང་། དགེ་སློང་འདི་ལྟ་སྟེ། གང་ཞིག་འདི་སྐད་དུ་བདག་གིས་བང་རིམ་རིམ་པ་བཞི་པའི་བང་རིམ་དང་པོ་ལ་མ་འཛེགས་པར་གཉིས་པ་དང་གསུམ་པ་དང་། བཞི་པ་ནས་ཁང་ཐོག་གི་བར་དུ་འཛེག་པར་བྱའོ་ཞེས་སྨྲ་ན། དེ་སྐད་མ་སྨྲ་ཤིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་
ཕྱིར་ཞེ་ན། འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ཞིག་བང་རིམ་རིམ་པ་བཞི་པོའི་རིམ་པ་དང་པོ་ལས་མ་འཛེགས་པར་གཉིས་པ་དང་གསུམ་པ་དང་བཞི་པ་ནས་ཁང་ཐོག་གི་བར་དུ་འཛེག་པར་འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དེ་བཞིན་དུ་གང་ཞིག་འདི་སྐད་དུ་ངས་སྡུག་བསྔལ་
เล่ม ๑๔๗ · หน้า 18a
འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་གང་ཞིག་འདི་སྐད་དུ་ངས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་རྟོགས་ནས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་འདི་ནི་གནས་ཡོད་དོ་ཞེས་བྱ་བའི་བར་དུའོ། །དགེ་སློང་
དག་དེ་བཞིན་དུ་གང་གིས་འདི་སྐད་དུ་ངས་བང་རིམ་རིམ་པ་བཞི་པའི་ཐེམ་པ་དང་པོ་ལ་འཛེགས་ནས་གཉིས་པ་དང་གསུམ་པ་དང་བཞི་པ་ནས། ཁང་ཐོག་གི་བར་དུ་འཛེག་པར་བྱའོ་ཞེས་སྨྲ་ན་དེ་བཞིན་ནོ་ཞེས་བརྗོད་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ།
གང་ཞིག་བང་རིམ་རིམ་པ་བཞི་པའི་ཐེམ་པ་དང་པོ་ལ་འཛེགས་ནས་གཉིས་པ་དང་། གསུམ་པ་དང་བཞི་པ་ནས་ཁོང་ཐོག་གི་བར་དུ་འཛེག་པ་འདི་ནི་གནས་ཡོད་དོ། །དེ་བཞིན་དུ་གང་ཞིག་འདི་སྐད་དུ་ངས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་རྟོགས་ནས། ཞེས་བྱ་བའི་བར་དུ་སྔ་མ་
བཞིན་ནོ། །ཇི་ལྟར་དགེ་སློང་གཞན་བཞིན་དུ་ཚེ་དང་ལྡན་པ་ཀུན་དགའ་བོས་དཔེའི་ཁྱད་པར་དྲིས་པ་དང་། ཀུན་དགའ་བོ་འདི་ལྟ་སྟེ། གང་ཞིག་འདི་སྐད་དུ་བདག་གིས་ཐེམ་སྐས་རིམ་པ་བཞི་པ་ཅན་གྱི་སྐས་ཐེམ་དང་པོ་ལ་མ་འཛེགས་པར་གཉིས་པ་དང་གསུམ་པ་དང་བཞི་པ་ལ་འཛེག་པར་བྱའོ་
ཞེས་སྨྲ་ན། དེ་སྐད་དུ་མ་སྨྲ་ཤིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །ཐེམ་སྐས་རིམ་པ་བཞི་པ་ཅན་གྱི་སྐས་ཐེམ་དང་པོ་ལ་མ་འཛེགས་པར་གཉིས་པ་དང་གསུམ་པ་དང་བཞི་པ་ལ་འཛེག་པ་འདི་ནི་གནས་མེད་དོ། །དེ་བཞིན་དུ་གང་ཞིག་
འདི་སྐད་དུ་ངས་སྡུག་བསྔལ་གྱི་བདེན་པ་མངོན་པར་མ་རྟོགས་པར་ཞེས་བྱ་བ་ནས། སྔ་མ་བཞིན་ནོ། །ཀུན་དགའ་བོ་གང་ཁ་ཅིག་འདི་སྐད་དུ་ངས་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་ནས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཀུན་དགའ་བོ་འདི་ལྟ་སྟེ། གང་ཞིག་འདི་སྐད་དུ་ངས་བང་རིམ་བཞི་པའི་ཐེམ་
སྐས་ཐེམ་པ་དང་པོ་ལ་འཛེགས་ནས། གཉིས་པ་དང་གསུམ་པ་དང་བཞི་པའི་བར་དུ་འཛེག་པར་བྱའོ་ཞེས་སྨྲ་ན། དེ་བཞིན་ནོ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ་བང་རིམ་བཞི་པའི་ཐེམ་སྐས་དང་པོ་ལ་འཛེག་ནས་གཉིས་པ་དང་གསུམ་པ་དང་བཞི་པའི་
เล่ม ๑๔๗ · หน้า 18b
བར་དུ་འཛེག་པར་འགྱུར་བ་འདི་ནི་གནས་ཡོད་དོ། །དེ་བཞིན་དུ་གང་ཞིག་འདི་སྐད་དུ་ངས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་རྟོགས་ནས་ཞེས་བྱ་བ་སྔ་མ་བཞིན་དུའོ་ཞེས་གསུངས་སོ། །གལ་ཏེ་མདོ་ལས་གང་ཞིག་སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དེ་ནི་ཞེས་བྱ་བ་ལ་མདོ་དེ་
ནི་བདག་གིས་མ་རྙེད་དོ། །གླེང་གཞི་ཡང་དག་པར་ལྡན་པའི་འཕགས་པའི་བདེན་པའི་སྒོའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་མདོ་ལས་འདི་ལྟར་འདོན་ཏེ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །གང་འགའ་ཞིག་སངས་རྒྱས་ལ་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་དེ་ནི་སྡུག་བསྔལ་
ལ་ཡང་ནེམ་ནུར་དང་ཐེ་ཚོམ་དང་བཅས་པ་ཡིན་ཞིང་། ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་ཡང་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་ཡིན་ནོ། །གང་འགའ་ཞིག་ཆོས་དང་དགེ་འདུན་ལ་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་དེ་ནི་སྡུག་བསྔལ་གྱི་བདེན་པ་ལ་ཡང་ནེམ་ནུར་
དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་ཡིན་ཞིང་། ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཡང་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་ཡིན་ནོ། །གང་འགའ་ཞིག་སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དེ་ནི་སྡུག་བསྔལ་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་ཡིན་ལ། ཀུན་འབྱུང་དང་
འགོག་པ་དང་ལམ་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་ཡིན་ནོ། །གང་འགའ་ཞིག་ཆོས་དང་དགེ་འདུན་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དེ་ནི་སྡུག་བསྔལ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་ཡིན་ལ། ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་ཡིན་ནོ། །གང་
འགའ་ཞིག་སྡུག་བསྔལ་ལ་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་དེ་ནི་སངས་རྒྱས་ལ་ཡང་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་ཡིན་ལ། ཆོས་དང་དགེ་འདུན་ལ་ཡང་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་ཡིན་ནོ། །གང་འགའ་ཞིག་ཀུན་འབྱུང་དང་འགོག་པ་དང་
ལམ་ལ་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་དེ་ནི་སངས་རྒྱས་ལ་ཡང་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་ཡིན་ཞིང་ཆོས་དང་དགེ་འདུན་ལ་ཡང་ནེམ་ནུར་དང་བཅས་ཤིང་ཐེ་ཚོམ་དང་བཅས་པ་ཡིན་ནོ། །གང་འགའ་ཞིག་སྡུག་བསྔལ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དེ་ནི་
เล่ม ๑๔๗ · หน้า 19a
སངས་རྒྱས་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་ཡིན་ཞིང་ཆོས་དང་དགེ་འདུན་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་ཡིན་ནོ། །གང་འགའ་ཞིག་ཀུན་འབྱུང་དང་འགོག་པ་དང་ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དེ་ནི་སངས་རྒྱས་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་
ཡིན་ཞིང་ཆོས་དང་དགེ་འདུན་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་ཡིན་ནོ་ཞེས་གསུངས་སོ། །གནས་བདུན་ལ་མཁས་པ་དང་འདབ་མ་བདུན་པ་བཞིན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གནས་བདུན་ལ་མཁས་ཤིང་དོན་རྣམ་པ་གསུམ་ཡོངས་སུ་རྟོག་པའི་
དགེ་སློང་ནི་ཆོས་འདུལ་བ་འདི་ལ་མྱུར་དུ་ཟག་པ་ཟད་པ་ཐེ་ཚོམ་ཐོབ་པར་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་དགེ་སློང་གནས་བདུན་ལ་མཁས་པར་འགྱུར་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་གཟུགས་ཀུན་འབྱུང་བ་དང་།
གཟུགས་འགོག་པ་དང་གཟུགས་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། གཟུགས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་
དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ལ། རྣམ་པར་ཤེས་པའི་ཀུན་འབྱུང་བ་དང་། རྣམ་པར་ཤེས་པ་འགོག་པ་དང་། རྣམ་པར་ཤེས་པ་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང་། རྣམ་པར་ཤེས་པའི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་
བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གཟུགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཡིན་ཞེ་ན། གཟུགས་ནི་འདིའོ། །གཟུགས་ནི་འདི་ལྟ་བུའོ་
ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་གཟུགས་ཀྱི་ཀུན་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། དགའ་བ་ཀུན་འབྱུང་བས་གཟུགས་ཀུན་འབྱུང་བ་སྟེ། འདི་ལྟར་ན་གཟུགས་ཀུན་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་བ་ཡིན་ནོ། །
เล่ม ๑๔๗ · หน้า 19b
ཇི་ལྟར་ན་གཟུགས་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་གྱུར་པ་ཡིན་ཞེ་ན། དགའ་བ་འགགས་པས་གཟུགས་འགག་པ་སྟེ། གཟུགས་འགོག་པ་ནི་འདི་དང་། གཟུགས་འགོག་པ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་གཟུགས་འགོག་པར་
འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་
དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་ནི་གཟུགས་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །ཇི་ལྟར་ན་གཟུགས་ཀྱི་རོ་མྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གཟུགས་ལ་བརྟེན་
ནས་བདེ་བ་དང་ཡིད་བདེ་བ་སྐྱེས་ཏེ། གཟུགས་ཀྱི་རོ་མྱང་བ་ནི་འདིའོ། །གཟུགས་ཀྱི་རོ་མྱང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་གཟུགས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཡང་གཟུགས་ནི་མི་རྟག་པ་
སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། གཟུགས་ཀྱི་ཉེས་དམིགས་ནི་འདིའོ། །གཟུགས་ཀྱི་ཉེས་དམིགས་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་གཟུགས་ཀྱི་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་
ན། གང་ཞིག་གཟུགས་ལ་འདུན་པའི་འདོད་ཆགས་འདུལ་ཞིང་འདུན་པའི་འདོད་ཆགས་སྤངས་པ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པ་སྟེ། གཟུགས་ཀྱི་ངེས་པར་འབྱུང་བ་ནི་འདིའོ། །གཟུགས་ཀྱི་ངེས་པར་འབྱུང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་
རབ་ཏུ་ཤེས་པའོ། །ཇི་ལྟར་ན་ཚོར་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཡང་ཚོར་བའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟེ། ཚོར་བ་ནི་འདིའོ། །
เล่ม ๑๔๗ · หน้า 20a
ཚོར་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་ཚོར་བའི་ཀུན་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། རེག་པ་ཀུན་འབྱུང་བས་ཚོར་བ་ཀུན་འབྱུང་བ་སྟེ། ཚོར་བའི་ཀུན་འབྱུང་བ་ནི་འདིའོ། །ཚོར་བའི་
ཀུན་འབྱུང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་ཚོར་བ་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། རེག་པ་འགགས་པས་ཚོར་བ་འགག་པ་སྟེ། ཚོར་བ་འགོག་པ་ནི་འདིའོ། །ཚོར་བ་འགོག་པ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་
བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་ཚོར་བ་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། སྔ་མ་བཞིན་དུ་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུའོ། །ཚོར་བ་འགོག་པར་འགྲོ་བའི་ལམ་ནི་འདིའོ། །ཚོར་བ་འགོག་
པར་འགྲོ་བའི་ལམ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་ཚོར་བའི་རོ་མྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཡང་ཚོར་བ་ལ་བརྟེན་ནས་བདེ་བ་དང་ཡིད་བདེ་བ་སྐྱེད་དེ། ཚོར་བའི་རོ་མྱང་བ་ནི་འདིའོ། །ཚོར་བའི་རོ་མྱང་བ་ནི་འདི་
ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་ཚོར་བའི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཡང་ཚོར་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། ཚོར་བའི་ཉེས་དམིགས་ནི་འདིའོ། །ཚོར་
བའི་ཉེས་དམིགས་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་ཚོར་བའི་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཞིག་ཚོར་བ་ལ་འདུན་པའི་འདོད་ཆགས་འདུལ་ཞིང་། འདུན་པའི་འདོད་ཆགས་སྤངས་པ་དང་འདུན་པའི་
འདོད་ཆགས་ལས་ཡང་དག་པར་འདས་པ་སྟེ། ཚོར་བའི་ངེས་པར་འབྱུང་བ་ནི་འདིའོ། །ཚོར་བའི་ངེས་པར་འབྱུང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། འདུ་ཤེས་ཀྱི་ཚོགས་དྲུག་
เล่ม ๑๔๗ · หน้า 20b
སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་ཏེ་འདུ་ཤེས་ནི་འདིའོ། །འདུ་ཤེས་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་ཤེས་ཀུན་འབྱུང་བ་ཡང་
དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། རེག་པ་ཀུན་འབྱུང་བས་འདུ་ཤེས་ཀུན་འབྱུང་བ་སྟེ། འདུ་ཤེས་ཀུན་འབྱུང་བ་ནི་འདིའོ། །འདུ་ཤེས་ཀྱི་ཀུན་འབྱུང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་འདུ་ཤེས་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་
རབ་ཏུ་ཤེས་པ་ཡིན་ཞེ་ན། རེག་པ་འགགས་པས་འདུ་ཤེས་འགག་སྟེ། འདུ་ཤེས་འགོག་པ་ནི་འདིའོ། །འདུ་ཤེས་ཀྱི་འགོག་པ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་ཤེས་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་
ཡིན་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། སྔ་མ་བཞིན་དུ་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་སྟེ། འདུ་ཤེས་འགོག་པར་འགྲོ་བའི་ལམ་ནི་འདིའོ། །འདུ་ཤེས་འགོག་པར་འགྲོ་བའི་ལམ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་ཤེས་
ཀྱི་རོ་མྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། འདུ་ཤེས་ལ་བརྟེན་ནས་བདེ་བ་དང་ཡིད་བདེ་བ་སྐྱེ་སྟེ། འདུ་ཤེས་ཀྱི་རོ་མྱང་བ་ནི་འདིའོ། །འདུ་ཤེས་ཀྱི་རོ་མྱང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་ཤེས་ཀྱི་ཉེས་དམིགས་
ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཡང་འདུ་ཤེས་ཀྱི་མི་རྟག་པ་དང་སྡུག་བསྔལ་བ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། འདུ་ཤེས་ཀྱི་ཉེས་དམིགས་ནི་འདིའོ། །འདུ་ཤེས་ཀྱི་ཉེས་དམིགས་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །འདུ་
ཤེས་ཀྱི་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཞིག་འདུ་ཤེས་ལ་འདུན་པའི་འདོད་ཆགས་འདུལ་ཤིང་འདུན་པའི་འདོད་ཆགས་སྤངས་པ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པ་སྟེ། འདུ་ཤེས་ཀྱི་ངེས་པར་འབྱུང་བ་ནི་འདིའོ། །འདུ་
เล่ม ๑๔๗ · หน้า 21a
ཤེས་ཀྱི་ངེས་པར་འབྱུང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་ཤེས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། སེམས་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་སེམས་པ་དང་།
རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་སེམས་པ་རྣམས་ཏེ། འདུ་བྱེད་རྣམས་ནི་འདིའོ། །འདུ་བྱེད་རྣམས་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་བྱེད་རྣམས་ཀུན་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་
པ་ཡིན་ཞེ་ན། རེག་པ་ཀུན་འབྱུང་བས་འདུ་བྱེད་ཀུན་འབྱུང་བ་སྟེ། འདུ་བྱེད་རྣམས་ཀུན་འབྱུང་བ་ནི་འདིའོ། །འདུ་བྱེད་རྣམས་ཀུན་འབྱུང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་བྱེད་རྣམས་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་
ཡིན་ཞེ་ན། རེག་པ་འགགས་པས་འདུ་བྱེད་རྣམས་འགོག་སྟེ། འདུ་བྱེད་རྣམས་འགོག་པ་ནི་འདིའོ། །འདུ་བྱེད་རྣམས་འགོག་པ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་བྱེད་རྣམས་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་
ཏུ་ཤེས་པ་ཡིན་ཞེ་ན། གང་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་དེ། སྔ་མ་བཞིན་དུ་ཡང་དག་པའི་ལྟ་བ་ནས་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་སྟེ། འདུ་བྱེད་རྣམས་འགོག་པར་འགྲོ་བའི་ལམ་ནི་འདིའོ། །འདུ་བྱེད་རྣམས་འགོག་པར་འགྲོ་བའི་ལམ་ནི་འདི་ལྟ་བུའོ་
ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་བྱེད་རྣམས་ཀྱི་རོ་མྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཡང་འདུ་བྱེད་རྣམས་ལ་བརྟེན་ནས་བདེ་བ་དང་ཡིད་བདེ་བ་སྐྱེས་ཏེ། འདུ་བྱེད་རྣམས་ཀྱི་རོ་མྱང་བ་ནི་འདིའོ། །འདུ་བྱེད་
རྣམས་ཀྱི་རོ་མྱང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་བྱེད་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཡང་འདུ་བྱེད་རྣམས་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་ཡོངས་སུ་འགྱུར་བའི་
เล่ม ๑๔๗ · หน้า 21b
ཆོས་ཅན་ནོ་ཞེས་འདུ་བྱེད་རྣམས་ཀྱི་ཉེས་དམིགས་ནི་འདིའོ། །འདུ་བྱེད་རྣམས་ཀྱི་ཉེས་དམིགས་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་འདུ་བྱེད་རྣམས་ཀུན་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཞིག་འདུ་བྱེད་རྣམས་ལ་འདུན་
པའི་འདོད་ཆགས་འདུལ་ཞིང་། འདུན་པའི་འདོད་ཆགས་སྤངས་པ་དང་། འདུ་བྱེད་རྣམས་ལ་འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་ཏེ། འདུ་བྱེད་རྣམས་ཀྱི་ངེས་པར་འབྱུང་བ་ནི་འདིའོ། །འདུ་བྱེད་རྣམས་ཀྱི་ངེས་པར་འབྱུང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་
ཏུ་ཤེས་པའོ། །ཇི་ལྟར་ན་རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་ནི་འདིའོ། །རྣམ་པར་ཤེས་པ་ནི་འདི་ལྟ་
བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་རྣམ་པར་ཤེས་པའི་ཀུན་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། མིང་དང་གཟུགས་ཀུན་འབྱུང་བས་རྣམ་པར་ཤེས་པ་ཀུན་འབྱུང་བ་སྟེ། རྣམ་པར་ཤེས་པའི་ཀུན་འབྱུང་བ་ནི་འདིའོ། །རྣམ་པར་ཤེས་
པའི་ཀུན་འབྱུང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་རྣམ་པར་ཤེས་པའི་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། མིང་དང་གཟུགས་འགགས་པས་རྣམ་པར་ཤེས་པ་འགག་སྟེ། རྣམ་པར་ཤེས་པའི་འགོག་པ་ནི་འདིའོ། །
རྣམ་པར་ཤེས་པའི་འགོག་པ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་རྣམ་པར་ཤེས་པ་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ་སྔ་མ་བཞིན་དུ་ཡང་དག་པའི་ལྟ་བ་ནས་ཡང་
དག་པའི་ཏིང་ངེ་འཛིན་གྱི་བར་དུ་སྟེ། རྣམ་པར་ཤེས་པ་འགོག་པར་འགྲོ་བའི་ལམ་ནི་འདིའོ། །རྣམ་པར་ཤེས་པ་འགོག་པར་འགྲོ་བའི་ལམ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་རྣམ་པར་ཤེས་པའི་རོ་མྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་
เล่ม ๑๔๗ · หน้า 22a
ཡང་རྣམ་པར་ཤེས་པ་ལ་བརྟེན་ནས་བདེ་བ་དང་ཡིད་བདེ་བ་སྐྱེ་སྟེ། རྣམ་པར་ཤེས་པའི་རོ་མྱང་བ་ནི་འདིའོ། །རྣམ་པར་ཤེས་པའི་རོ་མྱང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་ལྟར་ན་རྣམ་པར་ཤེས་པའི་ཉེས་དམིགས་ཡང་དག་པ་ཇི་ལྟ་
བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཡང་རྣམ་པར་ཤེས་པ་ནི་མི་རྟག་པ། སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། རྣམ་པར་ཤེས་པའི་ཉེས་དམིགས་ནི་འདིའོ། །རྣམ་པར་ཤེས་པའི་ཉེས་དམིགས་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །ཇི་
ལྟར་ན་རྣམ་པར་ཤེས་པའི་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ཞེ་ན། གང་ཞིག་རྣམ་པར་ཤེས་པ་ལ་འདུན་པའི་འདོད་ཆགས་འདུལ་ཞིང་། འདུན་པའི་འདོད་ཆགས་སྤངས་པ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པ་སྟེ། རྣམ་པར་ཤེས་པའི་ངེས་
པར་འབྱུང་བ་ནི་འདིའོ། །རྣམ་པར་ཤེས་པའི་ངེས་པར་འབྱུང་བ་ནི་འདི་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའོ། །དགེ་སློང་དག་འདི་ལྟར་ན་དགེ་སློང་གནས་བདུན་ལ་མཁས་པར་འགྱུར་རོ། །དགེ་སློང་ཇི་ལྟར་ན་དགེ་སློང་དོན་རྣམ་པ་གསུམ་ཡོངས་སུ་རྟོག་པ་ཡིན་ཞེ་ན། འདི་ནི་དགེ་
སློང་དགོན་པའམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཚུལ་བཞིན་དུ་ལེགས་པར་རྟོག་པ་སྟེ། དགེ་སློང་དག་འདི་ལྟར་ན་དགེ་སློང་དོན་རྣམ་པ་གསུམ་ཡོངས་སུ་རྟོག་པར་འགྱུར་རོ། །དགེ་སློང་དག་གནས་བདུན་ལ་མཁས་པ་དང་། དོན་རྣམ་པ་གསུམ་
ཡོངས་སུ་རྟོག་པའི་དགེ་སློང་ནི་ཆོས་འདུལ་བ་འདི་ལ་མྱུར་དུ་ཟག་པ་ཟད་པ་རྗེས་སུ་ཐོབ་པར་འགྱུར་རོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་གསུངས་སོ། །གང་ཡང་འདི་སྐད་དུ་མདོ་ལས་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ། ཁམས་མང་པོ་པའི་མདོའི་རྣམ་པར་བཤད་
པ་བསྟན་པ་ལས་འདི་ལྟར་འདོན་ཏེ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་མ་དང་ཕ་དང་དགྲ་བཅོམ་པ་སྲོག་དང་ཕྲལ་བར་བྱེད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་འདི་ནི་གནས་མེད་
เล่ม ๑๔๗ · หน้า 22b
དོ། །གང་ཡང་སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ཟག་ལྟ་བ་ཕུན་སུམ་ཚོགས་པས་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྲོག་དང་ཕྲལ་བར་བྱེད་པ་དང་། བསམས་བཞིན་དུ་བསླབ་པ་ལས་ཡང་དག་པར་འདའ་བ་དང་།
བསླབ་པ་ཉམས་པར་བྱེད་པ་འདི་ནི་གནས་མེད་དོ། །འདི་ལས་ཕྱི་རོལ་དུ་གྱུར་པའི་སྟོན་པ་བསྟེན་པ་དང་། འདི་ལས་ཕྱི་རོལ་དུ་གྱུར་པའི་གང་ཟག་ཡོན་གནས་སུ་བྱེད་པ་དང་། དགེ་སྦྱོང་ངམ་བྲམ་ཟེ་འདི་དག་ནི་ཤེས་པར་བྱ་བ་ཤེས་པ། བལྟ་བར་བྱ་བ་མཐོང་བའོ་ཞེས་དགེ་སྦྱོང་དང་བྲམ་ཟེ་དག་གི་
ངོར་ལྟ་ཞིང་ངོར་རྟོག་པ་དང་། དགེ་མཚན་དང་བཀྲ་ཤིས་ཀྱིས་དག་པར་འཛིན་པ་དང་། སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་འགྱུར་བ་འདི་ནི་གནས་མེད་དོ། །གང་ཡང་སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ་ཞེས་གསུངས་སོ། །འོ་ན་གང་མདོ་ལས་སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་བསྟན་པ་ཇི་ལྟ་བུ་ཞེ་
ན་ཞེས་བྱ་བ་ལ། ལུང་བར་མའི་བདུན་པའི་མདོ་ལྔ་པ་ལས་འབྱུང་བ་མཛོད་ཀྱི་གནས་གསུམ་པ་འདི་ཉིད་དུ་སྲིད་པ་བར་མའི་སྐབས་སུ་འགྲོ་བ་ཡོད་དོ་ཞེས་བྱ་བར་བྲིས་ཟིན་ཏོ། །འོ་ན་མདོ་ལས་སྐྱེས་བུ་དམ་པ་གང་ཡིན་ཞེ་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་
སྐྱེས་བུ་དམ་པ་དང་། སྐྱེས་བུ་དམ་པ་ལས་ཀྱང་སྐྱེས་བུ་དམ་པ་དག་བསྟེན་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །སྐྱེས་བུ་དམ་པ་གང་ཞེ་ན། སློབ་པའི་ཡང་དག་པའི་ལྟ་བ་དང་ལྡན་པ་དང་། སློབ་པའི་ཡང་དག་པའི་རྟོག་པ་དང་། སློབ་པའི་ཡང་དག་
པའི་ངག་དང་། སློབ་པའི་ཡང་དག་པའི་ལས་ཀྱི་མཐའ་དང་། སློབ་པའི་ཡང་དག་པའི་འཚོ་བ་དང་། སློབ་པའི་ཡང་དག་པའི་རྩོལ་བ་དང་། སློབ་པའི་ཡང་དག་པའི་དྲན་པ་དང་། སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་དང་ཡང་དག་པར་ལྡན་པ་སྟེ་འདི་ནི་སྐྱེས་བུ་དམ་པ་ཞེས་བྱའོ། །སྐྱེས་བུ་དམ་
པ་ལས་ཀྱང་སྐྱེས་བུ་དམ་པ་གང་ཞེ་ན། མི་སློབ་པའི་ཡང་དག་པའི་ལྟ་བ་དང་ལྡན་པ་ནས། མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དང་ལྡན་པ་སྟེ། འདི་ནི་སྐྱེས་བུ་དམ་པ་ལས་ཀྱང་སྐྱེས་བུ་དམ་པ་ཞེས་བྱའོ། །དགེ་སློང་དག་སྐྱེས་བུ་དམ་པ་དང་། སྐྱེས་བུ་
เล่ม ๑๔๗ · หน้า 23a
དམ་པ་ལས་ཀྱང་སྐྱེས་བུ་དམ་པ་བསྟེན་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་གསུངས་སོ། །འོ་ན་བརྒྱ་བྱིན་གྱིས་ཞེས་བྱ་བ་ལ། དབྱངས་དང་བཅས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་བརྒྱ་བྱིན་གྱིས་དྲིས་པའི་མདོ་ལས་ཏེ།
བཙུན་པ་དེ་ལ་བདག་འདི་སྙམ་དུ་ཀྱེ་མ་བདག་འདི་ནས་ཤི་འཕོས་ཏེ། མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞིང་གང་ཡང་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང་། རྫས་དང་ཉེ་བར་སྦྱར་བ་མང་བ་དང་། རང་དབང་བ་མང་བ་དང་། ནོར་དང་འབྲུ་དང་གསེར་དང་ས་ལེ་སྦྲམ་
དང་བང་བ་དང་མཛོད་ཀྱི་ཚོགས་རབ་ཏུ་མང་པོ་དང་། བྲན་ཕོ་དང་བྲན་མོ་དང་ལས་བྱེད་པའི་སྐྱེས་བུ་མང་པོ་དང་། གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་རབ་ཏུ་མང་པོ་དེ་ལྟ་བུའི་རིགས་དང་སྐལ་བ་མཉམ་པར་སྐྱེ་ཞིང་། དེར་ཡང་བདག་ཆེར་སྐྱེས་ཤིང་དབང་པོ་རྣམས་
ཡོངས་སུ་སྨིན་པས་སྦྱིན་པ་དག་བྱིན་བསོད་ནམས་དག་བྱས་ནས་སྐྲ་དང་ཁ་སྤུ་བྲེགས་ཤིང་གོས་ངུར་སྨྲིག་བགོས་ནས་དད་པས་ཡང་དག་པ་ཁོ་ནར་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། བཙུན་པ་བདག་རིགས་པར་གནས་ཤིང་གལ་ཏེ་ཀུན་ཤེས་པར་འབྱུང་བར་འགྱུར་བ་དང་། ཀུན་ཤེས་པ་འབྱུང་
ནས་སྡུག་བསྔལ་གྱི་མཐར་བྱེད་པ་དེ་ལྟར་བདག་རིགས་པར་གནས་པར་གྱུར་ཅིག །གལ་ཏེ་ཀུན་ཤེས་པར་མ་གྱུར་ཅིང་བདག་ཐ་མར་རྣམ་པར་ཉམས་ན་ལྷ་གཟུགས་ཅན་ཡིད་ལས་བྱུང་བ། དབང་པོ་ཚང་ཞིང་མ་ཉམས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་དོག་དང་
དབྱིབས་མཛེས་པ། རང་གི་འོད་ཅན་ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་ཅན། ཚེ་རིང་ཞིང་ཡུན་རིང་དུ་གནས་པ་དེར་སྐྱེ་བར་གྱུར་ཅིག །བདག་ནི་རིགས་ནས་གལ་ཏེ་ཀུན་ཤེས་འབྱུང་འགྱུར་ཞིང་། །ཀུན་ཤེས་འབྱུང་བ་དེ་ཉིད་བདག་གི་སྡུག་བསྔལ་
མཐར། །བདག་ནི་རིགས་གནས་གལ་ཏེ་ཀུན་ཤེས་མ་གྱུར་ཅིང་། བདག་ནི་ཐ་མར་ཉམས་ན་ལྟ་གང་འོག་མིན་ཞེས། །རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག །བཅོམ་ལྡན་བདག་ནི་རྒྱུན་ཞུགས་བདེ་གཤེགས་རྒྱུན་ཞུགས་ཏེ། །མ་ཐོབ་པར་གནས་ལན་ཅིག་ཕྱིར་འོང་བདག་འདོད་
เล่ม ๑๔๗ · หน้า 23b
དོ། །ལེགས་སོ་བརྒྱ་བྱིན་བག་ཡོད་པར་ནི་གནས་པར་གྱིས། །གང་གིས་རྒྱུན་ཞུགས་ངེས་པར་རང་བདག་ཉིད་ཀྱིས་ནི། །རྒྱུ་མཚན་གང་ལས་ཁྱད་པར་དང་པོ་རྒྱ་ཆེན་རྟོགས། །བཅོམ་ལྡན་ཉིད་ལས་གཞན་མིན་སྟོན་པ་གཞན་མིན་ཞེས། །གཞན་དང་མི་མཚུངས་ཁྱད་པར་བདག་གིས་
མངོན་པར་ཤེས། །དྲང་སྲོང་དག་ནི་ལྷར་གྱུར་འདི་ན་འདུག་བཞིན་དུ། །སླར་ཡང་སྲོག་རྙེད་ལྟ་བུར་བློ་ལྡན་བདག་འཛིན་ཏོ། །ཞེས་གསུངས་སོ། །འགོག་པ་ཐོབ་པ་ཕྱིར་མི་འོངས། །ལུས་ཀྱིས་མངོན་དུ་བྱེད་པར་འདོད། །ཅེས་བྱ་བ་ལ། བཅོམ་ལྡན་འདས་སེར་སྐྱའི་གཞི་ནྱ་གྲོ་དྷའི་
ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་སེར་སྐྱའི་ཡུལ་མི་ཤཱཀྱ་རབ་ཏུ་མང་པོ་རྣམས་འདུན་མ་འདུས་ཤིང་ཚོགས་ནས་འདུག་པར་གྱུར་པ་དེ་དག་གཏམ་གཞན་བརྗོད་པ་འདི་ལྟ་བུ་གླེང་ལགས་ཏེ། མིང་ཆེན་ད་ལྟར་འདི་ན་གང་གང་གིས་ན་ད་ལྟར་འདི་ན་ཤཱཀྱ་མདའ་ལག་འཆི་བའི་དུས་ན་མྱོས་
པར་གྱུར་པ་འཐུངས་ཤིང་བསླབ་པ་དྲལ་བ། དེ་བཅོམ་ལྡན་འདས་ཀྱིས་རྒྱུན་དུ་ཞུགས་པ་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཐ་མར་འགྱུར་ཏེ། སྲིད་པ་ལན་བདུན་པ་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཉིང་མཚམས་སྦྱར་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ་ཞེས་
ལུང་བསྟན་ཏོ། །དེས་མིང་ཆེན་ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ནས། བཅོམ་ལྡན་འདས་ལ་དོན་འདི་ལྟ་བུ་ཡོངས་སུ་དྲིས་ལ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཟུང་ཤིག །དེ་ནས་ཤཱཀྱ་མིང་ཆེན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་
བར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་སེར་སྐྱའི་གཞིའི་ཡུལ་མི་ཤཱཀྱ་རབ་ཏུ་མང་པོ་རྣམས་
འདུན་མ་འདུས་ཤིང་ཚོགས་ཏེ་འདུས་པར་གྱུར་པ་དེ་དག་གཏམ་གཞན་བརྗོད་པ་འདི་ལྟ་བུ་གླེང་ལགས་ཏེ། མིང་ཆེན་ད་ལྟར་འདི་ན་གང་གང་གིས་ཐ་མར་འགྱུར་ཏེ། ད་ལྟ་འདི་ན་ཤཱཀྱ་མདའ་ལག་འཆི་བའི་དུས་ན་མྱོས་པར་འགྱུར་བ་འཐུངས་ཤིང་བསླབ་པ་དྲལ་བ་དེ་ཡང་བཅོམ་ལྡན་འདས་
เล่ม ๑๔๗ · หน้า 24a
ཀྱིས་རྒྱུན་དུ་ཞུགས་པ་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་སྲིད་པ་ལན་བདུན་པ། ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཉིང་མཚམས་སྦྱར་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །བཙུན་པ་འདི་ཇི་ལྟ་བུ་ཞེས་བཅོམ་ལྡན་འདས་
ལ་བདག་དོགས་པ་འདི་ལྟ་བུ་ཡོངས་སུ་འདྲིའོ། །མིང་ཆེན་འཕགས་པ་ཉན་ཐོས་དག་བདེ་བར་གཤེགས་པ་ནི་སྟོན་པ་སྟེ། བདེ་བར་གཤེགས་པ་ནི་སྟོན་པ་ཞེས་སྨྲ་བ་ནི་ལེགས་པར་སྨྲ་བ་ཡིན་ཞིང་སེམས་བསྐྱེད་པ་དང་། དྲང་པོའི་ལྟ་བ་ཅན་དང་། ལྟ་བ་ལེགས་པར་འགྱུར་རོ། །
མིང་ཆེན་འཕགས་པ་ཉན་ཐོས་དག་བཅོམ་ལྡན་འདས་ཀྱིས་ཆོས་འདི་ལེགས་པར་གསུངས་པ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པའི་ཞེས་སྨྲ་བ་ནི་ལེགས་པར་སྨྲ་བ་ཡིན་ཞིང་། སེམས་བསྐྱེད་པ་དང་། ལྟ་བ་དྲང་པོ་ཅན་དང་། ལྟ་བ་ལེགས་པར་འགྱུར་རོ། །
མིང་ཆེན་འཕགས་པ་ཉན་ཐོས་དག་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་སྟེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པའོ་ཞེས་སྨྲ་བ་ནི་ལེགས་པར་སྨྲ་བ་ཡིན་ཞིང་སེམས་བསྐྱེད་པ་དང་། ལྟ་བ་དྲང་པོ་ཅན་དང་། ལྟ་བ་ལེགས་པར་
འགྱུར་རོ། །མིང་ཆེན་འདི་ན་འཕགས་པ་ཉན་ཐོས་སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པར་འགྱུར་ཞིང་། ཤེས་རབ་ཆེ་བ་དང་། ཤེས་རབ་མྱུར་བ་དང་། ཤེས་རབ་རྣོ་བ་དང་། ངེས་པར་འབྱུང་བའི་ཤེས་རབ་དང་། སྐྱོ་བའི་ཤེས་རབ་དང་། རྣམ་པར་གྲོལ་བའི་ཤེས་
རབ་དང་ཡང་དག་པར་ལྡན་པ་དང་། རྣམ་པར་ཐར་པ་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་གནས་ཤིང་འདིའི་ཤེས་རབ་ཟག་པར་ལྟ་བ་ཡོངས་སུ་ཟད་པ་སྟེ། མིང་ཆེན་འདི་ནི་འཕགས་པ་ཉན་ཐོས་དམྱལ་བར་མི་འགྲོ་བ་ཡི་དགས་དང་དུད་འགྲོར་མི་འགྲོ་བ་ངན་སོང་ངན་འགྲོ་ལོག་པར་མི་ལྟུང་པར་
མི་འགྲོ་བ་སྟེ། གང་ཡང་འདི་སྐད་དུ་གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ་ཞེས་བརྗོད་པའོ། །གཞན་ཡང་མིང་ཆེན་འཕགས་པ་ཉན་ཐོས་སངས་རྒྱས་ལ་དད་པ་མི་བྱེད་པ་དང་ཞེས་བྱ་བ་ནས་རྣམ་པར་གྲོལ་བའི་ཤེས་རབ་དང་ལྡན་པ་ཞེས་བྱ་བའི་བར་དུ་སྟེ། རྣམ་པར་ཐར་པ་བརྒྱད་ལུས་ཀྱིས་
เล่ม ๑๔๗ · หน้า 24b
མངོན་སུམ་དུ་བྱས་ཏེ་གནས་ཤིང་འདིའི་ཤེས་རབ་ཟག་པར་ལྟ་བ་ཡོངས་སུ་ཟད་པ་སྟེ། མིང་ཆེན་འདི་ནི་འཕགས་པ་ཉན་ཐོས་དམྱལ་བར་མི་འགྲོ་ཞེས་བྱ་བ་ནས། ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བ་ཞེས་བྱ་བའི་བར་དུའོ། །གང་ཡང་ཇི་སྐད་དུ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཞེས་བརྗོད་པའོ། །
གཞན་ཡང་མིང་ཆེན་སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་ཞེས་བྱ་བ་ནས། རྣམ་པར་གྲོལ་བའི་ཤེས་རབ་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་བར་དུ་སྟེ། རྣམ་པར་ཐར་པ་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་གནས་ཤིང་འདིའི་ཤེས་རབ་ཟག་པར་ལྟ་བ་ཡོངས་སུ་ཟད་པ་སྟེ། མིང་ཆེན་འདི་ནི་
འཕགས་པ་ཉན་ཐོས་དམྱལ་བར་མི་འགྲོ་ཞེས་བྱ་བ་ནས། ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བའོ་ཞེས་བྱ་བའི་བར་དུའོ། །གང་ཡང་ཇི་སྐད་དུ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བརྗོད་པའོ། །གཞན་ཡང་མིང་ཆེན་འཕགས་པ་ཉན་ཐོས་སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་ཞེས་བྱ་བ་
ནས་རྣམ་པར་གྲོལ་བའི་ཤེས་རབ་དང་ལྡན་པ་ཞེས་བྱ་བའི་བར་དུ་སྟེ། ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཤིང་ཡོངས་སུ་ཤེས་པ་སྟེ། འདི་ལྟ་སྟེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་
མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་སྟེ། མིང་ཆེན་འདི་ནི་འཕགས་པ་ཉན་ཐོས་དམྱལ་བར་མི་འགྲོ་བ་ཞེས་བྱ་བ་ནས། ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བའོ་ཞེས་བྱ་བའི་བར་དུ་སྟེ། གང་ཡང་འདི་སྐད་དུ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་
མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གང་དུ་འཕོ་བ་ཞེས་བརྗོད་པའོ། །གཞན་ཡང་མིང་ཆེན་འཕགས་པ་ཉན་ཐོས་སངས་རྒྱས་ལ་དད་པ་མི་ཕྱེད་
པ་ཞེས་བྱ་བ་ནས། རྣམ་པར་གྲོལ་བའི་ཤེས་རབ་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་བར་དུ་སྟེ། ཀུན་དུ་སྦྱོར་བ་གསུམ་པོ་སྤངས་ཤིང་ཡོངས་སུ་ཤེས་པར་གྱུར་ལ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྲབ་པ་སྟེ། མིང་ཆེན་འདི་ནི་འཕགས་པ་ཉན་ཐོས་དམྱལ་བར་མི་
เล่ม ๑๔๗ · หน้า 25a
ལྟུང་བ་ཞེས་བྱ་བ་ནས་ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བ་ཞེས་བྱ་བའི་བར་དུ་སྟེ། གང་ཡང་ཇི་སྐད་དུ་བར་ཆད་གཅིག་པ་ཅན་ཞེས་བརྗོད་པའོ། །གཞན་ཡང་མིང་ཆེན་འཕགས་པ་ཉན་ཐོས་སངས་རྒྱས་ལ་དད་པ་མི་ཕྱེད་པ་ཞེས་བྱ་བ་ནས། ཆོས་དང་དགེ་
འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་ཞིང་། མགྱོགས་པའི་ཤེས་རབ་དང་། མྱུར་བའི་ཤེས་རབ་དང་། རྣོ་བའི་ཤེས་རབ་དང་། ངེས་པར་འབྱུང་བའི་ཤེས་རབ་དང་། སྐྱོ་བའི་ཤེས་རབ་དང་། རྣམ་པར་གྲོལ་བའི་ཤེས་རབ་དང་ཡང་དག་པར་ལྡན་པ། ཀུན་དུ་སྦྱོར་བ་གསུམ་སྤངས་
ཤིང་ཡོངས་སུ་ཤེས་པར་གྱུར་པ་སྟེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ། །འདི་ནི་འཕགས་པ་ཉན་ཐོས་དམྱལ་བར་མི་འགྲོ་ཞིང་ཡི་དགས་དང་དུད་འགྲོར་མི་འགྲོ་བ་ངན་སོང་ངན་འགྲོ་ལོག་པར་མི་ལྟུང་
བ་སྟེ། གང་ཡང་འདི་སྐད་དུ་རིགས་ནས་རིགས་སུ་སྐྱེ་བ་དང་སྲིད་པ་ལན་བདུན་པ་ཞེས་བརྗོད་པའོ། །གཞན་ཡང་མིང་ཆེན་འཕགས་པ་ཉན་ཐོས་སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་། ཆོས་དང་། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་། ཆོས་ལྔ་པོ་རྣམས་ལ་ཤེས་རབ་ཆེན་པོས་རྣམ་པར་
དཔྱོད་པར་བཟོད་པ་སྟེ། འདི་ལྟ་སྟེ། དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་པོ། །འདི་ནི་འཕགས་པ་ཉན་ཐོས་དམྱལ་བར་མི་ལྟུང་ཞེས་བྱ་བ་ནས། ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བ་ཞེས་བྱ་བའི་བར་དུ་སྟེ། གང་ཡང་འདི་སྐད་དུ་ཆོས་
ཀྱི་རྗེས་སུ་འབྲང་བ་ཞེས་བརྗོད་པའོ། །གཞན་ཡང་མིང་ཆེན་འཕགས་པ་ཉན་ཐོས་སངས་རྒྱས་ལ་དད་པ་མི་ཕྱེད་ཅིང་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ཆོས་ལྔ་པོ་རྣམས་ལ་ཤེས་རབ་ཆུང་ངུས་རྣམ་པར་དཔྱོད་པས་བཟོད་པ་སྟེ། འདི་ལྟ་སྟེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་
དང་། ཏིང་ངེ་འཛིན་དང་། ཤེས་རབ་པོ། །མིང་ཆེན་འདི་ནི་འཕགས་པ་ཉན་ཐོས་དམྱལ་བར་མི་འགྲོ་ཞིང་། ཡི་དགས་སུ་མི་འགྲོ་བ། དུད་འགྲོར་མི་འགྲོ་བ། ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བའོ་ཞེས་བྱ་བའི་བར་དུ་སྟེ། གང་ཡང་ཇི་སྐད་དུ་དད་པའི་རྗེས་སུ་འབྲང་བ་ཞེས་བརྗོད་
เล่ม ๑๔๗ · หน้า 25b
པའོ། །མིང་ཆེན་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། ཤིང་སཱ་ལས་ངས་བཤད་པའི་དོན་འདི་ལྟ་བུ་ཤེས་པ་འདི་ནི་གནས་མེད་པའོ། །འོན་ཀྱང་གནས་ངེས་པར་ཡོངས་སུ་བརྟག་པར་བཟུང་སྟེ་བཤད་པར་བྱའོ། །མིང་ཆེན་སཱ་ལ་འདིས་ངས་བཤད་པའི་དོན་ནི་མི་ཤེས་པས་ད་
རྒྱུན་དུ་ཞུགས་པར་ལུང་མི་སྟོན་ཏོ། །ཅིའི་ཕྱིར་ངས་ཤཱཀྱ་མདའ་ལག་རྒྱུན་དུ་ཞུགས་པར་ལུང་བསྟན་ཅེ་ན། མིང་ཆེན་ཤཱཀྱ་མདའ་ལག་འཚོ་བའི་དུས་ཀྱི་ཚེ་མྱོས་པར་འགྱུར་བ་འཐུང་བ་སྤངས་ཤིང་བསླབ་པ་ཡང་དག་པར་བླངས་ཏེ། དེས་ན་ངས་འཆི་བའི་དུས་ན་རྒྱུན་དུ་ཞུགས་པ་མི་ལྟུང་
བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ཏུ་ངེས་པ། མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་ལ། ལྷ་དང་མི་རྣམས་སུ་ལན་བདུན་དུ་ཉིང་མཚམས་སྦྱར་ནས་སྡུག་བསྔལ་མཐར་བྱེད་པ་ཞེས་ངས་ལུང་བསྟན་ཏོ། །དེ་ནས་ཤཱཀྱ་མིང་ཆེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་
དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །རྣམ་པར་ཐར་པ་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། བརྒྱད་པ་ནི་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་སྟེ་
འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་དང་། མིང་གཉིས་པ་ལ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བརྗོད་དོ། །མདོ་གང་ལས་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཐོབ་པ་ཞེས་བྱ་བ་གསུངས་པའི་མདོ་དེ་ཉིད་ལས་འཕགས་པའི་གང་ཟག་གི་རྣམ་པར་དབྱེ་བ་གཞན་ཡང་ཉེ་བར་
བསྡུས་སོ།། །།མདོ་ལས་སློབ་པ་བཅོ་བརྒྱད་ཅེས་གསུངས་པ་ཞེས་བྱ་བ་ལ། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་
སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཇིག་རྟེན་གྱི་ཡོན་གནས་སུ་དུ་ཞིག་མཆིས། ཁྱིམ་བདག་གཉིས་ཏེ་
เล่ม ๑๔๗ · หน้า 26a
སློབ་པ་དང་། མི་སློབ་པའོ། །ཁྱིམ་བདག་དེ་ལ་སློབ་པ་བཅོ་བརྒྱད་དང་། མི་སློབ་པ་དགུའོ། །སློབ་པ་བཅོ་བརྒྱད་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་
འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་
རྗེས་སུ་འབྲང་བ་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་ཅན་དང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱ་བ་དང་བཅས་
པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། གང་དུ་འཕོ་བ་སྟེ། འདི་ནི་སློབ་པ་བཅོ་བརྒྱད་ཅེས་བྱའོ། །མི་སློབ་པ་དགུ་གང་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་
སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་སྐྱོ་བ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། ཕྱོགས་གཅིག་ལས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་སྟེ། འདི་ནི་མི་སློབ་པའི་གང་ཟག་དགུ་
ཞེས་བྱའོ། །སློབ་པ་དང་མི་སློབ་པ་འདི་དག་ནི་འཇིག་རྟེན་འདི་ན་སྦྱིན་པ་དང་མཆོད་སྦྱིན་གྱི་འོས་སུ་གྱུར་པའོ། །ལུས་དང་ངག་དང་དེ་བཞིན་དུ། །ཡིད་ཀྱི་དྲང་པོར་གྱུར་པ་ན། །གང་ལ་བྱིན་ན་འབྲས་ཆེ་བ། །མཆོད་སྦྱིན་བྱ་བའི་ཞིང་བཟང་ཡིན། །ཞེས་གསུངས་སོ། །དེ་དག་ནི་ཚུལ་
ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་དག་ཡིན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གསུམ་པོ་འདི་དག་ནི་བསླབ་པ་གསུམ་སྟེ། གསུམ་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་
เล่ม ๑๔๗ · หน้า 26b
པའོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། འདི་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པར་གནས་ཤིང་སོ་སོར་ཐར་པས་བསྡམས་ན་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་ཞིང་། བསླབ་པ་ཡང་དག་པར་བླངས་པ་ལ་སློབ་པར་
བྱེད་པ་སྟེ། འདི་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱའོ། །ལྷག་པའི་སེམས་ཀྱི་བསླབ་པ་གང་ཞེ་ན། འདི་ནི་དགེ་སློང་འདོད་པ་ལས་དབེན་པ་ཞེས་བྱ་བ་ནས། བསམ་གཏན་བཞི་པ་བསྒྲུབས་ཏེ་ཉེ་བར་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་ལྷག་པའི་ཏིང་ངེ་འཛིན་གྱི་
བསླབ་པ་ཞེས་བྱའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཞེ་ན། འདི་ནི་དགེ་སློང་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་
འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་སྟེ། འདི་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་
སྩལ་ཏོ། །བཅོམ་ལྡན་ལྷག་པའི་ཚུལ་ཁྲིམས་དང་། །སེམས་དང་ལྷག་པའི་ཤེས་རབ་ཀྱི། །བསླབ་པ་གསུམ་པོ་ཕུན་ཚོགས་པའི། །དགེ་སློང་གང་དེར་སྤྱོད་པར་བྱེད། །སྟོབས་ལྡན་བརྟན་པའི་བརྩོན་འགྲུས་ཅན། །ཉིན་མོ་ཇི་ལྟར་དེ་བཞིན་མཚན། །མཚན་མོ་ཇི་ལྟར་དེ་
བཞིན་ཉིན། །སྔ་མ་ཇི་བཞིན་དེ་བཞིན་ཕྱིས། །ཕྱི་མ་ཇི་བཞིན་དེ་བཞིན་སྔར། །ཇི་ལྟར་འོག་ཏུ་དེ་ལྟར་སྟེང་། །སྟེང་དུ་ཇི་ལྟར་དེ་བཞིན་འོག །རྟག་ཏུ་དབང་པོ་བསྡམས་ཤིང་སྤྱོད། །ཚད་མེད་པ་ཡི་ཏིང་འཛིན་གྱིས། །ཕྱོགས་ཀུན་ཟིལ་གྱིས་གནོན་བྱེད་པ། །དེ་ནི་བསློབ་ལམ་
ཡང་དག་པའི། །དབང་པོ་སློབ་པ་ཞེས་བརྗོད་དོ། །དེ་ཡིས་སེམས་ནི་རྣམ་གྲོལ་ཞིང་། །རྣམ་པར་ཤེས་ན་སྟོང་བྱེད་པ། །དེ་ནི་བསྟན་པ་ལམ་རྗེས་འགྲོ། །འཇིག་རྟེན་རྫོགས་སངས་རྒྱས་ཞེས་བརྗོད། །རྨོངས་པ་མེད་པར་རབ་གནས་ཤིང་། །རིག་དང་ཞབས་སུ་ལྡན་པ་དང་། །
เล่ม ๑๔๗ · หน้า 27a
འཆི་བའི་འོག་ཏུ་སྲེད་ཟད་ཅིང་། །རྣམ་པར་གྲོལ་བ་ཐོབ་པར་འགྱུར། །མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་ཐར། །ཞེས་གསུངས་སོ། །མདོ་ལས་ཞི་བྱེད་བསླབ་པ་ལ་སློབ་ཅིང་བསླབ་པ་ལ་སློབ་པས་ན་དེའི་ཕྱིར་ཞེས་བྱ་བ་ལ།
བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་གྱི་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེས་ན་ཀུན་དུ་རྒྱུ་ཞི་བྱེད་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཅེས་བྱ་བ་ནས་ཕྱོགས་གཅིག་ཏུ་འདུག་ནས་ཞེས་བྱ་བའི་བར་དུ་སྟེ།
དེ་ནས་ཀུན་དུ་རྒྱུ་ཞི་བྱེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་སློབ་པ་སློབ་པ་ཞེས་བརྗོད་པ། ཅིའི་ཕྱིར་སློབ་པ་སློབ་པ་ཞེས་བརྗོད། ཞི་བྱེད་བསླབ་པ་ལ་སློབ་ཅིང་བསླབ་པ་ལ་སློབ་པས་དེའི་ཕྱིར་སློབ་པ་ཞེས་བརྗོད་དོ། །གཽ་ཏ་མ་བསླབ་པ་གང་ལ་སློབ། དུས་
དང་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་པ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་པར་བྱེད་པ་སྟེ། ཞི་བྱེད་དེའི་ཕྱིར་བསླབ་པ་ལ་སློབ་ཅིང་བསླབ་པ་ལ་སློབ་པས་ན་དེའི་ཕྱིར་སློབ་པ་ཞེས་བྱའོ། །གཽ་ཏ་མ་གང་ཡང་དགེ་སློང་དགྲ་བཅོམ་པ།
ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པར་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། དེའི་ཚེ་ན་བསླབ་པ་གང་ཞིག་ལ་སློབ་པར་བྱེད་ཅེ་ན། ཞི་བྱེད་གང་ཡང་དགེ་སློང་
དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་དུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེའི་ཚེ་འདོད་ཆགས་མ་ལུས་པར་ཟད་པ་སོ་སོར་མྱོང་བ་དང་། ཞེ་
སྡང་ཟད་པ་དང་། གཏི་མུག་ཟད་པ་སོ་སོར་མྱོང་བར་བྱེད་དོ། །དེ་འདོད་ཆགས་ཡང་དག་པར་ཟད་པ་དང་། ཞེ་སྡང་ཡང་དག་པར་ཟད་པ་དང་། གཏི་མུག་ཡང་དག་པར་ཟད་པས་གང་ཡང་སྡིག་པར་འགྱུར་བ་དེ་མི་བྱེད་ཅིང་དགེ་བ་ལ་བརྟེན་པར་བྱེད་དེ། ཞི་བྱེད་བསླབ་པ་ལ་སློབ་ཅིང་། །
เล่ม ๑๔๗ · หน้า 27b
བསླབ་པ་ལ་སློབ་པས་ན་དེའི་ཕྱིར་སློབ་པའི་སློབ་པ་ཞེས་བྱའོ། །དེ་ནས་ཀུན་དུ་རྒྱུ་ཞི་བྱེད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཞེས་བྱ་བ་ནས་ལངས་ཏེ་སོང་ངོ་ཞེས་བྱ་བའི་བར་དུའོ། །ཀུན་དུ་རྒྱུ་ཞི་བྱེད་ཇི་ལྟ་བ་བཞིན་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གཞན་ཡང་དགེ་སློང་རྣམས་ལ་
བཅོམ་ལྡན་འདས་ཀྱིས་བཤད་པ་ཡང་དེ་བཞིན་ནོ། །འོ་ན་མདོ་ལས་འདིས་སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ལ། ལུང་བར་མའི་མདོ་དང་པོའི་མཐར་འདི་སྐད་ཅེས་གསུངས་ཏེ། ཇི་ལྟར་དགེ་སྦྱོང་དུ་འགྱུར་ཞེ་ན། འདིས་སྡིག་པ་མི་དགེ་བའི་ཆོས་ཡང་སྲིད་པར་ཀུན་ནས་ཉོན་མོངས་པ་
ཅན། ནད་དང་བཅས་ཤིང་རྣམ་པར་སྨིན་པ་སྡུག་བསྔལ་བ། མ་འོངས་པའི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་རྣམས་ཞི་བར་བྱས་པ་སྟེ་འདི་ལྟར་ན་དགེ་སྦྱོང་དུ་འགྱུར་རོ། །ཇི་ལྟར་ན་བྲམ་ཟེར་འགྱུར་ཞེ་ན། འདིས་སྡིག་པ་མི་དགེ་བའི་ཆོས་ཡང་སྲིད་པར་ཀུན་ནས་ཉོན་མོངས་པ་ཅན་ནད་
དང་བཅས་ཤིང་རྣམ་པར་སྨིན་པ་སྡུག་བསྔལ་བ་མ་འོངས་པའི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་རྣམས་ལ་ཕྱིར་ཕྱོགས་པར་བྱས་པ་སྟེ། འདི་ལྟར་ན་བྲམ་ཟེར་འགྱུར་རོ། །ཇི་ལྟར་ན་འཕགས་པར་འགྱུར་བ་ཡིན་ཞེ་ན། འདིས་སྡིག་པ་མི་དགེ་བའི་ཆོས་ཡང་སྲིད་པར་ཀུན་ནས་ཉོན་མོངས་པ་ཅན་ནད་
དང་བཅས་ཤིང་རྣམ་པར་སྨིན་པ་སྡུག་བསྔལ་བ་མ་འོངས་པའི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་རྣམས་ལས་རིང་དུ་གྱུར་པ་སྟེ། འདི་ལྟར་ན་འཕགས་པར་འགྱུར་རོ། །ཇི་ལྟར་ན་ཁྲུས་བྱེད་པར་འགྱུར་ཞེ་ན། འདིས་སྡིག་པ་མི་དགེ་བའི་ཆོས་ཡང་སྲིད་པར་ཀུན་ནས་ཉོན་མོངས་པ་ཅན་ནད་དང་བཅས་
ཤིང་རྣམ་པར་སྨིན་པ་སྡུག་བསྔལ་བ། མ་འོངས་པའི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་རྣམས་དག་པར་བྱས་པ་སྟེ། འདི་ལྟར་ན་ཁྲུས་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་ན་འོ་ན་སངས་རྒྱས་ཀྱིས་གསུངས་པ་ལ་ཁ་བསྐང་བྱ་དགོས་སོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་
པ་ནའོ། །དགེ་སློང་དག་དགེ་སྦྱོང་དང་དགེ་སྦྱོང་གི་འབྲས་བུ་དག་བསྟན་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་པར་བྱའོ། །དགེ་སྦྱོང་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་ལྟ་སྟེ་ཡང་དག་པའི་ལྟ་བ་ནས། ཡང་དག་པའི་ཏིང་ངེ་འཛིན་
เล่ม ๑๔๗ · หน้า 28a
གྱི་བར་དུའོ། །དགེ་སྦྱོང་གི་འབྲས་བུ་གང་ཞེ་ན། དགེ་སྦྱོང་གི་འབྲས་བུ་བཞི་སྟེ། བཞི་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་དགེ་སྦྱོང་གི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དགེ་སྦྱོང་གི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དགེ་
སྦྱོང་གི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དགེ་སྦྱོང་གི་འབྲས་བུའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དགེ་སྦྱོང་གི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པ་གང་ཡིན་པ་དེ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དགེ་སྦྱོང་གི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་
བ་གསུམ་སྤངས་ཤིང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྲབ་མོར་གྱུར་པ་གང་ཡིན་པ་དེ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་དགེ་སྦྱོང་གི་འབྲས་བུ་གང་ཞེ་ན། ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པ་གང་ཡིན་པ་དེ་ཡིན་ནོ། །འབྲས་བུ་རྣམས་ཀྱི་མཆོག་
དགྲ་བཅོམ་པ་ཉིད་དགེ་སྦྱོང་གི་འབྲས་བུ་གང་ཞེ་ན། འདོད་ཆགས་གཏན་སྤངས་པ་དང་། ཞེ་སྡང་གཏན་སྤངས་པ་དང་། གཏི་མུག་གཏན་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་གང་ཡིན་པ་དེ་ཡིན་ནོ། །དགེ་སློང་དག་དགེ་སྦྱོང་དང་། དགེ་
སྦྱོང་དག་གི་འབྲས་བུ་དག་བསྟན་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་གསུངས་སོ། །མདོ་ལས་བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ་ཞེས་བྱ་བ་ལ། བརྒྱ་བྱིན་གྱི་མདོའི་ཉེ་བར་བསྟན་པ་ལ་བཤད་པ་ལས་ཏེ། དེ་ནས་ལྷའི་དབང་པོ་
བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་བོས་ཏེ། གྲོགས་པོ་དག་གང་ཡང་བདག་ཅག་ཆོས་བཟང་ལྷའི་འདུན་ས་ན་འདུས་ཤིང་ཚོགས་ཏེ་འདུག་པ་དེ་དག་ཚངས་པ་ལ་ལན་གསུམ་དུ་འདུད་པ་བྱས་ཏེ། བདག་ཅག་ཚངས་པ་ལ་ལན་གསུམ་དུ་འདུད་པ་བྱས་པ་དེ་སྔུན་དུ་བཅོམ་ལྡན་
འདས་ལ་བྱས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། ཞི་བ་དང་བསིལ་བར་གྱུར་པ་ཞེས་ཀྱང་བྱའོ་ཞེས་ཀྱང་གསུངས་སོ། །འཕགས་པ་ཀུན་ཤེས་ཀཽ་ཎྜི་ནྱ་ལ་དེ་སྐྱེས་པ་ན་ཞེས་བྱ་བ་ལ་བཅོམ་ལྡན་འདས་ཝཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་
เล่ม ๑๔๗ · หน้า 28b
དགས་ཀྱི་ནགས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་པོ་རྣམས་ལ་བོས་ཏེ། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་དགེ་སློང་དག་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་
དང་། རིག་པ་དང་། བློ་སྐྱེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་
པ་དང་། རིག་པ་དང་། བློ་སྐྱེས་སོ། །དགེ་སློང་དག་གང་ཡང་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་ཤེས་ནས་ཡོངས་སུ་ཤེས་པར་བྱའོ་ཞེས་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་
སོ། །དགེ་སློང་དག་ཀུན་འབྱུང་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ནས་ཡོངས་སུ་སྤང་བར་བྱའོ་ཞེས་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་ཞེས་བྱ་བ་ནས། སྔ་མ་བཞིན་དུ་བློ་སྐྱེས་སོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་སྡུག་བསྔལ་འགོག་
པ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ནས་མངོན་སུམ་དུ་བྱའོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བློ་སྐྱེས་སོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ནས་བསྒོམ་པར་བྱའོ་ཞེས་བྱ་བ་ནས། སྔ་མ་བཞིན་
དུ་བློ་སྐྱེས་སོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་སྡུག་བསྔལ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པར་བྱ་བ་ཤེས་སོ་ཞེས་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ། །དགེ་སློང་དག་
སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ནས་ཡོངས་སུ་སྤངས་སོ་ཞེས་ངས་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ། །དགེ་སློང་དག་སྡུག་བསྔལ་འགོག་པ་འཕགས་
เล่ม ๑๔๗ · หน้า 29a
པའི་བདེན་པ་དེ་མངོན་པར་ཤེས་ནས་མངོན་སུམ་དུ་བྱས་སོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་བློ་སྐྱེས་སོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་ནས་བསྒོམ་པར་བྱའོ་ཞེས་ངས་
སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ། །དགེ་སློང་དག་ང་ལ་ཅི་སྲིད་དུ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་སུ་མ་བསྐོར་བར་མིག་མ་སྐྱེས་ཤིང་།
ཤེས་པ་དང་། རིག་པ་དང་། བློ་མ་སྐྱེས་ལ། དེ་སྲིད་དུ་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ལྷ་དང་མི་ལས་མ་གྲོལ་ཞིང་ལྡན་པ་དང་། རབ་ཏུ་ལྡན་པ་དང་། སེམས་ཕྱིན་
ཅི་ལོག་དང་མ་བྲལ་བར་ལན་མང་དུ་གནས་པ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་ངས་མངོན་པར་མཁྱེན་ཏོ། །དགེ་སློང་དག་ང་ལ་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ལ་ལན་གསུམ་དུ་བཟླས་པ་དང་། རྣམ་
པ་བཅུ་གཉིས་སུ་བསྐོར་བ་ན་མིག་སྐྱེས་ཤིང་ཤེས་པ་དང་རིག་པ་དང་བློ་སྐྱེས་ཏེ་དེ་ནས་བདག་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ལྷ་དང་མི་ལས་རྣམ་པར་གྲོལ་ཞིང་མི་ལྡན་པ་དང་།
རབ་ཏུ་མི་ལྡན་པ་དང་། སེམས་ཕྱིན་ཅི་ལོག་དང་བྲལ་ཞིང་ལན་མང་དུ་གནས་སོ། །དེ་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ངས་མངོན་པར་མཁྱེན་ཏོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀཽ་ཎྜི་ནྱ་དང་ལྷ་བརྒྱད་ཁྲི་བཞི་
སྟོང་དག་ལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽ་ཎྜི་ནྱ་ལ་བོས་ཏོ། ཀཽ་ཎྜི་ནྱ་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་འཚལ་ལགས་སོ། །ཀཽ་ཎྜི་ནྱ་ཆོས་ཀུན་ཤེས་སམ། བདེ་བར་གཤེགས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด