ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๖ · หน้า 115a
ཐ་མའི་ཆ་དང་མཐུན་པའི་སྦྱོར་བ་ལྔ་སྤངས་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་མོད་ཀྱི། འོན་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་
ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་
བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། དེ་ཆོས་ལ་འདུན་པ་དེ་དང་། ཆོས་ལ་སྲེད་པ་དེ་དང་། ཆོས་ལ་དགའ་བ་དེ་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་འོད་ཆུང་གི་ལྷ་རྣམས་དང་སྐལ་བ་མཉམ་
པར་སྐྱེ་བར་འགྱུར་རོ། །འོད་ཆུང་གི་ལྷ་རྣམས་དང་སྐལ་བ་མཉམ་པར་མི་འགྱུར་གྱི། ཚད་མེད་འོད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཚད་མེད་འོད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་མི་འགྱུར་གྱི། འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་
འགྱུར་རོ། །དགེ་སློང་དག་དགེ་སློང་འདི་ན་རྣམ་པ་གང་དང་། རྟགས་གང་དང་། མཚན་མ་གང་གིས་དགའ་བ་ལས་འདོད་ཆགས་དང་བྲལ་ཞིང་བཏང་སྙོམས་སུ་གནས་པར་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་ཉམས་སུ་མྱོང་ལ། གང་འཕགས་པ་རྣམས་ཀྱི་བཏང་
སྙོམས་པའོ་ཞེས་བརྗོད་པ་དྲན་པ་དང་བདེ་བར་གནས་པ་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ། ཉེ་བར་གནས་པར་འགྱུར་བ་དེ་ཉིད་ཀྱི་རྣམ་པ་དེ་དང་། རྟགས་དེ་དང་། མཚན་མ་དེ་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་དེ་ན་དམིགས་པའི་གཟུགས་ཀྱི་རྣམ་པའམ། ཚོར་བའི་
རྣམ་པའམ། འདུ་ཤེས་ཀྱི་རྣམ་པའམ། འདུ་བྱེད་ཀྱི་རྣམ་པའམ། རྣམ་པར་ཤེས་པའི་རྣམ་པ་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱེད་ཅིང་། ནད་དང་། འབྲས་དང་། ཟུག་རྔུ་དང་། གནོད་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་
เล่ม ๑๔๖ · หน้า 115b
ཡིད་ལ་བྱེད་དེ། དེ་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱེད་པ་ནས། བདག་མེད་པའི་བར་དུ་ཡིད་ལ་བྱེད་པས་ཆོས་རྣམས་ལ་སེམས་སྐྱོ་བ་དང་། སྐྲག་པ་དང་། ཡིད་འབྱུང་བར་འགྱུར་ཏེ། དེས་ཆོས་རྣམས་ལ་སྐྱོ་བ་དང་། སྐྲག་པ་དང་ཡིད་བྱུང་སྟེ། འདི་ནི་ཞི་བ། འདི་ནི་གྱ་ནོམ་པ་
སྟེ། འདི་ལྟ་སྟེ། ཉེ་བར་ལེན་པ་ཐམས་ཅད་ལས་ངེས་པར་འབྱུང་བ་སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ་འགོག་པའོ་ཞེས་འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པར་འགྱུར་ཏེ། མདོ་དེ་ཉིད་འགོག་པ་དང་མྱ་ངན་ལས་འདའ་བའི་བར་དུའོ། །དེ་དེ་ལྟར་མཐོང་ཞིང་
དེ་ལྟར་ཤེས་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ལ། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །གང་སྲིད་པ་འདི་ལས་
གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །རྣམ་པར་གྲོལ་བར་མི་འགྱུར་གྱི། དེ་ཆོས་ལ་འདུན་པ་དེ་དང་། ཆོས་ལ་སྲེད་པ་དེ་དང་། ཆོས་ལ་དགའ་བ་དེ་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ཐ་མའི་ཆ་
དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི།
མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་དང་བཅས་པར་
ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་དགེ་ཆུང་གི་ལྷ་རྣམས་དང་
เล่ม ๑๔๖ · หน้า 116a
སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་ཆུང་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། ཚད་མེད་དགེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཚད་མེད་དགེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། དགེ་རྒྱས་ཀྱི་
ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང་། རྟགས་གང་དང་། མཚན་མ་གང་གིས་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་ཅིང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་
མ་ཡིན་པའི་བཏང་སྙོམས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ཉིད་ཀྱི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་གང་དེ་ན་དམིགས་པའི་གཟུགས་ཀྱི་རྣམ་པ་འམ། ཚོར་བའི་རྣམ་པ་འམ། འདུ་ཤེས་ཀྱི་
རྣམ་པ་འམ། འདུ་བྱེད་ཀྱི་རྣམ་པ་འམ། རྣམ་པར་ཤེས་པའི་རྣམ་པའི་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱེད་པ་བྱས་ནས་སྲེད་པ་ཟད་ཅིང་འདོད་ཆགས་དང་བྲལ་བ་དང་། མྱ་ངན་ལས་འདས་པའི་བར་དུ་སྟེ། མདོ་དེ་ཉིད་འགོག་པ་དང་། མྱ་ངན་ལས་འདས་པའི་བར་དུའོ། །དེ་དེ་
ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞིང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །གང་སྲིད་པ་འདི་
ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །རྣམ་པར་གྲོལ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་
ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་
เล่ม ๑๔๖ · หน้า 116b
གྱི། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་པ་དང་
བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་སྤྲིན་མེད་ཀྱི་ལྷ་
རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །སྤྲིན་མེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། བསོད་ནམས་འཕེལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །བསོད་ནམས་འཕེལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི།
འབྲས་བུ་ཆེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང་། རྟགས་གང་དང་། མཚན་མ་གང་གིས་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་
སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བའི་རྣམ་པ་དེ་དང་། རྟགས་དེ་དང་། མཚན་མ་དེ་ཡིད་ལ་མི་བྱེད་ཀྱི་འོན་ཀྱང་གང་ན་དམིགས་པའི་ཚོར་བའི་རྣམ་པ་དང་། འདུ་ཤེས་ཀྱི་རྣམ་
པའམ། འདུ་བྱེད་ཀྱི་རྣམ་པ་འམ། རྣམ་པར་ཤེས་པའི་རྣམ་པའི་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱེད་པ་ནས། སྔ་མ་བཞིན་དུ་སྲེད་པ་ཟད་པ་དང་། འདོད་ཆགས་དང་བྲལ་བ་འགོག་པའི་བར་དུ་མདོ་དེ་ཉིད་འགོག་པ་དང་མྱ་ངན་ལས་འདས་པའི་བར་དུའོ། །དེ་ལ་དེ་ལྟར་ཤེས་
ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །གང་སྲིད་པ་འདི་ལས་གཞན་
เล่ม ๑๔๖ · หน้า 117a
མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །རྣམ་པར་གྲོལ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་
དགའ་བ་དེ་ཉིད་ཀྱིས་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་
མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་།
ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང་། རྟགས་གང་དང་།
མཚན་མ་གང་གིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བའི་རྣམ་པ་དེ་དང་། རྟགས་དེ་དང་། མཚན་མ་དེ་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་གང་དེ་ན་དམིགས་
པའི་ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའི་རྣམ་པའི་ཆོས་དེ་དག་འགྲོ་བ་མེད་པར་ཡིད་ལ་བྱེད་པ་ནས་སྔ་མ་བཞིན་དུ་སྲེད་པ་ཟད་ནས་འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདས་པའི་བར་དུ་སྟེ། མདོ་དེ་ཉིད་འགོག་པ་དང་མྱ་ངན་ལས་འདས་པའི་
བར་དུའོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །གང་
เล่ม ๑๔๖ · หน้า 117b
སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །སེམས་རྣམ་པར་གྲོལ་བར་མི་འགྱུར་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་
པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས། ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་
པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་
མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི་ན་དགེ་སློང་
རྣམ་པ་གང་དང་། རྟགས་གང་དང་། མཚན་མ་གང་གོས་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མེད་དོ་སྙམ་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་
མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་གང་དེ་ན་དམིགས་པའི་ཚོར་བའི་རྣམ་པ་འམ། འདུ་ཤེས་ཀྱི་རྣམ་པ་འམ། འདུ་བྱེད་ཀྱི་རྣམ་པ་འམ། རྣམ་པར་ཤེས་པའི་རྣམ་པའི་ཆོས་དེ་དག་འགྲོ་བ་མེད་པའི་རྣམ་པར་ཡིད་ལ་བྱེད་པ་ནས། སྔ་མ་བཞིན་དུ་སྲེད་པ་ཟད་པ་འདོད་ཆགས་དང་བྲལ་
བ་འགོག་པ་མྱ་ངན་ལས་འདས་པའི་བར་དུ་སྟེ། མདོ་དེ་ཉིད་འགོག་པ་དང་མྱ་ངན་ལས་འདས་པའི་བར་དུའོ། །དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཞིང་། སྲིད་པ་དང་མ་རིག་པའི་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་
เล่ม ๑๔๖ · หน้า 118a
འགྱུར་བ་ནས། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བའི་བར་དུའོ། །རྣམ་པར་གྲོལ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲིད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ཐ་
མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་
མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་
དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང་རྟགས་གང་དང་། མཚན་མ་གང་
གིས་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བའི་རྣམ་པ་དེ་དང་། རྟགས་དེ་དང་། མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་དེ་ན་གང་དམིགས་པའི་ཚོར་བར་གྱུར་པ་འམ། འདུ་ཤེས་སུ་
གྱུར་པ་འམ། འདུ་བྱེད་དུ་གྱུར་པ་འམ། རྣམ་པར་ཤེས་པའི་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱེད་ཅིང་། ནད་དང་། འབྲས་དང་། ཟུག་རྔུ་དང་། གནོད་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡིད་ལ་བྱེད་ཅིང་ཆོས་དེ་དག་འགྲོ་བ་མེད་
པར་ཡིད་ལ་བྱས་པ་ནས། བདག་མེད་པའི་བར་དུ་ཡིད་ལ་བྱས་པས་དེ་ཆོས་རྣམས་ལ་སེམས་སྐྱོ་བ་དང་། སྐྲག་པ་དང་ཡིད་འབྱུང་བར་འགྱུར་ཏེ། དེ་ཆོས་རྣམས་ལ་སེམས་སྐྱོ་བ་དང་སྐྲག་པ་དང་ཡིད་བྱུང་ནས། འདི་ནི་ཞི་བ། འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པ་ཐམས་
เล่ม ๑๔๖ · หน้า 118b
ཅད་ལས་ངེས་པར་འབྱུང་བ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པའོ་ཞེས་མདོ་དེ་ཉིད་དང་འགོག་པ་དང་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུའོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་རྣམས་ལས་སེམས་
རྣམ་པར་གྲོལ་བར་འགྱུར་ཞིང་སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་
བར་འགྱུར་རོ། །རྣམ་པར་གྲོལ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་
འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་
ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་སྲེད་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་
འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ནས་བདུད་སུན་འབྱིན་བྱེད་ཅེས་བྱ་བ་ལ་སོགས་པ་ལ། དབྱངས་དང་བཅས་པར་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མཐར་བདུད་བསྡིགས་པ་ལས་འདོན་པ་ལྟ་བུ་སྟེ། དེ་ནས་བདུད་
སུན་འབྱིན་བྱེད་ཅེས་བྱ་བ་སྡིག་པ་ཅན་ཞིག་འདི་སྙམ་དུ་དགེ་སློང་མ་མགོ་རེག་འདི་དག་འཇུག་པའི་གོ་སྐབས་མི་རྙེད་པ་དེ་ལྟར་བདག་གིས་བྱ་སྟེ། གང་བདག་ཉིད་ཀྱི་ལུས་ཀྱིས་གསད་པར་བྱའོ་སྙམ་མོ། །དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ལྷན་ཅིག་གནས་པ་ཚེ་དང་
เล่ม ๑๔๖ · หน้า 119a
ལྡན་པ་མཁས་པ་བྲམ་ཟེ་གྲོང་སཱ་ལ་ན་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ། ཕྱི་བཞིན་འབྲང་བ་ཚེ་དང་ལྡན་པ་མཁས་པ་དང་། བྲམ་ཟེའི་གྲོང་སཱ་ལར་བསོད་སྙོམས་
ཀྱི་ཕྱིར་ཞུགས་སོ། །དེ་ནས་བདུད་སུན་འབྱིན་བྱེད་ཀྱིས་རྡོ་བ་དང་གསེག་མ་ཐོགས་ཏེ། ཚེ་དང་ལྡན་པ་མཁས་པའི་སྤྱི་བོར་བསྣུན་ཏེ་ཁྲག་འཛག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཁས་པ་སྤྱི་བོར་བསྣུན་པའི་ཁྲག་འཛག་བཞིན་དུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་
རྒྱས་འཁོར་བ་འཇིག་གི་ཕྱི་བཞིན་དུ་གྲིབ་མ་ལྟར་རྗེས་སུ་འབྲང་བ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གླང་པོ་ཆེའི་ལྟ་བས་ལུས་ཐམས་ཅད་ཀྱི་གཡས་ཕྱོགས་སུ་གཟིགས་པ་ན། ཚེ་དང་ལྡན་པ་མཁས་པའི་སྤྱི་བོར་བསྣུན་ཏེ་ཁྲག་འཛག་པ་གཟིགས་སོ། །གཟིགས་
ནས་ཨེ་མ་ཞེས་གསུངས་པ་འདི་སྐད་དུ་ཀྱེ་མ་བདུད་སུན་འབྱིན་བྱེད་འདི་ནི་ཤིན་ཏུ་ཡང་ཚོད་མི་ཤེས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ནས་བདུད་སུན་འབྱིན་བྱེད་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་ཨེ་མ་ཞེས་གསུངས་མ་ཐག་ཏུ་རང་གི་ལུས་དེ་ཉིད་ཀྱིས་དམྱལ་བ་ཆེན་པོ་མནར་མེད་
པར་ལྟུང་བར་གྱུར་ཏོ་ཞེས་འབྱུང་ངོ་། །ད་ནི་མཚམས་མེད་པ་ལྔའི་ལས་བྱས་ཤིང་བསགས་ནས་དེ་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེའོ་ཞེས་གསུངས་པ་འདི་ཇི་ལྟར་དྲང་ཞེས་བྱ་བ་ལ། མཚམས་མེད་པ་ལྔ་ནི་གླེང་གཞི་ནི་མཉམ་དུ་ཡོད་པ་ནའོ། །མཚམས་མེད་པ་ལྔ་པོ་འདི་དག་གི་ལས་
གང་གིས་གཅིག་ཏུ་བྱས་ཤིང་བསགས་པ་དེ་དག་དེའི་རྒྱུ་དང་རྐྱེན་གྱིས་ལུས་ཞིག་མ་ཐག་ཏུ་དམྱལ་བར་སྐྱེ་བར་འགྱུར་རོ། །ལྔ་གང་ཞེ་ན། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་
ཀྱིས་ཁྲག་འབྱིན་པའོ་ཞེས་བཀའ་སྩལ་ཏོ། །བར་ན་ཁྱོད་ཀྱི་ལམ་རྒྱགས་ཀྱང་ནི་ཡོད་མ་ཡིན། །ཞེས་གསུངས་པའི་ཚིགས་སུ་བཅད་པ་ཇི་ལྟར་དྲང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བྲམ་ཟེ་གཞན་ཞིག་རྒས་ཤིང་འཁོགས་པ་ནས་གཟེར་བ། སྡིག་པ་བྱས་པ།
เล่ม ๑๔๖ · หน้า 119b
དྲག་པོ་བྱས་པ། སྡིག་པ་ཅན་བསོད་ནམས་མ་ཡིན་པ་བྱས་ཤིང་དགེ་བ་མ་བྱས་པ། འཇིགས་པ་མི་འཇིགས་པར་མ་བྱས་ཤིང་སྐྱབས་མ་བྱས་པ་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་དང་ཐབས་ཅིག་ཏུ་ཞེས་བྱ་བ་ནས། མི་འཇིགས་
པར་བྱས། ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་འདི་ན་བདག་བྲམ་ཟེ་རྒས་ཤིང་འཁོགས་པ་ནས་གཟེར་ཞིང་སྡིག་པ་བྱས་པ། དྲག་པོ་བྱས་པ། སྡིག་པ་ཅན། བསོད་ནམས་མ་བྱས་ཤིང་འཇིགས་པ་ལ་མི་འཇིགས་
པར་མ་བྱས་ཤིང་སྐྱབས་མ་བྱས་ཏེ། གང་བདག་འཇིག་རྟེན་ཕ་རོལ་དུ་ཤི་ཞིང་དུས་ལས་འདས་པ་ན་གླིང་ངམ། སྐྱབས་སམ། སྐྱོབ་པ་འམ། དཔུང་གཉེན་དུ་གྱུར་པ་དེ་ལྟ་བུའི་ཆོས་བཅོམ་ལྡན་འདས་གཽ་ཏ་མས་ལེགས་པར་བཤད་དུ་གསོལ། །བྲམ་ཟེ་ཁྱོད་རྒས་ཤིང་
འཁོགས་པ་ནས་གཟེར་ཞིང་སྡིག་པ་བྱས་པ་དྲག་པོ་བྱས་པ། སྡིག་པ་ཅན། བསོད་ནམས་མ་བྱས་ཤིང་དགེ་བ་མ་བྱས་པ་འཇིགས་པ་ལ་མི་འཇིགས་པར་མ་བྱས་པ་བདེན་ནོ། །བྲམ་ཟེ་འཇིག་རྟེན་འདི་དག་ནི་སེམས་ཀྱིས་ཁྲིད་དེ་འདི་ལྟ་སྟེ། རྒ་བས་སོ། །བྲམ་ཟེ་འཇིག་
རྟེན་འདི་ལྟར་ཁྲིད་པར་བྱེད་པ། འདི་ལྟ་སྟེ། རྒ་བ་སྐྱེས་བུ་གང་དང་གང་གིས་རང་དབང་དུ་འགྱུར་བའི་ལུས་ཀྱིས་ལེགས་པར་སྤྱད་པ་འམ། ངག་གིས་ལེགས་པར་སྤྱད་པ་འམ། ཡིད་ཀྱིས་ལེགས་པར་སྤྱད་པར་གྱུར་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་རྟེན་ནམ། གླིང་ངམ།
སྐྱབས་སམ། སྐྱོབ་པ་འམ། དཔུང་གཉེན་དུ་འགྱུར་བ་དེ་ལྟ་བུ་ཁྱོད་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །དེའི་ཕྱིར་བྲམ་ཟེ་ཁྱོད་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དང་། ངག་གིས་ལེགས་པར་སྤྱད་པ་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་ན་ཕ་རོལ་དུ་དུས་
ལས་འདས་ནས། རྟེན་ནམ། གླིང་ངམ། སྐྱབས་སམ། སྐྱོབ་པ་འམ། དཔུང་གཉེན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཞིང་བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་ན་ཚོད་ཁྱེར་
เล่ม ๑๔๖ · หน้า 120a
ཟིན་རྒ་བ་དང་། །ན་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང་། །ཁྱོད་ཀྱི་ལམ་རྒྱགས་ཀྱང་ནི་ཡོད་མ་ཡིན། །མཁས་པའི་སྣོད་གྱུར་བརྩོན་འགྲུས་རབ་བརྩམས་ནས། །དྲི་མ་བྲལ་ཞིང་ཡན་ལག་དང་བྲལ་ཏེ། སླར་
ཡང་སྐྱེ་རྒ་ན་འཆི་མི་འབྱུང་བ། །ཁྱོད་ཀྱིས་བདག་ཉིད་གླིང་དུ་གྱུར་ཏེ་བྱོས། །དེ་ནས་བྲམ་ཟེ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་དཔེར་ན་གཞོན་ནུ་ཐོར་བུ་ལྟར་
མཚན་དང་དཔེ་བྱད་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོ་འདིའི་འགྲོ་བ་ནི་འགྲོ་བ་གཉིས་སུ་
འགྱུར་ཏེ། གཞན་དུ་ནི་མ་ཡིན་ཏེ། གལ་ཏེ་ཁྱིམ་གྱི་གནས་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་དང་ལྡན་ཞིང་ཆོས་ཅན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ།
འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་དམག་དཔོན་རིན་པོ་ཆེའོ། །དེ་ལ་བུ་དཔའ་ཞིང་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་
དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡོངས་སུ་ཚང་བར་འབྱུང་བར་འགྱུར་ཞིང་། ས་ཆེན་པོ་འདི་རྒྱ་མཚོ་ལ་ཐུག་པ་མ་ལུས་པ་ཚེར་མ་མེད་ཅིང་གནོད་པ་མེད་ལ། དབྱུག་པ་དང་མཚོན་ཆ་མེད་པར་ཆོས་ཀྱིས་རྣམ་པར་རྒྱལ་ཞིང་གནས་སོ། །གལ་ཏེ་སྐྲ་དང་
ཁ་སྤུ་བྲེགས་ཤིང་ཆོས་གོས་བགོས་ཏེ་དད་པ་དང་བཅས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་འཇིག་རྟེན་དུ་སྒྲར་སྒྲོགས་པར་འབྱུང་བར་འགྱུར་རོ། །སྐྱེས་བུ་ཆེན་
เล่ม ๑๔๖ · หน้า 120b
པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་ནི་འགྲོ་བ་གཉིས་སུ་འགྱུར་རོ། །གཞན་དུ་ནི་མ་ཡིན་ཏེ། གལ་ཏེ་ཁྱིམ་གྱི་གནས་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་དང་ལྡན་ཞིང་ཆོས་ཅན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་
ལྡན་པ་སྟེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་དམག་དཔོན་རིན་པོ་ཆེའོ། །དེ་ལ་བུ་དཔའ་ཞིང་རྟུལ་ཕོད་པ་ཡན་
ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡོངས་སུ་ཚང་བར་འབྱུང་བར་འགྱུར་ཞིང་། ས་ཆེན་པོ་འདི་རྒྱ་མཚོ་ལ་ཐུག་པ་མ་ལུས་པ་འཚེ་བ་མེད་ཅིང་གནོད་པ་མེད་པ། དབྱུག་པ་དང་མཚོན་ཆ་མེད་པར་ཆོས་ཀྱིས་རྣམ་པར་རྒྱལ་ཞིང་གནས་ལ། གལ་
ཏེ་སྐྲ་དང་ཁ་སྤུ་བྲེགས་ཤིང་ཆོས་གོས་བགོས་ཏེ་དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་འཇིག་རྟེན་དུ་གྲགས་པ་འབྱུང་བར་འགྱུར་བ་དེ་དག་གང་ཡིན། བཙུན་པ་
བཅོམ་ལྡན་འདས་ཆོས་ཀྱི་རྩ་བ་བཅོམ་ལྡན་འདས་ལས་བྱུང་བ་བཅོམ་ལྡན་འདས་ལ་བརྟེན་པ་ལགས་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཤད་དུ་གསོལ། །དགེ་སློང་རྣམས་ཀྱིས་ཐོས་ན་འཛིན་པར་འགྱུར་རོ། །དེའི་ཕྱིར་དགེ་སློང་དག་ལེགས་པར་ཉོན་ལ་ཡིད་ལ་ཟུང་
ཤིག་དང་བཤད་པར་བྱའོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ཞབས་ལེགས་པར་གནས་པ་ཡིན་ཏེ། སྐྱེས་བུ་ཆེན་པོའི་ཞབས་ལེགས་པར་གནས་པའི་ཕྱིར་སྐྱེས་བུ་ཆེན་པོའི་ཞབས་གཉིས་མཉམ་པར་འགྲོ་སྟེ། འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །ཞབས་ཀྱི་འོག་གི་
མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དག་ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་ཡོད་དེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་
เล่ม ๑๔๖ · หน้า 121a
པ་དང་། ཕྱག་དང་ཞབས་འཇམ་པ་དང་། ཕྱག་དང་ཞབས་གཞོན་ཤ་ཅན་ཡིན་ཏེ། འདི་ལྟ་སྟེ། ཤིང་བལ་གྱི་འདའ་བ་འམ་རས་བལ་གྱི་འདའ་བ་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ཕྱག་དང་
ཞབས་དྲ་བར་འབྲེལ་པ་སྟེ། ཕྱག་གཉིས་དང་། ཞབས་གཉིས་སོར་མོ་དྲ་བར་འབྲེལ་པ་འདི་ལྟ་སྟེ། ངང་པའི་རྒྱལ་པོ་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ལོང་བུ་མི་མངོན་པ་ཡིན་ཞིང་། རྗེ་ངར་ཨེ་ན་ཡ་ལྟ་བུར་
མཐོ་བ་དང་། དམའ་བ་མེད་པ་དང་། སྐུའི་སྦོམ་ཇི་སྲིད་པར་ཞེང་དུ་ཡང་མཉམ་པ་དང་། ཕྱག་མ་བཏུད་པར་བརླར་སླེབས་པར་རེག་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་མདོམས་ཀྱི་སྦ་བ་ནུབ་པ་ཡིན་ཏེ།
འདི་ལྟ་སྟེ། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་རྟ་ཅང་ཤེས་སམ་གླང་པོ་ཆེ་ཅང་ཤེས་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ཤིང་ནྱ་གྲོ་དྷ་ལྟར་སྐུའི་ཆུར་ཇི་སྲིད་པར་ཞེང་དུ་དེ་སྲིད་དེ། ཞེང་དུ་ཇི་སྲིད་པར་ཆུར་ཡང་དེ་སྲིད་དེ།
དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ཡན་ལག་གི་སྤུ་གྱེན་དུ་ཕྱོགས་ཤིང་བ་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་ཞིང་སྐྱེས་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་པགས་པ་
གསེར་གྱི་འོད་དང་ལྡན་པ་ཡིན་ཏེ། པགས་པ་སྲབ་ཅིང་གསེར་གྱི་མདོག་འདྲ་ཞིང་པགས་པ་སྲབ་ཅིང་རྡུལ་དང་དྲི་མས་མི་གོས་པར་གནས་པ་ཡིན་ནོ། །དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་སྐུའི་བདུན་མཐོ་བ་ཡིན་ཏེ། ཕྱག་གཉིས་
དང་ཞབས་གཉིས་དང་ཕྲག་པ་གཉིས་དང་གཅིག་ནི་ལྟག་པ་སྟེ། སྐུ་ལས་བདུན་མཐོ་བར་སྐྱེས་པ་ཡིན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ཤ་རྒྱས་ཤིང་རོ་སྟོད་སེང་གེ་ལྟ་བུར་སྐུ་རྒྱས་པ་དང་དྲང་བ་དང་། དཔུང་པའི་མགོ་གཉིས་
เล่ม ๑๔๖ · หน้า 121b
ཤིན་ཏུ་ཟླུམ་པ་དང་། ཚེམས་བཞི་བཅུ་མངའ་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། མཆེ་བ་ཤིན་ཏུ་དཀར་བ་དང་། སེང་གེའི་འགྲམ་པ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་ཡིན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་
སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ལྗགས་སྲབ་པ་ཡིན་ཏེ། ལྗགས་སྲབ་མོར་གྱུར་པ་ཞལ་གྱི་དཀྱིལ་འཁོར་ཁེབས་པ་སྟེ། ཞལ་གྱི་དཀྱིལ་འཁོར་སྐྲ་མཚམས་ཀྱི་མཐར་ཁེབས་པ་ཡིན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་
ཚངས་པའི་དབྱངས་དང་། ཀ་ལ་པིང་ཀའམ་ལྷའི་རྔ་ལྟར་ཡིད་འཕྲོགས་པ་ལྷའི་དབྱངས་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་སྤྱན་ཡངས་ཤིང་བའི་རྫི་མ་ལྟ་བུ་དང་། སྤྱི་གཙུག་གཙུག་ཏོར་དང་ལྡན་པ་དང་། སྨིན་
མཚམས་ཀྱི་བར་དུ་མཛོད་སྤུ་དཀར་པོ་དུང་ལྟ་བུ་གཡས་ཕྱོགས་སུ་འཁྱིལ་བ་སྐྱེས་པ་ཡིན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་གང་ལ་ལྡན་པ་དེ་སྐྱེས་བུ་ཆེན་པོ་འགྲོ་བ་གཉིས་སུ་འགྱུར་གྱི། གཞན་དུ་
མ་ཡིན་ནོ། །གལ་ཏེ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་དང་ལྡན་ཞིང་ཆོས་ཅན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་འབྱུང་སྟེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་
ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་ནི་བདུན་པའོ། །དེ་ལ་བུ་དཔའ་ཞིང་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཚང་བར་འབྱུང་བར་འགྱུར་
ཞིང་རྒྱ་མཚོ་ལ་ཐུག་པའི་ས་འདི་མ་ལུས་པར་འཚེ་བ་མེད་ཅིང་གནོད་པ་མེད་པར་དབྱུག་པ་དང་མཚོན་ཆ་མེད་པར་ཆོས་ཀྱིས་མངོན་པར་རྒྱལ་ཞིང་གནས་སོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་བགོས་ནས་དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། བཅོམ་
เล่ม ๑๔๖ · หน้า 122a
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་འཇིག་རྟེན་དུ་མངོན་པར་གྲགས་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཇི་ལྟར་མདོ་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་གཅིག་ཏུ་བཤད་པ་དེ་བཞིན་དུ་དཔེ་བྱད་བཟང་
པོ་བརྒྱད་ཅུ་ནི་མ་བཤད་དེ། སོ་སོར་འཐོར་བ་བསྡུས་ཏེ་བརྗོད་པར་བྱའོ། །མདོ་རྣམས་ཀྱང་ཕལ་ཆེར་ནུབ་པས་སོ། །ལུང་བཞི་པ་ལས་རྙེད་པ་དང་། རྒྱ་ཤུག་གི་བུའི་བསྟོད་པའི་མདོ་དེ་དང་དེ་ལས་བཤད་པ་དང་། རྒྱ་མཚོ་ལྟ་བུའི་བཤད་པ་ལས་མཚན་དང་དཔེ་བྱད་བརྗོད་ཅིང་བཤད་པ་རྣམ་པར་
བཀོད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེན་མོའི་ཚད་ཡངས་པ་ཡིན་ཞིང་། སྲབ་པ་དང་། མཐོ་བ་དང་། ཟངས་ཀྱི་མདོག་ལྟ་བུ་དང་། སྣུམ་པ་དང་། ཟླུམ་པ་དང་། རྒྱས་པ་དང་། སོར་མོ་བྱིན་གྱིས་ཕྲ་བ་དག་ཡིན་ནོ། །རྩ་མདུད་པ་མེད་ཅིང་མི་མངོན་པ་དང་ཤིན་ཏུ་ཕྲ་བ་དང་། ལོང་
བུ་མཉམ་ཞིང་མི་མངོན་པ་དང་། ཞབས་མཉམ་པ་དང་མི་གཡོ་བ་དང་། དམར་བ་དག་ཡིན་ནོ། །སེང་གེ་དང་། གླང་པོ་ཆེ་དང་། ཁྱུ་མཆོག་དང་། ངང་པའི་རྒྱལ་པོ་ལྟར་གཡས་ཕྱོགས་སུ་ཉེ་བར་གཤེགས་པ་དང་། བྱིན་པ་བ་སྤུ་མེད་ཅིང་མཁྲང་ཞིང་ཚད་མཉམ་པ་དང་། བྱིན་པ་ལེགས་པར་ཟླུམ་ཞིང་
འདུས་ཤིང་འབྱོར་ལ་མི་མངོན་པ་མ་ཡིན་པའི་རྗེ་ངར་དང་། བརྙ་ཆུ་ཤིང་གི་སྡོང་པོ་ལྟར་སྡུག་ཅིང་རས་བལ་ལྟར་ཚད་མཉམ་ཞིང་གོ་རིམས་བཞིན་རྗེས་སུ་འབྲེལ་པ་དང་། གསང་བའི་གནས་ཟླ་བ་ཕྱེད་པ་ལྟར་ཡངས་ཤིང་མཐོ་ལ་བ་སྤུ་ཉུང་བ་དང་། རྒྱབ་ཀྱི་སྨད་འཇམ་ཞིང་ལེགས་པར་འདུས་ལ་གྲུ་བཞི་
ཧ་ཅང་མི་ཡངས་ཤིང་ཀོ་ཀོན་དྷ་ལྟར་མཛེས་པ་དང་། ལྟེ་བ་ཟབ་ཅིང་བུ་ག་མེད་པ་དང་། མདོག་དམར་ཞིང་གཡས་སུ་འཁྱིལ་བ་དང་། ལྟོ་བ་འཇམ་ཞིང་བ་སྤུ་མེད་ལ་མཁྲེགས་ཤིང་རྗེས་སུ་མཐུན་པ་དང་། ལྟོ་བའི་ནང་འབར་འབུར་མེད་ཅིང་ཀུན་དུ་ལེགས་པར་ཟླུམ་ཞིང་ཡོངས་སུ་དག་པ་དང་། རྩིབ་ལོགས་
མཉམ་པར་འཇུག་ཅིང་ཤས་གང་ལ་ཤིན་ཏུ་རིང་བ་མ་ཡིན་ལ་འཇམ་པ་དང་། རོ་རྒྱབ་ནུབ་པ་མ་ཡིན་ཞིང་ཤས་གང་ལ་ཅུང་ཟད་ཐུང་ལ་རྡོ་རྗེའི་དབྱིབས་ལྟར་སྐྱེས་ཤིང་རིང་བ་དང་། འཇམ་པའི་རི་མོ་མཚམས་འབྱོར་ཞིང་མི་མངོན་པའི་བཀོད་པ་དང་། སྟ་ཟུར་རྒྱས་ཤིང་གང་ལ་བརྟན་ཅིང་མཚམས་འབྱོར་ལ་
เล่ม ๑๔๖ · หน้า 122b
ཐུགས་ཀ་མཉམ་ལ་མཐོ་ཞིང་རྒྱ་ཆེ་བ་དང་། ནུ་མ་ཤིན་ཏུ་རགས་པ་མ་ཡིན་ཞིང་མཐོ་བ་དང་། དུང་ལྟར་གཡས་སུ་འཁྱིལ་ལ་རི་མོ་ཤིན་ཏུ་ཕྲ་མོ་མ་ཡེངས་པར་ཤིན་ཏུ་མཉམ་ཞིང་དམར་བ་དང་། ཐུགས་ཀ་ཡུལ་ཤིན་ཏུ་བསྐལ་པས་བར་ཡངས་པ་དང་། མཆན་ཁུང་ཤ་རྒྱས་ཤིང་ཡངས་ལ་མཐོ་བ་མ་
ཡིན་པ་དང་། སྐུ་རྒྱབ་སྟོད་མཁྲང་ཞིང་རྒྱ་ཆེ་ལ་ཤས་གང་ཞིང་ཚད་མཉམ་པ་དང་། དཔུང་པ་གླང་པོ་ཆེ་ལྟར་ཅུང་ཟད་མི་མངོན་ཞིང་མཚམས་འབྱོར་ལ་མཁྲང་ཞིང་འཇམ་ལ་མཉམ་པ་དང་། འགྲམ་པ་མཉམ་ཞིང་འཇམ་ལ་བ་སྤུ་མེད་ཅིང་བརྟན་ལ་སེང་གེའི་ལྟ་བུ་དང་། ཕྱག་མཉམ་ཞིང་རིང་ལ་
ཟངས་ཀྱི་མདོག་ལྟ་བུ་དང་། ཕྱག་གི་རི་མོ་ཟབ་ཅིང་མ་འདྲེས་ལ་མི་ཡོ་ཞིང་ཐུན་ཚགས་མེད་ལ་སྲབ་ཅིང་ཟངས་ཀྱི་མདོག་ལྟ་བུ་དང་སོར་མོའི་ཚིགས་ཕྲ་ཞིང་མ་འཁྲུགས་ལ་དམར་བ་དང་། མཐེ་ཆུང་སྲིན་ལག་ལས་ཚད་ལྷག་པ་དང་། བ་སྤུ་ཤིན་ཏུ་མང་བ་མ་ཡིན་ལ་ཕྲ་ཞིང་འཇམ་ལ་མཉེན་ལ་རྩ་བ་
འབྱོར་ཞིང་མཉམ་པ་དང་། པགས་པ་སྣུམ་ཞིང་མ་འཁུམས་ལ་མཉམ་པའི་སྙིང་པོ་ཅན་དང་། པགས་པ་གྲང་བ་དང་། ཚ་བའི་རེག་པས་མདོག་མི་འགྱུར་བ་དང་། ཤ་སྣུམ་ཞིང་བརྟན་ལ་སྡུག་ཅིང་ཧ་ཅང་རགས་པ་མ་ཡིན་ཞིང་། ཧ་ཅང་ཕྲ་བ་མ་ཡིན་པ་དང་། ཁྲག་བན་དུ་ཛི་བ་ཀའི་མེ་ཏོག་ལྟ་བུའམ་
ཟངས་མདོག་འདྲ་ཞིང་སྣུམ་ཞིང་འཇམ་ལ་ཙནྡན་གྱི་དྲི་བསུང་ལྟ་བུ་དང་། རུས་པ་ཤས་གཡོགས་ཤིང་བརྟན་ལ་ཤིན་ཏུ་མཛེས་པ་དང་། རུས་པའི་མཚམས་ཀླུ་མདུད་པ་ལྟར་མི་མངོན་པ་དང་། སྐུ་གདུང་རྡོ་རྗེ་ལྟར་མི་ཤིགས་ཤིང་ལེགས་པར་འདུས་པ་དང་། ཡན་ལག་ཤིན་ཏུ་རྣམ་པར་དབྱེས་ཤིང་
མཛེས་པ་དང་། སྐུ་རིམ་པར་འཚམ་ཞིང་རྒྱས་ལ་ཡོངས་སུ་དག་ཅིང་གཞོན་ཤ་ཅན་དང་། སྦྲང་བ་དང་། སྨེ་བ་དང་། གནག་བག་མེད་པ་དང་། སྐུ་ལ་ནད་ཀྱིས་བྱས་པའི་ཉམ་ཆུང་བ་མེད་པ་དང་། སེང་གེ་གཟིམས་ཆ་བརྟེན་པས་སྐུ་རྣམ་པར་གཡེངས་པ་དང་བྲལ་བ་དང་། པགས་པ་རྡུལ་དང་དྲི་མས་ཉེ་
བར་ཉོན་མོངས་པ་མེད་ཅིང་དག་པ་དང་། མེ་དང་ནོར་བུ་དང་སྨན་ཆེན་པོ་དང་། ཉི་མ་དང་ཟླ་བ་ལྟ་བུའི་འོད་ཟེར་དང་། རི་རབ་ལྟ་བུ་རབ་ཏུ་ལྕི་བ་དང་ལྡན་པ་དང་། དུས་སུ་རེག་ན་བདེ་བའི་རེག་པ་དང་ལྡན་པ་དང་། བ་སྤུའི་བུ་གའི་དྲི་འཇམ་ཞིང་མངར་ལ་ཀུ་སུ་མ་དང་། ཙན་དན་ལྟ་བུའི་བསུང་དང་ལྡན་པ་དང་། ཞལ་གྱི་
เล่ม ๑๔๖ · หน้า 123a
དྲི་ཨུཏྤ་ལ་སྔོན་པོ་སར་པ་ལྟ་བུ་རྟག་ཏུ་འབྱུང་བ་དང་། འཚེ་བ་མེད་ཅིང་འགྲམ་པ་རིང་བ་དང་། མཉེན་ཞིང་གོང་བུ་མ་ཡིན་པའི་དབུགས་དང་། གསུང་གི་དབྱངས་ཟས་གཅོད་པ་དང་། དམན་པ་ཟ་བ་དང་། དུས་ཡོངས་སུ་འགྱུར་བ་དང་བྲལ་ཞིང་མངོན་པར་གསལ་བའི་ཆོས་འཆད་
པ་དང་། ཤིན་ཏུ་འཁུམས་པ་དང་རྒྱ་ཆེ་བ་མ་ཡིན་པ་དང་། སྤྱོད་པ་ཡོངས་སུ་དག་པ་དང་། དཔེ་བྱད་ཡུལ་ན་གནས་ཤིང་ཡོངས་སུ་གསལ་ཞིང་རྫོགས་པ་དང་། ཤིན་ཏུ་ཡོངས་སུ་དང་བའི་ཕྱིར་མཐོང་བ་རབ་རིབ་མེད་པ་དང་། མགྲིན་པ་ཧ་ཅང་རིང་བ་དང་ཧ་ཅང་ཐུང་བ་མ་ཡིན་ཞིང་གཉེར་མ་གསུམ་གྱིས་
རྣམ་པར་བརྒྱན་པ་དང་། ཀོ་སྐོ་ཚད་མཉམ་ཞིང་བརྟན་ལ་ཡོ་བ་མེད་ཅིང་མི་རིང་ལ་རྒྱ་ཆེ་བ་དང་། མཆུ་བིམ་པ་ལྟར་དམར་ཞིང་འཇམ་ལ་མཛེས་པ་དང་། རྙིལ་གྱི་ཤ་བན་དུ་ཛི་བ་ཀའི་མེ་ཏོག་ལྟར་འཇམ་པ་དང་། ཚེམས་གཙང་ཞིང་མཉེན་ལ་དག་ཅིང་མཛེས་པ་དང་། མཆེ་བ་མཉམ་ཞིང་མཚམས་འབྱོར་
ལ་ཟླུམ་ཞིང་རྣོ་ལ་མཉེན་པ་དང་། དགོས་པ་དང་བཅས་ན་ཚེམས་ལས་གཡས་ཕྱོགས་སུ་འོད་ཟེར་སྐད་ཅིག་གིས་སྤྲོ་བ་དང་། ལྗགས་དྲི་མ་མེད་ཅིང་འཇམ་ལ་དམར་ཞིང་མཉེན་པ་དང་། སྤྱི་གཙུག་གླང་པོ་ཆེའི་སྤྱི་བོའི་གཙུག་ལྟར་རྣོ་ཞིང་འཇམ་པ་དང་། ཤངས་འཇམ་ཞིང་མཐོ་བ་དང་། ཁ་སྤུ་མི་
མཐུག་ཅིང་འཇམ་ལ་རྩ་བ་བརྟན་ཅིང་མཉེན་ལ་ཕྲ་བ་ཀོན་ད་ལི་ཀ་སྔོན་པོ་ལྟ་བུ་དང་། མཁུར་ཚོས་ཧ་ཅང་མཐོ་བ་དང་རྣོ་བ་མ་ཡིན་ལ་ཤ་རྒྱས་ཤིང་གང་བ་དང་། མི་མཉམ་པ་དང་མཉམ་པའི་ཁ་དོག་ཅན་དང་། དཔྲལ་བའི་མཚམས་ལགས་པར་དབྱེས་ཤིང་དུང་དང་ཟླ་བ་འཁྱིལ་བ་ལྟ་བུ་དང་། སྤྱན་
ཡངས་ཤིང་མཉེན་ལ་འཇམ་ཞིང་ཡོངས་སུ་དག་པ་དང་། རབ་ཏུ་དང་ཞིང་མ་འཁུམས་པའི་རྫི་མ་དང་། མཐོང་ལ་དུལ་ཞིང་དག་ལ་མི་ཡོ་བས་ཁྱབ་པ་དང་། ཤིན་ཏུ་ཆུང་བ་མ་ཡིན་པའི་སྟོབས་ལྔ་པའི་ཕྱིར་སྤྱན་མི་འཛུམས་པ་དང་། སྨིན་མ་རིང་བ་དང་། གནག་པ་དང་། འཇམ་པ་དང་། རྗེས་སུ་འཆམ་པ་
དང་། མཉེན་པའི་དཔྲལ་བ་གསེར་གྱི་བྱང་བུ་དང་ཟླ་བ་ལྟར་འཇམ་ཞིང་ཡངས་པ་དང་། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལྟ་བུ་དང་། དབུ་སྡུག་ཅིང་རྡོ་རྗེ་ལྟར་མཁྲེགས་པ་དང་། གདུགས་ལྟར་དབུ་ཡོངས་སུ་རྒྱས་པ་དང་། དབུ་སྐྲའི་བཀོད་པ་འཇམ་ཞིང་མ་འཛིངས་པ་བུང་བ་ལྟར་མཉེན་ཞིང་
เล่ม ๑๔๖ · หน้า 123b
འཇམ་ལ་རྗེས་སུ་འབྲེལ་ཞིང་དྲི་བསུང་མཆོག་དང་ལྡན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ལྷ་དང་། ལྷ་མ་ཡིན་དང་། མི་དང་ཀླུའི་འགྲོ་བས་སྤྱི་གཙུག་བལྟར་མི་ནུས་པའོ། །ཁ་ཆེ་བ་རྣམས་ནི་སངས་རྒྱས་ཀྱི་སྐུ་ལ་དཔེ་བྱད་བཟང་པོ་འཇིག་རྟེན་ཐམས་ཅད་ལ་བཀྲ་ཤིས་པ་འབྱུང་བར་བྱེད་པ་འདི་ལྟར་
བྱེད་དེ། གནས་བརྟན་དབྱིག་བཤེས་ཀྱིས་ཇི་སྐད་དུ་ཕྲེང་བ་དང་། དུང་དང་། གདུགས་དང་དཔལ་གྱི་བེའུ་བཟང་པོ་དང་། ལྕགས་ཀྱུ་དང་། རྒྱལ་མཚན་དང་། མཚོན་ཆ་དང་། ཟླ་བ་དང་། ཆུ་དང་། པདྨ་རྣམས་ཀྱིས་སྐུ་རྣམ་པར་སྤྲས་པ་ཞེས་བཤད་ལ། དོན་འདི་ཉིད་ཡང་དག་པར་བརྗོད་པའི་ཕྱིར་
ཇི་སྐད་དུ་ཡང་དག་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་བདེ་བར་གཤེགས་པའི་མཚན་བཟང་པོའི་འཁོར་གཞན་ཡང་ཉོན་ཅིག །གདུགས་དང་། རྒྱལ་མཚན་དང་། ལྕགས་ཀྱུ་དང་། དཔལ་གྱི་བེའུ་དང་། མུ་ཏིག་དང་། བུམ་པ་དང་། རྟ་དང་། ཉ་དང་། ཆུ་སྲིན་དང་། རུས་སྦལ་དང་། ནམ་མཁའ་ལྡིང་
དང་། སྟག་དང་། གླང་པོ་ཆེ་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་དང་། ཁུག་རྟ་དང་། ནེ་ཙོ་དང་། ཁུ་བྱུག་དང་། རི་དགས་ནག་པོ་དང་། རྨ་བྱ་དང་། རལ་གྲི་དང་། རྡོ་རྗེའི་ཡན་ལག་དང་། ནོར་བུ་དང་། རིན་པོ་ཆེ་དང་། ནོར་དང་། མདུང་དང་། རྩེ་གསུམ་དང་། དགྲ་སྟ་དང་། མདའ་དང་། སྤྲིན་
དང་། དྲག་པོ་དང་། ཚངས་པ་དང་། དབང་པོ་དང་། གཞོན་ནུ་དང་། ཉི་མ་དང་། འཕགས་སྐྱེས་པོ་དང་། ཟླ་བ་དང་། མིག་མི་བཟང་དང་། ནོར་བདག་དང་། ཡུལ་འཁོར་སྐྱོང་དང་། གཡུང་དྲུང་འཁྱིལ་པ་དང་། པདྨ་དང་། བ་དན་བཟང་པོ་དང་། མེ་ལོང་དང་། དཱུར་བ་གཞོན་ནུ་དང་། མུ་ཏིག་དང་།
གསེར་དང་། སྨན་ཆེན་པོ་དང་། ལྷའི་རྔ་དང་། དྲང་སྲོང་ཆེན་པོ་དང་། པ་ལ་དང་། དཔུང་རྒྱན་དང་། སོར་གདུབ་དང་། རྣ་ཆ་དང་། སེང་གེ་དང་། ཁྱུ་མཆོག་དང་། མེ་ཏོག་དང་བཅས་པའི་ཤིང་གི་ཡལ་ག་དང་ཞེས་བྱ་བ་ལ་སོགས་པ་ལ་བརྒྱད་ཅུ་ཇི་སྐད་དུ་བརྗོད་པ་ཐམས་ཅད་མཁྱེན་པའི་དཔེ་
བྱད་བཟང་པོ་བརྒྱད་ཅུ་མཚན་ཉིད་སྟོང་དང་ལྡན་པ་མུ་སྟེགས་ཅན་རྣམས་ཀྱང་མཐོང་ནས་འབྱོར་པའི་ཕྱིར་མངོན་པར་དགའ་བ་སྐྱེད་པར་བྱེད་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཀྱང་མཚན་དང་དཔེ་བྱད་ཀྱི་ལེའུ་བཞི་བཅུ་དགུ་པ་ལས་འདོན་པ་ལྟ་བུ་སྟེ། རབ་
เล่ม ๑๔๖ · หน้า 124a
འབྱོར་དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུ་བྱེད་ཐམས་ཅད་ལས་སེམས་འདོད་ཆགས་དང་བྲལ་བའི་ཕྱིར་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཐམས་
ཅད་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བའི་ཕྱིར་སེན་མོ་མདོག་སྣུམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རིགས་རྒྱུད་མཐོན་པོར་སྐྱེས་པའི་ཕྱིར་སེན་མོ་མཐོ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་ཁ་ན་མ་ཐོ་བ་མི་མངའ་བའི་ཕྱིར་སེན་མོ་ཟླུམ་པ་དག་ཡིན་
ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་ཡངས་ཤིང་རྒྱ་ཆེ་བ་བསགས་པའི་ཕྱིར་སེན་མོ་རྒྱས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་རིམ་གྱིས་བསགས་པའི་ཕྱིར་སེན་མོ་བྱིན་གྱིས་ཕྲ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་
ལུས་དང་ངག་དང་ཡིད་དང་འཚོ་བ་ཡོངས་སུ་བསྲུངས་པའི་ཕྱིར་རྩ་མི་མངོན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་མདུད་པ་ལས་གྲོལ་བའི་ཕྱིར་རྩ་ལ་མདུད་པ་མེད་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་རྣམས་ལ་ཐུགས་ཤིན་ཏུ་མི་
མངོན་པའི་ཕྱིར་ལོང་བུ་མི་མངོན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དཀའ་བའི་གནས་ཐམས་ཅད་ལས་ཡོངས་སུ་སྒྲོལ་བའི་ཕྱིར་ཞབས་མཉམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིའི་སེང་གེ་ཡིན་པའི་ཕྱིར་སེང་གེའི་སྟབས་སུ་གཤེགས་པ་ཡིན་
ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིའི་གླང་པོ་ཡིན་པའི་ཕྱིར་གླང་པོའི་སྟབས་སུ་གཤེགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ནམ་མཁའ་ལ་གཤེགས་པའི་ཕྱིར་ངང་པའི་རྒྱལ་པོའི་སྟབས་སུ་གཤེགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་
སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པའི་ཕྱིར་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཛེས་པའི་ཕྱིར་མཛེས་པར་གཤེགས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་རྟག་ཏུ་མི་གཡོ་བའི་ཕྱིར་མི་གཡོ་
เล่ม ๑๔๖ · หน้า 124b
བར་གཤེགས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་དང་ཡོན་ཏན་ཡོངས་སུ་དག་པ་སྟོན་པའི་ཕྱིར་སྐུ་འཁྲིལ་བག་དང་བཅས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྡིག་པ་མི་དགེ་བའི་ཆོས་རྣམ་པར་དག་པའི་ཕྱིར་སྐུ་བྱི་དོར་བྱས་པ་ལྟ་བུ་
དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་གོ་རིམས་བཞིན་དུ་འཆད་པའི་ཕྱིར་སྐུ་རིམ་པར་འཚམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་གསུང་ཐུགས་ཡོངས་སུ་དག་པའི་ཕྱིར་སྐུ་གཙང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་
རང་བཞིན་གྱིས་འཇམ་པའི་ཕྱིར་སྐུ་འཇམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར་དཔེ་བྱད་ཡོངས་སུ་
རྫོགས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཛེས་ཤིང་རྒྱ་ཆེ་བའི་ཡོན་ཏན་སྟོན་པའི་ཕྱིར་སྐུ་ཁོ་ལག་ཡངས་ཤིང་བཟང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཐུགས་མཉམ་པའི་ཕྱིར་མཉམ་པར་གཤེགས་པ་དག་ཡིན་ནོ། །
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་རྣམ་པར་དག་པའི་ཕྱིར་སྤྱན་རྣམ་པར་དག་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རབ་ཏུ་འཇམ་པའི་ཆོས་སྟོན་པའི་ཕྱིར་སྐུ་འཇམ་ཞིང་གཞོན་ཤ་ཅན་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཐུགས་མ་ཞུམ་པའི་
ཕྱིར་སྐུ་ཞུམ་པ་མེད་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་མཐོན་པོ་དང་ལྡན་པའི་ཕྱིར་སྐུ་རྒྱས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡང་སྲིད་པའི་ཚོགས་ཡོངས་སུ་ཟད་པའི་ཕྱིར་སྐུ་ཤིན་ཏུ་གྲིམས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་
རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་དང་ཉིང་ལག་ལེགས་པར་འཆད་པའི་ཕྱིར་ཡན་ལག་ཤིན་ཏུ་རྣམ་པར་འབྱེས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་དག་ཡིན་ནོ། །སངས་རྒྱས་བཅོམ་
เล่ม ๑๔๖ · หน้า 125a
ལྡན་འདས་རྣམས་ནི་ཚུལ་ཕུན་སུམ་ཚོགས་པའི་སློབ་མ་མངའ་བའི་ཕྱིར་དཀུ་ཟླུམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཁོར་བའི་སྐྱོན་རྣམ་པར་དག་པའི་ཕྱིར་དཀུའི་སྐབས་ཕྱིན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ང་རྒྱལ་གྱི་དེའུ་
བཅོམ་པའི་ཕྱིར་དཀུ་མ་རྙོངས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་རྣམས་ཟད་པར་མི་བྱེད་པའི་ཕྱིར་ཕྱལ་ཕྱང་ངེ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་ཟབ་པའི་ཆོས་རྟོགས་ཤིང་ཁོང་དུ་ཆུད་པའི་ཕྱིར་ལྟེ་བ་ཟབ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་
འདས་རྣམས་ནི་རྗེས་སུ་མཐུན་ཞིང་གཟུང་བར་འོས་པའི་སློབ་མ་མངའ་བའི་ཕྱིར་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཀུན་ནས་མཛེས་པའི་སློབ་མའི་ཚོགས་མངའ་བའི་ཕྱིར་ཀུན་ནས་མཛེས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་
ཐུགས་ཤིན་ཏུ་གཙང་བའི་ཕྱིར་ཀུན་དུ་སྤྱོད་པ་གཙང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་གནག་བག་མེད་པ་སྟོན་པའི་ཕྱིར་སྐུ་ལ་སྨེ་བ་དང་གནག་བག་མེད་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་ཤིང་བལ་ལྟར་ཡང་བའི་ཆོས་སྟོན་པ་བརྙེས་པའི་ཕྱིར་
ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་གི་གཉེན་གྱི་ཚོགས་སྤངས་ཏེ། དགེ་སྦྱོང་ཆེན་པོའི་དངོས་པོ་བརྙེས་པའི་ཕྱིར་ཕྱག་གི་རི་མོ་མདངས་ཡོད་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསླབ་པའི་གནས་ཧ་ཅང་སྤངས་པར་མི་
འཆའ་བའི་ཕྱིར་ཕྱག་གི་རི་མོ་ཟབ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ཐམས་ཅད་གཟུགས་བརྙན་ལྟ་བུར་རྟོགས་པའི་ཕྱིར་ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཉེན་པ་སྔོན་དུ་འགྲོ་བས་འདུལ་བའི་ཕྱིར་
ལྗགས་མཉེན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་ཕྲ་མོ་མ་ཡིན་པ་དང་ལྡན་པའི་ཕྱིར་ལྗགས་སྲབ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱིས་པའི་སྐྱེ་བོ་ཆགས་པ་ཅན་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་ལྗགས་དམར་བ་དག་ཡིན་ནོ། །སངས་རྒྱས་
เล่ม ๑๔๖ · หน้า 125b
བཅོམ་ལྡན་འདས་རྣམས་ནི་གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲས་ཡོངས་སུ་མི་སྐྲག་པའི་ཕྱིར་གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་ཅིང་མཉེན་ལ་འཇམ་པ་བརྗོད་པའི་སློབ་མ་མངའ་བའི་ཕྱིར་གསུང་སྙན་ཅིང་མཉེན་ལ་འཇམ་པ་དག་ཡིན་ནོ། །
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྲིད་པའི་ཀུན་དུ་སྦྱོར་བ་རྣམ་པར་ལོག་པའི་ཕྱིར་མཆེ་བ་ཟླུམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱེ་བོ་རྣོན་པོ་འདུལ་བ་ལ་མཁས་པའི་ཕྱིར་མཆེ་བ་རྣོ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་ཤིན་ཏུ་དཀར་བའི་ཕྱིར་མཆེ་བ་
དཀར་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཉམ་པའི་སའི་ཆ་ལ་ཞུགས་པའི་ཕྱིར་མཆེ་བ་མཉམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངོན་པར་རྟོགས་པའི་རིམ་གྱིས་སྟོན་པའི་ཕྱིར་མཆེ་བ་བྱིན་གྱིས་ཕྲ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་
རབ་མཐོན་པོའི་སར་ཞུགས་པའི་ཕྱིར་ཤངས་མཐོ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བྱ་གཙང་སྨེའི་སྐྱེ་བོ་དང་ལྡན་པའི་ཕྱིར་ཤངས་གཙང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་ཆོས་ཤིན་ཏུ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་སྤྱན་ཡངས་པ་དག་ཡིན་ནོ། །
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་ཐམས་ཅད་ཀུན་དུ་སྟུག་པའི་ཕྱིར་རྫི་མ་སྟུག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིག་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རངས་པ་ལྟ་བུའི་ལྷ་དང་ལྷ་མ་ཡིན་དང་། མི་གཞོན་ནུ་རྣམས་ཀྱིས་མཆོག་ཏུ་དགའ་བར་བྱ་བའི་ཕྱིར་སྤྱན་དཀར་ནག་འབྱེས་
ཤིང་པདྨའི་འདབ་མ་ལྟ་བུ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མདུན་ཕྱོགས་སུ་གཟིགས་པའི་ཕྱིར་སྨིན་ཚུགས་རིང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པར་འདུལ་བ་ལ་མཁས་པའི་ཕྱིར་རྫི་མ་འཇམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་
རྣམས་ནི་སྐྱོན་ཀུན་དུ་མཁྱེན་པའི་ཕྱིར་སྨིན་མའི་སྤུ་མཉམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་འཇམ་ཞིང་མཉེན་པས་སྐྱེ་བོའི་རྒྱུད་འདུལ་བར་བྱེད་པའི་ཕྱིར་སྨིན་མ་སྣུམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་མཆོག་ཏུ་དོན་དང་ལྡན་པ་མངའ་བའི་ཕྱིར་
เล่ม ๑๔๖ · หน้า 126a
སྙན་ཤལ་སྡུག་ཅིང་སྙན་ཤལ་རིང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཡུལ་ལས་རྣམ་པར་རྒྱལ་བའི་ཕྱིར་སྙན་མཉམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བྱ་རྒྱུད་མ་ཉམས་པ་མངའ་བའི་ཕྱིར་སྙན་གྱི་དབང་པོ་མ་ཉམས་པ་དག་
ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྟ་བར་སོང་བ་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་དཔྲལ་བ་ལེགས་པར་འབྱེས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་སྦྱོང་དང་བྲམ་ཟེ་དང་ཕ་རོལ་རྒོལ་བ་རྣམ་པར་གནོན་པའི་ཕྱིར་དཔྲལ་བའི་དབྱེས་ཆེ་བ་དག་ཡིན་ནོ། །སངས་
རྒྱས་བཅོམ་ལྡན་འདས་རྣམས་ནི་སྨོན་ལམ་ཡོངས་སུ་རྫོགས་པའི་ཕྱིར་དབུ་ཤིན་ཏུ་རྒྱས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡུལ་གྱི་སྐྱེ་བོ་ལ་རྣམ་པར་ཆགས་པ་ལོག་པའི་ཕྱིར་དབུ་སྐྲ་བུང་བ་ལྟར་གནག་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་བ་དང་བསྒོམ་
པས་སྤང་བར་བྱ་བའི་ཕྲ་རྒྱས་སྤངས་པའི་ཕྱིར་དབུ་སྐྲ་སྟུག་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་དཀར་པོས་མ་སྐྱེས་པའི་བསྟན་པའི་རོ་དང་ལྡན་པའི་ཕྱིར་དབུ་སྐྲ་འཇམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མ་འཛིངས་པའི་ཐུགས་དང་ལྡན་པའི་ཕྱིར་
དབུ་སྐྲ་མ་འཛིངས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཚིག་རྩུབ་སྤངས་པའི་ཕྱིར་དབུ་སྐྲ་མི་བཤོར་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱེ་བོ་བྱང་ཆུབ་ཀྱི་ཡན་ལག་གི་དྲི་ཞིམ་པོས་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་དབུ་སྐྲ་དྲི་ཞིམ་པ་དག་ཡིན་ནོ། །སངས་
རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་ཀྱི་མཐིལ་ན་དཔལ་གྱི་བེའུ་དང་གཡུང་དྲུང་འཁྱིལ་པ་མངའ་བའི་ཕྱིར་དཔལ་གྱི་བེའུ་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་དག་ཡིན་ནོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྐུ་དཔེ་བྱད་བཟང་པོ་འདི་དག་དང་ལྡན་ནོ། །དེ་ཉིད་དུ་གཞན་དུ་གནས་
བརྟན་ཀླུ་སྒྲུབ་ཀྱིས་ཡི་གེ་གཞན་དང་ཚིག་འབྲུ་གཞན་གྱིས་རྣམ་པར་བཤད་དེ། ཇི་སྐད་དུ། སངས་རྒྱས་ཡང་དག་དཔེ་བྱད་བརྒྱད་ཅུ་པོ། །ང་ཡིས་རབ་བཤད་ཡིད་ལ་དད་སྐྱེད་ཉོན། །སངས་རྒྱས་བཅོམ་ལྡན་འདས་ཞེས་རབ་བརྗོད་པ། །སེན་མོ་ཟངས་མདོག་སྣུམ་དང་སེན་མོ་མཐོ། །སྨྲ་མཆོག་རྩ་མི་
เล่ม ๑๔๖ · หน้า 126b
མངོན་ཞིང་རྩ་ཡི་ནི། །མདུད་པ་མི་མངོན་ལོང་བུ་མི་མངོན་པ། །རི་དགས་རྒྱལ་དང་ཀླུ་ཡི་སྟབས་དག་ཏུ། །རྣམ་པར་གཤེགས་ཤིང་ཞབས་ལ་མི་མཉམ་མེད། །ཁྱུ་མཆོག་ངང་པའི་རྒྱལ་པོའི་སྟབས་དང་ནི། །གཡས་སུ་ལྡོག་ཅིང་མཛེས་པར་གཤེགས་པ་དང་། །བྱི་དོར་བྱས་འདྲ་རིམ་པར་འཚམ་པའི་སྐུ། །
མ་ཡོ་བ་དང་འཁྲིལ་བག་ཆགས་པ་དང་། །ཁོ་ལག་ཡངས་ཤིང་བཟང་དང་གཞན་ཡང་ནི། །དཔེ་བྱད་ཡོངས་སུ་རྫོགས་དང་གོམ་སྙོམས་དང་། །དཀུ་ཞུམ་མེད་དང་གཙང་ཞིང་འཇམ་པ་དང་། །གཞོན་ཤ་ཆགས་ཤིང་སྐུ་ནི་རྣམ་པར་དག །ཡན་ལག་ཉིང་ལག་ཤིན་ཏུ་རྣམ་འབྱེས་ཤིང་། །ཐུབ་པའི་དབང་
པོ་ཤིན་ཏུ་གྲིམས་པའི་སྐུ། །གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་ནི། །དག་ཅིང་རབ་ཏུ་རྒྱས་པའི་སྐུ་མངའ་བ། །སྐུ་ནི་འབར་འབུར་མེད་ཅིང་སྐབས་ཕྱིན་དང་། །ཕྱང་ངེའི་ཕྱལ་དང་ལྟེ་བའི་བུག་པ་ཟབ། །ཤིན་ཏུ་ཀུན་ནས་བལྟ་ན་རབ་མཛེས་ཤིང་། །ལྟེ་བ་གཡས་ཀྱི་ཕྱོགས་སུ་འཁྱིལ་པ་དང་། །
རྒྱལ་བ་ཀུན་དུ་སྤྱོད་པ་རབ་གཙང་ཞིང་། །སྨེ་བ་གནག་བག་སྨད་དུ་མེད་པ་དང་། །ལྗགས་མཉེན་སྲབ་ཅིང་ཞལ་གྱི་གཟུགས་བརྙན་འཆར། །རྒྱལ་བའི་ཞལ་ནི་ཧ་ཅང་རིང་བ་མིན། །གླང་ཆེན་ང་རོ་འབྲུག་གི་སྒྲ་དང་ནི། །མཉམ་པའི་དབྱངས་ཀྱི་མཆོག་དང་ལྡན་པ་དང་། །ཤིང་བལ་ལྟར་འཇམ་ཤིན་ཏུ་
གཞོན་ཤ་ཅན། །ཕྱག་གི་རི་མོ་དམར་ཞིང་ཟབ་པ་དང་། །ཕྱག་གི་རི་མོ་ཡོ་བ་མ་ཡིན་དང་། །ཕྱག་གི་རི་མོ་མཆོག་ཏུ་ཡངས་པ་དང་། །ཤིན་ཏུ་སྙན་ཅིང་མཉེན་ལ་འཇམ་པའི་གསུང་། །མཆེ་བ་ཟླུམ་ཞིང་མཆེ་བ་རྣོ་བ་དང་། །མཆེ་བ་དཀར་ཞིང་མཆེ་བ་མཉམ་པ་དང་། །ཐུབ་པ་སེང་གེའི་མཆེ་བ་བྱིན་གྱིས་ཕྲ། །
ཚེམས་ནི་ཤིན་ཏུ་དཀར་ཞིང་གཙང་བ་དང་། །སྤྱན་ཡངས་པ་དང་རྫི་མ་སྟུག་པ་དང་། །འཇམ་ཞིང་ཤིན་ཏུ་ཡངས་ལ་མི་དཀར་དང་། །སྨིན་མའི་སྤུ་ནི་སྣུམ་ཞིང་འཇམ་པ་དང་། །སྙན་ཤལ་སྟུག་ཅིང་རིང་ལ་སྙན་མཉམ་དང་། །བཅོམ་ལྡན་སྙན་གྱི་དབང་པོ་མ་ཉམས་དང་། །དཔྲལ་བ་ཤིན་ཏུ་ལེགས་པར་
འབྱེས་པ་དང་། །དབུ་ནི་རྒྱས་ལ་ཡོངས་སུ་རྫོགས་པ་དང་། །དབུ་སྐྲ་བུང་བ་སྣུམ་ཞིང་དྲི་ཞིམ་དང་། །དབུ་སྐྲ་འཇམ་ཞིང་ཡོངས་སུ་མ་འཛིངས་དང་། །དཔལ་གྱི་བེའུ་དང་གཡུང་དྲུང་འཁྱིལ་པ་ཡིས། །སངས་རྒྱས་དབུ་སྐྲ་རྣམ་པར་བརྒྱན་པ་ཡིན། །གང་གིས་མཚན་རྣམས་གསལ་བྱེད་པ། །སངས་རྒྱས་
เล่ม ๑๔๖ · หน้า 127a
ཡང་དག་དཔེ་བྱད་ནི། །བཟང་པོ་བརྒྱད་ཅུ་འདི་དག་སྟེ། །བདེ་གཤེགས་ཐམས་ཅད་གསལ་བྱེད་ཡིན། །མཚན་མཆོག་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུའི་སྐུ། །སངས་རྒྱས་རྗེས་སུ་མི་དྲན་གང་། །འདི་དང་ཕ་རོལ་གཉིས་ཀར་མཉམ། །གཞན་ཡང་སློབ་དཔོན་སྣ་ཚོགས་
བློ་གྲོས་ཀྱིས་ཇི་སྐད་དུ། བདག་ཉིད་སྣོད་མཆོག་ཉིད་དུ་གཟིགས་ནས་ནི། །བདག་ཉིད་ཡོན་གནས་ཉིད་དུ་ཞལ་འཆེས་ཏེ། །འདི་ལྟར་ཁྱོད་ཀྱིས་རྩྭ་མཆོག་ཙམ་ཡང་ནི། །སྦྱིན་བདག་དབུལ་བ་དེ་ཡང་མ་བཀག་གནང་། །གལ་ཏེ་བགོས་ན་ཕྱག་གཡས་བརྐྱང་ནས་ནི། །ཕྱག་གཡས་རྗེས་སུ་གཟུང་བའི་རྗེས་མཐུན་བྱེད། །
ཁྱོད་ལ་དཔེ་བྱད་བརྒྱད་ཅུས་བསྟོད་པ་ཡིས། །ཇི་ལྟར་བདག་ཀྱང་རྗེས་སུ་གཟུང་བར་མཛོད། །མངའ་བདག་ཁྱོད་ཀྱི་སྐུ་ཡི་སྟོབས་ཀྱི་ཚད། །གཞལ་ནུས་འཇིག་རྟེན་གསུམ་ན་འགའ་མེད་འདོད། །གུས་པའི་རྣམ་པའི་འབྱོར་པ་འདི་འདྲ་ཞེས། །འཕགས་པ་གང་ཕྱིར་བདག་འདྲ་བ་ཡང་གནས། །ཁྱོད་ཀྱི་སོར་མོ་རི་
ཡི་སྤོར་གནས་པ། །སེན་མོ་ཟངས་ཀྱི་མདོག་འདྲ་འོད་ཟེར་ཅན། །པདྨ་རཱ་ག་མཛེས་པའི་ཟླ་ཤར་ནས། །གསེར་གྱི་རང་བཞིན་སྙིང་པོ་མཛེས་པར་བྱས། །རྩེ་ལྟར་མཐོ་ཞིང་ཕྲ་ལ་མཉམ་ཞིང་འཕྲོ། །དབྱངས་བཅས་འོད་གསལ་སེན་མོ་མཛེས་པར་བྱས། །ལེགས་སྐྱེས་ཨུཏྤལ་དམར་པོའི་འདབ་མ་ལྟར། །ལྟོ་བ་མ་
གྲུམས་མ་ཆག་མཉམ་ཞིང་མཐོ། །སྟེང་དུ་སྡུག་མཉེན་དཔལ་གྱིས་བསྡུམས་པ་ལྟར། །ཤིན་ཏུ་གསལ་བའི་མདངས་ཀྱིས་རྣམ་པར་མཛེས། །ལྷ་མི་ཕྱག་བྱེད་ཚེ་ན་སྐད་ཅིག་ལ། །སྐྱེས་བུ་འདུལ་བའི་སེན་མོ་མེ་ལོང་བཞིན། །ཞེས་བྱ་བ་ལ་སོགས་པ་མཚན་དང་དཔེ་བྱད་ཀྱི་བསྟོད་པ་སྙན་དངགས་ཀྱི་རྒྱན་དང་
བཅས་པ་བལྟ་བར་བྱའོ། །གནས་བརྟན་ཐོགས་མེད་ཀྱིས་ཐེག་པ་ཆེན་པོའི་ཆོས་མངོན་པའི་བསྟན་བཅོས་རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་སར་མཚན་དང་དཔེ་བྱད་ཀྱི་ལེའུ་ལས། དཔེ་བྱད་བཟང་པོ་བརྒྱད་ཅུ་འཇིག་རྟེན་དང་ཐུན་མོང་དུ་བཤད་པ་ནི་ཁྱད་པར་དུ་འཕགས་པ་མ་བརྗོད་པའི་
ཕྱིར་མངོན་པར་དད་པར་བྱེད་པ་མ་ཡིན་པས་མི་གཟུང་ངོ་། །དཔེ་བྱད་བཟང་པོ་འདི་དག་ལེགས་པ་དང་། ལེགས་པ་མ་ཡིན་པ་རྣམ་པར་གཞག་པ་ནི་སློབ་དཔོན་གོ་ཆས་བྱིན་གྱིས་སྙོམས་པར་འཇུག་པའི་ཕུང་པོ་རྣམ་པར་བཤད་པ་དབུགས་དབྱུང་བ་བཞི་པར་རྒྱས་པར་བཤད་པ་བལྟ་བར་བྱའོ། །དཔེར་ན་རྒྱལ་
เล่ม ๑๔๖ · หน้า 127b
པོ་ཀྲྀ་ཀཱིའི་རྨི་ལམ་ཐུན་བཅུ་ཞེས་བྱ་བ་ལ་སོགས་པ་ལ། གསེར་ཕྲེང་ཅན་གྱི་རྟོགས་པ་བརྗོད་པ་ལས་འདི་ལྟར་འདོན་ཏེ། དེ་ནས་རྒྱལ་པོ་ཀྲྀ་ཀཱི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་
རྒྱས་འོད་སྲུངས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་རྒྱལ་པོ་ཀྲྀ་ཀཱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མདང་བདག་མཚན་མོ་རྨི་ལམ་ན་རྨི་ལམ་ཐུན་བཅུ་མཐོང་སྟེ། བཙུན་པ་གླང་པོ་ཆེ་
ཆེན་པོ་སྐར་ཁུང་ནས་བྱུང་བ་ལ་མཇུག་མ་ཐོགས་པ་དང་། སྐོམ་པ་མ་ཡིན་པ་རྣམས་ཀྱི་ཕྱི་བཞིན་དུ་ཁྲོན་པ་གདའ་བ་དང་། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ་དང་། ཙན་དན་ཤིང་ཐ་མལ་པ་ལ་འཚོང་བ་དང་། ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་ལ་མེ་ཏོག་དང་འབྲས་བུ་ཕུན་སུམ་
ཚོགས་པ་དེ་ནི་ཐམས་ཅད་མ་བྱིན་པར་ལེན་པས་ཕྲོགས་པ་དང་། གླང་པོ་ཆེ་ཆུང་ངུས་སྤོས་ཀྱི་གླང་པོ་ཆེ་བསྡིགས་པ་དང་། སྤྲེའུ་མི་གཙང་བས་འབགས་པ་གཞན་ལ་སྐུད་པ་དང་། སྤྲེའུ་རྒྱལ་པོར་དབང་བསྐུར་བ་དང་། སྣམ་བུ་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པ་ལ་སྣམ་བུ་ཡང་དེ་དེ་བཞིན་དུ་གནས་
པ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཏེ་ཚིག་ངན་བརྗོད་ཅིང་ཆད་པ་དང་གནོད་པ་བྱེད་པ་བདག་གིས་མཐོང་ངོ་། མཐོང་ནས་བདག་རྒྱལ་སྲིད་ལས་ཉམས་པ་འམ། སྲོག་གི་བར་ཆད་དུ་འགྱུར་དུ་འོང་ཞེས་བདག་རེངས་ཤིང་འཇིགས་པ་དང་། སྐྲག་པར་གྱུར་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་
སངས་རྒྱས་འོད་སྲུངས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། རྒྱལ་པོ་ཆེན་པོ་མ་འཇིགས་ཤིག་རྒྱུ་འདི་ལས་ཁྱོད་རྒྱལ་སྲིད་ལས་ཉམས་པ་དང་། སྲོག་གི་བར་ཆད་དུ་མི་འགྱུར་གྱི་མ་འཇིགས་ཤིག །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ལ་མཇུག་མ་
ཐོགས་པ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། །མ་འོངས་པ་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པའི་དུས་ན་ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར་ཏེ། དེའི་ཉན་ཐོས་དག་རང་གི་སྐྱེ་བོ་གཉེན་བཤེས་རྒྱ་ཆེན་པོ་སྤངས་ནས་རབ་ཏུ་བྱུང་སྟེ།
เล่ม ๑๔๖ · หน้า 128a
དེ་ལྟར་རབ་ཏུ་བྱུང་ནས་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་སྐྱེ་བར་འགྱུར་ཞིང་། དེ་ནས་སེར་སྣ་ཀུན་དུ་བསྟེན་ཅིང་ལན་མང་དུ་བྱས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་རྣམས་སུ་ལྟུང་ཞིང་སྐྱེ་བར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྐོམ་
པ་མ་ཡིན་པ་རྣམས་ཀྱི་ཕྱི་བཞིན་དུ་ཁྲོན་པ་གདའ་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པ་དེ་དག་ཉན་པར་མི་འདོད་ཅིང་གནས་པར་འགྱུར་བ་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ་
རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཕྱེ་ཚོལ་བའི་ཕྱིར་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་རིན་པོ་ཆེ་ཡང་དག་པར་གསལ་བར་བྱེད་དེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཙན་དན་ཤིང་ཐ་མལ་པར་འཚོང་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་
སྔ་ལྟས་ཤེ་ན། དེའི་ཉན་ཐོས་དག་ལུས་མ་བསྒོམས་པ་འབྱུང་བར་འགྱུར་ཞིང་། ཚུལ་ཁྲིམས་མ་བསྒོམས་པ་དང་། སེམས་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པ་དག་འབྱུང་བར་འགྱུར་ལ། ལུས་མ་བསྒོམས་པ་དང་། ཚུལ་ཁྲིམས་མ་བསྒོམས་པ་དང་། སེམས་མ་བསྒོམས་པ་
དང་། ཤེས་རབ་མ་བསྒོམས་པས་མུ་སྟེགས་ཀྱི་བསྟན་པ་འཛིན་ཅིང་སངས་རྒྱས་ཀྱི་གསུང་རབ་དང་མཉམ་པར་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དག་མ་བྱིན་པར་ལེན་པས་ཕྲོགས་པ་རྨི་ལམ་དུ་མཐོང་བ་དེ་
ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཁྱིམ་ལ་བརྟེན་ཏེ་དགེ་འདུན་གྱི་མེ་ཏོག་དང་འབྲས་བུ་བཙོངས་ཤིང་བཙོངས་ཏེ་བཟུང་ནས་འཚོ་བའི་ཕྱིར་སེམས་པ་དག་འབྱུང་བར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་གླང་པོ་ཆུང་ངུས་སྤོས་ཀྱི་གླང་པོ་ཆེན་པོ་སྐྲག་པར་བྱེད་པ་དེ་རྨི་
ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་དག་འབྱུང་བར་འགྱུར་ཏེ། དེས་གང་དག་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ། དེས་ཤིང་དགེ་བ་དེ་དག་བསྐྲད་ནས་གནས་གཞན་ན་གནས་པར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །
เล่ม ๑๔๖ · หน้า 128b
རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་མི་གཙང་བས་འབགས་པ་གཞན་ལ་སྐུད་པ་རྨིས་པ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་སྡིག་པའི་ཆོས་ཅན་ཚུལ་ཁྲིམས་འཆལ་པ་དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་ཤིང་དགེ་བའི་ཆོས་ཅན་དག་ལ་མི་བདེན་པའི་སྐྱོན་
འགེལ་བར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་རྒྱལ་པོར་དབང་བསྐུར་བ་རྨིས་པ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་དུས་ན་མ་ནིང་ཡང་རྒྱལ་པོ་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྣམ་བུ་གཅིག་མི་བཅོ་བརྒྱད་ཀྱིས་བགོས་ལ་སྣམ་བུ་ཡང་དེ་
བཞིན་དུ་གནས་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་བསྟན་པ་ཁ་བཅོ་བརྒྱད་དུ་གྱེས་པར་གྱུར་ལ་རྣམ་པར་གྲོལ་བའི་སྣམ་བུ་ནི་རལ་བར་མི་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཤིང་ཚིག་ངན་བརྗོད་དེ། ཆད་པ་དང་
གནོད་པ་བྱེད་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་བསྟན་པ་ལོ་སྟོང་དུ་གནས་ཤིང་ངན་པར་སྨྲ་བ་དང་ཆད་པ་བྱེད་པས་ནུབ་པར་འགྱུར་ཏེ། དེའི་སྔ་ལྟས་ཡིན་ཏེ། དེའི་ཕྱིར་ཁྱོད་རྒྱལ་སྲིད་ཉམས་པ་འམ། སྲོག་གི་བར་ཆད་དུ་མི་འགྱུར་གྱི་རྒྱལ་པོ་ཆེན་པོ་མ་འཇིགས་ཤིག །དེ་ནས་
རྒྱལ་པོ་ཀྲྀ་ཀཱི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་དབུགས་ཕྱུང་ནས་མངོན་པར་རབ་ཏུ་དད་པར་གྱུར་ཏོ་ཞེས་འབྱུང་ངོ་།། །།དགེ་སློང་མ་དཀར་མོ་ཡང་གོས་དང་བཅས་པར་ཡིན་ཏེ་ཞེས་བྱ་བ་ལ། བཅོམ་ལྡན་འདས་སེར་སྐྱའི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་
ཤཱཀྱའི་ནང་ན་ཤཱཀྱ་སྐྱེད་པ་ཞེས་བྱ་བ་ཡོད་དེ། ཕྱུག་ཅིང་ཞེས་བྱ་བ་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་བར་བྱེད། དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་པ་ལས་བུ་ཡང་མེད་བུ་མོ་ཡང་མེད་ཅེས་བྱ་བའི་བར་དུའོ། །དེ་བུ་མངོན་པར་འདོད་པས་ཞི་བ་དང་ཆུ་ལྷ་དང་། རྣམ་ཐོས་ཀྱི་བུ་དང་ཁྱིམ་གྱི་ལྷ་ལ་
སོགས་པ་ལྷ་སྟོང་ཕྲག་དུ་མ་ལ་གསོལ་བ་འདེབས་པར་བྱེད་ཀྱང་བུ་མ་སྐྱེས་སོ། །ཇི་ཙམ་དུ་དུས་གཞན་ཞིག་ན་རྩེ་དགའ་བར་བྱེད་ཅིང་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་རྩེ་དགའ་ཞིང་ཡོངས་སུ་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེས་ཆུང་མ་ལ་སྨྲས་པ།
เล่ม ๑๔๖ · หน้า 129a
བཟང་མོ་གལ་ཏེ་བུ་ཕོ་སྐྱེས་ན་དེ་ལྟ་ན་ལེགས། འདི་ལྟར་བུ་མོ་སྐྱེས་ན་ལྷན་ཅིག་བསྐྲད་པར་བྱའོ། །ཇི་ཙམ་ན་ཟླ་བ་དགུ་འདས་པའི་འོག་ཏུ་དེའི་ཆུང་མ་ལ་བུ་མོ་གཟུགས་བཟང་ལ་མཛེས་ཤིང་བལྟ་ན་སྡུག་པ་མིའི་ཁ་དོག་ལས་འདས་པ་ལྷའི་ཁ་དོག་ཐོབ་པ་གོས་དཀར་པོས་གཡོགས་པ།
མངལ་གྱི་ཉེས་པས་མ་གོས་པ་ཞིག་བཙས་སོ། །ཇི་ཙམ་ན་ཆུང་མ་ལ་བུ་མོ་བཙས་པ་ཐོས་ནས་ཁྲོ་བ་དང་བཅས་པས་ནང་དུ་ཞུགས་པ་དང་། རྐེད་པ་ལྷའི་གོས་ཀྱིས་དཀྲིས་པའི་བུ་མོ་དེ་བྱིན་པ་དང་། ཤཱཀྱས་བུ་མོ་དེ་མཐོང་ནས་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་བཙས་པའི་བཙས་སྟོན་དག་བྱས་ཏེ་མིང་
འདོགས་པར་བྱེད་པ་ན། ཀྱེ་ཤེས་ལྡན་དག་བུ་མོ་འདིའི་མིང་ཅི་གདགས། གཉེན་རྣམས་ཀྱིས་སྨྲས་པ་གང་གི་ཕྱིར་བུ་མོ་ནི་གོས་དཀར་པོ་དང་བཅས་པར་སྐྱེས་པ་དེའི་ཕྱིར་བུ་མོ་འདིའི་མིང་དཀར་མོ་ཞེས་གདགས་སོ། །བུ་མོ་དཀར་མོ་ཇི་ལྟ་ཇི་ལྟར་ཆེར་སྐྱེས་པ་དེ་ལྟ་དེ་ལྟར་གོས་ཀྱང་སྐྱེ་ཞིང་དྲི་མ་དང་བྲལ་
བར་གྱུར་ཏོ། །དེའི་ལུས་ལ་རྡུལ་དང་དྲི་མས་མི་གོས་པར་གྱུར་ཏོ། །གང་གི་ཚེ་བུ་མོ་དཀར་མོ་རིམ་གྱིས་ཆེན་པོར་གྱུར་པ་དེའི་ཚེ། དེ་ལ་རྒྱལ་པོའི་བུ་དང་། བློན་པོའི་བུ་དང་། ཕྱུག་པོའི་བུ་དག་གིས་སློང་དུ་འོངས་ཤིང་དེ་དག་གིས་གཙེས་པ་དང་། གལ་ཏེ་ངས་མ་བྱིན་ན་འགྲས་པར་འགྱུར་རོ་ཞེས་དེའི་ཕ་ལག་
པ་འགྲམ་པ་ལ་གཏད་དེ་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པར་གྱུར་ཏོ། །ཇི་ཙམ་ན་བུ་མོས་ཕ་སེམས་ཤིང་འདུག་པ་མཐོང་ནས། ཕ་ཅི་ཞིག་སེམས། དེ་ལ་དེས་དོན་དག་རྒྱས་པར་བརྗོད་པ་དང་། བུ་མོས་སྨྲས་པ། ཕ་འདི་སྙེད་བྱ་ཅི་དགོས། བདག་ནི་འདོད་པ་དོན་དུ་གཉེར་བ་མ་ཡིན་གྱི། བཅོམ་ལྡན་འདས་
ཀྱི་བསྟན་པ་ལ་རབ་ཏུ་འབྱུང་གིས་ཕ་མཁྱེན་པར་མཛོད་ཅིག །དེ་ཇི་སྲིད་དུ་ཕ་དང་མས་གནང་ནས་རབ་ཏུ་བྱུང་སྟེ། གོས་གང་གིས་དཀྲིས་ཏེ་སྐྱེས་པ་དེ་ཉིད་ཡོངས་སུ་རྫོགས་པའི་ཆོས་གོས་ལྔ་པར་གྱུར་ཏོ། །དེས་སྦྱོར་ཞིང་བརྩོན་པ་དང་འདུན་ཅིང་འབད་པས་རྒྱུ་བ་དང་མི་རྒྱུ་བའི་འགྲོ་བ་ལྔའི་འཁོར་བ་
འདི་ཉིད་རབ་ཏུ་རིག་ནས་འཁོར་བའི་འདུ་བྱེད་ཐམས་ཅད་རུལ་བ་དང་ལྷུང་བ་དང་རྣམ་པར་འགྱུར་བ་དང་འཇིག་པའི་ཆོས་ཅན་སྤངས་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ཤིང་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་གསེར་དང་བོང་བ། ནམ་མཁའ་དང་ལག་མཐིལ། ཙནྡན་དང་སྟེའུ་རུ་མཚུངས་
เล่ม ๑๔๖ · หน้า 129b
ཤིང་རིག་པ་དང་། རྣམ་པར་གྲོལ་བའི་སྤོབས་པ་ཅན་རྙེད་པ་དང་བཀུར་སྟི་ལ་ཁ་ཕྱིར་ཕྱོགས་པ་ལྷའི་དབང་པོས་མཆོད་ཅིང་གུས་པར་བྱ་བ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་
པ་དཀར་མོས་ལས་ཅི་ཞིག་བྱས་ནས་གང་གིས་ན་ཕྱུག་པོའི་རིགས་སུ་སྐྱེས་ཤིང་གཟུགས་བཟང་ཞིང་མཛེས་པ་དང་བལྟ་ན་སྡུག་པར་གྱུར། ཅི་ཞིག་བྱས་པས་ན་གོས་དཀར་པོས་དཀྲིས་བཞིན་དུ་སྐྱེས་ཤིང་དགྲ་བཅོམ་པ་ཉིད་མངོན་དུ་བྱས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་སློང་དག་དཀར་མོ་ཉིད་ཀྱིས་སྐྱེ་བ་སྔ་མ་ལ་ལས་བྱས་ཤིང་བསགས་ལ་སོ་སོར་ཐོབ་པར་བྱས་པ་ཆུ་བོ་བཞིན་དུ་ཉེ་བར་གནས་པ་སྟེ། གཞན་གྱིས་བྱས་ཤིང་བསགས་པ་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་
ལ་རྣམ་པར་སྨིན་པར་མི་འགྱུར། ཆུ་དང་མེ་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་གྱི། འོན་ཀྱང་ལས་བྱས་ཤིང་བསགས་པ་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་
ཤིང་དུས་ལ་བབ་པ་ན། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་བླ་ན་མེད་པ་སྐྱེས་བུ་
འདུལ་ཞིང་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བརྟེན་ཞིང་བཞུགས་སོ། །ཇི་ཙམ་ན་ཕྱུག་པོའི་ཆུང་མ་དད་པ་ཅན་རང་བཞིན་བཟང་ཞིང་དགེ་བའི་བསམ་པ་
ཅན་ཞིག །བྱ་བ་འགའ་ཞིག་གི་ཕྱིར་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་འོངས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་བརྒྱན་པ་ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་ཅན་བྱོན་པ། རིན་པོ་
เล่ม ๑๔๖ · หน้า 130a
ཆེའི་རི་བོ་ལྟ་བུའི་འོད་ཟེར་ཀུན་ནས་འབར་བ་དང་བཅས་ཤིང་བལྟ་བར་བྱ་བའི་བཅོམ་ལྡན་འདས་དེ་མཐོང་ནས་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཆོས་མཉན་པའི་ཕྱིར་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་
ཀྱིས་ཆོས་བསྟན་ནས། བཅོམ་ལྡན་འདས་ལ་མངོན་པར་དད་དེ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་ནས་དགེ་སློང་གི་དགེ་འདུན་ལ་ཆོས་གོས་ཕུལ་ཏེ། རིམ་གྱིས་ཕ་དང་མས་རྗེས་སུ་གནང་ནས་བཅོམ་ལྡན་འདས་དེའི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དགེ་སློང་
དག་ཇི་སྙམ་དུ་སེམས། ཕྱུག་པོའི་ཆུང་མ་དེ་ཉིད་དགེ་སློང་མ་དཀར་མོ་ཡིན་ནོ། །དགེ་སློང་གི་དགེ་འདུན་ལ་སྲ་བརྐྱང་གི་ཆོས་གོས་ཕུལ་བས་གོས་དཀར་པོས་དཀྲིས་བཞིན་དུ་སྐྱེས་ཤིང་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་ཤིང་ཡོངས་སུ་བསྲུངས་པ་དེས་ན་སྐྱེ་བ་བཅོམ་ཞིང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་
བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ཞིང་། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་པ་དེའི་ཕྱིར་དགེ་སློང་དག་ལས་གཅིག་ཏུ་གནག་པའི་ལས་རྣམས་དང་། འདྲེན་མ་རྣམས་སྤང་
བར་བྱ་ཞིང་། གཅིག་ཏུ་དཀར་བའི་ལས་རྣམས་ཡོངས་སུ་སྤྱད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་
བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ་ཞེས་བྱ་བ་ལ། བཞི་ལས་འཕྲོས་པའི་སྒོ་ལྔ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་ལས་བསམ་པར་བྱ་བ་རྣམ་པ་གཉིས་ཏེ་བཤད་པ་དང་། འདི་ཉིད་དུ་ཡང་གོ་རིམས་ལས་བཟློག་པའི་མཛོད་ཀྱི་གནས་གཉིས་པར་བཤད་པ་ལྟ་བུའོ། །བཏབ་པ་ལས་འདི་
སྐད་དུ་ཞེས་བྱ་བ་ལ། མཛོད་ཀྱི་གནས་གཉིས་པ་དབང་པོའི་རྣམ་པར་བཤད་པ་ཕྲ་རྒྱས་བཏབ་པ་ལས་བཤད་པ་བཞིན་ནོ། །ཕ་མའི་ནུར་ནུར་པོའི་མི་གཙང་བ་ལས་སྐྱེས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་འདི་ལྟ་སྟེ། འདི་
เล่ม ๑๔๖ · หน้า 130b
ན་སྦྲུལ་གདུག་པ་གཟི་བརྗིད་དྲག་པ། དུག་དྲག་པ་བཞི་སྒྲོམ་ཅིག་གི་ནང་དུ་བཅུག་པར་གྱུར་ཅིང་། དེ་ནས་སྐྱེས་བུ་བྱིས་པའི་རང་བཞིན་མ་ཡིན་པ། རྨོངས་པ་མ་ཡིན་ཞིང་ཡང་དག་པའི་ཤེས་པ་དང་ལྡན་པ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་འཚོ་བར་འདོད་ཅིང་། འཚོ་བ་དང་རྗེས་སུ་མཐུན་པ་འགའ་
ཞིག་འོངས་ཏེ། དེ་ལ་གཞན་ཁ་ཅིག་གིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་སྦྲུལ་གདུག་པ་གཟི་བརྗིད་དྲག་ཅིང་དུག་དྲག་པ་བཞི་སྒྲོམ་ཅིག་གི་ནང་དུ་བཅུག་ཅིང་ཁྱོད་ཀྱིས་དེ་ལ་དུས་དུས་སུ་བྱུག་པར་བྱ། དུས་དུས་སུ་ཁྲུས་བྱ་ཞིང་། དུས་དུས་སུ་ཟས་སྦྱིན་པར་བྱ་ཞིང་། དུས་དུས་སུ་ཡང་དག་པར་བདེ་བ་ལ་
སྦྱར་བར་བྱའོ། །ཀྱེ་སྐྱེས་བུ་གང་གི་ཚེ་སྦྲུལ་གདུག་པ་གཟི་བརྗིད་དྲག་ཅིང་དུག་དྲག་པ་བཞི་པོ་འདི་དག་ལས་གང་ཡང་རུང་བ་ཞིག་ཁྲོས་པར་གྱུར་ན་དེའི་རྒྱུས་ཁྱོད་འཆི་བ་འམ་འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །ཀྱེ་སྐྱེས་བུ་ཁྱོད་བདག་ཉིད་ཀྱི་བྱ་བ་གང་ཡིན་པ་དེ་བྱོས་ཤིག་
ཅེས་སྨྲས་ན། དེ་ནས་སྐྱེས་བུ་དེ་སྦྲུལ་གདུག་པ་གཟི་བརྗིད་ཆེ་ཞིང་དུག་དྲག་པ་བཞི་སྒྲོམ་གྱི་ནང་དུ་བཅུག་པས་འཇིགས་ནས། གང་གིས་ན་མྱུར་བ་མྱུར་བར་འབྲོས་པར་བྱེད་པ་ན་སྐྱེས་བུ་གཞན་ཞིག་གིས་ཀྱེ་སྐྱེས་བུ་ཁྱོད་ཀྱི་ཕྱི་བཞིན་དུ་བདར་འོང་གི་དེས་ཁྱོད་ལ་གནོད་པ་འམ་གནོད་པར་འགྱུར་གྱི་ཀྱེ་སྐྱེས་བུ་
ཁྱོད་རང་གི་བྱ་བ་གང་ཡིན་པ་དེ་བྱོས་ཤིག་ཅེས་སྨྲས་པ་དང་། དེ་ནས་སྐྱེས་བུ་དེ་སྦྲུལ་གདུག་པ་གཟི་བརྗིད་ཆེ་ཞིང་དུག་དྲག་པ་བཞི་སྒྲོམ་ཅིག་གི་ནང་དུ་བཅུག་པ་དང་། གཤེད་མའི་སྐྱེས་བུ་ལག་ན་རལ་གྲི་ཐོགས་པ་ལྔས་རབ་ཏུ་འཇིགས་ཏེ་གང་གི་ན་མྱུར་བ་མྱུར་བར་འབྲོས་པ་ན། སྐྱེས་བུ་གཞན་ཞིག་གིས་
ཀྱེ་སྐྱེས་བུ་གཤེད་མའི་སྐྱེས་བུ་དྲུག་པ་ཞིག་གིས་ཕྱི་ནས་སྙེག་ཅིང་ཕྱི་ནས་ཉེ་བར་འོངས་ཤིང་འདུག་གི དེས་ཁྱོད་ཀྱི་མགོ་དྲུངས་ནས་བཅད་དེ་ས་ལ་བསྐྱུར་བར་འགྱུར་གྱི། ཀྱེ་སྐྱེས་བུ་ཁྱོད་རང་གི་བྱ་བ་གང་ཡིན་པ་དེ་བྱོས་ཤིག་ཅེས་སྨྲས་པ་དང་། སྦྲུལ་གདུག་པ་གཟི་བརྗིད་ཆེ་བ་བཞི་སྒྲོམ་ཅིག་གི་ནང་དུ་
བཅུག་པ་དང་། གཤེད་མའི་སྐྱེས་བུ་ལག་ན་རལ་གྲི་ཐོགས་པ་ལྔ་དང་། གཤེད་མའི་སྐྱེས་བུ་དྲུག་པ་དྲུང་ན་ཉེ་བ་དེ་དག་གིས་ཤིན་ཏུ་འཇིགས་ཏེ་མྱུར་བ་མྱུར་བར་བྲོས་པ་དང་། དེས་དེ་ན་གྲོང་སྟོང་པ་ཞིག་མཐོང་ངོ་། །དེ་གྲོང་སྟོང་པ་དེར་ཞུགས་ཏེ། ཇི་སྲིད་དུ་ཁང་པ་སྟོང་པ་དེར་བལྟས་པ་ན་སྟོང་པ་འབའ་
เล่ม ๑๔๖ · หน้า 131a
ཞིག་མཐོང་སྟེ། བརྫུན་པ་ཉིད་དང་། སླུ་བ་ཉིད་དང་། སྙིང་པོ་མེད་པ་ཉིད་མཐོང་ཞིང་གང་གནོད་པ་མཐོང་བ་དེ་དག་ཀྱང་བརྫུན་པ་དང་། སླུ་བ་དང་། སྙིང་པོ་མེད་པར་མཐོང་བ་ལ་སྐྱེས་བུ་གཞན་ཞིག་འདི་སྐད་ཅེས། ཀྱེ་སྐྱེས་བུ་ཁང་པ་སྟོང་པ་འདིར་གྲོང་ལ་གནོད་པའི་རྐུན་མ་འབྱུང་
བར་འགྱུར་གྱི་དེས་ཁྱོད་བཟུང་ནས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་དང་ཕྲལ་བར་འགྱུར་གྱི། ཀྱེ་སྐྱེས་བུ་ཁྱོད་རང་གི་བྱ་བ་གང་ཡིན་པ་དེ་བྱོས་ཤིག་ཅེས་སྨྲས་པ་དང་། དེ་ནས་སྐྱེས་བུ་དེ་སྦྲུལ་གདུག་པ་བཞི་ཞེས་བྱ་བས། གཤེད་མའི་སྐྱེས་བུ་དྲུང་ན་ཉེ་བ་དང་། གྲོང་སྟོང་པ་ལ་གནོད་པའི་རྐུན་མ་
དག་གིས་རབ་ཏུ་འཇིགས་ཏེ་མྱུར་བ་མྱུར་བར་བྲོས་པ་ན། དེས་དེ་ན་ཆུ་བོ་ཆེན་པོ་རི་ལས་འབར་བའི་ཆུ་བོ་རྒྱུན་རིང་ཞིང་གཏིང་ཟབ་པ་མྱུར་བར་འགྲོ་ཞིང་ཁྱེར་བར་བྱ་བ་ཁྱེར་བར་བྱེད་པ་ཚུ་རོལ་གྱི་ངོགས་དོགས་པ་དང་བཅས་པ་འཇིགས་པ་དང་བཅས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བར་གྱུར་ཅིང་།
ཕ་རོལ་གྱི་ངོགས་ཞི་ཞིང་བདེ་བ་གྲུབ་པ་དང་། བདེ་བ་དང་བཅས་པ་དེ་ཚུ་རོལ་གྱི་ངོགས་ལས་ཕ་རོལ་གྱི་ངོགས་སུ་རྒལ་བར་བྱེད་པར་གྲུ་འམ་གཟིངས་མེད་པར་གྱུར་ཅིང་། དེ་ལྟ་བུའི་ཆུ་བོ་ཆེན་པོ་རི་ལས་འབབ་པའི་ཆུ་བོ་རྒྱུན་རིང་ཞིང་གཏིང་ཟབ་པ་མྱུར་བར་འགྲོ་ཞིང་ཁྱེར་བར་བྱ་བ་ཁྱེར་བར་བྱེད་པ་ཚུ་རོལ་གྱི་
ངོགས་དོགས་པ་དང་བཅས་པ་འཇིགས་པ་དང་བཅས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བར་གྱུར་ཅིང་། ཕ་རོལ་གྱི་ངོགས་ཞི་ཞིང་བདེ་བ་གྲུབ་པ་དང་བདེ་བ་དང་བཅས་པ་འདི་ལས་ཕ་རོལ་དུ་རྒལ་བར་བྱེད་པར་གྲུ་འམ་གཟིངས་གང་དག་གིས་རྩྭ་འམ་ཤིང་ངམ་ཡལ་ག་དང་འདབ་མ་དག་བསྡུས་ཏེ་གཟིངས་
སུ་ཞུགས་ཤིང་། གཟིངས་ལ་བརྟེན་ཏེ་ལག་པ་དང་། རྐང་པའི་རྩོལ་བ་བརྩམ་པར་བྱའོ་ཞེས་དེ་སྙམ་དུ་བསམས་ནས། རྩྭ་དང་ཤིང་དང་འདབ་མ་དང་ལོ་མ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ། གཟིངས་འཆིང་བར་བྱེད་དེ། གཟིངས་བཅིངས་ཏེ། གཟིངས་ལ་ཞུགས་ཤིང་གཟིངས་ལ་བརྟེན་གཟིངས་ལ་
གནས་ཏེ། ལག་པ་དང་རྐང་པའི་རྩོལ་བ་རྩོམ་པར་བྱེད་དེ། ཇི་ལྟར་ལག་པ་དང་རྐང་པའི་རྩོལ་བ་རྩོམ་པར་བྱེད་པ་དེ་ལྟར་སྒྲོམ་སྤངས་ཤིང་སྦྲུལ་གདུག་པ་གཟི་བརྗིད་ཆེ་ཞིང་དུག་དྲག་པ་བཞི་སྒྲོམ་ཅིག་གི་ནང་དུ་བཅུག་པ་སྤངས་པར་གྱུར་ཅིང་། གཤེད་མའི་སྐྱེས་བུ་ལག་ན་རལ་གྲི་ཐོགས་པ་སྤངས་པར་
เล่ม ๑๔๖ · หน้า 131b
གྱུར་ཅིང་། གཤེད་མའི་སྐྱེས་བུ་དྲུག་པ་དྲུང་ན་ཉེ་བར་སྤངས་ཤིང་། ཁང་པ་སྟོང་པ་སྤངས་ཤིང་། གྲོང་འཇོམས་པའི་རྐུན་མ་སྤངས་པར་གྱུར་ཅིང་། ཆུ་བོ་ཆེན་པོ་རི་ལས་འབབ་ཅིང་རྒྱུན་རིང་ལ་གཏིང་ཟབ་པ་མྱུར་བར་འགྲོ་ཞིང་ཁྱེར་བར་བྱ་བ་ཁྱེར་བར་བྱེད་པ་རིང་དུ་སྤངས་པར་གྱུར་ཅིང་། ཚུ་རོལ་གྱི་ངོགས་
དོགས་པ་དང་བཅས་པ་འཇིགས་པ་དང་བཅས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་སྤངས་ཤིང་རིང་དུ་བྱས་པར་འགྱུར་ཞིང་། ཕ་རོལ་གྱི་ངོགས་ཞི་ཞིང་བདེ་བ་དང་གྲུབ་པ་དང་བདེ་ལེགས་སུ་བརྒལ་ནས་ཕ་རོལ་ཏུ་ཕྱིན་ཏེ་ཚངས་ཤིང་གནས་སོ། །དགེ་སློང་དག་འདི་ནི་ཇི་སྲིད་དུ་དོན་ཤེས་པར་བྱ་
བའི་ཕྱིར་དཔེར་བྱས་པ་ཡིན་གྱི། འདིའི་དོན་ནི་གཞན་དུ་བལྟ་བར་བྱ་སྟེ། དགེ་སློང་དག་སྒྲོམ་ཅིག་ཅེས་བྱ་བ་ནི་ལུས་ཀྱི་ཚིག་བླ་དྭགས་ཏེ། གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ལས་བརྟེན་ཏེ་སྐྱེས་པ། འབྲས་ཆན་དང་ཟན་དྲོན་གྱིས་གསོས་པ།
རྟག་པར་རྒྱུན་དུ་བརྫུན་པ་སླུ་བ་ཡོངས་སུ་འཇིག་པའི་ཆོས་ཅན་གྱི་ཚིག་བླ་དྭགས་སོ། །སྦྲུལ་གདུག་པ་བཞི་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞིའི་ཚིག་བླ་དྭགས་སོ། །དེ་བཞི་གང་ཞེ་ན། ས་དང་། ཆུ་དང་། མེ་དང་། རླུང་ངོ་། །དགེ་སློང་དག་སའི་ཁམས་འཁྲུགས་ན་ཡང་འཆི་བ་འམ་འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་
བསྔལ་མྱོང་བར་འགྱུར་རོ། །གཤེད་མའི་སྐྱེས་བུ་ལག་ན་རལ་གྲི་ཐོགས་པ་ལྔ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཚིག་བླ་དྭགས་སོ། །གཤེད་མའི་སྐྱེས་བུ་དྲུག་པ་དྲུང་ན་ཉེ་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཚིག་བླ་དྭགས་སོ། །གྲོང་སྟོང་པ་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་རྣམས་ཀྱི་ཚིག་བླ་
དྭགས་སོ། །དགེ་སློང་དག་དགེ་སློང་རིགས་ཀྱི་བུ་མིག་ལ་སྟོང་པ་ཉིད་དུ་ལྟ་བར་བྱེད་ཅིང་དགེ་སློང་དག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་རིགས་ཀྱི་བུ་དེ་ལྟ་བས་ན་སྟོང་པ་ཉིད་དུ་མཐོང་བར་འགྱུར་ཞིང་བརྫུན་པ་ཉིད་དང་། སླུ་བ་ཉིད་དང་། སྙིང་པོ་མེད་པ་ཉིད་དུ་མཐོང་བར་འགྱུར་ཞིང་། དགེ་
སློང་དག་རིགས་ཀྱི་བུ་མིག་ལ་ཤིན་ཏུ་བརྫུན་པ་དང་། སླུ་བ་དང་། གསོག་དང་། སྙིང་པོ་མེད་པར་མཐོང་བར་འགྱུར་ཞིང་། དགེ་སློང་དག་རིགས་ཀྱི་བུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ཤིན་ཏུ་བརྫུན་པ་དང་། སླུ་བ་དང་། གསོག་དང་སྙིང་པོ་མེད་པ་ཉིད་དུ་མཐོང་བར་འགྱུར་རོ། །གྲོང་འཇོམས་
เล่ม ๑๔๖ · หน้า 132a
པའི་རྐུན་པོ་ཞེས་བྱ་བ་ནི་ཕྱིའི་སྐྱེ་མཆེད་རྣམས་ཀྱི་ཚིག་བླ་དགས་ཏེ། གཟུགས་ཡིད་དུ་འོང་བ་དང་མི་འོང་བས་མིག་འཇོམས་པར་བྱེད་དོ། །རྣ་བ་སྒྲས་སྣ་དྲིས་ལྕེ་རོས། ལུས་རེག་བྱས་དགེ་སློང་དག་ཡིད་ནི་ཆོས་ཡིད་དུ་འོང་བ་དང་མི་འོང་བ་རྣམས་ཀྱིས་འཇོམས་པར་བྱེད་དོ། །
དགེ་སློང་དག་ཆུ་བོ་ཆེན་པོ་ཞེས་བྱ་བ་ནི་ཆུ་བོ་བཞི་པོ་འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའི་ཚིག་བླ་དྭགས་སོ། །དགེ་སློང་དག་རྒྱུན་རིང་པོ་ཞེས་བྱ་བ་ནི་སྲིད་པ་གསུམ་པོ་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་
གསུམ་གྱི་ཚིག་བླ་དྭགས་སོ། །ཚུ་རོལ་གྱི་འགྲམ་དོགས་པ་དང་བཅས་པ་འཇིགས་པ་དང་བཅས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་ཚིག་བླ་དྭགས་སོ། །ཕ་རོལ་གྱི་འགྲམ་ཞི་ཞིང་བདེ་བ་གྲུབ་པ་དང་བདེ་བ་དང་བཅས་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་
མ་དང་བཅས་པའི་མྱ་ངན་ལས་འདས་པའི་ཚིག་བླ་དྭགས་སོ། །གཟིངས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཚིག་བླ་དགས་སོ། །ལག་པ་དང་རྐང་པའི་རྩོལ་བ་རྩོམ་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པའི་ཚིག་བླ་དྭགས་སོ། །ཕ་རོལ་ཏུ་ཕྱིན་ཅིང་རྒལ་ལ་ཚངས་ཤིང་གནས་སོ་
ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་སོ། །དགེ་སློང་དག་ཉན་ཐོས་རྣམས་ཀྱིས་དྲན་པར་བྱའོ་ཞེས་བྱ་བ་ནས། འདི་ནི་ངའི་རྗེས་སུ་བསྟན་པའོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཀུན་དགའ་བོ་ལ་གདམས་པ་ལས་ཀྱང་ཀུན་དགའ་བོ་
ལ་གདམས་པ་འདི་ལྟར་འདོན་ཏེ། སྲིང་མོ་ལུས་ཞེས་བྱ་བ་ནི་ལུས་ཀྱི་ཚིག་བླ་དྭགས་ཏེ། གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཕའི་མི་གཙང་བ་ནུར་ནུར་པོ་ལས་སྐྱེས་པ་འབྲས་ཆན་དང་ཟན་དྲོན་གྱིས་བསྐྱེད་ཅིང་རྟག་ཏུ་འདྲུལ་ཞིང་ཡོངས་སུ་ཉམས་པ་འཇིག་ཅིང་རྣམ་པར་འགྱུར་
བའི་ཆོས་ཅན་གྱི་ཚིག་བླ་དྭགས་སོ། །དེ་བཞིན་དུ་གཞན་ལས་ཀྱང་ངོ་། །དགེ་སློང་དག་ཁྱེད་ཀྱིས་ཡུན་རིང་པོར་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཡངས་པ་ཅན་སྤྲེའུ་རྫིང་གི་གཙུག་ལག་ཁང་དུ་བཞུགས་ཏེ། དེ་ནས་ལམ་དུ་གནས་པ་བཞི་བཅུ་པོ་ཐམས་ཅད་ཀྱང་དགོན་པ་པ། བསོད་
เล่ม ๑๔๖ · หน้า 132b
སྙོམས་པ། ཕྱིས་མི་ལེན་པ། སློབ་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་དག་ཡིན་ལ། གང་བདག་གིས་འདི་དག་འདི་ན་འདུག་བཞིན་དུ་ཇི་ལྟར་ཉེ་བར་ལེན་པ་མེད་པར་ཟག་པ་དག་ལས་སེམས་རྣམ་པར་གྲོལ་བར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པར་བྱའོ་སྙམ་དུ་དགོངས་ནས། དེ་ནས་
བཅོམ་ལྡན་འདས་ཀྱིས་དགེ་སློང་བཞི་བཅུའི་ཚོགས་ལ་བོས་ཏེ། དགེ་སློང་དག་སེམས་ཅན་ཐོག་མ་དང་ཐ་མ་མེད་པའི་འཁོར་བར་མ་རིག་པས་བསྒྲིབས་ཤིང་སྲེད་པས་ཀུན་དུ་སྦྱོར་བ། སྲེད་པས་བཅིངས་པ་ཡུན་རིང་པོ་ནས་འཁོར་བར་ཉིང་མཚམས་སྦྱོར་ཞིང་འཁོར་བ་རྣམས་ཀྱི་སྡུག་བསྔལ་གྱི་སྔོན་
གྱི་མཐའ་མི་ཤེས་སོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། འདི་ལྟར་ཆུ་བོ་གངྒཱ་གང་ནས་འབབ་པ་རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་དེའི་བར་གྱི་གངྒཱའི་ཆུ་མང་ངམ། གང་ཡང་ཁྱེད་ཅག་གི་ཡུན་རིང་པོའི་དུས་ན་འཁོར་བར་ཉིང་མཚམས་སྦྱོར་བའི་ཁྲག་ཟགས་པར་གྱུར་པ་མང་། བཙུན་པ་ཇི་ལྟར་བདག་
ཅག་གིས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་འཚལ་བ་ལྟར་ན། འདི་ལྟར་ཆུ་བོ་ཆེན་པོ་གངྒཱ་གང་ནས་འབབ་པ་དང་། རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་དེའི་བར་གྱི་གངྒཱའི་ཆུ་བས་བདག་ཅག་གི་ཡུན་རིང་པོར་འཁོར་བར་ཉིང་མཚམས་སྦྱོར་བའི་ཁྲག་འཛག་པ་འདི་ཉིད་ཆེས་མང་ངོ་། །དགེ་སློང་
དག་ལེགས་སོ་ལེགས་སོ། །འདི་ལྟར་ཆུ་བོ་གངྒཱ་གང་ནས་འབབ་པ་དང་། རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་དེའི་བར་གྱི་གངྒཱའི་ཆུ་བས་ཁྱོད་ཅག་གི་ཡུན་རིང་པོར་འཁོར་བར་ཉིང་མཚམས་སྦྱོར་བའི་ཁྲག་ཟགས་པར་གྱུར་པ་ཆེས་མང་ངོ་། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། འདི་ལྟར་ཆུ་བོ་གངྒཱ་གང་ནས་
འབབ་པ་དང་། རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་དེའི་བར་གྱི་གངྒཱའི་ཆུ་དང་། གང་ཡང་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་མང་ངམ། གང་ཡང་ཁྱེད་ཅག་གི་ཡུན་རིང་པོར་འཁོར་བར་ཉིང་མཚམས་སྦྱོར་བའི་ཁྲག་ཟགས་
པ་མང་། བཙུན་པ་ཇི་ལྟར་བདག་ཅག་གིས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་འཚལ་བ་ལྟར་ན་འདི་ལྟར་ན་ཆུ་བོ་གངྒཱ་གང་ནས་འབབ་པ་དང་། རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་དེའི་བར་གྱི་གངྒཱའི་ཆུ་དང་། གང་ཡང་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་
เล่ม ๑๔๖ · หน้า 133a
ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བས་བདག་ཅག་གི་ཡུན་རིང་པོར་འཁོར་བར་ཉིང་མཚམས་སྦྱོར་བའི་ཁྲག་ཟགས་པར་གྱུར་པ་ཆེས་མང་ངོ་། །དགེ་སློང་དག་ལེགས་སོ་ལེགས་སོ། །འདི་ལྟར་ཆུ་བོ་གངྒཱ་གང་ནས་འབབ་པ་དང་། རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་
དེའི་བར་གྱི་གངྒཱའི་ཆུ་བོ་དང་། གང་ཡང་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བས་ཁྱེད་ཅག་གི་ཡུན་རིང་པོར་འཁོར་བར་ཉིང་མཚམས་སྦྱོར་བའི་ཁྲག་ཟགས་པར་གྱུར་པ་འདི་ཉིད་ཆེས་མང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དགེ་
སློང་དག་ཁྱེད་ཅག་ཡུན་རིང་པོར་གླང་པོ་ཆེ་དང་སྐལ་བ་མཉམ་པར་སྐྱེས་ཏེ། གླང་པོ་ཆེར་གྱུར་ཅིང་ལག་པ་བཅད་པ་ཉམས་སུ་མྱོང་བ་དང་། རྐང་པ་བཅད་པ་དང་། རྣ་བ་བཅད་པ་དང་། མགོ་བཅད་པ་དང་། སོ་འདོན་པ་ལན་དུ་མར་ཉམས་སུ་མྱོང་བར་གྱུར་ཅིང་། ལན་དུ་མར་ཁྲག་ཟགས་པར་
གྱུར་ཏོ། །དགེ་སློང་དག་ཁྱེད་ཅག་ཁྱི་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། ར་དང་། རི་དགས་དང་། མ་ཧེ་དང་། ཕག་དང་། ཁྱིམ་བྱ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཤིང་ཁྱིམ་བྱར་གྱུར་ཏེ། ལག་པ་བཅད་པ་ཉམས་སུ་མྱོང་བ་དང་། རྐང་པ་བཅད་པ་དང་། རྣ་བ་བཅད་པ་དང་། མགོ་
བོ་བཅད་པ་དང་། མཆུ་གཅོད་པར་གྱུར་པའི་སྡུག་བསྔལ་དུ་མ་ཉམས་སུ་མྱོང་བར་གྱུར་ཅིང་ལན་མང་དུ་ཁྲག་ཟགས་པར་གྱུར་ཏོ། །དགེ་སློང་དག་ཁྱེད་ཅག་ཡུན་རིང་པོར་རྐུན་མར་གྱུར་ཏེ་བཟུང་བ་དང་། མི་གཞན་གྱིས་བཟུང་བ་འཕྲོག་པ་དང་། གཞན་འཆིང་བ་དང་། རྒྱུན་གཅོད་པ་དང་། བཅིངས་
པ་འགྲོལ་བ་དང་། ཆོམ་རྐུན་པ་དང་། གྲོང་འཇོམས་པ་དང་། གྲོང་ཁྱེར་འཇོམས་པ་དང་། ཡུལ་འཇོམས་པ་དང་། ལྗོངས་འཇོམས་པ་ཡིན་ནོ་ཞེས་བཟུང་བ་དང་། དེར་ལན་དུ་མར་ལག་པ་བཅད་པ་ཉམས་སུ་མྱོང་ཞིང་། རྐང་པ་བཅད་པ་དང་། རྣ་བ་བཅད་པ་དང་། སྣ་བཅད་པ་དང་། མགོ་བོ་
བཅད་པ་ཉམས་སུ་མྱོང་ཞིང་དེར་ལན་དུ་མར་ཁྲག་ཟགས་པར་གྱུར་ཏོ། །དགེ་སློང་དགེ་སློང་དག་ཁྱེད་ཀྱིས་ཡུན་རིང་པོར་སྡུག་བསྔལ་དྲག་པ་ཚབ་རྩུབ་པ་ཡོངས་སུ་མྱོང་ཞིང་དུར་ཁྲོད་སྐྱེད་དོ། །ཁྲག་གི་ཐིགས་པ་བླངས་སོ། །ལན་ཅིག་མ་ཡིན་པར་དམྱལ་བ་དང་། ལན་ཅིག་མ་ཡིན་པར་དུད་འགྲོ་དང་།
เล่ม ๑๔๖ · หน้า 133b
ལན་ཅིག་མ་ཡིན་པར་ཡི་དགས་དང་། ལན་ཅིག་མ་ཡིན་པར་ངན་སོང་ངན་འགྲོ་ལོག་པར་ལྷུང་བར་གྱུར་ཏོ། །དགེ་སློང་དག་གཟུགས་རྟག་པ་འམ་མི་རྟག་པ་ཡིན་སྙམ་དུ་སེམས། བཙུན་པ་འདི་ནི་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བ་ཡིན་ནམ། བཙུན་པ་འདི་ནི་སྡུག་བསྔལ་བའོ། །གང་
མི་རྟག་པ་དང་། སྡུག་བསྔལ་བ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་གོ་འདི་ནི་བདག་སྟེ། འདི་ནི་བདག་གིའོ་ཞེས་བདག་ཏུ་ཁས་ལེན་པར་བྱེད་དམ། བཙུན་པ་མ་ལགས་སོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་
བྱེད་དང་། རྣམ་པར་ཤེས་པ་རྟག་པ་འམ་མི་རྟག་པ་ཡིན་སྙམ་དུ་སེམས། བཙུན་པ་འདི་ནི་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བ་འམ། སྡུག་བསྔལ་བ་མ་ཡིན། བཙུན་པ་སྡུག་བསྔལ་བ། གང་མི་རྟག་པ་དང་། སྡུག་བསྔལ་བ་དང་། ཡོངས་སུ་འགྱུར་བའི་ཆོས་ཅན་དེ་ལ་འཕགས་
པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་གོ། །འདི་ནི་བདག་སྟེ། འདི་ནི་བདག་གིའོ་ཞེས་བདག་ཁས་ལེན་པར་བྱེད་དམ། བཙུན་པ་མ་ལགས་སོ། །དགེ་སློང་དག་དེའི་ཕྱིར་གཟུགས་གང་འདས་པ་འམ་མ་འོངས་པ་དང་། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བ་
འམ། དམན་པ་འམ། གྱ་ནོམ་པ་འམ། ཐག་ཉེ་བ་འམ། རྒྱང་རིང་བ་འམ། དེ་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་གི་མ་ཡིན་ཏེ། བདག་གི་བདག་མེད་དོ་ཞེས་འདི་ལྟར་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་
ཤེས་པ་གང་ཅུང་ཟད་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བ་འམ། དམན་པ་འམ། གྱ་ནོམ་པ་འམ། ཐག་ཉེ་བ་འམ། རྒྱང་རིང་བ་དེ་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ཞིང་བདག་མ་ཡིན་ནོ། །འདི་ནི་བདག་གི་མ་ཡིན་
ནོ་ཞེས་འདི་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དགེ་སློང་དག་དེ་ལྟར་མཐོང་བའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་གཟུགས་ལ་ཡིད་འབྱུང་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ནས་
เล่ม ๑๔๖ · หน้า 134a
འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ནས་གྲོལ་བར་འགྱུར་རོ། །གྲོལ་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །ཡང་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་
འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་དགེ་སློང་བཞི་བཅུའི་ཚོགས་རྣམས་ཉེ་བར་ལེན་པ་མེད་པར་ཟག་པ་དག་ལས་སེམས་རྣམ་པར་གྲོལ་ལོ་ཞེས་གསུངས་སོ། །དམྱལ་བ་ཡི་ནི་སྤྱི་ཚུགས་ཡིན། །ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཡོངས་སུ་གདུང་བ་དང་བཅས་པ་དང་། ཡོངས་སུ་གདུང་བ་མེད་པའི་ཆོས་བསྟན་པར་བྱ་ཡིས་དེ་ལེགས་པའི་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཡོངས་སུ་གདུང་བ་དང་བཅས་པའི་ཆོས་གང་ཡིན་ཞེ་ན། དགེ་སློང་དག་སྐྱེས་
པ་འམ་བུད་མེད་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་གང་ལུས་ཀྱིས་ཉེས་པར་སྤྱོད་པའམ། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་འདི་ལྟར་འགྱུར་ཏེ། དེའི་དུས་ན་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་ཞིང་ན་ལ་མལ་སྟན་ལ་འདུག་ཅིང་ཁྲི་དང་སྟན་གྱི་སྟེང་ན་འདུག་པ་ལ་
ལུས་ཀྱི་ཚོར་བ་སྡུག་བསྔལ་བ་དྲག་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་རྣམས་ཀྱིས་རེག་པ་ན་གང་ཡང་དེ་འདི་ལྟར་འགྱུར་ཏེ། སྔོན་གྱི་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དེའི་ཚེ་དེའི་དུས་ན་མངོན་དུ་འགྱུར་ཞིང་ཆེས་
གསལ་བར་འགྱུར་རོ། །འདི་ལྟ་སྟེ་ཉི་མ་ནུབ་པའི་དུས་ན་རིའམ་རིའི་བང་རིམ་གྱི་གྲིབ་མ་ས་ལ་ལྷགས་པར་འགྱུར། རབ་ཏུ་ལྷགས་པར་འགྱུར། ཆེས་གསལ་བར་ལྷགས་པ་དེ་བཞིན་དུ། དེ་འདི་ལྟར་གང་གི་ཚེ་སྔོན་གྱི་ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་
དང་། ཡིད་ཀྱིས་ཉེས་པར་སྤྱད་པ་དེའི་ཚེ་དེའི་དུས་ན་མངོན་སུམ་དུ་འགྱུར་ཏེ། རབ་ཏུ་མངོན་དུ་འགྱུར་ཞིང་ཆེས་གསལ་བར་འགྱུར་རོ། །དེ་འདི་སྙམ་དུ་ཀྱེ་མ་འདི་ལྟར་བདག་གིས་ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་བྱས་ཏེ། སྡིག་པ་བྱས་སོ། །དྲག་པོ་བྱས་སོ། །ཉེས་པར་བྱས་སོ། །
เล่ม ๑๔๖ · หน้า 134b
བསོད་ནམས་མ་བྱས་སོ། །དགེ་བ་མ་བྱས་ཤིང་འཇིགས་པ་ལ་མི་འཇིགས་པའི་སྐྱབས་མ་བྱས་པས་ཕ་རོལ་དུ་འགྲོ་བར་འགྱུར་རོ་ཞེས་འགྱོད་པ་དང་བཅས་པར་འགྱུར་རོ། །འགྱོད་པ་དང་བཅས་ཏེ་ཤི་བ་ནི་ལེགས་པ་མ་ཡིན་ཞིང་དུས་བྱེད་པ་དང་ཕ་རོལ་དུ་འགྲོ་བ་ནི་ལེགས་པ་མ་
ཡིན་ནོ། །འདི་ནི་འགྱོད་པ་ཡོངས་སུ་གདུང་བ་དང་བཅས་པའི་ཆོས་ཞེས་བྱའོ། །ཡོངས་སུ་གདུང་བ་མེད་པའི་ཆོས་གང་ཞེ་ན། དགེ་སློང་དག་སྐྱེས་པ་འམ་བུད་མེད་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་།
ཡིད་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ་དག་འདི་ལྟར་འགྱུར་ཏེ། དེའི་དུས་ན་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་ཞིང་ན་ལ་མལ་སྟན་ལ་འདུག་ཅིང་ཁྲི་དང་སྟན་གྱི་སྟེང་ན་འདུག་པ་ལ་ལུས་ཀྱི་ཚོར་བ་སྡུག་བསྔལ་བ་དྲག་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་རྣམས་ཀྱིས་རེག་
པ་ན་གང་ཡང་དེ་འདི་ལྟར་འགྱུར་ཏེ། སྔོན་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་དེའི་ཚེ་ན་མངོན་དུ་འགྱུར་ཞིང་། རབ་ཏུ་མངོན་དུ་འགྱུར་ལ། ཆེས་གསལ་བར་འགྱུར་ཏེ། འདི་ལྟ་སྟེ། ཉི་མ་ནུབ་པའི་དུས་ན་རིའམ་རིའི་
བང་རིམ་གྱི་གྲིབ་མ་ས་ལ་ལྷགས་པར་འགྱུར། རབ་ཏུ་ལྷགས་པར་འགྱུར་ཆེས་གསལ་བར་ལྷགས་པ་དེ་བཞིན་དུ་འདི་ལྟར་གང་སྔོན་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་དེའི་ཚེ་དེའི་དུས་ན་མངོན་དུ་འགྱུར་ཏེ། རབ་ཏུ་མངོན་
དུ་འགྱུར་ཞིང་ཆེས་གསལ་བར་འགྱུར་རོ། །དེ་འདི་སྙམ་དུ་ཀྱེ་མ་བདག་གིས་འདི་ལྟར་ལུས་དང་ངག་དང་ཡིད་ཀྱིས་དགེ་བ་བྱས་ཏེ། སྡིག་པ་དྲག་པོ་མ་བྱས་སོ། །བསོད་ནམས་བྱས་སོ། །དགེ་བ་བྱས་ཤིང་འཇིགས་པ་ལ་མི་འཇིགས་པའི་སྐྱབས་བྱས་ཏེ་འཇིག་རྟེན་ཕ་རོལ་དུ་འགྲོ་བར་འགྱུར་
རོ་ཞེས་འགྱོད་པ་མེད་པར་འགྱུར་ཏེ། འགྱོད་པ་མེད་པར་ཤི་བ་ནི་ལེགས་ཤིང་དུས་བྱེད་པ་དང་ཕ་རོལ་དུ་འགྲོ་བ་ནི་ལེགས་པ་ཡིན་ཏེ། འདི་འགྱོད་པ་ཡོངས་སུ་གདུང་བ་མེད་པའི་ཆོས་ཞེས་བྱའོ། །དགེ་སློང་དག་ཡོངས་སུ་གདུང་བ་དང་བཅས་པ་དང་། ཡོངས་སུ་གདུང་བ་མེད་པའི་ཆོས་
เล่ม ๑๔๖ · หน้า 135a
བཤད་པར་བྱའོ་ཞེས་ཇི་སྐད་དུ་བཤད་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །འགྱོད་པ་དང་བཅས་མི་རྣམས་ཀྱི། །འཚོ་བ་ཤིན་ཏུ་དཀའ་བར་གནས། །མི་དེ་རྣམས་ཀྱི་འགྲོ་བ་དག །གང་དུ་འགྲོ་བ་ལེགས་པར་ཉོན། །ཡང་སོས་དང་ནི་ཐིག་ནག་དང་། །བསྡུས་འཇོམས་
ངུ་འབོད་གཉིས་དང་ནི། །ཚ་དང་རབ་ཏུ་ཚ་བ་དང་། །མནར་མེད་པ་ཞེས་བྱ་བ་སྟེ། །དེ་ལྟར་དེ་དག་དམྱལ་བ་ནི། །བརྒྱད་ཅེས་བྱ་སྟེ་རྒལ་བར་དཀའ། །དྲག་པོའི་ལས་ཀྱིས་ཀུན་དུ་གང་། །རེ་རེ་ལ་ཡང་ལྷག་བཅུ་དྲུག །རྩིག་པ་བཞི་དང་སྒོ་བཞི་དང་། །རྣམ་ཕྱེད་རིས་སུ་ཆད་པ་ཡིན། །ལྕགས་
ཀྱི་ར་བས་ཀུན་ནས་བསྐོར། །ལྕགས་དག་གིས་ནི་གང་བ་ཡིན། །དེ་ནས་ལྕགས་འབར་ས་གཞི་སྟེ། །འབར་བའི་མེ་དང་ལྡན་པ་ཡིན། །དཔག་ཚད་སྟོང་ཕྲག་དུ་མར་ནི། །མེ་ལྕེ་དག་གིས་ཁྱབ་པར་གནས། །སེར་སྣ་ཅན་རྣམས་འདུལ་བྱེད་པའི། །མེ་ལྕེའི་སྒྲ་ནི་བསྒྲུབ་པར་དཀའ། །འཇོམས་
ཤིང་བ་སྤུ་ལྡང་བ་དང་། །འཇིགས་པར་བྱེད་ཅིང་སྡུག་བསྔལ་བྱེད། །ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །དེ་དག་སྤྱིའུ་ཚུགས་དག་ཏུ་ནི། །དམྱལ་བར་ལྷུང་བ་དག་ཏུ་འགྱུར། །འཚེད་བཞིན་པ་ཡི་ཉ་བཞིན་དུ། །དེ་དག་དྲག་པོས་འཇོམས་ཤིང་འཚེད། །
མཚོན་གྱིས་བཅོམ་པའི་ཀླུ་བཞིན་དུ། །དེ་དག་རྟག་ཏུ་སྨྲེ་སྔགས་འདོན། །འདི་ལྟར་ཉེས་པར་སྤྱོད་པ་རྣམས། །འོ་དོད་ཆེན་པོས་སྨྲེ་སྔགས་འདོན། །ཞེས་བཀའ་སྩལ་ཏོ། །མངལ་དུ་འཇུག་པ་གསུམ་དག་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་མངལ་དུ་འཇུག་པ་ནི་རྣམ་པ་གསུམ་སྟེ། ཤེས་བཞིན་དུ་མའི་མངལ་དུ་འཇུག་པ་དང་། ཤེས་བཞིན་དུ་གནས་པ་དང་། འབྱུང་བ་ཤེས་བཞིན་མ་ཡིན་པ་དང་། མའི་མངལ་དུ་འཇུག་པ་ཤེས་བཞིན་དུ་མ་ཡིན་གྱི། གནས་པ་དང་། འཇུག་
པ་ཤེས་བཞིན་དང་། མའི་མངལ་དུ་འཇུག་པ་དང་། འབྱུང་བ་དང་། གནས་པ་ཡང་ཤེས་བཞིན་དུ་གནས་པ་ཡོད་དོ་ཞེས་གསུངས་སོ། །འདི་རྒྱས་པར་ནི་ཕྲ་རྒྱས་བཏབ་པའི་དབུགས་འབྱུང་བ་དྲུག་པ་ལས་བལྟ་བར་བྱའོ།། །།འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལས་ནི་ཡོད་པ་རྣམ་པར་སྨིན་
เล่ม ๑๔๖ · หน้า 135b
པ་ནི་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་སྐྱ་བསེང་གི་གྲོང་ཁྱེར་ཀོལ་མ་ཤ་དམ་མྱ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ།
མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་བ་ཚངས་པར་སྤྱོད་པ། གསལ་བར་བྱེད་པ། འདི་ལྟ་སྟེ། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའི་
ཆོས་ཀྱི་རྣམ་གྲངས་གང་ཞེ་ན། མི་སྐྱེ་བ་ནི་གང་ནས་ཀྱང་མི་འོང་། འགག་པ་གང་དུ་མི་འགྲོ་སྟེ། དགེ་སློང་དག་འདི་ལྟར་མིག་ནི་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་ཡོངས་སུ་འཇིག་པ་སྟེ་ལས་ནི་ཡོད་དོ། །རྣམ་པར་སྨིན་པ་ནི་ཡོད་དོ། །ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་ཕུང་པོ་འདི་
འདོར་བར་བྱེད་ཅིང་ཕུང་པོ་གཞན་ཉིང་མཚམས་སྦྱོར་བར་བྱེད་པ་པོ་ནི་མི་དམིགས་སོ། །དེ་ལ་ཆོས་སུ་བརྡར་བཏགས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་
ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ།
སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟར་འདི་མེད་པས་འདི་མི་འབྱུང་། འདི་མ་སྐྱེས་པས་
འདི་འགག་པར་འགྱུར་ཏེ། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །
เล่ม ๑๔๖ · หน้า 136a
རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགག་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་
དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ། དགེ་སློང་དག་ཐོག་མར་དགེ་བ། བར་དུ་དགེ་
བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། ཡོངས་སུ་གསལ་བར་བྱེད་པ་འདི་ལྟ་སྟེ། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱའོ་ཞེས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་
བར་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །དང་པོ་ནུར་ནུར་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་མ་ག་དྷཱར་ལྗོངས་རྒྱུ་ཞིང་གཤེགས་ཏེ། གནོད་སྦྱིན་དབང་པོའི་ཁྱིམ་དུ་མཚན་མོ་གནས་པའི་ཕྱིར་གཤེགས་སོ། །དེ་ནས་གནོད་སྦྱིན་དབང་པོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་
འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་གནོད་སྦྱིན་དབང་པོས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །སྲོག་གིས་ཅི་ཞིག་མི་ཤེས་སམ། །སྲོག་གིས་ཅི་ཞིག་མི་རྟོགས་སམ། །སྲོག་ནི་
གང་དུ་བཅིངས་ཤིང་གནས། །སྲོག་གི་འཆིང་བ་སྲེད་པ་ཡིན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྲོག་གིས་གཟུགས་རྣམས་མི་ཤེས་ཏེ། །འདུ་བྱེད་ཀྱང་ནི་རྟོགས་མ་ཡིན། །སྲོག་ནི་ལུས་འདིར་བཅིངས་ཤིང་གནས། །སྲོག་ནི་འཆིང་བ་སྲེད་པ་ཡིན། །སངས་རྒྱས་གཟུགས་ནི་སྲོག་མིན་
གསུང་། །ཇི་ལྟར་ཚང་ཚིང་འདིར་གནས་ཤིང་། །ཇི་ལྟར་རིམ་གྱིས་གོང་བུར་འགྱུར། །ཇི་ལྟར་ལུས་ནི་མངོན་འཕེལ་འགྱུར། །དང་པོར་ནུར་ནུར་པོ་ཡིན་ནོ། །ནུར་ནུར་པོ་ལས་མེར་མེར་པོ། །མེར་མེར་པོ་ལས་ནར་ནར་སྐྱེ། །ནར་ནར་པོ་ལས་མཁྲང་འགྱུར་སྐྱེ། །མཁྲང་ལས་རྐང་ལག་འགྱུས་པ་དང་། །
เล่ม ๑๔๖ · หน้า 136b
སྐྲ་སྤུ་སེན་མོ་ལ་སོགས་དང་། །དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་རིམ་གྱིས་སྐྱེ་བར་འགྱུར། །གང་ཚེ་མ་ཡིས་བཟས་པ་དང་། །བཏུང་བ་གཉིས་ཀ་ལོངས་སྤྱད་པས། །མངལ་གྱི་ནང་ན་གནས་པའི་མི། །དེས་ནི་གསོ་ཞིང་སྐྱེ་བར་འགྱུར། །དེ་ནས་གནོད་སྦྱིན་དབང་པོ་བཅོམ་
ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །འདི་ལྟར། གླེང་གཞི་ཆེན་པོའི་རྣམ་གྲངས་ལས། །ཞེས་བྱ་བ་ལ་མདོར་བསྟན་པ་བརྗོད་པ་ལས་འདི་ལྟར་འདོན་ཏེ། ཀུན་དགའ་
བོ་མིང་དང་གཟུགས་ལ་རྐྱེན་ཡོད་དམ་ཞེས་འདྲི་ན། རྐྱེན་ཡོད་དོ་ཞེས་ལན་གདབ་པར་བྱའོ། །ཀུན་དགའ་བོ་མིང་དང་གཟུགས་ཀྱི་རྐྱེན་གང་ཡིན་ཞེས་འདྲི་ན། རྣམ་པར་ཤེས་པ་རྐྱེན་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཀུན་དགའ་བོ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ་ཞེས་ངས་ཇི་སྐད་དུ་
བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་ན། ཁུ་བ་དང་ཁྲག་གི་ནུར་ནུར་པོའི་ནང་དུ་མངོན་པར་བརྒྱལ་བར་འགྱུར་རམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་རམ།
འཕོས་པར་མ་གྱུར་ན་རྣམ་པར་ཤེས་པ་འདི་ལྟ་བུར་ཉེ་བར་འགྱུར་རམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་གལ་ཏེ་བྱིས་པ་དང་། གཞོན་ནུ་དང་གཞོན་ནུ་མ་དང་། ལང་ཚོའི་གནས་སྐབས་ཀྱི་རྣམ་པར་ཤེས་པ་དང་པོ་ནས་འདི་ལྟར་ཆད་ཅིང་མ་བྱུང་བར་གྱུར་ན་མིང་དང་གཟུགས་འདི་ལྟར་རྒྱས་ཤིང་
ཡངས་པ་རྒྱ་ཆེན་པོར་འགྱུར་རམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་གལ་ཏེ་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་མེད་ན་མིང་དང་གཟུགས་གདགས་པར་ནུས་སམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་དེའི་ཕྱིར་རྒྱུ་མཚན་འདི་དང་། རྒྱུ་འདི་དང་། ཀུན་འབྱུང་བ་འདི་ལྟ་སྟེ། རྣམ་པར་ཤེས་
པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །འདི་ལྟར་མདོ་དེ་ཉིད་ལས་དགེ་སློང་དག་དགེ་སློང་གིས་གང་ཕན་ཆད་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་
เล่ม ๑๔๖ · หน้า 137a
མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་བཤད་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན། འདི་ལྟར་
འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། འདི་འབའ་ཞིག་ཀུན་དུ་འབྱུང་བར་འགྱུར་ཞེས་བྱ་བའི་བར་དུ་སྟེ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་
པ་རྣམས་མ་བྱུང་ཡང་རུང་བ་འདི་ནི་ཆོས་ཉིད་དེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་རྟག་ཏུ་གནས་པའོ་ཞེས་རང་ཉིད་ཀྱི་མངོན་པར་ཤེས་པས་མཁྱེན་ཅིང་མངོན་པར་སངས་རྒྱས་ནས་སྟོན་པར་བྱེད། འཆད་པར་བྱེད། རབ་ཏུ་འཆད་པར་བྱེད། རྣམ་པར་འབྱེད་པར་བྱེད། འགྲེལ་པར་བྱེད། རྒྱས་པར་
བྱེད། སྟོན་ཅིང་ཡང་དག་པར་གསལ་བར་བྱེད་དེ། འདི་ལྟར་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། སྲིད་པ་དང་། ལེན་པ་དང་། སྲེད་པ་དང་། ཚོར་བ་དང་། རེག་པ་དང་། སྐྱེ་མཆེད་དྲུག་དང་། མིང་དང་གཟུགས་དང་། རྣམ་པར་ཤེས་པ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཏེ། དེ་བཞིན་
གཤེགས་པ་རྣམས་བྱུང་ངམ་མ་བྱུང་ཡང་རུང་ཆོས་ཉིད་དེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་རྟག་ཏུ་གནས་སོ་ཞེས་དེ་བཞིན་གཤེགས་པས་རང་ཉིད་ཀྱི་མངོན་པར་ཤེས་པས་མཁྱེན་ནས་མངོན་པར་སངས་རྒྱས་ནས་སྟོན་པར་བྱེད། འཆད་པར་བྱེད། རབ་ཏུ་འཆད་པར་བྱེད། རྣམ་པར་འབྱེད་པར་
བྱེད། འགྲེལ་བར་བྱེད། རྒྱས་པར་བྱེད། སྟོན་ཅིང་ཡང་དག་པར་གསལ་བར་བྱེད་དེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་འདི་ནི་ཆོས་རྣམས་ཀྱི་གནས་པ། ཆོས་རྣམས་ཀྱི་ངེས་པ། ཆོས་རྣམས་ཀྱི་ཇི་ལྟ་བ་ཉིད། དེ་བཞིན་ཉིད། མི་འགྱུར་བ་དེ་བཞིན་ཉིད། གཞན་མ་ཡིན་
པ་དེ་བཞིན་ཉིད་ཇི་ལྟ་བ། བདེན་པ། དེ་ཁོ་ན་ཉིད། ཇི་ལྟ་བ་བཞིན་མི་འགྱུར་བ། ཕྱིན་ཅི་མ་ལོག་པ། རྐྱེན་འདི་ཙམ་པ་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གོ་རིམས་ལས་བཟློག་པ་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན།
เล่ม ๑๔๖ · หน้า 137b
མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ། །དགེ་སློང་དག་དེ་ལ་སྐྱེ་བ་དང་། རྒ་ཤི་ནི་མི་རྟག་པས་འདུས་བྱས་བསགས་པ། རྟེན་
ཅིང་འབྲེལ་པར་འབྱུང་བ། སྐྱེ་བ་དང་། འཇིག་པའི་ཆོས་ཅན། འདོད་ཆགས་དང་བྲལ་བའི་ཆོས་ཅན། འགག་པའི་ཆོས་ཅན་དུ་དེ་ལྟར་ཡོངས་སུ་ཤེས་པར་བྱའོ། །སྐྱེ་བ་དང་། སྲིད་པ་དང་། ལེན་པ་དང་། སྲེད་པ་དང་། ཚོར་བ་དང་། རེག་པ་དང་། སྐྱེ་མཆེད་དྲུག་དང་། མིང་དང་གཟུགས་
དང་། རྣམ་པར་ཤེས་པ་དང་། འདུ་བྱེད་ཀྱང་མི་རྟག་པ། འདུ་བྱས་པ། བསགས་པ། རྟེན་ཅིང་འབྲེལ་པར་འབྱུང་བ། སྐྱེ་བ་དང་། འཇིག་པའི་ཆོས་ཅན། འདོད་ཆགས་དང་བྲལ་བའི་ཆོས་ཅན། འགོག་པའི་ཆོས་ཅན་དུ་དེ་ཡོངས་སུ་ཤེས་པར་བྱ་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་
བྱའོ། །དགེ་སློང་དག་གང་ཡང་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་ཤེས་ཤིང་། རབ་ཏུ་མཐོང་ཞིང་བར་ཏུ་རིག་ལ། རབ་ཏུ་རྟེན་ཅིང་རབ་ཏུ་ཡིད་ལ་བྱས་ཤིང་།
ལེགས་པར་སོ་སོར་རྟོགས་ན། དེ་ཅི་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ་འོན་ཏེ་བྱུང་བར་མ་གྱུར། བདག་འདས་པའི་དུས་ན་ཅི་ཞིག་ཏུ་བྱུང་བར་གྱུར། བདག་འདས་པའི་དུས་ན་ཇི་ལྟར་བྱུང་བར་གྱུར་ཞེས་སྔོན་གྱི་མཐའ་རྗེས་སུ་འབྲང་བར་མི་འགྱུར་རོ། །ཅི་བདག་མ་འོངས་པའི་དུས་ན་འབྱུང་
བར་འགྱུར་རམ། འོན་ཏེ་བདག་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར། བདག་མ་འོངས་པའི་དུས་ན་ཅི་ཞིག་ཏུ་འབྱུང་བར་འགྱུར། བདག་མ་འོངས་པའི་དུས་ན་ཇི་ལྟར་འབྱུང་བར་འགྱུར་ཞེས་ཕྱི་མ་མཐའི་རྗེས་སུ་འབྲང་བར་མི་འགྱུར་རོ། །འདི་ཅི་ཞིག་འདི་ཇི་ལྟར་ཡོད་པ་ནི་ཅི་ཞིག་འབྱུང་བར་
ནི་ཅི་ཞིག་སེམས་ཅན་འདི་དག་གང་ནས་འོངས་ཤིང་འཆི་འཕོ་བ་ན་གང་དུ་འགྲོ་བར་འགྱུར་ཞེས་ནང་གི་བདག་ཉིད་ལ་ཐེ་ཚོམ་ཟ་བར་མི་འགྱུར་རོ། །གང་ཡང་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་འཇིག་རྟེན་གྱི་ལྟ་བར་གྱུར་པ་ཐ་དད་པ་འདི་ལྟ་སྟེ། བདག་ཏུ་སྨྲ་བ་དང་། ཡང་དག་པར་ལྡན་པ་དང་།
เล่ม ๑๔๖ · หน้า 138a
མཚམས་སྦྱོར་བར་བྱེད་པར་སྨྲ་བ་དང་། ཡང་དག་པར་ལྡན་པ་དང་། གསོ་བར་སྨྲ་བ་དང་ཡང་དག་པར་ལྡན་པ་དང་། དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དང་ཡང་དག་པར་ལྡན་པ་དག་དེའི་ཚེ་ན་ཡོངས་སུ་ཤེས་ཤིང་ཡོངས་སུ་སྤངས་པར་འགྱུར། རྩ་བ་བཅད་པར་འགྱུར་
ཏེ། ཤིང་ཏ་ལ་རྩ་བ་བཅད་པ་ལྟར་མ་འོངས་པའི་སྐལ་བ་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་
བ་བཞིན་ཤེས་ཤིང་རབ་ཏུ་མཐོང་ཞིང་རབ་ཏུ་རིག་ལ་རབ་ཏུ་ཡིད་ལ་བྱས་ཤིང་། རབ་ཏུ་རྟེན་ལ་ལེགས་པར་སོ་སོར་རྟོགས་པའི་ཕྱིར་རོ། །དགེ་སློང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་བསྟན་པར་བྱའོ་ཞེས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་
བཤད་དོ་ཞེས་བཀའ་སྩལ་ཏོ། །མ་རིག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ཅན་དུ་གསུངས་ཞེས་བྱ་བ་ལ། བཅོམ་ལྡན་འདས་སྐྱ་བསེང་གི་གྲོང་ཁྱེར་ཀོལ་མ་ཤ་དམ་མྱ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཐོག་མར་དགེ་བ། བར་དུ་
དགེ་བ་ཞེས་བྱ་བ་ནས་ཚངས་པར་སྤྱོད་པ་ཡོངས་སུ་གསལ་བར་བྱེད་པ་འདི་ལྟ་སྟེ། རྒྱུ་དང་བཅས་རྐྱེན་དང་བཅས་རྒྱུ་མཚན་དང་བཅས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱ་ཡིས་དེ་ལེགས་པར་ཞེས་བྱ་བ་ནས་བཤད་པར་བྱ་བའི་བར་དུའོ། །དགེ་སློང་དག་རྒྱུ་དང་བཅས་རྐྱེན་དང་བཅས་རྒྱུ་
མཚན་དང་བཅས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་དག་མིག་ནི་རྒྱུ་དང་བཅས་རྐྱེན་དང་བཅས་རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་མིག་གི་རྒྱུ་ནི་གང་། རྐྱེན་ནི་གང་། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ལས་ནི་རྒྱུ། ལས་ནི་རྐྱེན། ལས་ནི་རྒྱུ་མཚན་ནོ། །དགེ་སློང་དག་ལས་
ནི་རྒྱུ་དང་བཅས་རྐྱེན་དང་བཅས་རྒྱུ་མཚན་དང་བཅས་པའོ། །དགེ་སློང་དག་ལས་ཀྱི་རྒྱུ་ནི་གང་། རྐྱེན་ནི་གང་། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ལས་ཀྱི་རྒྱུ་ནི་སྲེད་པ། རྐྱེན་ནི་སྲེད་པ། རྒྱུ་མཚན་ནི་སྲེད་པའོ། །དགེ་སློང་དག་སྲེད་པ་ཡང་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་
เล่ม ๑๔๖ · หน้า 138b
སྟེ། དགེ་སློང་དག་སྲེད་པའི་རྒྱུ་ནི་གང་། རྐྱེན་ནི་གང་། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་སྲེད་པའི་རྒྱུ་ནི་མ་རིག་པ། རྐྱེན་ནི་མ་རིག་པ་རྒྱུ་མཚན་ནི་མ་རིག་པའོ། །དགེ་སློང་དག་མ་རིག་པ་ཡང་རྒྱུ་དང་བཅས་རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་མ་རིག་པའི་རྒྱུ་ནི་གང་།
རྐྱེན་ནི་གང་། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་མ་རིག་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། རྐྱེན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། རྒྱུ་མཚན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྒྱུ་དང་བཅས། རྐྱེན་དང་
བཅས། རྒྱུ་མཚན་དང་བཅས་པའོ། །དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ནི་གང་། རྐྱེན་ནི་གང་། རྒྱུ་མཚན་ནི་གང་ཞེ་ན། མིང་དང་གཟུགས་ལ་བརྟེན་ནས་མ་རིག་པ་ལས་སྐྱེས་པ་ཡིད་ལ་བྱེད་པ་རྙོག་པ་སྐྱེས་ཏེ། གང་རྨོངས་ཤིང་ཀུན་དུ་རྨོངས་ལ་མ་རིག་པ་དེ་སྲེད་པ་
དོན་དུ་གཉེར་རོ། །སྲེད་པ་དང་བཅས་ནས་རྣམ་པར་རིག་བྱེད་ཀྱི་ལས་བྱེད་དེ། དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་མ་རིག་པའི་རྒྱུ་ཅན་མ་རིག་པ་ནི་སྲེད་པའི་རྒྱུ་ཅན། སྲེད་པ་ནི་ལས་ཀྱི་རྒྱུ་ཅན། ལས་ནི་མིག་གི་རྒྱུ་ཅན་ནོ། །དགེ་སློང་དག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་
དང་། ཡིད་ཀྱང་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་ཡིད་ཀྱི་རྒྱུ་ནི་གང་། རྐྱེན་ནི་གང་། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ཡིད་ཀྱི་རྒྱུ་ནི་ལས། རྐྱེན་ནི་ལས། རྒྱུ་མཚན་ནི་ལས་སོ། །དགེ་སློང་དག་ལས་ཀྱང་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་
དང་བཅས་པ་སྟེ། དགེ་སློང་དག་ལས་ཀྱི་རྒྱུ་ནི་གང་། རྐྱེན་ནི་གང་། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ལས་ཀྱི་རྒྱུ་ནི་སྲེད་པ། རྐྱེན་ནི་སྲེད་པ། རྒྱུ་མཚན་ནི་སྲེད་པའོ། །དགེ་སློང་དག་སྲེད་པ་ཡང་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་སྲེད་པའི་རྒྱུ་ནི་
གང་། རྐྱེན་ནི་གང་། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་སྲེད་པའི་རྒྱུ་ནི་མ་རིག་པ། རྐྱེན་ནི་མ་རིག་པ། རྒྱུ་མཚན་ནི་མ་རིག་པའོ། །དགེ་སློང་དག་མ་རིག་པ་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་མ་རིག་པའི་རྒྱུ་དང་། རྐྱེན་དང་། རྒྱུ་མཚན་གང་ཞེ་ན།
เล่ม ๑๔๖ · หน้า 139a
ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རྒྱུའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རྐྱེན་ནོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རྒྱུ་མཚན་ནོ། །དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་རྒྱུ་དང་བཅས། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་
ཡང་རྐྱེན་དང་བཅས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ནི་གང་། རྐྱེན་ནི་གང་། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ཡིད་དང་། ཆོས་ལ་བརྟེན་ནས་མ་རིག་པ་ལས་སྐྱེས་པའི་ཡིད་ལ་བྱེད་པ་
རྙོག་པ་སྐྱེས་ཏེ། གང་རྨོངས་ཤིང་ཀུན་དུ་རྨོངས་ལ། མ་རིག་པ་དེ་སྲེད་པ་དོན་དུ་གཉེར་རོ། །སྲེད་པ་དང་བཅས་ན་རྣམ་པར་རིག་བྱེད་ཀྱི་ལས་བྱེད་དེ། དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་མ་རིག་པའི་རྒྱུ་ཅན། མ་རིག་པ་ནི་སྲེད་པའི་རྒྱུ་ཅན། སྲེད་པ་ནི་ལས་ཀྱི་རྒྱུ་ཅན། ལས་ནི་
མིག་གི་རྒྱུ་ཅན་ཏེ། འདི་ནི་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཏེ། དགེ་སློང་དག་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པའི་ཆོས་བཤད་པར་བྱ་སྟེ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་
དང་བཅས་པའི་ཆོས་བཤད་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །མདོ་གཞན་ལས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་ལ་ཕུང་པོའི་སྔོན་གྱི་ཚིགས་སུ་བཅད་པ་བཞི་པའི་དང་པོའི་མདོ་མཛོད་(གྱི་‚ཀྱི་)གནས་གཉིས་པར་མི་
ལྡན་པའི་འདུ་བྱེད་ཀྱི་འགོག་པའི་སྙོམས་པར་འཇུག་པའི་སྐབས་སུ་བྲིས་པ་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཀྱང་བཤད་པར་བྱའོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དེ་མ་ཐག་ཁོ་ནར་དགེ་སློང་དག་ཁྱེད་ད་ལ་རྟེན་ཅིང་འབྲེལ་
པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམ་པར་བཤད་པར་བྱ་ཞེས་མདོ་བྲིས་པ་བལྟ་བར་བྱའོ། །འདི་ནི་མདོའི་དོན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་རྟེན་ཅིང་འབྲེལ་
เล่ม ๑๔๖ · หน้า 139b
པར་འབྱུང་བའི་ཐོག་མ་དང་། རྣམ་པར་དབྱེ་བ་བཤད་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་གང་ཞེ་ན། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་
བྱེད་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་
པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀུན་དུ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་
དུ་འབྱུང་བར་འགྱུར་ཏེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཞེས་བྱའོ། །རྣམ་པར་དབྱེ་བ་གང་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་འབྱུང་བ་མ་རིག་པ་གང་ཞེ་ན། སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་
དང་། ནང་མི་ཤེས་པ་དང་། ཕྱི་མི་ཤེས་པ་དང་། ནང་དང་ཕྱི་རོལ་མི་ཤེས་པ་དང་། ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་པ་དང་། རྒྱུ་མི་ཤེས་པ་དང་། འབྲས་བུ་མི་ཤེས་པ་དང་། རྒྱུ་དང་འབྲས་བུ་མི་ཤེས་པ་དང་། སངས་རྒྱས་མི་ཤེས་པ་དང་།
ཆོས་མི་ཤེས་པ་དང་། དགེ་འདུན་མི་ཤེས་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མི་ཤེས་པ་དང་། རྒྱུ་ལས་བྱུང་བའི་ཆོས་རྣམས་མི་ཤེས་པ་དང་། དགེ་བ་དང་མི་དགེ་བ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། བརྟེན་
པར་བྱ་བ་དང་། བརྟེན་པར་བྱ་བ་མ་ཡིན་པ་རྣམས་དང་། སྤང་བྱ་དང་སྤང་བྱ་མ་ཡིན་པ་རྣམས་དང་། དཀར་པོ་དང་། ནག་པོ་རྣམས་དང་། རྣམ་པར་དབྱེ་བ་དང་བཅས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་མི་ཤེས་པ་དང་། འདི་ལྟར་རེག་པའི་སྐྱེ་མཆེད་དྲུག་འདི་ལྟར་ཡང་
เล่ม ๑๔๖ · หน้า 140a
དག་པ་ཇི་ལྟ་བ་བཞིན་སོ་སོར་མ་རིག་པ་སྟེ། གང་ཡང་དེ་དང་དེ་ལ་མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་མ་རྟོགས་པ་དང་། མུན་པ་དང་། རྨོངས་པ་མ་རིག་པའི་མུན་པ་ཞེས་བྱ་བ་སྟེ་འདི་ནི་མ་རིག་པ་ཞེས་བྱའོ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་གང་ཞེ་ན། འདུ་བྱེད་ནི་
རྣམ་པ་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་འབྱུང་བ་རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་
པར་ཤེས་པའོ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱུང་བ་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་གང་ཞེ་ན། གཟུགས་གང་ཅི་ཡང་རུང་བ་དེ་
ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། གཟུགས་འདི་དང་སྔར་བསྟན་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་འབྱུང་བ་སྐྱེ་མཆེད་དྲུག་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་སྟེ། མིག་
ནང་གི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནང་གི་སྐྱེ་མཆེད་དོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་འབྱུང་བ་རེག་པ་གང་ཞེ་ན། རེག་པའི་ཆོས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའོ། །རེག་པའི་
རྐྱེན་གྱིས་ཚོར་བ་ཞེས་འབྱུང་བ་ཚོར་བ་གང་ཞེ་ན། ཚོར་བ་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའོ། །ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་འབྱུང་བ་སྲེད་པ་གང་ཞེ་ན། སྲེད་པ་གསུམ་སྟེ། འདོད་པའི་སྲེད་པ་དང་། གཟུགས་ཀྱི་སྲེད་པ་དང་།
གཟུགས་མེད་པའི་སྲེད་པའོ། །སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་འབྱུང་བ་ལེན་པ་གང་ཞེ་ན། ཉེ་བར་ལེན་པ་བཞི་སྟེ། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་
เล่ม ๑๔๖ · หน้า 140b
འབྱུང་བ་སྲིད་པ་གང་ཞེ་ན། སྲིད་པ་རྣམ་པ་གསུམ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་འབྱུང་བ་སྐྱེ་བ་གང་ཞེ་ན། སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་མཐུན་པ་དེ་དང་དར་སྐྱེ་ཞིང་ཡང་དག་པར་སྐྱེ་བ་དང་།
འཇུག་པ་དང་། མངོན་པར་གྲུབ་པ་དང་། རབ་ཏུ་བྱུང་བ་དང་། ཕུང་པོ་ཐོབ་ཅིང་ཁམས་དང་སྐྱེ་མཆེད་ཐོབ་ལ། ཕུང་པོ་མངོན་པར་གྲུབ་ཅིང་དབང་པོ་དང་གྲོང་མངོན་པར་རབ་ཏུ་བྱུང་བ་སྟེ་འདི་ནི་སྐྱེ་བ་ཞེས་བྱའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་འབྱུང་བ་རྒ་ཤི་གང་ཞེ་ན། གང་སྤྱི་ཐེར་དང་། སྐྲ་དཀར་
དང་། འཁྱོགས་ཤིང་གཉེར་མ་མང་བ་དང་། སྒུར་པོ་སྒུ་བོ། གྲེ་བ་སྒྲ་ངར་ངར་པོས་འགགས་པ། ལུས་སྒུ་ཞིང་འཁར་བ་ལ་བརྟེན་པ། སྨེ་བའི་ཐིག་ལེས་ལུས་ཉམས་པ། ལུས་བཅིངས་ཤིང་བཅིངས་པ་དང་། དབང་པོ་རྣམས་ཡོངས་སུ་ཉམས་ཤིང་ཡོངས་སུ་སྨིན་པ་དང་། འཇིག་པ་དང་
འདུ་བྱེད་རྣམས་ཡོངས་སུ་རྙིངས་ཤིང་རྒས་པར་གྱུར་པ་འདི་ནི་རྒ་བ་ཞེས་བྱའོ། །འཆི་བ་གང་ཞེ་ན། སེམས་ཅན་གྱི་སྐལ་པ་མཉམ་པ་དེ་དང་དེ་ལས་འཆི་འཕོ་ཞིང་འཇིག་ལ་ནུབ་ཅིང་ཚེ་དང་དྲོད་ཉམས་ལ་ཕུང་པོ་འཕོས་ཤིང་དབང་པོ་རྣམས་འགགས་ཏེ། ཤི་ཞིང་དུས་བྱེད་པར་འགྱུར་བ་འདི་ནི་འཆི་བ་
ཞེས་བྱ་སྟེ། འཆི་བ་འདི་དང་རྒ་བ་གཉིས་ག་གཅིག་ཏུ་བསྡུས་ནས་རྒ་ཤི་ཞེས་བྱའོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱང་བའི་རྣམ་པར་དབྱེ་བ་ཞེས་བྱའོ། །དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བ་བཤད་པར་བྱའོ་ཞེས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་
བཤད་དོ། །འདི་ལྟ་སྟེ་གླང་པོའི་རྗེས་ལྟ་བུའི་མདོ་ལས་ཞེས་བྱ་བ་ལ། གླང་པོའི་རྗེས་ལྟ་བུའི་མདོ་བར་མའི་བདུན་པོ་ཐ་མ་ལས་བསྟན་པ་མཛོད་ཀྱི་གནས་དང་པོར་བལྟ་བར་བྱའོ། །དེར་བསྟན་པ་ཕྱོགས་ཙམ་འདི་ལྟར་འདོན་ཏེ། སའི་ཁམས་གང་ཞེ་ན། ཚེ་དང་ལྡན་པ་དག་སའི་ཁམས་ནི་རྣམ་པ་
གཉིས་ཏེ། ནང་དང་ཕྱི་རོལ་གྱིའོ། །ནང་གི་སའི་ཁམས་ཀྱང་ཡོད་དོ། ནང་གི་སའི་ཁམས་གང་ཞེ་ན། གང་ཡང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་སྲ་བ་དང་། མཁྲང་བ་དང་། ཟིན་པ་དང་། ཟིན་པར་གྱུར་པ་སྟེ། དེ་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། རྡུལ་དང་།
เล่ม ๑๔๖ · หน้า 141a
དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། རྩ་དང་། རྒྱུས་པ་དང་། སྙིང་དང་། གློ་བ་དང་། མཆིན་པ་དང་། མཁལ་མ་དང་། རྒྱུ་མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་། གང་རགས་པར་གྱུར་པ་སྟེ། གང་ལུས་འདི་ལ་སྲ་བ་དང་། མཁྲང་བ་ཟིན་པ་
དང་། ཟིན་པར་གྱུར་པ་འདི་ནི་ནང་གི་བདག་ཉིད་ཀྱི་སའི་ཁམས་ཞེས་བྱའོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་ཞེས་བྱ་
བ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བའི་བར་དུའོ། །ཅི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་བྱས་སམ། འོན་ཏེ་གཞན་ཞིག་གིས་བྱས། དགེ་སློང་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ངས་ཀྱང་མ་བྱས་ལ། གཞན་གྱིས་ཀྱང་མ་བྱས་ཀྱི། དེ་བཞིན་
གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ། ཆོས་ཀྱི་དབྱིངས་ཏེ། དེ་བཞིན་གཤེགས་པ་རང་ཉིད་ཀྱིས་མཁྱེན་ཅིང་མངོན་པར་སངས་རྒྱས་ནས་འཆད་པར་བྱེད། སྟོན་པར་བྱེད། རྣམ་པར་འབྱེད་པར་བྱེད། འབྲེལ་པ་དང་སྟོན་ཅིང་ཡང་དག་པར་
གསལ་བར་བྱེད་དེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ། འདི་འབའ་ཞིག་ཀུན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །འདི་ལྟར་འདི་མེད་པས་འདི་མི་
འབྱུང་། འདི་འགགས་པས་འདི་འགག་པར་འགྱུར་ཏེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས་སྐྱེ་བ་དང་རྒ་ཤི་འགག་པར་འགྱུར་ཞེས་བྱ་བའི་བར་དུའོ་ཞེས་བཀའ་སྩལ་ཏོ། །དཔེར་ན་གཞན་ལས་མ་རིག་པ་ཡོད་ན་འདུ་བྱེད་རྣམས་འབྱུང་གི་གཞན་དུ་མ་རིག་པའི་
རྐྱེན་མེད་པར་འདུ་བྱེད་རྣམས་མ་ཡིན་ན་ཞེས་བྱ་བ་ལ། ཡང་དག་པར་ལྡན་པའི་གླེང་གཞི་ལས་དང་ལྡན་པ་དང་། འབྲས་བུ་ཅན་ཞེས་བྱ་བའི་སྡོམ་གྱི་ཚོགས་སུ་བཅད་པ་གསུམ་པའི་མདོ་ས་ཅན་ལས་འདི་ལྟར་འདོན་ཏོ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด