ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๗ · หน้า 57a
འདུ་བྱེད་དང་། རྣམ་པར་ཤེས་པ་དག་ལས་གྲོལ་ཞིང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་ལས་རྣམ་པར་གྲོལ་ཞིང་། སྡུག་བསྔལ་ལས་རྣམ་པར་གྲོལ་བའོ་
ཞེས་ང་སྨྲའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་རབ་ཏུ་མང་པོ་དག་ཉེ་བར་ལེན་པ་མེད་པ་ཟག་པ་དག་ལས་སེམས་རྣམ་པར་གྲོལ་བར་གྱུར་ཏོ་ཞེས་གསུངས་སོ། །སྲེད་པ་རྣམ་པར་སྤྱོད་པ་ཞེས་བྱ་བ་ལ། སངས་རྒྱས་ཀྱིས་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་དགུ་
པའི་མདོ་ལྔ་པ་ལས་འབྱུང་བ་འདི་ཉིད་ཀྱི་མཛོད་ཀྱི་གནས་གཉིས་པར། འདུས་མ་བྱས་ལ་དེ་དག་མེད། །ཅེས་བྱ་བའི་སྐབས་སུ་ཇི་ལྟར་སྲེད་པ་རྣམ་པར་སྤྱོད་པ་ཞེས་བྱ་བར་བྲིས་ཟིན་ཏོ། །དགེ་སློང་དག་འདུ་བྱེད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་པར་ལྡན་པའི་ཚོགས་
ལས་དྲུག་པ་རལ་པ་ཅན་གྱི་མདོ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་འདུ་བྱེད་ནི་སྡུག་བསྔལ་བ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ། །རྒྱུ་ལས་ཀུན་དུ་བྱུང་བ་རྣམས་ནི་སྡུག་བསྔལ་བ་སྟེ། རྒྱུ་ལས་བྱུང་བའི་ཆོས་རྣམས་འགགས་པ་དང་། ཆད་པ་དང་། མི་འཇུག་པ་དང་། སྡུག་
བསྔལ་གཞན་དང་ཉིང་མཚམས་སྦྱོར་བ་མེད་པ་འདི་ལྟ་བུ་ནི་སྡུག་བསྔལ་གྱི་མཐའ་ཞེས་བྱའོ། །དགེ་སློང་དག་དེ་ལ་མྱ་ངན་ལས་འདས་པ་གང་ཡིན་ཞེ་ན། སྡུག་བསྔལ་འགགས་པ་དང་། ཞི་བ་དང་། ཉེ་བར་ཞི་བ་དང་། བསིལ་བར་གྱུར་པ་དང་། ནུབ་པར་གྱུར་པ་འདི་ནི་དགེ་སློང་དག་འདི་ནི་ཞི་
བའི་གནས་ཞེས་བརྗོད་དོ། །འདི་ལྟ་སྟེ། ཐམས་ཅད་སོ་སོར་སྤངས་པ་སྲེད་པ་ཟད་པ་ནད་མེད་པ་འགོག་པ་མྱ་ངན་ལས་འདས་པ་ཞེས་བྱའོ་ཞེས་གསུངས་སོ།། །།ཇི་སྐད་དུ་མཐོང་བ་རྣམ་པར་དག་པར་བྱ་བའི་ཕྱིར་འདི་ལམ་ཡིན་གྱི། གཞན་ནི་མེད་དོ་ཞེས་བྱ་བ་ལ། འདུ་བྱེད་ཐམས་ཅད་མི་རྟག་པར། །གང་ཚེ་
ཤེས་རབ་ཀྱིས་མཐོང་བ། །དེ་ནས་ཡིད་འབྱུང་འགྱུར་བ་སྟེ། །ལམ་འདི་སྡུག་བསྔལ་དག་ཕྱིར་ཡིན། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ནས་ཡིད་འབྱུང་འགྱུར་བ་སྟེ། །ལམ་འདི་སྡུག་བསྔལ་དག་ཕྱིར་ཡིན། །འདུ་བྱེད་ཐམས་ཅད་སྟོང་པར་ནི། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ནས་ཡིད་
เล่ม ๑๔๗ · หน้า 57b
འགྱུར་འབྱུང་བ་སྟེ། །ལམ་འདི་སྡུག་བསྔལ་དག་ཕྱིར་ཡིན། །འདུ་བྱེད་ཐམས་ཅད་བདག་མེད་པར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ནས་ཡིད་འབྱུང་འགྱུར་བ་སྟེ། །ལམ་འདི་སྡུག་བསྔལ་དག་ཕྱིར་ཡིན། །སྲེད་པའི་ཟུག་རྔུ་དབྱུང་བའི་ཕྱིར། །ང་ཡིས་ཁྱེད་ལ་ལམ་བཤད་དེ། །དེ་བཞིན་གཤེགས་པ་
འཆད་པ་པོ། །ཁྱེད་ཅག་ཉིད་ཀྱིས་བསྒྲུབ་པར་བྱ། །སྲེད་པའི་ཟུག་རྔུ་དབྱུང་བའི་ཕྱིར། །ང་ཡིས་ཁྱེད་ལ་ལམ་བསྟན་ཏེ། །དེ་བཞིན་གཤེགས་པ་སྟོན་པ་པོ། །ཁྱེད་ཅག་ཉིད་ཀྱིས་བསྒྲུབ་པར་བྱ། །མཐོང་བ་རྣམ་པར་དག་བྱའི་ཕྱིར། །འདི་ཉིད་ལམ་ཡིན་གཞན་མེད་དེ། །སྒྲུབ་པར་བྱེད་པ་བསམ་གཏན་ཅན། །བདུད་ཀྱི་འཆིང་བ་སྤོང་བར་འགྱུར། །ཞེས་
གསུངས་སོ། །དབང་པོ་དྲུག་པོ་འདི་དག་ཤིན་ཏུ་འདུལ་བ་དང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་མ་དུལ་བ་དང་། མ་སྦས་པ་དང་། མ་བསྲུངས་པ་དང་། མ་བསྡམས་པ་དང་། མ་བསྒོམས་ན་མ་འོངས་པ་ན་སྡུག་བསྔལ་དག་འབྱུང་བར་འགྱུར་ཏེ། དྲུག་གང་ཞེ་ན། མིག་གི་
དབང་པོ་མ་དུལ་བ་དང་། མ་སྦས་པ་དང་། མ་བསྲུངས་པ་དང་། མ་བསྡམས་པ་དང་། མ་བསྒོམས་ན་མ་འོངས་པ་ན་སྡུག་བསྔལ་འབྱུང་བར་འགྱུར་རོ། །རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། དགེ་སློང་དག་ཡིད་ཀྱི་དབང་པོ་མ་དུལ་བ་དང་། མ་སྦས་པ་དང་། མ་བསྲུངས་པ་དང་། མ་བསྡམས་པ་
དང་། མ་བསྒོམས་ན་མ་འོངས་པ་ན་སྡུག་བསྔལ་འབྱུང་བར་འགྱུར་རོ། །དགེ་སློང་དག་དབང་པོ་དྲུག་པོ་འདི་དག་མ་དུལ་བ་ནས་མ་འོངས་པའི་སྡུག་བསྔལ་འབྱུང་བའི་བར་དུ་འགྱུར་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་མིག་གིས་གཟུགས་དག་མཐོང་ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་
འཛིན་ལ། དེའི་རྒྱུས་སེམས་ལ་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་རྗེས་སུ་འཛིན་ཅིང་དེ་དག་མ་བསྡམས་ལ་མིག་གི་དབང་པོ་མ་བསྲུངས་ན་མིག་གི་དབང་པོའི་སྡོམ་པ་ཐོབ་པར་མི་འགྱུར་རོ། །རྣ་བས་སྒྲ་དང་། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་
ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པར་འགྱུར་ཏེ་ཞེས་བྱ་བ་ནས། ཡིད་ཀྱི་དབང་པོའི་སྡོམ་པ་ཐོབ་པར་མི་འགྱུར་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འདི་ལྟར་ན་དབང་པོ་དྲུག་པོ་འདི་དག་མ་དུལ་ཞེས་བྱ་བ་ནས་མ་འོངས་པའི་སྡུག་བསྔལ་འབྱུང་བར་འགྱུར་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང་།
เล่ม ๑๔๗ · หน้า 58a
ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པ་དང་། ཤིན་ཏུ་བསྡམས་པ་དང་། ཤིན་ཏུ་བསྒོམས་ན་མ་འོངས་པའི་སྡུག་བསྔལ་འབྱུང་བར་མི་འགྱུར་ཏེ། དྲུག་གང་ཞེ་ན། དགེ་སློང་དག་མིག་གི་དབང་པོ་ཤིན་ཏུ་དུལ་བ་དང་། ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པ་དང་། ཤིན་ཏུ་
བསྡམས་པ་དང་། ཤིན་ཏུ་བསྒོམས་ན་མ་འོངས་པའི་སྡུག་བསྔལ་འབྱུང་བར་མི་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་ཞེས་བྱ་བ་ནས་མ་འོངས་པའི་སྡུག་བསྔལ་འབྱུང་བར་མི་འགྱུར་བའི་བར་དུ་འགྱུར་ཞེ་ན། དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མིག་གིས་གཟུགས་
མཐོང་ནས་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་ལ། དེའི་རྒྱུས་སེམས་ལ་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྗེས་སུ་མི་འཛིན་ཅིང་ཞེས་བྱ་བ་ནས། རྒྱས་པར་ཡིད་ཀྱི་དབང་པོ་སྡོམ་པ་ཐོབ་པར་མི་འགྱུར་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འདི་ལྟར་
ན་དབང་པོ་དྲུག་པོ་འདི་དག་ལེགས་པར་དུལ་བ་དང་། ཤིན་ཏུ་བསྲུངས་པ་ཞེས་བྱ་བ་ནས་མ་འོངས་པའི་སྡུག་བསྔལ་འབྱུང་བར་མི་འགྱུར་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་བཞིན་དུ་ལུས་འདི་ལ་སྐྲ་ཡོད་ཅེས་བྱ་བ་ལ་སོགས་པ་ཇི་ལྟར་རེ་ཞིག་མཛོད་ཀྱི་གནས་འདི་ཉིད་དུ་རྫུ་འཕྲུལ་གྱི་རྐང་པ་གཉིས་པ་
བསྒོམ་པའི་མདོ་ལས་ཇི་ལྟར་ན་སྟེང་དང་འོག་གི་འདུ་ཤེས་སུ་འགྱུར་ཞེས་དེ་དང་དེ་ལས་འདོན་པ་བལྟ་བར་བྱའོ།། །།སྟོབས་བཅུ་ཞེས་བྱ་བ་ལ། བཅུ་ལས་འཕྲོས་པ་དང་། ལམ་གྱི་ཚོགས་དང་། སྟོབས་ཀྱི་སྒོའི་མཐའི་མདོ་ལས་འདོན་པ་མཛོད་ཀྱི་གནས་ལྔ་པ་འདི་ཉིད་དུ་འདས་པ་དང་། མ་འོངས་
པ་བསྒོམ་པར་དགེ་སློང་དག་ངའི་ཉན་ཐོས་རྣམས་ལ་ནང་བསྡམས་ན་ནུབ་ཁྱད་པར་དུ་འགྲོ་སྟེ་ཞེས་བྱ་བའི་མདོར་བྲིས་པ་བལྟ་བར་བྱའོ།། །།མི་འཇིགས་པ་བཞི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་བཞི་པོ་འདི་དག་
ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་སྟེ། གང་དང་ཡང་དག་པར་ལྡན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་དང་། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་དག་སྟེ། །
เล่ม ๑๔๗ · หน้า 58b
བཞི་གང་ཞེ་ན། ཀྱེ་མ་བདག་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཆོས་འདི་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གང་སུ་དག་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་
ཏེ། འདི་ལྟར་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདག་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་ལ་འཇིགས་པ་མེད་པར་གནས་ཏེ་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་འཁོར་ལོ་རབ་ཏུ་བསྐོར་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ། །ཀྱེ་མ་བདག་ཟག་པ་ཟད་པ་ལ་ཟག་པ་འདི་ཡོངས་སུ་མ་ཟད་
དོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པ་གང་སུ་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་ཏེ། འདི་ལྟར་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདག་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་ལ་འཇིགས་པ་མེད་པར་གནས་ཏེ། ཁྱུ་
མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའོ། །ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ། །གང་ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་གསུངས་པ་དེ་དག་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་
དམ། ཚངས་པའམ། གང་སུ་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་ཏེ། འདི་ལྟར་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདག་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པ་འཇིགས་པ་མེད་པར་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་
ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ། །གང་ངས་ཉན་ཐོས་རྣམས་ལ་འཕགས་པའི་ངེས་པར་འབྱུང་བའི་ལམ་ནི་ངེས་ཤིང་ངེས་པར་འབྱིན་པ་དང་། གང་ཡང་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པ་དང་། སྡུག་བསྔལ་མཐར་བྱེད་པ་ཡིན་ནོ་ཞེས་གསུངས་
པ་ལ་ངེས་པར་འབྱུང་བའི་ལམ་མ་ཡིན་ནོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གང་སུ་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་མ་གཟིགས་ཏེ། རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདག་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་
เล่ม ๑๔๗ · หน้า 59a
ལ་འཇིགས་པ་མེད་པར་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་དང་། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ་ཞེས་གསུངས་སོ། །དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་ཞེས་བྱ་བ་ལ། རྣམ་པར་འབྱེད་པའི་ཚོགས་
ཀྱི་མདོ་གཉིས་པ་སྐྱེ་མཆེད་དྲུག་རྣམ་པར་འབྱེད་པ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་གང་འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་ལ་ཚོགས་ཡོངས་སུ་སྡུད་པ་སྟེ་ཞེས་ངས་ཇི་སྐད་དུ་བཤད་པ་དེ་ཅུང་ཟད་བཤད་པར་བྱའོ། །དགེ་སློང་དག་
འདི་ན་སྟོན་པ་ཉན་ཐོས་རྣམས་ལ་རྗེས་སུ་བརྩེ་བ་དང་། ཐུགས་བརྩེ་བ་དང་། དོན་དུ་བཞེད་པ་དང་། ཕན་པར་བཞེད་པ་དང་། བརྩེ་བས་འདི་ནི་ཕན་པ་འདི་ནི་བདེ་བ། འདི་ནི་ཕན་པ་དང་བདེ་བའོ་ཞེས་ཆོས་སྟོན་པར་བྱེད་པ་ན། ཉན་ཐོས་ཁ་ཅིག་ཉན་པར་མི་བྱེད། རྣ་བླགས་ཏེ་ཉན་པར་མི་བྱེད། ཀུན་
ཤེས་པའི་སེམས་ཉེ་བར་འཇོག་པར་མི་བྱེད། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པ་རྟོགས་པར་མི་བྱེད། སྟོན་པའི་བསྟན་པ་ལས་འདས་ཏེ་འཇུག་ཀྱང་དེས་དེ་བཞིན་གཤེགས་པ་ལ་གནོད་པར་མི་འགྱུར། མི་བཟོད་པར་མི་འགྱུར། འཁྲུག་པར་མི་འགྱུར། ཐུགས་མངོན་པར་མི་དགྱེས་པར་མི་
འགྱུར། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དང་ལྡན་པར་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་དྲན་པ་གང་འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་ཤིང་ཚོགས་ཡོངས་སུ་སྡུད་པ་དྲན་པ་ཉེ་བར་གཞག་པ་དང་པོ་ཡིན་ནོ། །གཞན་ཡང་སྟོན་པ་ཉན་ཐོས་རྣམས་ལ་རྗེས་སུ་
བརྩེ་བ་དང་། ཐུགས་བརྩེ་བ་དང་། དོན་དུ་བཞེད་པ་དང་། ཕན་པར་བཞེད་པ་དང་། བརྩེ་བས་འདི་ནི་ཕན་པ་འདི་ནི་བདེ་བ། འདི་ནི་ཕན་པ་དང་བདེ་བའོ་ཞེས་ཆོས་སྟོན་པར་བྱེད་པ་ན་ཉན་ཐོས་ཁ་ཅིག་ཉན་པར་བྱེད། རྣ་བླགས་ཏེ་ཉན་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་
རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པ་རྟོགས་པར་བྱེད། སྟོན་པའི་བསྟན་པ་ལས་ཡང་དག་པར་མི་འདའ་བར་འཇུག་ཀྱང་དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར་རོ། །ཐུགས་ཡེང་ཡེང་པོར་མི་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དང་ལྡན་པར་བཏང་སྙོམས་
เล่ม ๑๔๗ · หน้า 59b
སུ་བཞུགས་ཏེ། འདི་ནི་གང་འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་ཤིང་ཚོགས་ཡོངས་སུ་སྡུད་པ་དྲན་པ་ཉེ་བར་གཞག་པ་གཉིས་པའོ། །གཞན་ཡང་སྟོན་པ་ཉན་ཐོས་རྣམས་ལ་རྗེས་སུ་བརྩེ་བ་དང་། ཐུགས་བརྩེ་བ་དང་། དོན་དུ་བཞེད་པ་དང་། ཕན་པར་བཞེད་པ་
དང་། བརྩེ་བས་འདི་ནི་ཕན་པ་འདི་ནི་བདེ་བ། འདི་ནི་ཕན་པ་དང་བདེ་བའོ་ཞེས་ཆོས་སྟོན་པར་བྱེད་པ་ན་ཉན་ཐོས་ཁ་ཅིག་ཉན་པར་ཡང་མི་བྱེད། རྣ་བླགས་ཏེ་ཉན་པར་མི་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་མི་བྱེད། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་རྟོགས་པར་མི་བྱེད། སྟོན་
པའི་བསྟན་པ་ལས་འདའ་བར་མི་བྱེད་པ་དང་། ཉན་ཐོས་ཁ་ཅིག་ཉན་པར་བྱེད། རྣ་བླགས་ཏེ་ཉན་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་རྟོགས་པར་བྱེད། སྟོན་པའི་བསྟན་པ་ལས་མི་འདའ་བར་བྱེད་ཀྱང་དེས་དེ་བཞིན་གཤེགས་པ་ལས་
གནོད་པར་མི་འགྱུར། མི་བཟོད་པར་མི་འགྱུར། འཁྲུག་པར་མི་འགྱུར། ཐུགས་མངོན་པར་མི་དགྱེས་པར་མི་འགྱུར་ལ་ཐུགས་དགྱེས་པར་མི་འགྱུར། ཐུགས་ཡེང་ཡེང་པོར་མི་འགྱུར་ཞིང་དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་། ཤེས་བཞིན་དང་ལྡན་པར་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་
འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་ཤིང་ཚོགས་ཡོངས་སུ་སྡུད་པ་དྲན་པ་ཉེ་བར་གཞག་པ་གསུམ་པའོ། །དགེ་སློང་དག་དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་གང་འཕགས་པས་བསྟེན་ཅིང་འཕགས་པས་བསྟེན་པར་རིགས་པ་ཚོགས་ཡོངས་སུ་སྡུད་པའོ་ཞེས་ངས་ཇི་སྐད་བསྟན་པ་
དེ་རྒྱས་པར་རབ་ཏུ་བཤད་དོ། །སྐུ་ཚེ་དང་། རིགས་དང་། སྐུ་བོང་ཚད་ཀྱིས་མིན་ཞེས་བྱ་བ་ལ། མདོ་དྲུག་གི་ཚོགས་ཀྱི་ལྔ་པ་རྟོགས་པ་བརྗོད་པ་ཆེན་པོའི་མདོ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་གི་གོང་དུ་ཡོངས་སུ་གང་ཡང་དེ་བཞིན་གཤེགས་པ་རྣམ་པར་གཟིགས་
འཇིག་རྟེན་དུ་བྱུང་བ་དང་། དགེ་སློང་དག་གང་ཡང་འདི་ནས་བསྐལ་པ་སུམ་ཅུ་རྩ་གཅིག་གི་གོང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་འཇིག་རྟེན་དུ་བྱུང་ལ། དགེ་སློང་དག་བསྐལ་པ་བཟང་པོ་འདི་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞི་འཇིག་རྟེན་
เล่ม ๑๔๗ · หน้า 60a
དུ་བྱུང་སྟེ། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ད་ལྟར་ཤཱཀྱ་ཐུབ་པ་ང་དག་གོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱད་ཅུ་ཐུབ་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་
རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་བདུན་ཅུ་ཐུབ་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་དྲུག་ཅུ་ཐུབ་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཚེའི་ཚད་ནི་ལོ་སྟོང་ཕྲག་ལྔ་བཅུ་ཐུབ་
པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་བཞི་བཅུ་ཐུབ་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཕྲག་སུམ་ཅུ་ཐུབ་པར་གྱུར་ཏོ། །ད་ལྟར་ངའི་ཚེའི་ཚད་ནི་ལོ་བརྒྱ་སྟེ། ཡང་དག་པར་བདེ་
བ་དང་བཅས་ན་ཅུང་ཟད་ལྷག་པ་ཡང་ཡོད་དོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ནི་རྒྱལ་རིགས་སུ་འཁྲུངས་པར་གྱུར་ལ། དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་།
འོད་སྲུངས་ནི་བྲམ་ཟེའི་རིགས་སུ་འཁྲུངས་པར་གྱུར་ཅིང་། ད་ལྟར་ང་ནི་རྒྱལ་རིགས་སུ་འཁྲུངས་པར་གྱུར་ཏོ། །དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་གདུང་ནི་ཀོ་ཏི་བྱིར་གྱུར་ལ། དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་། ཐམས་
ཅད་སྐྱོབ་དང་། འཁོར་བ་འཇིག་དང་། འོད་སྲུངས་དང་། གསེར་ཐུབ་རྣམས་ཀྱི་གདུང་ནི་འོད་སྲུངས་སུ་གྱུར་ཏོ། །ད་ལྟར་ངའི་གདུང་ནི་གཽ་ཏ་མར་གྱུར་ཏོ་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པར་ཐ་དད་དོ།། །།གང་དག་རྒྱལ་བ་རྣམ་འདྲེན་ཅིང་། །བྱ་བ་ཆུང་ངུ་བྱེད་གྱུར་པ། །ཞེས་བྱ་བ་ལ་
སོགས་པ་ལ། སངས་རྒྱས་རབ་ཏུ་མང་པོའི་བྱེད་པ་ལས་འདོན་ཏོ། །གང་ཞིག་འཇིག་རྟེན་སངས་རྒྱས་ལ། །སྐྱབས་སོང་སྐྱེས་བུ་དེ་མཆོག་སྟེ། །སངས་རྒྱས་བྱ་བ་བྱས་སྐྱེ་བོ། །མྱ་ངན་འདས་པར་འགྲོ་བར་འགྱུར། །གང་ཞིག་རྒྱལ་བ་རྣམ་འདྲེན་ལ། །བྱ་བ་ཅུང་ཟད་བྱེད་གྱུར་པ། །དེ་དག་མཐོ་
เล่ม ๑๔๗ · หน้า 60b
རིས་སྣ་ཚོགས་དག །བགྲོད་ནས་བདུད་རྩི་གོ་འཕང་ཐོབ། །འདི་ལྟར་ཇི་བཞིན་ཐོས་ནས་ནི། །ང་ནི་མྱ་ངན་འདས་འོག་ཏུ། །སྲིད་པའི་རྒྱ་མཚོར་འཁྱམ་འགྱུར་ཞེས། །དགེ་བ་མང་པོ་རབ་ཏུ་བྱ། །ཞེས་གསུངས་སོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་མཉན་
ཡོད་ཀྱི་ལྷོ་ཕྱོགས་ན་བཞུགས་པ་ན་བྲམ་ཟེ་སྦས་པ་ལ་ཤིན་ཏུ་ཁྲོ་བའི་རང་བཞིན་ཅན་གྱི་བུ་ཞིག་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་ཕའི་སྲིད་སྲུང་གི་རིག་བྱེད་ཀྱི་ལས་ཀྱི་མཐའ་དག་བོར་ཏེ་རབ་ཏུ་བྱུང་ངོ་། །དེ་དེ་ན་ཡང་ཁྲོ་བའི་རང་བཞིན་དུ་གྱུར་ཏེ། བྱ་དང་རི་དགས་དག་ལ་གནོད་པ་བྱེད་པ་ན། ནགས་ཚལ་
ལ་གནས་པའི་ལྷ་རྣམས་ཀྱིས་དེ་དེ་ན་གནས་སུ་མི་སྟེར་ཏེ། ཇི་ཙམ་ན་བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་མངོན་པར་དང་བར་བྱེད་པའི་ཆོ་འཕྲུལ་ཆེན་པོ་སྟོན་པ་དེའི་ཚེ་ཆོ་འཕྲུལ་ཆེན་པོ་དེ་ལ་ནགས་ཚལ་ལ་གནས་པའི་ལྷ་དེ་དག་མངོན་པར་དང་སྟེ། སྙིང་རྗེས་སྨྲས་པ། འཇིག་རྟེན་གྱི་
རྒྱན་དུ་གྱུར་པའི་སངས་རྒྱས་བྱུང་གི །ཁྱོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་སོང་ཤིག་ཅེས་ཇི་སྲིད་དུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་པའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་དེ་དད་པར་བྱེད་པའི་འོད་ཀྱི་དཀྱིལ་འཁོར་བཀྱེ་སྟེ། ཇི་ཙམ་ན་རབ་ཏུ་བྱུང་བའི་བར་དུ་སྟེ། བྱམས་པ་གོམས་པར་བྱས་ནས་དགྲ་
བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །རབ་འབྱོར་ཞེས་མིང་གྲགས་པར་གྱུར་པའོ། །གྲང་དང་། ཡུལ་དང་། ལྗོངས་གང་དུ་བསོད་སྙོམས་ཀྱི་ཕྱིར་འགྲོ་བ་ན་བདག་ལ་སུ་ཡང་སེམས་ཉོན་མོངས་པར་མ་གྱུར་ཅིག་ཅེས་བྱ་བ་རྣམ་པར་བལྟས་ཏེ། ཕྱིས་སྤྱོད་ཡུལ་དུ་འགྲོ་བར་བྱེད་དེ། གང་གི་ཕྱིར་སེམས་ཉེ་
བར་ཉོན་མོངས་པར་བྱེད་ན་སྤྱོད་ཡུལ་དུ་མི་འགྲོ་ཞིང་ཟན་གཅོད་པའི་བར་དུ་ཡང་བྱེད་དོ། །ཇི་ཙམ་ན་དེས་བསམས་པ་ན་བདག་ཉིད་ཀླུ་ལས་ཤི་འཕོས་པ་དང་། གཉེན་རྣམས་གདུལ་བྱར་གྱུར་པ་མཐོང་སྟེ། ཇི་ཙམ་ན་ཀླུའི་ཁང་པར་ཕྱིན་ཏེ། ཀླུའི་རིགས་ལྔ་བརྒྱ་འོངས་པ་དག་བཏུལ་ཏེ། དེ་དག་བྱམས་པའི་ཏིང་ངེ་
འཛིན་ལ་བཀོད་དེ་ཤིང་ཤལ་མ་ལིའི་ནམ་མཁའ་ལྡིང་གི་གནོད་པ་མེད་པར་བྱས་སོ། །ཇི་ཙམ་ན་གནས་བརྟན་གྱིས་ནམ་མཁའ་ལྡིང་རྣམས་གདུལ་བའི་ཕྱིར་ཀླུའི་རིགས་ལྔ་བརྒྱ་ཤིང་ཤལ་མ་ལིའི་སྟེང་དུ་བཏེག་སྟེ། ནམ་མཁའ་ལྡིང་ལྔ་བརྒྱ་ལྔ་བརྒྱ་བཏུལ་བའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་
เล่ม ๑๔๗ · หน้า 61a
ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ངའི་ཉན་ཐོས་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་ཀྱི་ནང་དུ་མཆོག་ནི་དགེ་སློང་རབ་འབྱོར་འདི་ཡིན་ཏེ། ལས་གང་གིས་ཀླུར་སྐྱེས་ཤེ་ན། བཅོམ་ལྡན་འདས་འོད་སྲུངས་ཀྱི་གསུང་རབ་ལ་རིགས་ཀྱི་བུ་འདི་རབ་ཏུ་བྱུང་སྟེ། དེའི་མཁན་
པོ་ཉོན་མོངས་པ་མེད་པ་ལ་གནས་ཏེ། དེས་ཀྱང་ཉོན་མོངས་པ་མེད་པ་ལ་དད་པ་ཐོབ་པོ། །དེས་གཞོན་དུ་རྣམས་ཀྱིས་རྒོད་པ་དང་། བཟློག་པ་དང་། དེ་རྣམས་ཀྱིས་སྨྲས་པ། འདི་ནི་བྱམས་པ་བྱམས་པ་ལ་གནས་པ་ཞེས་སྨྲས་པ་དང་། དེ་ཁྲོས་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱེད་ཅག་ནི་སྦྲུལ་དང་འདྲའོ་ཞེས་
བྱ་བ་ལ་སོགས་པ་རྒྱས་པར་འབྱུང་ངོ་། །སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཞི་པོ་འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞི་སྟེ། བཞི་གང་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་།
ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ་ཞེས་གསུངས་སོ། །བཏགས་པའི་མིང་དང་གཟུགས་བཏགས་པ་ལས་སོ་སོ་ཡང་དག་པར་རིག་པ་འདི་དག་བཤད་དོ། །མངོན་ཤེས་རྣམ་དྲུག་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མངོན་
པར་ཤེས་པ་ནི་དྲུག་སྟེ། དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། ལྷའི་མིག་དང་། རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དང་། ཟག་པ་ཟད་པའོ་ཞེས་གསུངས་སོ། །འོ་ན་རབ་ཏུ་བྱེད་པ་ལས་ཞེས་བྱ་བ་ལ། རབ་ཏུ་བྱེད་པའི་རྐང་པའི་
ཡང་དག་པར་སྡུད་པའི་རབ་ཏུ་བྱེད་པ་ལས། མངོན་པར་ཤེས་པའི་ཆོས་རྣམས་གང་ཞེ་ན། ཤེས་རབ་དགེ་བ་ནི་མངོན་པར་ཤེས་པ་ཞེས་བརྗོད་དེ། ཆོས་ཐམས་ཅད་ཀྱི་དངོས་པོ་ཇི་ལྟ་བ་བཞིན་མངོན་པར་ཤེས་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་ནི་རིག་པ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་
པ་ནའོ། །མི་སློབ་པའི་རིག་པ་ནི་གསུམ་སྟེ། མི་སློབ་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱ་བའི་རིག་པ་དང་། མི་སློབ་པའི་འཆི་འཕོ་བ་དང་། སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་རིག་པ་དང་། མི་སློབ་པའི་ཟག་པ་ཟད་པའི་ཤེས་པ་མངོན་སུམ་དུ་བྱ་བའི་རིག་པའོ། །སྔོན་གྱི་
เล่ม ๑๔๗ · หน้า 61b
གནས་རྣམས་རིག་པ་ཡིས། །མཐོ་རིས་ངན་སོང་གཟིགས་ནས་ནི། །དེ་ནས་མངོན་ཤེས་ངེས་པ་ཡིས། །ཐུབ་པ་སྐྱེ་བ་ཟད་པར་འགྱུར། །ཀུན་ལས་འདོད་ཆགས་རྣམ་གྲོལ་ཞིང་། །སེམས་ནི་འདོད་ཆགས་གྲོལ་ཞེས་འགྱུར། །རིག་པ་གསུམ་པོ་ཕུན་ཚོགས་པས། །དེ་ཕྱིར་གསུམ་རིག་ཅེས་
བྱའོ། །ཞེས་གསུངས་སོ། །ཆོ་འཕྲུལ་རྣམ་པ་གསུམ་ནི། མདོ་དྲུག་གི་ཚོགས་ཀྱི་བཞི་པ་རེག་པའི་མདོ་ལས་འབྱུང་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་རལ་པ་ཅན་སྟོང་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ཏེ། ཇི་ལྟར་འདོད་པར་ཉེ་བར་གནས་པར་བྱ་སྟེ། ག་ཡ་མགོ་གང་ན་བ་དེར་ལྗོངས་རྒྱུ་
ཞིང་གཤེགས་ཏེ། རིམ་གྱིས་ག་ཡ་མགོར་གཤེགས་ཏེ། ག་ཡ་མགོའི་ཨ་ཤིར་ཤའི་མཆོད་རྟེན་ན་དགེ་སློང་སྟོང་ཐམ་པ་དང་། ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་སྟོང་རྣམས་ལ་ཆོ་འཕྲུལ་རྣམ་པ་གསུམ་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་
དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམས་ཀྱིས་གདམས་པར་མཛད་དེ། དེ་ལ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཇི་ལྟར་ཐུགས་མཉམ་པར་གཞག་པ་ན་རང་གི་གདན་ལས་མི་སྣང་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཤར་ཕྱོགས་སུ་འཕོས་
ཏེ་སྤྱོད་ལམ་བཞི་སྟོན་པར་མཛད་དེ། འདི་ལྟ་སྟེ། གཤེགས་པ་དང་། བཞུགས་པ་དང་། གནས་པ་དང་། གཟིམས་པ་དང་། སྟོན་པར་མཛད་དོ། །མེའི་ཁམས་ལ་སྙོམས་པར་ཞུགས་ཤིང་མེའི་ཁམས་ལ་སྙོམས་པར་ཞུགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལས་རྣམ་པ་དུ་མའི་འོད་དག་
འཕྲོས་ཏེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་དང་། ཤེལ་གྱི་ཁ་དོག་ལྟ་བུ་དག་འབྱུང་བའི་ཆོ་འཕྲུལ་དག་སྟོན་ཅིང་། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབྱུང་ཞིང་ལུས་ཀྱི་སྨད་ནས་འབར་བ་དང་། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་
འབྱུང་ཞིང་ལུས་ཀྱི་སྟོད་ནས་འབར་བར་བྱེད་དེ། ཤར་ཕྱོགས་ཇི་ལྟ་བ་བཞིན་དུ་ལྷོ་དང་། དེ་བཞིན་དུ་ནུབ་དང་། དེ་བཞིན་དུ་བྱང་ཕྱོགས་སུ་ཡང་སྟོན་པར་བྱེད་དེ། ཕྱོགས་བཞིར་སྟེང་དང་འོག་ཏུ་རྫུ་འཕྲུལ་བསྟན་པར་མཛད་ནས། དེ་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ནི་དེ་དག་སླར་བཏུལ་
เล่ม ๑๔๗ · หน้า 62a
ཏེ། དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཤམས་པ་ཉིད་ལ་བཞུགས་ཏེ། འདི་ནི་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཀུན་བརྗོད་པའི་ཆོ་འཕྲུལ་ནི་འདི་ཡིན་ཏེ། དགེ་སློང་དག་ཁྱེད་ཀྱི་སེམས་ནི་འདི་ལྟ་བུ། ཡིད་ནི་འདི་
ལྟ་བུ། རྣམ་པར་ཤེས་པ་ནི་འདི་ལྟ་བུ་སྟེ། འདི་ལྟ་བུར་རྟོག་པར་བྱེད་དོ། །འདི་ལྟ་བུར་རྟོག་པར་མི་བྱེད་དོ། །འདི་ལྟར་ཡིད་ལ་བྱེད་དོ། །འདི་ལྟར་ཡིད་ལ་མི་བྱེད་དོ། །འདི་ནི་སྤངས་པའོ། །འདི་ནི་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་སྟེ། འདི་ནི་བཅོམ་ལྡན་
འདས་ཀྱིས་ཀུན་བརྗོད་པའི་ཆོ་འཕྲུལ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་འདི་ཡིན་ཏེ། དགེ་སློང་དག་འདི་ཐམས་ཅད་ནི་ཀུན་དུ་འབར་བའོ། །དགེ་སློང་དག་འདི་ཐམས་ཅད་ནི་འབར་བ་གང་ཞེ་ན། དགེ་སློང་དག་མིག་ནི་ཀུན་དུ་འབར་བའོ། །གཟུགས་དང་།
མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ཡང་ཀུན་དུ་འབར་བའོ། །གང་གིས་ཀུན་དུ་འབར་ཞེ་ན། འདོད་ཆགས་ཀྱི་མེ་འབར་བ་
དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་ཀུན་ཏུ་འབར་བ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་འཕོ་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་ཀུན་དུ་འབར་བའོ་ཞེས་ང་སྨྲའོ། །དགེ་
སློང་དག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཀུན་དུ་འབར་བ་སྟེ། ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་འབྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་
བསྔལ་བ་ཡང་མ་ཡིན་པ་དེ་ཡང་ཀུན་དུ་འབར་བ་སྟེ། གང་གིས་ཀུན་དུ་འབར་ཞེ་ན། འདོད་ཆགས་ཀྱི་མེ་འབར་བ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་ཀུན་དུ་འབར་བ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་
เล่ม ๑๔๗ · หน้า 62b
བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་ཀུན་དུ་འབར་བའོ་ཞེས་ང་སྨྲ་སྟེ། འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྔོན་རལ་པ་ཅན་དུ་གྱུར་པའི་དགེ་སློང་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་
པར་གྲོལ་ལོ་ཞེས་གསུངས་སོ།། །།བསྟན་པ་མཆོག །མི་འཁྲུལ་ཕྱིར་དང་ཕན་པ་དང་། །ཞེས་བྱ་བ་ལ། བཅོམ་ལྡན་འདས་ནཱ་ལེན་དྲ་ཨ་མྲས་ཀུན་དུ་བསྐོར་བའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཁྱིམ་བདག་ཉ་པའི་བུ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་
བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་ཉ་པའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ནཱ་ལེན་དྲ་འབྱོར་བ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འདི་ན་
བཅོམ་ལྡན་འདས་ལ་མངོན་པར་དད་པ་མང་དུ་མཆིས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་འགའ་ཞིག་མིའི་ཆོས་ལས་བླ་མར་གྱུར་པའི་རྫུ་འཕྲུལ་དག་བསྟན་དུ་བཅུག་ན་ལེགས་ཏེ། བྲམ་ཟེ་དང་། ཁྱིམ་བདག་འགྲོ་བ་དང་འོང་བ་དག་གིས་མཐོང་ནས་འདི་ལྟ་བུའི་ནཱ་ལེན་དྲ་
ཕལ་ཆེར་བཅོམ་ལྡན་འདས་ལ་དད་པར་འགྱུར་རོ། །ཁྱིམ་བདག་གི་བུ་ང་འདི་ལྟར་དགེ་སློང་དག་ཁྱེད་ཅག་བྲམ་ཟེ་དང་ཁྱིམ་བདག་འོང་བ་རྣམས་ལ་མིའི་ཆོས་ལས་བླ་མར་གྱུར་པའི་རྫུ་འཕྲུལ་དག་སྟོན་ཅིག་ཅེས་ཉན་ཐོས་རྣམས་ལ་ཆོས་མི་སྟོན་གྱི། འོན་ཀྱང་འདི་ལྟར་དགེ་སློང་དག་དགེ་བ་ནི་
གསང་བར་བྱ་ཞིང་སྡིག་པ་ནི་མཐོལ་བར་བྱའོ་ཞེས་ཉན་ཐོས་རྣམས་ལ་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མར་གྱུར་པའི་རྫུ་འཕྲུལ་ལ་ཉེས་དམིགས་ཅི་ཞིག་ཡང་དག་པར་རྗེས་སུ་གཟིགས་ན་འདི་ལྟར་དགེ་སློང་དག་དགེ་བ་ནི་གསང་བར་བྱ་ཞིང་སྡིག་པ་ནི་མཐོལ་བར་བྱའོ་ཞེས་ཉན་
ཐོས་རྣམས་ལ་ཆོས་སྟོན་ཏོ། །ཁྱིམ་བདག་གི་བུ་ཆོ་འཕྲུལ་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །ཁྱིམ་བདག་གི་བུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གང་ཞེ་ན། ཁྱིམ་བདག་གི་བུ་འདི་ན་དགེ་
เล่ม ๑๔๗ · หน้า 63a
སྦྱོང་ངམ་བྲམ་ཟེ་ཁ་ཅིག་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་པ་སྟེ། འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང་། སྣང་བ་དང་མི་སྣང་བར་ཤེས་པ་དང་མཐོང་བ་ཉམས་སུ་མྱོང་བར་བྱེད་པ་དང་།
རྩིག་པ་དང་། ར་བ་དང་། རྡོ་བ་དང་། རི་ལ་ལུས་ཀྱིས་ཐོགས་པ་མེད་པར་འགྲོ་སྟེ། འདི་ལྟ་སྟེ། ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་བྱིའུ་ཟུལ་དུ་བྱེད་དེ། འདི་ལྟ་སྟེ། ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་འབྱིང་བ་མེད་པར་འགྲོ་སྟེ། འདི་ལྟ་སྟེ། ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་
ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འདི་དག་ལག་པས་ནོམ་ཞིང་ཉུག་པ་དང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་བར་བྱེད་དེ། དགེ་སྦྱོང་ངམ། བྲམ་ཟེ་དག་རྫུ་འཕྲུལ་རྣམ་པ་དུ་མ་ཉི་མ་དང་ཟླ་བ་
ལག་པས་ནོམ་ཞིང་ཉུག་པའི་བར་དུ་བྱེད་པ་དག་དད་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་འགའ་ཞིག་གིས་མཐོང་སྟེ། མཐོང་ནས་མ་དད་པའི་ཁྱིམ་བདག་གམ་ཁྱིམ་བདག་གི་བུ་དག་ལ་འདི་སྐད་དུ། ཀྱེ་སྐྱེས་བུ་ཤེས་པར་གྱིས་ཤིག །འདི་ན་དགེ་སྦྱོང་ངམ། བྲམ་ཟེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་གཅིག་
ཏུ་གྱུར་ནས་མང་པོར་འགྱུར་བ་དང་། ཉི་མ་དང་ཟླ་བ་ལག་པས་ནོམ་ཞིང་ཉུག་པའི་བར་དུ་བྱེད་པ་དག་ངས་མཐོང་ངོ་ཞེས་སྨྲའོ། །དེ་འདི་སྐད་དུ། ཀྱེ་སྐྱེས་བུ་ཁྱོད་ཀྱིས་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉི་མ་དང་ཟླ་བ་ལ་ནོམ་ཞིང་ཉུག་པའི་བར་དུ་བྱེད་པ་མཐོང་བ་དེ་ལ་ངོ་མཚར་བ་ཅི་ཞིག་
ཡོད། ཀྱེ་སྐྱེས་བུ་གན་དྷ་ར་བ་ཞེས་བྱ་བའི་རིག་སྔགས་ཡོད་དོ། །དེ་འགའ་ཞིག་གིས་བཟུང་ཞིང་བཅངས་ན་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉི་མ་དང་ཟླ་བ་ལ་ནོམ་ཞིང་ཉུག་པའི་བར་དུ་བྱེད་པ་ཡོད་དོ་ཞེས་སྨྲ་ན། ཁྱིམ་བདག་གི་བུ་འདི་ཇི་སྙམ་དུ་སེམས། གནས་དང་པོ་འདི་ལ་དད་པའི་ཁྱིམ་བདག་གམ་
ཁྱིམ་བདག་གི་བུ་དག་མ་དད་པའི་ཁྱིམ་བདག་གམ་ཁྱིམ་བདག་གི་བུའི་ཉེ་བར་བརྗོད་པ་ཉན་སྙམ་སེམས་སམ། བཙུན་པ་དེ་བཞིན་ནོ། །ཁྱིམ་བདག་གི་བུ་མིའི་ཆོས་ལས་བླ་མར་གྱུར་པའི་རྫུ་འཕྲུལ་ལ་ཉེས་དམིགས་འདི་ལྟ་བུ་ངས་ཡང་དག་པར་རྗེས་སུ་གཟིགས་ནས་འདི་ལྟར་ཉན་ཐོས་
เล่ม ๑๔๗ · หน้า 63b
རྣམས་ལ། དགེ་སློང་དག་དགེ་བ་ནི་གསང་བར་བྱ་ཞིང་སྡིག་པ་ནི་མཐོལ་བར་བྱའོ་ཞེས་ཆོས་སྟོན་པར་མཛད་དོ། །ཁྱིམ་བདག་གི་བུ་ཀུན་བརྗོད་པའི་ཆོ་འཕྲུལ་གང་ཞེ་ན། ཁྱིམ་བདག་གི་བུ་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་ནི་རྒྱུ་མཚན་ནམ། ཡོངས་སུ་བརྗོད་པ་ལ་ཀུན་བརྗོད་པར་བྱ་སྟེ། ཡིད་
ནི་འདི་ལྟ་བུའོ། །ཡིད་ནི་གཞན་དུའོ། །སྔ་བར་བྱས་པ་དང་། སྔ་བར་བརྗོད་པ་ཡང་ཀུན་བརྗོད་ལ། གསང་བར་བྱས་པ་དང་། གསང་བར་བརྗོད་པ་ཀུན་ཡང་རྗོད་པར་བྱེད་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཀུན་ཡང་རྗོད་པར་བྱེད་ཅིང་། ཐག་རིང་པོ་ཡང་
ཀུན་བརྗོད་ལ། ཐག་ཉེ་བར་ཡང་ཀུན་བརྗོད་ཅིང་། སེམས་ཀྱང་ཀུན་བརྗོད་ལ་སེམས་ལས་བྱུང་བ་ཡང་ཀུན་རྗོད་པར་བྱེད་དེ། གང་ཅུང་ཟད་བརྗོད་པ་དེ་ཐམས་ཅད་དེ་བཞིན་དུ་འགྱུར་གྱི། གཞན་དུ་ཡང་མ་ཡིན་པ་དང་། རྒྱུ་མཚན་ནམ་ཡོངས་སུ་བརྗོད་པ་ལས་ཀུན་རྗོད་པར་མི་བྱེད་མོད་ཀྱི།
འོན་ཀྱང་ལྷ་དང་མི་རྣམས་ལས་ཐོས་ནས་ཡིད་ནི་འདི་ལྟ་བུའོ་ཞེས་ཀུན་རྗོད་པར་བྱེད་དེ་ཞེས་བྱ་བ་ནས། ཐམས་ཅད་དེ་བཞིན་དུ་གྱུར་པ་མ་ཡིན་ཞེས་བྱ་བའི་བར་དུ་དང་། རྒྱུ་མཚན་དང་ཡོངས་སུ་བརྗོད་པ་ལས་ཀུན་རྗོད་པར་ཡང་མི་བྱེད་ལ་ལྷ་དང་མི་རྣམས་ལས་ཐོས་ནས་ཀུན་རྗོད་པར་ཡང་མི་བྱེད་
མོད་ཀྱི། འོན་ཀྱང་ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པས་སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་ཡིད་ཡིད་ཀྱིས་རྣམ་པར་ཤེས་ནས་ཡིད་ནི་འདི་ལྟ་བུའོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཐམས་ཅད་དེ་བཞིན་དུ་འགྱུར་གྱི། གཞན་དུ་མ་ཡིན་ཞེས་བྱ་བའི་བར་དུའོ། །དགེ་
སྦྱོང་ངམ་བྲམ་ཟེ་རྒྱུ་མཚན་ནམ། ཡོངས་སུ་བརྗོད་པ་ལས་ཡིད་ནི་འདི་ལྟ་བུའོ་ཞེས་ཀུན་རྗོད་པར་བྱེད་པ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཐམས་ཅད་དེ་བཞིན་དུ་འགྱུར་གྱི། གཞན་དུ་མ་ཡིན་ཞེས་བྱ་བའི་བར་དུ་སྟེ། དད་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་དག་གིས་མཐོང་སྟེ། མཐོང་
ནས་མ་དད་པའི་ཁྱིམ་བདག་གམ་ཁྱིམ་བདག་གི་བུ་དེ་དག་ལ་འདི་སྐད་དུ་ཀྱེ་སྐྱེས་བུ་དག་ཤེས་པར་གྱིས་ཤིག །འདི་ན་དགེ་སྦྱོང་ངམ། བྲམ་ཟེ་རྒྱུ་མཚན་ནམ་ཡོངས་སུ་བརྗོད་པ་ལས་ཡིད་ནི་འདི་ལྟ་བུའོ་ཞེས་ཀུན་བརྗོད་ཅེས་བྱ་བ་ནས། ཐམས་ཅད་དེ་བཞིན་དུ་འགྱུར་གྱི། གཞན་དུ་ཡང་མ་
เล่ม ๑๔๗ · หน้า 64a
ཡིན་པ་ངས་མཐོང་ངོ་ཞེས་སྨྲས་པ་དང་། ཀྱེ་སྐྱེས་བུ་ཁྱོད་ཀྱིས་དགེ་སྦྱོང་ངམ་བྲམ་ཟེ་རྒྱུ་མཚན་ནམ་ཡོངས་སུ་བརྗོད་པ་ལས་ཡིད་ནི་འདི་ལྟ་བུའོ་ཞེས་ཀུན་བརྗོད་ཅེས་བྱ་བ་ནས། ཐམས་ཅད་དེ་བཞིན་དུ་འགྱུར་གྱི། གཞན་དུ་མ་ཡིན་པ་མཐོང་བ་ལ་ངོ་མཚར་བ་ཅི་ཞིག་ཡོད། ཀྱེ་
སྐྱེས་བུ་རྟོག་བྱེད་ཅེས་བྱ་བའི་རིག་སྔགས་ཡོད་དེ་གང་ཞིག་གིས་བཟུང་ཞིང་བཅངས་ནས་རྒྱུ་མཚན་ནམ་ཡོངས་སུ་བརྗོད་པ་ལས་ཡིད་ནི་འདི་ལྟ་བུའོ་ཞེས་ཀུན་རྗོད་པར་བྱེད་ཅེས་བྱ་བ་ནས་ཐམས་ཅད་དེ་བཞིན་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ་ཞེས་སྨྲ་ན། ཁྱིམ་བདག་གི་བུ་འདི་ཇི་སྙམ་དུ་སེམས། གནས་
གཉིས་པ་འདི་ལ་དད་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་དེ་དག་མ་དད་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་དེ་དག་གི་ཉེ་བར་བརྗོད་པ་ཉན་སྙམ་སེམས་སམ། བཙུན་པ་དེ་བཞིན་ནོ། །ཁྱིམ་བདག་གི་བུ་མིའི་ཆོས་ལས་བླ་མར་གྱུར་པའི་ཀུན་བརྗོད་པའི་ཆོ་འཕྲུལ་ལ་ཉེས་དམིགས་
འདི་ལྟ་བུ་ངས་ཡང་དག་པར་རྗེས་སུ་གཟིགས་ནས། དགེ་སློང་དག་དགེ་བ་ནི་གསང་བར་བྱ་ཞིང་སྡིག་པ་ནི་མཐོལ་བར་བྱའོ་ཞེས་ཉན་ཐོས་རྣམས་ལ་ཆོས་སྟོན་པར་མཛད་དོ། །ཁྱིམ་བདག་གི་བུ་རྗེས་སུ་བསྟན་པའི་ཆོ་འཕྲུལ་གང་ཞེ་ན། ཁྱིམ་བདག་གི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ཞེས་བྱ་བ་ནས་རྒྱས་པར་གནས་རྣམ་པ་གསུམ་རྣམས་ལ་སྟོན་པའི་ཡོངས་སུ་དག་པ་བཙལ་བར་བྱའོ་ཞེས་དེའི་དཔེ་ཚུལ་ཁྲིམས་ཀྱི་ཕུང་པོའི་བསམ་གཏན་དང་། མངོན་པར་ཤེས་པ་ཞེས་བྱ་བའི་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལྔ་པའི་སྟོད་ཀྱི་ཆ་
ལས་འབྱུང་ལ། སྨད་ཀྱི་ཆ་ནི་མཛོད་ཀྱི་གནས་གཉིས་པར་ཚངས་པའི་བར་དུ་གཡོ་སྒྱུ་འབྱུང་ངོ་ཞེས་བྱ་བ་དེར་བྲིས་ཟིན་ཏོ། །སྟོན་པ་ལ། ཡིད་མགྱོགས་འགྲོ་བ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཤར་ཤ་པའི་གྲོང་ཁྱེར་གྱི་ཙན་དན་གྱི་ཁང་པ་ན་བཞུགས་ཏེ། དེའི་ཚེ་རྒྱ་མཚོ་ཆེན་པོའི་ནང་ན་
ཀླུའི་རྒྱལ་པོ་ནག་པོ་དང་། གཽ་ཏ་མ་ཞེས་བྱ་བ་གཉིས་གནས་ཏེ། བཅོམ་ལྡན་འདས་ཤར་ཤ་པའི་གྲོང་ཁྱེར་ན་ཆོས་སྟོན་གྱིས་ཉན་པའི་ཕྱིར་འགྲོའོ་ཞེས་གནས་ཏེ། དེ་ནས་ཀླུ་ལྔ་བརྒྱའི་འཁོར་དང་། ཆུ་བོ་ལྔ་བརྒྱ་ནས་བྱུང་སྟེ་ཤར་ཤ་པའི་གྲོང་ཁྱེར་དུ་འོང་བ་སངས་རྒྱས་བཅོམ་ལྡན་འདས་
เล่ม ๑๔๗ · หน้า 64b
ཀྱི་ཆོས་རྣམས་ལ་མི་བརྗེད་པའི་དྲན་པས་ཀླུའི་རྒྱལ་པོ་ནག་པོ་དང་། གཽ་ཏ་མ་གཉིས་ཤར་ཤ་པའི་གྲོང་ཁྱེར་དུ་འོངས་ན་གྲོང་ཁྱེར་གཞིག་ཅིང་མི་སྣང་བར་འགྱུར་བ་གཟིགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བོས་ཏེ། མཽད་གལ་གྱི་བུ་ཆེན་པོ་དེ་བཞིན་
གཤེགས་པའི་གློ་བུར་བའི་བསོད་སྙོམས་དག་ཟུང་ཤིག །དེ་ཅིའི་ཕྱིར་ཞེ་ན། མཽད་གལ་གྱི་བུ་ཆེན་པོ་གློ་བུར་གྱི་བསོད་སྙོམས་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། གློ་བུར་དུ་ལྷགས་པ་དང་། མགྲོན་པོ་དང་། ནད་པ་དང་། ནད་གཡོག་དང་། ལས་བྱེད་པ་རྣམས་ཀྱིའོ། །དོན་
འདི་ལ་བཅོམ་ལྡན་འདས་ཉིད་ལས་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དང་། མཽད་གལ་གྱི་བུ་ཐབས་ཅིག་ཏུ་ཀླུའི་རྒྱལ་པོ་ནག་པོ་དང་། གཽ་ཏ་མ་གཉིས་གང་ན་བ་དེར་གཤེགས་ཤིང་ཉེ་བར་གཤེགས་ཏེ་བཀའ་སྩལ་པ། ཀླུའི་དབང་པོ་དག་ཤུར་པ་རིའི་གྲོང་ཁྱེར་མི་སྣང་བར་འགྱུར་
བ་དེ་ལྟར་བསམ་པར་གྱིས་ཤིག །དེ་གཉིས་ཀྱིས་སྨྲས་པ། བཙུན་པ་དད་པའི་ཤུགས་དེ་འདྲ་བས་བདག་ཅག་དེར་འོངས་ན་གང་ཡང་བདག་སྲོག་ཆགས་གྲོག་སྦུར་ཡན་ཆད་ལ་ཡང་གནོད་པར་མི་ནུས་ན། ཤུར་ཤ་པ་ན་གནས་པའི་སྐྱེ་བོའི་ཚོགས་ལ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་བཅོམ་
ལྡན་འདས་གདུགས་ཚོད་གསོལ་བར་རྩོམ་པ་ན། ཀླུ་དེ་དག་སོ་སོ་ནས་འདི་སྙམ་དུ་ཀྱེ་མ་བཅོམ་ལྡན་འདས་བདག་གི་ཆུ་གསོལ་བར་གྱུར་ཀྱང་ཅི་མ་རུང་སྙམ་དུ་སེམས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་གཅིག་གི་ཆུ་འཐུངས་ན་གཞན་དག་མི་དགའ་བར་འགྱུར་གྱིས་ཐབས་ཀྱི་
རྣམ་པ་ཞིག་བྱའོ་ཞེས་དགོངས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བོས་ཏེ། མཽད་གལ་གྱི་བུ་ཆུ་ལྔ་བརྒྱ་གང་དུ་འདུས་པ་དེ་ལས་ཆུ་ལྷུང་བཟེད་གང་ཁྱེར་ལ་ཤོག་ཤིག །བཙུན་པ་དེ་བཞིན་ནོ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལས་
མཉན་ཏེ། ཆུ་བོ་ལྔ་བརྒྱ་གང་དུ་འདུས་པ་དེ་ལས་ཆུ་ལྷུང་བཟེད་གང་བླངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་ཆུ་ལྷུང་བཟེད་བཀང་ནས་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་བླངས་ཏེ་གསོལ་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་
เล่ม ๑๔๗ · หน้า 65a
གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། སྔོན་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཕ་དང་། མ་དག་ནི་བུ་ལ་དཀའ་བ་བྱེད་པ་སྟེ། གསོས་སྐྱེད་པར་བྱེད་ཅིང་འཛམ་བུའི་གླིང་སྣ་ཚོགས་སྟོན་པ་སྟེ། ཕྲག་པ་གཅིག་ལ་ཕ། ཕྲག་པ་གཉིས་པ་ལ་མ་ཁྱེར་ཏེ། ལོ་འཁོར་བ་
བརྒྱར་གནས་པ་དང་། གང་ཡང་ས་ཆེན་པོ་འདིའི་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། ཤེལ་དང་། གསེར་དང་། དངུལ་དང་། ས་ལེ་སྦྲམ་དང་། ཨསྨ་གརྦྷ་དང་། མུ་ས་ལ་གརྦྷ་དང་། ལོ་ཧེ་ཏ་རཱ་ག་དང་། དུང་གཡས་སུ་འཁྱིལ་པ་ལ་སོགས་
པ་འདི་ལྟ་བུ་རྣམས་ཀྱིས་ཕྱུག་པར་བྱས་ཀྱང་བུས་ཕ་དང་མ་ལ་ཕན་པ་བྱས་པ་མ་ཡིན་ནོ། །གང་གིས་ཕ་དང་མ་མ་དད་པ་དད་པ་ཕུན་སུམ་ཚོགས་པར་བྱེད་ཅིང་འདུལ་བ་དང་། རབ་ཏུ་འགོད་པ་དང་། རབ་ཏུ་འཇོག་པར་བྱེད་ཅིང་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་ཕུན་སུམ་
ཚོགས་པ་དང་། སེར་སྣ་ཅན་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་འཆལ་བ་ཤེས་རབ་ཕུན་སུམ་ཚོགས་པར་བྱེད་ཅིང་འདུལ་བ་ལ་རབ་ཏུ་འགོད་པ་དང་། རབ་ཏུ་འཇོག་པར་བྱེད་ན། འདི་ཙམ་གྱིས་བུས་ཕ་དང་མ་ལ་ཕན་པ་བྱས་པ་
ཡིན་ནོ་ཞེས་གསུངས་སོ། །བདག་གིས་མ་ལ་ཕན་པ་ཅུང་ཟད་ཀྱང་མ་བྱས་ཀྱིས་ད་བདག་གིས་མ་གང་དུ་སྐྱེས་པ་བསམ་པར་བྱའོ་ཞེས་དེས་བསམས་པ་དང་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་སྐྱེས་པར་མཐོང་ཞིང་། གང་གིས་འདུལ་ཞེ་ན། བཅོམ་ལྡན་འདས་ཀྱིས་འདུལ་བར་
མཐོང་ནས། དེ་འདི་སྙམ་དུ་བདག་ཐག་རིང་པོ་ནས་འོངས་པར་གྱུར་ལ་བདག་གིས་དོན་འདི་བཅོམ་ལྡན་འདས་ཀྱིས་དགོངས་པར་བྱའོ་ཞེས། དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སྔོན་དགེ་སློང་དག་ཕ་དང་མ་བུ་ལ་དཀའ་བ་བྱེད་པ་སྟེ་ཞེས་
གསུངས་ན། བདག་གི་མ་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་སྐྱེས་པ་དེ་བཅོམ་ལྡན་འདས་ཀྱིས་གདུལ་བར་འོས་ཏེ། བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་དེ་གདུལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་གང་གི་རྫུ་འཕྲུལ་
เล่ม ๑๔๗ · หน้า 65b
གྱིས་འགྲོ་བར་བྱ། བཅོམ་ལྡན་འདས་བདག་གིའོ། །དེ་ནས་བཅོམ་ལྡན་འདས་དང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རི་རབ་ཀྱི་སྟེང་དུ་ཞབས་འཇོག་ཅིང་གཤེགས་ཏེ། ཞག་བདུན་གྱིས་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་ཕྱིན་ཏོ། །མཽད་གལ་གྱི་བུ་ཆེན་པོ་ཐག་རིང་པོ་ནས་འོང་བ་བུ་མོ་
བཟང་མོས་མཐོང་སྟེ། མཐོང་ནས་རིངས་པར་དེའི་དྲུང་དུ་འོངས་ཏེ་སྨྲས་པ། ཡུན་རིང་མོ་ཞིག་ན་བུ་མཐོང་ངོ་ཡུན་རིང་མོ་ཞིག་ན་བུ་མཐོང་ངོ་ཞེས་སྨྲས་སོ། །དེ་ན་སྐྱེ་བོ་མང་པོའི་ཚོགས་དག་འདི་སྐད་དུ་གཞོན་ནུ་མ་འདི་རབ་ཏུ་བྱུང་བ་རྒན་པོ་འདིའི་མར་ཇི་ལྟར་འགྱུར་ཞེས་སྨྲས་པ་དང་། དེ་དག་ལ་
འཕགས་པ་མཽད་གལ་གྱི་བུ་ཆེན་པོས་བདག་གི་ཕུང་པོ་འདི་གསོས་ཤིང་བསྐྱེད་པ་དེས་ན་འདི་མ་ཞེས་བྱའོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་མ་བཟང་མོའི་བསམ་པ་དང་། བག་ལ་ཉལ་དང་ཁམས་དང་རང་བཞིན་མཁྱེན་པར་མཛད་ནས། འཕགས་པའི་བདེན་པ་
བཞི་མཐོང་བ་དེ་ལྟ་བུའི་ཆོས་བསྟན་པར་མཛད་དེ། གཞོན་ནུ་མ་བཟང་མོས་ཐོས་ནས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོ་བ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་བདེན་པ་མཐོང་ནས་ཆེད་དུ་བརྗོད་པ་ལན་གསུམ་དུ་ཆེད་དུ་བརྗོད་པ་
སྔ་མ་བཞིན་དུ་ལྷ་དང་མི་ལ་བཀོད་དོ་ཞེས་བྱ་བའི་བར་དུའོ། །ཡང་སྨྲས་པ། ཤིན་ཏུ་རྐྱེན་མང་ལྡན་པའི་ངན་སོང་ལམ། །འཇིགས་སུ་རུང་ལས་ཁྱེད་ཀྱི་མཐུ་ཡིས་བསྒྲལ། །མཐོ་རིས་འགྲོ་བའི་བསོད་ནམས་སྒོ་ཕྱེ་ཞིང་། །མྱ་ངན་འདས་པའི་ལམ་ནི་བདག་གིས་ཐོབ། །ཁྱེད་ལ་
བརྟེན་ནས་བདག་སྐྱོན་རྣམ་དག་ཅིང་། །བདག་གི་མིག་ནི་ཤིན་ཏུ་རྣམ་དག་གྱུར། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་ཅིང་། །འཕགས་པ་དགྱེས་པའི་ཞི་བའི་གནས་ཐོབ་པོ། །སྐྱེ་རྒ་འཆི་བའི་འཁྲུག་དང་བྲལ་གྱུར་ཅིང་། །ལྷ་དང་ལྷ་མིན་མི་ཡི་འགྲོ་བས་མཆོད། །སྐྱེ་
བ་སྟོང་དུ་མཐོང་བ་རྙེད་དཀའ་བ། །ཐུབ་པ་མཐོང་བ་འབྲས་བུ་བཅས་པར་གྱུར། །བཙུན་པ་བདག་ནི་མངོན་པར་འཕགས་སོ། །མངོན་པར་འཕགས་སོ། །དེད་ནས་བཟུང་སྟེ་བཅོམ་ལྡན་འདས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དགེ་བསྙེན་དུ་གཟུང་དུ་གསོལ།
เล่ม ๑๔๗ · หน้า 66a
དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་དང་བསྡོ་ཞིང་སྐྱབས་སུ་འགྲོ་ཞིང་མངོན་པར་དང་ངོ་། །བཅོམ་ལྡན་འདས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་ཐབས་ཅིག་ཏུ་བསོད་སྙོམས་བཞེས་པར་གནང་བར་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་གནང་སྟེ།
གཞོན་ནུ་མ་བཟང་མོས་བཅོམ་ལྡན་འདས་དང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བདེ་བར་བཞུགས་པར་རིག་ནས། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་གིས་རང་གི་ལག་ནས་འདྲིམ་པར་བྱེད། སྟོབས་པར་བྱེད་དེ། ལན་དུ་མར་བསོད་པའོ། །བཟའ་བ་དང་བཅའ་བ་
དག་གིས་བྲིམས་ཤིང་བསྟབས་ནས་བཅོམ་ལྡན་འདས་གསོལ་བར་རིག་ནས་ལག་པ་གཉིས་ཀྱིས་ལྷུང་བཟེད་གྱུ་སྟེ། སྟན་དམའ་བ་ཅིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་མདུན་དུ་ཆོས་ཉན་པའི་ཕྱིར་འདུག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ཏེ། ཚེ་དང་ལྡན་པ་
མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བླངས་ནས་བཀྲུས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་འགྲོ་བར་བྱའོ། །བཅོམ་ལྡན་འདས་གཤེགས་ཤིག །གང་གི་རྫུ་འཕྲུལ་གྱིས། བཅོམ་ལྡན་འདས་ཀྱིའོ། །གང་ཡང་རྒྱལ་
བྱེད་ཀྱི་ཚལ་དུ་ཕྱིན་པ་དེ་ལྟ་བུའི་དགོངས་པ་མཛད་དེ། བཅོམ་ལྡན་འདས་ཕྱིན་ཏམ། མཽད་གལ་གྱི་བུ་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ངོ་མཚར་སྐྱེས་ཏེ་སྨྲས་པ། བཅོམ་ལྡན་འདས་རྫུ་འཕྲུལ་འདིའི་མིང་ཅི་ལགས། མཽད་གལ་གྱི་བུ་ཡིད་མགྱོགས་པའོ། །
བཙུན་པ་སངས་རྒྱས་ཀྱི་ཆོས་འདི་ལྟར་ཟབ་པ་བདག་གིས་རྣམ་པར་མི་ཤེས་ཏེ། གལ་ཏེ་རྣམ་པར་ཤེས་པར་མ་གྱུར་ན་ཡང་བདག་གི་ལུས་ཏིལ་གྱི་ཕྱེ་མ་ཙམ་དུ་གྱུར་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཟློག་པར་མི་བྱའོ། །ད་བདག་གིས་ཅི་བྱ་སྟེ་བུད་ཤིང་
ཚིག་པ་བཞིན་དུ་གྱུར་ཏོ་ཞེས་གསུངས་སོ། །སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་ལ། བཞི་ལས་འཕྲོས་པ་ལས་འབྱུང་བ་མཛོད་ཀྱི་གནས་གཉིས་པ་འདི་ཉིད་དུ་སེམས་ཅན་གྱི་གནས་དགུའི་སྐབས་སུ་བྲིས་ཤིང་། མཛོད་ཀྱི་གནས་གསུམ་པར་
เล่ม ๑๔๗ · หน้า 66b
སྲིད་པ་བར་མ་བསམ་པར་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་ཡང་དག་པར་བཤད་དོ། །སྟོན་མིན་སྤྲུལ་པ་པོ་དང་བཅས། །ཞེས་བྱ་བ་ལ། ཕྲན་ཚེགས་ཀྱི་སྡེ་སྣོད་ལས་དོན་གྱི་སྡེ་ཚན་བཅུ་པ་ལས་མདོ་འདི་ལྟར་འདོན་ཏེ། དེ་ནས་མཉན་ཡོད་ན་གནས་
པའི་བྲམ་ཟེ་དང་ཁྱིམ་བདག་དེ་དག་འདི་སྙམ་དུ་རྒྱུ་གང་དང་རྐྱེན་གང་གིས་རབ་ཏུ་བྱུང་བ་རྣམས་དང་རབ་ཏུ་བྱུང་བ་རྣམས་སུ་རྩོད་ཅིང་འཐབ་པ་དང་མཚང་འབྲུ་བ་དང་ཆད་པས་གཅོད་པ་དག་བྱུང་བར་གྱུར། བཅོམ་ལྡན་འདས་ལ་གུས་པས་འདྲི་བའི་ནུས་པ་མེད་དོ་སྙམ་མོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་མཉན་ཡོད་ཀྱི་བྲམ་ཟེ་དང་ཁྱིམ་བདག་དེ་དག་གི་སེམས་ཐུགས་ཀྱིས་མངོན་པར་མཁྱེན་ནས། མགོ་བྲེགས་ཤིང་ཆོས་གོས་བགོས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ཡང་དག་པར་ལྡན་པའི་སྤྲུལ་པ་ཞིག་སྤྲུལ་པར་མཛད་
དོ། །ཆོས་ཉིད་ཀྱིས་ཉན་ཐོས་རྣམས་ཀྱིས་སྤྲུལ་པ་སྤྲུལ་ནས། ཉན་ཐོས་རྣམས་སྨྲ་ན་སྤྲུལ་པ་ཡང་སྨྲ་བར་བྱེད་ལ། ཉན་ཐོས་རྣམས་མི་སྨྲ་ན་སྤྲུལ་པ་ཡང་མི་སྨྲ་བར་འགྱུར་ཞིང་། སྤྲུལ་པ་གཅིག་སྨྲ་ན། ཐམས་ཅད་སྨྲ་ཞིང་། གཅིག་མི་སྨྲ་ན་ཐམས་ཅད་ཀྱང་མི་སྨྲ་བར་
འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྤྲུལ་པ་སྤྲུལ་པར་མཛད་པ་ན། སངས་རྒྱས་བཅོམ་ལྡན་འདས་དྲི་བར་མཛད་པ་ན་སྤྲུལ་པ་ལུང་སྟོན་པར་བྱེད་ལ། སྤྲུལ་པ་དྲི་བར་མཛད་ན་བཅོམ་ལྡན་འདས་ལུང་སྟོན་པར་མཛད་དོ། །དེ་ནས་སྤྲུལ་པ་དེ་སྟན་ལས་
ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཞིང་ཕྱག་བྱས་ནས། དེའི་ཚེ་དོན་གྱི་སྡེ་ཚན་འདི་ལས་བརྩམས་ཏེ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ཕྲག་དོག་ལྷན་ཅིག་མྱ་ངན་སྨྲེ་སྔགས་འདོན། །འཐབ་རྩོད་འདི་དག་གང་གིས་
རབ་ཏུ་བསྐྱེད། །ཕྲ་མ་དང་བཅས་ང་རྒྱལ་ལྷག་ང་རྒྱལ། །འདི་དག་གང་གིས་བསྐྱེད་པ་བདག་འདྲིའོ། །ཕྲག་དོག་ལྷན་ཅིག་མྱ་ངན་སྨྲེ་སྔགས་འདོན། །འཐབ་དང་རྩོད་པ་འདི་དག་དགའ་བས་བསྐྱེད། །ཕྲ་མ་དང་བཅས་ང་རྒྱལ་ལྷག་ང་རྒྱལ། །འདི་དག་དགའ་བས་རབ་ཏུ་
เล่ม ๑๔๗ · หน้า 67a
བསྐྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བྱུང་ངོ་། །གཅིག་ཅིག་སྨྲ་བར་གྱུར་པ་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དཔེ་ནི་ལུང་རིང་པོའི་མདོ་ལས་ཚངས་པའི་སྤྲུལ་པ་དེ་དག་ལྷའི་དབང་པོའི་ཕང་པར་འདུག་སྟེ་སོ་སོ་ནས་གཏམ་སྨྲས་སོ་ཞེས་བྱ་བ་ལ་
སོགས་པ་འབྱུང་ངོ་།། །།འཕགས་པ་འོད་སྲུངས་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ལ། གང་གི་ཕྱིར་དེ་ལ་བཅོམ་ལྡན་འདས་ཀྱིས་བསྟན་པ་གཏད་དེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་གསུང་རབ་བསྡུ་བ་བྱས་སོ། །དགྲ་བཅོམ་པ་ལྔ་བརྒྱ་
པོ་དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་དང་། འཕགས་པ་འོད་སྲུངས་ཆེན་པོ་ལ་བསྟན་པ་ཡོངས་སུ་གཏད་དོ། །དེ་ལྟར་བྱ་བ་མ་ལུས་པར་བྱས་ཏེ། རི་བྱ་རྐང་མོའི་སྟེང་དུ་འཛེགས་ནས་བཅོམ་ལྡན་འདས་ཀྱི་ཕྱག་དར་ཁྲོད་པའི་ན་བཟས་ལུས་དང་བསིལ་བྱེད་དང་ལྷུང་བཟེད་གཏུམས་
ཏེ། རི་གསུམ་གྱིས་བསྒྲིབས་ཏེ། བཅོམ་ལྡན་འདས་བྱམས་པའི་གསུང་རབ་ཀྱི་བར་དུ་ཉམས་པར་མ་གྱུར་ཅིང་དེས་རང་གི་འཁོར་རྣམས་ལ་རིག་པར་བྱེད་པར་འགྱུར་རོ་ཞེས་བྱིན་གྱིས་བརླབས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །གང་གི་ཚེ་བཅོམ་ལྡན་འདས་བྱམས་པ་འཇིག་རྟེན་དུ་
བྱུང་བ་དེའི་ཚེ་ཉན་ཐོས་ཀྱི་དགེ་འདུན་དང་ལྷན་ཅིག་ས་ཕྱོགས་དེར་གཤེགས་ཏེ་རི་གསུམ་པོ་དག་རྣམ་པར་བསལ་ཏེ། བཅོམ་ལྡན་འདས་བྱམས་པའི་ཕྱག་གིས་རུས་པའི་ཚོགས་བསྣམས་ཏེ་ཆོས་སྟོན་པར་འགྱུར་ཏེ། ཆོས་སྟོན་པ་ཐོས་ནས་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དགྲ་བཅོམ་
པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་ཕྲེན་ཚེགས་ལས། དབྱངས་དང་ཞེས་བྱ་བ་ལ་སོགས་པའི་སྨན་གྱི་གཞིའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་ལས་རྒྱས་པར་འདོན་ཏོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ཉེ་བར་མཁོ་བ་ཞེས་བྱ་བ་ལས་མཛོད་ཀྱི་གནས་བདུན་པ་
ཕལ་ཆེར་མདོ་དང་སྦྱར་བ་རྫོགས་སོ།། །།འདི་ལྟར་མདོ་ལས་ལྷག་པའི་སེམས་ཀྱི་བསླབ་པ་དང་ཞེས་བྱ་བ་ལ། ལམ་གྱི་ཚོགས་ཀྱི་བསླབ་པའི་སྒོའི་མདོ་གསུམ་པ་དང་བཞི་པ་ལས་འབྱུང་བ་མཛོད་ཀྱི་གནས་དྲུག་པ་འདི་ཉིད་དུ། དེའི་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་བྱ་བ་ལ།
เล่ม ๑๔๗ · หน้า 67b
ཚིག་ལེའུར་བྱས་པ་དང་། ཡང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་རང་བཞིན་ཡིན་ཞེས་བྲིས་ཟིན་ཏོ། །སེམས་ཡོངས་སུ་དག་པའི་གཙོ་བོ་ཞེས་བྱ་བ་ལ། སྟག་གི་བྱང་ཆུབ་ཀྱི་བུ་དང་། ཉན་ཐོས་ཀྱི་རྣམ་པར་བཤད་པ་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་གཅིག་པའི་
ཐ་མ་ལས་འབྱུང་བ་མཛོད་ཀྱི་གནས་དྲུག་པར་བཤད་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་བསམ་གཏན་མི་དགེ་བ་དག་ཀྱང་ཞེས་གསུངས་སོ་ཞེས་བྱ་བ་ལ། ཚངས་པའི་ཚོགས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོའི་མཽད་གལ་གྱི་བུ་དང་སྦས་པའི་མདོ་ལས་འདི་ལྟར་འདོན་ཏེ།
དེའི་ཚེ་ན་སྡེ་དཔོན་ཉེ་དགའ་འཁོར་དེར་འདུས་པར་གྱུར་ཅིང་ཚོགས་ཏེ་འདུག་པར་གྱུར་ཏེ། དེ་ནས་སྡེ་དཔོན་ཉེ་དགས་ཆེན་པོར་གྲགས་པའི་བྲམ་ཟེ་འཆར་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །འཆར་བྱེད་ཁྱེད་ཅག་འོང་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་དེ་ལྟར་བསམ་གཏན་དང་བསམ་
གཏན་གྱི་ཚུལ་གྱིས་མངོན་པར་དགའ་བ་བདེན་ནམ། སྡེ་དཔོན་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །བསམ་གཏན་དང་བསམ་གཏན་གྱི་ཚུལ་གྱིས་སྡོམ་པར་བྱེད་དོ། །དུས་གཅིག་གི་ཚེ་བཅོམ་ལྡན་འདས་གཽ་ཏ་མ་ཆུ་བོ་ཅན་བྱི་ཀུན་ཛེ་ཀའི་སྤྱིལ་བུ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་
འདས་གཽ་ཏ་མ་དེས་བདག་ལ་བསམ་གཏན་ཐམས་ཅད་ནི་བསྔགས་ཤིང་བསམ་གཏན་ཐམས་ཅད་ཀྱི་རབ་ཏུ་བསྔགས་པ་གསུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཆེན་པོར་གྲགས་པའི་བྲམ་ཟེ་འཆར་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །འཆར་བྱེད་ཁྱོད་འདི་སྐད་དུ་བཅོམ་ལྡན་འདས་
གཽ་ཏ་མ་དེས་བདག་ལ་བསམ་གཏན་ཐམས་ཅད་བསྔགས་ཤིང་བསམ་གཏན་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པ་གསུང་ངོ་ཞེས་མ་སྨྲ་ཤིག །འོན་ཀྱང་བཅོམ་ལྡན་འདས་ནི་བསྔགས་པར་མི་འོས་པ་དེ་དག་གི་བསྔགས་པ་མི་གསུང་གི །བསྔགས་པར་འོས་པ་དག་གི་བསྔགས་པ་མི་
གསུང་ངོ་། །ཇི་ལྟར་བཅོམ་ལྡན་འདས་གཽ་ཏ་མ་གང་བསྔགས་པར་མི་འོས་པ་དག་གི་བསྔགས་པ་མི་གསུང་ཞེ་ན། འཆར་བྱེད་འདི་ན་ཁ་ཅིག་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་ལ་ལན་མང་དུ་གནས་ཤིང་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་
เล่ม ๑๔๗ · หน้า 68a
སྐྱེས་པ་རྣམས་ལ་ཕྱིས་ངེས་པ་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཏེ། དེ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་བར་དུ་བཅད་ཅིང་སྒོམ་པར་བྱེད་རབ་ཏུ་བསྒོམ་ཞིང་བསྒོམ་སྟེ། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་།
རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པས་སེམས་ལ་ལན་མང་དུ་གནས་ཤིང་ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པ་སྐྱེས་པ་རྣམས་ལས། ཕྱིས་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཏེ། དེ་ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པས་རབ་ཏུ་བཅད་ཅིང་སྒོམ་
པར་བྱེད། རབ་ཏུ་བསྒོམ་ཞིང་བསྒོམ་སྟེ། འདི་ལྟར་ན་བསྔགས་པར་མ་འོས་པའི་བསམ་གཏན་གྱི་བསྔགས་པ་མི་གསུང་ངོ་། །ཇི་ལྟར་ན་བསྔགས་པར་འོས་པའི་བསྔགས་པ་གསུང་ཞེ་ན། འཆར་བྱེད་འདི་ན་དགེ་སློང་འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བ་ལས་དབེན་ཞེས་བྱ་བ་
ནས། བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདི་ལྟར་ན་བསྔགས་པར་འོས་པ་བསྔགས་སོ། །ཀུན་དགའ་བོ་བཅོམ་ལྡན་འདས་གཽ་ཏ་མས་བསྔགས་པར་མི་འོས་པའི་བསམ་གཏན་གྱི་བསྔགས་པ་མི་གསུང་ཞིང་། བསྔགས་པར་འོས་པའི་
བསྔགས་པ་གསུང་ངམ། ཀུན་དགའ་བོ་བདག་ལ་ཡང་བྱ་བ་མང་པོ་དང་བྱ་བ་མང་དུ་མཆིས་ཀྱིས་འགྲོ་བར་བྱའོ། །འཆར་བྱེད་དེ་ལྟར་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །དེ་ནས་ཆེན་པོར་གྲགས་པའི་མ་ག་དྷཱའི་བྲམ་ཟེ་འཆར་བྱེད་ཚེ་དང་ལྡན་པ་ཀུན་དགའ་བོས་བཤད་པ་ལ་
མངོན་པར་དགའ་ཞིང་རྗེས་སུ་ཡི་རང་སྟེ། སྟན་ལས་ལངས་ཏེ་སོང་ངོ་ཞེས་གསུངས་སོ། །གལ་ཏེ་ཚེ་དང་དྲོད་གཉིས་འདྲེས་པར་གསུངས་པའི་ཕྱིར་དང་ཞེས་བྱ་བ་ལ། ལུང་བར་མའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་མཐར་གསུས་པོ་ཆེའི་མདོ་ལས་བྱུང་བ་མཛོད་ཀྱི་གནས་གསུམ་
པ་འདི་ཉིད་དུ། དེ་ལས་བྱུང་བའི་ཚོར་བ་དྲུག །ལྔ་ནི་ལུས་ཀྱི་འོ་སེམས་ཀྱི་གཞན། །ཞེས་བྱ་བར་ཚེ་དང་དྲོད་གཉིས་ལྷན་ཅིག་ཅིང་འདྲེས་པར་གསུངས་པའི་ཕྱིར་སྐད་ཅིག་མ་ངེས་པར་གྲུབ་པོ་ཞེས་བྱ་བར་བྲིས་ཟིན་ཏོ།། །།འདམ་བུའི་ཤོག་གཉིས་བཞིན་ཞེས་བྱ་བ་ལ། གླེང་གཞི་
เล่ม ๑๔๗ · หน้า 68b
ནི་རྒྱལ་པོའི་ཁབ་ནའོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་གཉིས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་བརྟེན་ཏེ་གནས་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། ཚེ་དང་ལྡན་པ་གསུས་པོ་ཆེ་གང་ན་བ་དེར་
ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་གསུས་པོ་ཆེ་དང་ལྷན་ཅིག་ཡང་དག་པར་དགའ་བ་དང་ཡང་དག་པར་བདེ་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་གསུས་པོ་ཆེ་ལ་འདི་སྐད་
ཅེས་སྨས་སོ། །ཚེ་དང་ལྡན་པ་གསུས་པོ་ཆེ་དྲིས་པ་ལུང་བསྟན་པའི་ཕྱིར་སྐབས་སུ་འབྱེད་ན་བདག་ཕྱོགས་ཅུང་ཟད་ཅིག་ཡོངས་སུ་འདྲིའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དྲིས་ཤིག་དང་ཐོས་ནས་རིག་པར་བྱའོ། །ཚེ་དང་ལྡན་པ་གསུས་པོ་ཆེ་རྒ་བ་ཡོད་དམ། ཚེ་དང་ལྡན་པ་ཤཱ་རིའི་བུ་
ཡོད་དོ། །འཆི་བ་ཡོད་དམ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡོད་དོ། །ཚེ་དང་ལྡན་པ་གསུས་པོ་ཆེ་ཅི་རྒ་བ་དང་འཆི་བ་དག་རང་གིས་བྱས་སམ། གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་གཞན་གྱིས་ཀྱང་བྱས་སམ། འོན་ཏེ་རྒ་བ་དང་འཆི་བ་དག་རང་གིས་ཀྱང་མ་བྱས་གཞན་
གྱིས་ཀྱང་མ་བྱས་པར་རྒྱུ་མེད་པར་བྱུང་། ཚེ་དང་ལྡན་པ་ཤཱ་རིའི་བུ་རྒ་བ་དང་འཆི་བ་ནི་རང་གིས་མ་བྱས་ཤིང་གཞན་གྱིས་མ་བྱས་ལ། རང་གིས་བྱས་པ་དང་གཞན་གྱིས་བྱས་པ་ཡང་མ་ཡིན་ལ། རྒ་བ་དང་འཆི་བ་དག་ནི་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་ཀྱང་མ་
བྱུང་གི །འོན་ཀྱང་སྐྱེ་བའི་རྐྱེན་གྱིས་རྒ་བ་དང་འཆི་བ་བྱུང་ངོ་། ཚེ་དང་ལྡན་པ་གསུས་པོ་ཆེ་ཅི་སྐྱེ་བ་རང་གིས་བྱས་སམ། འོན་ཏེ་གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་གཞན་གྱིས་ཀྱང་བྱས་སམ། སྐྱེ་བ་དང་རྒ་བ་དག་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་
རྒྱུ་མེད་པ་ལས་བྱུང་། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་ནི་རང་གིས་མ་བྱས་ཤིང་གཞན་གྱིས་མ་བྱས་ལ། རང་གིས་བྱས་པ་དང་གཞན་གྱིས་བྱས་པ་ཡང་མ་ཡིན་ལ། སྐྱེ་བ་ནི་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ནོ། །འོན་ཀྱང་སྲིད་པའི་
เล่ม ๑๔๗ · หน้า 69a
རྐྱེན་གྱིས་སྐྱེ་བ་བྱུང་ངོ་། །ཚེ་དང་ལྡན་པ་གསུས་པོ་ཆེ་ཅི་སྲིད་པ་རང་གིས་བྱས་སམ། འོན་ཏེ་གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་གཞན་གྱིས་ཀྱང་བྱས་སམ། འོན་ཏེ་སྲིད་པ་རང་གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་བྱུང་།
ཚེ་དང་ལྡན་པ་ཤཱ་རིའི་བུ་སྲིད་པ་ནི་རང་གིས་ཀྱང་མ་བྱས་ཤིང་གཞན་གྱིས་ཀྱང་མ་བྱས་ལ། རང་གིས་བྱས་པ་དང་གཞན་གྱིས་བྱས་པ་ཡང་མ་ཡིན་ལ། སྲིད་པ་ནི་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། འོན་ཀྱང་ལེན་པའི་རྐྱེན་གྱིས་སྲིད་པའོ། །ཚེ་དང་
ལྡན་པ་གསུས་པོ་ཆེ་ཅི་ལེན་པ་རང་གིས་བྱས་སམ། འོན་ཏེ་གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་གཞན་གྱིས་ཀྱང་བྱས་སམ། འོན་ཏེ་ལེན་པ་རང་གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་བྱུང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ལེན་པ་ནི་རང་གིས་མ་བྱས་ཤིང་
གཞན་གྱིས་མ་བྱས་ལ། རང་གིས་བྱས་པ་དང་གཞན་གྱིས་བྱས་པ་ཡང་མ་ཡིན་ལ། ལེན་པ་ནི་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། འོན་ཀྱང་སྲིད་པའི་རྐྱེན་གྱིས་ལེན་པ་བྱུང་ངོ་། །ཚེ་དང་ལྡན་པ་གསུས་པོ་ཆེ་སྲིད་པ་རང་གིས་བྱས་སམ། འོན་ཏེ་
གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་གཞན་གྱིས་ཀྱང་བྱས་སམ། འོན་ཏེ་སྲེད་པ་རང་གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་བྱུང་། ཚེ་དང་ལྡན་པ་ཤཱ་རིའི་བུ་སྲེད་པ་ནི་རང་གིས་ཀྱང་མ་བྱས་ཤིང་གཞན་གྱིས་ཀྱང་མ་བྱས་ལ། རང་གིས་བྱས་པ་དང་གཞན་
གྱིས་བྱས་པ་ཡང་མ་ཡིན་ལ། སྲེད་པ་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། འོན་ཀྱང་ཚོར་བའི་རྐྱེན་གྱིས་སྲེད་པ་བྱུང་ངོ་། །ཚེ་དང་ལྡན་པ་གསུས་པོ་ཆེ་ཚོར་བ་རང་གིས་བྱས་སམ། །འོན་ཏེ་གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་
གཞན་གྱིས་ཀྱང་བྱས་སམ། འོན་ཏེ་ཚོར་བ་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་ནི་རང་གིས་ཀྱང་མ་བྱས་ཤིང་གཞན་གྱིས་ཀྱང་མ་བྱས་ལ། རང་གིས་བྱས་པ་ཡང་མ་ཡིན་གཞན་གྱིས་བྱས་པ་ཡང་མ་ཡིན་ལ། ཚོར་བ་རང་གིས་མ་བྱས་
เล่ม ๑๔๗ · หน้า 69b
གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། འོན་ཀྱང་རིག་པའི་རྐྱེན་གྱིས་ཚོར་བ་བྱུང་ངོ་། །ཚེ་དང་ལྡན་པ་གསུས་པོ་ཆེ་རེག་པ་རང་གིས་བྱས་སམ། འོན་ཏེ་གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་གཞན་གྱིས་ཀྱང་བྱས་སམ། འོན་ཏེ་རེག་པ་རང་
གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་། ཚེ་དང་ལྡན་པ་ཤཱ་རིའི་བུ་རེག་པ་ནི་རང་གིས་མ་བྱས་ཤིང་གཞན་གྱིས་མ་བྱས་ལ། རང་གིས་བྱས་པ་དང་གཞན་གྱིས་བྱས་པ་ཡང་མ་ཡིན་ལ། རེག་པ་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་ཡང་
མ་ཡིན་ཏེ། འོན་ཀྱང་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་བྱུང་ངོ་། །ཚེ་དང་ལྡན་པ་གསུས་པོ་ཆེ་སྐྱེ་མཆེད་དྲུག་རང་གིས་བྱས་སམ། འོན་ཏེ་གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་། གཞན་གྱིས་ཀྱང་བྱས་སམ། འོན་ཏེ་སྐྱེ་མཆེད་དྲུག་རང་གིས་མ་བྱས་གཞན་གྱིས་
མ་བྱས་པར་རྒྱུ་མེད་པ་ལས་བྱུང་། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་མཆེད་དྲུག་ནི་རང་གིས་མ་བྱས་ཤིང་གཞན་གྱིས་ཀྱང་མ་བྱས་ལ། རང་གིས་བྱས་པ་དང་གཞན་གྱིས་མ་བྱས་པ་ཡང་མ་ཡིན་ལ། སྐྱེ་མཆེད་དྲུག་ནི་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ།
འོན་ཀྱང་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་བྱུང་ངོ་། །ཚེ་དང་ལྡན་པ་གསུས་པོ་ཆེ་མིང་དང་གཟུགས་རང་གིས་བྱས་སམ། འོན་ཏེ་གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་གཞན་གྱིས་ཀྱང་བྱས་སམ། མིང་དང་གཟུགས་རང་གིས་མ་བྱས། གཞན་གྱིས་མ་བྱས་པར་རྒྱུ་
མེད་པ་ལས་བྱུང་། ཚེ་དང་ལྡན་པ་ཤཱ་རིའི་བུ་མིང་དང་གཟུགས་ནི་རང་གིས་མ་བྱས་ཤིང་གཞན་གྱིས་ཀྱང་མ་བྱས་ལ། རང་གིས་བྱས་པ་དང་གཞན་གྱིས་བྱས་པ་ཡང་མ་ཡིན་ལ། མིང་དང་གཟུགས་ནི་རང་གིས་མ་བྱས་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། འོན་
ཀྱང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་བྱུང་ངོ་། །ཚེ་དང་ལྡན་པ་གསུས་པོ་ཆེ་རྣམ་པར་ཤེས་པ་རང་གིས་བྱས་སམ། འོན་ཏེ་གཞན་གྱིས་བྱས་སམ། འོན་ཏེ་རང་གིས་ཀྱང་བྱས་ཤིང་གཞན་གྱིས་ཀྱང་བྱས་སམ། འོན་ཏེ་རྣམ་པར་ཤེས་པ་རང་གིས་མ་བྱས་གཞན་གྱིས་ཀྱང་
เล่ม ๑๔๗ · หน้า 70a
མ་བྱས་པར་རྒྱུ་མེད་པ་ལས་བྱུང་། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པ་ནི་རང་གིས་མ་བྱས་ཤིང་གཞན་གྱིས་ཀྱང་མ་བྱས་ལ། རང་གིས་བྱས་པ་དང་གཞན་གྱིས་བྱས་པ་ཡང་མ་ཡིན་ལ། རྣམ་པར་ཤེས་པ་རང་གིས་མ་བྱས་གཞན་གྱིས་ཀྱང་མ་བྱས་པར་རྒྱུ་མེད་པ་ལས་
བྱུང་བ་ཡང་མ་ཡིན་ཏེ། འོན་ཀྱང་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་བྱུང་ངོ་། །ཚེ་དང་ལྡན་པ་གསུས་པོ་ཆེ་སྔ་མས་ཕྱི་མ་དང་། ཕྱི་མས་སྔ་མ་འདི་ཇི་ལྟར་རིགས་པར་འགྱུར་ཏེ། དེ་ལྟར་ཚེ་དང་ལྡན་པ་གསུས་པོ་ཆེས་འདི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་མིང་དང་
གཟུགས་ནི་རང་གིས་མ་བྱས་ཤིང་གཞན་གྱིས་མ་བྱས་ལ། རང་གིས་བྱས་པ་དང་གཞན་གྱིས་བྱས་པ་ཡང་མ་ཡིན་ལ། མིང་དང་གཟུགས་རང་གིས་མ་བྱས་གཞན་གྱིས་མ་བྱས་པར་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ནོ། །འོན་ཀྱང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་བྱུང་
ངོ་ཞེས་བཤད་པ་ལ། ད་ལྟར་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་བྱུང་ངོ་ཞེས་ཚེ་དང་ལྡན་པ་གསུས་པོ་ཆེས་བཤད་པའི་དོན་མི་ཤེས་ཏེ། ཚེ་དང་ལྡན་པ་གསུས་པོ་ཆེས་བཤད་པའི་དོན་འདི་ཇི་ལྟར་བལྟ་བར་བྱ། དེའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུས་སྐྱེས་བུ་མཁས་པ་རྣམས་ནི་
དཔེས་རྣམ་པར་བཤད་པའི་དོན་ཤེས་པར་འགྱུར་བས་རེ་ཞིག་དཔེ་ཉོན་ཅིག །དཔེར་ན་འདམ་བུའི་ཤོག་གཉིས་བླང་བ་དག་ཕན་ཚུན་བསྟེན་ཅིང་ཕན་ཚུན་འབྲེལ་པ་དང་། ཕན་ཚུན་བསྟེན་ཅིང་གནས་ཏེ། དེ་ལས་འགའ་ཞིག་གིས་གཅིག་བླངས་ནས་གཉིས་པ་ལྷུང་བར་གྱུར་པ་དེ་བཞིན་དུ།
ཚེ་དང་ལྡན་པ་ཤཱ་རིའི་བུ་ཆེས་གཉིས་པོ་འདི་དག་ནི་ཕན་ཚུན་བསྟེན་པ་ཕན་ཚུན་འབྲེལ་པ། ཕན་ཚུན་བསྟེན་ཅིང་གནས་པ་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཡིན་ཞིང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་ནོ། །ཚེ་དང་ལྡན་པ་གསུས་པོ་ཆེ་ཇི་ལྟར་སྟོན་
པའི་ཉན་ཐོས་མཁས་པ་གསལ་བ་དུལ་བ་འཇིགས་པ་མེད་པ་འཆི་བ་མེད་པ་དང་། འཆི་བ་མེད་པའི་ཁམས་ལུས་ཀྱིས་མངོན་སུམ་བྱས་ཤིང་བསྒྲུབས་ཏེ་གནས་པ་དག་གིས་འདི་ལྟ་བུའི་རང་བཞིན་ཟབ་ཅིང་ཟབ་པའི་དྲིས་པ་དག་ཡང་དག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ནས་ལུང་བསྟན་པ་
เล่ม ๑๔๗ · หน้า 70b
ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་གསུས་པོ་ཆེ་ནི་ཚངས་པར་སྤྱོད་པ་མཁས་པ་དག་གིས་སྤྱི་བོ་ལ་ཐོད་བཞིན་དུ་ཐོགས་ཏེ། བལྟ་བའི་ཕྱིར་འགྲོས་རྙེད་པ་དང་། བསྙེན་བཀུར་བ་དེ་དག་ནི་རྙེད་པ་ལེགས་པར་རྙེད་པའོ། །བདག་ཅག་ཀྱང་རྙེད་པ་ལེགས་པར་རྙེད་དེ། བདག་ཅག་ཚེ་དང་
ལྡན་པ་གསུས་པོ་ཆེ་བལྟ་བའི་ཕྱིར་འགྲོ་བ་དང་། བསྙེན་བཀུར་རྙེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཚེ་དང་ལྡན་པ་གསུས་པོ་ཆེ་བདག་ཅག་སུམ་ཅུ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ལ་བདག་མངོན་པར་སྤྲོ་ཞིང་བསྟོད་ལ་རྗེས་སུ་ཡི་རང་སྟེ། ཚེ་དང་ལྡན་པ་གསུས་པོ་ཆེ་དགེ་སློང་ན་བ་དང་འཆི་བ་ལ་ཡིད་
འབྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པའི་ཆོས་སྟོན་པར་བྱེད་ན་དགེ་སློང་ཆོས་ཀྱི་གཏམ་སྨྲ་བ་ཞེས་བྱའོ། །སྐྱེ་བ་དང་། སྲིད་པ་དང་། ལེན་པ་དང་། སྲེད་པ་དང་། ཚོར་བ་དང་། རེག་པ་དང་། སྐྱེ་མཆེད་དྲུག་དང་། མིང་དང་། གཟུགས་དང་། རྣམ་པར་ཤེས་པ་ལ་སྐྱོ་
བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པའི་ཆོས་སྟོན་པར་བྱེད་ན་དགེ་སློང་ཆོས་ཀྱི་གཏམ་སྨྲ་བ་ཞེས་བྱ་བ་བརྗོད་པར་བྱའོ། །ཚེ་དང་ལྡན་པ་གསུས་པོ་ཆེ་ན་བ་དང་འཆི་བ་ལ་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། འགག་པ་རྟོགས་ན་དགེ་སློང་ཆོས་ཀྱི་གཏམ་
སྨྲ་བ་ཞེས་བྱའོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་རྣམ་པར་ཤེས་པ་ལ་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་འགོག་པ་དག་རྟོགས་པར་གྱུར་ན་དགེ་སློང་ཆོས་ཀྱི་གཏམ་སྨྲ་བ་ཞེས་བྱའོ། །ཚེ་དང་ལྡན་པ་གསུས་པོ་ཆེ་དགེ་སློང་ན་བ་དང་འཆི་བ་ལ་ཡིད་འབྱུང་བ་དང་། འདོད་
ཆགས་དང་བྲལ་བ་དང་འགོག་པ་དང་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ན་དགེ་སློང་ཆོས་ཀྱི་གཏམ་སྨྲ་བ་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་གསུས་པོ་ཆེ་སྐྱེ་བ་དང་། སྲིད་པ་དང་། ལེན་པ་དང་། སྲེད་པ་དང་། ཚོར་བ་དང་། རེག་པ་དང་། སྐྱེ་མཆེད་དྲུག་དང་།
མིང་དང་གཟུགས་དང་། རྣམ་པར་ཤེས་པ་ལ་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་གྱུར་ན་དགེ་སློང་ཆོས་ཀྱི་གཏམ་སྨྲ་བ་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྟོན་པའི་ཉན་ཐོས་
เล่ม ๑๔๗ · หน้า 71a
མཁས་པ་གསལ་བ་དུལ་བ་འཇིགས་པ་མེད་པ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་བལྟ་བའི་ཕྱིར་འགྲོ་བ་དང་བསྙེན་བཀུར་རྙེད་པ་ཞེས་བྱ་བ་ནས། ལེགས་སོ་ལེགས་སོ་ཞེས་བྱ་བའི་བར་དུ་སྟེ། སྐྱེས་བུ་དམ་པ་དེ་གཉིས་ཕན་ཚུན་དུ་མངོན་པར་དགའ་ཞིང་རྗེས་སུ་
ཡི་རངས་ནས་སྟན་ལས་ལངས་ཏེ་སོང་ངོ་ཞེས་གསུངས་སོ། །གང་ཡང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་དེ་དང་། དེ་ལས་འདོན་ཏེ། གང་ཡང་གཟུགས་ལ་སོགས་པ་ལས་གཞན་དུ་རྣམ་པར་ཤེས་པ་འགྲོ་བ་དང་འོང་བ་
བཀག་པའི་ཕྱིར་ཞེས་བྱ་བ་ལ། ཕུང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་མངོན་པར་མི་བྱེད་ཅེས་བྱ་བའི་མདོའི་མཐའ་ལས་འབྱུང་བ་དང་། བདག་མེད་ཅེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པའི་མདོ་གསུམ་པར་ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བའི་མདོ་གསུམ་པ་ལས་བྱུང་བ་མཛོད་
ཀྱི་གནས་དྲུག་པ་འདི་ཉིད་དུ་འཕགས་པའི་བདེན་པ་བསམ་པར་ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བ་ནི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་སོ་ཞེས་བྱ་བ་དེར་བཤད་ཟིན་ཏོ། །ཟས་བཞི་གསུངས་པའི་ཕྱིར་ཞེས་བྱ་བ་ལ། གླེང་གཞི་ཡང་དག་པར་ལྡན་པའི་སྒོ་དང་པོ་ལས་
བུའི་ཤའི་དཔེས་བསྟན་པ་མཛོད་ཀྱི་གནས་གསུམ་པ་འདི་ཉིད་དུ། འགྲོ་བ་ཟས་ཀྱི་གནས་པ་ཡིན། །ཞེས་བྱ་བར་ཟས་ཀྱི་དབང་དུ་བྱས་ཏེ། བཤད་པ་བལྟ་བར་བྱའོ། །གལ་ཏེ་ཁམ་དུ་བྱེད་པའི་ཟས་ཟ་བའི་ལྷ་རྣམས་ལས་འདས་ཏེ་ཞེས་བྱ་བ་ལ། ལུང་བར་མའི་བདུན་པ་ལས་སྡོམ་གྱི་ཚིགས་
སུ་བཅད་པ་ཐ་མ་ལས་འཆར་བྱེད་ཀྱི་མདོ་ལས་འདོན་ཏེ། དེའི་མདོའི་དུམ་བུ་ཡང་མཛོད་ཀྱི་གནས་གཉིས་པའི། འགོག་པ་དང་པོ་མི་ནང་དུ། །ཞེས་བྱ་བར་བསྟན་ཏེ། གཞན་དུ་ན་འཆར་བྱེད་ཀྱི་མདོ་ལས་འགལ་ལོ་ཞེས་བྱ་བར་བྲིས་པ་བལྟ་བར་བྱའོ། །དགའ་བའི་ཟས་ཞེས་གསུངས་པའི་
ཕྱིར་ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་བརྒྱ་བྱིན་གྱིས་དྲིས་པའི་མདོ་ལས་མཛོད་ཀྱི་གནས་དྲུག་པ་འདི་ཉིད་དུ། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་མི་བྱེད། །ཅེས་བཤད་ཟིན་ཏོ། །གཟུགས་མེད་པ་རྣམས་ནི་གཟུགས་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བ་ལ།
เล่ม ๑๔๗ · หน้า 71b
གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ངེས་པར་འབྱུང་བའི་ཁམས་ནི་རྣམ་པ་གསུམ་སྟེ། འདོད་པ་རྣམས་ལས་ངེས་པར་འབྱུང་བ་ནི་གཟུགས་ཅན་རྣམས་སོ། །གཟུགས་མེད་པ་རྣམས་ནི་གཟུགས་ལས་ངེས་པར་འབྱུང་བ་ཡིན་ནོ། །གང་ཅུང་ཟད་མངོན་པར་སེམས་ཤིང་མངོན་པར་འདུས་བྱས་པ་དེ་
དག་འགགས་པ་ནི་ངེས་པར་འབྱུང་བའོ་ཞེས་གསུངས་སོ། །གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གང་དག་ཅེས་བྱ་བ་ལ། ལུང་བར་མའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་ཕྱི་མ་ལས་བ་ལང་སྐྱོང་གི་མདོ་ལས་བྱུང་བ་དང་། ཏིང་ངེ་འཛིན་ཡང་དག་པར་ལྡན་པའི་ལུས་སུ་གཏོགས་
པའི་དྲན་པ་ཉེ་བར་གཞག་པ་དང་། རྣམ་གྲངས་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་དགུ་པ་ལས་འབྱུང་བ་མཛོད་ཀྱི་གནས་གཉིས་པ་འདི་ཉིད་དུ་དབང་པོའི་རྣ་བ་བཤད་པར་གཟུགས་ན་དྲུག་གོ་ཞེས་བཤད་ཟིན་ཏོ། །གཟུགས་ཅན་མ་ཡིན་པའི་སེམས་ཅན་དག་
ཀྱང་ཡོད་ཅེས་བྱ་བ་ལ། མཛོད་ཀྱི་གནས་གསུམ་པ་འདི་ཉིད་དུ་རྣམ་པར་ཤེས་པའི་གནས་བདུན་དང་། སེམས་ཅན་གྱི་གནས་དགུ་བསྟན་པའི་མདོ་སེམས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་ཞེས་བྱ་བ་ནས། སེམས་ཅན་གྱི་ནི་གནས་དགུར་འདོད། །ཅེས་བྱ་བར་བཤད་ཟིན་ཏོ། །
བཅོམ་ལྡན་འདས་ཀྱིས་ཀྱང་བསམ་གཏན་དག་ལ་ནི་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཉི་ཤུ་པ་ལས་བྱུང་བ་མཛོད་ཀྱི་གནས་གསུམ་པ་འདི་ཉིད་དུ་སྲིད་པ་བར་མའི་རྣམ་པ་ཡོད་པ་ཉིད་སྒྲུབ་པར་བྱེད་པ་བཀོད་པར་མདོ་རྒྱས་པར་བྲིས་ཟིན་ཏོ། །གལ་
ཏེ་དེ་ལ་ཡང་འདི་ལྟར་འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་འབྲས་སོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་རངས་བྱེད་ཀྱི་བུ་ལྷག་སྤྱོད་འབྲས་དང་
འབྲས་ཀྱི་རྩ་བ་ཡོངས་སུ་བསལ་བའོ་ཞེས་རྣམ་པར་ཤེས་པ་འདིས་ཤེས་པར་གྱུར་ན། འདི་ནི་ཐམས་ཅད་རིག་པའི་ཤེས་པ། འདི་ནི་ཐམས་ཅད་ཚོར་བའི་ཤེས་པའོ་ཞེས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། དགེ་སློང་དག་རངས་བྱེད་ཀྱི་བུ་ལྷག་སྤྱོད་ནི་ཐམས་ཅད་མ་རིག་པ་ལ་ཐམས་ཅད་
เล่ม ๑๔๗ · หน้า 72a
རིག་པའི་ང་རྒྱལ་ཅན། ཐམས་ཅད་མ་ཚོར་བ་ལ་ཐམས་ཅད་ཚོར་བའི་ང་རྒྱལ་ཅན་འབྲས་དང་འབྲས་ཀྱི་རྩ་བ་ཡོངས་སུ་མ་བསལ་བ་ལ་འབྲས་དང་འབྲས་ཀྱི་རྩ་བ་ཡོངས་སུ་བསལ་བའི་ང་རྒྱལ་ཅན་ཏེ། དགེ་སློང་དག་རངས་བྱེད་ཀྱི་བུ་ལྷག་སྤྱོད་ནི་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། འདུ་ཤེས་ནི་
ནད་དོ། །འདུ་ཤེས་ནི་འབྲས་སོ། །འདུ་ཤེས་ནི་ཟུག་རྔུའོ། །འདུ་ཤེས་མེད་པ་ནི་ཀུན་དུ་རྨོངས་པའོ། །འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་ཞིབ། འདི་ནི་གྱ་ནོམ་པའོ་ཞེས་དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལམ་བསྒོམས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་
དང་སྐལ་བ་མཉམ་པར་སྐྱེས་སོ། །དགེ་སློང་དག་རངས་བྱེད་ཀྱི་བུ་ལྷག་སྤྱོད་ནི་འཇིག་ཚོགས་ལ་ལྟ་བ་ཅན། འཇིག་ཚོགས་ལ་ལྟ་བས་བཅིངས་ཤིང་ཡོངས་སུ་མ་གྲོལ་བ། འཇིག་ཚོགས་ཅན་ཏེ། དེ་གནས་དེ་ནས་འཆི་འཕོས་ནས་འདི་ལྟ་བུ་འོང་བར་འགྱུར་ཏེ། སྐྱེ་གནས་དམན་པ་བྱི་ལའི་སྐྱེ་
གནས་སུ་སྐྱེ་བར་འགྱུར་ཏེ། དགེ་སློང་དག་གང་ཞིག་འབྲས་དང་འབྲས་ཀྱི་རྩ་བ་ཡོངས་སུ་བསལ་བའོ་ཞེས་རྣམ་པར་ཤེས་པ་འདིས་ཡོངས་སུ་ཤེས་པར་གྱུར་ན། འདི་ནི་ཐམས་ཅད་རིག་པའི་ཤེས་པ། འདི་ནི་ཐམས་ཅད་ཚོར་བའི་ཤེས་པའོ་ཞེས་སྨྲ་བ་འདི་ནི་ཡང་དག་པར་སྨྲ་བ་སྟེ། ཅིའི་ཕྱིར་
དེའི་ཡང་དག་པར་སྨྲས་པས་སྨྲ་བ་ཡིན་ཞེ་ན། འབྲས་དང་འབྲས་ཀྱི་རྩ་བ་ཡོངས་སུ་བསལ་བའོ་ཞེས་རྣམ་པར་ཤེས་པ་འདིས་ཤེས་པར་གྱུར་ན་འདི་ནི་ཐམས་ཅད་རིག་པའི་ཤེས་པ་འདི་ནི་ཐམས་ཅད་ཚོར་བའི་ཤེས་པ་སྟེ། དགེ་སློང་དག་ཇི་ལྟར་ཐམས་ཅད་རིག་པ་ཡིན་ཞེ་ན། འདི་ནི་
དགེ་སློང་རིག་པའི་སྐྱེ་མཆེད་དྲུག་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་སྟེ། འདི་ལྟར་ན་དགེ་སློང་ཐམས་ཅད་རིག་པར་འགྱུར་རོ། །དགེ་སློང་ཇི་ལྟར་ན་དགེ་སློང་ཐམས་ཅད་
ཚོར་བ་ཡིན་ཞེ་ན། འདི་ན་དགེ་སློང་ཚོར་བ་རྣམས་ཀྱི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། འདི་ལྟར་ན་དགེ་སློང་ཐམས་ཅད་ཚོར་བར་འགྱུར་རོ། །དགེ་སློང་དག་འབྲས་ཞེས་བྱ་བ་འདི་ནི་
เล่ม ๑๔๗ · หน้า 72b
ལུས་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞིས་བསྐྱེད་ཅིང་ཕ་དང་མའི་མི་གཙང་བ་ལས་ཡང་དག་པར་བྱུང་བ་ཟན་དྲོན་དང་འབྲས་ཆན་གྱིས་གསོས་ཤིང་། རྟག་ཏུ་ཁྲུས་དང་བྱུག་པ་བྱས་ཀྱང་འཇིག་ཅིང་གྱེས་པའི་ཆོས་ཅན་གྱི་དེའི་ཚིག་བླ་དགས་སོ། །དགེ་སློང་དག་འབྲས་ཀྱི་རྩ་བ་ཞེས་བྱ་བ་
འདི་ནི་མིག་ནི་ཡིད་དུ་འོང་བ་དང་མི་འོང་བའི་གཟུགས་ལ་འཛག་ཅིང་། རྣ་བ་ནི་སྒྲ། སྣ་ནི་དྲི། ལྕེ་ནི་རོ། །ལུས་ནི་རེག་བྱ་དང་། ཡིད་ནི་ཡིད་དུ་འོང་བ་དང་མི་འོང་བའི་ཆོས་ལ་འཛག་པའི་ཕྱིར་རོ། །འབྲས་ཀྱི་རྩ་བ་ཞེས་བྱ་བ་འདི་ནི་མ་རིག་པ་དང་སྲིད་པའི་སྲེད་པའི་ཚིག་བླ་དགས་སོ། །གང་གི་ཕྱིར་
དགེ་སློང་མ་རིག་པ་དང་སྲིད་པའི་སྲིད་པ་ཡོངས་སུ་སྤངས་ཤིང་ཡོངས་སུ་ཤེས་པར་གྱུར་པ་སྟེ། ཤིང་ཏ་ལ་མགོ་བཅད་པ་ལྟར་དྲུངས་ཕྱུང་ཞིང་མི་སྣང་ཞིང་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་འདི་ནི་འབྲས་དང་འབྲས་ཀྱི་རྩ་བ་ཡོངས་སུ་བསལ་བར་ཡོངས་སུ་ཤེས་པ་ཞེས་བྱའོ་ཞེས་གསུངས་སོ། །
གང་སེམས་གནས་པ་དང་ཡང་དག་པར་གནས་པ་ཞེས་བྱ་བ་ལ། དེ་དང་དེ་ལས་འདོན་ཏེ། ཇི་ལྟར་རེ་ཞིག་ལམ་གྱི་ཚོམས་ཀྱི་ལམ་གྱི་ཡན་ལག་གི་སྒོའི་ལོག་པ་ཉིད་ཅེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་མདོ་གསུམ་པ་ལས་འབྱུང་བ་མཛོད་ཀྱི་གནས་བཞི་པར། རྣམ་གསུམ་དྲི་མེད་
གཟུགས་གསུངས་དང་། །འཕེལ་དང་མ་བྱས་ལམ་རྫོགས་ཕྱིར། །ཞེས་བྱ་བའི་སྐབས་སུ། སྤོང་བ་དག་ནི་ཆུ་ལོན་དུ་གསུངས་ཞེས་བྱ་བར་བལྟ་བར་བྱའོ། །འོ་ན་མདོ་ལས་བདེ་བའི་དབང་པོ་གང་ཞེ་ན་ཞེས་བྱ་བ་ལ། ལམ་གྱི་ཚོམས་གྱི་དབང་པོའི་སྒོའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མཐའི་ཆ་
ལས་འབྱུང་བ་བལྟ་བར་བྱ་སྟེ། འདི་ཉིད་ཀྱི་མཛོད་ཀྱི་གནས་གཉིས་པར། ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོ་ཞེས་བྱ་བར་བཤད་ཟིན་ཏོ། །བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱ་བ་ལ་བསམ་གཏན་གྱི་རྣམ་པར་བྱེད་པ་དེ་དང་དེ་ལས་འདི་ལྟར་འདོན་ཏེ། དེ་དགའ་བ་ལས་འདོད་ཆགས་
དང་བྲལ་ཏེ། དྲན་པ་ཤེས་རབ་དང་ལྡན་ཞིང་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་བ་གང་འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་ཞིང་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་སོ། །གང་གི་ཚེ་
เล่ม ๑๔๗ · หน้า 73a
འཕགས་པ་ཉན་ཐོས་རབ་ཏུ་དབེན་པ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་གནས་པའི་ཕྱིར་གཤེགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་
འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་པར་མཛད། ཡང་དག་པར་བསྐུལ།
ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དེ། ཆོས་དང་ལྡན་པའི་གཏམ་གྱིས་རྣམ་གྲངས་དུ་མར་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་
ཁྱིམ་བདག་མགོན་མེད་ཟས་སྦྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཟླ་བ་གསུམ་དུ་ཆོས་གོས་དང་
བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་རྐྱེན་སྨན་དང་། འཚོ་བའི་ཡོ་བྱད་བཞེས་པར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བར་གནང་བར་མཛད་དོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་
ཀྱིས་ཅང་མི་གསུང་བར་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་སོང་ངོ་། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་དབྱར་ཟླ་བ་གསུམ་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་
རྐྱེན་སྨན་དང་། འཚོ་བའི་ཡོ་བྱད་ཀྱིས་ཉེ་བར་གནས་པར་བྱས་ཏེ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དབྱར་ཟླ་བ་གསུམ་འདས་པའི་འོག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་
เล่ม ๑๔๗ · หน้า 73b
གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ལེགས་སོ་ལེགས་སོ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་དབྱར་ཟླ་བ་གསུམ་དུ་ཆོས་གོས་དང་། བསོད་སྙོམས་དང་།
མལ་ཆ་དང་། སྟན་དང་། ན་བའི་རྐྱེན་སྨན་དང་། འཚོ་བའི་ཡོ་བྱད་ཀྱིས་ཉེ་བར་གནས་པར་བྱས་ཀྱི། ཁྱིམ་བདག་མ་འོངས་པ་ན་མཐོ་རིས་འགྲུབ་པར་བྱེད་པ་སྐལ་བ་ཁྱད་པར་ཅན་གྱི་རྣམ་པར་སྨིན་པ་བདེ་བ་ཅན་གོང་མར་འགྲོ་བར་འགྱུར་རོ། །ཁྱིམ་བདག་འདི་ཙམ་ཀྱིས་དགའ་བར་མི་བྱ་སྟེ།
འོན་ཀྱང་དུས་དང་དུས་སུ་རབ་ཏུ་དབེན་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ། གནས་པ་དེ་ལྟར་བསླབ་པར་བྱའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་
ངོ་། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་འདུས་པ་དེ་ན་ཚོགས་ཤིང་འདུག་པར་གྱུར་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ནས་རིང་དུ་ལོན་པར་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ངོ་མཚར་རོ་
ཞེས་བྱ་བ་ནས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལས་བརྩམས་ཏེ། ཁྱིམ་བདག་ལེགས་སོ་ལེགས་སོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་སྟེ། གང་གི་ཚེ་འཕགས་པ་ཉན་ཐོས་རབ་ཏུ་དབེན་པའི་བདེ་བ་ལུས་ཀྱིས་མངོན་སུམ་
དུ་བྱས་ཤིང་བསྒྲུབས་ཏེ་གནས་པ་དེའི་ཚེ་ཆོས་ལྔ་ཡོངས་སུ་སྤོང་ཞིང་ཆོས་ལྔ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཆོས་ལྔ་ཡོངས་སུ་སྤོང་བར་འགྱུར་བ་གང་ཞེ་ན། གང་ཡང་འདོད་པ་ཉེ་བར་སྡུད་པའི་ཡིད་བདེ་བ་ཡོངས་སུ་སྤོང་བ་དང་། གང་འདོད་པ་ཉེ་བར་སྡུད་པའི་ཡིད་མི་བདེ་བ་ཡོངས་སུ་
སྤོང་བ་དང་། གང་ཡང་མི་དགེ་བ་ཉེ་བར་སྡུད་པའི་ཡིད་བདེ་བ་ཡོངས་སུ་སྤོང་བ་དང་། གང་མི་དགེ་བ་ཉེ་བར་སྡུད་པའི་ཡིད་མི་བདེ་བ་ཡོངས་སུ་སྤོང་བ་དང་། གང་མི་དགེ་བ་ཉེ་བར་སྡུད་པའི་བཏང་སྙོམས་ཡོངས་སུ་སྤོང་བར་འགྱུར་བ་སྟེ། ཆོས་ལྔ་པོ་འདི་དག་ཡོངས་སུ་སྤོང་བར་འགྱུར་རོ། །ཆོས་ལྔ་པོ་
เล่ม ๑๔๗ · หน้า 74a
བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་པ་གང་ཞེ་ན། དགའ་བ་དང་། རངས་པ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་། ཏིང་ངེ་འཛིན་ནོ། །ཤཱ་རིའི་བུ་དེ་དེ་བཞིན་ཏེ། གང་གི་ཚེ་འཕགས་པ་ཉན་ཐོས་རབ་ཏུ་དབེན་པའི་དགའ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ཤིང་བསྒྲུབས་
ཏེ་གནས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་དུའོ་ཞེས་གསུངས་སོ། །མདོ་ལས་ཀྱང་ལུས་ཤིན་ཏུ་སྦྱངས་པ་དང་ཞེས་བྱ་བ་ལ། ལམ་གྱི་ཚོམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་གི་སྒོའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་དང་པོ་ལས་འབྱུང་བ་མཛོད་ཀྱི་གནས་
གཉིས་པར། དད་དང་བག་ཡོད་ཤིན་ཏུ་སྦྱངས། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་དང་། མདོ་ལས་ལུས་ཤིན་ཏུ་སྦྱངས་པ་ཞེས་ཀྱང་འབྱུང་བ་མ་ཡིན་ནམ་ཞེས་བྱ་བར་བྲིས་པ་བལྟ་བར་བྱའོ། །ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་ཚོགས་
ཀྱིས་བསྡུས་པའི་སྡོམ་དང་པོའི་ལམ་ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པའི་ཐ་མ་ལས་འབྱུང་བ་མཛོད་ཀྱི་གནས་དང་པོར། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་བྱ་བར་བྲིས་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་རྣམ་པར་སྒྱུར་བའི་མདོ་ལས་ཞེས་བྱ་བ་ལ། ལམ་གྱི་ཚོགས་ཀྱི་
དབང་པོའི་སྒོའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་ལས་འབྱུང་བ་མཛོད་ཀྱི་གནས་གསུམ་པར། ནང་གི་སྐྱོན་དང་ཆོས་མཚུངས་ཕྱིར། །ཞེས་བྱ་བར་བསྟན་ཅིང་། འདིར་སྡུག་བསྔལ་གྱིས་དབང་པོ་འགགས་སོ་ཞེས་བྱ་བར་བཤད་ཟིན་ཏོ། །རྣམ་པར་སྒྱུར་བའི་མདོ་ལས་བསམ་གཏན་བཞི་པ་
ན་བདེ་བའི་དབང་པོ་འགག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །བདེ་བ་ཡང་སྤངས་ཏེ་ཞེས་བྱ་བ་ལ། བསམ་གཏན་བཞི་པའི་དབང་དུ་བྱས་ནས་མདོ་དེ་དང་དེ་ལས་འདོན་པ་སྟེ། དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་
པས་བད་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པར་བཏང་སྙོམས་ཡོངས་སུ་དག་པར་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་འབྱུང་། བཅོམ་ལྡན་འདས་ཀྱིས་བསམ་གཏན་གསུམ་ནི་སྐྱོན་དང་བཅས་པའི་ཕྱིར་གཡོ་བ་དང་བཅས་པར་གསུངས་ཞེས་བྱ་བ་ལུང་བར་མའི་སྡོམ་གྱི་ཚིགས་
เล่ม ๑๔๗ · หน้า 74b
སུ་བཅད་པ་གཉིས་པའི་དང་པོའི་མདོ་ལས་ཏེ། མདོ་དུམ་བུ་མཛོད་ཀྱི་གནས་གསུམ་པར། བཞི་པ་གཡོ་བ་མེད་པ་ཡིན། །ཞེས་བྱ་བར་བཤད་པ་བལྟ་བར་བྱའོ། །མདོ་ལས་རླུང་མེད་པའི་མར་མེ་དཔེར་མཛད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཕུང་པོ་ལས། དབྱུ་གུ་གསུམ་དང་གོང་བུ་གསུམ། །
ལུ་ཧི་ཏ་ཡི་རྣམ་བཤད་གཉིས། །ཞེས་བྱ་བའི་ལུ་ཧི་ཏའི་མདོ་དང་པོ་ལ་རླུང་མེད་པའི་མར་མེའི་དཔེ་འདི་ལྟར་འདོན་ཏེ། ལུ་ཧི་ཏ་གང་གི་ཚེ་འཕགས་པ་ཉན་ཐོས་བདེ་བ་ཡང་སྤངས་ཤིང་། སྡུག་བསྔལ་བ་ཡང་སྤངས་ཏེ་ཞེས་བྱ་བ་ནས། བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་པ་དེའི་ཚེ་སེམས་
མཐོ་བར་མི་འགྱུར་ཞིང་དམའ་བར་མི་འགྱུར་བར་མངོན་པར་གནས་ཤིང་མི་གཡོ་བ་ཐོབ་སྟེ། དཔེར་ན་ཁང་པའམ་ཁང་པའི་ཁྱམས་སུ་མར་མེ་བཞག་པ་དུད་འགྲོའམ་བྱའམ་མིས་མ་བསྐུལ་ཞིང་མ་བསྐྱོད་པ་དེ་སྲིད་དུ་མི་མཐོ་མི་དམའ་བར་མི་འགྱུར་བར་མངོན་པར་གནས་ཤིང་མི་གཡོ་བ་ཐོབ་པོ། །ལུ་ཧི་ཏ་
གང་གི་ཚེ་འཕགས་པ་ཉན་ཐོས་བསམ་གཏན་ཅན་བདེ་བ་ཡང་སྤངས་ཤིང་ཞེས་བྱ་བ་ནས་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་པ་དེའི་སེམས་ཀྱང་དེའི་ཚེ་མཐོ་བར་མི་འགྱུར་ཞིང་དམའ་བར་མི་འགྱུར་བར་མངོན་པར་གནས་ཤིང་མི་གཡོ་བ་ཐོབ་པོ་ཞེས་གསུངས་སོ། །ཡང་ཏིང་ངེ་འཛིན་ཐམས་
ཅད་མདོར་བསྡུས་ཏེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ཏིང་ངེ་འཛིན་ནི་རྣམ་པ་གསུམ་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་
གསུངས་སོ། །ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ཏིང་ངེ་འཛིན་ནི་རྣམ་པ་གསུམ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ་ཞེས་གསུངས་སོ། །ལམ་ཡང་གཟིངས་
ལྟ་བུར་གདོན་མི་ཟ་བར་དོར་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ། འདི་ལྟ་སྟེ་ཆུ་བོ་གངྒཱ་ཆུས་ཡོངས་སུ་གང་ཞིང་རྒྱས་ཏེ་བྱ་རོག་བཏུང་དུ་རུང་བ་ཙམ་དུ་གྱུར་ལ་གྲུའམ་གཟིངས་མེད་པར་རྒྱུན་ཕྱོགས་དང་བཟློག་ཕྱོགས་དང་ཕ་རོལ་དང་ཚུ་རོལ་གྱི་འགྲམ་དུ་བརྒལ་བར་མི་ནུས་པས། གང་བདག་གིས་རྩ་
เล่ม ๑๔๗ · หน้า 75a
དང་། ཤིང་དང་། འདབ་མ་དང་། ལོ་མ་མང་པོ་དག་བསྡུས་ཏེ། གཟིངས་བྱས་པ། གཟིངས་ལ་བརྟེན་ཅིང་གཟིངས་ལ་གནས་ཏེ་ལག་པ་གཉིས་ཀྱིས་རྩོལ་བས་ཕ་རོལ་དུ་འགྲོ་བར་བྱའོ་ཞེས་དེ་དེ་ལྟར་རྣམ་པར་དཔྱད་ནས་རྩྭ་དང་། ཤིང་དང་། འདབ་མ་དང་། ལོ་མ་མང་
པོ་དག་བསྡུས་ཏེ་གཟིངས་བྱས་ནས། གཟིངས་ལ་བརྟེན་ཅིང་གཟིངས་ལ་གནས་ཏེ། རྒྱུན་ལས་བཟློག་ཕྱོགས་སུ་ལག་པ་གཉིས་ཀྱིས་རྩོལ་བས་བདེ་བར་ཕ་རོལ་ཏུ་ཕྱིན་ཏེ། དེ་ནས་སྐྱེས་བུ་དེ་འདི་སྙམ་དུ་གཟིངས་འདི་ནི་བདག་ལ་ཕན་པ་མང་པོ་བྱེད་པ་སྟེ། བདག་གཟིངས་འདི་ལ་བརྟེན་ཅིང་
གཟིངས་ལ་གནས་ནས་རྒྱུན་ལས་བཟློག་ཕྱོགས་སུ་ལག་པ་གཉིས་ཀྱིས་རྩོལ་བས་བདེ་བར་ཕ་རོལ་ཏུ་བརྒལ་ཏེ། གང་བདག་གིས་གཟིངས་འདི་ནི་མགོ་བོའམ་ཕྲག་པ་ལ་ཁུར་ཏེ་གང་དུ་འདོད་པ་དེར་འགྲོ་བར་བྱའོ་ཞེས། དགེ་སློང་དག་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེས་ཕན་པ་མང་པོ་བྱེད་
པ་སྐྱེས་བུ་དེ་དེ་ལྟ་དེ་ལྟར་རྟོག་བཞིན་དུ་གཟིངས་དེ་མགོ་བོའམ་ཕྲག་པ་ལ་ཁུར་ཏེ། གང་དུ་འདོད་པ་དེར་འགྲོའམ། བཙུན་པ་མ་ལགས་སོ། །དེ་ནས་སྐྱེས་བུ་དེ་འདི་སྙམ་དུ་གཟིངས་འདིས་ཅུང་ཟད་ཕན་པ་མང་པོ་བྱེད་པ་ཡིན་ཏེ། བདག་གཟིངས་འདི་ལ་བརྟེན་ཅིང་གཟིངས་ལ་གནས་ཏེ་རྒྱུན་ལས་
བཟློག་ཕྱོགས་སུ་ལག་པ་གཉིས་ཀྱིས་རྩོལ་བས་བདེ་བར་ཕ་རོལ་གྱི་ངོས་སུ་བརྒལ་བར་བྱས་ཀྱང་བདག་གིས་གཟིངས་འདི་ཐང་ལས་བསྐྱུར་བའམ་ཆུའི་རྒྱུན་ལ་བསྐྱུར་བར་བྱའོ་ཞེས་དེས་གཟིངས་དེ་ཐང་ལ་བསྐྱུར་བའམ་ཆུའི་རྒྱུན་དུ་བསྐྱུར་ཏེ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་ན། དགེ་སློང་དག་
འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་གཟིངས་དེ་ལ་དེ་ལྟ་དེ་ལྟར་རྟོག་པ་ན་བྱ་བ་བྱས་པ་ཡིན་ནམ། བཙུན་པ་དེ་བཞིན་ནོ། །དགེ་སློང་དག་དེ་བཞིན་དུ་ངས་བསྟན་པའི་ཆོས་རྣམས་ཀྱང་ངེས་པར་འབྱུང་བའི་ཕྱིར་ཡིན་གྱི། །ཡོངས་སུ་གཟུང་བའི་ཕྱིར་ནི་མ་ཡིན་ནོ། །དགེ་སློང་དག་
དེ་ལྟ་བས་ན་ངས་གཟིངས་ལྟ་བུའི་ཆོས་ཀྱི་རྣམ་གྲངས་བསྟན་པ་དག་ཤེས་ནས་སྔར་ཆོས་མ་ཡིན་པ་བཞིན་དུ་ཆོས་ཀྱང་སྤང་བར་བྱའོ་ཞེས་ལུང་བར་མའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་བཀྲ་ཤིས་པའི་མདོ་ལས་འབྱུང་ངོ་། །དྲི་མེད་རྣམ་ཐར་སྒོ་གསུམ་མོ། །ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་
เล่ม ๑๔๗ · หน้า 75b
ནའོ། །རྣམ་པར་ཐར་པའི་སྒོ་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ་ཞེས་གསུངས་སོ། །གཞན་ཡང་ཏིང་ངེ་འཛིན་གསུམ་མོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །གཞན་ཡང་ཏིང་ངེ་
འཛིན་གསུམ་སྟེ། གསུམ་གང་ཞེ་ན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་ནོ་ཞེས་གསུངས་སོ། །ཡང་ཏིང་ངེ་འཛིན་བསྒོམ་པ་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་
དུ་ཡོད་པ་ནའོ། །ཏིང་ངེ་འཛིན་བསྒོམ་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་
ཤེས་པར་འགྱུར་བ་དང་མཐོང་བར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་རབ་རབ་ཏུ་འབྱེད་པར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཟག་པ་ཟད་པར་འགྱུར་བ་ཡང་ཡོད་དོ། །ཏིང་
ངེ་འཛིན་བསྒོམ་པ་ཀུན་དུ་བསྟན་གོམས་པར་བྱས་ལན་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་གང་ཞེ་ན། འདི་ན་དགེ་སློང་ལུས་འདི་རབ་ཏུ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་མངོན་པར་གང་ཞིང་རྒྱས་ལ་ཁྱབ་སྟེ། འདི་ལྟ་སྟེ་རབ་ཏུ་དབེན་པ་ལས་སྐྱེས་པའི་
དགའ་བ་དང་། བདེ་བ་ལུས་འདི་ལ་མ་ཁྱབ་པའི་ཆ་ཅུང་ཟད་ཀྱང་མེད་པར་ཁྱབ་པར་གནས་པ་སྟེ། དཔེར་ན་ཁྲུས་མཁན་ནམ་ཁྲུས་མཁན་གྱི་སློབ་མ་མཁས་པས་འདག་ཆལ་གྱི་ཕྱེ་མ་ཞིབ་མོ་དག་ཟངས་གཞོང་ངམ་འཁར་གཞོང་ངམ་ཉ་ཕྱིས་ཀྱི་ནང་དུ་ཆུ་དང་བཅུག་ནས་སྦངས་ན་གོང་དུ་དེ་རླན་པ་དང་རླན་
པའི་རྗེས་སུ་འགྲོ་བ་དང་། ཕྱི་དང་ནང་དག་རླན་པས་ཁྱབ་ཅིང་སླ་བ་དང་འཐོར་བར་མི་འགྱུར་བ་དེ་བཞིན་དུ་འདི་ན་དགེ་སློང་ལུས་འདི་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཞེས་བྱའོ། །
เล่ม ๑๔๗ · หน้า 76a
ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་པར་འགྱུར་བ་དང་མཐོང་བར་འགྱུར་བ་གང་ཞེ་ན། འདི་ན་དགེ་སློང་སྣང་བའི་འདུ་ཤེས་ལེགས་པར་རབ་ཏུ་བཟུང་ཞིང་ལེགས་པར་ཡིད་ལ་བྱས་ལེགས་པར་མངོན་སུམ་དུ་བྱེད་ཅིང་བསྒོམ་པ་སྟེ།
ཉིན་མོ་ཇི་ལྟ་བར་མཚན་མོ་དེ་བཞིན། མཚན་མོ་ཇི་ལྟ་བར་ཉིན་མོ་དེ་བཞིན། སྔ་མ་ཇི་ལྟ་བར་ཕྱིས་དེ་བཞིན། ཕྱིས་ཇི་ལྟ་བར་སྔར་དེ་བཞིན། སྟེང་དུ་ཇི་ལྟ་བར་འོག་ཏུ་དེ་བཞིན། འོག་ཏུ་ཇི་ལྟ་བར་སྟེང་དུ་དེ་བཞིན་ནོ་ཞེས་འདི་ལྟར་བདག་གི་སེམས་མུན་པའི་རྣམ་པར་མ་གྱུར་ཅིག་ཅེས་
སེམས་མ་བསྒྲིམས་ཤིང་སྣང་བ་དང་ལྷན་ཅིག་པར་གྱུར་པའི་སེམས་སྒྲིབ་པ་མེད་པ་སྒོམ་པར་བྱེད། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་པར་འགྱུར་བ་དང་མཐོང་བར་འགྱུར་བ་ཞེས་བྱའོ། །ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་
དུ་བྱས་ན་ཤེས་རབ་རབ་ཏུ་རྣམ་པར་འབྱེད་པར་འགྱུར་བ་གང་ཞེ་ན། འདི་ན་དགེ་སློང་ཚོར་བའི་སྐྱེ་བ་རིག་ཅིང་ཚོར་བའི་སྐྱེ་བ་རྣམ་པར་རིག་ལ། ཚོར་བའི་གནས་པ་རིག་ཅིང་ཚོར་བའི་གནས་པ་རྣམ་པར་རིག་ལ། མི་སྣང་བ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པ་རྣམ་པར་རིག་གོ། །དེ་དྲན་པ་དང་
ལྡན་བཞིན་དུ་འདུ་ཤེས་རྣམ་པར་རིག་ཅིང་རྣམ་པར་རྟོག་པའི་སྐྱེ་བ་རྣམ་པར་རིག་ཅིང་གནས་པ་རྣམ་པར་རིག་ལ། མི་སྣང་བ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པ་རྣམ་པར་རིག་སྟེ། དེ་ཡང་དྲན་པ་དང་ལྡན་བཞིན་དུ་སྟེ་དྲན་པ་དང་མི་ལྡན་པར་ནི་མ་ཡིན་ཏེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་
བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་རབ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱའོ། །ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཟག་པ་ཟད་པར་འགྱུར་བ་གང་ཞེ་ན། འདི་ནི་དགེ་སློང་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་རྗེས་སུ་ལྟ་ཞིང་གནས་ཏེ།
འདི་ནི་གཟུགས་སོ། །འདི་ནི་ཏིང་ངེ་འཛིན་ཀུན་འབྱུང་བ། འདི་ནི་གཟུགས་ཀྱི་མི་སྣང་བ། འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བ། འདི་ནི་རྣམ་པར་ཤེས་པའི་མི་སྣང་བའོ་ཞེས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་སྐྱེ་བ་
เล่ม ๑๔๗ · หน้า 76b
དང་འཇིག་པ་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཟག་པ་ཟད་པར་འགྱུར་བ་ཞེས་བྱའོ། །ངས་འདི་ལ་དགོངས་ནས་ཕ་རོལ་དུ་འགྲོ་བ་དག་གིས་དྲིས་པ་ལ་རྣམ་པར་བཤད་དོ། །འདོད་པའི་འདུ་ཤེས་ཡིད་མི་བདེ། །གཉི་ག་
རབ་ཏུ་སྤང་བར་བྱ། །རྨུགས་དང་གཉིད་དག་སྤང་བྱ་སྟེ། །རྒོད་དང་འགྱོད་པ་སྤང་བར་བྱ། །ཆོས་ལ་རྟོག་པ་སྔོན་འགྲོ་བས། །བཏང་སྙོམས་ཡོངས་དག་དྲན་པ་ཅན། །ཀུན་ཤེས་མ་རིག་རབ་སྤངས་ཤིང་། །རྣམ་ཐར་བརྟུལ་ཞུགས་ཅན་ཞེས་བྱ། །ཞེས་གསུངས་སོ། །ཚད་མེད་པ་ནི་རྣམ་པ་
བཞི། །ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ཚད་མེད་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ་ཞེས་གསུངས་སོ། །གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །
དགེ་སློང་དག་བྱམས་པ་བསྒོམས་ཤིང་བྱམས་པ་ཀུན་དུ་བསྟེན་བྱམས་པ་ལན་མང་དུ་བྱས་ན་གནོད་སེམས་རབ་ཏུ་སྤོང་བར་འགྱུར་རོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྙིང་རྗེ་བསྒོམས་སྙིང་རྗེ་ཀུན་དུ་བསྟེན་སྙིང་རྗེ་ལན་མང་དུ་བྱས་ན་རྣམ་པར་འཚེ་བ་རབ་ཏུ་སྤོང་བར་འགྱུར་
རོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དགའ་བ་བསྒོམས་ཤིང་དགའ་བ་ཀུན་དུ་བསྟེན་དགའ་བ་ལན་མང་དུ་བྱས་ན་མི་དགའ་བ་རབ་ཏུ་སྤོང་བར་འགྱུར་རོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཏང་སྙོམས་བསྒོམས་ཤིང་བཏང་
སྙོམས་ཀུན་དུ་བསྟེན་བཏང་སྙོམས་ལན་མང་དུ་བྱས་ན་འདོད་པའི་འདོད་ཆགས་དང་གནོད་སེམས་རབ་ཏུ་སྤོང་བར་འགྱུར་རོ་ཞེས་གསུངས་སོ། །ཕྱོགས་གཅིག་ནས་འཇིག་རྟེན་ཐམས་ཅད་ཀྱི་རབ་ཏུ་རྒྱས་པར་བྱེད་དོ་ཞེས་བྱ་བ་ལ། གསུམ་ཚན་གསུམ་པའི་བསོད་ནམས་བྱ་བའི་དངོས་པོ་གསུམ་གྱི་
མདོ་དེ་དང་དེ་ལས་མངོན་པ་མཛོད་ཀྱི་གནས་བཞི་པར་བསོད་ནམས་བྱ་བའི་དངོས་པོའི་སྐབས་སུ་བྲིས་ཏེ། དེ་ལས་འདི་ལྟར་འདོན་ཏེ། འདི་ན་ཁ་ཅིག་བྱམས་པ་དང་ལྷན་ཅིག་པར་གྱུར་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་རྒྱ་ཆེན་པོར་གྱུར་པ་ཚད་མེད་པ་ལེགས་པར་བསྒོམས་པ།
เล่ม ๑๔๗ · หน้า 77a
ཕྱོགས་གཅིག་ཏུ་མོས་ཤིང་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། སྟེང་དང་འོག་དང་ལོགས་ཀྱི་འཇིག་རྟེན་ཐམས་ཅད་བྱམས་པ་ལྷན་ཅིག་པར་གྱུར་པའི་སེམས་ཁོན་མེད་པ་
འགྲན་ཟླ་མེད་པ་གནོད་པ་མེད་པ་རྒྱ་ཆེན་པོར་གྱུར་པ་ཚད་མེད་པ་ལེགས་པར་བསྒོམས་པ། ཕྱོགས་གཅིག་ཏུ་མོས་ཤིང་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ་ཞེས་གསུངས་སོ། །རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །རྣམ་པར་ཐར་པ་ནི་རྣམ་པ་བརྒྱད་དེ། བརྒྱད་
གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་
པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཤིང་ཉེ་བར་གནས་ཏེ་འདི་ལྟ་སྟེ། ནམ་
མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཤིང་ཉེ་བར་གནས་ཏེ། འདི་
ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་ཞེས་ཅི་ཡང་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཤིང་ཉེ་བར་གནས་ཏེ། འདི་ལྟ་
སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཤིང་ཉེ་བར་གནས་ཏེ། འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་
เล่ม ๑๔๗ · หน้า 77b
སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་རྣམ་པར་ཐར་པ་བདུན་པའོ། །རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཤིང་ཉེ་བར་བསྒྲུབས་ཤིང་གནས་ཏེ། འདི་ནི་རྣམ་པར་ཐར་པ་བརྒྱད་
པའོ་ཞེས་གསུངས་སོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། །ཅེས་བྱ་བ་ལ། བརྒྱད་ལས་འཕྲོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་མདོ་བཞི་པ་ལས་འབྱུང་བ། མཛོད་ཀྱི་གནས་དང་པོ་འདི་ཉིད་དུ། དེ་བཞིན་གཞན་ཡང་ཅི་རིགས་པ། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་དང་། དེ་
བཞིན་དུ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག །ཅེས་བྱ་བར་བྲིས་པར་བལྟ་བར་བྱའོ། །ཟད་པར་གྱི་སྐྱེ་མཆེད་ནི་བཅུ་སྟེ་ཞེས་བྱ་བ་ལ། བཅུ་ལས་འཕྲོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་དང་། ཡང་དག་པར་འགྲོ་བའི་རྣམ་གྲངས་ཀྱི་མདོ་བཅུ་པའི་ཐ་མ་ལས་འབྱུང་བ་འདི་ཉིད་ཀྱི་མཛོད་ཀྱི་
གནས་དང་པོར་བསྡུས་པའི་སྐབས་སུ་དེ་བཞིན་དུ་ཟད་པར་གྱི་སྐྱེ་མཆེད་རྣམས་ཞེས་བྱ་བར་བྲིས་པར་བལྟ་བར་བྱའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ཉེ་བར་མཁོ་བ་ཞེས་བྱ་བ་ལས། གནས་བརྒྱད་པ་ཕལ་ཆེར་མདོ་དང་སྦྱར་བ་རྫོགས་སོ།། །།དེ་ལྟར་མོད་ཀྱི་ཅི་བཅོམ་ལྡན་འདས་ཀྱིས་
གཟུགས་བདག་མ་ཡིན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གཟུགས་འདས་པ་དང་མ་འོངས་པ་དག་བདག་མ་ཡིན་ན་ད་ལྟར་བྱུང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དགེ་སློང་དག་འདི་ལྟར་མཐོང་བའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་བཏང་སྙོམས་
སུ་འགྱུར་ཞིང་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་ལ་ད་ལྟར་བྱུང་བའི་གཟུགས་ལ་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བར་འགྱུར་རོ། །དགེ་སློང་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་འདས་པ་དང་མ་འོངས་པ་དག་བདག་མ་ཡིན་ན་ད་ལྟར་བྱུང་བ་ལྟ་སྨོས་ཀྱང་ཅི་དགོས་
ཏེ། དགེ་སློང་དག་འདི་ལྟར་མཐོང་བའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་བཏང་སྙོམས་སུ་འགྱུར་ཞིང་། མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་ལ། ད་ལྟར་བྱུང་བའི་གཟུགས་ལ་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་གསུངས་སོ། །གཉིས་
เล่ม ๑๔๗ · หน้า 78a
ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་ཚོགས་ལས་འདོན་ཏེ། དེ་ཡང་མཛོད་ཀྱི་གནས་ལྔ་པར་འདས་པ་དང་མ་འོངས་པ་བསམ་པར་བྱའོ་ཞེས་བྱ་བར་རྣམ་པར་བཤད་པ་བསྟན་ལ། མཛོད་ཀྱི་གནས་གསུམ་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་
སྐབས་སུ་རེག་པའི་ཡན་ལག་རྣམ་པར་དབྱེ་བ་བྲིས་པར་བལྟ་བར་བྱའོ། །དེ་བཞིན་དུ་དགེ་སློང་དག་མིག་གི་རྒྱུ་དང་གཟུགས་ཀྱི་རྐྱེན་ལ་བརྟེན་ཏེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་
འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྒྱུ་གང་དང་རྐྱེན་གང་གིས་མིག་གི་རྣམ་པར་ཤེས་པ་སྐྱེ། བཙུན་པ་རྒྱུ་གང་དང་རྐྱེན་གང་གིས་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་
རྣམ་པར་ཤེས་པ་སྐྱེ་བར་འགྱུར། དགེ་སློང་མིག་གི་རྒྱུ་དང་གཟུགས་ཀྱི་རྐྱེན་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། མིག་གི་རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་མིག་དང་གཟུགས་ལ་བརྟེན་ཏེ་བྱུང་བའོ། །རྣ་བའི་རྒྱུ་དང་སྒྲའི་རྐྱེན་ལ་བརྟེན་ནས་རྣ་བའི་
རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རྣ་བའི་རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་རྣ་བ་དང་སྒྲ་ལ་བརྟེན་ནས་འབྱུང་བའོ། །དགེ་སློང་དག་སྣའི་རྒྱུ་དང་དྲིའི་རྐྱེན་ལ་བརྟེན་ནས་སྣའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། སྣའི་རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་དེ་
ཐམས་ཅད་ནི་སྣ་དང་དྲི་ལ་བརྟེན་ནས་བྱུང་བའོ། །ལྕེའི་རྒྱུ་དང་རོའི་རྐྱེན་ལ་བརྟེན་ནས་ལྕེའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྕེའི་རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ལྕེ་དང་རོ་ལ་བརྟེན་ནས་བྱུང་བའོ། །ལུས་ཀྱི་རྒྱུ་དང་རེག་བྱའི་རྐྱེན་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་
པ་སྐྱེ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ལུས་ཀྱི་རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ལུས་དང་རེག་བྱ་ལ་བརྟེན་ནས་བྱུང་བའོ། །ཡིད་ཀྱི་རྒྱུ་དང་ཆོས་ཀྱི་རྐྱེན་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་གང་ཅི་ཡང་
เล่ม ๑๔๗ · หน้า 78b
རུང་བ་དེ་ཐམས་ཅད་ནི་ཡིད་དང་ཆོས་ལ་བརྟེན་ནས་བྱུང་བའོ་ཞེས་གསུངས་སོ། །གང་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེས་པའི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ཡང་ཕུང་པོ་ལས་འདོན་ཏེ། འདས་པ་ཡིས་ནི་བཞི་དག་དང་། །སྐྱོ་དང་ཡོངས་སུ་གྲོལ་བ་དང་། །རྒྱུ་ཡིས་རྣམ་པ་གཉིས་བྱེད་ཅིང་། །གཉིས་
པོ་གཞན་ནི་རོ་མྱང་བས། །ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་བདུན་པ་དང་བརྒྱད་པ་ལས་འབྱུང་བ་འདི་ཉིད་ཀྱི་མཛོད་ཀྱི་གནས་གཉིས་པར། འདུས་མ་བྱས་ལ་དེ་དག་མེད། །ཅེས་བྱ་བར་བྲིས་པ་བལྟ་བར་བྱའོ། །མདོའི་ཚིག་འདི་སྐད་དུ་བྲམ་ཟེ་ཞེས་བྱ་བ་ལ། བཅོམ་ལྡན་འདས་
དཔའ་བོའི་སྡེ་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་ཏ་ལར་གཤེགས་ནས། ཏ་ལའི་ནགས་ཁྲོད་ན་བཞུགས་སོ། །ཏ་ལའི་བྲམ་ཟེ་ཤིང་སཱ་ལ་ཆེན་པོས་དགེ་སྦྱོང་གཽ་ཏ་མ་དཔའ་བོའི་སྡེ་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཏ་ལར་གཤེགས་ནས་ཏ་ལའི་ནགས་ཁྲོད་ན་བཞུགས་སོ་ཞེས་ཐོས་ཏེ། ཐོས་ནས་ཐམས་
ཅད་རབ་ཏུ་དཀར་བའི་རྒོད་མའི་ཤིང་རྟ་ལ་ཞོན་ཏེ། གསེར་གྱི་དབྱུག་པ་དང་རིལ་བ་སྤྱི་བླུགས་དག་ཐོགས་ནས། གཞོན་ནུའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་། གཞོན་ནུའི་ཚོགས་ཀྱིས་མདུན་དུ་བྱས་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བའི་ཕྱིར་ཏ་ལའི་
ནགས་ནས་བྱུང་སྟེ། ཇི་སྲིད་དུ་ཤིང་རྟས་བགྲོད་པར་བྱ་བ་དེ་སྲིད་དུ་ཤིང་རྟས་སོང་ཞིང་ཤིང་རྟས་བགྲོད་པར་བྱ་བ་མ་ཡིན་པ་ན་རྐང་གིས་ཀུན་དགའ་ར་བར་ཞུགས་ནས། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་དགའ་བ་དང་། ཡང་
དག་པར་བདེ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཏ་ལའི་བྲམ་ཟེ་ཤིང་སཱ་ལ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་དྲིས་པ་ལུང་བསྟན་པའི་ཕྱིར་སྐབས་འབྱེད་ན་བདག་ཕྱོགས་ཅུང་ཟད་ཅིག་དྲིའོ། །བྲམ་ཟེ་
ཇི་ལྟར་འདོད་བཞིན་དུ་དྲིས་ཤིག །གཽ་ཏ་མ་དབང་པོ་ལྔ་པོ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ། ཡུལ་ཐ་དད་པ། རང་རང་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་ཞིང་། གཞན་དང་གཞན་གྱི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མི་མྱོང་བ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་
เล่ม ๑๔๗ · หน้า 79a
དབང་པོ་དང་། ལུས་ཀྱི་དབང་པོའོ། །འདི་དག་སྤྱོད་ཡུལ་དང་ཡུལ་ཅི་ཞིག་ཉམས་སུ་མྱོང་ཞིང་འདི་དག་ཅི་ཞིག་ལ་བརྟེན་པ་ལགས། བྲམ་ཟེ་དབང་པོ་ལྔ་པོ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ། ཡུལ་ཐ་དད་པ། རང་རང་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་ཞིང་། གཞན་དང་
གཞན་གྱི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བ་སྟེ། འདི་ལྟར་མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོའོ། །འདི་དག་ནི་ཡིད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་ཞིང་། འདི་དག་ནི་ཡིད་ལ་བརྟེན་པའོ། །གཽ་ཏ་མ་ཡིད་གང་ལ་བརྟེན།
བྲམ་ཟེ་ཡིད་ནི་དྲན་པ་ལ་བརྟེན་པའོ། །གཽ་ཏ་མ་དྲན་པ་གང་ལ་བརྟེན། བྲམ་ཟེ་དྲན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྟེན་ཏོ། །གཽ་ཏ་མ་དྲན་པ་ཉེ་བར་གཞག་པ་བཞི་གང་ལ་བརྟེན། བྲམ་ཟེ་དྲན་པ་ཉེ་བར་གཞག་པ་བཞི་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བརྟེན་ཏོ། །གཽ་ཏ་མ་བྱང་ཆུབ་ཀྱི་ཡན་ལག་བདུན་གང་
ལ་བརྟེན། བྲམ་ཟེ་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་རིག་པ་དང་རྣམ་པར་གྲོལ་བ་ལ་བརྟེན་ཏོ། །གཽ་ཏ་མ་རིག་པ་དང་རྣམ་པར་གྲོལ་བ་གང་ལ་བརྟེན། བྲམ་ཟེ་རིག་པ་དང་རྣམ་པར་གྲོལ་བ་ནི་མྱ་ངན་ལས་འདས་པ་ལ་བརྟེན་ཏོ། །གཽ་ཏ་མ་མྱ་ངན་ལས་འདས་པ་གང་ལ་བརྟེན། བྲམ་ཟེ་ཧ་ཅང་ཐལ་ཆེས་ཏེ།
དྲིས་པའི་མཐའ་བསྡུ་བར་མི་ནུས་སོ། །ངའི་དྲུང་དུ་ཚངས་པར་སྤྱོད་པ་བསྟེན་པ་རྣམས་ནི་སྡུག་བསྔལ་ཡང་དག་པར་ཟད་ཅིང་སྡུག་བསྔལ་མཐར་བྱས་ནས་མྱ་ངན་ལས་འདས་པར་འགྲོ་ཞིང་། མཐར་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ནས་ཏ་ལའི་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །སྲོག་ཆགས་དྲུག་པ་ལྟ་བུའི་མདོ་ལས་ཞེས་བྱ་བ་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་འདི་ལྟ་སྟེ། སྐྱེས་བུ་མཛེ་ཅན་ལུས་ཉམས་པ་
ལུས་སྨིན་པ་དབང་པོ་སྡུག་བསྔལ་གྱིས་ཉེ་བར་བཅོམ་པ་དག་སྨྱིག་མའི་ནགས་སུ་ཞུགས་ན། སྨྱིག་མའི་ལོ་མ་དང་ཚེར་མ་དག་ལུས་ལ་ཟུག་ཅིང་། རྩྭ་དང་ཤིང་དང་རྐང་པ་ལ་ཟུག་ཅིང་། དེའི་རྒྱུས་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ། །དྲག་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བ་ཉིད་སོ་
เล่ม ๑๔๗ · หน้า 79b
སོར་ཉམས་སུ་མྱོང་བར་འགྱུར་རོ། །དེ་བཞིན་དུ་འདི་ན་ཁ་ཅིག་རེག་པའི་སྐྱེ་མཆེད་དྲུག་གིས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། དྲག་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བ་སོ་སོར་ཉམས་སུ་མྱོང་བར་འགྱུར་རོ། །དྲུག་གང་ཞེ་ན། མིག་གི་རེག་པའི་སྐྱེ་མཆེད་ཀྱིས་སྡུག་བསྔལ་སོ་སོར་
མྱོང་བར་འགྱུར་ཞིང་། དྲག་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བ་ཉིད་ཉམས་སུ་མྱོང་བར་འགྱུར་རོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་ཞིང་། དྲག་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བ་ཉིད་སོ་སོར་ཉམས་སུ་མྱོང་བར་འགྱུར་རོ། །དགེ་
སློང་དག་འདི་ལྟ་སྟེ། གདུག་པ་ཅན་ལ་ཤིང་ངམ་ཤིང་གི་སྡོང་པོ་དག་གིས་སྣད་ན་སྡུག་བསྔལ་བར་འགྱུར་ཞིང་། ནད་དང་བཅས་པ་དང་། ཆུ་སེར་དང་། རྣག་འཛག་པར་འགྱུར་བ་དེ་བཞིན་དུ་འདི་ན་སྐྱེས་བུ་ཁ་ཅིག་གཏུམ་ཞིང་ངོར་སྨྲ་བའི་རང་བཞིན་ཅན་དུ་གྱུར་ན། དེ་ཆུང་ངུ་དང་མི་དགའ་བ་ཆུང་
ངུས་ཀྱང་ཁྲོ་བ་དང་གནོད་སེམས་སྐྱེད་ཅིང་ཡི་མུག་ཅིང་གནས་ཏེ། ཁྲོ་བར་ཡང་དག་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྐྱེས་བུ་དེའི་སེམས་ནི་མཛེ་ཅན་ལྟ་བུའོ། །དགེ་སློང་དག་སྡོམ་པ་མ་ཡིན་པ་དང་སྡོམ་པ་དག་བཤད་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་།
བཤད་པར་བྱའོ། །སྡོམ་པ་མ་ཡིན་པ་གང་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་མིག་གིས་གཟུགས་དག་མཐོང་ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་ལ་ཕྱིས་ཆོས་རྣམས་ལ་ལན་མང་དུ་རྗེས་སུ་རྟོག་པ་དང་། རྗེས་སུ་དཔྱོད་པར་བྱེད་དོ། །ཉེས་དམིགས་
མ་མཐོང་ཞིང་ཉེས་དམིགས་མ་མཐོང་བས་ལུས་ཀྱིས་ཐག་སྲིང་བར་མི་བྱེད་དོ། །དགེ་སློང་དག་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་རྣ་བས་སྒྲ་དང་། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། ཡིད་ཀྱིས་ཆོས་རྣམ་པར་ཤེས་ནས་མཚན་མར་འཛིན་ཅིང་མངོན་རྟགས་སུ་
འཛིན་ལ་ཕྱིས་ཆོས་རྣམས་ལ་ལན་མང་དུ་རྗེས་སུ་རྟོག་པ་དང་། རྗེས་སུ་དཔྱོད་པར་བྱེད་དེ། ཉེས་དམིགས་མ་མཐོང་ཞིང་ཉེས་དམིགས་མ་མཐོང་བས་ལུས་ཀྱིས་ཐག་སྲིང་བར་མི་བྱེད་དེ། འདི་ནི་སྡོམ་པ་མ་ཡིན་པ་ཞེས་བྱའོ། །སྡོམ་པ་གང་ཞེ་ན། དགེ་སློང་དག་འཕགས་པ་ཉན་ཐོས་
เล่ม ๑๔๗ · หน้า 80a
ཐོས་པ་དང་ལྡན་པ་མིག་གིས་གཟུགས་མཐོང་ནས་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་ལ་ཞེས་བྱ་བ་ནས་ལུས་ཀྱིས་ཐག་བསྲིངས་ནས་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་སྡོམ་པ་ཞེས་བྱའོ། །སྡོམ་པ་མ་ཡིན་པ་དང་སྡོམ་པ་དག་བཤད་པར་བྱའོ་
ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །དགེ་སློང་དག་དཔེར་ན་སྐྱེས་བུ་ཞིག་དགོན་པའི་ཨ་མྲའི་ནགས་སུ་སོང་བ་ན་སྲོག་ཆགས་དྲུག་རྙེད་དེ། ཁྱི་རྙེད་དེ་ཁྱི་བཟུང་ནས་སྐྲའི་ཐག་པའི་འཆིང་བས་ལེགས་པར་བརྟན་པར་བཅིངས་ཤིང་། བྱ་རྙེད་པ་དང་བྱ་བཟུང་ནས་སྐྲའི་ཐག་པའི་
འཆིང་པས་ལེགས་པར་བཅིངས་ཤིང་། ཅེ་སྤྱང་རྙེད་པ་དང་ཅེ་སྤྱང་བཟུང་ནས་སྐྲའི་ཐག་པའི་འཆིང་བས་ལེགས་པར་བརྟེན་པར་བཅིངས་ཤིང་། ཆུ་སྲིན་བྱིས་པ་གསོད་རྙེད་པ་དང་ཆུ་སྲིན་བྱིས་པ་གསོད་བཟུང་ནས་སྐྲའི་ཐག་པའི་འཆིང་བས་ལེགས་པར་བརྟན་པར་བཅིངས་ཤིང་། སྦྲུལ་རྙེད་
པ་དང་སྦྲུལ་བཟུང་ནས་སྐྲའི་ཐག་པའི་འཆིང་བས་ལེགས་པར་བརྟེན་པར་བཅིངས་ཤིང་། སྤྲེའུ་རྙེད་པ་དང་སྤྲེའུ་བཟུང་ནས་སྐྲའི་ཐག་པའི་འཆིང་བས་ལེགས་པར་བརྟན་པར་བཅིངས་ཏེ། དེ་དག་བར་དུ་ཐག་པ་གཅིག་གིས་བཅིངས་ཏེ་བཏང་ན་སྤྱོད་ཡུལ་ཐ་དད་པ་དེ་དག་རང་རང་གི་སྤྱོད་ཡུལ་དང་ཡུལ་
འདོད་ཅིང་གཞན་དང་གཞན་གྱི་སྤྱོད་ཡུལ་དང་ཡུལ་མི་འདོད་དེ། ཁྱི་ནི་གྲོང་གི་མཐར་འཇུག་པར་འདོད་ཅིང་། བྱ་ནི་ནམ་མཁའ་ལ་འཕུར་བར་འདོད་ལ། ཅེ་སྤྱང་ནི་དུར་ཁྲོད་དུ་འཇུག་པར་འདོད་དེ། ཆུ་སྲིན་བྱིས་པ་གསོད་ནི་ཆུའི་ནང་དུ་འཇུག་པར་འདོད་ཅིང་། སྦྲུལ་ནི་ཁུང་དུ་འཇུག་པར་འདོད་ལ།
སྤྲེའུ་ནི་རིགས་སུ་འཇུག་པར་འདོད་དེ། དགེ་སློང་དག་འོན་ཀྱང་སྤྱོད་ཡུལ་ཐ་དད་ཅིང་ཡུལ་ཐ་དད་པའི་སྲོག་ཆགས་དྲུག་པོ་རྣམས་རང་རང་གི་སྤྱོད་ཡུལ་དང་ཡུལ་འདོད་ཅིང་གཞན་དང་གཞན་གྱི་སྤྱོད་ཡུལ་དང་ཡུལ་མི་འདོད་མོད་ཀྱི། འོན་ཀྱང་གང་སྤུངས་ཆེ་ཞིང་སྟོབས་ཆེ་བར་འགྱུར་བ་དེའི་རྗེས་སུ་
འགྲོ་ཞིང་དེའི་དབང་དུ་འགྱུར་རོ། །དེ་བཞིན་དུ་སྤྱོད་ཡུལ་དང་ཡུལ་ཐ་དད་པའི་དབང་པོ་དྲུག་པོ་འདི་དག་རང་རང་གི་ཡུལ་འདོད་ཅིང་གཞན་དང་གཞན་གྱི་ཡུལ་མི་འདོད་དེ། མིག་གིས་ཡིད་དུ་འོང་བའི་གཟུགས་བལྟ་བར་འདོད་ཅིང་ཡིད་དུ་མི་འོང་བའི་གཟུགས་རྗེས་སུ་མི་མཐུན་པར་
เล่ม ๑๔๗ · หน้า 80b
འགྱུར་རོ། །རྣ་བ་ནི་ཡིད་དུ་འོང་བའི་སྒྲ་མཉན་པར་འདོད་ཅིང་ཡིད་དུ་མི་འོང་བའི་སྒྲ་རྗེས་སུ་མི་མཐུན་པར་འགྱུར་རོ། །སྣ་ནི་ཡིད་དུ་འོང་བའི་དྲི་མནམ་པར་འདོད་ཅིང་ཡིད་དུ་མི་འོང་བའི་དྲི་རྗེས་སུ་མི་མཐུན་པར་འགྱུར་རོ། །ལྕེ་ནི་ཡིད་དུ་འོང་བའི་རོ་མྱོང་བར་འདོད་ཅིང་ཡིད་དུ་མི་འོང་བའི་རོ་
དང་རྗེས་སུ་མི་མཐུན་པར་འགྱུར་རོ། །ལུས་ནི་ཡིད་དུ་འོང་བའི་རེག་བྱ་རེག་པར་འདོད་ཅིང་ཡིད་དུ་མི་འོང་བའི་རེག་བྱ་རྗེས་སུ་མི་མཐུན་པར་འགྱུར་རོ། །ཡིད་ནི་ཡིད་དུ་འོང་བའི་ཆོས་རྣམ་པར་ཤེས་པར་འདོད་ཅིང་ཡིད་དུ་མི་འོང་བའི་ཆོས་དང་རྗེས་སུ་མི་མཐུན་པར་འགྱུར་ཏེ། དགེ་སློང་དག་སྤྱོད་ཡུལ་
ཐ་དད་པ་དང་། ཡུལ་ཐ་དད་པའི་དབང་པོ་དྲུག་པོ་འདི་དག་ནི་རང་རང་གི་སྤྱོད་ཡུལ་དང་ཡུལ་འདོད་ཅིང་གཞན་དང་གཞན་གྱི་སྤྱོད་ཡུལ་དང་ཡུལ་མི་འདོད་མོད་ཀྱི། འོན་ཀྱང་གང་སྟོབས་ཆེ་ཞིང་སྟོབས་དང་ལྡན་པ་དེའི་རྗེས་སུ་འགྲོ་ཞིང་དེའི་དབང་དུ་འགྱུར་རོ། །དེ་ནས་སྐྱེས་བུ་དེས་སྲོག་
ཆགས་དྲུག་པོ་དེ་དག་ཀ་བའམ་ཕུར་པ་ལ་ལེགས་པར་བཅིངས་ཏེ་བཞག་ན་ཕ་རོལ་རིང་དུ་སོང་ཡང་ལུས་ངལ་བ་དང་། ལུས་དུབ་པ་དང་། ལུས་ལྕི་བས་ཀ་བའམ་ཕུར་པ་དེ་ཉིད་ཀྱི་དྲུང་དུ་འཁོར་ཞིང་འདུག་ལ་མངོན་པར་གནས་པར་འགྱུར་རོ། །དགེ་སློང་དག་འདི་ནི་ངས་དོན་ཤེས་པར་
བྱ་བའི་ཕྱིར་དཔེར་བྱས་པ་ཡིན་ཏེ། འདི་ནི་གཞན་དུ་བལྟ་བར་བྱའོ། །དགེ་སློང་དག་སྲོག་ཆགས་དྲུག་པོ་ཞེས་བྱ་བ་འདི་ནི་དབང་པོ་དྲུག་པོ་རྣམས་ཀྱི་ཚིག་བླ་དགས་སོ། །ཀ་བའམ་ཕུར་པ་ལེགས་པར་བཅིངས་ཏེ་ཞེས་བྱ་བ་འདི་ནི་ལུས་སུ་གཏོགས་པའི་དྲན་པའི་ཚིག་བླ་དགས་སོ། །དགེ་སློང་
དག་ལུས་སུ་གཏོགས་པའི་དྲན་པ་ཀུན་དུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་མིག་གིས་ཡིད་དུ་འོང་བའི་གཟུགས་བལྟ་བར་འདོད་པ་དང་། ཡིད་དུ་མི་འོང་བའི་གཟུགས་རྗེས་སུ་མི་མཐུན་པར་མི་འགྱུར་རོ། །རྣ་བས་ཡིད་དུ་འོང་བའི་སྒྲ་མཉན་པར་འདོད་ཅིང་ཡིད་དུ་མི་འོང་བའི་སྒྲ་མི་
མཐུན་པར་འགྱུར་རོ། །སྣས་ཡིད་དུ་འོང་བའི་དྲི་བསྣམ་པར་འདོད་ཅིང་ཡིད་དུ་མི་འོང་བའི་དྲི་རྗེས་སུ་མི་མཐུན་པར་མི་འགྱུར་རོ། །ལྕེས་ཡིད་དུ་འོང་བའི་རོ་མྱོང་བར་འདོད་ཅིང་ཡིད་དུ་མི་འོང་བའི་རོ་རྗེས་སུ་མི་མཐུན་པར་མི་འགྱུར་རོ། །ལུས་ཀྱིས་ཡིད་དུ་འོང་བའི་རེག་བྱ་རེག་པར་འདོད་ཅིང་ཡིད་དུ་མི་
เล่ม ๑๔๗ · หน้า 81a
འོང་བའི་རེག་བྱ་རྗེས་སུ་མི་མཐུན་པར་མི་འགྱུར་རོ། །ཡིད་ཀྱིས་ཡིད་དུ་འོང་བའི་ཆོས་རྣམ་པར་ཤེས་པར་འདོད་ཅིང་ཡིད་དུ་མི་འོང་བའི་ཆོས་རྗེས་སུ་མི་མཐུན་པར་མི་འགྱུར་ཏེ། དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། གང་ལུས་སུ་གཏོགས་པའི་དྲན་
པ་ཀུན་དུ་སྟེན་པ་དང་། གོམས་པར་བྱེད་པ་དང་ལན་མང་དུ་བྱེད་པ་དེ་ལྟར་དགེ་སློང་དག་བསླབ་པར་བྱའོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་མངོན་པར་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་ཚོགས་ཀྱིས་བསྡུས་པའི་སྡོམ་གྱི་
ཚིགས་སུ་བཅད་པ་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་པའི་མདོ་ལྔ་པ་ལས་འབྱུང་བ་མཛོད་ཀྱི་གནས་དང་པོར། འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཞེས་བྱ་བར་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་ན་ཞེས་བྲིས་ཟིན་ཏོ། །ཤེས་རབ་དང་རྣམ་པར་ཤེས་པ་དག་ནི་
ཡུལ་མཚུངས་པའི་ཕྱིར་ཞེས་བྱ་བ་ལ། ལུང་བར་མ་ལས་འབྱུང་བས་སྔར་གནས་པར་བཤད་ཅིང་བསྟན་ལ། གསུས་པོ་ཆེའི་མདོ་ལས་འདི་ལྟར་འདོན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཤེས་རབ་ཅེས་བརྗོད་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་གང་ཞེ་ན། ཚེ་དང་ལྡན་པ་གསུས་པོ་ཆེ་
རབ་ཏུ་ཤེས་ཤིང་རབ་ཏུ་ཤེས་པ་དེའི་ཕྱིར་ཤེས་རབ་ཅེས་བྱའོ། །ཅི་ཞིག་རབ་ཏུ་ཤེས་ཤེ་ན། དགེ་བ་དང་མི་དགེ་བའི་ཆོས་རྣམས་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། དམན་པ་དང་། གྱ་ནོམ་པ་དང་། དཀར་པོ་དང་། ནག་པོ་
དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རབ་ཏུ་དབྱེ་བ་དང་བཅས་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། ཚེ་དང་ལྡན་པ་གསུས་པོ་ཆེ་རབ་ཏུ་ཤེས་ཤིང་རབ་ཏུ་ཤེས་པ་དེའི་ཕྱིར་ཤེས་རབ་ཅེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པ་རྣམ་པར་ཤེས་པ་ཞེས་བརྗོད་པ་རྣམ་པར་ཤེས་པ་གང་ཡིན་ཞེ་ན།
ཚེ་དང་ལྡན་པ་གསུས་པོ་ཆེ་རྣམ་པར་ཤེས་ཤིང་རྣམ་པར་ཤེས་ཏེ། དེའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱའོ། །ཅི་ཞིག་རྣམ་པར་ཤེས་ཤེ་ན། གཟུགས་རྣམ་པར་ཤེས་ཤིང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམ་པར་ཤེས་ཏེ། ཚེ་དང་ལྡན་པ་གསུས་པོ་ཆེ་རྣམ་པར་ཤེས་ཤིང་
เล่ม ๑๔๗ · หน้า 81b
རྣམ་པར་ཤེས་པ་དེའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་གང་ཡིན་པ་དང་རྣམ་པར་ཤེས་པ་གང་ཡིན་པའི་ཆོས་འདི་གཉིས་འདྲེས་པ་ཞིག་གམ་མ་འདྲེས་པ་ཞིག །གང་ཡང་ཆོས་འདི་གཉིས་སོ་སོ་སོ་སོར་ཁྱད་པར་རམ་རྣམ་པ་ཐ་དད་པར་གདགས་པ་རྙེད་དམ།
ཚེ་དང་ལྡན་པ་གསུས་པོ་ཆེ་ཤེས་རབ་གང་ཡིན་པ་དང་རྣམ་པར་ཤེས་པ་གང་ཡིན་པའི་ཆོས་འདི་གཉིས་ནི་འདྲེས་པ་སྟེ། མ་འདྲེས་པ་མ་ཡིན་ཞིང་གང་ཡང་ཆོས་འདི་གཉིས་སོ་སོ་སོ་སོར་ཁྱད་པར་རམ་རྣམ་པ་ཐ་དད་པར་གདགས་པ་མི་རྙེད་དེ། ཚེ་དང་ལྡན་པ་གསུས་པོ་ཆེ་གང་ཡང་
ཤེས་རབ་ཅེས་བྱ་བ་དང་རྣམ་པར་ཤེས་ཞེས་བྱ་བའི་ཆོས་འདི་གཉིས་ནི་ཡང་དག་པར་འདྲེས་པ་སྟེ། ཆོས་འདི་གཉིས་ནི་སོ་སོ་སོ་སོར་ཁྱད་པར་རམ་རྣམ་པ་ཐ་དད་པར་གདགས་པ་མི་རྙེད་དེ། དེ་ཅིའི་ཕྱིར་ཞེ་ན། གང་རབ་ཏུ་ཤེས་པ་དེ་རྣམ་པར་ཤེས་ཤིང་གང་རྣམ་པར་ཤེས་པ་དེ་རབ་ཏུ་ཤེས་པ་དེའི་
ཕྱིར་ཆོས་འདི་གཉིས་ནི་ཡང་དག་པར་འདྲེས་པ་སྟེ་མ་འདྲེས་པ་མ་ཡིན་ཞིང་གང་ཡང་ཆོས་འདི་གཉིས་སོ་སོ་སོ་སོར་ཁྱད་པར་རམ་རྣམ་པ་ཐ་དད་པར་གདགས་པ་མི་རྙེད་དོ་ཞེས་གསུངས་སོ། །མའི་མདོ་ལས་ཞེས་བྱ་བ་ལ་སྐྱེ་མཆེད་དྲུག་གི་ཚོགས་ལས་འབྱུང་བ་གནས་དྲུག་པ་འདི་ཉིད་དུ་ཀུན་
འབྱུང་གི་བདེན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་ལས་དང་སྲིད་པ་ཞེས་བྱ་བར་བཤད་པར་བསྟན་ཅིང་། མཛོད་ཀྱི་གནས་གཉིས་པར། འདུས་མ་བྱས་ལ་དེ་དག་མེད། །ཅེས་བྱ་བའི་སྐབས་སུ་བྲིས་པ་བལྟ་བར་བྱའོ། །བྲམ་ཟེ་ཐམས་ཅད་ཡོད་དོ་ཞེས་བྱ་བ་
ནི་སྐྱེ་མཆེད་བཅུ་གཉིས་ཀྱི་བར་གྱི་ཆོས་རྣམས་ཡིན་ནོ་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་ཚོགས་ཀྱིས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་ལས། ཐམས་ཅད་ཐམས་ཅད་ཡོད་དོ་ཞེས། །བྲམ་ཟེ་ཆོས་རྣམས་ཐམས་ཅད་དྲིས། །ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་
བཅད་པའི་མདོ་གཉིས་པ་ལས་འབྱུང་བ་གནས་ལྔ་པ་འདི་ཉིད་དུ་འདས་པ་དང་མ་འོངས་པ་བསམ་པར་ཇི་ལྟར་མདོ་ལས་ཐམས་ཅད་ཡོད་དོ་ཞེས་བཤད་པ་དེ་ལྟར་ལེགས་ཏེ་ཞེས་བྱ་བར་བྲིས་ཟིན་ཏོ། །གཟུགས་ཅན་སྙིང་པོའི་མདོ་ལས་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་པར་ལྡན་པའི་
เล่ม ๑๔๗ · หน้า 82a
ཚོམས་ལ་འབྱུང་བ་དྲུག་པ་དང་། མཛོད་ཀྱི་གནས་གསུམ་པར་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐབས་སུ་དགེ་སློང་དག་བདག་བདག་ཅེས་བྱ་བ་འདི་ནི་ཞེས་བྱ་བར་བྲིས་ཟིན་ཏོ། །དགྲ་བཅོམ་མ་བྲག་གིས་བདུད་ལས་བརྩམས་ཏེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་
ཡོད་པ་ནའོ། །དེའི་ཚེ་དགེ་སློང་མ་བྲག་མཉན་ཡོད་ཀྱི་རྒྱལ་པོའི་དགེ་སློང་མའི་དབྱར་ཁང་ན་གནས་ཏེ། དེ་ནས་དགེ་སློང་མ་བྲག་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཟོས་པའི་འོག་ཏུ་ལྷུང་བཟེད་
བཁྲུས་ཏེ། ཆོས་གོས་དང་ལྷུང་བཟེད་ཕྱོགས་གཅིག་ཏུ་བཞག་ནས། འདུག་པའི་སྟན་ཁྱེར་ནས། ལོང་བ་ཅན་གྱི་ནགས་ཚལ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ལོང་བ་ཅན་གྱི་ནགས་ཚལ་དུ་ཞུགས་ཏེ། ཤིང་ལྗོན་པ་གཞན་ཞིག་གི་དྲུང་དུ་ཉན་པར་གནས་པའི་ཕྱིར་བརྟེན་
ཅིང་འདུག་གོ། །དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་གང་དགེ་སྦྱོང་གཽ་ཏ་མ་ནི་མཉན་ཡོད་ཀྱི་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ལ། དེའི་ཉན་ཐོས་དགེ་སློང་མ་བྲག་ནི་མཉན་ཡོད་ཀྱི་རྒྱལ་པོའི་དགེ་སློང་མའི་དབྱར་ཁང་ན་འདུག་སྟེ། སྔ་དྲོ་ཆོས་
གོས་དང་ལྷུང་བཟེད་ཐོགས་ནས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཤིང་ལྗོན་པ་གཞན་ཞིག་གི་དྲུང་དུ་ཉིན་པར་གནས་པའི་ཕྱིར་འདུག་གོ་ཞེས་བྱ་བའི་བར་དུ་སྟེ། གང་ཡང་བདག་རྣམ་པར་གཡེང་བའི་ལས་ཀྱི་ཕྱིར་ཉེ་བར་འགྲོ་བར་བྱའོ་སྙམ་ནས་གཞོན་ནུ་ལང་ཚོ་ལ་བབ་པའི་གཟུགས་སུ་བདག་
ཉིད་མངོན་པར་སྤྲུལ་ནས། དགེ་སློང་མ་བྲག་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་དགེ་སློང་མ་བྲག་གི་མདུན་དུ་འདུག་སྟེ་ཚིགས་སུ་བཅད་པ་སྨྲས་པ། སེམས་ཅན་འདི་དག་གང་གིས་བྱས། །སེམས་ཅན་རྣམས་ཀྱི་བྱེད་པ་གང་། །སེམས་ཅན་གང་ལས་རབ་ཏུ་སྐྱེས། །སེམས་
ཅན་གང་དུ་འགྲོ་བར་འགྱུར། །བདུད་ཀྱི་སེམས་ཅན་སྙམ་སེམས་ནས། །འདི་ནི་ལྟ་བར་གྱུར་པ་སྟེ། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་རྙེད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་ལ་ནི། །ཤིང་རྟའི་འདུ་ཤེས་དྲན་པ་འབྱུང་། །དེ་བཞིན་ཕུང་པོའི་ཉེར་ལེན་ལས། །
เล่ม ๑๔๗ · หน้า 82b
ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །འདི་དག་སྐྱེ་བ་སྡུག་བསྔལ་ཏེ། །གནས་པ་ཉིད་ཀྱི་སྡུག་བསྔལ་ཏེ། །སྡུག་བསྔལ་ཉིད་ནི་འགག་འགྱུར་ཞིང་། །སྡུག་བསྔལ་ཚོགས་ལས་གཞན་དུ་མིན། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་དགེ་སློང་མ་བྲག་གི་སེམས་ཀྱིས་བདག་གི་སེམས་
ཤེས་སོ་སྙམ་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡིད་ལ་གཅགས་བཞིན་དུ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་གསུངས་སོ། །ལུང་ཕྲན་ཚེགས་ལས་བྲམ་ཟེ་རྒྱ་ཤུག་གི་དབང་དུ་མཛད་ནས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པས་བ་ད་རའི། །སེམས་ནི་ཐུགས་ཀྱིས་མཁྱེན་མཛད་ནས། །
རྫོགས་སངས་སྟེང་དུ་རྫུ་འཕྲུལ་གྱིས། །གཤེགས་ནས་སྐྱིལ་མོ་ཀྲུང་བཅས་བཞུགས། །དེ་ནས་མཚན་གྱིས་ཡོངས་བརྒྱན་ཏེ། །སྐྱོ་བཅས་རྒྱ་ཤུག་གིས་མཐོང་ནས། །སྟན་ལས་རབ་ཏུ་ལངས་ནས་ནི། །ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། །གྲོགས་པོ་འདི་ན་སྟོན་པ་ནི། །གཞོན་
ནུ་རྣམས་ཀྱིས་ཐོས་ནས་ནི། །ཕ་རོལ་རབ་ཏུ་རྒལ་གྱུར་ཅིང་། སྐམ་སར་གནས་པའི་ཆོས་སྟོན་བྱེད། །དེ་ནས་པིང་གོ་སྟན་ལས་ལངས། །བླ་གོས་ཕྲག་པ་གཅིག་བྱས་ཤིང་། །ཐལ་མོ་སྦྱར་བ་བྱས་ནས་ནི། །ཚིགས་སུ་བཅད་པ་འདི་སྐད་སྨྲས། །འདི་ནི་བྲམ་ཟེ་རྫོགས་སངས་
རྒྱས། །འགྲོ་བ་སེམས་ཅན་རབ་ཏུ་འཛིན། །འདི་ཡིས་འདོད་པ་རབ་འདུལ་ཞིང་། །ཐེ་ཚོམ་གཅོད་པར་མཛད་པ་འདི། །འདི་ཡིས་འདོད་པ་རབ་འདུལ་བས། །མཁན་པོ་ཁྱེད་ནི་དགྱེས་པར་མཛོད། །འདི་ནི་འཇིག་རྟེན་ཉི་མ་སྟེ། །འདི་ནི་འཇིག་རྟེན་སྒྲོལ་མ་ཡིན། །འདི་
ཡིས་ཉོན་མོངས་རབ་སྤོང་བའི། །ཐུབ་པས་ཆོས་ནི་བསྟན་པར་མཛད། །འདི་ནི་འཇིག་རྟེན་མཆོག་གྱུར་ཏེ། །འཇིག་རྟེན་སྣང་བ་འདི་ཡིན་ནོ། །སེམས་ཅན་གྲོལ་མཛད་འདི་ཡིན་ཏེ། །སེམས་ཅན་གསོ་བར་མཛད་པ་འདི། །འདི་ཡིས་ལས་རབ་གསལ་མཛད་ནས། །སྡུག་བསྔལ་
ཀུན་ལས་གྲོལ་བར་མཛད། །འདི་ཡི་རིགས་ནི་མཆོག་ཡིན་ཏེ། །འདི་ནི་ཉི་མའི་རིགས་སུ་འཁྲུངས། །མཚན་མཆོག་སུམ་ཅུ་རྩ་གཉིས་ཀྱིས། །འདི་ཡི་མཚན་རྣམས་ཕུན་སུམ་ཚོགས། །འདི་དང་མཉམ་པ་གཞན་མེད་ཅིང་། །བླ་མ་དག་ཀྱང་ཡོད་མ་ཡིན། །འདི་ཡིས་ཡེ་ཤེས་
เล่ม ๑๔๗ · หน้า 83a
སྐྱེས་པའི་ཕྱིར། །ཇི་ལྟར་རྒྱ་མཚོ་བཞི་མི་གཡོ། །གཟི་བརྗིད་དྲག་ཅིང་མཐུ་ཆེ་བ། །དགེ་སློང་ཆེན་པོ་འདི་ལྟ་བུ། །འདི་ནི་འཇིག་རྟེན་ཐུགས་བརྩེ་ཅན། །འདི་ནི་འཇིག་རྟེན་སྨན་པ་ཡིན། །འདི་ཡིས་རྒོལ་བ་རབ་འཇོམས་ཤིང་། །མུ་སྟེགས་ཅན་རྣམས་ཆོས་ལྡན་
བྱེད། །འདི་ནི་འཇིག་རྟེན་བླ་མེད་དེ། །འདི་ནི་རྐང་གཉིས་རྣམས་ཀྱི་མཆོག །འདི་ནི་འཇིག་རྟེན་རྣམ་འདྲེན་ཏེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ཡི། །ཆུ་བོ་འཇིགས་ཆེན་ལས་སྒྲོལ་འདི། །སྟོན་པ་ཕ་རོལ་ཕྱིན་ཅིང་རྒལ། །འདི་ནི་ཕ་རོལ་སྐམ་སར་གནས། །ཁྱེད་ནི་ཉེར་སོང་དྲི་བྱས་
ན། །དོགས་པ་དེ་ཡིས་སེལ་བར་འགྱུར། །རྐང་གཉིས་མཆོག་གྱུར་མཐོང་ནས་ནི། །རྒྱ་ཤུག་གཟི་བརྗིད་ལྡན་གྱུར་ནས། །ཐལ་མོ་རབ་ཏུ་སྦྱར་བྱས་ནས། །དེ་ལ་འདི་སྐད་ཚིག་གསོལ་ཏོ། །འཁོར་བའི་རྒྱ་མཚོ་ཆེན་པོ་ཡི། །ནང་ན་གནས་པ་བདག་ལ་ནི། །ཐུགས་བརྩེ་བསྐྱེད་པ་
མཛད་ནས་ནི། །མི་མཆོག་བདག་ཅག་རྒལ་བར་མཛོད། །དེ་ནས་སྟོན་པ་ཐུགས་བརྩེ་བ། །ཐུབ་པ་འཇིག་རྟེན་ཀུན་ཕན་མཛད། །རྐང་གཉིས་གཙོ་བོ་སེམས་ཅན་མཆོག །རྒྱ་ཤུག་ལ་ནི་བཀའ་སྩལ་པ། །ཇི་ལྟར་སེམས་ནི་ཀུན་ཉོན་མོངས། །དེ་བཞིན་སེམས་ནི་རྣམ་པར་བྱེད། །
མདུད་པ་ཐམས་ཅད་གྲོལ་བྱེད་པའི། །ཆོས་ནི་རྒྱ་ཤུག་ཁྱོད་ཉོན་ཅིག །འདི་ན་བདག་ལ་བདག་མེད་དེ། །ཕྱིན་ཅི་ལོག་གིས་ཀུན་དུ་བརྟགས། །བདག་གམ་སེམས་ཅན་མེད་པ་སྟེ། །ཆོས་འདི་དག་ནི་རྒྱུ་དང་བཅས། །སྲིད་པའི་ཡན་ལག་བཅུ་གཉིས་དང་། །ཕུང་པོ་དང་ནི་སྐྱེ་མཆེད་ཁམས། །
ཐམས་ཅད་རབ་ཏུ་བསམ་བྱས་ན། །གང་ཟག་རབ་ཏུ་མི་དམིགས་སོ། །ནང་སྟོང་ཉིད་དུ་མཐོང་གྱུར་ཅིང་། །ཕྱི་སྟོང་ཉིད་དུ་མཐོང་གྱུར་ན། །དེ་ཡིས་ཅུང་ཟད་ཀྱང་མི་རྙེད། །སྒོམ་པ་པོ་ཡང་སྟོང་པ་སྟེ། །འཇིག་རྟེན་ཐམས་ཅད་ཉེར་འཚོ་བ། །སྟོང་པ་ཉིད་དུ་བལྟ་བར་གྱིས། །མྱ་ངན་འདས་
པ་གནས་པར་སྐྱབས། །འདི་ཡི་ལམ་ནི་ཉེར་བསྟན་བྱ། །རྒྱ་ཤུག་སེམས་ཅན་བསམ་བྱས་ཏེ། །སྟན་དེ་ཉིད་ལ་གནས་བཞིན་དུ། །འདོད་ཁམས་ཡོངས་སུ་དག་གྱུར་པའི། །ཕྱིར་མི་འོང་བའི་འབྲས་བུ་ཐོབ། །བདེན་པ་མཐོང་བར་གྱུར་པ་ནི། །རྒྱ་ཤུག་ཡིད་རབ་དགའ་བ་ཡིས། །
เล่ม ๑๔๗ · หน้า 83b
ཐལ་མོ་རབ་ཏུ་སྦྱར་བྱས་ནས། །འདི་སྐད་ཅེས་བྱའི་ཚིག་གསོལ་ཏོ། །གང་ཚེ་མ་ལས་བདག་སྐྱེས་ནས། །བདག་གིས་ལོ་བརྒྱ་ཉི་ཤུ་ལོན། །བྲམ་ཟེ་བློན་པོ་རྣམས་ལས་བདག །ཀུན་གྱིས་ཕ་རོལ་ཕྱིན་པར་གྱུར། །ལོ་འདི་རྣམས་སུ་ཁྱད་པར་འཕགས། །བདག་གིས་ཅུང་ཟད་ཀྱང་
མ་རྟོགས། །ཆོས་ཅན་ལེགས་པར་བཤད་པ་ཡིས། །བདག་གིས་གྲོལ་བའི་གོ་འཕང་ཐོབ། །བདག་གིས་མཐོང་བ་དྲི་མེད་ཅིང་། །བདག་གིས་བློ་མིག་ཡོངས་དག་གྱུར། །གྲོལ་བ་སྤྱི་བོས་བཀུར་བྱ་ཞེས། །བདེན་པར་སྨྲ་བའི་ལྷ་རྣམས་གསུངས། །ཞེས་གསུངས་སོ། །ཇི་སྐད་དུ་
བདག་ཏུ་ལྟ་བ་ལ་ཉེས་དམིགས་ལྔ་ཡོད་དེ་ཞེས་བྱ་བ་ལ། མདོ་ལྔ་བར་ཡོངས་སུ་རྫོགས་པར་བྲིས་ཟིན་པས་ཡང་མི་འབྲིའོ། །ཅི་དེ་དག་ལ་ཆོས་ཐམས་ཅད་ལ་བདག་མེད་དོ་ཞེས་བྱ་བའི་མདོ་འདི་ཡང་མེད་དམ་ཞེས་བྱ་བ་ལ། དགེ་སློང་དག་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། ཆོས་ཐམས་ཅད་ནི་
བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བའི་དབང་དུ་མཛད་ནས། སློབ་དཔོན་སྣ་ཚོགས་བློ་གྲོས་ཀྱིས་བཅོམ་ལྡན་འདས་ཀྱི་བསྟོད་པ་བཞི་བརྒྱ་པ་ལས། ཆོས་རྣམས་ཐམས་ཅད་བདག་མེད་ཅིང་། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །མྱ་ངན་འདས་པ་ཞི་བ་ཞེས། །
ཁྱོད་ཀྱི་ཆོས་ཀྱི་ཕྱག་རྒྱ་གསུམ། །རྒོལ་བ་ཀུན་གྱིས་མི་རྟོགས་ཤིང་། །གཞིག་པར་མི་ནུས་རྣམ་པར་གནས། །འཇིག་རྟེན་མང་དུ་སྨྲ་བྱེད་ཀྱང་། །གང་གིས་རང་བཞིན་བཟློག་པར་ནུས། །ཞེས་གསུངས་ལ། ཆོས་ཀུན་དེ་བཞིན་བདག་མེད་ཅེས། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །
དེ་ནས་ཡིད་འབྱུང་འགྱུར་བ་སྟེ། །འདི་ནི་སྡུག་བསྔལ་དག་པའི་ལམ། །ཞེས་འབྱུང་བ་དང་། བདག་ནི་མེད་པ་སྟེ་གཞན་ནི་ཕྱི་ཅི་ལོག་གོ་ཞེས་བྱ་བའི་མདོ་འདི་ཡང་ཇི་ལྟར་རྟོག་པར་བྱེད་དེ། དེ་ཡང་བཞི་ལས་འཕྲོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་ལས་འབྱུང་བ་གཉིས་པ་དང་
མཛོད་ཀྱི་གནས་ལྔ་པ་འདི་ཉིད་དུ་ཕྱིན་ཅི་ལོག་གི་མདོར་བྲིས་ཟིན་ཏོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་ཞིག་བདག་གོ་ཞེས་ཡང་དག་པར་རྗེས་སུ་བལྟ་བ་ཞེས་བྱ་བ་ལ། ཕུང་པོ་ལས། བདག་མེད་ཆ་མེད་ས་བོན་དང་། །ཉེ་བར་འགྲོ་དང་བདུན་དང་ལྔ། །ཡོངས་སུ་སྐྱོ་བས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด