ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๖ · หน้า 31a
འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་
རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་
བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང་། འདི་འགགས་པས་འདི་འགག་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །
འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །
ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་བ་དང་། ན་བ་དང་འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །ཀུན་དགའ་བོ་འདི་ཙམ་གྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར་རོ། །བཅུན་པ་འདི་ཙམ་
གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར་ན་བཙུན་པ་ཇི་ཙམ་གྱིས་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར། ཀུན་དགའ་བོ་གནས་མ་ཡིན་པ་ལ་གནས་མ་ཡིན་པ་དང་། གནས་ལ་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ།
เล่ม ๑๔๖ · หน้า 31b
ཀུན་དགའ་བོ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ཡིད་དང་ངག་གིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་བསྔལ་བ་དང་། དགའ་བ་དང་། ཡིད་དུ་འོང་བ་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་
གོ་སྐབས་མེད་དོ། །གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ཡིད་དང་ངག་གིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བ་འགྲུབ་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །
གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་འགྲུབ་པར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་
སྐབས་མེད་དེ་གང་ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་མཐོ་རིས་ལྷ་དང་མིའི་འཇིག་རྟེན་དུ་སྐྱེ་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གནས་ཡིན་ཞིང་གོ་སྐབས་ཡོད་དེ་
གང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་
མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བ་འདི་ནི་གནས་མ་
ཡིན་ཞིང་གོ་སྐབས་མེད་དོ། །གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་མཐོ་རིས་ལྷ་དང་མིའི་འཇིག་རྟེན་དུ་སྐྱེ་བ་
เล่ม ๑๔๖ · หน้า 32a
འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། སྔ་ཕྱི་མེད་པར་འཇིག་རྟེན་གཅིག་ཏུ་འཁོར་ལོས་སྒྱུར་བ་གཉིས་འབྱུང་བར་འགྱུར་བ་འདི་ནི་གནས་མེད་དོ། །གཅིག་འབྱུང་བ་འདི་ནི་གནས་ཡོད་དོ། །
གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྔ་ཕྱི་མེད་པར་འཇིག་རྟེན་གཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འབྱུང་བ་འདི་ནི་གནས་མ་ཡིན་ཞིང་གཅིག་འབྱུང་བ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་
མེད་དེ། བུད་མེད་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །གང་སྐྱེས་པས་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། བུད་མེད་རྒྱལ་པོ་ཆེན་པོ་བཞི་ཉིད་དང་། བརྒྱ་བྱིན་ཉིད་དང་།
ཚངས་པ་ཉིད་བྱེད་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེད་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་སྐྱེས་པས་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་
ཡིན་ཞིང་གོ་སྐབས་མེད་དེ་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་བསམས་བཞིན་དུ་མ་གསོད་པར་འགྱུར་བ་འདི་ནི་གནས་མེད་ཅིང་སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་བསམས་བཞིན་དུ་ཕ་གསོད་
པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་མཐུན་པ་འབྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་
ཞིང་གོ་སྐབས་མེད་དེ། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་བསམས་བཞིན་དུ་དུད་འགྲོའི་འགྲོ་བ་བསད་པར་འགྱུར་བ་དང་། བསམས་བཞིན་དུ་བསླབ་པ་ལས་འདའ་བ་དང་། བསླབ་པ་ཉམས་པར་བྱེད་པར་འགྱུར་བ་དང་། འདི་ལས་ཕྱི་རོལ་
เล่ม ๑๔๖ · หน้า 32b
པའི་ཡོན་གནས་ཀྱི་རྗེས་སུ་འབྲང་བ་དང་། འདི་ལས་ཕྱི་རོལ་པའི་སྟོན་པ་ལ་དད་པ་དང་། དགེ་སྦྱོང་དང་བྲམ་ཟེ་འདི་དག་ཤེས་པར་བྱ་བ་ཤེས་སོ། །མཐོང་བར་བྱ་བ་མཐོང་ངོ་ཞེས་གཞན་དགེ་སྦྱོང་དང་བྲམ་ཟེ་ལ་མངོན་དུ་ཕྱོགས་ཤིང་ལྟ་བ་དང་། མངོན་དུ་ཕྱོགས་ཤིང་རྟོག་
པ་དང་། བཀྲ་ཤིས་དང་དགེ་མཚན་དག་ལ་དད་པ་འཛིན་པ་དང་། སྲིད་པ་བརྒྱད་པ་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྒྲིབ་པ་རྣམ་པ་ལྔ་པོ་སེམས་ཉེ་བའི་ཉོན་མོངས་པར་བྱེད་
པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་ཐོབ་པའི་གནས་སུ་གྱུར་པ་མ་སྤངས་བར་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང་སྤྱོད་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ།
ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་ཐོབ་པའི་གེགས་སུ་གྱུར་པ་སྤངས་ན་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང་གནས་པ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྒྲིབ་པ་ལྔ་པོ་སེམས་
ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། མྱ་ངན་ལས་འདས་པ་ཐོབ་པའི་གེགས་ཀྱི་ཕྱོགས་སུ་གྱུར་པ་མ་སྤངས་པར་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང་གནས་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་
བསྒོམ་པ་འདི་ནི་གནས་མེད་དོ། །གནས་ཡོད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་ཐོབ་པའི་གེགས་ཀྱི་ཕྱོགས་སུ་གྱུར་པ་དེ་སྤངས་ན་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལ་སེམས་ལེགས་པར་
གནས་ཤིང་གནས་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་མི་འཇུག་
เล่ม ๑๔๖ · หน้า 33a
པར་བྱེད་པའི་གེགས་ཀྱི་ཕྱོགས་མ་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་མི་གནས་ཤིང་མི་སྤྱོད་པ་བྱང་ཆུབ་ཀྱི་ཡན་ལག་བདུན་མ་བསྒོམས་པར་སྡུག་བསྔལ་ཡང་དག་པར་མཐར་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །གནས་ཡོད་དེ།
གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་གནས་ཤིང་སྤྱོད་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ནས་སྡུག་བསྔལ་
གྱི་མཐར་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་མ་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་
བཞི་ལ་སེམས་མི་གནས་ཤིང་མི་སྤྱོད་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་མ་བསྒོམས་པར་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །གནས་ཡོད་དེ། གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་
བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་གནས་ཤིང་སྤྱོད་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་
མ་ཡིན་ཞིང་གོ་སྐབས་མེད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་མ་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་མི་གནས་ཤིང་མི་སྤྱོད་
ལ། བྱང་ཆུབ་ཀྱི་ཡན་ལག་བདུན་མ་བསྒོམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཤིང་བྱང་ཆུབ་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གནས་ཡོད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་
เล่ม ๑๔๖ · หน้า 33b
བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་སྤངས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་གནས་ཤིང་སྤྱོད་པ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་འདི་ནི་གནས་ཡོད་དོ། །ཀུན་དགའ་བོ་འདི་
ཙམ་གྱིས་ན་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར་ན། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་
འདིའི་མིང་ལེའུ་བཞི་པ་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཀྱི་མེ་ལོང་ཞེས་བྱ་བར་ཡང་ཟུང་ཤིག །བདུད་རྩི་ལྔ་ཞེས་བྱ་བར་ཡང་ཟུང་ཤིག །ཁམས་མང་པོ་པའི་མདོ་ཞེས་བྱ་བར་ཡང་ཟུང་ཤིག །དེའི་ཕྱིར་ཁམས་མང་པོ་པའི་མདོ་ལས་འདི་སྐད་ཅེས་གསུངས་
སོ། །བར་སྡོམ་ལ། ཁམས་ནི་བཅོ་བརྒྱད་བཞི་དག་དང་། །ས་དང་འདོད་པ་ཚོར་བདེ་དང་། །འདོད་པ་གཟུགས་དང་འདས་པ་དང་། །དམན་དང་དགེ་བའི་ཁམས་ཉིད་དང་། །སློབ་པ་དང་ནི་མི་སློབ་པ། །ཟག་བཅས་ཟག་པ་མེད་པ་དང་། །འདུས་བྱས་
འདུས་མ་བྱས་དག་ཏུ། །བྱས་ནས་ཚོམས་སུ་ཡང་དག་བསྟན། །བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱ་བ་ལ་སྐྱེ་མཆེད་སོ་སོར་བསྟན་པའི་མདོ་སྔར་བཤད་པ་གཞན་དུ་བལྟ་བར་བྱའོ། །དབང་པོ་
རྣམས་མ་ཚང་བ་མེད་ཅིང་ཞན་པ་མ་ཡིན་ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་ལུང་རིང་པོའི་མདོ་ལས་དང་པོ་ཡོངས་སུ་ཉམས་པར་བརྗོད་པ་དེ་དང་དེ་ལས་འདོན་པ་ལྟ་བུ་སྟེ། དེ་ལས་འདི་ལྟར་འབྱུང་སྟེ། གལ་ཏེ་ཐམས་ཅད་དུ་གཟུགས་མེད་པའི་ཁམས་ཡོད་ན།
འདི་ལྟར་བདག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་གཟུགས་མེད་པའི་ཁམས་སུ་སྐྱེ་བར་འགྱུར་ལ། གལ་ཏེ་རྣམ་པ་ཐམས་ཅད་དུ་གཟུགས་མེད་པའི་ཁམས་མེད་ན། འདི་ལྟར་གཟུགས་ཀྱི་ཁམས་ཀྱི་ལྷ་ཡིད་ལས་བྱུང་བའི་གཟུགས་ཅན་དབང་པོ་རྣམས་མ་
เล่ม ๑๔๖ · หน้า 34a
ཚང་བ་མེད་ཅིང་ཞན་པ་མ་ཡིན་པ། ཡན་ལག་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་དོག་བཟང་པོ་དང་ལྡན་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་དུས་ཡུན་རིང་དུ་
གནས་པ་དག་ཡོངས་སུ་ཉམས་པ་ན་དེ་དང་དེར་སྐྱེ་བར་འགྱུར་རོ་ཞེས་འབྱུང་ངོ་། །དེ་གསུམ་ཟག་བཅས་ཟག་མེད་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ནས་བཀའ་སྩལ་པ། དགེ་སློང་
དག་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་བསྟན་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། དགེ་སློང་དག་མིག་དང་གཟུགས་དང་དེ་བཞིན་དུ་མིག་གི་རྣམ་
པར་ཤེས་པ་ནས། མིག་གི་འདུས་ཏེ་རེག་པ་དང་། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནས། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། འཇིག་
རྟེན་པའི་ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནས། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་བར་འདི་ནི་ཟག་པ་དང་
བཅས་པ་ཞེས་བྱའོ། །ཟག་པ་མེད་པའི་ཆོས་རྣམས་གང་ཞེ་ན། འཇིག་རྟེན་ལས་འདས་པའི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བདེ་བ་འམ་སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་
ཡིན་པའི་བར་འདི་ནི་ཟག་པ་མེད་པའི་ཆོས་རྣམས་ཞེས་བྱའོ། །དགེ་སློང་དག་ངས་ཁྱེད་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་བསྟན་པ་འདི་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །དེ་ཉིད་ཀྱི་ཕྱིར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་
เล่ม ๑๔๖ · หน้า 34b
པའི་ས་ན་ཞེས་བྱ་བ་གང་ནས་འབྱུང་ཞེ་ན། བྱེ་བྲག་ཏུ་བཤད་པ་ལས་སོ། །རྟོག་པ་མེད་པར་བརྗོད་པར་བྱ། །ཞེས་བྱ་བ་གང་ནས་འབྱུང་ཞེ་ན། ཆོས་མངོན་པ་ལས་སོ། །མདོ་ལས་འབྱུང་བ་རྣམས་ནི་གཞི་ཉིད་དང་། སྲ་བ་ལ་སོགས་པའི་མཚན་ཉིད་དུ་གཟུང་
བའི་ཕྱིར་ལ་ཞེས་བྱ་བ་ལ། ལུང་བར་མའི་འདུན་པའི་མཇུག་ཐོགས་སུ་གླང་པོ་ཆེའི་རྗེས་ལྟ་བུའི་མདོ་དེ་དང་དེར་ཇི་ལྟར་རེ་ཞིག་གཟུགས་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། གཟུགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་
བཞི་རྒྱུར་བྱས་པའོ། །འབྱུང་བ་ཆེན་པོ་བཞི་གང་ཞེ་ན། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ། །སའི་ཁམས་གང་ཞེ་ན། ཚེ་དང་ལྡན་པ་དག་སའི་ཁམས་ནི་གཉིས་ཏེ། ནང་གི་བདག་ཉིད་དང་། ཕྱི་རོལ་
གྱི་སྟེ། ནང་གི་བདག་ཉིད་ཀྱི་སའི་ཁམས་དང་ཕྱི་རོལ་གྱིའོ། །ནང་གི་བདག་ཉིད་ཀྱི་སའི་ཁམས་གང་ཞེ་ན། གང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ནས་ཕྱིའི་བར་དུ་སྟེ། རླུང་དང་རླུང་དུ་གྱུར་པ་ཞེས་བྱ་བ་ནས། འདི་ནི་ཕྱིའི་
རླུང་གི་ཁམས་སོ་ཞེས་བྱ་བའི་བར་དུ་ཇི་ལྟར་ཁམས་དྲུག་རྣམ་པར་དབྱེ་བའི་མདོའི་རྗེས་ཐོགས་ཁོ་ནར་བལྟ་བར་བྱའོ། །མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ལ། སྐྱེ་མཆེད་སོ་སོར་བསྟན་པར་སྔར་བྲིས་པ་བཞིན་བལྟ་བར་བྱའོ། །འོ་ན་གང་མིག་གི་ཤའི་གོང་བུ་
ལ་ཞེས་བྱ་བ་ལ་སོགས་པ་ནི་སྔར་ལག་པ་བརྡབས་པའི་དཔེའི་མདོར་བསྟན་པ་བཞིན་ནོ། །དགེ་སློང་དག་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་ལྗོངས་རྒྱུ་ཞིང་རིམ་གྱིས་རྒྱལ་བའི་གན་དུ་གཤེགས་སོ། །དེ་ནས་
བཅོམ་ལྡན་འདས་རྫ་མཁན་བྷརྒ་གང་ན་བ་དེར་ཉེ་བར་གཤེགས་ཏེ། ཉེ་བར་གཤེགས་ནས་རྫ་མཁན་བྷརྒ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྷརྒ་གལ་ཏེ་ང་ཁྱོད་ལ་མི་གནོད་ན་ཁྱོད་ཀྱི་ནང་ཁྱིམ་གྱི་ཕྱོགས་གཅིག་ཏུ་ཉིན་ཞག་གཅིག་གནས་སོ། །ལྷ་ཉིད་ང་ལ་མི་གནོད་
เล่ม ๑๔๖ · หน้า 35a
མོད་ཀྱི། འདི་ན་དགེ་སྦྱོང་ཞིག་སྔར་འོངས་ནས་ཉིན་ཞག་གཅིག་གནས་སོ། །གལ་ཏེ་ཚེ་དང་ལྡན་པ་ལ་མི་གནོད་ན་ལྷ་ཇི་ལྟར་དགྱེས་པ་བཞིན་དགའ་ཞིང་བདེ་བར་བཞུགས་ཤིག །དེ་ནས་བཅོམ་ལྡན་འདས་རྫ་མཁན་བྷརྒའི་ཁྱིམ་དུ་
གཤེགས་སོ། །དེའི་ཚེ་རྫ་མཁན་བྷརྒའི་ཁྱིམ་ན་ཚེ་དང་ལྡན་པ་ཕུ་སྐར་ས་རི་སྔར་འོངས་ཏེ་ཉིན་ཞག་གཅིག་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཕུ་སྐར་ས་རི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་གལ་ཏེ་ང་ཁྱོད་ལ་མི་གནོད་ན་རྫ་མཁན་
བྷརྒའི་ཁྱིམ་གྱི་ཕྱོགས་གཅིག་ཏུ་ཉིན་ཞག་གཅིག་གནས་སོ། །རྫ་མཁན་བྷརྒ་ལ་ཡང་ལྟའོ། །ཚེ་དང་ལྡན་པ་བདག་ལ་མི་གནོད་དེ་འདི་ལྟར་རྫ་མཁན་བྷརྒའི་ཁང་པ་རྒྱ་ཆེ་ཞིང་ངས་རྩྭའི་སྟན་བཀོད་ནས་ཡོད་པས་དེར་གཞན་དུ་ན་ཇི་ལྟར་བདེ་བར་བཞུགས་ཤིག །དེ་ནས་
བཅོམ་ལྡན་འདས་ཁང་པའི་ཕྱི་རོལ་ཏུ་ཞབས་བཀྲུས་ཏེ་ཁང་པར་གཤེགས་ནས་རང་ཉིད་རྩྭའི་སྟན་བཀོད་པའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་ལུས་བསྲང་སྟེ་དྲན་པ་ཉེ་བར་གཞག་བཞིན་དུ་བཞུགས་སོ། །ཚེ་དང་ལྡན་པ་ཕུ་སྐར་ས་རི་ཡང་ཁང་པའི་ཕྱི་རོལ་ཏུ་རྐང་པ་བཀྲུས་
ནས་ཁང་པའི་ནང་དུ་ཞུགས་ནས་རྩྭའི་སྟན་བཀོད་པའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲང་སྟེ། དྲན་པ་ཉེ་བར་གཞག་བཞིན་དུ་འཇུག་གོ། །ཉིན་ཞག་དེ་ལ་བཅོམ་ལྡན་འདས་དང་ཚེ་དང་ལྡན་པ་ཕུ་སྐར་ས་རི་གང་ཕལ་ཆེར་འཕགས་པ་རྣམས་ཀྱིས་མི་སྨྲ་བ་ཉིད་
ལ་གནས་ཏེ་འདུག་གོ། །དེ་ནས་བཅོམ་ལྡན་འདས་མཚན་མོའི་ཐུན་ཐ་མ་ལ་འདི་ལྟ་བུར་དགོངས་ཏེ། རབ་ཏུ་བྱུང་བ་འདི་འདི་ལྟར་ཞི་བར་གནས་པ་ནི་ཤིན་ཏུ་ངོ་མཚར་རོ། །གང་འདི་སྐད་བདག་གིས་རབ་ཏུ་བྱུང་བ་འདི་ལ་ཁྱོད་ཀྱི་སྟོན་པ་གང་ཡིན། གང་ལས་རབ་
ཏུ་བྱུང་། གང་གི་ཆོས་ལ་དགའ་ཞེས་དྲི་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཕུ་སྐར་ས་རི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱོད་ཀྱི་སྟོན་པ་གང་། གང་ལ་བརྟེན་ཏེ་རབ་ཏུ་བྱུང་། གང་གི་ཆོས་ལ་དགའ། ཚེ་དང་ལྡན་པ་འདི་ན་
เล่ม ๑๔๖ · หน้า 35b
དགེ་སྦྱོང་གཽ་ཏ་མ་ཞེས་བྱ་བ་ཤཱཀྱའི་སྲས་པོ་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ཤིང་ངུར་སྨྲིག་བགོས་ནས་དད་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་བཅོམ་ལྡན་འདས་དེ་བདག་གི་སྟོན་
པ་ཡིན་ནོ། །བདག་དེ་ལས་རབ་ཏུ་བྱུང་ཞིང་དེའི་ཆོས་ལ་དགའོ། །དགེ་སློང་ཁྱོད་ཀྱིས་སྟོན་པ་མཐོང་ཞིང་ངོ་ཤེས་སམ། ཚེ་དང་ལྡན་པ་མ་ཡིན་ནོ། །གཞན་དུ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་
པ་དང་རྐང་པར་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་ཐོས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ།
རིགས་ཀྱི་བུ་འདི་བདག་གི་བསྟན་པ་ལ་རབ་ཏུ་བྱུང་བས་བདག་གིས་འདི་ལ་ཆོས་བཤད་པར་བྱའོ་སྙམ་དུ་དགོངས་ཏེ། ཚེ་དང་ལྡན་པ་ཕུ་སྐར་ས་རི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་
པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཚངས་པར་སྤྱོད་པ། གསལ་བར་བྱེད་པ། འདི་ལྟ་སྟེ་ཁམས་དྲུག་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པར་བྱའི། དེ་ལེགས་པར་རབ་ཏུ་ཉོན་ལ་
ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཁམས་དྲུག་རབ་ཏུ་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ཏེ། གང་ལས་ཡིད་ཟག་པ་མེད་པ་ཉེ་བར་མི་འཇུག་པ་རེག་པའི་སྐྱེ་མཆེད་དྲུག་པ་དང་། ཡིད་ཀྱི་ཉེ་བར་
རྒྱུ་བ་བཅོ་བརྒྱད་པ་དང་། བྱིན་གྱི་རླབས་བཞི་པ་ཡིན་ནོ། །ཟག་པ་མེད་པར་འཇུག་ན་ཡིད་ཉེ་བར་ཞི་བས་རྫོགས་པར་བྱང་ཆུབ་པ་ཞེས་བརྗོད་དོ། །དེ་ལ་འདི་ནི་གདམས་པ་སྟེ། ཤེས་རབ་བག་མེད་པ་ལས་བསྲུང་བ་དང་། སྟོང་པ་རབ་ཏུ་སྤེལ་བ་དང་། ལམ་བསྒོམ་
เล่ม ๑๔๖ · หน้า 36a
པ་པ་སྟེན་པ་སྟེ། འདི་ནི་ཁམས་དྲུག་རབ་ཏུ་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོར་བསྟན་པའོ། །དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བསྟན་པ་དེའི་རྒྱས་པར་བཤད་པ་ཅུང་ཟད་བརྗོད་པར་བྱ་སྟེ། ཁམས་དྲུག་གང་ཞེ་ན།
སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་སྟེ། དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བསྟན་པ་དེ་ངས་རྒྱས་པར་རབ་ཏུ་བཤད་དོ། །སྐྱེས་བུ་འདི་ནི་
རེག་པའི་སྐྱེ་མཆེད་དྲུག་པ་ཡིན་ནོ་ཞེས་བསྟན་པ་དེའི་རྒྱས་པར་བཤད་པ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། རེག་པའི་སྐྱེ་མཆེད་དྲུག་གང་ཞེ་ན་གཟུགས་མཐོང་བའི་ཕྱིར་མིག་གི་འདུས་ཏེ་རེག་པ་ནས། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་།
རེག་བྱ་སྟེ། ཆོས་ཤེས་པའི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་སྟེ། དགེ་སློང་སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་ཡིན་ནོ་ཞེས་བསྟན་པ་དེ་ངས་རྒྱས་པར་བཤད་དོ། །དགེ་སློང་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་པ་ཡིན་ནོ་ཞེས་བསྟན་པ་དེའི་རྒྱས་པར་
བཤད་པ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་གང་ཞེ་ན། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་གོ། །ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་གང་ཞེ་ན། དགེ་སློང་འདི་
ལ་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི་གནས་ཀྱི་གཟུགས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་ནས་ཡིད་བདེ་བའི་གནས་ཀྱི་
ཆོས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་གང་ཞེ་ན། དགེ་སློང་འདི་ལ་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་མི་བདེ་བའི་གནས་ཀྱི་གཟུགས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་།
เล่ม ๑๔๖ · หน้า 36b
རོ་དང་། ལུས་དང་། རེག་བྱ་དང་། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་ནས་ཡིད་མི་བདེ་བའི་གནས་ཀྱི་ཆོས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་གང་ཞེ་ན། དགེ་སློང་འདི་ལ་མིག་གིས་གཟུགས་རྣམས་མཐོང་ནས་བཏང་སྙོམས་ཀྱི་གནས་ཀྱི་
གཟུགས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་ནས་བཏང་སྙོམས་ཀྱི་གནས་ཀྱི་ཆོས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །དགེ་སློང་དེ་ལ་ཡིད་བདེ་བའི་ཉེ་བར་རྒྱུ་
བ་དྲུག་དང་། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་པོ་འདི་དག་གཅིག་ཏུ་བསྡུས་ན་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དུ་འགྱུར་ཏེ། དགེ་སློང་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་ཡིན་ནོ་ཞེས་བསྟན་པ་དེ་ངས་རྒྱས་པར་རབ་ཏུ་བཤད་དོ། །
དགེ་སློང་སྐྱེས་བུ་འདི་ནི་བྱིན་གྱི་རླབས་བཞི་པ་ཡིན་ནོ་ཞེས་བསྟན་པ་དེའི་རྒྱས་པར་བཤད་པ་ཅུང་ཟད་བརྗོད་པར་བྱ་སྟེ། བྱིན་གྱི་རླབས་བཞི་གང་ཞེ་ན། ཤེས་རབ་ཀྱི་བྱིན་གྱི་རླབས་དང་། བདེན་པའི་བྱིན་གྱི་རླབས་དང་། གཏོང་བའི་བྱིན་གྱི་རླབས་དང་། ཉེ་བར་ཞི་བའི་བྱིན་གྱི་
རླབས་སོ། །དགེ་སློང་སྐྱེས་བུ་འདི་ནི་བྱིན་གྱི་རླབས་བཞི་པ་ཡིན་ནོ་ཞེས་བསྟན་པ་དེ་ངས་རྒྱས་པར་རབ་ཏུ་བཤད་དོ། །དེ་ལ་འདི་ནི་གདམས་པ་ཡིན་ཏེ། ཤེས་རབ་བག་མེད་པར་མི་བྱ་བ་དང་། བདེན་པ་རྗེས་སུ་བསྲུང་བར་བྱ་བ་དང་། གཏོང་བ་རབ་ཏུ་སྤེལ་བར་བྱ་བ་དང་།
ཐར་པའི་ལམ་བསྟེན་པར་བྱའོ་ཞེས་བསྟན་པ་དེའི་རྒྱས་པར་བཤད་པ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དགེ་སློང་ཇི་ལྟར་ན་ཤེས་རབ་བག་མེད་པར་མི་བྱ་ཞེ་ན། དགེ་སློང་འདི་ལ་ལུས་འདི་ཉིད་ཀྱི་ཁམས་ལ་སོ་སོར་རྟོག་སྟེ། ལུས་འདི་ལ་སའི་ཁམས་དང་། ཆུའི་ཁམས་དང་།
མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཡོད་དེ་ཞེས་སོ་སོར་རྟོག་གོ། །སའི་ཁམས་གང་ཞེ་ན། དགེ་སློང་སའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱིའི་སྟེ། ནང་གི་སའི་ཁམས་ཀྱང་ཡོད།
เล่ม ๑๔๖ · หน้า 37a
ཕྱིའི་སའི་ཁམས་ཀྱང་ཡོད་དོ། །ནང་གི་སའི་ཁམས་གང་ཞེ་ན། ནང་གི་བདག་ཉིད་སྲ་བ་དང་། མཁྲང་བར་གྱུར་པ་དྲུང་དུ་གྱུར་པ་ཟིན་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། རྔུལ་དང་། དྲི་མ་དང་། ཤ་དང་།
རུས་པ་དང་། རྒྱུས་པ་དང་། རྩ་དང་། སྙིང་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་། ལྟོ་བ་དང་། ལྒང་བ་ཞེས་བྱ་སྟེ། གང་ཡང་ལུས་འདི་ལ་གཞན་ཡང་ནང་གི་བདག་ཉིད་སྲ་བ་དང་། མཁྲང་བར་གྱུར་པ། དྲུང་དུ་གྱུར་པ་ཟིན་པ་འདི་ནི་ནང་གི་བདག་
ཉིད་ཀྱི་སའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། གང་ཡང་ཕྱི་རོལ་གྱི་སྲ་བ་དང་། མཁྲང་བར་གྱུར་པ་དྲུང་དུ་མ་གྱུར་པ་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་སའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་ནང་གི་བདག་ཉིད་ཀྱི་སའི་ཁམས་དང་། ཕྱི་རོལ་གྱི་སའི་ཁམས་
དེ་དག་གཅིག་ཏུ་མདོར་བསྡུས་པ་འདི་ལ་ཁམས། ཁམས་ཙམ། ཁམས་ཀྱི་རབ་ཏུ་དབྱེ་བ་ཉིད་དུ་རིག་ནས། དེ་ཐམས་ཅད་བདག་གི་མ་ཡིན། བདག་མ་ཡིན། བདག་འདི་དག་མ་ཡིན་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་མཐོང་ནས་སའི་ཁམས་ལ་འདོད་ཆགས་དང་
བྲལ་བ་འདི་ནི་དགེ་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། །ཆུའི་ཁམས་གང་ཞེ་ན། དགེ་སློང་ཆུའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་བདག་ཉིད་དང་། ཕྱི་རོལ་གྱིའོ། །ནང་གི་བདག་ཉིད་ཀྱི་ཆུའི་ཁམས་ཀྱང་ཡོད། ཕྱིའི་ཆུའི་ཁམས་ཀྱང་ཡོད་དོ། ནང་གི་བདག་ཉིད་ཀྱི་ཆུའི་ཁམས་གང་
ཞེ་ན། གང་ཡང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་ཆུའི་ཁམས་མཉེན་པ་དང་། མཉེན་པར་གྱུར་པ་དྲུང་དུ་གྱུར་པ་ཟིན་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང་། རྔུལ་དང་། མཆིལ་མ་དང་། སྣབས་དང་། ཞག་དང་། ཆུ་སེར་དང་། ཚིལ་དང་། མཁྲིས་པ་དང་། བད་
ཀན་དང་། རྣག་དང་། ཁུ་བ་དང་། གླད་པ་དང་། གླད་རྒྱས་དང་། གཅི་བ་ཞེས་བྱ་བ་སྟེ་གང་ཡང་ལུས་འདི་ལ་གཞན་ཡང་ནང་གི་བདག་ཉིད་མཉེན་པ་དང་མཉེན་པར་གྱུར་པ་དྲུང་དུ་གྱུར་པ་ཟིན་པ་འདི་ནི་ནང་གི་བདག་ཉིད་ཀྱི་ཆུའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་ཆུའི་ཁམས་གང་ཞེ་ན། གང་ཡང་
เล่ม ๑๔๖ · หน้า 37b
ཕྱི་རོལ་གྱི་ཆུ་མཉེན་པ་དང་། མཉེན་པར་གྱུར་པ། དྲུང་མ་ཡིན་པ་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་ཆུའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་ནང་གི་བདག་ཉིད་ཀྱི་ཆུའི་ཁམས་དང་། ཕྱི་རོལ་གྱི་ཆུའི་ཁམས་དེ་དག་གཅིག་ཏུ་མདོར་བསྡུས་པ་འདི་དག་ལ་ཁམས། ཁམས་ཙམ། ཁམས་ཀྱི་
རབ་ཏུ་དབྱེ་བ་ཉིད་དུ་རིག་ན་པ་དེ་ཐམས་ཅད་བདག་གི་མ་ཡིན། བདག་མ་ཡིན། བདག་འདི་དག་མ་ཡིན་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་མཐོང་ནས་ཆུའི་ཁམས་ལ་སེམས་འདོད་ཆགས་དང་བྲལ་བ་འདི་ནི་དགེ་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། །མེའི་ཁམས་
གང་ཞེ་ན། དགེ་སློང་མེའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱི་སྟེ། ནང་གི་མེའི་ཁམས་ཀྱང་ཡོད། ཕྱི་རོལ་གྱི་མེའི་ཁམས་ཀྱང་ཡོད་དོ། །ནང་གི་བདག་ཉིད་ཀྱི་མེའི་ཁམས་གང་ཞེ་ན། གང་ཡང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་མེ་དང་མེར་གྱུར་པ་དང་།
དྲོ་བ་དང་། དྲོ་བར་གྱུར་པ་དང་། དྲུང་དུ་གྱུར་པ་ཟིན་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ལུས་འདི་ལ་གདུང་བར་བྱེད་པ་དང་། ཡོངས་སུ་གདུང་བར་བྱེད་པ་དང་། ཟོས་པ་དང་། འཐུངས་པ་དང་། བཅའ་བ་དང་། མྱངས་པ་ཡང་དག་པར་སྨིན་པར་འགྱུར་ཞིང་འཇུ་བར་བྱེད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་
དང་། གང་ཡང་ལུས་འདི་ལ་གཞན་ཡང་ནང་གི་བདག་ཉིད་ཀྱི་མེ་དང་མེར་གྱུར་པ་ཟིན་པ་འདི་ནི་ནང་གི་བདག་ཉིད་ཀྱི་མེའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། གང་ཡང་ཕྱི་རོལ་གྱི་མེ་དང་མེར་གྱུར་པ། དྲོ་བ་དང་དྲོ་བར་གྱུར་པ། དྲུང་དུ་མ་གྱུར་པ།
མ་ཟིན་པ་འདི་ནི་ཕྱི་རོལ་གྱི་མེའི་ཁམས་ཞེས་བྱའོ། །དེ་ལ་དགེ་སློང་ནང་གི་བདག་ཉིད་ཀྱི་མེའི་ཁམས་དང་ཕྱི་རོལ་གྱི་བདག་ཉིད་ཀྱི་མེའི་ཁམས་དེ་དག་གཅིག་ཏུ་མདོར་བསྡུས་པ་འདི་ལ་ཁམས། ཁམས་ཙམ། ཁམས་ཀྱི་རབ་ཏུ་དབྱེ་བ་ཉིད་དུ་རིག་ནས་དེ་ཐམས་
ཅད་བདག་གི་མ་ཡིན། བདག་མ་ཡིན། བདག་དེ་དག་མ་ཡིན་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་མཐོང་ན་ས་མེའི་ཁམས་ལས་སམས་འདོད་ཆགས་དང་བྲལ་བ་འདི་ནི་དགེ་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། །རླུང་གི་ཁམས་གང་ཞེ་ན། དགེ་སློང་
เล่ม ๑๔๖ · หน้า 38a
རླུང་གི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱི་སྟེ། ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་ཀྱང་ཡོད་དོ། །ཕྱི་རོལ་གྱི་བདག་ཉིད་ཀྱི་རླུང་གི་ཁམས་ཀྱང་ཡོད་དོ། །ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་གང་ཞེ་ན། དགེ་སློང་གང་ཡང་ལུས་འདི་ལ་
ནང་གི་བདག་ཉིད་ཀྱི་རླུང་དང་རླུང་དུ་གྱུར་པ་ཟིན་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། གྱེན་དུ་རྒྱུ་བའི་རླུང་རྣམས་དང་། ཐུར་དུ་འགྲོ་བའི་རླུང་རྣམས་དང་། ཟུར་ལ་གནས་པའི་རླུང་རྣམས་དང་། སྒལ་བུ་ལ་གནས་པའི་རླུང་རྣམས་དང་། ལྟོ་བ་ལ་གནས་པའི་རླུང་རྣམས་དང་།
གཅོད་པར་བྱེད་པའི་རླུང་རྣམས་དང་། སྤུ་གྲི་ལྟ་བུའི་རླུང་རྣམས་དང་། གོང་བུར་གནས་པའི་རླུང་རྣམས་དང་། འདྲལ་བར་བྱེད་པའི་རླུང་རྣམས་དང་། སྡུད་པའི་རླུང་རྣམས་དང་། འཇོམས་པར་བྱེད་པའི་རླུང་རྣམས་དང་། རླུང་འཇུག་པར་བྱེད་པའི་རླུང་རྣམས་དང་། འཚེམ་པར་
བྱེད་པའི་རླུང་རྣམས་དང་། འབྱུང་བ་དང་རྔུབ་པའི་རླུང་རྣམས་དང་། ཡན་ལག་གི་རྗེས་སུ་འགྲོ་བའི་རླུང་རྣམས་ཞེས་བྱ་བ་སྟེ། གང་ཡང་ལུས་འདི་ལ་གཞན་ཡང་ནང་གི་བདག་ཉིད་ཀྱི་རླུང་དང་རླུང་དུ་གྱུར་པ་ཡང་ཞིང་གཡོ་བ་དྲུང་དུ་གྱུར་པ་ཟིན་པ་འདི་ནི་ནང་གི་བདག་ཉིད་ཀྱི་རླུང་གི་
ཁམས་ཞེས་བྱའོ། །ཕྱི་རོལ་གྱི་བདག་ཉིད་ཀྱི་རླུང་གི་ཁམས་གང་ཞེ་ན། གང་ཡང་ཕྱི་རོལ་གྱི་རླུང་དང་རླུང་དུ་བགྲངས་པ་དང་། ཡང་ཞིང་གཡོ་བ་དྲུང་མ་ཡིན་པ་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་གང་ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་དང་།
ཕྱི་རོལ་གྱི་བདག་ཉིད་ཀྱི་རླུང་གི་ཁམས་དེ་དག་གཅིག་ཏུ་བསྡུས་ཏེ་འདི་དག་ནི་ཁམས། ཁམས་ཙམ། ཁམས་ཀྱི་རབ་ཏུ་དབྱེ་བ་ཡིན་ཞེས་རིག་ནས་དེ་ཐམས་ཅད་བདག་གི་མ་ཡིན་བདག་མ་ཡིན། བདག་དེ་དག་མ་ཡིན་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་རབ་ཀྱིས་མཐོང་
ནས་རླུང་གི་ཁམས་ལ་སེམས་འདོད་ཆགས་དང་བྲལ་བར་འགྱུར་བ་འདི་ནི་དོག་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། །ནམ་མཁའི་ཁམས་གང་ཞེ་ན། དགེ་སློང་ནམ་མཁའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་བདག་ཉིད་དང་། ཕྱི་རོལ་གྱི་སྟེ། ནང་གི་བདག་ཉིད་ཀྱི་
เล่ม ๑๔๖ · หน้า 38b
ནམ་མཁའི་ཁམས་ཀྱང་ཡོད། ཕྱི་རོལ་གྱི་བདག་ཉིད་ཀྱི་ནམ་མཁའི་ཁམས་ཀྱང་ཡོད་དོ། །ནང་གི་བདག་ཉིད་ཀྱི་ནམ་མཁའི་གང་ཞེ་ན། གང་ཡང་ལུས་འདི་ལ་ནང་གི་བདག་ཉིད་ནམ་མཁའ་དང་ནམ་མཁར་བགྲང་བ་པགས་པ་དང་ཤ་དང་། ཁྲག་གིས་མ་ཁེབས་ཤིང་
མ་ཁྱབ་པ་སྟེ་དེ་ཡང་གང་ཞེ་ན། མིག་གི་སྦུབས་དང་། རྣ་བའི་སྦུབས་དང་། སྣའི་སྦུབས་དང་། ཁའི་བུ་ག་དང་། ཁའི་སྒོ་དང་། མགྲིན་པ་དང་། མགྲིན་པའི་རྩ་ཞེས་བྱ་བའམ། གང་གིས་ན་ཟོས་པ་དེ་གང་ལ་གནས་པར་བྱེད་པ། གང་གིས་ཟོས་པ་དང་། འཐུངས་
པ་དང་། མྱངས་པ་དག་འོག་ཏུ་ལྟུང་བར་བྱེད་པ་དང་། གང་ཡང་ལུས་འདི་ལ་གཞན་ཡང་ནང་གི་བདག་ཉིད་ནམ་མཁར་བགྲང་བ་ཤ་དང་པགས་པ་དང་ཁྲག་གིས་མ་ཁེབས་ཤིང་མ་ཁྱབ་པ་སྟེ་འདི་ནི་ནང་གི་བདག་ཉིད་ཀྱི་ནམ་མཁའི་ཁམས་ཞེས་བྱའོ། ཕྱི་རོལ་གྱི་བདག་ཉིད་ཀྱི་ནམ་
མཁའི་ཁམས་གང་ཞེ་ན། གང་ཡང་ཕྱི་རོལ་གྱི་ནམ་མཁའི་དང་ནམ་མཁར་གྱུར་པ། གཟུགས་ཀྱིས་མ་ཁེབས་ཤིང་མ་ཁྱབ་པ་སྟེ། འདི་ནི་ཕྱི་རོལ་གྱི་ནམ་མཁའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་གང་ནང་གི་བདག་ཉིད་ཀྱི་ནམ་མཁའི་ཁམས་དང་། ཕྱི་རོལ་གྱི་
བདག་ཉིད་ཀྱི་ནམ་མཁའི་ཁམས་དེ་དག་གཅིག་ཏུ་བསྡུས་ཏེ་འདི་དག་ནི་ཁམས། ཁམས་ཙམ། ཁམས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ་ཞེས་རིག་ནས་དེ་ཐམས་ཅད་བདག་གི་མ་ཡིན། བདག་མ་ཡིན། བདག་དེ་དག་མ་ཡིན་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་
མཐོང་ནས་ནམ་མཁའི་ཁམས་ལས་སེམས་འདོད་ཆགས་དང་བྲལ་བར་གྱུར་པ་འདི་ནི་དགེ་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། །དགེ་སློང་གང་དག་ཁམས་ལྔ་པོ་འདི་དག་ལས་འདོད་ཆགས་དང་བྲལ་ཞིང་གྲོལ་བར་གྱུར་ལ། རྣམ་པར་ཤེས་པ་ཁྱད་པར་ཅན་དག་ཅིང་ངེས་པ་རྣམ་པར་
ཤེས་ཤིང་ཡོངས་སུ་ཤེས་སོ། །ཅི་ཞིག་རྣམ་པར་ཤེས་ཤེ་ན། བདེ་བ་རབ་ཏུ་ཤེས་སོ། །སྡུག་བསྔལ་རབ་ཏུ་ཤེས་སོ། །ཡིད་བདེ་བ་རབ་ཏུ་ཤེས་སོ། །ཡིད་མི་བདེ་བ་རབ་ཏུ་ཤེས་སོ། །བཏང་སྙོམས་རབ་ཏུ་ཤེས་སོ། །ཅི་ལྟར་བདེ་བའི་ཚོར་བ་རབ་ཏུ་ཤེས་ཤེ་ན། བདེ་
เล่ม ๑๔๖ · หน้า 39a
བ་མྱོང་བར་འགྱུར་བའི་རེག་པ་ལས་བརྟེན་ཏེ་འབྱུང་བའི་ཚོར་བ་བདེ་བ་མྱོང་བ་སྟེ། བདེ་བའི་ཚོར་བ་མྱོང་བ་ན་བདེ་བའི་ཚོར་བ་མྱོང་ངོ་ཞེས་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ནས་བདེ་བ་མྱོང་བར་འགྱུར་བའི་རེག་པ་དེ་ཉིད་འགགས་ཏེ། བདེ་བ་མྱོང་བར་འགྱུར་
བའི་རེག་པ་ལ་བརྟེན་ཏེ་འབྱུང་བའི་བདེ་བའི་ཚོར་བ་ཡང་འགགས་ལ་ཉེ་བར་ཞི་བ་དང་། བསིལ་བར་གྱུར་པ་དང་ནུབ་པར་གྱུར་པའོ། །བདེ་བའི་ཚོར་བ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་དང་། ཡིད་བདེ་བའི་ཚོར་བ་དང་། ཡིད་མི་བའི་ཚོར་བ་དང་། བཏང་སྙོམས་
མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ་བྱུང་བའི་བཏང་སྙོམས་ཏེ། བཏང་སྙོམས་མྱོང་བ་ན་བཏང་སྙོམས་མྱོང་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ནས་བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་དེ་ཉིད་འགགས་ཏེ་བཏང་སྙོམས་མྱོང་བར་འགྱུར་བའི་རེག་
པ་ལ་བརྟེན་ཏེ་བྱུང་བའི་བཏང་སྙོམས་ཀྱང་འགགས་ལ། ཉེ་བར་ཞི་བ་དང་། བསིལ་བར་གྱུར་པ་དང་། ནུབ་པར་འགྱུར་རོ། །དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། བདེ་བའི་ཚོར་བ་འདི་ནི་རྒྱུ་གང་ལས་བྱུང་། ཀུན་འབྱུང་གང་། སྐྱེ་བ་གང་། གང་ལས་རབ་ཏུ་བྱུང་།
དེ་ཡང་འདི་སྙམ་དུ་སེམས་ཏེ། བདེ་བའི་ཚོར་བ་འདིའི་རྒྱུ་ནི་རེག་པའོ། །ཀུན་འབྱུང་ནི་རེག་པ། སྐྱེ་བ་ནི་རེག་པ། རེག་པ་ལས་རབ་ཏུ་བྱུང་བ་སྟེ། རེག་པ་ཀུན་འབྱུང་བས་དེ་དང་དེའི་ཚོར་བ་དེ་དང་དེ་ཀུན་འབྱུང་བར་འགྱུར་རོ། །རེག་པ་འགགས་པས་དེ་དང་དེའི་ཚོར་བ་
དེ་དང་དེ་འགག་པར་འགྱུར། ཉེ་བར་ཞི་བ་དང་། བསིལ་བར་འགྱུར་བ་དང་། ནུབ་པར་འགྱུར་ཏེ། འདི་ལྟ་སྟེ། ཤིང་གཉིས་འདུས་ཤིང་ཕྲད་ལ་ཚོགས་པ་ལས་དྲོ་བ་དང་མེ་འབྱུང་བར་འགྱུར་ལ། ཅི་སྟེ་ཤིང་གཉིས་མ་འདུས་པའམ། གཉིས་པོ་མེད་ན་མི་འབྱུང་ཞིང་།
མི་སྣང་ལ་བསིལ་བར་གྱུར་ཅིང་། ཤིང་ཇི་ལྟ་བ་དེ་བཞིན་དུ་རེག་པ་ཀུན་འབྱུང་བས་དེ་དང་དེའི་ཚོར་བ་དེ་དང་དེ་ཀུན་འབྱུང་བར་འགྱུར་རོ། །རེག་པ་འགགས་པས་དེ་དང་དེའི་ཚོར་བ་དེ་དང་དེ་འགག་པར་འགྱུར་རོ། །ཉེ་བར་ཞི་བ་དང་། བསིལ་བར་འགྱུར་བ་དང་། ནུབ་པར་འགྱུར་རོ། །
เล่ม ๑๔๖ · หน้า 39b
དགེ་སློང་གང་གི་ཕྱིར་ཚོར་བ་བཞི་པོ་འདི་དག་ལས་སེམས་འདོད་ཆགས་དང་བྲལ་ཞིང་གྲོལ་ན། དེ་ནས་བཏང་སྙོམས་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བ་ཁྱད་པར་ཅན་དུ་འགྱུར་རོ། །དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། བདག་གི་ཚོར་བ་བཏང་སྙོམས་འདི་ལྟར་ཡོངས་སུ་དག་
ཅིང་བྱང་བས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ། སེམས་དེ་དང་འདྲ་བར་བསྒོམས་པ་དང་། དེ་ལ་བརྟེན་ཏེ་བཏང་སྙོམས་ཉེ་བར་གནས་པ་དང་། དེ་དང་འབྲེལ་པ་དང་། དེར་ཞེན་པ་དང་། དེའི་རྒྱུ་ཅན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་གནས་པར་བྱའོ། །
དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གི་ཚོར་བ་དང་བཏང་སྙོམས་འདི་ལྟར་ཡོངས་སུ་དག་ཅིང་བྱང་བས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། སེམས་དེ་དང་འདྲ་
བར་བསྒོམས་པ་དང་། དེ་ལ་བརྟན་ཏེ་བཏང་སྙོམས་ཉེ་བར་གནས་པ་དང་། དེ་དང་འབྲེལ་པ་དང་། དེར་ཞེན་པ་དང་། དེའི་རྒྱུ་ཅན་གྱི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ལ་ཉེ་བར་གནས་པར་བྱའོ། །འདི་ལྟ་སྟེ། གསེར་མགར་རམ་གསེར་མགར་གྱི་སློབ་མ་མཁས་པ་ལེགས་
པར་ཡོངས་སུ་སྦྱངས་པ་ས་ལེ་སྦྲམ་ཤེས་པར་བྱས་ནས་རྒྱན་གང་ལ་གང་བྱེད་པར་འདོད་པ་དེ་བྱེད་དེ། དེ་གལ་ཏེ་རྣ་རྒྱན་ནམ། གལ་ཏེ་མགོའི་རྒྱན་ནམ། དེ་དག་གལ་ཏེ་སྐ་རགས་སམ། དེ་གལ་ཏེ་མགུལ་རྒྱན་ནམ། དེ་གལ་ཏེ་སོར་མོའི་རྒྱན་ནམ། གསེར་
རམ་དངུལ་གྱི་ཕྲེང་བ་བྱེད་ན། དེ་དེ་དང་དེ་ལ་དལ་བུས་བྱེད་པར་འགྱུར་རོ། །དེ་བཞིན་དུ་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཚོར་བ་བཏང་སྙོམས་འདི་ལྟར་ཡོངས་སུ་དག་ཅིང་བྱང་བས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་ཏེ། སེམས་དེ་དང་འདྲ་བར་བསྒོམས་པ་དང་། དེ་
ལ་བརྟེན་ཏེ་བཏང་སྙོམས་ཉེ་བར་གནས་པ་དང་། དེ་དང་འབྲེལ་པ་དང་། དེར་ཞེན་པ་དང་། དེའི་རྒྱུ་ཅན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་གནས་པར་བྱའོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གི་ཚོར་བ་བཏང་སྙོམས་འདི་ལྟར་ཡོངས་སུ་དག་ཅིང་བྱང་
เล่ม ๑๔๖ · หน้า 40a
བས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་གནས་ཏེ། སེམས་དེ་དང་འདྲ་བར་བསྒོམས་པ་དང་། དེ་ལ་བརྟེན་ཏེ་བཏང་སྙོམས་ཉེ་བར་གནས་པ་དང་། དེ་དང་འབྲེལ་པ་
དང་། དེར་ཞེན་པ་དང་། དེའི་རྒྱུ་ཅན་གྱི་ཡོད་མིན་མེད་མིན་སྐྱེ་མཆེད་ལ་ཉེ་བར་གནས་པར་བྱའོ། །དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། གང་ཚོར་བ་བཏང་སྙོམས་ནམ་མཁའ་ཡས་སྐྱེ་མཆེད་ལ་བརྟེན་ཏེ་གནས་པ་དེ་ཡང་འདུས་བྱས། འདུས་བྱས་གང་ཡིན་པ་དེ་ནི་མངོན་པར་དགའ་
བར་བྱ་བ་འམ། མངོན་པར་བརྗོད་པ་འམ། ཞེན་པ་དང་། རབ་ཏུ་ཞེན་ཅིང་གནས་པར་བྱ་བ་མ་ཡིན་ནོ་ཞེས་རབ་ཏུ་རིག་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སེམས་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། གང་ཚོར་བ་བཏང་སྙོམས་རྣམ་
ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་བརྟེན་ཏེ་གནས་པ་དེ་ཡང་འདུས་བྱས་ཏེ། འདུས་བྱས་གང་ཡིན་པ་དེ་ནི་མངོན་པར་དགའ་བར་བྱ་བའམ། མངོན་པར་བརྗོད་པའམ། ཞེན་པའམ། རབ་ཏུ་
ཞེན་ཅིང་གནས་པར་བྱ་བ་མ་ཡིན་ནོ་ཞེས་རབ་ཏུ་རིག་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སེམས་འདོད་ཆགས་དང་བྲལ་བར་འགྱུར་རོ། །དགེ་སློང་འདི་ནི་ཤེས་རབ་བག་ཡོད་པ་ཞེས་བྱའོ། །དགེ་སློང་གང་གི་ཕྱིར་སྐྱེ་མཆེད་བཞི་པོ་འདི་དག་ལས་སེམས་འདོད་
ཆགས་དང་བྲལ་ཞིང་གྲོལ་བར་གྱུར་ན། དེ་སེམས་ཀྱི་མངོན་པར་འདུ་བྱེད་པ་དངོས་པོ་འམ་དངོས་པོ་མེད་པར་མི་ཕྱེད་དེ། ལུས་ཀྱི་མཐར་རིག་ཅིང་ཚོར་བ་ན། ལུས་ཀྱི་མཐར་རིག་ཅིང་ཚོར་བའོ་ཞེས་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འཚོ་བའི་མཐར་རིག་ཅིང་ཚོར་བ་ན་འཚོ་
བའི་མཐར་རིག་ཅིང་ཚོར་བའོ་ཞེས་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ལུས་ཞིག་སྟེ་ཤི་བའི་མཐར་འདི་ཐམས་ཅད་རིག་སྟེ། ཐམས་ཅད་མ་ལུས་པར་འགགས་པ་ཐམས་ཅད་མ་ལུས་པར་ནུབ་པ། ཡོངས་སུ་ཟད་ཅིང་བྱང་བར་འགྲོ་བར་འགྱུར་རོ། །དཔེར་ན་ཏིལ་མར་དང་
เล่ม ๑๔๖ · หน้า 40b
སྡོང་བུ་ལས་སྒྲོན་མ་འབྱུང་བར་འགྱུར་ལ། དེ་ལ་ཁ་ཅིག་གིས་དུས་དུས་སུ་ཏིལ་མར་གྱིས་མ་གསོས་ཤིང་སྡོང་བུ་ལ་ཉེ་བར་མ་བསྡུས་ན་སྒྲོན་མའི་ཉེ་བར་ལེན་པ་འགགས་པས་མྱུར་དུ་འཆི་བར་འགྱུར་རོ། །དེ་བཞིན་དུ་དེ་ལུས་ཀྱི་མཐར་རིག་ཅིང་ཚོར་བ་ན། ལུས་ཀྱི་མཐར་
རིག་ཅིང་ཚོར་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། འཆི་བའི་མཐར་རིག་ཅིང་ཚོར་བ་ན་འཚོ་བའི་མཐར་རིག་ཅིང་ཚོར་བའོ་ཞེས་ཇི་ལྟ་བ་བཞིན་དུ་ཤེས་ཏེ། ལུས་ཞིག་སྟེ་ཤི་བའི་མཐར་འདི་ཐམས་ཅད་རིག་སྟེ། ཐམས་ཅད་མ་ལུས་པར་འགགས་པ་མ་ལུས་
པར་ནུབ་པ། ཡོངས་སུ་ཟད་ཅིང་ཡོངས་སུ་བྱང་བར་འགྲོ་བར་འགྱུར་རོ། །དེ་ལྟར་མཐོང་ཞིང་དེ་ལྟར་ཤེས་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ལ། སྲིད་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞིང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་
བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ། །དགེ་སློང་ཤེས་རབ་རྣམས་ཀྱི་ནང་ནས་མཆོག་ནི་ཟག་པ་ཟད་པའོ། །དེའི་ཕྱིར་དེ་དང་ལྡན་པའི་དགེ་སློང་ཤེས་རབ་ཀྱི་
བྱིན་གྱི་རླབས་མཆོག་དང་ལྡན་པར་འགྱུར་རོ། །དེའི་རྣམ་པར་གྲོལ་བ་བདེན་པའི་བྱིན་གྱི་རླབས་མཆོག་དང་ལྡན་པར་འགྱུར་རོ། །དགེ་སློང་བརྫུན་པའི་མཆོག་ནི་བརྫུན་པ་སླུ་བའི་ཆོས་སོ། །དགེ་སློང་བདེན་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། ཇི་ལྟ་བ་ཉིད་དོ། །དེའི་
ཕྱིར་དེ་དང་ལྡན་པའི་དགེ་སློང་བདེན་པའི་བྱིན་གྱི་རླབས་མཆོག་དང་ལྡན་པར་འགྱུར་རོ། །གང་འདི་ཉེ་བར་ལེན་པ་ནི་སྔོན་གྱི་མི་མཁས་ཤིང་མི་ཤེས་པ་ལས་ཉེ་བར་ལེན་པར་འགྱུར་ཏེ། དེ་མེད་ན་དེའི་དུས་ན་མི་སྡུག་པ་དང་ཡིད་དུ་མི་འདོད་པར་འགྱུར་རོ། །དགེ་སློང་སྟོང་
པ་རྣམས་ཀྱི་ནང་ནས་མཆོག་ནི་འདི་ལྟ་སྟེ། ཉེ་བར་ལེན་པ་ཐམས་ཅད་ལས་ངེས་པར་འབྱུང་བ། སྲིད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་ཕྱིར་དེ་དང་ལྡན་པའི་དགེ་སློང་གཏོང་བའི་བྱིན་གྱི་རླབས་མཆོག་དང་ལྡན་པར་
เล่ม ๑๔๖ · หน้า 41a
འགྱུར་རོ། །དགེ་སློང་འདོད་ཆགས་ཉེ་བའི་ཉོན་མོངས་པ་ལས་སེམས་རྣམ་པར་མ་གྲོལ་བ། ཞེ་སྡང་ཉེ་བའི་ཉོན་མོངས་པ་དང་། གཏི་མུག་ཉེ་བའི་ཉོན་མོངས་པ་ལས་སེམས་རྣམ་པར་མ་གྲོལ་བ་འདི་དག་དགེ་སློང་འདོད་ཆགས་ཞེ་སྡང་གཏི་མུག་མ་
ལུས་པར་སྤངས་ནས་ངེས་པར་འབྱུང་བ་བྲལ་བ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་རབ་ཏུ་ཞི་བ་ནུབ་པ་ཉེ་བར་ཞི་བ་ཞེས་བྱའོ། །དགེ་སློང་མཆོག་ཏུ་ཉེ་བར་ཞི་བ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་མ་ལུས་པར་སྤངས་པ། ངེས་པར་འབྱུང་བ། བྲལ་
བ་ཟད་པ། འདོད་ཆགས་དང་བྲལ་བ་འགོག་པ་རབ་ཏུ་ཞི་བ་ནུབ་པ་སྟེ། དེའི་ཕྱིར་དེ་དང་ལྡན་པའི་དགེ་སློང་ནི་ཉེ་བར་ཞི་བ་མཆོག་གི་བྱིན་གྱི་རླབས་དང་ལྡན་པར་འགྱུར་རོ། །དགེ་སློང་བདག་ཅེས་བྱ་བ་འདི་ནི་མི་བརྟན་པ། ངའི་བདག་ཅེས་བྱ་བ་འདི་ནི་མི་བརྟན་པ།
འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། འབྱུང་བར་མི་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། གཟུགས་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། གཟུགས་མེད་པར་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། འདུ་ཤེས་འབྱུང་བར་འགྱུར་ཞེས་བྱ་བ་
འདི་ནི་མི་བརྟན་པ། འདུ་ཤེས་འབྱུང་བར་མི་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། དགེ་སློང་མི་བརྟན་པ་ནི་ནད། མི་བརྟན་པ་ནི་འབྲས། མི་བརྟན་པ་ནི་ཟུག་རྔུ། མི་བརྟན་པ་ནི་སྡུག་བསྔལ་
གྱི་རྩ་བ་ཡིན་ནོ་ཞེས་རྣམ་པར་ཤེས་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པས་བརྟན་པའི་སེམས་ཀྱིས་ཕལ་ཆེར་གནས་པར་བྱའོ། །ཇི་ལྟར་མི་བརྟན་པ་དེ་བཞིན་དུ་རབ་ཏུ་ཤེས་པ་དང་། སྤྲོས་པ་དང་། འདུས་བྱས་ཡིན་ནོ། །དགེ་སློང་བདག་ཅེས་བྱ་བ་འདི་ནི་སྲེད་པར་གྱུར་
པ། ངའི་བདག་ཅེས་བྱ་བ་འདི་ནི་སྲེད་པར་གྱུར་པ། བདག་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ། བདག་འབྱུང་བར་མི་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ། གཟུགས་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ། གཟུགས་མེད་པར་འབྱུང་བར་
เล่ม ๑๔๖ · หน้า 41b
འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ། འདུ་ཤེས་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ། འདུ་ཤེས་འབྱུང་བར་མི་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ་སྟེ། དགེ་
སློང་སྲེད་པ་ནི་ནད། སྲེད་པ་ནི་འབྲས། སྲེད་པ་ནི་ཟུང་རྔུ། སྲེད་པ་ནི་སྡུག་བསྔལ་གྱི་རྩ་བ་ཡིན་ནོ་ཞེས་རྣམ་པར་ཤེས་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པས་སྲེད་པ་དང་བྲལ་བའི་སེམས་ཀྱིས་ཕལ་ཆེར་གནས་པར་བྱའོ། །དགེ་སློང་མི་བརྟན་པ་དང་། རབ་
ཏུ་ཤེས་པ་དང་། སྤྲོས་པ་དང་། འདུས་བྱས་དང་། སྲེད་པར་གྱུར་པ་འདི་དག་མ་ལུས་པར་སྤངས་ན་ངེས་པར་འབྱུང་བ་དང་བྲལ་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། རབ་ཏུ་ཞི་བ་དང་། ནུབ་པ་དང་། ཉེ་བར་ཞི་བ་ཞེས་བྱའོ། །
དགེ་སློང་ཐུབ་པ་ཞེས་བྱ་བ་ནི་གང་ལ་སྐྱེ་བ་མེད་པ་དང་། རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། ཞེ་སྡང་མེད་པ་དང་། ཆགས་པ་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ཉིད་རྒྱུ་དང་། རྐྱེན་མེད་པས་སྐྱེ་བ་མེད་པའོ། །མ་སྐྱེས་པ་
ན་གང་ལས་རྒ་བར་འགྱུར་ཞིང་། མ་རྒས་ན་གང་ལས་འཆི་བར་འགྱུར་ལ། འཆི་བ་མེད་ན་གང་ལས་ཞེ་སྡང་བར་འགྱུར་ཞིང་། ཞེ་སྡང་མེད་ན་གང་ལས་ཆགས་པར་འགྱུར་ལ། རྒས་པ་མེད་ན་གང་ལས་ཡོངས་སུ་གདུང་བར་འགྱུར་ཞེས་བདག་གི་སྐྱེ་བ་ཟད་དོ། །ཚངས་
པར་སྤྱོད་པ་བསྟན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་དེ་ཉིད་སོ་སོར་རང་གི་རིག་པའི་ཤེས་རབ་ཀྱིས་རབ་ཏུ་ཤེས་སོ། །དགེ་སློང་ཁམས་དྲུག་རབ་ཏུ་རྣམ་པར་དབྱེ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་
པོ་ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་གསལ་བར་བྱེད་པའི་ཆོས་བཤད་པར་བྱའོ་ཞེས་ཁམས་རབ་ཏུ་དབྱེ་བའི་ཆོས་ཀྱི་རྣམ་གྲངས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །ཆོས་ཀྱི་རྣམ་
เล่ม ๑๔๖ · หน้า 42a
གྲངས་འདི་བསྟན་པ་ན་ཚེ་དང་ལྡན་པ་ཕུ་སྐར་ས་རི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཕུར་སྐར་ས་རི་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཁོང་དུ་ཆུད་ནས་ཐེ་ཚོམ་
ལས་བརྒལ་ཞིང་། སོམ་ཉི་ལས་རྒལ་ཏེ། གཞན་གྱི་རྐྱེན་གྱིས་འགྲོ་བར་བྱ་བ་མ་ཡིན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་ཇི་ལྟར་བྱིས་པ་དང་། ཇི་ལྟར་རྨོངས་པ་དང་། ཇི་ལྟར་མི་གསལ་བ་དང་། ཇི་ལྟར་མི་མཁས་པ་བདག་གིས་སྟོན་པ་ལ་ཚེ་དང་ལྡན་པ་ཞེས་ཡང་དག་པར་བརྗོད་པ་ནི་སྡིག་པ་བགྱིས་སོ། །བདེ་བར་གཤེགས་པ་སྡིག་པ་བགྱིས་སོ། །བཙུན་པ་དེ་ལ་སྡིག་པར་
འཚལ་ཞིང་། སྡིག་པར་ཁུམས་ལ་སྡིག་པ་ལ་སྡིག་པར་འཛིན་པས་ཐུགས་བརྩེ་བར་མཛད་དུ་གསོལ། དགེ་སློང་ཁྱོད་བདེན་ཏེ། ཇི་ལྟར་བྱིས་པ་དང་། ཇི་ལྟར་རྨོངས་པ་དང་། ཇི་ལྟར་མི་གསལ་བ་དང་། ཇི་ལྟར་མི་མཁས་པས་སྟོན་པ་ལ་ཚེ་དང་ལྡན་པ་ཞེས་བརྗོད་པ་
ནི་སྡིག་པར་འགྱུར་རོ། །དགེ་སློང་གང་གི་ཕྱིར་སྡིག་པར་ཤེས་ཤིང་སྡིག་པར་མཐོང་བ་དང་། སྡིག་པ་བཤགས་ཤིང་ཕྱིས་མི་བྱེད་པའི་སྡོམ་པ་བླང་བར་བྱའོ། །དགེ་བའི་ཆོས་རྣམས་འཕེལ་བར་འདོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གང་འགའ་ཞིག་སྡིག་
པར་ཤེས་ཤིང་སྡིག་པར་མཐོང་ལ་སྡིག་པ་བཤགས་ཤིང་ཕྱིས་མི་བྱེད་པའི་སྡོམ་པ་འཛིན་ན་དགེ་བའི་ཆོས་རྣམས་མི་ཉམས་ཤིང་འཕེལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཕུ་སྐར་ས་རི་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བརྗོད་ཅིང་།
ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །ཚེ་དང་ལྡན་པ་ཕུ་སྐར་ས་རི་ཡང་བཅོམ་ལྡན་འདས་ཀྱི་ཕྱི་ནས་སོང་ངོ་། །བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་
เล่ม ๑๔๖ · หน้า 42b
ཀྱི་ཞབས་དྲུང་ནས་ལོག་སྟེ། རིང་པོ་མ་ལོན་པར་བ་བེའུ་གཞོན་ནུ་མ་ཡོད་པ་ཞིག་གིས་འཚོ་བ་དང་ཕྲལ་བར་གྱུར་ཏོ། །དེ་འཆི་བའི་དུས་ན་དབང་པོ་རྣམས་རབ་ཏུ་གསལ་བར་གྱུར། བཞིན་ཡོངས་སུ་དག་པར་གྱུར། པགས་པའི་མདོག་དཀར་བར་གྱུར་ཏོ། །དེ་ནས་
ཉིན་ཞག་དེ་ཉིད་ཀྱི་སྔ་དྲོ་དགེ་སློང་རབ་ཏུ་མང་པོ་ཆོས་གོས་བགོས་ཁར་གསིལ་ཐོགས་ཏེ་རྒྱལ་པོའི་ཁབས་ཏུ་བསོད་སྙོམས་ལ་ཞུགས་པ་ན། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་རྒྱུ་བའི་དགེ་སློང་མང་པོ་དེ་དག་གིས་འདི་སྐད་དུ་ཐོས་ཏེ། བཅོམ་ལྡན་འདས་རྫ་མཁན་བྷརྒའི་
ཁང་པ་ན་ཚེ་དང་ལྡན་པ་ཕུ་སྐར་ས་རི་ཁམས་དྲུག་རབ་ཏུ་རྣམ་པར་དབྱེ་བའི་ཆོས་ཀྱི་རྣམ་གྲངས་ཀྱིས་བཏུལ་ཅིང་བཀོད་ལ་བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་ལོག་སྟེ་རིང་པོ་མ་ལོན་པར་བ་བེའུ་གཞོན་ནུ་འབྲངས་པ་ཞིག་གིས་འཚོ་བ་དང་ཕྲལ་བར་གྱུར་ཏེ། དེ་འཆི་བའི་དུས་ན་དབང་པོ་
རྣམས་ཡོངས་སུ་གསལ་བར་འགྱུར། བཞིན་གྱི་མདོག་ཡོངས་སུ་དག་པར་འགྱུར། པགས་པ་ཡོངས་སུ་དཀར་བར་གྱུར་ཞེས་རྒྱལ་པོའི་ཁབས་ཀྱི་བསོད་སྙོམས་པ་རྣམས་ཀྱིས་ཐོས་ཏེ། ཟས་ཀྱི་བྱ་བ་བྱས་ནས། དེ་འོག་ཏུ་ལྷུང་བཟེད་གྱུ་སྟེ། ལྷུང་བཟེད་དང་། ཆོས་གོས་
རྣམས་ཕྱོགས་གཅིག་ཏུ་བཞག་ནས་རྐང་པ་བཀྲུས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་འདི་
སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་སྔ་དྲོ་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་ན། བཙུན་པ་བདག་ཅག་དགེ་སློང་མང་པོ་བསོད་སྙོམས་ལ་ཞུགས་པ་དེ་དག་གིས་འདི་སྐད་ཐོས་ཏེ། ཚེ་དང་ལྡན་པ་ཕུ་
སྐར་ས་རི་བཅོམ་ལྡན་འདས་རྫ་མཁན་བྷརྒའི་ཁང་པ་ན་ཚེ་དང་ལྡན་པ་ཕུ་སྐར་ས་རི་ཁམས་དྲུག་རབ་ཏུ་རྣམ་པར་དབྱེ་བའི་ཆོས་ཀྱི་རྣམ་གྲངས་ཀྱིས་བརྟུལ་ཅིང་བཀོད་པ་བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་ལོག་སྟེ། རིང་པོ་མ་ལོན་པར་བ་བེའུ་གཞོན་ནུ་འབྲངས་པ་ཞིག་གིས་འཚོ་བ་དང་
เล่ม ๑๔๖ · หน้า 43a
ཕྲལ་བར་གྱུར་ཏེ། དེ་འཆི་བའི་དུས་ན་དབང་པོ་རྣམས་ཡོངས་སུ་གསལ་བར་གྱུར། བཞིན་ཡོངས་སུ་དག་པར་གྱུར། པགས་པའི་མདོག་ཡོངས་སུ་དཀར་བར་གྱུར། ཅེས་ཐོས་སོ། །བཙུན་པ་དེའི་འགྲོ་བ་ནི་ཅི་ཞིག་ཡིན། འཇིག་རྟེན་ཕ་
རོལ་ནི་ཅི་ཞིག་ཡིན། དགེ་སློང་དག་རིགས་ཀྱི་བུ་དེའི་སྐྱེ་བ་ནི་འགག་པ་སྟེ། ཆོས་རྣམས་ལ་ཆོས་རྣམས་རྗེས་སུ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ཆོས་ཀྱི་དབང་དུ་བྱས་ནས་ང་ལ་གནོད་པར་འགྱུར་བ་མ་བྱས་ཏེ། དགེ་སློང་དག་རིགས་ཀྱི་བུ་དེ་ཡོངས་སུ་མྱ་ངན་ལས་འདས་
པའི་ལུས་ལ་ལུས་ཀྱི་མཆོད་པ་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཕུ་སྐར་ས་རི་ལུང་བསྟན་ནས་དགེ་སློང་དག་བཅོམ་ལྡན་འདས་ལ་མངོན་པར་དགའ་ཞིང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་རྗེས་སུ་ཡི་རང་ངོ་། །འདུ་ཤེས་དང་
སེམས་པའི་ཆོས་དེ་དག་ནི་སེམས་ལས་བྱུང་བའོ་ཞེས་བྱ་བ་ནི་དགེ་སློང་མ་ཆོས་སྦྱིན་གྱི་མདོ་སྔར་བྲིས་པ་བཞིན་བལྟ་བར་བྱའོ། །ཡང་ཉན་ཐོས་ཀྱི་རྣམ་པར་བཤད་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་གསུམ་པའི་མདོ་ལས་ཚེ་དང་ལྡན་པ་བདེ་བྱེད་ཀྱིས་ཇི་སྐད་བསྟན་
པ་བཞིན་ཏེ། གཞན་ཡང་མདོ་དེ་དང་དེ་ལས་འདོན་པ་ལྟ་བུའོ། །སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་མདོ་སྡེ་མང་པོ་ལས་འབྱུང་སྟེ། ཅི་ལྟ་རེ་ཞིག་རྣམ་གྲངས་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་
པ་དྲན་པ་ཉེ་བར་གཞག་པ་དང་པོའི་མདོ་ལས། ཇི་ལྟར་ན་དགེ་སློང་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེ་ན། དགེ་སློང་འདི་ལ་སེམས་འདོད་ཆགས་དང་བཅས་པ་ལ་སེམས་འདོད་ཆགས་དང་བཅས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །
སེམས་འདོད་ཆགས་དང་བྲལ་བ་ལ་སེམས་འདོད་ཆགས་དང་བྲལ་ལོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། བསྡུས་པ་དང་རྣམ་པར་
เล่ม ๑๔๖ · หน้า 43b
གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་བསྡུས་པ་དང་། མཐོ་བ་དང་། དམའ་བ་དང་། ཉེ་བར་ཞི་བ་དང་། ཉེ་བར་མ་ཞི་བ་དང་། མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པ་དང་། བསྒོམས་པ་དང་། མ་བསྒོམས་པ་དང་། སེམས་རྣམ་པར་གྲོལ་བ་དང་། སེམས་རྣམ་པར་མ་གྲོལ་
བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ལ་སེམས་ཤིན་ཏུ་རྣམ་པར་གྲོལ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ནང་གི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཕྱིའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ནང་དང་
ཕྱིའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཀུན་འབྱུང་བའི་ཆོས་ཅན་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །འཇིག་པའི་ཆོས་ཅན་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཀུན་འབྱུང་བ་དང་འཇིག་པའི་ཆོས་ཅན་གྱི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །སེམས་
སོ་ཞེས་རྗེས་སུ་དྲན་པ་དང་དྲན་པ་ཉེ་བར་གཞག་པར་གྱུར་པ་ན་རྣམ་པར་ཤེས་པ་ཙམ་དང་མཐོང་བ་ཙམ་དང་། རབ་ཏུ་དྲན་པ་ཙམ་གྱི་བར་དུ་རྟེན་ཅིང་གནས་ཏེ། འཇིག་རྟེན་ཅུང་ཟད་ཉེ་བར་མི་ལེན་ཏེ། འདི་ལྟར་དགེ་སློང་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རེག་པའི་སྐྱེ་
མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཁྱེད་ཅག་གིས་ཕུང་པོ་མ་ཡིན་ཞིང་གཞན་གྱི་ཡང་མ་ཡིན་གྱི་རེག་པའི་སྐྱེ་མཆེད་དྲུག་སྟེ། དགེ་སློང་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་མངོན་
པར་འདུས་བྱས་པ། མངོན་པར་དགའ་བ་སྔོན་གྱི་ལས་ཉིད་དུ་རིག་པར་བྱའོ་ཞེས་ང་སྨྲའོ། །རིག་པའི་སྐྱེ་མཆེད་དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པའི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་མཆེད་དོ། །དགེ་སློང་དག་
དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་ལེགས་པར་ཚུལ་བཞིན་དཔྱོད་པར་བྱེད་དོ། །འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ་འདི་ལྟ་སྟེ་འདི་ཡོད་པས་རྣམ་པར་ཤེས་པའི་ཚོགས་དྲུག་འབྱུང་ལ། རེག་
เล่ม ๑๔๖ · หน้า 44a
པའི་ཚོགས་དྲུག་དང་། ཚོར་བའི་ཚོགས་དྲུག་དང་། སྲེད་པའི་ཚོགས་དྲུག་གོ། །འདི་ལྟ་སྟེ་འདི་ཡོད་པས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་ཞིང་།
དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་བར་འགྱུར་ཏེ། དགེ་སློང་འདི་ལྟར་འཇིག་རྟེན་ནི་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པ་ལས་རབ་ཏུ་བྱུང་སྟེ། དེ་ལྟར་ན་འཇིག་རྟེན་ནི་རྒྱུ་དང་བཅས་པ་ལས་རབ་ཏུ་བྱུང་ངོ་། །དགེ་སློང་དག་འཇིག་རྟེན་ནི་རྒྱུ་དང་བཅས་རྐྱེན་དང་བཅས་
པ་ལས་རབ་ཏུ་འགག་པར་འགྱུར་རོ། །ཇི་ལྟར་འཇིག་རྟེན་རྒྱུ་དང་བཅས་རྐྱེན་དང་བཅས་པ་ལས་རབ་ཏུ་འགག་པར་འགྱུར་ཞེ་ན། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་འགགས་པས་འདི་འགག་སྟེ། འདི་ལྟ་སྟེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་མེད་པས་རེག་པའི་ཚོགས་
དྲུག་དང་། ཚོར་བའི་ཚོགས་དྲུག་དང་། སྲེད་པའི་ཚོགས་དྲུག་མི་འབྱུང་བར་འགྱུར་ཞིང་། འདི་ལྟ་སྟེ། འདི་མེད་པས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་
འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །དགེ་སློང་དག་གང་གི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འཇིག་རྟེན་འབྱུང་བ་དང་བཅས་པ་འཇིག་རྟེན་འགོག་པ་དང་བཅས་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་
རབ་ཏུ་མཐོང་བར་གྱུར་ཅིང་རབ་ཏུ་རིག་པ་དང་། རབ་ཏུ་ཡིད་ལ་བྱེད་པ་དང་། རབ་ཏུ་བསྟེན་པ་དང་། ཡང་དག་པར་རབ་ཏུ་རིག་པ་ཞེས་བརྗོད་དོ། །འཕགས་པ་ཉན་ཐོས་དམ་པའི་ཆོས་འདི་རྟོགས་ཤིང་མཐོང་བ་དང་། དམ་པའི་ཆོས་འདི་ཉེ་བར་རྟོགས་པ་དང་། འདི་ནི་དམ་པའི་
ཆོས་ཞེས་བྱ་བར་རབ་ཏུ་རྟོགས་པ་དང་། སློབ་པའི་ཡེ་ཤེས་དང་། སློབ་པའི་མཐོང་བས་འཇིག་རྟེན་འདི་མི་དམིགས་པའི་ཤེས་རབ་དང་ལྡན་པ་དང་། འཕགས་པའི་ངེས་པར་འབྱུང་བ་དང་། རབ་ཏུ་ངེས་པ་དང་། རབ་ཏུ་ངེས་པར་འབྱུང་བ་དང་། ཡང་དག་པར་སྡུག་བསྔལ་
เล่ม ๑๔๖ · หน้า 44b
ཟད་པ་དང་། སྡུག་བསྔལ་མཐར་བྱེད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འཇིག་རྟེན་ཀུན་འབྱུང་བ་དང་འཇིག་རྟེན་འགོག་པ་དང་བཅས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་རབ་ཏུ་མཐོང་བ་དང་། རབ་ཏུ་རིག་པ་
དང་། རབ་ཏུ་ཡིད་ལ་བྱེད་པ་དང་། རབ་ཏུ་བསྟེན་པ་དང་། ཡང་དག་པར་རབ་ཏུ་རིག་པའི་ཕྱིར་རོ་ཞེས་བཀའ་སྩལ་ཏོ། །སེམས་ནི་ངར་འཛིན་པའི་རྟེན་ཡིན་པས། བདག་ཅེས་ཉེ་བར་འདོགས་ཏེ་ཞེས་བྱ་བ་ལ། བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་ནི་སུ་ཞིག་མགོན་
དུ་གྱུར། །བདག་ཉིད་ལེགས་པར་དུལ་ན་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །གཟུང་བར་དཀའ་ཞིང་མྱུར་བར་འཇུག །གང་དུ་འདོད་པ་དེར་འཇུག་བྱེད། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བ་ནི་བདེ་བར་འདྲེན། །ཞེས་གསུངས་སོ། །མིག་
གིས་གཟུགས་རྣམས་མཐོང་ཞེས་བྱ་བ་ནི་མདོ་སྡེ་མང་པོ་ལས་འདོན་ཏེ། ཇི་ལྟར་རེ་ཞིག་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དྲུག་པོ་འདི་དག་ལ་རྟག་ཏུ་གནས་པར་བྱ་སྟེ་དྲུག་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་མིག་གིས་གཟུགས་རྣམས་མཐོང་ནས་
ཡིད་བདེ་བར་མི་འགྱུར། ཡིད་མི་བདེ་བར་མི་འགྱུར། དྲན་པ་དང་ཤེས་བཞིན་དང་ལྡན་པས་བཏང་སྙོམས་སུ་གནས་སོ། །རྣ་བས་སྒྲ་དང་། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་ཡིད་བདེ་བར་མི་འགྱུར།
ཡིད་མི་བདེ་བར་མི་འགྱུར། དྲན་པ་དང་ཤེས་བཞིན་དང་ལྡན་པས་བཏང་སྙོམས་སུ་གནས་ཏེ། དྲུག་པོ་འདི་དག་གིས་རྟག་ཏུ་གནས་པ་དང་ལྡན་པའི་དགེ་སློང་ནི་རིམ་གྲོར་བྱ་བ། བཀུར་སྟིར་བྱ་བ། ཐལ་མོ་སྦྱར་བར་བྱ་བ། རབ་ཏུ་རྗེད་པར་བྱ་བ་བླ་ན་མེད་པའི་བསོད་
ནམས་ཀྱི་ཞིང་འཇིག་རྟེན་གྱི་ཡོན་གནས་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །མིག་གི་རྣམ་པར་ཤེས་པས་གཟུགས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། འདོད་པ་རྣམས་ཉེས་དམིགས་མང་པོར་འཆད་པའི་མདོ་ལས་འདོན་པ་དང་། སྐྱེ་མཆེད་དྲུག་གི་ཚོགས་ཀྱི་མདོ་དེ་དང་དེ་ལས་
เล่ม ๑๔๖ · หน้า 45a
གསུངས་པ་ལྟ་བུ་སྟེ། བཅོམ་ལྡན་འདས་ཀོ་རུ་པ་ན་ཀོ་ལ་མ་ཤིའི་གྲོང་ཁྱེར་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ།
མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། ཡོངས་སུ་གསལ་བར་བྱེད་པའི་ཆོས་བཤད་པར་བྱ་སྟེ། འདི་ལྟ་སྟེ། ལེའུ་བཞི་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཤད་པར་བྱའོ། །
ལེའུ་བཞི་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་དག་མིག་གིས་ཤེས་པར་བྱ་བའི་གཟུགས་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པར་བྱ་བ་དང་། རབ་ཏུ་དགའ་བར་བྱེད་པ་ཡོད་དེ། དེ་དག་མཐོང་ནས་དགེ་སློང་མངོན་པར་
དགའ་བ་དང་། བརྗོད་པ་དང་། ཞེན་པ་དང་། ལྷག་པར་ཞེན་ཅིང་གནས་པ་དང་། མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བ་དང་། འདོད་པར་བྱ་བ་མ་ཡིན་པ་དང་། རབ་ཏུ་དགའ་བར་བྱ་བ་
མ་ཡིན་པ་དང་། སྡུག་བསྔལ་བ་དང་། ནད་དང་། རྗེས་སུ་མི་མཐུན་པ་དང་ཡིད་དང་མི་མཐུན་པ་ཡོད་དེ། དེ་དག་མཐོང་ན་དགེ་སློང་སྡང་བ་དང་། ཁྲོ་བ་དང་། གནོད་སེམས་དང་། མི་མོས་པ་དང་། རབ་ཏུ་མི་དགའ་ཞིང་ཁྲོ་བ་སྐྱེད་པ་འདི་ནི་དགེ་སློང་བདུད་སྡིག་ཅན་གྱི་
དབང་དུ་སོང་ཞིང་ལོག་པར་སོང་བ་ཞེས་བྱའོ། །བདུད་སྡིག་ཅན་གྱིས་ཇི་ལྟར་དགའ་མགུར་བྱེད་པ་ཞེས་བྱའོ། །བདུད་ཀྱི་འཆིང་བ་ལས་མ་གྲོལ་ཞིང་བདུད་ཀྱི་དབང་དུ་གྱུར་པ་ཞེས་བརྗོད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་
ཆོས་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པར་བྱ་བ་དང་། དགའ་བར་བྱ་བ་ཡོད་དེ། དེ་དག་མཐོང་ནས་དགེ་སློང་མངོན་པར་དགའ་བ་དང་། བརྗོད་པ་དང་། ཞེན་པ་དང་། ལྷག་པར་ཞེན་ཅིང་གནས་པ་དང་། ཡིད་ཀྱི་རྣམ་
เล่ม ๑๔๖ · หน้า 45b
པར་ཤེས་པར་བྱ་བའི་ཆོས་མི་འདོད་པ་དང་། མི་དགའ་བ་དང་། མི་སྡུག་པ་དང་། ཡིད་དུ་མི་འོང་བ་དང་། འདོད་པར་བྱ་བ་མ་ཡིན་པ་དང་། རབ་ཏུ་དགའ་བར་བྱ་བ་མ་ཡིན་པ་དང་། སྡུག་བསྔལ་བ་དང་། ནད་དང་། རྗེས་སུ་མི་མཐུན་པ་ཡོད་དེ། དེ་དག་མཐོང་ནས་སྔ་
མ་བཞིན་དུ་ཁྲོ་བ་ནས་བདུད་སྡིག་ཅན་གྱིས་ཇི་ལྟར་འདོད་པ་བཞིན་བྱེད་པ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པར་བྱ་བ་དང་། དགའ་བར་བྱ་བ་ཡོད་དེ། དེ་དག་
མཐོང་ནས་དགེ་སློང་མངོན་པར་མི་དགའ་བ་དང་། མི་བརྗོད་པ་དང་། མ་ཞེན་པ་དང་། ལྷག་པར་མ་ཞེན་ཅིང་གནས་པ་དང་། དགེ་སློང་དག་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་མི་འདོད་པ་དང་། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བ་དང་། འདོད་
པར་བྱ་བ་མ་ཡིན་པ་དང་། རབ་ཏུ་དགའ་བར་བྱ་བ་མ་ཡིན་པ་དང་། སྡུག་བསྔལ་བ་དང་། ནད་དང་། རྗེས་སུ་མི་མཐུན་པ་དག་ཡོད་དེ། དེ་དག་མཐོང་ནས་མི་སྡང་བ་དང་། མི་ཁྲོ་བ་དང་། གནོད་སེམས་མེད་པ་དང་། མི་མོས་པ་དང་། རབ་ཏུ་མངོན་པར་མི་དགའ་བ་མ་ཡིན་པ་དང་།
ཁོང་ཁྲོ་བ་མི་སྐྱེད་པ་འདི་ནི་དགེ་སློང་བདུད་སྡིག་ཅན་གྱི་དབང་དུ་མ་སོང་ཞིང་ལེགས་པར་མ་སོང་བ་ཞེས་བྱ་བའོ། །བདུད་སྡིག་ཏོ་ཅན་གྱི་འདོད་དགུར་བྱེད་པ་མ་ཡིན་པ་ཞེས་བྱའོ། བདུད་ཀྱི་འཆིང་བ་ལས་གྲོལ་ཞིང་བདུད་ཀྱི་དབང་དུ་མ་གྱུར་པ་ཞེས་བྱའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་
དང་། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་འདོད་པ་དང་། སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བ་དང་། འདོད་པར་བྱ་བ་དང་། དགའ་བར་བྱ་བ་ཡོད་དེ། དེ་དག་མཐོང་ནས་དགེ་སློང་མངོན་པར་མི་དགའ་བ་དང་། མི་བརྗོད་པ་དང་། མ་ཞེན་པ་དང་། ལྷག་པར་མ་ཞེན་ཅིང་
གནས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་ཆོས་མི་འདོད་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བ་ནས་སྔ་མ་བཞིན་དུ་བདུད་ཀྱི་འཆིང་བ་ལས་གྲོལ་ཞིང་བདུད་ཀྱི་དབང་དུ་མ་གྱུར་པ་ཞེས་བྱ་བའི་བར་དུའོ། །འདི་ནི་ལེའུ་བཞི་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཏེ། དགེ་
เล่ม ๑๔๖ · หน้า 46a
སློང་དག་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། ཞེས་སྔར་ཇི་སྐད་དུ་བཤད་པའི་ཆོས་བསྟན་པར་བྱ་བའོ་ཞེས་ངས་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །བྲམ་ཟེ་མིག་ནི་གཟུགས་རྣམས་
མཐོང་བར་བྱ་བ་ལ། སྒོ་ཡིན་ནོ་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་ཚོགས་ལས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་ལས། བརྩོན་དང་གཞན་དང་ཡང་དག་ལྡན། །མ་རིག་སྦྲུལ་གྱི་སོ་དག་དང་། །ཐོས་དང་ཀཱ་ཏྱཱ་ཡ་ན་དང་། །སྣ་ཚོགས་
དགའ་བའི་དབང་པོའོ། །ཞེས་བྱ་བ་ལས་ཀཱ་ཏྱཱ་ཡ་ནའི་མདོ་འདི་ལྟར་འདོན་ཏེ། དེ་ནས་བྲམ་ཟེ་དམར་པོ་ཡུད་ཙམ་མི་སྨྲ་བར་འདུག་ནས་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀཱ་ཏྱཱ་ཡ་ན་སྒོ་སྒོ་ཞེས་བརྗོད་པ། ཅི་སྟེ་སྒོ་སྒོ་ཞེས་བརྗོད། སྨྲས་པ། བྲམ་ཟེ་ལེགས་སོ་ལེགས་
སོ། སྒོ་སྒོ་ཞེས་བྱ་བའི་དྲི་བ་དྲི་བར་རིགས་སོ། །ངས་ཁྱོད་སྒོའི་དྲི་བ་ལུང་བསྟན་པར་བྱའོ། །བྲམ་ཟེ་མིག་ནི་གཟུགས་རྣམས་མཐོང་བར་བྱ་བ་ལ་སྒོ་ཡིན་ནོ། །རྣ་བ་ནི་སྒྲ། སྣ་ནི་དྲི། ལྕེ་ནི་རོ། ལུས་ནི་རེག་བྱ། ཡིད་ནི་ཆོས་རྣམས་རྣམ་པར་ཤེས་པར་བྱ་བ་ལ་སྒོ་ཡིན་ནོ། །སྨྲས་པ།
ཀཱ་ཏྱཱ་ཡ་ན་ཁྱོད་ཀྱིས་སྒོ་སྒོ་ཞེས་དྲི་བ་དྲིས་པ་ལ་སྒོ་སྒོ་ཞེས་ལུང་བསྟན་པ་ནི་ངོ་མཚར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལྗོངས་ཀྱི་མིའི་ཚིག་ལ་མངོན་པར་ཞེན་པར་མི་བྱ་ཞེས་བྱ་བ་ལ། རྣམ་པར་འབྱེད་པ་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པར་ཁམས་དྲུག་དང་། སྐྱེ་མཆེད་དྲུག་འཆི་བར་
བརྗོད་པ་ལ་སོགས་པའི་མདོ་གསུམ་ལས་བཤད་དེ། ལྗོངས་ཀྱི་མིའི་ཚིག་ལ་མངོན་པར་ཞེན་པར་མི་བྱའོ། །འཇིག་རྟེན་གྱི་མིང་ལ་རྒྱུག་པར་མི་བྱའོ་ཞེས་ངས་བཤད་པ་དེ་རྒྱས་པར་ཅུང་ཟད་བཤད་པར་བྱ་སྟེ། ཇི་ཙམ་གྱིས་ན་ལྗོངས་ཀྱི་མིའི་ཚིག་ལ་མངོན་པར་ཞེན་པར་འགྱུར་
ཞིང་ཇི་ཙམ་གྱིས་ན་འཇིག་རྟེན་གྱི་མིང་ལ་རབ་ཏུ་རྒྱུག་པར་འགྱུར་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། དངོས་པོ་གཅིག་པོ་འདི་ཉིད་ལ་སྐྱེ་བོ་ཁ་ཅིག་ཀ་སི་ཞེས་བྱ་བར་ཤེས་ཤིང་རབ་ཏུ་ཤེས་སོ། །ལྷུང་བཟེད་ཅེས་བྱ་བའམ། ཤི་ཤི་ལ་ཞེས་བྱ་བའམ། རྩ་བ་ཞེས་བྱ་བའམ། ཙི་ཏ་ཞེས་བྱ་
เล่ม ๑๔๖ · หน้า 46b
བའམ། སྣོད་ཅེས་བྱ་བའམ། ཁམ་ཕོར་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཇི་ལྟ་ཇི་ལྟར་སྐྱེ་བོས་ཤེས་པ་དེ་ལྟ་དེ་ལྟར་བསྟན་ཅིང་སྤྱོད་པ་དང་། མངོན་པར་ཞེན་པ་དང་ཐ་སྙད་དུ་བྱེད་དེ་འདི་ཉིད་བདེན་གྱི། གཞན་ནི་རྨོངས་པའོ་ཞེས་ཐ་སྙད་དུ་བྱེད་དེ། ཇི་ལྟར་སྐྱེ་བོ་རྣམས་ཀྱི་ངེས་ཚིག་
གི་དོན་དུ་བྱས་པ་ཡིན་ནོ་ཞེས་ཐ་སྙད་དུ་མི་བྱེད་དེ། དེ་བཞིན་དུ་ཁ་ཅིག་གིས་བདག་ཏུ་རབ་ཏུ་ཤེས་ལ། སེམས་ཅན་ཞེས་བྱ་བའམ། གསོ་བ་ཞེས་བྱ་བའམ། སྐྱེས་བུ་ཞེས་བྱ་བའམ། གང་ཟག་ཅེས་བྱ་བའམ། ཤེད་ལས་སྐྱེས་པ་ཞེས་བྱ་བའམ། ཤེད་བུ་ཞེས་བྱ་བར་རབ་ཏུ་ཤེས་ཏེ།
དེ་ལྟ་དེ་ལྟར་བསྟན་ཅིང་དཔྱོད་པ་དང་། མངོན་པར་ཞེན་པས་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་ཐ་སྙད་དུ་བྱེད་དོ། །ཇི་ལྟར་དོན་བརྗོད་པར་བྱ་བའི་ཕྱིར་བྱས་སོ་ཞེས་ཐ་སྙད་དུ་མི་བྱེད་དེ། དེ་ལྟར་ན་ལྗོངས་ཀྱི་མི་ངེས་པའི་ཚིག་ལ་མངོན་པར་ཞེན་ཅིང་འཇིག་རྟེན་གྱི་མིང་ལ་རབ་ཏུ་རྒྱུག་པར་
འགྱུར་རོ། །ཇི་ལྟར་ན་ལྗོངས་ཀྱི་མིའི་ངེས་པའི་ཚིག་ལ་མངོན་པར་མི་ཞེན་ཅིང་འཇིག་རྟེན་གྱི་མིང་ལ་རབ་ཏུ་རྒྱུག་པར་མི་འགྱུར་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། དངོས་པོ་གཅིག་པོ་དེ་ཉིད་ལ་སྐྱེ་བོ་ཁ་ཅིག་གིས་ཀ་སི་ཞེས་བྱ་བར་ཤེས་ཤིང་རབ་ཏུ་ཤེས་སོ། །ལྷུང་བཟེད་ཅེས་བྱ་བའམ། ཤེ་
ཤི་ལ་ཞེས་བྱ་བའམ། རྩ་བ་ཞེས་བྱ་བའམ། ཙི་ཏ་ཞེས་བྱ་བའམ། སྣོད་ཅེས་བྱ་བའམ། ཁམ་ཕོར་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཇི་ལྟ་ཇི་ལྟར་སྐྱེ་བོས་རབ་ཏུ་ཤེས་པ་དེ་ལྟ་དེ་ལྟར་བསྟན་ཅིང་དཔྱོད་པ་དང་། མངོན་པར་ཞེན་པས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་ཐ་སྙད་དུ་བྱེད་
མོད་ཀྱི། སྐྱེ་བོ་རྣམས་ཀྱི་ངེས་པའི་ཚིག་གི་དོན་དུ་ཐ་སྙད་དུ་བྱེད་དོ། །དེ་བཞིན་དུ་ཁ་ཅིག་བདག་ཅེས་རབ་ཏུ་ཤེས་ཤིང་སེམས་ཅན་ཞེས་བྱ་བའམ། གསོ་བ་ཞེས་བྱ་བའམ། སྐྱེ་བ་ཞེས་བྱ་བའམ། སྐྱེས་བུ་ཞེས་བྱ་བའམ། གང་ཟག་ཅེས་བྱ་བའམ། ཤེད་བུ་ཞེས་བྱ་བའམ། ཤེད་
ལས་སྐྱེས་པ་ཞེས་བྱ་བའམ། སྐྱེ་བ་ཞེས་བྱ་བ་དེ་ལྟ་དེ་ལྟར་བསྟན་ཅིང་དཔྱོད་པ་དང་། མངོན་པར་ཞེན་པས་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་པའོ་ཞེས་ཐ་སྙད་དུ་བྱེད་མོད་ཀྱི། དོན་སྟོན་པར་བྱ་བའི་ཕྱིར་བྱས་སོ་ཞེས་ཐ་སྙད་དུ་བྱེད་དེ། འདི་ཙམ་གྱིས་ན་ལྗོངས་ཀྱི་མིའི་ངེས་པའི་
เล่ม ๑๔๖ · หน้า 47a
ཚིག་ལ་མངོན་པར་ཞེན་པར་མི་འགྱུར་ལ། འཇིག་རྟེན་གྱི་མིང་ལ་རབ་ཏུ་རྒྱུག་པར་མི་འགྱུར་རོ། །ལྗོངས་ཀྱི་མིའི་ངེས་པའི་ཚིག་ལ་མངོན་པར་ཞེན་པར་མི་བྱའོ། །འཇིག་རྟེན་གྱི་མིང་ལ་རྒྱུག་པར་མི་བྱའོ་ཞེས། ངས་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །
མདོ་ལས་དབང་པོ་ཉི་ཤུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བྲམ་ཟེ་རང་བཞིན་ཉན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་དང་། ལྷན་ཅིག་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་
བ་དང་། རབ་ཏུ་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་རང་བཞིན་ཉན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་དྲི་བ་ལུང་སྟོན་པ་ལ་སྐབས་འབྱེད་ན། བདག་ཕྱོགས་
འགའ་ཞིག་ཡོངས་སུ་འདྲིའོ། །བྲམ་ཟེ་ཇི་ལྟར་འདོད་པ་དྲིས་ཤིག། །གཽ་ཏ་མ་དབང་པོ་དབང་པོ་ཞེས་བརྗོད་པ་དབང་པོ་རྣམས་ནི་དུ་ཞིག །དབང་པོ་རྣམས་དབང་པོ་དུ་ཞིག་གིས་བསྡུས་པར་གྱུར། བྲམ་ཟེ་དབང་པོ་ཉི་ཤུ་རྩ་གཉིས་སོ། །ཉི་ཤུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ།
མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། མོའི་དབང་པོ་དང་། ཕོའི་དབང་པོ་དང་། སྲོག་གི་དབང་པོ་དང་། བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་བའི་
དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་།
ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །བྲམ་ཟེ་ཉི་ཤུ་རྩ་གཉིས་པོ་འདི་དག་ནི་དབང་པོ་རྣམས་ཞེས་བརྗོད་དོ། །འདི་ཙམ་གྱིས་ན་དབང་པོ་རྣམས་བསྡུས་པར་འགྱུར་རོ། །དེ་ནས་བྲམ་ཟེ་རང་བཞིན་ཉན་བཅོམ་ལྡན་འདས་ཀྱིས་གསུངས་པ་
เล่ม ๑๔๖ · หน้า 47b
ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་སོང་ངོ་། །ཆོས་མངོན་པའི་མཛོད་ཀྱི་མདོ་དང་སྦྱར་བའི་ཊཱིཀ་ཉེ་བར་མཁོ་བ་ཞེས་བྱ་བ་ལས། གནས་དང་པོ་ཕལ་ཆེར་མདོ་དང་སྦྱར་བའོ།། །།མཐོང་བ་དང་ཐོས་ནས་ཡ་ང་བ་སྤང་བའི་
ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། མིག་དང་ལྡན་པ་དཀའ་བའི་གནས། །རྣམ་པར་གནོན་པར་བྱེད་པ་ལྟར། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤངས། །ཐོས་ནས་ཆོས་ཀུན་རྣམ་པར་ཤེས། །ཐོས་ནས་སྡིག་ལས་འདའ་བར་བྱེད། །
ཐོས་ནས་མྱ་ངན་འདས་པ་ཐོབ། །ཅེས་འབྱུང་ངོ་། །ཇི་སྐད་དུ། དེའི་ཚེ་དྲི་ཟ་དེ་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཕྲ་རྒྱས་བཏགས་པའི་དབུགས་འབྱུང་བ་དྲུག་པ་ལས་མི་འགགས་ཤིང་འདས་ལ། མངལ་གྱི་རྐྱེན་ནི་ཕྱིན་ཅི་ལོག་པ་ཞེས་བྱ་བ་ལ་
སོགས་པ་འབྱུང་ངོ་། །མངལ་དུ་འཇུག་པའི་མདོ་ལས་ཀྱང་དོན་འདི་ཉིད་ཡི་གེ་གཞན་དུ་འབྱུང་སྟེ། དེ་ལ་འདི་ལྟར་འདོན་ཏེ། དེ་ལ་འདི་དགའ་བོ་ཇི་ལྟར་ན་སེམས་ཅན་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན། དགའ་བོ་འདི་ལ་ཕ་མ་ཆགས་པར་འགྱུར་ཞིང་འདུས་པ་དང་། མ་རུང་ཞིང་ཟླ་མཚན་
དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་ན་འཇུག་པར་འགྱུར་རོ། །དྲི་ཟ་ཞེས་བྱ་བ་ནི་སྲིད་པ་བར་མ་དོའི་སེམས་ཅན་གྱི་ཚིག་བླ་དགས་སོ། །དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། ཁ་དོག་བཟང་བ་དང་ཁ་དོག་ངན་པའོ། །དེ་ལ་དམྱལ་བའི་སྲིད་པ་བར་མ་དོ་ནི་ཁ་དོག་ངན་པ་སྟེ། འདི་ལྟ་སྟེ་
ཀ་བ་ཚིག་པ་ལྟ་བའོ། །དུད་འགྲོའི་སྲིད་པ་བར་མ་དོ་ནི་དུ་བའི་ཁ་དོག་ལྟ་བུའོ། །ཡི་དགས་ཀྱི་ནི་ཆུ་ལྟ་བུའོ། །འདོད་པ་ན་སྤྱོད་པའི་མི་དང་ལྷ་རྣམས་ཀྱི་ནི་གསེར་གྱི་ཁ་དོག་གོ། །གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་དཀར་པོའོ། །གཟུགས་མེད་པ་ན་སྤྱོད་པ་ལ་ནི་སྲིད་པ་བར་མ་མེད་
དེ། གཟུགས་མེད་པའི་ཕྱིར་རོ། །སྲིད་པ་བར་མ་ཁ་ཅིག་ནི་ལག་པ་གཉིས་པའོ། །ཁ་ཅིག་ནི་རྐང་པ་གཉིས་པའོ། །ཁ་ཅིག་ནི་རྐང་པ་མང་པོ་ཅན་ནོ། །ཁ་ཅིག་ནི་རྐང་པ་གཅིག་པའོ། །འགྲོ་བ་གང་དུ་སྔོན་གྱི་ལས་ཀྱིས་སྐྱེ་བར་འགྱུར་བ་སྲིད་པ་བར་མ་དོའི་སེམས་ཅན་
เล่ม ๑๔๖ · หน้า 48a
ཡང་དེ་དང་འདྲ་བར་འགྱུར་རོ། །སྲིད་པ་བར་མ་དོའི་སེམས་ཅན་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བ་ཐོགས་པ་མེད་པ་རྫུ་འཕྲུལ་དང་ལྡན་པ་ལྟ་བུའོ། །ལྷའི་མིག་དང་ལྡན་པར་འགྱུར་རོ། །མ་ཟླ་མཚན་དང་ལྡན་ཞེས་བྱ་བ་ནི་དུས་དང་དུས་སུ་ཟླ་མཚན་
དང་ལྡན་པའོ། །དེ་ལ་བུད་མེད་ཁ་ཅིག་ནི་ཞག་གསུམ་དང་ལྔ་དང་བདུན་གྱི་བར་དུ་ཟླ་མཚན་དང་ལྡན་པར་འགྱུར་རོ། །ཁ་ཅིག་ནི་རྒྱུ་དང་རྐྱེན་གྱི་དབང་གིས་ཡུན་རིང་པོར་ཟླ་མཚན་དང་ལྡན་པར་འགྱུར་ཞིང་། ཟླ་མཚན་དང་ཟླ་མཚན་འབྲེལ་བར་འགྱུར་རོ། །དེ་ལ་བུད་མེད་གང་
སྡུག་བསྔལ་ཞིང་འགྲོ་བ་ངན་པར་གྱུར་པ་དང་། ཉེ་བར་གདུང་བ་དང་། འཁྲུག་པ་མང་བ་དང་། བཟའ་བ་དང་། བཏུང་བ་གྱ་ནོམ་པ་མ་ཡིན་ན་དུས་ཐུང་ངུར་ཟླ་མཚན་དང་ལྡན་པར་འགྱུར་ཏེ། མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་རོ། །དགའ་བོ་འདི་ལྟ་སྟེ་དཔེར་ན་ས་རྩུབ་
མོའི་ཕྱོགས་སུ་ཆུ་བཏབ་ན་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་བ་དེ་བཞིན་དུ་བུད་མེད་གང་སྡུག་བསྔལ་ཞིང་འགྲོ་བ་ངན་པར་གྱུར་པ་དང་། ཉེ་བར་གདུང་བ་དང་། འཁྲུག་པ་མང་བ་དང་། བཟའ་བ་དང་བཏུང་བ་གྱ་ནོམ་པ་མ་ཡིན་ན། དུས་ཐུང་ངུར་ཟླ་མཚན་དང་ལྡན་
པར་འགྱུར་ཏེ་མྱུར་དུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་རོ། །བུད་མེད་གང་བདེ་ཞིང་འགྲོ་བ་བཟང་པོར་གྱུར་པ་དང་། ཉེ་བར་གདུང་བ་དང་། འཁྲུག་པ་ཉུང་བ་དང་། བཟའ་བ་དང་བཏུང་བ་གྱ་ནོམ་པ་ནི་ཡུན་རིང་པོར་ཟླ་མཚན་དང་ལྡན་པར་འགྱུར་ཏེ། མྱུར་དུ་ཡོངས་སུ་
ཟད་ཅིང་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དགའ་བོ་འདི་ལྟ་སྟེ་དཔེར་ན་ས་འཇམ་པོའི་ཕྱོགས་སུ་ཆུ་བཏབ་ན་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་མི་འགྱུར་བ་དེ་བཞིན་དུ་བུད་མེད་གང་བདེ་ཞིང་འགྲོ་བ་བཟང་བར་གྱུར་པ་དང་། ཉེ་བར་གདུང་བ་དང་འཁྲུག་པ་ཉུང་བ་དང་།
བཟའ་བ་དང་བཏུང་བ་གྱ་ནོམ་པ་ནི་ཡུན་རིང་པོར་ཟླ་མཚན་དང་ལྡན་པར་འགྱུར་ཏེ། མྱུར་དུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། ཟླ་མཚན་ལ་ཟླ་མཚན་འབྲེལ་པར་འགྱུར་རོ། །དགའ་བོ་དེ་ལ་གལ་ཏེ་ཕ་ལས་ཁུ་བ་བྱུང་ཞིང་མ་ལས་མ་བྱུང་ན་རེ་ཞིག་དེའི་
เล่ม ๑๔๖ · หน้า 48b
དུས་ན་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་མ་ལས་བྱུང་ཞིང་ཕ་ལས་མ་བྱུང་ན་རེ་ཞིག་དེའི་དུས་ན་མངལ་དུ་འཇུག་པར་མི་འགྱུར་རོ། །མ་དག་པར་གྱུར་ཅིང་ཕ་མ་དག་པར་གྱུར་པ་དང་། ཕ་དག་ཅིང་མ་མ་དག་པར་གྱུར་པ་རེ་ཞིག་དེའི་དུས་ན་མངལ་དུ་འཇུག་པར་མི་འགྱུར་རོ། །དེའི་
དུས་ན་མ་རླུང་གིས་བཟུང་བར་གྱུར་པའམ། ཕ་བཟུང་བའམ། བད་ཀན་གྱིས་བཟུང་བའམ། ཁྲག་གིས་བཟུང་བའམ། ཤས་གང་བའམ། རྨེན་ཅན་ལྟ་བུའམ། ནས་ཀྱི་བར་ལྟ་བུའམ། གྲོག་མོའི་རྐེད་པ་ལྟ་བུའམ། རྔ་མོའི་གདོང་པ་ལྟ་བུའམ། ཁྱིའི་གདོང་པ་ལྟ་བུའམ།
ཤིང་རྟའི་གདོང་པ་ལྟ་བུའམ། ཀ་བ་ལྟ་བུའམ། འདབ་མ་ལྟ་བུའམ། ནང་དུ་རྩེ་མོ་ལྟ་བུ་སྐྱེས་པའམ། འོག་ཏུ་ཟབ་པའམ། སྟེང་དུ་ཟབ་པའམ། མངལ་སྣོད་དུ་མ་གྱུར་པའམ། ཁྲག་འཛག་པའམ། ཆུང་བའམ། ཁྲའི་མཆུ་ལྟ་བུའམ། གཡས་ཕྱོགས་ཡངས་པའམ།
གཡོན་ཕྱོགས་ཡངས་པའམ། སྟེང་དུ་ཡངས་པའམ། འོག་ཏུ་ཡངས་པའམ། མཐོ་བའམ། དམའ་བའམ། སྒུར་པའམ། ཡོ་བའམ། སྐྱོན་དང་བཅས་པའམ། ཉེས་པ་དང་བཅས་པ་དང་། བི་ས་ར་ཀ་ཞེས་བྱ་བའི་སྲོག་ཆགས་ཀྱིས་ཟོས་པར་གྱུར་པ་སྟ། རེ་ཞིག་
དེའི་དུས་ན་མངལ་དུ་འཇུག་པར་མི་འགྱུར་རོ། །ཕ་དང་མ་དབང་ཐང་ཆེན་པོ་དང་ལྡན་པར་གྱུར་ལ་དྲི་ཟ་དབང་ཐང་ཆུང་ངུ་དང་ལྡན་པར་གྱུར་པ་དང་། དྲི་ཟ་དབང་ཐང་ཆེན་པོ་དང་ལྡན་ལ་ཕ་མ་དབང་ཐང་ཆུང་ངུ་དང་ལྡན་པར་གྱུར་ན། རེ་ཞིག་དེའི་དུས་ན་མངལ་དུ་འཇུག་པར་མི་འགྱུར་
རོ། །ཐམས་ཅད་ནུས་པ་ཆེན་པོ་དང་ལྡན་ན་འགྱུར་རོ། །ཕ་དང་མ་དག་གིས་བུ་རྙེད་པར་འགྱུར་བའི་ལས་མ་བྱས་ཤིང་མ་བསགས་པ་དང་། དྲི་ཟས་ཀྱང་ཕ་དང་མ་རྙེད་པའི་ལས་མ་བྱས་ཤིང་མ་བསགས་པ་དང་། དྲི་ཟ་ལ་བུད་མེད་དམ་སྐྱེས་པའི་སེམས་གཉིས་པོ་ལས་
གང་ཡང་རུང་བ་ཉེ་བར་མི་གནས་ན་རེ་ཞིག་དེ་སྲིད་དུ་མངལ་དུ་འཇུག་པར་མི་འགྱུར་རོ། །དགའ་བོ་ཇི་ལྟར་ན་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན། དགའ་བོ་འདི་ལ་ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང་། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་
เล่ม ๑๔๖ · หน้า 49a
ན་འཇུག་པར་འགྱུར་ཏེ། ཕ་དང་མའི་ཁུ་བ་བྱུང་ཞིང་ཕ་དང་མ་ཆགས་པར་གྱུར་པ་དང་། དེའི་དུས་ན་ཕ་དང་མ་རླུང་གིས་བཟུང་བར་མ་གྱུར་པ་དང་། བད་ཀན་གྱིས་མ་བཟུང་བ་དང་། ཁྲག་གིས་མ་བཟུང་བ་དང་། ཤས་གང་བ་མ་ཡིན་པ་དང་། རྨེན་ཅན་
ལྟ་བུ་མ་ཡིན་པ་དང་། ནས་ཀྱི་བར་ལྟ་བུ་མ་ཡིན་པ་དང་། གྲོག་མོའི་རྐེད་པ་ལྟ་བུ་མ་ཡིན་པ་དང་། རྔ་མོའི་གདོང་པ་དང་། ཁྱིའི་གདོང་པ་དང་། ཤིང་རྟའི་གདོང་པ་དང་། ཀ་བ་ལྟ་བུ་དང་། འདབ་མ་ལྟ་བུ་དང་། ནང་དུ་རྩེ་མོ་ལྟ་བུ་སྐྱེས་པ་མ་ཡིན་པ་དང་། སྟེང་དུ་ཟབ་པ་
དང་། འོག་ཏུ་ཟབ་པ་མ་ཡིན་པ་དང་། སྣོད་དུ་གྱུར་པ་དང་། ཁྲག་འཛག་པ་དང་། ཆུང་བ་མ་ཡིན་པ་དང་། ཁྲའི་མཆུ་ལྟ་བུ་མ་ཡིན་པ་དང་། གཡས་ཕྱོགས་ཡངས་པ་དང་། གཡོན་ཕྱོགས་ཡངས་པ་དང་། སྟེང་དུ་ཡངས་པ་དང་། འོག་ཏུ་ཡངས་པ་མ་ཡིན་པ་དང་།
མཐོ་བ་དང་དམའ་བ་མ་ཡིན་པ་དང་། སྒུར་པོ་མ་ཡིན་པ་དང་། སྐྱོན་མེད་པ་དང་། ཉེས་པ་མེད་པ་དང་། ཕ་དང་མ་དབང་ཐང་ཆེན་པོ་དང་ལྡན་ཞིང་དྲི་ཟ་ཡང་དབང་ཐང་ཆེན་པོ་དང་ལྡན་པར་གྱུར་པ་དང་། ཕ་དང་མ་དབང་ཐང་ཆུང་ངུ་དང་ལྡན་པར་གྱུར་ན་དྲི་ཟ་ཡང་དབང་ཐང་ཆུང་ངུ་དང་
ལྡན་པར་གྱུར་པ་དང་། ཕ་དང་མ་དག་གིས་བུ་རྙེད་ཅིང་ཐོབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། དྲི་ཟས་ཀྱང་ཕ་དང་མ་རྙེད་ཅིང་ཐོབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། དྲི་ཟ་ལ་བུད་མེད་དམ་སྐྱེས་པའི་སེམས་གཉིས་པོ་ལས་གང་ཡང་རུང་བ་ཉེ་བར་
གནས་ན། དགའ་བོ་འདི་ལྟར་མའི་མངལ་དུ་འཇུག་པར་འགྱུར་རོ་ཞེས་འབྱུང་སྟེ། མཛོད་ཀྱི་གནས་གསུམ་པར་སྲིད་པ་བར་མའི་རྣམ་བཤད་ཀྱི་སྐབས་སུ་ཡང་དྲི་ཟ་ཞེས་བྱ་བ་འདི་ཉིད་དྲང་བར་བྱའོ། །ཇི་སྐད་དུ་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་ཅེས་བྱ་བ་ལ། རྣམ་
པར་འབྱེད་པ་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་དང་པོའི་མདོ་ལས། བཙུན་པ་འཇིག་རྟེན་ནི་གང་གིས་ཁྲིད། གང་གིས་དྲངས། གང་གིས་སྐྱེ་ཞིང་སྐྱེ་བ་ལ་དབང་བསྒྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་
เล่ม ๑๔๖ · หน้า 49b
སྩལ་ཏོ། །དགེ་སློང་ལེགས་སོ་ལེགས་སོ། །བློ་བཟང་པོ་དང་། ཤེས་རབ་བཟང་པོ་དང་། ཤེས་རབ་དང་དཔྱོད་པས་འཇིག་རྟེན་འདི་གང་གིས་ཁྲིད། གང་གིས་དྲངས། གང་གིས་སྐྱེ་ཞིང་སྐྱེ་བ་ལ་དབང་སྒྱུར་ཞེས་དགེ་སློང་ཁྱོད་ཀྱིས་བདག་ལ་འདི་ལྟར་འདྲི་བ་ལེགས་སོ། །དེ་ལེགས་
པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད། སེམས་ཀྱིས་ཡོངས་སུ་དྲངས་ཏེ། སེམས་ཀྱིས་དེ་སྐྱེ་ཞིང་སྐྱེ་བ་ལ་དབང་བསྒྱུར་རོ། །གང་གིས་འཇིག་རྟེན་འདི་ཡོངས་སུ་ཁྲིད་ཅིང་ཡོངས་སུ་འདྲེན་པ་དང་། གང་གི་སྐྱེ་བ་ལ་
དབང་སྒྱུར་བ་དེས་འཕགས་པ་ཉན་ཐོས་དགྲ་བཅོམ་པ་མི་འགྲོ་ཞིང་མི་འདྲེན་ལ་དེ་སྐྱེ་ཞིང་སྐྱེ་བ་ལ་དབང་མི་སྒྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཕགས་པ་ཉན་ཐོས་སེམས་ལ་དབང་སྒྱུར་བར་བྱེད་ཀྱི། དེ་ལ་ནི་སེམས་ཀྱིས་དབང་སྒྱུར་བར་བྱེད་པ་མ་ཡིན་ནོ་ཞེས་བྱའོ། །བདེ་བར་གྱུར་
པའི་སེམས་མཉམ་པར་འཇོག་པར་འགྱུར་རོ་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་མདོར་སྔར་བྲིས་པ་བཞིན་ནོ། །ཆེད་དུ་བརྗོད་པ་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་ལས་དེར་བསྟན་པ་བཞིན་དུ་ཡང་དྲང་བར་བྱ་སྟེ། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་
ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚུལ་ཁྲིམས་གང་གི་དོན་དུ་ཀུན་དགའ་བོ་ཡོངས་སུ་གདུང་བ་མེད་པའི་དོན་དུའོ། །བཙུན་པ་ཡོངས་སུ་གདུང་བ་མེད་པ་གང་གི་དོན་དུ། ཀུན་དགའ་བོ་ཇི་སྲིད་དུ་དགའ་བ་སྐྱེད་པའི་དོན་དུའོ། །བཙུན་པ་དགའ་བ་སྐྱེད་པ་གང་གི་དོན་དུ།
ཇི་སྲིད་དུ་རབ་ཏུ་དགའ་བ་སྐྱེ་བའི་དོན་དུའོ། །བཙུན་པ་རབ་ཏུ་དགའ་བ་གང་གི་དོན་དུ། ཇི་སྲིད་དུ་ཤིན་ཏུ་སྦྱངས་པ་གང་གི་དོན་དུའོ། །བཙུན་པ་ཤིན་ཏུ་སྦྱངས་པ་གང་གི་དོན་དུ། ཀུན་དགའ་བོ་ཇི་སྲིད་སེམས་བདེ་བའི་དོན་དུའོ། །བཙུན་པ་བདེ་བ་གང་གི་དོན་དུ། ཀུན་དགའ་བོ་
เล่ม ๑๔๖ · หน้า 50a
སེམས་མཉམ་པར་གཞག་པའི་དོན་དུའོ། །བཙུན་པ་ཏིང་ངེ་འཛིན་གང་གི་དོན་དུ། ཇི་སྲིད་དུ་ཇི་ལྟ་བ་བཞིན་ཤེས་པ་དང་མཐོང་བའི་དོན་དུའོ། །བཙུན་པ་ཇི་ལྟ་བ་བཞིན་ཤེས་པ་དང་མཐོང་བ་གང་གི་དོན་དུ། ཇི་སྲིད་དུ་སྐྱོ་བའི་དོན་དུའོ། །བཙུན་པ་སྐྱོ་བ་གང་གི་དོན་དུ།
ཀུན་དགའ་བོ་ཇི་སྲིད་དུ་འདོད་ཆགས་དང་བྲལ་བའི་དོན་དུའོ། །བཙུན་པ་འདོད་ཆགས་དང་བྲལ་བ་གང་གི་དོན་དུ། ཀུན་དགའ་བོ་ཇི་སྲིད་དུ་རྣམ་པར་གྲོལ་བའི་དོན་དུའོ། །བཙུན་པ་རྣམ་པར་གྲོལ་བ་གང་གི་དོན་དུ། ཀུན་དགའ་བོ་ཇི་སྲིད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་དོན་དུའོ། །
ཀུན་དགའ་བོ་ཚུལ་ཁྲིམས་དང་ལྡན་ན་གདུང་བ་མེད་པར་འགྱུར་རོ། །གདུང་བ་མེད་ན་དགའ་བ་སྐྱེ་བར་འགྱུར་རོ། །དགའ་བ་སྐྱེས་ན་རབ་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་ན་བདེ་བ་སྐྱེ་བར་འགྱུར་རོ། །བདེ་བ་མྱོང་ན་སེམས་མཉམ་པར་འཇོག་པར་འགྱུར་རོ། །
ཀུན་དགའ་བོ་སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ན་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་རྣམ་པར་གྲོལ་བར་འགྱུར་རོ། །
རྣམ་པར་གྲོལ་ན་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། ཀུན་དགའ་བོ་འདི་ནི་ཆོས་ཉིད་ལ་ཆོས་ཀྱི་རྒྱུ་མཐུན་པའོ། །ཆོས་ཉིད་ལ་ཆོས་ཀྱི་རྒྱུ་མཐུན་པར་གྱུར་པའོ། །ཚུལ་ཁྲིམས་འདི་ལ་རྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་ན་རབ་ཀྱི་མཆོག་ཏུ་ཉེ་བར་འགྲོ་བར་འགྱུར་ཏེ། ཕ་རོལ་ཏུ་མ་
ཕྱིན་པ་ཕ་རོལ་ཏུ་འགྲོ་བར་འགྱུར་བའི་བར་དུའོ་ཞེས་བཀའ་སྩལ་ཏོ། །སྡུག་བསྔལ་གྱི་རྒྱུ་ཅན་གྱི་དད་པ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་དག་མྱ་ངན་ལས་འདས་པ་ཡང་
རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་དག་མྱ་ངན་ལས་འདས་པའི་རྒྱུ་གང་ཞེ་ན། རྣམ་པར་གྲོལ་བ་ཞེས་བརྗོད་དོ། །དགེ་སློང་དག་རྣམ་པར་གྲོལ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་དག་རྣམ་པར་གྲོལ་བའི་རྒྱུ་གང་ཞེ་ན། འདོད་ཆགས་དང་བྲལ་བ་ཞེས་བརྗོད་དོ། །དགེ་
เล่ม ๑๔๖ · หน้า 50b
སློང་དག་འདོད་ཆགས་དང་བྲལ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་དག་འདོད་ཆགས་དང་བྲལ་བའི་རྒྱུ་གང་ཞེ་ན། ཡིད་འབྱུང་བ་ཞེས་བརྗོད་དོ། །དགེ་སློང་དག་ཡིད་འབྱུང་བ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་དག་ཡིད་འབྱུང་བའི་རྒྱུ་གང་ཞེ་ན། ཇི་ལྟ་བ་བཞིན་དུ་
ཤེས་པ་དང་མཐོང་བ་ཞེས་བརྗོད་དོ། །དགེ་སློང་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དང་མཐོང་བ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དང་མཐོང་བའི་རྒྱུ་གང་ཞེ་ན། ཏིང་ངེ་འཛིན་ཞེས་བརྗོད་དོ། །དགེ་སློང་དག་ཏིང་ངེ་འཛིན་དེ་ཡང་རྒྱུ་དང་
བཅས་པར་ང་སྨྲའོ། །དགེ་སློང་དག་ཏིང་ངེ་འཛིན་གྱི་རྒྱུ་གང་ཞེ་ན། བདེ་བའོ་ཞེས་བརྗོད་དོ། །དགེ་སློང་དག་བདེ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་དག་བདེ་བའི་རྒྱུ་གང་ཞེ་ན། ཤིང་ཏུ་སྦྱངས་པ་ཞེས་བརྗོད་དོ། །དགེ་སློང་དག་ཤིན་ཏུ་སྦྱངས་པ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །
དགེ་སློང་ཤིན་ཏུ་སྦྱངས་པའི་རྒྱུ་གང་ཞེ་ན། དགའ་བའོ་ཞེས་བརྗོད་དོ། །དགེ་སློང་དག་དགའ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་དགའ་བའི་རྒྱུ་གང་ཞེ་ན། རབ་ཏུ་དགའ་བ་ཞེས་བརྗོད་དོ། །དགེ་སློང་དག་རབ་ཏུ་དགའ་བ་ཡང་རྒྱུ་དང་བཅས་པར་ང་
སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་རབ་ཏུ་དགའ་བའི་རྒྱུ་གང་ཞེ་ན། ཡོངས་སུ་གདུང་བ་མེད་པ་ཞེས་བརྗོད་དོ། །དགེ་སློང་དག་ཡོངས་སུ་གདུང་བ་མེད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་ཡོངས་སུ་གདུང་བ་མེད་པའི་རྒྱུ་གང་
ཞེ་ན། ཚུལ་ཁྲིམས་སྡོམ་པ་ཞེས་བརྗོད་དོ། །དགེ་སློང་དག་ཚུལ་ཁྲིམས་སྡོམ་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་ཚུལ་ཁྲིམས་སྡོམ་པའི་རྒྱུ་གང་ཞེ་ན། དབང་པོ་སྡོམ་པ་ཞེས་བརྗོད་དོ། །དགེ་སློང་དག་དབང་པོའི་སྡོམ་པ་ཡང་རྒྱུ་དང་
བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་དབང་པོ་སྡོམ་པའི་རྒྱུ་གང་ཞེ་ན། དྲན་པ་དང་ཤེས་བཞིན་ཞེས་བརྗོད་དོ། །དགེ་སློང་དག་དྲན་པ་དང་ཤེས་བཞིན་ཡང་རྒྱུ་དང་བཅས་པར་ང་སྨྲའི་རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་དྲན་པ་དང་ཤེས་བཞིན་
เล่ม ๑๔๖ · หน้า 51a
གྱི་རྒྱུ་གང་ཞེ་ན། ཚུལ་ཁྲིམས་ཡིད་ལ་བྱེད་པ་ཞེས་བརྗོད་དོ། །དགེ་སློང་དག་ཚུལ་ཁྲིམས་ཡིད་ལ་བྱེད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་ཚུལ་ཁྲིམས་ཡིད་ལ་བྱེད་པའི་རྒྱུ་གང་ཞེ་ན། དད་པ་ཞེས་བརྗོད་དོ། །དགེ་
སློང་དག་དད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་དད་པའི་རྒྱུ་གང་ཞེ་ན། སྡུག་བསྔལ་བ་ཞེས་བརྗོད་དོ། །དགེ་སློང་དག་སྡུག་བསྔལ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་སྡུག་བསྔལ་བའི་རྒྱུ་
གང་ཞེ་ན། རྒ་ཤི་ཞེས་བརྗོད་དོ། །དགེ་སློང་དག་རྒ་ཤི་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་རྒ་ཤིའི་རྒྱུ་གང་ཞེ་ན། སྐྱེ་བ་ཞེས་བརྗོད་དོ། །དགེ་སློང་དག་སྐྱེ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་སྐྱེ་
བའི་རྒྱུ་གང་ཞེ་ན། སྲིད་པ་ཞེས་བརྗོད་དོ། །དགེ་སློང་དག་སྲིད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་སྲིད་པའི་རྒྱུ་གང་ཞེ་ན། ཉེ་བར་ལེན་པ་ཞེས་བརྗོད་དོ། །དགེ་སློང་དག་ཉེ་བར་ལེན་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ།
དགེ་སློང་དག་ཉེ་བར་ལེན་པའི་རྒྱུ་གང་ཞེ་ན། སྲེད་པ་ཞེས་བརྗོད་དོ། །དགེ་སློང་དག་སྲེད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི་རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་སྲེད་པའི་རྒྱུ་གང་ཞེ་ན། ཚོར་བ་ཞེས་བརྗོད་དོ། །དགེ་སློང་དག་ཚོར་བ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་
མ་ཡིན་ཏེ། དགེ་སློང་དག་ཚོར་བའི་རྒྱུ་གང་ཞེ་ན། རེག་པ་ཞེས་བརྗོད་དོ། །དགེ་སློང་དག་རེག་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་རེག་པའི་རྒྱུ་གང་ཞེ་ན། སྐྱེ་མཆེད་དྲུག་ཅེས་བརྗོད་དོ། །དགེ་སློང་དག་སྐྱེ་མཆེད་དྲུག་ཀྱང་རྒྱུ་དང་བཅས་པར་ང་
སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་སྐྱེ་མཆེད་དྲུག་གི་རྒྱུ་གང་ཞེ་ན། མིང་དང་གཟུགས་ཞེས་བརྗོད་དོ། །དགེ་སློང་དག་མིང་དང་གཟུགས་ཀྱང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་མིང་དང་གཟུགས་ཀྱི་རྒྱུ་གང་ཞེ་ན། རྣམ་པར་ཤེས་པ་ཞེས་
เล่ม ๑๔๖ · หน้า 51b
བརྗོད་དོ། །དགེ་སློང་དག་རྣམ་པར་ཤེས་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་རྣམ་པར་ཤེས་པའི་རྒྱུ་གང་ཞེ་ན། འདུ་བྱེད་ཅེས་བརྗོད་དོ། །དགེ་སློང་དག་འདུ་བྱེད་ཀྱང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་འདུ་བྱེད་ཀྱི་
རྒྱུ་གང་ཞེ་ན། མ་རིག་པ་ཞེས་བརྗོད་དོ། །དགེ་སློང་དག་མ་རིག་པའི་རྒྱུས་འདུ་བྱེད། འདུ་བྱེད་ཀྱི་རྒྱུས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྒྱུས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྒྱུས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྒྱུས་རེག་པ། རེག་པའི་རྒྱུས་ཚོར་བ། ཚོར་བའི་
རྒྱུས་སྲིད་པ། སྲིད་པའི་རྒྱུས་ལེན་པ། ལེན་པའི་རྒྱུས་སྲིད་པ། སྲིད་པའི་རྒྱུས་སྐྱེ་བ། སྐྱེ་བའི་རྒྱུས་རྒ་ཤི། རྒ་ཤིའི་རྒྱུས་སྡུག་བསྔལ་བ། སྡུག་བསྔལ་བའི་རྒྱུས་དད་པ་དང་། ཚུལ་ཁྲིམས་ཡིད་ལ་བྱེད་པ་དང་། དྲན་པ་དང་། ཤེས་བཞིན་དང་། དབང་པོ་སྡོམ་པ་དང་། ཚུལ་
ཁྲིམས་སྡོམ་པ་དང་། གདུང་བ་མེད་པ་དང་། དགའ་བ་དང་། རབ་ཏུ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་། ཏིང་ངེ་འཛིན་དང་། སྐྱེ་བ་དང་། འདོད་ཆགས་དང་བྲལ་བ་དང་འགོག་པའི་རྒྱུས་མྱ་ངན་ལས་འདས་པའོ་ཞེས་བཀའ་སྩལ་ཏོ། །མདོ་ལས། བདེ་བའི་ཚོར་བ་ལ་
ནི་འདོད་ཆགས་རྒྱས་པར་འགྱུར། སྡུག་བསྔལ་གྱི་ཚོར་བ་ལ་ནི་ཞེ་སྡང་རྒྱས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་དུ་ལུང་བར་མ་ལས་སྡོམ་གྱི་ཚིགས་སུ་བཅས་པ་གསུམ་པའི་མཐར་དགེ་སློང་མ་ཆོས་སྦྱིན་གྱི་མདོ་དེ་དང་དེ་དག་མཛོད་ཀྱི་གནས་དང་པོར། སོ་སོར་བརྟགས་པའི་འགོག་
པ་གང་། །བྲལ་བའི་སོ་སོ་སོ་སོ་ཡིན། །ཞེས་བཤད་པ་བཞིན་བལྟ་བར་བྱའོ། །ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ལྔ་པོ་འདི་དག་ནི་དབང་པོ་ལྔའོ། །ལྔ་གང་ཞེ་ན། བདེ་བའི་
པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། །ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོའོ། །བདེ་བའི་དབང་པོ་གང་ཞེ་ན། གང་བདེ་བ་མྱོང་བའི་རེག་པ་ལས་སྐྱེས་པ་ལས་དང་སེམས་ཀྱིས་སིམ་པ་དང་བདེ་བ་རིག་ཅིང་མྱོང་བ་འདི་ནི་བདེ་བའི་
เล่ม ๑๔๖ · หน้า 52a
དབང་པོ་ཞེས་བྱའོ། །སྡུག་བསྔལ་གྱི་དབང་པོ་གང་ཞེ་ན། སྡུག་བསྔལ་མྱོང་བར་འགྱུར་བའི་རེག་པ་རེག་པ་ལས་སྐྱེས་པ། ལུས་དང་སེམས་ཀྱི་སིམ་པ་མ་ཡིན་ཞིང་སྡུག་བསྔལ་བ་འདི་ནི་སྡུག་བསྔལ་གྱི་དབང་པོ་ཞེས་བརྗོད་དོ། །ཡིད་བདེ་བའི་དབང་པོ་
གང་ཞེ་ན། གང་ཡིད་བདེ་བ་མྱོང་བར་འགྱུར་བའི་རེག་པ་རེག་པ་ལས་སྐྱེས་པ། སེམས་ཀྱི་སིམ་པ་དང་བདེ་བར་རིག་ཅིང་མྱོང་བ་འདི་ཉིད་ཡིད་བདེ་བའི་དབང་པོ་ཞེས་བྱའོ། །ཡིད་མི་བདེ་བའི་དབང་པོ་གང་ཞེ་ན། ཡིད་མི་བདེ་བ་མྱོང་བར་འགྱུར་བའི་རེག་པ་རེག་པ་ལས་སྐྱེས་པ་སེམས་
ཀྱི་སིམ་པ་མ་ཡིན་པ་དང་། སྡུག་བསྔལ་བ་འདི་ནི་ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། །བཏང་སྙོམས་ཀྱི་དབང་པོ་གང་ཞེ་ན། བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་རེག་པ་ལས་སྐྱེས་པ་ལུས་དང་། སེམས་ཀྱི་སིམ་པ་ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན་བདེ་བ་ཡང་མ་
ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་རིག་ཅིང་མྱོང་བ་འདི་ནི་བཏང་སྙོམས་ཀྱི་དབང་པོ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །གསུམ་ནི་དྲི་མ་མེད་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དབང་པོ་ནི་རྣམ་པ་གསུམ་སྟེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་
པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །སློབ་པ་སློབ་པར་བྱེད་བཞིན་པ། །དྲང་པོའི་ལམ་གྱི་རྗེས་སུ་འཇུག །འཕགས་པའི་ལམ་གྱི་རྗེས་མཐུན་པ། །རང་གི་སེམས་ནི་རྗེས་སུ་སྲུང་། །འདི་ཟད་དང་པོའི་ཤེས་པ་སྟེ། །དེ་ནས་ཀུན་ཤེས་བླ་མ་སྟེ། །
དེ་ནས་སྐྱབས་ལ་ཀུན་ཤེས་ལས། །གྲོལ་བའི་ཤེས་པ་འབྱུང་བར་འགྱུར། །ཀུན་སྦྱོར་ཐམས་ཅད་ཟད་པ་ཡི། །མི་གཡོ་རྣམ་པར་གྲོལ་བ་ནི། །དེ་ཡི་དབང་པོ་ཕུན་ཚོགས་ཤིང་། །དབང་པོ་ཉེ་བར་ཞི་བར་འགྱུར། །བདུད་ཀྱི་སྡེ་ལས་རྣམ་རྒྱལ་ཞིང་། །ལུས་ཀྱི་ཐ་མ་
འཛིན་པ་ཡིན། །ཞེས་བཀའ་སྩལ་ཏོ། །འདི་ལྟར་འཕགས་པའི་གང་ཟག་རྣམ་པར་བཞག་པ་མཛད་ནས་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དབང་པོ་ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་
เล่ม ๑๔๖ · หน้า 52b
པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དགེ་སློང་དག་དབང་པོ་ལྔ་པོ་འདི་དག་རྣོ་ཞིང་ཡོངས་སུ་རྫོགས་པ་ན་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པར་འགྱུར་རོ། །དེ་བས་ཞན་ཞིང་རྟུལ་བ་ནི་ཕྱིར་མི་འོང་བ་ཞེས་བྱ་བར་འགྱུར་རོ། །དེ་བས་རྟུལ་ཞིང་
ཞན་པ་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། དགེ་སློང་དག་གང་གི་ཕྱིར་ཡོངས་སུ་རྫོགས་པ་དང་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕྱོགས་གཅིག་དང་ཕྱོགས་གཅིག་བྱེད་པ་ནི་དབང་པོ་ལྔ་པོ་འབྲས་བུ་དང་བཅས་པ་ཞེས་བྱའོ། །གང་ལ་དབང་པོ་ལྔ་པོ་འདི་དག་རྣམ་པ་ཐམས་ཅད་དུ་ཐམས་ཅད་
མེད་པ་དེ་ནི་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དབང་པོ་ལྔ་ནི་དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་དུ་སྟེ། དབང་པོ་འདི་དག་ཆེ་བ་དང་། རྣོ་བ་དང་། ཡོངས་སུ་རྫོགས་པ་ནི་གཉིས་ཀའི་ཆ་ལས་རྣམ་
པར་གྲོལ་བའི་དགྲ་བཅོམ་པ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་ཤེས་རབ་ཀྱི་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་ལུས་ཀྱི་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་
པ་ནི་ཚེ་གཅིག་བར་ཆད་གཅིག་པ་ཞེས་བྱ་བའོ། །དེ་བས་ཆུང་ཞིང་ཞན་པ་ནི་ཕྱིར་མི་འོང་བ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་རིགས་ནས་རིགས་སུ་སྐྱེ་བ་ཞེས་བྱ་བའོ། །དེ་བས་ཆུང་ཞིང་ཞན་པ་ནི་མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་
བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །དགེ་སློང་དག་དབང་པོའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཤེས་པར་འགྱུར་རོ། །འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་དབང་པོ་ལྔ་པོ་འབྲས་བུ་དང་བཅས་པར་འགྱུར་རོ། །དགེ་
སློང་དག་གང་ལ་དབང་པོ་ལྔ་པོ་འདི་དག་རྣམ་པ་ཐམས་ཅད་དུ་གཏན་མེད་པ་དེ་ནི་ཕྱི་རོལ་པ་སོ་སོ་སྐྱེ་བོའི་ཕྱོགས་ལ་གནས་པའོ་ཞེས་ང་སྨྲའོ་ཞེས་གསུངས་སོ། །མདོ་ལས་ཀྱང་སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་ངས་རྟོགས་པའི་
เล่ม ๑๔๖ · หน้า 53a
ཆོས་ཟབ་པ། ཟབ་པར་སྣང་བ། ལྟ་བར་དཀའ་བ། རྟོགས་པར་དཀའ་བ། མཁས་ཤིང་མཛངས་པས་རིག་པར་བྱ་བ། ངས་གཞན་དག་ལ་བསྟན་ཀྱང་གཞན་དག་གིས་རྣམ་པར་མི་ཤེས་ཤིང་ང་ལ་ཡང་གནོད་པ་ངལ་བ་དང་ཚེགས་ཉིད་དུ་འགྱུར་བས་བདག་གཅིག་པུ་དབེན་པའི་ཕྱོགས་
སུ་མཐོང་བའི་ཆོས་ལ་བདེ་བར་གནས་པར་རིགས་སོ་ཞེས་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཐུགས་ལས་ཆུང་ངུས་ཆོས་མི་སྟོན་པར་བཞུགས་པ་དང་། ཚངས་པ་སྟོང་གི་བདག་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཇིག་རྟེན་འདི་ནི་ཉམས་སོ། །འཇིག་རྟེན་འདི་རབ་ཏུ་ཉམས་སོ། །
གང་ལས་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འཇིག་རྟེན་དུ་རས་འགའ་ཞིག་འབྱུང་སྟེ། འདི་ལྟ་སྟེ། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་ནོ། །བཅོམ་ལྡན་འདས་ཐོག་མར་ཆོས་མི་གསུང་བ་ཐུགས་ལས་ཆུང་ངུར་བཞུགས་པས་བདག་སོང་སྟེ་
གསོལ་བ་གདབ་པར་བྱའོ། །དེ་ནས་ཚངས་པ་སྟོང་གི་བདག་པོ་འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བརྐྱང་བ་དང་བསྐུམ་པ་ཙམ་གྱིས་ཚངས་པ་སྟོང་གི་བདག་པོ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ། དེ་ནས་ཚངས་པ་སྟོང་གི་བདག་པོ་དེའི་
ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །མ་ག་དྷ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མའི་རྗེས་སུ་འབྲེལ་བྱུང་ཕྱིར། །བདུད་རྩིའི་སྒོ་མོ་དབྱེར་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཚངས་པ་ང་ཡི་ཐ་བ་
ཀུན། །བཅོམ་ནས་ཚེགས་ཆེན་གྱིས་རྟོགས་ཏེ། །ཆོས་འདི་སྲིད་པའི་འདོད་ཆགས་ཀྱིས། །དཀྲིས་པས་བདེ་བླག་རྟོགས་མ་ཡིན། །རྒྱུན་ཕྱོགས་ལས་ནི་བཟློག་པའི་ལམ། །ཟབ་ལ་ཤིན་ཏུ་བལྟ་དཀའ་བ། །འདོད་ཆགས་ཀྱིས་ཆགས་མུན་པ་ཡི། །ཕུང་པོས་བསྒྲིབས་པས་མི་
མཐོང་ངོ་། །བཙུན་པ་སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པ་འདི་རྣམས་ལ་དབང་པོ་རྣོན་པོ་ཡང་མཆིས། དབང་པོ་འབྲིང་པོ་ཡང་མཆིས། དབང་པོ་རྟུལ་པོ་ཡང་མཆིས་ཏེ། རང་གི་རྒྱུད་གདུལ་སླ་བ་དང་། གདུལ་ཉུང་བ་དང་། གདུལ་ཉུང་བའི་རིགས་ཅན་ཡང་མཆིས་པ་
เล่ม ๑๔๖ · หน้า 53b
དག་དམ་པའི་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་ཏེ། འདི་ལྟ་སྟེ། ཨུཏྤ་ལའམ། ཀུ་མུ་ད་འམ། པུཎྜ་རཱི་ཀ་དག་ཆུ་ལས་སྐྱེས་པ་དང་། ཆུ་ལས་འཕེལ་བ་དང་། ཆུ་ལས་མངོན་པར་འཕགས་ཏེ་གནས་པ་དང་། ཁ་ཅིག་ཆུ་དང་མཉམ་པོར་གནས་པ་དང་། ཁ་ཅིག་ཆུར་ནུབ་སྟེ་གནས་པ་དེ་བཞིན་དུ་སེམས་ཅན་
འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པ་འདི་རྣམས་ལ་དབང་པོ་རྣོན་པོ་ཡང་མཆིས། དབང་པོ་འབྲིང་པོ་ཡང་མཆིས། དབང་པོ་རྟུལ་པོ་ཡང་མཆིས། རང་གི་རྒྱུད་གདུལ་སླ་བ་དང་། གདུལ་ཉུང་བ་དང་། གདུལ་ཉུང་བའི་རིགས་ཅན་ཡང་མཆིས་པ་དག་དམ་པའི་ཆོས་མ་ཐོས་ན་ཡོངས་སུ་
ཉམས་པར་འགྱུར་ཏེ། སེམས་ཅན་རྣམས་ཀྱིས་རྟོགས་པར་འགྱུར་བས། བཅོམ་ལྡན་འདས་ཆོས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་རང་ཉིད་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་བལྟའོ་ཞེས་དགོངས་ནས། དེ་ནས་བཅོམ་ལྡན་
འདས་རང་ཉིད་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པ་འདི་རྣམས་ལ་དབང་པོ་རྣོན་པོ་ཡང་ཡོད། དབང་པོ་འབྲིང་པོ་ཡང་ཡོད། དབང་པོ་རྟུལ་པོ་ཡང་ཡོད་ལ་རང་གི་རྒྱུད་གདུལ་སླ་ཞིང་གདུལ་ཉུང་བ་དང་། གདུལ་ཉུང་བའི་རིགས་ཅན་དག་
ཡོད་པས་དམ་པའི་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བར་གཟིགས་ནས་ཡང་སེམས་ཅན་དེ་རྣམས་ལ་སྙིང་རྗེ་ཆེན་པོས་ནོན་པས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཚངས་པ་མི་ལ་བསླུ་དཔྱད་མང་པོ་ཡིས། །ཆོས་མཆོག་རབ་ཏུ་བཤད་
པར་བྱ་བ་མིན། །བདུད་རྩིའི་སྒོ་མོ་རབ་ཏུ་དབྱེ་བར་བྱ། །སུ་ཞིག་ཉན་པར་འདོད་པ་རྣམས་ཤོག་ཅིག །དེ་ནས་ཚངས་པ་སྟོང་གི་བདག་པོ་འདི་སྙམ་དུ་བཅོམ་ལྡན་འདས་ཆོས་འཆད་པར་འགྱུར་རོ། །བདེ་བར་གཤེགས་པ་ཆོས་འཆད་པར་འགྱུར་རོ་སྙམ་དུ་རིག་ནས་དགའ་བ་དང་ཡིད་བདེ་
བ་དང་། རབ་ཏུ་དགའ་བ་དང་། ཡིད་བདེ་བའི་མཆོག་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ལན་གསུམ་དུ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །ཡང་ངས་ཇི་སྲིད་དུ། དབང་པོ་ལྔ་པོ་འདི་དག་རིག །ཅེས་བྱ་བ་ལ་སོགས་པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་
เล่ม ๑๔๖ · หน้า 54a
ནའོ། །དབང་པོ་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དགེ་སློང་དག་ཇི་སྲིད་དུ་ངས་དད་པའི་དབང་པོ་ཇི་ལྟ་བ་བཞིན་མ་ཤེས་ཤིང་། དད་པའི་དབང་
པོ་ཀུན་འབྱུང་བ་དང་། དད་པའི་དབང་པོ་འགག་པ་དང་། དད་པའི་དབང་པོའི་འགོག་པར་འགྲོ་བའི་ལམ་ཇི་ལྟ་བ་བཞིན་མ་ཤེས་པ་དེ་སྲིད་དུ་ང་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། དགེ་སྦྱོང་དང་བཅས་པའི་ཚངས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པ་ལས་གྲོལ་
བ་དང་། མི་ལྡན་པ་དང་། རྣམ་པར་མི་ལྡན་པར་འགྱུར་ཞིང་སེམས་ཕྱིན་ཅི་ལོག་རབ་ཏུ་མང་པོ་ལ་གནས་པ་དེ་སྲིད་དུ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པར་མངོན་པར་བྱང་ཆུབ་པ་ཞེས་མི་ཤེས་སོ། །དགེ་སློང་དག་གང་ཡང་ང་དད་པའི་དབང་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་
ཤིང་དད་པའི་དབང་པོ་ཀུན་འབྱུང་བ་དང་། དད་པའི་དབང་པོ་འགོག་པ་དང་། དད་པའི་དབང་པོའི་འགོག་པར་འགྲོ་བའི་ལམ་ཇི་ལྟ་བ་བཞིན་ཤེས་ཤིང་བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་ཇི་ལྟ་བ་བཞིན་
རབ་ཏུ་ཤེས་པ་དང་། ཤེས་རབ་ཀྱི་དབང་པོ་འགོག་པ་དང་། ཤེས་རབ་ཀྱི་དབང་པོའི་འགོག་པར་འགྲོ་བའི་ལམ་ཇི་ལྟ་བ་བཞིན་ཤེས་ནས་དེའི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་གྱི་དབང་པོ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པའི་ཞེས་བྱ་བ་ནས་བྱང་ཆུབ་ལ་
ཞེས་རྣམ་པར་ཤེས་པའི་བར་དུའོ། །དགེ་སློང་དག་ངས་དད་པའི་དབང་པོའི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་མི་ཤེས་ཤིང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་
གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་མི་ཤེས་པ་དེ་སྲིད་དུ་ང་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནས། བྱང་ཆུབ་པ་མི་ཤེས་(ས་‚སོ་)ཞེས་བྱ་བའི་བར་དུའོ། །དགེ་སློང་དག་
เล่ม ๑๔๖ · หน้า 54b
གང་ཡང་ངས་དད་པའི་དབང་པོའི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་ཤེས་ཤིང་། རྒྱས་པར་བརྩོན་འགྲུས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་མངོན་པར་བྱང་ཆུབ་པ་ཞེས་མི་ཤེས་པའི་བར་དུའོ་
ཞེས་བཀའ་སྩལ་ཏོ། །ཇི་སྐད་དུ། ཚངས་སྤྱོད་འདི་ལ་ལེགས་སྤྱོད་ཅིང་། །ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་མཆེད་དྲུག་གི་མདོའི་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོའི་ལས་ལྔ་པ་ཉེ་སྡེའི་མོང་ལས། གནས་བརྟན་ཤཱ་རིའི་བུས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །ཚངས་
སྤྱོད་འདི་ལ་ལེགས་སྤྱོད་ཅིང་། །ལམ་ལ་ལེགས་པར་བསྒོམས་པ་ནི། །ཚེ་ཟད་དགའ་བར་འགྱུར་བ་སྟེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཚངས་སྤྱོད་འདི་ལ་ལེགས་སྤྱོད་ཅིང་། །ལམ་ལའང་ཤིན་ཏུ་བསྒོམས་པ་ནི། །ཚེ་ཟད་དགའ་བར་འགྱུར་བ་སྟེ། །ཇི་ལྟར་དུག་གིས་གནོད་
བཞིན་ནོ། །ཚངས་སྤྱོད་འདི་ལ་ལེགས་སྤྱོད་ཅིང་། །ལམ་ལ་ལེགས་པར་བསྒོམས་པ་ནི། །འབར་བའི་ཁྱིམ་ནས་ཐར་པ་ལྟར། །འཆི་བའི་ཚེ་ན་མི་དགའ་མེད། །ཚངས་སྤྱོད་འདི་ལ་ལེགས་སྤྱོད་ཅིང་། །ལམ་ལའང་ལེགས་པར་བསྒོམས་པ་ནི། །རྩྭ་དང་ཤིང་དང་མཉམ་པར་
ནི། །འཇིག་རྟེན་ཤེས་རབ་ཀྱིས་མཐོང་ན། །དེ་ལ་དོན་གཉེར་གཞན་མེད་ཅིང་། །གཞན་དུ་ཉིང་མཚམས་སྦྱོར་མི་བྱེད། །ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚེའི་འདུ་བྱེད་བཏང་ཞིང་བྱིན་གྱིས་བརླབས་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། མདོ་དྲུག་པ་དང་། ཡོངས་སུ་མྱ་ངན་ལས་
འདས་པ་ཆེན་པོའི་མདོའི་ཚིག་བརྒྱད་པའི་སྡོམ་གྱི་ཚིགས་སུ་བཅད་པའི་མདོ་ལས་འདོན་པ་ལྟ་བུ་སྟེ། དེ་ནས་བཅོམ་འདས་འདི་སྙམ་དུ་ཇི་ལྟར་སེམས་མཉམ་པར་གཞག་ན་ཚེའི་འདུ་བྱེད་བྱིན་གྱིས་བརླབས། སྲོག་གི་འདུ་བྱེད་དག་གཏོང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་
འཇུག་པར་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཇི་ལྟར་སེམས་མཉམ་པར་གཞག་ན་ཚེའི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་སྲོག་གི་འདུ་བྱེད་དག་གཏོང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཚེའི་འདུ་བྱེད་བཏང་མ་ཐག་ཏུ་དེའི་དུས་ན་ས་ཆེན་པོ་
เล่ม ๑๔๖ · หน้า 55a
གཡོ་བ་དང་། ཐོག་འབབ་པ་དང་། ཡུལ་ཚིག་པ་དང་། ནམ་མཁའ་ལ་ལྷའི་རྔ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒོང་སྐྱེས་སྒོ་ངའི་སྦུབས་གྲོལ་ལྟར། །ནང་གི་བདག་ཉིད་
མཉམ་གཞག་པས། །མི་འདྲ་བ་དང་འདྲ་བ་ཡིས། །སྲིད་པའི་འདུ་བྱེད་ཐུབ་པས་བཏང་། །གང་ཡང་ངས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དེ་ལྟར་བསྒོམས་པས་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་བཤད་པར་
བྱ་སྟེ། དེ་ལེགས་པར་ཉོན་ལ་ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །དགེ་སློང་དག་ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་འགྱུར་ཞེ་ན། འདི་ལ་དགེ་སློང་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་
གནས་པ། རྣམ་པར་སྤོང་བས་ཡོངས་སུ་སྒྱུར་བ། འདུན་པ་ཞུམ་པར་མི་འགྱུར་ལ་འཕྱོ་བར་མི་འགྱུར་བ། ནང་དུ་བསྡུས་པ་དང་། ཕྱི་རོལ་དུ་རྣམ་པར་གཡེངས་པ་མ་ཡིན་པ། ཕྱིས་དང་སྔོན་གྱི་འདུ་ཤེས་མི་འབྱུང་བ། སྟེང་དང་འོག་གི་འདུ་ཤེས་ཀྱིས་སེམས་ལ་རྒྱས་པར་མ་བསྒྲིབས་ཤིང་
སྣང་བ་དང་བཅས་ཤིང་ལྷན་ཅིག་ཏུ་གྱུར་པའི་སེམས་འབྱུང་བར་འགྱུར་ཞིང་འདི་ལྟ་སྟེ། བདག་གི་སེམས་ལ་མུན་པ་འབྱུང་བར་མ་གྱུར་ཅིག་ཅེས་སྒོམ་པར་བྱེད། དགེ་སློང་དག་བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་
པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་སྒྱུར་བར་སྤྱོད་པ་ཞུམ་པར་མི་འགྱུར་ཞིང་འཕྱོ་བར་མི་འགྱུར་བ་ནང་དུ་བསྡུས་པ་དང་། ཕྱི་རོལ་དུ་གཡེངས་པ་མ་ཡིན་པ་ཕྱིས་དང་སྔོན་གྱི་འདུ་ཤེས་དང་སྟེང་
དང་འོག་གི་འདུ་ཤེས་སེམས་ལ་རྒྱས་པར་མ་བསྒྲིབས་ཤིང་སྣང་བ་དང་བཅས་ཤིང་ལྷན་ཅིག་པར་གྱུར་པའི་སེམས་འབྱུང་བར་འགྱུར་ཞིང་འདི་ལྟ་སྟེ། བདག་གི་སེམས་ལ་མུན་པ་འབྱུང་བར་མ་གྱུར་ཅིག་ཅེས་སྒོམ་པར་བྱེད་དེ། དགེ་སློང་དག་དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་
เล่ม ๑๔๖ · หน้า 55b
པར་འགྱུར་རོ། །དགེ་སློང་ང་ཡང་དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་ཞིང་བསྒོམས་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་གིས་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་སྟེ། ལྷའི་མིག་དང་རྣ་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་
དང་། སེམས་ཀྱི་རྣམ་གྲངས་དང་། ཟག་པ་ཟད་པ་འདི་ལྟ་བུར་གྱུར་ཏོ། །དགེ་སློང་དག་ང་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་གིས་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་པར་བྱའོ་ཞེས་གསུངས་སོ། །བདེ་བ་མྱོང་བར་འགྱུར་བའི་ལས་དང་ཞེས་བྱ་བ་ལ་སོགས་པ་
ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་འབྱུང་བ་ཆེན་པོ་བཞིའི་ལུས་ལས་སྐྱེས་ཤིང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བར་འགྱུར་གྱི། རྣམ་པར་ཤེས་པ་ལས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འབྱུང་བ་ཆེན་
པོ་བཞིའི་ལུས་ལ་རྣམ་པར་འཇོག་དང་། ཉམས་པར་མཐོང་ལ། གང་ཡང་འདི་སྐད་དུ་འདི་ནི་སེམས་དང་ཡིད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བར་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དེ་ལ་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་མི་མཐོང་སྟེ།
དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཉིན་མཚན་རྟག་ཏུ་བསྲུང་ཞིང་སྐྱོབ་པ་དང་། བདག་གིར་ཉེ་བར་འགྲོ་བ་དང་། ཟིན་པ་དང་། འདི་ནི་བདག །འདི་ནི་བདག་གི་བདག་གོ་ཞེས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་དེ་ལ་སྐྱོ་
བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པར་མི་མཐོང་ངོ་། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་གང་ཞིག་འབྱང་བ་ཆེན་པོ་བཞིའི་ལུས་ལ་བདག་ཏུ་ཁས་ལེན་པ་འདི་ནི་མཆོག་ཡིན་གྱི། རྣམ་པར་ཤེས་པ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འབྱུང་
བ་ཆེན་པོ་བཞིའི་ལུས་ནི་ཡང་དག་པར་བདེ་ཞིང་བསྲུངས་ནས་ལོ་བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། བརྒྱའམ། དེ་ལས་ལྷག་པར་ཡང་གནས་ཀྱི། གང་ཡང་འདི་སྐད་དུ་སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་
เล่ม ๑๔๖ · หน้า 56a
བྱ་བ་དེ་དང་དེ་དག་ནི་ཉིན་མཚན་དུ་འཇིག་ཅིང་དེ་དང་དེ་དག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་དུ་འཇིག་ཅིང་རྣམ་པ་དུ་མ་མང་པོ་སྐྱེ་ཞིང་སྐྱེའོ། །འགག་ཅིང་འགག་གོ། །འདི་ལྟ་སྟེ། སྤྲེའུ་དགོན་པའི་ཚལ་ན་རྒྱུ་བ་ན། ཤིང་གི་ཡལ་ག་དམིགས་ལ། དེ་བཏང་ནས་ཡང་
གཞན་དམིགས་ཏེ། དེ་བཞིན་དུ་སེམས་ཞེས་བྱ་བ་དང་། ཡིད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དེ་དག་དང་། དེ་དག་ནི་ཉིན་མཚན་དུ་འཇིག་ཅིང་དེ་དང་དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དུ་འཇིག་ཅིང་རྣམ་པ་དུ་མ་མང་པོ་གཞན་སྐྱེ་ཞིང་སྐྱེའོ། །འགག་ཅིང་འགག་གོ། །
དགེ་སློང་དག་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་ལེགས་པར་སེམས་ཤིང་ཡིད་ལ་བྱེད་ཅིང་རྟོག་པར་བྱེད་དེ་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། བདེ་བ་མྱོང་བར་འགྱུར་བའི་
རེག་པ་ལ་བརྟེན་ཏེ་སྐྱེས་པ་ཚོར་བ་བདེ་བ་མྱོང་བ་ན་བདེ་བའི་ཚོར་བ་མྱོང་ཞིང་ཚོར་བ་བདེ་བ་རིག་གོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ནས་དེའི་བདེ་བ་མྱོང་བར་རེག་པ་འགགས་ཤིང་བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ་སྐྱེས་པ་ཚོར་བ་བདེ་བ་འགགས་པ་དང་། ཉེ་
བར་ཞི་བ་དང་། བསིལ་བར་གྱུར་པ་དང་། ནུབ་པར་འགྱུར་རོ། །བདེ་བའི་ཚོར་བ་ཇི་ལྟ་བ་དེ་བཞིན་དུ། སྡུག་བསྔལ་གྱི་ཚོར་བ་དང་། ཡིད་བདེ་བའི་ཚོར་བ་དང་། ཡིད་མི་བདེ་བའི་ཚོར་བ་དང་། བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ། སྐྱེས་པ་ཚོར་བ་
བཏང་སྙོམས་མྱོང་བ་ན་ཚོར་བ་བཏང་སྙོམས་མྱོང་ཞིང་ཚོར་བ་བཏང་སྙོམས་རིག་གོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ནས་དེའི་བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་འགགས་ཤིང་བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ། སྐྱེས་པའི་ཚོར་བ་བཏང་
སྙོམས་འགགས་ཤིང་ཉེ་བར་ཞི་བ་དང་། བསིལ་བར་གྱུར་པ་དང་ནུབ་པར་གྱུར་ཏེ། །དེ་འདི་སྙམ་དུ་སེམས་ཏེ། ཚོར་བ་འདི་དག་གི་རྒྱུ་གང་། གང་ལས་ཡང་དག་པར་བྱུང་། གང་ལས་རབ་ཏུ་བྱུང་། ཡང་དེ་འདི་སྙམ་དུ་སེམས་ཏེ། ཚོར་བ་འདི་དག་ནི་རེག་པའི་
เล่ม ๑๔๖ · หน้า 56b
རྒྱུ་ཅན། རེག་པ་ལས་ཡང་དག་པར་བྱུང་བ། རེག་པ་ལས་སྐྱེས་པ། རེག་པ་ལས་རབ་ཏུ་བྱུང་བ་སྟེ། ཚོར་བ་དེ་དང་དེ་ཡང་དག་པར་འབྱུང་བ་ལས་རེག་པ་དེ་དང་དེ་ཡང་དག་པར་འབྱུང་ཞིང་རེག་པ་དེ་དང་དེ་འགགས་པས་ཚོར་བ་དེ་དང་དེ་འགགས་པ་དང་། ཉེ་བར་ཞི་བ་དང་།
བསིལ་བ་དང་། ནུབ་པར་འགྱུར་ཏེ། དགེ་སློང་དག་དེ་ལྟར་མཐོང་བའི་འཕགས་པ་ཉན་ཐོས་ལུས་ལ་ཡང་སྐྱོ་བར་འགྱུར་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སྐྱོ་བ་སྐྱེ་བའམ། འདོད་ཆགས་དང་བྲལ་ཞིང་འདོད་ཆགས་དང་བྲལ་བ་དང་། གྲོལ་
ཞིང་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །བདག་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ད་ནི་ཇི་ལྟར་དེ་དག་ལ་ཕོ་ཞེས་བྱ་ཞེ་ན་ཞེས་
བྱ་བ་ལ་སོགས་པ་གང་ལས་འབྱུང་ཞེ་ན། ཁམས་མང་པོ་པ་ལས་རྣམ་པར་འབྱེད་པ་བསྡུས་པའི་མཐར་བཤད་དེ། འདི་ནི་མཛོད་ཀྱི་གནས་དང་པོར་དེ་བཞིན་ཁམས་མང་པོ་པ་ཞེས་བྱ་བར་བྲིས་པ་བཞིན་བལྟ་བར་བྱའོ། །ཀུན་ནས་མནར་སེམས་ཀྱི་གཞི་མེད་པའི་ཕྱིར་དང་ཞེས་བྱ་བ་
ལ་ཀུན་ནས་མནར་སེམས་ཀྱི་གཞི་དགུ་དེ་དང་དེ་ལས་འདོན་ཏེ། ཇི་ལྟར་རེ་ཞིག་མདོ་དྲུག་པའི་དང་པོའི་མདོ་ལས། ཆོས་དགུ་ནི་གནོད་པའི་ཆ་སྟེ། ཀུན་ནས་མནར་སེམ་ཀྱི་གཞི་རྣམ་པ་དགུ་སྟེ། འདི་དག་ལ་དོན་མེད་པར་འདོད་པ། མི་ཕན་པར་འདོད་པ། བདེ་བར་མི་
འདོད་པ། རེག་པ་གནས་པར་མི་འདོད་པ། གྲུབ་པ་དང་བདེ་བར་མི་འདོད་པ་འདིས་བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་དེ་ལ་ཀུན་ནས་མནར་སེམས་སྐྱེའོ། །གང་ཡང་བདག་ལ་དོན་འདོད་པ་དང་། ཕན་པར་འདོད་པ་དང་། བདེ་བར་
འདོད་པ་དང་། རེག་པར་གནས་པར་འདོད་པ་དང་། གྲུབ་པ་དང་བདེ་བར་འདོད་པ་དེ་ལ། འདི་དོན་དུ་མི་འདོད་པ་དང་། ཕན་པར་མི་འདོད་པ་དང་། བདེ་བར་མི་འདོད་པ་དང་། རེག་པར་གནས་པར་མི་འདོད་པ་དང་། གྲུབ་པ་དང་བདེ་བར་མི་འདོད་པ་འདིས་དེ་ལ་གནོད་
เล่ม ๑๔๖ · หน้า 57a
པར་བྱས་སོ། །བྱེད་དོ། །ཕྱིས་བྱེད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་སྐྱེའོ། །གང་ཡང་བདག་ལ་དོན་དུ་མི་འདོད་པ། ཕན་པར་མི་འདོད་པ། བདེ་བར་མི་འདོད་པ། གྲུབ་པ་དང་བདེ་བར་མི་འདོད་པ་དེ་ལ་དོན་དུ་འདོད་པ་དང་། ཕན་པར་འདོད་
པ་དང་། བདེ་བར་འདོད་པ་དང་། རེག་པར་གནས་པར་འདོད་པ་དང་། གྲུབ་པ་དང་བདེ་བར་འདོད་དེ། དེའི་དོན་བྱས་སོ། །བྱེད་དོ། །ཕྱིས་ཡང་བྱེད་པར་འགྱུར་རོ་ཞེས་དེ་ལ་ཀུན་ནས་མནར་སེམས་སྐྱེ་སྟེ། །ཉམས་པའི་ཆ་འདི་དག་ནི་ཤིན་ཏུ་ཉེས་དམིགས་ཅན་དུ་གསལ་བར་
བཅུ་ལས་འཕྲོ་བ་ལས་བཤད་དོ། །མདོ་ལས་ཀྱང་གང་ཡང་གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་ང་སྟོན་པའི་མདུན་ན་འདུག་པར་གྱུར་ན་ཅི་མ་རུང་སྙམ་པ་དང་། ངས་སྟོན་
པ་ལ་ཡོངས་སུ་དྲི་བ་དྲིས་ཏེ། དགེ་སློང་རྣམས་ལ་ཆོས་ཀྱི་གཏམ་བྱེད་པར་འགྱུར་བ་དང་། ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པ་དང་། མ་བཅོས་པའི་བསམ་གཏན་དང་། ལྷག་མཐོང་དང་ལྡན་པ་དང་། སྟོང་པ་ཉིད་ཀྱི་གནས་པ་འཕེལ་བར་བྱེད་པ་དང་། རང་
གི་དོན་དང་འབྲེལ་ཅིང་རྗེས་སུ་ཐོབ་པ་དང་། མཁས་པས་མ་སྨད་པའི་ཚངས་པར་སྤྱོད་པར་གྱུར་ན་ཅི་མ་རུང་སྙམ་པ་དང་། དགེ་སློང་དག་ཀྱེ་མ་ངའི་ཤེས་པ་དང་། ཡང་དག་པར་མཐོང་བ་མི་བརྗེད་ཅིང་། ལུས་ཞིག་སྟེ་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། ཚུལ་ཁྲིམས་
ཡོངས་སུ་རྫོགས་པ་དང་། མ་བཅོས་པའི་བསམ་གཏན་དང་ལྷག་མཐོང་དང་ལྡན་པ་དང་། སྟོང་པ་ཉིད་ཀྱི་གནས་པར་འཕེལ་བར་བྱེད་པ་དང་། རང་གི་དོན་དང་འབྲེལ་ཞིང་རྗེས་སུ་ཐོབ་པ་དང་མཁས་པས་མ་སྨད་པའི་ཚངས་པར་སྤྱོད་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། དགེ་
སློང་དག་ཀྱེ་མ་ངའི་ཉེ་བར་སྤྱོད་པ་གང་དག་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོངས་སུ་སྤྱོད་པ་དེ་དག་བྱ་བ་བྱས་ཤིང་ཤིན་ཏུ་དོན་དང་འབྲས་བུ་ཆེ་བ་དང་། རྗེས་སུ་བསྔགས་པ་ཆེ་བ་དང་། རབ་ཏུ་རྒྱ་ཆེ་བ་དང་། ཚུལ་ཁྲིམས་
เล่ม ๑๔๖ · หน้า 57b
རྣམས་ལ་ཕུན་སུམ་ཚོགས་པར་བྱེད་པ་ནས། མཁས་པས་མ་སྨད་པའི་ཚངས་པར་སྤྱོད་པར་གྱུར་ཀྱང་ཅི་མ་རུང་སྙམ་པའི་བར་དུའོ། །དགེ་སློང་དག་ཀྱེ་མ་ང་མི་དགའ་བ་བཟོད་ཅིང་བདག་ལ་མི་དགའ་བ་སྐྱེས་ན་དེས་སེམས་མི་འཁྲུགས་པར་གནས་ཤིང་ཚུལ་ཁྲིམས་ཡོངས་སུ་རྫོགས་
པར་བྱེད་པ་ནས་མཁས་པས་མ་སྨད་པའི་ཚངས་པར་སྤྱོད་པར་གྱུར་ཀྱང་ཅི་མ་རུང་སྙམ་པའི་བར་དུའོ། །དགེ་སློང་དག་ཀྱེ་མ་ང་འཇིགས་པ་དང་འཇིགས་པའི་སྒྲ་བཟོད་ཅིང་འཇིགས་པ་སྐྱེས་ན་ཡང་དེའི་རྒྱུས་སེམས་མི་ཉམས་པར་གནས་པ་དང་། ཚུལ་ཁྲིམས་རྣམས་ལ་ཡོངས་སུ་
རྫོགས་པར་བྱེད་པ་ནས། མཁས་པས་མ་སྨད་པའི་ཚངས་པར་སྤྱོད་པར་གྱུར་ཀྱང་ཅི་མ་རུང་སྙམ་པའི་བར་དུའོ། །དགེ་སློང་དག་ཀྱེ་མ་བདག་གི་སྐྱེ་བ་ནས་སྐྱེ་བར་སྡིག་པ་མི་དགེ་བའི་རྟོག་པས་སེམས་མི་ཉམས་པར་གནས་ཤིང་ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་
བྱེད་ཅེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་དག་ཀྱེ་མ་བདག་བཀྲེས་པ་དང་སྐོམ་པ་དང་། སྦྲང་བུ་དང་། ཤ་སྦྲང་དང་། སྡིག་སྦྲུལ་གྱི་རེག་པ་དང་། གཞན་གྱིས་ཉེས་པར་སྨྲས་པ་དང་། ཉེས་པ་གནོད་པའི་ཚིག་གི་ལམ་དང་སྐྱེ་བ་ནས་སྐྱེ་བར་ལུས་ཀྱི་ཚོར་བ་སྡུག་བསྔལ་བ།
དྲག་པ། རྩུབ་པ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པའི་བག་ཆགས་བཟོད་ཅིང་ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པའི་བར་སྔ་མ་བཞིན་ནོ། །དགེ་སློང་དག་ཀྱེ་མ་བདག་འདོད་པ་ལ་དབེན་ཞེས་བྱ་བ་མན་ཆད་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པར་གྱུར་ན་
ཅི་མ་རུང་སྙམ་པ་དང་། ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་ཀྱེ་མ་བདག་གང་དག་གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གཟུགས་རྣམས་ལས་འདས་པ་དེ་དག་ལུས་ཀྱིས་མངོན་སུམ་དུ་བྱས་ཤིང་རྫོགས་པར་བྱས་ཏེ་གནས་ན་ཅི་མ་རུང་
སྙམ་པ་དང་། ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པའི་བར་དུ་སྔ་མ་བཞིན་ནོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སྔོན་གྱི་
เล่ม ๑๔๖ · หน้า 58a
གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་། སྐྱེ་བ་ཤེས་པ་དང་། དགེ་སློང་དག་ཀྱེ་མ་བདག་ཟག་པ་རྣམས་ལས་ཟག་པ་མེད་པར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་ཞིང་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཏེ།
རིག་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་དང་། ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པ་དང་། མ་བཅོས་པའི་བསམ་གཏན་དང་ཤེས་རབ་དང་ལྡན་པ་དང་།
སྟོང་པ་ཉིད་ཀྱི་གནས་པ་འཕེལ་བར་བྱེད་པ་དང་། རང་གི་དོན་དང་འབྲེལ་ཞིང་རྗེས་སུ་ཐོབ་པ་དང་། མཁས་པས་མ་སྨད་པའི་དཔྱོད་པ་དང་ལྡན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་ཞེས་བཀའ་སྩལ་ཏོ། །བར་སྡོམ་ལ། སྟོན་དང་ཤེས་རབ་བསོད་སྙོམས་དང་། །མི་དགའ་བ་དང་འཇིགས་
པ་དང་། །རྟོག་དང་བཟོད་དང་བསམ་གཏན་དང་། །རྣམ་ཐར་འབྲས་བུ་མངོན་ཤེས་དྲུག །ཤིང་གི་ཕུང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་སློང་མང་པོ་དང་ཐབས་ཅིག་ཏུ་སྔ་དྲོ་
ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ། བྱ་རྒོད་ཕུང་པོའི་རི་ལས་བབས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ལམ་གྱི་བར་དུ་ཤིང་གི་ཕུང་པོ་ཆེན་པོ་ཞིག་མཐོང་ངོ་། །མཐོང་ནས་ལམ་ནས་འདས་ཏེ་དགེ་སློང་གི་དགེ་འདུན་གྱི་མདུན་
དུ་ཇི་ལྟར་འཚམ་པར་སྟན་བཏིང་བ་ལ་འདུག་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་བོས་ཏེ། ཚེ་དང་ལྡན་པ་གང་དག་དགེ་སློང་བསམ་གཏན་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་ཕུང་པོ་འདི་སར་མོས་ན་ཡང་དེ་བཞིན་དུ་འགྱུར་
གྱི། གཞན་དུ་ན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤིང་གི་ཕུང་པོ་འདི་ལ་སའི་ཁམས་ཡོད་དེ། དེའི་ཕྱིར་དགེ་སློང་བསམ་གཏན་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་ཕུང་པོ་འདི་སར་མོས་ན་དེ་བཞིན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །
เล่ม ๑๔๖ · หน้า 58b
ཚེ་དང་ལྡན་པ་དག་གང་དགེ་སློང་བསམ་གཏན་དང་ལྡན་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་ཕུང་པོ་ནི་ཆུ་དང་། མེ་དང་། རླུང་དང་། གསེར་དུ་མོས་ན་ཡང་དེ་བཞིན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤིང་གི་ཕུང་པོ་འདི་ལ་གསེར་གྱི་ཁམས་ཡོད་དེ།
དེའི་ཕྱིར་དགེ་སློང་བསམ་གཏན་དང་ལྡན་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་ཕུང་པོ་འདི་ལ་གསེར་དུ་མོས་ན་ཡང་དེ་བཞིན་དུ་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་དག་གང་དགེ་སློང་བསམ་གཏན་པ། རྫུ་འཕྲུལ་དང་ལྡན་པ། སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་
ཕུང་པོ་འདི་ལ་གང་དང་གང་དུ་མོས་པ་དེ་དང་དེར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤིང་གི་ཕུང་པོ་འདི་ལ་ཁམས་རྣམ་པ་སྣ་ཚོགས་ཡོད་དེ། དེའི་ཕྱིར་དགེ་སློང་བསམ་གཏན་དང་ལྡན་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་ཕུང་པོ་འདི་ལ་
ཁམས་རྣམ་པ་སྣ་ཚོགས་སུ་གང་དང་གང་མོས་ན་ཡང་དེ་དང་དེར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་དག་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང་། རྫུ་འཕྲུལ་ཅན་རྣམས་ཀྱི་རྫུ་འཕྲུལ་གྱི་ཡུལ་ནི་འདི་ལྟར་བསམ་གྱིས་མི་ཁྱབ་སྟེ། ཚེ་དང་ལྡན་པ་དག་དེའི་
ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། གང་ཡང་བསམ་གཏན་དང་ལྡན་པ་དང་། རྫུ་འཕྲུལ་དང་ལྡན་པ་དང་། སེམས་ལ་དབང་ཐོབ་པར་འགྱུར་བ་དེ་ལྟར་བསླབ་པར་བྱའོ་ཞེས་སྨྲས་སོ། །མདོ་ལས་ལུས་ཤིན་ཏུ་སྦྱངས་པ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། གླེང་
གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་ཀྱི་ཕྱིར་མཉན་ཡོད་དུ་ཞུགས་པ་དང་། དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་འདི་སྙམ་དུ་གྱུར་ཏེ། ནམ་ལངས་པ་དང་བདག་ཅག་མཉན་ཡོད་དུ་བསོད་
སྙོམས་རྒྱུ་ཡིས། བདེ་བར་བདག་ཅག་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བའི་ཀུན་དགའ་ར་བ་གང་ན་བ་དེར་འགྲོ་བར་བྱའོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བའི་ཀུན་དགའ་ར་བ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་མུ་སྟེགས་ཅན་
เล่ม ๑๔๖ · หน้า 59a
གྱི་རབ་ཏུ་བྱུང་བ་དེ་དག་དང་ལྷན་ཅིག་ཡང་དག་པར་བདེ་བ་དང་། ཡང་དག་པར་མགུ་བ་དང་། ཡང་དག་པར་རབ་ཏུ་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་དག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། དགེ་སློང་རབ་ཏུ་མང་པོ་དེ་དག་
ལ་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མ་ཉན་ཐོས་རྣམས་ལ་དགེ་སློང་དག་ཁྱེད་ཅག་ཚུར་ཤོག །སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། གེགས་ཀྱི་ཕྱོགས་མྱ་ངན་ལས་འདས་
པ་མ་ཡིན་པ་འཇུག་པར་བྱེད་པ་དེ་དག་སྤོངས་ལ། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་གནས་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱའོ་ཞེས་ཆོས་སྟོན་པར་བྱེད་དོ། །ངེད་ཅག་ཀྱང་ཉན་ཐོས་རྣམས་ལ་ཁྱེད་ཚུར་ཤོག་ཅིག །སྒྲིབ་པ་ལྔ་པོ་སེམས་
ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ། གེགས་ཀྱི་ཕྱོགས་མྱ་ངན་ལས་འདས་པར་བྱེད་པ་དེ་དག་སྤོངས་ལ། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་གནས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱའོ་ཞེས་ཆོས་སྟོན་པར་བྱེད་ན།
འདི་ལྟ་སྟེ། དགེ་སྦྱོང་གཽ་ཏ་མས་ཆོས་བཤད་པ་དང་། བདག་ཅག་གིས་ཆོས་བཤད་པ་ཁྱེད་ཅག་དང་འདི་ལ་ཁྱད་པར་ཅི་ཡོད་ཅིང་བསམ་པ་ཐ་དད་པ་དང་རྒྱུ་ཐ་དད་པ་ཅི་ཡོད། དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་རབ་ཏུ་མང་པོ་དེ་དག་ཅང་མི་སྨྲ་བར་འདུག་གོ། །དེ་ནས་དགེ་སློང་རབ་ཏུ་
མང་པོ་དེ་དག་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བས་བཤད་པ་ལ་རྗེས་སུ་ཡི་རང་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་དེ། རྗེས་སུ་ཡི་རང་བ་དང་ཁྲོ་བར་མི་བྱེད་བཞིན་དུ་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་མཉན་ཡོད་དུ་བསོད་སྙོམས་སྤྱད་ཅིང་ཟས་
ཀྱི་བྱ་བ་བྱས་ཏེ་ཟོས་པའི་འོག་ཏུ་ལྷུང་བཟེད་གྱུ་ནས་ཆོས་གོས་དང་ལྷུང་བཟེད་ཕྱོགས་གཅིག་ཏུ་བཞག་ནས་རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด