ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๖ · หน้า 168a

མདོའི་ཚིག་གོ། །ཟས་རྣམས་ཀྱང་གང་དག་ཅེ་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཟས་བཞི་པོ་འདི་དག་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་ཅིང་འཚོ་བར་བྱེད་པ། སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་སྟེ། བཞི་གང་

ཞེ་ན། རགས་པ་དང་ཕྲ་བའི་ཁམ་གྱི་ཟས་དང་། གཉིས་པ་རེག་པ་དང་། གསུམ་པ་ཡིད་ལ་སེམས་པ་དང་། བཞི་པ་ནི་རྣམ་པར་ཤེས་པའི་ཟས་སོ་ཞེས་བཀའ་སྩལ་ཏེ། །མདོ་ལས་གནོད་པ་དང་བཅས་པའི་ལུས་མངོན་པར་གྲུབ་ནས་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་

རོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོན་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། ལས་ནི་རྣམ་པ་བཞི་སྟེ། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་ཡོད་དོ། །དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཀྱང་ཡོད། དཀར་གནག་ལ་རྣམ་པར་སྨིན་

པ་དཀར་གནག་གི་ལས་ཀྱང་ཡོད། ལས་མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་ལ་ལས་དེ་དག་ཟད་པའི་ཕྱིར་འཇུག་པའི་ལས་ཀྱང་ཡོད་དོ། །གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་གང་ཞེ་ན། ཇི་ལྟར་གནོད་པ་དང་བཅས་པའི་ལུས་ཀྱི་འདུ་བྱེད་བྱེད་ཅིང་བསགས་པ་དང་། གནོད་

པ་དང་བཅས་པའི་ངག་དང་ཡིད་ཀྱི་འདུ་བྱེད་བྱེད་ཅིང་བསགས་ཏེ། དེ་གནོད་པ་དང་བཅས་པའི་ལུས་ཀྱི་འདུ་བྱེད་བྱས་ཤིང་བསགས་ལ་གནོད་པ་དང་བཅས་པ་ཉེ་བར་བསགས་ཤིང་བསགས་ནས་གནོད་པ་དང་བཅས་པ་ཉེ་བར་བསགས་ཤིང་བསགས་པས་གནོད་པ་དང་བཅས་པའི་

བདག་ཉིད་ཀྱང་དངོས་པོ་མངོན་པར་འགྲུབ་པར་འགྱུར་ཞིང་། གནོད་པ་དང་བཅས་པའི་བདག་ཉིད་ཀྱི་དངོས་པོ་མངོན་པར་གྲུབ་ནས་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞིང་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེས་ནས་གནོད་པ་དང་བཅས་པའི་རེག་པ་རེག་ལ་གནོད་པ་

དང་བཅས་པའི་རེག་པ་རེག་ནས་གནོད་པ་དང་བཅས་པའི་ཚོར་བ་གཅིག་ཏུ་སྡུག་བསྔལ་བ། གཅིག་ཏུ་དྲག་པ་གཅིག་ཏུ་རྩུབ་པ། གཅིག་ཏུ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ་སེམས་ཅན་དམྱལ་བ་ན་གནས་པ་རྣམས་ཀྱི་ལྟ་བུའོ། །ལས་ཀྱི་སེམས་ཅན་

เล่ม ๑๔๖ · หน้า 168b

རྣམས་སྐྱེད་ཅིང་སྲིད་པར་སྐྱེས་ནས་འདི་ལྟ་བུའི་ངོ་བོ་ཡིད་དུ་མི་འོང་བའི་རེག་པ་རེག་པར་འགྱུར་ཏེ་དེའི་ཕྱིར་སེམས་ཅན་རྣམས་ནི་ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བའོ་ཞེས་ང་སྨྲ་སྟེ། འདི་ནི་གནག་ལ་རྣམ་པར་སྨིན་པ་གནག་པ་ཞེས་བྱའོ། །དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་

གང་ཞེ་ན། འདི་ལྟར་གནོད་པ་མེད་པའི་ལུས་ཀྱི་འདུ་བྱེད་བྱེད་ཅིང་བསགས་པ་དང་གནོད་པ་མེད་པའི་ངག་དང་ཡིད་ཀྱི་འདུ་བྱེད་བྱེད་ཅིང་བསགས་ཏེ་དེ་གནོད་པའི་ལུས་ཀྱི་འདུ་བྱེད་བྱེད་ཅིང་བསགས་ལ་གནོད་པ་མེད་པ་ཉེ་བར་བསགས་ཤིང་གསགས་ནས། གནོད་པ་མེད་པ་ཉེ་བར་བསགས་

ཤིང་བསགས་པས་གནོད་པ་མེད་པའི་བདག་ཉིད་ཀྱི་དངོས་པོ་མངོན་པར་འགྲུབ་པར་འགྱུར་ཞིང་གནོད་པ་མེད་པའི་བདག་ཉིད་ཀྱི་དངོས་པོ་མངོན་པར་གྲུབ་ནས་གནོད་པ་མེད་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞིང་གནོད་པ་མེད་པའི་འཇིག་རྟེན་དུ་སྐྱེས་ནས་གནོད་པ་མེད་པའི་རེག་པ་རེག་པར་

འགྱུར་ཞིང་། གནོད་པ་མེད་པའི་རེག་པ་རེག་ནས་གནོད་པ་མེད་པའི་ཚོར་བ་མྱོང་བ་གཅིག་ཏུ་འདོད་པ། གཅིག་ཏུ་སྡུག་པ། གཅིག་ཏུ་དགའ་བ། གཅིག་ཏུ་ཡིད་དུ་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ་ལྷ་གཞལ་ཡས་ཁང་ལ་གནས་པ་རྣམས་ཀྱི་ལྟ་བུའོ། །ལས་ཀྱི་

སེམས་ཅན་རྣམས་བསྐྱེད་ཅིང་སྲེད་པར་སྐྱེས་ནས་འདི་ལྟ་བུ་ངོ་བོ་ཡིད་དུ་འོང་བའི་རེག་པ་རེག་པར་འགྱུར་ཏེ། དེའི་ཕྱིར་སེམས་ཅན་རྣམས་ནི་ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བའོ་ཞེས་ང་སྨྲ་སྟེ། འདི་ནི་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཞེས་བྱའོ། །དཀར་གནག་ལ་རྣམ་པར་སྨིན་པ་

དཀར་གནག་གི་ལས་གང་ཞེ་ན། ཇི་ལྟར་གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་ལུས་ཀྱི་འདུ་བྱེད་བྱེད་ཅིང་བསགས་པ་དང་། གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་ངག་དང་ཡིད་ཀྱི་འདུ་བྱེད་བྱེད་ཅིང་བསགས་ཏེ། དེ་གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་ལུས་ཀྱི་འདུ་བྱེད་

བྱེད་ཅིང་བསགས་ལ། གནོད་པ་དང་བཅས་པ་དང་གནོད་པ་མེད་པར་ཉེ་བར་བསགས་ཤིང་བསགས་ནས། གནོད་པ་དང་བཅས་པ་དང་གནོད་པ་མེད་པ་ཉེ་བར་བསགས་པས་གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་བདག་ཉིད་ཀྱི་དངོས་པོ་མངོན་པར་འགྲུབ་པར་འགྱུར་ཞིང་། གནོད་

เล่ม ๑๔๖ · หน้า 169a

པ་དང་བཅས་པ་དང་གནོད་པ་མེད་པའི་བདག་ཉིད་ཀྱི་དངོས་པོ་མངོན་པར་གྲུབ་ནས་གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞིང་། གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་བདག་ཉིད་ཀྱི་འཇིག་རྟེན་དུ་སྐྱེས་ནས་གནོད་པ་དང་

བཅས་པ་དང་གནོད་པ་མེད་པའི་རེག་པ་རེག་པར་འགྱུར་ཞིང་གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་རེག་པ་རེག་ནས་གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་ཏེ་འདི་ལྟ་སྟེ་གཅིག་ཏུ་འདོད་པ་དང་མི་འདོད་པ་དང་གཅིག་ཏུ་སྡུག་པ་དང་། མི་སྡུག་

པ་དང་། གཅིག་ཏུ་དགའ་བ་དང་མི་དགའ་བ་དང་། གཅིག་ཏུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་ཏེ་འདི་ལྟ་སྟེ་མི་རྣམས་དང་ལྷའི་ཕྱོགས་གཅིག་ཏུ་བཞག་སྟེ། ལས་ཀྱིས་སེམས་ཅན་རྣམས་བསྐྱེད་ཅིང་སྲིད་པར་སྐྱེས་ནས་འདི་ལྟ་བུའི་ངོ་བོ་ཡིད་དུ་འོང་བ་དང་ཡིད་

དུ་མི་འོང་བའི་རེག་པས་རེག་པར་འགྱུར་ཏེ་དེའི་ཕྱིར་སེམས་ཅན་རྣམས་ནི་ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བའོ་ཞེས་ང་སྨྲའོ། །འདི་ནི་དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་གི་ལས་སོ། །ལས་མི་དཀར་མི་གནག་ལ་རྣམ་པར་སྨིན་པ་མེད་ཅིང་ལས་ཟད་པར་བྱ་བའི་ཕྱིར་འཇུག་པའི་ལས་

གང་ཞེ་ན། གང་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་དེ་ཟད་པར་བྱེད་པའི་སེམས་པ་དང་། གང་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་དེ་ཟད་པར་བྱེད་པའི་སེམས་པ་དང་། གང་དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་གི་ལས་དེ་ཟད་པར་བྱེད་པའི་སེམས་པ་སྟེ། འདི་ནི་ལས་

མི་དཀར་མི་གནག་ལ་རྣམ་པར་སྨིན་པ་མེད་ཅིང་ལས་དེ་དག་ཟད་པར་བྱ་བའི་ཕྱིར་འཇུག་པའི་ལས་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །མཛོད་ཀྱི་གནས་བཞི་པར། དཀར་གནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །ཞེས་བྱ་བར་མདོ་འཆད་པར་འགྱུར་རོ། །དེ་བཞིན་དུ་མདོ་

ལས་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །གང་གིས་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ནི་སྤངས་ལ་སྐྱེས་པའི་ཀུན་དུ་སྦྱོར་བ་མ་ཡིན་པའི་གང་ཟག་ཀྱང་ཡོད། གང་གིས་སྐྱེ་བའི་ཀུན་དུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་མ་ཡིན་པའི་

เล่ม ๑๔๖ · หน้า 169b

གང་ཟག་ཀྱང་ཡོད། གང་གིས་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་སྤངས་ཤིང་སྐྱེ་བའི་ཀུན་དུ་སྦྱོར་བ་ཡང་སྤངས་པ་ཡོད། གང་གིས་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ཡང་མ་སྤངས་ཤིང་སྐྱེ་བའི་ཀུན་དུ་སྦྱོར་བ་ཡང་མ་སྤངས་པའི་གང་ཟག་ཀྱང་ཡོད་དོ་ཞེས་བཀའ་སྩལ་ཏོ། །མུ་

དང་པོ་ནི་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བའི་གོང་དུ་འཕོ་བའོ། །གཉིས་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གསུམ་པ་ནི་དགྲ་བཅོམ་པའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །བཅོམ་ལྡན་འདས་ཀྱིས་ཟས་བཞི་ནི་ཞེས་བྱ་བ་ལ་སོགས་

པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཟས་བཞི་པོ་འདི་དག་ནི་ནད་ཀྱི་རྩ་བ། འབྲས་ཀྱི་རྩ་བ། ཟུག་རྔུའི་རྩ་བ། རྒ་ཤིའི་རྐྱེན་ཡིན་ཏེ། བཞི་གང་ཞེ་ན། རགས་པ་དང་ཕྲ་བའི་ཁམ་གྱི་ཟས་དང་། གཉིས་པ་རེག་པ་དང་། གསུམ་པ་ཡིད་ལ་སེམས་པ་དང་། བཞི་པ་རྣམ་

པར་ཤེས་པའོ། །བཞི་པོ་འདི་དག་ནི་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་བའི་གཞི་སྟེ། གཞི་གང་ཞེ་ན། སངས་རྒྱས་ལ་ཤེས་ནས་དད་པ་ནི་བསོད་ནམས་ཀྱི་རྒྱུ་མཐུན་པ། དགེ་བའི་རྒྱུ་མཐུན་པ། བདེ་བའི་གཞིའོ། །ཆོས་ལ་དང་། དགེ་འདུན་ལ་དང་།

འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་བསོད་ནམས་ཀྱི་རྒྱུ་མཐུན་པ། དགེ་བའི་རྒྱུ་མཐུན་པ། བདེ་བའི་གཞི་ཡིན་ནོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་གིས་ཕྱིའི་དྲང་སྲོང་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་

ཡོད་པ་ནའོ། །དེ་ནས་ཁྱིམ་བདག་ངན་པ་སྦྱིན་པ་ཞེས་བྱ་བ་ལ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ་ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་ངན་པ་སྦྱིན་པ་ལ་བཅོམ་ལྡན་

འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཅི་ཁྱོད་དང་ཁྱིམ་ན་སྦྱིན་པ་དག་གཏོང་ངམ་བསོད་ནམས་དག་བྱེད་དམ། བཙུན་པ་དེ་བཞིན་ཏེ། བདག་གིས་ཁྱིམ་ན་སྦྱིན་པ་དག་གཏོང་བསོད་ནམས་དག་བྱེད་མོད་ཀྱི་ངན་པ་སྦྱིན་གྱི་མཆོག་ཏུ་གྱུར་པ་ནི་མ་ཡིན་ནོ། །ཁྱིམ་བདག་ངན་

เล่ม ๑๔๖ · หน้า 170a

པ་ཡང་རུང་མཆོག་ཏུ་གྱུར་པ་ཡང་རུང་གཉིས་ཀ་ཡང་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་ཏེ། ཁྱིམ་བདག་ངན་པ་ཡང་རུང་མཆོག་ཏུ་གྱུར་པ་ཡང་རུང་དད་པ་མེད་པས་སྦྱིན་པར་བྱེད། མ་གུས་པ་དང་། རང་གི་ལག་ནས་མ་བྱིན་པ་དང་། དུས་མ་ཡིན་པར་སྦྱིན་པར་བྱེད་ན་

དེའི་རྣམ་པར་སྨིན་པར་མྱོང་བར་འགྱུར་བ་ཁྱིམ་གྱི་ལོངས་སྤྱོད་ཆེན་པོ་ཐོབ་པར་མི་འགྱུར་རོ། །གོས་ཀྱི་ལོངས་སྤྱོད་ཆེན་པོ་དང་། གནས་ཀྱི་ལོངས་སྤྱོད་ཆེན་པོ་དང་། མལ་ཆ་དང་སྟན་གྱི་ལོངས་སྤྱོད་དང་། ཟས་ཀྱི་ལོངས་སྤྱོད་ཆེན་པོ་དང་། ཡོངས་སུ་སྤྱོད་པ་ཆེན་པོ་ཐོབ་པར་མི་འགྱུར་ཞིང་།

གཟུགས་དང་སྒྲ་དང་། དྲི་དང་རོ་དང་རེག་བྱ་མཆོག་ཐོབ་པར་མི་འགྱུར་ཏེ་ཁྱིམ་བདག་འདི་ལྟ་བུའི་རང་བཞིན་གྱི་སྦྱིན་པ་སྦྱིན་ན་འདི་ལྟ་བུའི་རྣམ་པར་སྨིན་པར་འགྱུར་རོ། །ཁྱིམ་བདག་ངན་པ་ཡང་རུང་མཆོག་ཏུ་གྱུར་པ་ཡང་རུང་དད་པས་སྦྱིན་པར་བྱེད། གུས་པས་དང་། རང་གི་ལག་ནས་དང་།

དུས་སུ་རྣམ་པ་སྣ་ཚོགས་སྦྱིན་པར་བྱེད་ན། སྦྱིན་པ་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བ་ཁྱིམ་གྱི་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་ཞིང་གོས་ཀྱི་ལོངས་སྤྱོད་ཆེན་པོ་དང་། གནས་ཀྱི་ལོངས་སྤྱོད་ཆེན་པོ་དང་། མལ་ཆ་དང་སྟན་གྱི་ལོངས་སྤྱོད་ཆེན་པོ་དང་། ཟས་ཀྱི་ལོངས་སྤྱོད་ཆེན་

པོ་དང་། ཡོངས་སུ་སྤྱོད་པ་ཆེན་པོ་ཐོབ་པར་འགྱུར་ཞིང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་མཆོག་ཐོབ་པར་འགྱུར་ཏེ། ཁྱིམ་བདག་འདི་ལྟ་བུའི་རང་བཞིན་གྱི་སྦྱིན་པ་སྦྱིན་ན་རྣམ་པར་སྨིན་པ་འདི་ལྟ་བུ་ལ་རེག་པར་བྱའོ། །ཁྱིམ་བདག་སྔོན་བྱུང་བ་འདས་པའི་དུས་ན་བྲམ་ཟེའི་ཤིང་སཱ་ལ་

ཆེན་པོ་ཞེས་བྱ་བ་བྱུང་སྟེ། དེས་བྲམ་ཟེ་རྣམས་ལ་སྦྱིན་པ་འདི་ལྟ་བུ་དག་བཏང་སྟེ། གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་གསེར་གྱིས་བརྒྱན་ཅིང་གསེར་གྱིས་སྤྲས་པ། གསེར་གྱི་དྲ་བས་གཡོགས་ཤིང་། གསེར་གྱིས་བཀབ་པ་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་ངོ་། །རྟ་བརྒྱད་ཁྲི་བཞི་སྟོང་གསེར་

གྱིས་བརྒྱན་ཅིང་གསེར་གྱིས་སྤྲས་པ། གསེར་གྱི་དྲ་བས་གཡོགས་ཤིང་གསེར་གྱིས་བཀབ་པ་དག་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་ངོ་། །ཤིང་རྟ་བརྒྱད་ཁྲི་བཞི་སྟོང་ཤིང་རྟ་བཞི་པོ་རྣམས་ཏེ། གསེར་གྱི་ཤིང་རྟ་རྣམས་དང་། དངུལ་དང་། བཻ་ཌཱུ་རྱ་དང་། ཤེལ་གྱི་རང་བཞིན་གྱི་ཤིང་རྟ་རྣམས་

เล่ม ๑๔๖ · หน้า 170b

ཏེ། སེང་གེའི་པགས་པས་གཡོགས་པ་དང་། སྟག་གི་པགས་པས་གཡོགས་པ་དང་། གུང་གི་པགས་པས་གཡོགས་པ་དང་། ལ་བ་དཀར་པོས་གཡོགས་ཤིང་བ་དན་གྱིས་བརྒྱན་པ་བྲམ་ཟེ་རྣམས་ལ་སྦྱིན་པ་གཏང་ངོ་། །གསེར་གྱི་གཞོང་པ་བརྒྱད་ཁྲི་བཞི་སྟོང་དངུལ་གྱི་ཕྱེ་མས་

བཀང་པ་དང་། དངུལ་གྱི་གཞོང་པ་བརྒྱད་ཁྲི་བཞི་སྟོང་གསེར་གྱི་ཕྱེ་མས་བཀང་པ་དག་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་ངོ་། །གཞལ་ཡས་ཁང་བརྒྱད་ཁྲི་བཞི་སྟོང་གསེར་གྱི་རང་བཞིན་དང་། དངུལ་དང་། བཻ་ཌཱུ་རྱ་དང་། ཤེལ་གྱི་རང་བཞིན་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་ངོ་། །གདན་

བརྒྱད་ཁྲི་བཞི་སྟོང་གདན་རྣམ་པ་བཞི་པོ་གསེར་གྱི་རང་བཞིན་དང་། དངུལ་དང་། བཻ་ཌཱུ་རྱ་དང་། ཤེལ་གྱི་རང་བཞིན་ཏེ། ཀ་ནི་ཀས་གཡོགས་པ་དང་། བྱང་བུས་གཡོགས་པ་དང་། རི་མོ་ཅན་གྱིས་གཡོགས་པ་དང་། རྣམ་པར་འཕེལ་བས་གཡོགས་པ་དང་། པ་ལ་ལེ་ཀས་གཡོགས་

པ་དང་། ཀ་ལིང་ཀའི་གོས་ཀྱིས་གཡོགས་པ་བ་དན་གྱིས་བརྒྱན་པ་དང་། ཕྱོགས་བརྒྱད་ཁྲི་བཞི་སྟོང་ཕྱོགས་རྣམ་པ་བཞི་པོ། ཀ་ཤི་ཀའི་གོས་ཕྲ་མོས་གཡོགས་པ་དང་། །བྲི་མ་ཀ་ཕྲ་མོ་དང་། ཀོ་ཏམ་པ་ཕྲ་མོ་དང་། དུ་གུ་ལའི་རས་ཕྲ་མོས་གཡོགས་པ་དག་གོ། །བ་ལང་བརྒྱད་ཁྲི་བཞི་

སྟོང་གསེར་གྱི་རྭ་དང་དངུལ་གྱི་རྨིག་པ་ཅན་བེའུ་དང་འཇོ་བའི་སྣོད་དང་འཇོ་མཁན་དང་བཅས་པ་དང་བུ་མོ་བརྒྱད་ཁྲི་བཞི་སྟོང་གསེར་གྱི་དཔུང་རྒྱན་དང་མགུལ་རྒྱན་ཅན་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་སྟེ། བཟའ་བ་དང་བཏུང་བ་དང་བཅའ་བ་དང་མྱང་བ་དང་བལྡག་པ་གཞན་ལྟ་སྨོས་ཀྱང་ཅི་

དགོས་ཏེ། ཁྱིམ་བདག་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་དུས་ཀྱི་བྲམ་ཟེ་རྣམས་ལ་འདི་ལྟ་བུའི་ངོ་བོ་སྦྱིན་པ་བྱིན་པ་བས། གང་གིས་ཕྱིའི་དྲང་སྲོང་འདོད་པ་ལ་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟས་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །ཁྱིམ་བདག་གང་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་དུས་

ཀྱི་བྲམ་ཟེ་རྣམས་ལ་འདི་ལྟ་བུའི་སྦྱིན་པ་བྱིན་པ་དང་། གང་གིས་ཕྱིའི་དྲང་སྲོང་འདོད་པ་ལ་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟས་བྱིན་པ་བས། གང་གིས་འཛམ་བུའི་ཚལ་ན་འདུག་པའི་སྐྱེ་བོ་གཅིག་ལ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །ཁྱིམ་བདག་གང་བྲམ་ཟེ་ཤིང་སཱ་ལ་

เล่ม ๑๔๖ · หน้า 171a

ལྟ་བུ་དུས་ཀྱི་བྲམ་ཟེ་རྣམས་ལ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་བྱིན་པ་དང་། གང་གིས་ཕྱིའི་དྲང་སྲོང་འདོད་པ་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་བྱིན་ན་སྦྱིན་པ་དེ་

བས་སྦྱིན་པ་འདི་འབྲས་བུ་ཆེའོ་ཞེས་རྒྱས་པ་དང་པོ་ནས་བརྩམས་ཏེ་ཐམས་ཅད་དུ་བརྗོད་པར་བྱ་སྟེ། ཐ་མ་ནས་བརྩམས་པ་འཆད་པར་འགྱུར་རོ། །གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་རྒྱུན་དུ་ཞུགས་པ་གཅིག་

ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་ནི་འབྲས་བུ་ཆེའོ། །གང་གིས་ལན་ཅིག་ཕྱིར་

འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་ལན་ཅིག་ཕྱིར་འོང་བ་གཅིག་ལ་སྦྱིན་པ་བྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་ལན་ཅིག་ཕྱིར་འོང་བ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་ལན་ཅིག་ཕྱིར་མི་འོང་བའི་འབྲས་བུ་མངོན་

དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་ཕྱིར་མི་འོང་བ་གཅིག་ལ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་

ཕྱིར་མི་འོང་བ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་

དགྲ་བཅོམ་པ་གཅིག་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་དགྲ་བཅོམ་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་ན་སྦྱིན་པ་དེ་བས་འདི་འབྲལ་བུ་ཆེའོ། །གང་གིས་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་

เล่ม ๑๔๖ · หน้า 171b

ཁང་རབ་ཏུ་གནས་པ་བྱེད་ན་སྦྱིན་པ་དེ་བས་འདི་འབྲས་བུ་ཆེའོ། །དེ་བས་ཀྱང་གང་གིས་གཙུག་ལག་ཁང་དེ་ཉིད་དུ་མལ་ཆ་དང་སྟན་འབུལ་བ་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་སྟེགས་དང་སྟན་གྲུ་བཞི་སྦྱིན་པ་དང་། དེ་བས་ཀྱང་གང་གིས་གཙུག་ལག་ཁང་དེ་ཉིད་དུ་དགེ་སློང་རྣམས་ལ་རྗེས་སུ་

མཐུན་པའི་འཚོ་བ་རྟག་ཏུ་འབུལ་བ་དང་། དེ་བས་ཀྱང་གང་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ། །ཆོས་དང་དགེ་འདུན་ལ་སྐྱབས་འགྲོ་བ་དང་། བསླབ་པའི་གཞི་ཡང་དག་པས་བླངས་ཏེ་གནས་ན་སྦྱིན་པ་དེ་བས་འབྲས་བུ་ཆེའོ། །དེ་བས་ཀྱང་གང་གིས་བྱམས་པ་དང་ལྷན་ཅིག་པའི་

སེམས་ཞེས་རྒྱས་པར་སྦྱར་ཏེ། ཁྱིམ་བདག་གང་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་ཀྱི་བྲམ་ཟེ་རྣམས་ལ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་བྱིན་པ་དང་། གང་གིས་ཕྱིའི་དྲང་སྲོང་འདོད་པ་དག་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་སྦྱིན་པ་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་

མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་བྱིན་པ་དང་། གང་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་བྱིན་པ་དང་། གང་གིས་ལན་ཅིག་ཕྱིར་འོང་བ་བརྒྱ་ལ་བྱིན་པ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་

བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་བྱིན་པ་དང་། གང་གིས་ལན་ཅིག་ཕྱིར་མི་འོང་བ་བརྒྱ་ལ་བྱིན་པ་དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་བྱིན་པ་དང་། གང་གིས་དགྲ་བཅོམ་པ་བརྒྱ་ལ་བྱིན་པ་དང་། གང་གིས་ཕྱོགས་བཞིའི་དགེ་སློང་གི་

དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བ་དང་། གང་གིས་དེ་ཉིད་དུ་གཙུག་ལག་ཁང་རབ་ཏུ་གནས་པར་བྱེད་པ་དང་། གང་གིས་མལ་ཆ་དང་སྟན་འབུལ་བ་འདི་ལྟ་སྟེ། ཁྲི་དང་ཁྲེའུ་དང་སྟན་དང་སྟེགས་དང་། སྟན་གྲུ་བཞི་དག་འབུལ་བ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་དགེ་སློང་

རྣམས་ལ་རྗེས་སུ་མཐུན་པའི་འཚོ་བ་ནར་མ་འབུལ་བ་དང་། གང་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་ཡང་དག་པར་བླངས་ཏེ་གནས་པ་དང་། གང་གིས་བྱམས་པ་དང་ལྷན་ཅིག་པའི་སེམས་ཁོ་ན་མེད་པ། གནོད་པ་མེད་པ།

เล่ม ๑๔๖ · หน้า 172a

རྒྱ་ཆེ་བ་ཐམས་ཅད་དུ་ཁྱབ་པ། ཚད་མེད་པས་རྒྱས་པར་བྱེད་པ་བས། གང་གིས་འདུ་བྱེད་ཐམས་ཅད་མི་རྟག་པར་རྗེས་སུ་མཐོང་ཞིང་གནས་པ་དང་། འབད་པས་རྩོལ་བ་དང་བཅས་པར་རྗེས་སུ་མཐོང་བ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་མཐོང་བ་དང་། འགོག་

པར་རྗེས་སུ་མཐོང་བ་དང་། སོ་སོར་ནུབ་པར་རྗེས་སུ་མཐོང་ཞིང་གནས་ན། ཁྱིམ་བདག་འདི་ལྟར་བསླབ་པར་བྱའོ་ཞེས་བཀའ་སྩལ་ཏོ། །འོན་ཀྱང་ལྷའི་བུ་འཆི་བའི་ཆོས་ཅན་དག་ལ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་གྱི་ལྷ་ཁ་དོག་དང་

ལྡན་པ་བདེ་བ་མང་བ་གཞལ་ཡས་ཁང་མཐོ་བའི་ནང་དུ་ཡུན་རིང་དུ་གནས་པ་དག་འདོད་དམ། དགེ་སློང་དག་ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བས་ཀྱང་སུམ་ཅུ་རྩ་གསུམ་གྱི་འོད་མི་ཤེས་ཏེ། འོན་ཀྱང་སུམ་ཅུ་རྩ་གསུམ་པ་རང་གིས་འོད་དམ་འོད་ཟེར་རམ་སྣང་བ་

ཤེས་སོ། །ལྷའི་བུ་འཆི་བའི་ཆོས་ཅན་ལ་སྔོན་དུ་འཆི་བའི་ལྟས་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། གོས་སར་པ་རྙིས་པར་འགྱུར་བ་དང་། མེ་ཏོག་གི་ཕྲེང་བ་མ་རྙིས་པ་རྙིས་པར་འགྱུར་བ་དང་། ལུས་ལ་དྲི་མི་ཞིམ་པ་འབྱུང་བར་འགྱུར་བ་དང་། མཆན་ཁུང་གཉིས་ལ་རྡུལ་འབྱུང་བ་དང་། ལྷའི་

བུ་འཆི་བའི་ཆོས་ཅན་རང་གི་སྟན་ལ་མི་དགའ་བ་སྟེ། སུམ་ཅུ་རྩ་གསུམ་གྱི་ལྷ་དེ་དག་གིས་ལྷའི་བུ་དེ་འཆི་བའི་ཆོས་ཅན་ཡིན་ནོ་ཞེས་རིག་ནས་ལན་གསུམ་དུ་གསོལ་བ་འདེབས་པར་བྱེད་དོ། གྲོགས་པོ་བདེ་འགྲོར་སོང་ཅིག །བདེ་འགྲོར་སོང་ནས་རྙེད་པ་ལེགས་པར་རྙེད་པར་གྱུར་

ཅིག །རྙེད་པ་ལེགས་པར་རྙེད་ནས་སངས་རྒྱས་ཀྱི་བསྟན་པ་ལེགས་པར་གནས་པར་གྱུར་ཅིག་ཅེས་ལན་གསུམ་དུ་གསོལ་བ་འདེབས་པར་བྱེད་དོ། །དེ་ནས་དགེ་སློང་གཞན་ཞིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ།

འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཇི་ཙམ་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བདེ་འགྲོར་འགྲོ་ཞེས་བགྲང་བ་གང་ཞིག་ལགས། ཇི་ཙམ་གྱིས་ན་ཐོབ་པར་བྱ་བ་ལེགས་པར་ཐོབ་པའི་གྲངས་སུ་འགྲོ །ཇི་ཙམ་གྱིས་ན་ལེགས་པའི་གནས་པའི་གྲངས་སུ་འགྲོ །དགེ་སློང་སུམ་ཅུ་རྩ་

เล่ม ๑๔๖ · หน้า 172b

གསུམ་པའི་ལྷ་རྣམས་ཀྱི་བདེ་འགྲོའི་འགྲོ་བ་ནི་མིའོ། །གང་མིར་གྱུར་ནས་དེ་བཞིན་གཤེགས་པས་མཁྱེན་ཅིང་ཆོས་འདུལ་བ་ལ་དད་པ་ཐོབ་པ་ནི་ལྷ་རྣམས་ཀྱི་རྙེད་པ་ལེགས་པར་རྙེད་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་དད་པ་རྒྱས་ཤིང་རྩ་བ་སྐྱེས་ཤིང་གནས་པ་དང་། དགེ་སྦྱོང་

དང་བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པར་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལེགས་པར་གནས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དགེ་སློང་དག་འོན་ཀྱང་མི་རྣམས་ནི་ཚེ་ཐུང་ཞིང་ལྷ་རྣམས་ནི་ཚེ་རིང་བ་སྟེ། མི་རྣམས་

ཀྱི་ལོ་བརྒྱ་གང་ཡིན་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཡིན་ཞིང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་ཏེ། ལྷའི་ལོ་སྟོང་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །གང་གི་ཚེ་ལྷའི་བུ་གཞན་ཞིག་

ལྷའི་འཁོར་མང་པོ་དང་ཚོགས་ཤིང་འདུག་པ་ན། གང་ཚེ་ཟད་ལས་ཟད་བསོད་ནམས་ཟད་པ་ཞིག་གནས་དེ་ནས་ལྟུང་ཞིང་འཆི་འཕོ་སྟེ། མི་རྣམས་དང་སྐལ་བ་མཉམ་པར་འོངས་ཏེ། ཆེར་སྐྱེས་ཤིང་དབང་པོ་ཡོངས་སུ་སྨིན་ཏེ། ལུས་ཀྱི་ལེགས་པར་སྤྱད་པ་ལེགས་པར་སྤྱད། ངག་དང་

ཡིད་ཀྱི་ལེགས་པར་སྤྱད་པ་ལེགས་པར་སྤྱད་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་སྟེ། དགེ་སློང་ལྷའི་བུ་རང་གི་གནས་སྟོང་པ་དེར་སླར་སྐྱེས་ཀྱི་བར་དུ་ལྷའི་འཁོར་དེ་སྟན་ལས་ལྡང་བར་མི་འགྱུར་ཏེ། རྣམ་པར་རྟོག་པ་འདི་ལྟ་བུས་མི་རྣམས་ནི་ཚེ་ཐུང་ཞིང་ལྷ་རྣམས་

ནི་ཚེ་རིང་བ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་གི་ཚེ་ཟད་ལྷ་རྣམས་ནི། །ལྷ་ཡི་རིགས་ནས་འཆི་འཕོ་ཚེ། །གྲོགས་པོ་བདེ་འགྲོ་མི་རྣམས་དང་། །སྐལ་མཉམ་ཉིད་དུ་ཁྱོད་སོང་ཅིག །མིར་གྱུར་དེ་བཞིན་གཤེགས་པ་ལ། །རྟོགས་ཤིང་དད་པ་རྙེད་གྱུར་ཅིག །

དད་པ་དེ་ཡང་གཏན་དུ་དང་། །རྩ་བ་སྐྱེ་ཞིང་གནས་པ་དང་། །ཇི་སྲིད་འཚོ་བར་མི་འཕྲོགས་དང་། །དམ་པའི་ཆོས་རབ་རིག་པ་དང་། །ལུས་ཀྱིས་ཉེས་པར་སྤྱད་སྤངས་ཤིང་། །ངག་གིས་ཉེས་སྤྱད་སྤོང་བ་དང་། །ཡིད་ཀྱིས་ཉེས་སྤྱད་སྤངས་པ་དང་། །ཚད་མེད་ཁྱད་པར་འཕགས་པའོ། །

เล่ม ๑๔๖ · หน้า 173a

ལུས་ཀྱིས་དགེ་བ་བྱེད་པ་དང་། །ངག་གིས་དགེ་བ་བྱེད་པ་དང་། །ཡིད་ཀྱིས་དགེ་བ་བྱེད་པ་དང་། །གཞན་ཡང་ས་སྟེང་དམ་པའི་ཆོས། །ཚངས་པར་སྤྱོད་པ་བསྟེན་གྱུར་ཅེས། །ལན་གསུམ་བར་དུ་ལྷ་རྣམས་ཀྱིས། །ལྷ་ལ་གསོལ་བ་འདེབས་པར་བྱེད། །མི་

རྣམས་ནས་ནི་འཆི་འཕོ་སྟེ། །སླར་ཡང་ཇི་ལྟར་སྔ་མ་བཞིན། །ཞེས་བཀའ་སྩལ་ཏོ། །མདོ་ལས་འཁྲུལ་པ་ཅན་གྱི་ལྟས་བསྟན་པ་ནི་མདོར་མ་བསྡུས་སོ། །ཕུང་པོ་གསུམ་ཞེས་བྱ་བ་ལ། ཚོགས་གསུམ་པ་ལས་དྲུག་པོ་ཡོན་པོ་དང་སྐྱོན་དང་སྙིགས་མ་ཞེས་སྡོམ་གྱི་ཚིགས་སུ་

བཅད་པ་ལས་འདི་ལྟར་འདོན་ཏེ། ཡང་དག་པ་ཉིད་དུ་ངེས་པ་གང་ཞེ་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ལོག་པ་ཉིད་དང་། །ལོག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱའོ། །ཡང་དག་པ་ཉིད་དང་ཡང་དག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་

སྟེ། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་སྟེ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་རྣམས་སོ། །ལོག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། ལོག་པའི་ལྟ་བ་དང་། ལོག་པའི་

རྟོག་པ་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་ཏོ། །ཡང་དག་པ་ཉིད་གང་ཞེ་ན། གང་འདོད་ཆགས་གཏན་སྤངས་པ་དང་། ཞེ་སྡང་གཏན་སྤངས་པ་དང་། གཏི་མུག་གཏན་སྤངས་

པ་དང་། ཉོན་མོངས་པ་དང་བཅས་པ་སྤངས་པའོ། །ཡང་དག་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་ནས། ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུའོ། །དགེ་སློང་དག་ལོག་པ་ཉིད་དང་ལོག་པ་ཉིད་དུ་འགྲོ་བའི་

ལམ་བསྟན་པར་བྱ་ཞིང་། ཡང་དག་པ་ཉིད་དང་ཡང་དག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །དགེ་སློང་དག་ལོག་པ་ཉིད་དང་ལོག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཞིང་ཡང་དག་པ་ཉིད་

เล่ม ๑๔๖ · หน้า 173b

དང་ཡང་དག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་རྣམས་ཀྱི་ངན་འགྲོ་རྣམས་སོ། །ལོག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། མི་དགེ་བ་བཅུའི་ལས་ཀྱི་

ལམ་རྣམས་ཏེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལོག་པར་སྤྱད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམས་སོ། །ཡང་དག་པ་ཉིད་གང་ཞེ་ན། གང་

འདོད་ཆགས་གཏན་སྤངས་པ་དང་། ཞེ་སྡང་གཏན་སྤངས་པ་དང་། གཏི་མུག་གཏན་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པའོ། །ཡང་དག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་

དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ་ཞེས་ངས་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །དགེ་སློང་དག་ལོག་པ་

ཉིད་དང་ལོག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཞིང་ཡང་དག་པ་ཉིད་དང་ཡང་དག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། མཚམས་མེད་པའི་ལས་རྣམས་ཏེ། འདི་ལྟ་སྟེ། མ་

གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །ལོག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། ལོག་པའི་ལྟ་བ་ནས། ལོག་པའི་ཏིང་ངེ་འཛིན་གྱི་བར་དུའོ། །

ཡང་དག་པ་ཉིད་གང་ཞེ་ན། འདོད་ཆགས་གཏན་སྤངས་པ་ལ་སོགས་པ་སྔ་མ་བཞིན་ནོ། །ཡང་དག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན་སྔ་མ་བཞིན་ནོ། །དགེ་སློང་དག་ལོག་པ་ཉིད་དང་ལོག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཞིང་། ཡང་དག་པ་ཉིད་དང་ཡང་དག་པ་ཉིད་དུ་འགྲོ་

เล่ม ๑๔๖ · หน้า 174a

བའི་ལམ་བསྟན་པར་བྱ་ཡིས། ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། མཚམས་མེད་པ་ལྔའི་ལས་རྣམས་ཏེ། སྔ་མ་བཞིན་ནོ། །ལོག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། སྲོག་གཅོད་པ་ནས་ལོག་པར་

ལྟ་བའི་བར་དུའོ། །ཡང་དག་པ་ཉིད་གང་ཞེ་ན། གང་འདོད་ཆགས་གཏན་སྤངས་པ་ལ་སོགས་པ་སྔ་མ་བཞིན་ནོ། །ཡང་དག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། སྔ་མ་བཞིན་ནོ། །དགེ་སློང་དག་ལོག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཞིང་ཡང་དག་པ་ཉིད་དང་ཡང་དག་

པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ་ཞེས་ངས་ཇི་སྐད་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་གསུངས་སོ། །དེ་ལྟར་དེ་དག་དམྱལ་བ་ནི་བརྒྱད་ཅེས་བྱ་བ་ནི་འཇིག་རྟེན་བསྟན་པའི་མཛོད་ཀྱི་གནས་ཀྱི་

གོང་དུ་བྲིས་པ་བཞིན་བལྟ་བར་བྱའོ། །ཡི་དགས་ཀྱི་རྟོག་པ་བརྗོད་པ་ཞེས་བྱ་བ་ལ། ཕྲན་ཚེགས་ཀྱི་སྡེ་སྣོད་ལས་ཉན་ཐོས་ཀྱི་རྣམ་པར་བཤད་པ་བརྒྱ་པ་ལས་འདོན་པ་བཞིན་ཏེ། ཉན་ཐོས་ཀྱི་རྣམ་པར་བཤད་པ་ལས་འདི་ཉུང་བ་བས་ཆེས་གཞུང་ཉུང་བར་བཏུས་པ་སྟེ། སྡོམ་ནི།

གཞལ་ཡས་ཁང་དང་རུས་ཕྲེང་དང་། །འཕགས་མེད་རྣ་འཕྱང་ཤ་དུམ་དང་། །ཁམ་དང་མདའ་དང་མདུང་དང་ནི། །ཕག་མིག་བུམ་པ་ལྔ་པ་ཡིན། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེའི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ལེགས་པ་རྒྱལ་པོའི་ཁབ་བྱ་

རྒོད་ཕུང་པོའི་རི་ལ་གནས་སོ། །དེ་ནས་ཚེ་དང་ལྡན་པ་ལེགས་པ་ནང་པར་ལངས་ཏེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སང་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་

ཏུ་འདུག་ནས་ཚེ་དང་ལྡན་པ་ལེགས་པས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བྱ་རྒོད་ཕུང་པོའི་རི་ལས་བབས་ཏེ་བདག་ཅག་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་འགྲོ་བའི་དུས་ལ་བབ་པོ། །དེའི་ཚེ་ཚེ་དང་ལྡན་པ་

เล่ม ๑๔๖ · หน้า 174b

མཽད་གལ་གྱི་བུ་ཆེན་པོས་ཚེ་དང་ལྡན་པ་ལེགས་པ་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་ཚེ་དང་ལྡན་པ་ལེགས་པ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་བྱ་རྒོད་ཕུང་པོའི་རི་ལས་བབས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་

ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཕྱོགས་གཞན་ཞིག་ན་འཛུམ་ཞིང་འདུག་གོ། །ཚེ་དང་ལྡན་པ་ལེགས་པས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་འཛུམ་པ་མཐོང་ངོ་། །མཐོང་ནས་སྨྲས་པ། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་

རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་ན། འཕགས་པ་མཽད་གལ་གྱི་བུ་ཆེན་པོ་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། ཚེ་དང་ལྡན་པ་ལེགས་པ་དྲི་བ་ལུང་བསྟན་པའི་དུས་ལ་མ་བབ་ཀྱིས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་སྤྱད་ནས་སྟོན་པའི་མདུན་

དུ་དྲིས་ཏེ། དེ་ནས་དྲིས་པ་ལུང་བསྟན་ལ་འཆད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་ཚེ་དང་ལྡན་པ་ལེགས་པ་རྒྱལ་པོའི་ཁབ་ཅུ་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཟོས་པའི་འོག་ཏུ་ལྷུང་བཟེད་གྱུ་ནས་རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས་གང་ན་

བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ལེགས་པས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོས་

འཛུམ་པ་མཛད་པའི་རྒྱུ་གང་ལེགས། རྐྱེན་གང་ལགས། ཚེ་དང་ལྡན་པ་ལེགས་པ་བདག་གིས་སེམས་ཅན་གཞལ་ཡས་ཁང་ལྟ་བུ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་དང་། དྲག་ཅིང་ཚ་ལ་རྩུབ་པའི་ཚོར་བ་སྡུག་བསྔལ་ཉམས་སུ་མྱོང་བ་ཞིག་མཐོང་

ནས། བདག་འདི་སྙམ་དུ་འདི་ལྟ་བུའི་སེམས་ཅན། འདི་ལྟ་བུའི་གནོད་སྦྱིན། འདི་ལྟ་བུའི་བདག་ཉིད་ཀྱི་དངོས་པོ་ཐོབ་པས་འདི་ལྟ་བུ་དྲག་ཅིང་ཚ་ལ་རྩུབ་པའི་སྡུག་བསྔལ་མྱོང་ངོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ངའི་ཉན་ཐོས་

เล่ม ๑๔๖ · หน้า 175a

མིག་དང་ལྡན་པར་གྱུར་པ་ཤེས་པར་གྱུར་པ། ཆོས་ཅན་དུ་གྱུར་ཅིང་གནས་པ་ལེགས་སོ་ལེགས་སོ། །ངའི་ཉན་ཐོས་འདི་ལྟ་བུའི་ཤེས་པ་དང་མཐོང་བར་འགྱུར་བའི་གནས་ཡོད་དོ། །དགེ་སློང་དག་ངས་ཀྱང་འདི་ལྟ་བུའི་སེམས་ཅན་གཟིགས་མོད་ཀྱི་

སུ་ལ་ཡང་མ་གསུངས་ཏེ། ཁ་ཅིག་ངས་བཤད་པ་ལ་མ་དད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁ་ཅིག་དེ་བཞིན་གཤེགས་པས་བཤད་པ་ལ་མ་དད་ན་སྐྱེས་བུ་རྨོངས་པ་དེ་ཡུན་རིང་པོར་དོན་མ་ཡིན་པ་དང་མི་ཕན་པ་དང་སྡུག་བསྔལ་བར་འགྱུར་རོ། །དགེ་སློང་དག་སྔོན་

བྱུང་བ་སེམས་ཅན་འདི་རྒྱལ་པོའི་ཁབ་ཏུ་གཤེད་མའི་སྐྱེས་བུར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་བཙོས་སོ། །ལས་དེ་ཉིད་ཀྱི་ལྷག་མས་འདི་ལྟ་བུའི་སེམས་ཅན། འདི་ལྟ་བུའི་གནོད་

སྦྱིན་འདི་ལྟ་བུའི་བདག་ཉིད་ཀྱི་དངོས་པོ་ཐོབ་སྟེ། འདི་ལྟ་བུའི་དྲག་ཅིང་ཚ་ལ་རྩུབ་པའི་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་ངོ་། །དགེ་སློང་དག་དགེ་སློང་མཽད་གལ་གྱི་བུས་ལུང་བསྟན་པ་ནི་དེ་ཁོ་ན་ལྟར་ཏེ་གཞན་དུ་མ་ཡིན་ནོ་ཞེས་གཟུང་བར་བྱའོ། །གླེང་གཞི་དེ་ཉིད་ཀྱིས་ལས་

བྱས་ནས་བཤད་པའི་བར་དུ་སྟེ། ཚེ་དང་ལྡན་པ་ལེགས་པ་བདག་གིས་སེམས་ཅན་ཀེང་རུས་ཀྱི་ཕྲེང་བ་ཤ་དང་ཁྲག་དང་པགས་པ་དང་བྲལ་བ་མི་གཙང་ཞིང་དྲི་ང་ལ་རྩ་རྒྱུས་ཀྱིས་དཀྲིས་པའི་དྲི་མི་ཞིམ་པ། བྱ་རོག་གིས་ཟ་བ་ལོགས་དག་ན་བྱ་རོག་དང་ཀུན་དུ་རྒྱུ་བ་ནམ་མཁའ་ལས་

གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་དྲག་ཅིང་ཚ་ལ་རྩུབ་པའི་ཚོར་བ་སྡུག་བསྔལ་བ་ཉམས་སུ་མྱོང་བ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཏུ་གཤེད་མ་པའི་སྐྱེས་བུའི་ཁོལ་པོར་སྐྱེས་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ལོ་མང་

པོ་དང་ལོ་བརྒྱ་ཕྲག་མང་པོར་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་པགས་པ་མེད་པ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་དག་མཐོང་སྟེ་ཞེས་བྱ་བ་ནས། རྒྱས་པར་དགེ་སློང་དག་སེམས་ཅན་

เล่ม ๑๔๖ · หน้า 175b

འདི་སྔོན་རྒྱལ་པོའི་ཁབ་ཏུ་ཤན་པའི་སྐྱེས་བུར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ལོ་མང་པོར་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཤའི་དུམ་བུ་ལྟ་བུ་ནམ་མཁའ་ལ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་

ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཏུ་མངལ་རླུགས་པར་བྱེད་པའི་བུད་མེད་དུ་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པ་ཞེས་བྱ་བ་ནས། གཟུང་བར་བྱ་བའི་བར་དུའོ། །མངལ་རླུགས་པར་བྱེད་པ་ཇི་ལྟ་བ་བཞིན་དུ་རླུགས་པར་བྱེད་དུ་འཇུག་

པ་ཡང་དེ་དང་འདྲའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཁབ་ཀྱི་བ་སྤུ་ཅན་ཁབ་འབར་ཞིང་། །རབ་ཏུ་འབར་ལ་འབར་བ་གཅིག་དུ་གྱུར་པ་ལུས་ལས་འབྱུང་ཞིང་འཇུག་པ་ནམ་མཁའ་ལ་གྱེན་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་

དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཏུ་གླང་པོ་ཆེ་འདུལ་བའི་སྐྱེས་བུར་གྱུར་ཏེ། དེ་ལས་དེའི་ལས་ཀྱི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །གླང་པོ་ཆེ་འདུལ་བ་ཇི་ལྟ་བ་བཞིན་དུ་རྟ་འདུལ་བ་དང་། བ་ལང་འདུལ་བ་དང་། གནོད་པར་བྱེད་

པ་ཡང་དེ་དང་འདྲའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་མདའི་བ་སྤུ་ཅན། མདའ་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པ་ལུས་ལས་འབྱུང་ཞིང་འཛུགས་པ་ནམ་མཁའ་ལས་གྱེན་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས། དགེ་སློང་དག་

སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདི་ཉིད་དུ་རི་དགས་འཆོར་བར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པ་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་མདུང་གི་བ་སྤུ་ཅན་མདུང་འབར་ཞིང་རབ་ཏུ་འབར་ལ་མེ་

འབར་བ་གཅིག་ཏུ་གྱུར་པ་ལུས་ལས་འབྱུང་ཞིང་འཇུགས་པ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས། རྒྱས་པར་དགེ་སློང་དག་སེམས་ཅན་འདི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་རྔོན་པའི་ཁོལ་པོར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་

เล่ม ๑๔๖ · หน้า 176a

ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཕག་པའི་མིག་ཅན་ཁ་དང་སྣ་གྱེན་དུ་བལྟས་པ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་

སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་གཤེད་མར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །གཤེད་མ་ཇི་ལྟ་བ་བཞིན་དུ་སྐྲ་འཛིན་པ་ཡང་དེ་བཞིན་ནོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་བུམ་པ་

ཙམ་བུམ་པའི་སྟེང་ན་འདུག་པ་འགྲོ་བ་ན་ཁུར་བ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་དག་ཅེས་བྱ་བ་ནས། རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་སྒྱུ་བྱེད་པའི་སྐྱེས་བུར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པ་ཞེས་བྱ་

བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཁར་བ་ལ་སྒྱུ་བྱེད་པ་ཇི་ལྟ་བ་བཞིན་དུ་སྲང་ལ་སྒྱུ་བྱེད་པ་དང་། གཞལ་བ་ལ་སྒྱུ་བྱེད་པ་བགྲང་པ་ལ་སྒྱུ་བྱེད་པ་ཡང་དེ་བཞིན་ནོ། །སྡོམ་ནི། འབར་དང་གཡོ་དང་རླུང་དང་ནི། །འདྲོགས་དང་རྡུལ་དང་ཚིག་པ་དང་། །མི་གཙང་བུམ་

པ་བུམ་བདུན་དང་། །ལྕེ་དང་ཤིང་འདྲ་ལ་སོགས་པའི། །ཚོགས་དག་ཐ་མ་ཉིད་དག་ཏུ། །སྡེ་ཚན་སྡོམ་དུ་བསྡེབས་པ་ཡིན། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་རང་བཞིན་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པ་ལུས་ལས་འབྱུང་ཞིང་འཇུག་པ་ནམ་

མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཉེ་བར་འགྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཉ་བ་ཇི་ལྟ་བ་བཞིན་ཞེས་བྱ་བ་

ཡང་དེ་བཞིན་ནོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་རང་བཞིན་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་ལ་ནམ་མཁའ་ལ་འཁྱམ་ཞིང་། ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་

เล่ม ๑๔๖ · หน้า 176b

ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ལྟས་མཁན་གྱི་བུད་མེད་དུ་གྱུར་ཏེ། མི་བདེན་པའི་སྒྱུས་སྐྱེ་བོ་མང་པོ་བསླུས་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་རླུང་གི་དཀྱིལ་འཁོར་

ལྟར་འཁྱམ་ཞིང་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ལྟས་མཁན་དུ་གྱུར་ཏེ། དེ་མི་བདེན་པའི་སྒྱུས་སྐྱེ་བོ་མང་པོ་བསླུས་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་

ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་འདྲོགས་ཤིང་འདྲོགས་པ་ལྟ་བུ། ཡི་ཆད་ཅིང་ཡི་ཆད་པ་ལྟ་བུ། སྐྱ་བོ་བསེང་བསེང་པོ། མགོ་གཏུམས་པ་ལྟ་བུ། ཙོག་ཙོག་པོར་འདུག་ནས་ནམ་མཁའ་ལས་གྱེན་དུ་འགྲོ་བ་

སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་བྱི་བྱེད་པར་གྱུར་ལ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །བྱི་བ་པ་ལྟར་བུད་མེད་སླུ་བ་ཡང་དེ་བཞིན་ནོ། །ཚེ་

དང་ལྡན་པ་ལེགས་པ་ངས་སེམས་ཅན་རུལ་ཅིང་མྱགས་ལ་མི་གཙང་བ་དྲི་ངན་ཅིང་དྲི་མི་ཞིམ་པ་ནམ་མཁའ་ལས་གྱེན་དུ་འགྲོ་ཞིང་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་བུད་མེད་གཟུགས་འཚོང་མར་

གྱུར་ལ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་ཉན་ཐོས་ཚུལ་མ་ཡིན་པས་སྤྱན་དྲངས་པ་དང་། དེས་ཁས་མ་བླངས་ནས། དེ་མི་དགའ་ཞིང་ཁྲོས་ནས་རོ་རུལ་བསྐོལ་བའི་ཆུས་གཏོར་རོ། །དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་འདི་ལྟར་གཟུང་

བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལུས་ཀྱི་སྟོད་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པས་དེས་འཇོམས་ཤིང་ནམ་མཁའ་ལས་གྱེན་དུ་འགྲོ་ཞིང་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས། རྒྱས་པར་དགེ་སློང་དག་སེམས་

เล่ม ๑๔๖ · หน้า 177a

ཅན་འདི་སྔོན་བཱ་རཱ་ཎ་སཱེའི་གྲོང་ཁྱེར་དུ་རྒྱལ་པོ་ཀྲྀ་ཀཱིའི་བཙུན་མོ་དམ་པར་གྱུར་ལ། དེ་བུད་མེད་རྣམས་དང་ལྷན་ཅིག་རྒྱལ་པོ་ཀྲྀ་ཀཱིའི་གནས་པ་རྟོགས་པར་བྱེད་པ་ན། དེ་ཡིད་མི་དགའ་བས་རབ་ཏུ་འབར་བའི་ཏིལ་དེ་ལ་གཏོར་རོ། །དེ་ལས་དེའི་རྣམ་པར་སྨིན་

པས་ཞེས་བྱ་བ་ནས། དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་མི་གཙང་བའི་ནང་དུ་ནུབ་པ་མདུན་དང་རྒྱབ་དང་ལོགས་སུ་མི་གཙང་བས་བསྐོར་བ། ཟས་སུ་མི་གཙང་བ་ཟ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་

པར་དགེ་སློང་དག་སེམས་ཅན་འདི་སྔོན་བཱ་རཱ་ཎ་སཱེའི་གྲོང་ཁྱེར་དུ་རྒྱལ་པོ་ཀྲྀ་ཀཱིའི་བྲམ་ཟེ་མདུན་ན་འདོན་དུ་གྱུར་ལ། དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་ཉན་ཐོས་ཟས་ཀྱི་ཕྱིར་སྤྱན་དྲངས་ཏེ། མི་གཙང་བས་བཀང་བའི་གཞོང་པ་སྟེང་དུ་ཟས་ཀྱིས་གཡོགས་ཏེ།

ཇི་སྲིད་དུ་དུས་ཀྱི་མཐར་ཁ་ཅིག་གིས་སྐྱུར་བར་འགྱུར་བ་དང་། གཞན་མི་རྙེད་པར་གྱུར་ཅིག་ཅེས་ཕྱི་ནས་འདི་སྐད་ཅེས་འཕགས་པ་དག་ཞལ་ཟས་བཟང་པོ་འདི་དག་གསོལ་ཅིག་ལོངས་སྤྱོད་ཅིག་ཅེས་སྨྲས་སོ། །དེའི་ཚེ་དགེ་སློང་གི་དགེ་འདུན་ཕལ་ཆེར་ཟན་གཅད་པར་གྱུར་ཏེ། དེ་ལས་

དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་རང་བཞིན་གྱི་བུམ་པ་ལྟ་བུ་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པས་རྣམ་པར་གྲོལ་བ་ལྕགས་བསྐོལ་བས་

སྟེང་དུ་ལྡུགས་པར་བྱེད་པས། ནམ་མཁའ་ལས་གྱེན་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་གཞི་བར་གྱུར་ལ། དེའི་དུས་ན་དགེ་སློང་གི་

དགེ་འདུན་ལ་ཐུན་མོང་དུ་ཏིལ་མར་གྱི་བུམ་པ་དག་རྙེད་པ་ལས། དགེ་སློང་འགྲོ་ན་པོ་གློ་བུར་དུ་འོངས་པ་དང་། དེ་ལ་སེམས་སྐྱེས་པ་ཇི་སྲིད་དུ་དགེ་སློང་གློ་བུར་དུ་འོངས་པ་འདི་མ་སོང་གི་བར་དུ་དགོད་པར་མི་བྱའོ་ཞེས་དེས་དེ་ལྟར་བྱས་པ་དང་། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་

เล่ม ๑๔๖ · หน้า 177b

ནས། སྔ་མ་བཞིན་དུ་དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་གོང་བུ་བདུན་ལྟར་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པ་ལུས་ལས་འབྱུང་ཞིང་འཇུག་པ་དང་། ནམ་མཁའ་ལས་གྱེན་དུ་འགྲོ་ཞིང་སློང་

བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་ཚུལ་དུ་གྱུར་ལ། དེའི་དུས་ན་དགེ་འདུན་ལ་འཛམ་བུའི་འབྲས་བུ་བདུན་རྙེད་པ་ལས་དེས་སྒྱུའི་སེམས་ཀྱིས་བདག་

གིར་བྱས་པ་ལས། །དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་རང་བཞིན་གྱི་སྟེའུ་ལྟ་བུར་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པས་ལྕེ་འཇོམས་ཤིང་ནམ་

མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་ཚུལ་དུ་གྱུར་ཏེ། དགེ་འདུན་གྱི་བུ་རམ་འབགས་པའི་སྟེའུ་རྐུ་བའི་སེམས་ཀྱིས་ལྕེས་

བལྡགས་སོ། །དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་འཁོར་ལོ་ལྟ་བུ་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པས་མཆན་ཁུང་གཉིས་ནས་འཁོར་ལོ་

འཁོར་ཞིང་ནམ་མཁའ་ལས་གྱེན་དུ་འགྲོ་བ། སློང་བའི་སྨྲ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་ཚུལ་དུ་གྱུར་ཏེ། དེའི་དུས་ན་དགེ་འདུན་ལ་སྦྲང་རྩིའི་ཁ་ཟས་ཀྱི་རྙེད་པ་

བྱུང་བ་ལས། དེས་རྐུ་བའི་སེམས་ཀྱིས་སྦྲང་རྩིའི་བུམ་པ་མཆན་ཁུང་དུ་བཅུག་པ་དང་། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་སྣམ་བུ་གོན་པ་ལྕགས་ཀྱི་སྣམ་བུས་

เล่ม ๑๔๖ · หน้า 178a

གཡོགས་པ་ལྕགས་ཀྱི་སྟན་ལ་འདུག་པ། ལྕགས་ཀྱི་གོང་བུ་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པ་ཟས་སུ་ཟ་བ། ནམ་མཁའ་ལས་གྱེན་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་

སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་དམ་བཞག་པར་གྱུར་ལ། དེས་དགེ་འདུན་གྱི་མིང་ངན་དུ་གཉེར་ནས་དགེ་འདུན་གྱི་ལྷག་མ་རང་ཉིད་ཀྱིས་བདག་གིར་བྱས་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། དེ་ལྟར་

གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་ཇི་ལྟ་བ་བཞིན་དུ་དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ཡང་དེ་བཞིན་ནོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་རང་བཞིན་གྱི་ཤིང་རྟ་འཆོས་པར་བྱེད་པ་ན་ལུས་ཀྱི་རྟིང་པ་ནས་ལྟག་པའི་བར་དུ་འགྲོ་བར་བྱེད་ཅིང་།

ལྕགས་ཀྱི་རང་བཞིན་གྱིས་གཞི་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པའི་ལམ་གྱིས་འཇོམས་ཤིང་རབ་ཏུ་འཇོམས་ལ་ནམ་མཁའ་ལས་སྟིང་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་

གྲོང་ཁྱེར་དུ་ཤིང་རྟས་འཚོ་བ་པར་གྱུར་ལ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཁའི་ལྕེ་བཏོན་ཏེ་ལྕགས་ཀྱི་རང་བཞིན་གྱི་ཕུར་པ་བརྒྱས་བཏབ་སྟེ་སེམས་ཅན་དེའི་ལྕེ་ལ་ལྕགས་ཀྱི་

ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་རབ་ཏུ་ཁྱབ་པར་གྱུར་ཏེ། འདི་ལྟ་སྟེ། ཁྱུ་མཆོག་གི་པགས་པ་ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་ཁྱབ་པ་དེ་བཞིན་དུ་སེམས་ཅན་དེའི་ལྕེ་ལྕགས་ཀྱི་ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་ཁྱབ་པར་གྱུར་པ་ནམ་མཁའ་ལས་སྟེང་དུ་འགྲོ་བ། སློང་བའི་

སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས། རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་གཞི་བར་གྱུར་ཏེ། དེས་དགེ་སློང་འོངས་པ་དག་སྐྲོད་པར་བྱེད་དེ་ཚེ་དང་ལྡན་པ་དག་འདི་ན་འདུག་གནས་དང་བཟའ་བ་

เล่ม ๑๔๖ · หน้า 178b

དང་བཏུང་བ་དང་འབྲས་བུ་དག་མེད་ཀྱིས་གནས་གཞན་གང་ན་བཟའ་བ་དང་བཏུང་བ་རྙེད་པ་དེར་སོང་སྟེ་གནས་པར་གྱིས་ཤིག །འདི་ན་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་དང་ན་བའི་རྐྱེན་སྨན་གྱི་ཡོ་བྱད་རྣམས་མེད་དོ་ཞེས་སྐྲོད་པར་བྱེད་དེ། དེར་དགེ་སློང་མ་འོངས་

པ་དག་མི་འོང་ཞིང་འོངས་པ་དག་འགྲོ་བར་བྱེད་དེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཁའི་ལྕེ་བཏོན་ཏེ། ལྕགས་ཀྱི་རང་བཞིན་གྱི་ཕུར་པ་བཏབ་སྟེ། སེམས་ཅན་དེའི་ལྕེ་ལ་ལྕགས་

ཀྱི་རང་བཞིན་གྱི་ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་རབ་ཏུ་ཁྱབ་པར་གྱུར་ཏེ། འདི་ལྟ་སྟེ། ཁྱུ་མཆོག་གི་པགས་པ་ཕུར་པ་རྒྱས་པར་བརྒྱས་ཁྱབ་པ་དེ་བཞིན་དུ་སེམས་ཅན་དེའི་ལྕེ་ལ་ཡང་ལྕགས་ཀྱི་ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་གྱུར་པ། ནམ་མཁའ་ལས་གྱེན་དུ་འགྲོ་བ། སློང་

བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་གཉུག་མར་གནས་པར་གྱུར་ལ། དེ་དགེ་སློང་འོངས་པ་དག་ལ་མགོ་རེག་གི་ས་རྡུལ་ཞེས་སྐྲོད་པར་བྱེད་དེ། དེར་དགེ་

སློང་མ་འོངས་པ་མི་འོང་ལ་འོངས་པ་འགྲོ་བར་བྱེད་དེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཁའི་ལྕེ་བཏོན་ཏེ་ལྕགས་ཀྱི་རང་བཞིན་གྱི་ཕུར་པ་བརྒྱས་བཏབ་སྟེ། སེམས་ཅན་དེའི་ལྕེ་ལ་

ལྕགས་ཀྱི་ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་གྱུར་ཏེ། འདི་ལྟ་སྟེ། ཁྱུ་མཆོག་གི་པགས་པ་ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་རབ་ཏུ་ཁྱབ་པ་དེ་བཞིན་དུ་སེམས་ཅན་དེའི་ལུས་ལ་ལྕགས་ཀྱི་ཕུར་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་དབང་བྱེད་པར་གྱུར་ཏེ། དེ་དགེ་འདུན་ལ་མི་མཐུན་པའི་རྒྱུ་བྱེད་དེ། དེས་དགེ་འདུན་ཀུ་ཙི་དང་བཅས་པ་དང་། སྨྲ་བ་དང་བཅས་པ་དང་། རྩོད་པ་ཉེ་བར་འཛིན་པས་དེར་དགེ་སློང་མ་འོངས་པ་མི་འོང་ཞིང་འོངས་པ་དག་ཀྱང་འགྲོ་སྟེ། དེ་

เล่ม ๑๔๖ · หน้า 179a

ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ་ཞེས་གསུངས་སོ། །ཤིང་ལས་མི་འདའ་བ་ལས་དགོངས་ནས་གསུངས་པ་ཡིན་ནོ་ཞེས་བྱ་བ་ལ། གང་ལས་བཤད་ཅེ་ན། ཡོངས་འདུའི་མདོ་ལས་ཏེ། ལུང་བར་

མའི་བདུན་པའི་བཞི་པ་འཇིག་རྟེན་བརྟགས་པ་ལས་འདི་ལྟར་འདོན་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ལྷའི་གྲོང་ཁྱེར་གྱི་གཡས་ཕྱོགས་ན་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་ཡོད་དེ། ཡོངས་འདུ་ས་བརྟོལ་དེའི་རྩ་བ་དཔག་ཚད་ལྔ་ས་ལ་ཟུག་ཅིང་། སྲིད་དུ་དཔག་ཚད་ལྔ་བརྒྱ་

སླེབས་པ། ཡོངས་འདུ་ས་བརྟོལ་དེ་ནི་ཡལ་ག་ལྔ་པ་སྟེ། ཡལ་ག་གཅིག་ནི་ཤར་དུ་དཔག་ཚད་ལྔ་བརྒྱར་སླེབས་སོ། །ཡལ་ག་གཉིས་པ་ནི་ལྷོ་ཕྱོགས་སུ་དཔག་ཚད་ལྔ་བརྒྱར་སླེབས་སོ། །ཡལ་ག་གསུམ་པ་ནི་ནུབ་ཕྱོགས་སུ་དཔག་ཚད་ལྔ་བརྒྱར་སླེབས་སོ། །ཡལ་ག་

བཞི་པ་ནི་བྱང་ཕྱོགས་སུ་དཔག་ཚད་ལྔ་བརྒྱར་སླེབས་སོ། །ཡལ་ག་ལྔ་པ་ནི་ནམ་མཁའ་ལ་དཔག་ཚད་ལྔ་བརྒྱར་སླེབས་ཏེ། ཁྱབ་པར་གནས་སོ། །དཔག་ཚད་ལྔ་བརྒྱ་དང་དཔག་ཚད་ལྔ་ནི་ཐད་ཀར་རོ། །དཔག་ཚད་ལྔ་བརྒྱ་ནི་རྒྱར་རོ། །དཔག་ཚད་བཅོ་ལྔ་དང་གསུམ་ནི་ཀུན་ནས་

ཡོངས་སུ་འཁོར་བར་རོ། །ཤིང་ཡོངས་འདུ་ས་བརྟོལ་དེའི་དྲིའི་རྫི་ཕྱོགས་སུ་ནི་དཔག་ཚད་ལྔ་བརྒྱར་རོ། །རྫི་ཕྱོགས་མ་ཡིན་པར་ནི་ལྔ་བརྒྱར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པ་ན་ནང་དུ་ཡང་དག་པར་འཇོག་ལ་འདུག་པ་ན་འདི་ལྟ་བུའི་སེམས་ལ་སེམས་

ཀྱི་ཡོངས་སུ་རྟོགས་པ་སྐྱེས་ཏེ། དྲིའི་རིགས་གསུམ་པོ་འདི་དག་ནི་རྫི་ཕྱོགས་སུ་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་མི་འགྲོ་བ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ་རྩ་བའི་དྲི་དང་། སྡོང་བུའི་དྲི་དང་། མེ་ཏོག་གི་དྲིའོ། །དེ་ལས་གཞན་པའི་དྲིའི་རིགས་གང་ངམ། དྲིའི་རིགས་

གང་ཞིག་རྫི་ཕྱོགས་སུ་ཡང་མི་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་ཡང་མི་འགྲོ་བ་དང་། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་འགྲོ་བ་ཡང་ཡོད་དམ་ཡོངས་སུ་རྟོག་པ་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་གང་

เล่ม ๑๔๖ · หน้า 179b

ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཙུན་པ་བདག་འདི་ན་གཅིག་པུ་དབེན་

པ་ན་ནང་དུ་ཡང་དག་འཇོག་ལ་འདུག་པ་ན་འདི་ལྟ་བུའི་སེམས་ལ་སེམས་ཀྱི་ཡོངས་སུ་རྟོག་པ་སྐྱེས་ཏེ། དྲིའི་རིགས་གསུམ་པོ་འདི་དག་ནི་དྲིའི་རིགས་རྫི་ཕྱོགས་སུ་འགྲོ་ཞིང་ཕྱོགས་མ་ཡིན་པར་མི་འགྲོ་བ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། རྩ་བའི་དྲི་དང་། སྡོང་བུའི་དྲི་དང་། མེ་

ཏོག་གི་དྲིའོ། །དེ་ལས་གཞན་པའི་དྲིའི་རིགས་གང་ངམ་དྲིའི་རིགས་གང་ཞིག་རྫི་ཕྱོགས་སུ་ཡང་མི་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་ཡང་མི་འགྲོ་བ་དང་། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་འགྲོ་བ་དེ་ཡོད་དམ་ཞེས་སེམས་ལ་ཡོངས་སུ་རྟོག་པ་སྐྱེས་སོ། །ཀུན་དགའ་བོ་དེ་དེ་

བཞིན་ཏེ། དྲིའི་རིགས་གསུམ་པོ་འདི་དག་ནི་དྲིའི་རིགས་རྫི་ཕྱོགས་སུ་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་མི་འགྲོ་བ་སྟེ། གསུམ་གང་ཞེ་ན། རྩ་བའི་དྲི་དང་། སྡོང་བུའི་དྲི་དང་། མེ་ཏོག་གི་དྲིའོ། །ཀུན་དགའ་བོ་དེ་ལས་གཞན་པའི་དྲིའི་རིགས་གང་ངམ་དྲིའི་རིགས་གང་ཞིག་

རྫི་ཕྱོགས་སུ་ཡང་མི་འགྲོ་ཞིང་། རྫི་ཕྱོགས་མ་ཡིན་པར་མི་འགྲོ་བ་དང་། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་ཡང་འགྲོ་བ་ཡོད་དེ། ཀུན་དགའ་བོ་དྲིའི་རིགས་གང་ངམ་དྲིའི་རིགས་གང་ཞིག་རྫི་ཕྱོགས་སུ་ཡང་མི་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་ཡང་མི་འགྲོ་བ་དང་། རྫི་ཕྱོགས་

དང་རྫི་ཕྱོགས་མི་ཡིན་པར་འགྲོ་བ་དེ་གང་ཞེ་ན། ཀུན་དགའ་བོ་འདི་ནི་གྲོང་ངམ་གྲོང་ཁྱེར་གཞན་འགའ་ཞིག་ན་སྐྱེས་པའམ་བུད་མེད་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤང་ཞིང་སྲོག་གཅོད་པ་ལས་ལོག་པ་དང་མ་བྱིན་པར་ལན་པ་དང་།

འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་ཅིང་གནས་ན། དེ་ཕྱོགས་དང་ཕྱོགས་མཚམས་སུ་ཡང་དག་པའི་སྐྱེས་བུ་ཡིན་ནོ་ཞེས་གྲགས་པར་འགྱུར་ཏེ། གྲོང་ངམ་

เล่ม ๑๔๖ · หน้า 180a

གྲོང་ཁྱེར་ཆེ་གེ་མོ་ཞིག་ན་སྐྱེས་པའམ་བུད་མེད་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་ལོག་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་

དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་ཞིང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་འདི་ལྟ་བུ་གནས་སོ་ཞེས་གྲགས་པར་འགྱུར་ཏེ། ཀུན་དགའ་བོ་འདི་ནི་དྲིའི་རིགས་གང་ངམ་དྲིའི་རིགས་གང་ཞིག་རྫི་ཕྱོགས་

སུ་ཡང་མི་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་ཡང་མི་འགྲོ་བ་དང་། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་ཡང་འགྲོ་བ་དག་ཡིན་ནོ། །སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བའམ་རྒྱ་སྤོས་ཙན་དན་ཡང་མ་ཡིན། །མཁས་རྣམས་

དྲི་ནི་རྫི་ཕྱོགས་མིན་འགྲོ་སྟེ། །སྐྱེས་བུ་དམ་པ་ཕྱོགས་བཅུ་ཀུན་དུ་འགྲོ། །ཨ་ཀ་རུ་དང་ཙན་དན་དང་། ཨུཏྤ་ལ་དང་བཅས་གསེར་མེ་ཏོག །དྲིའི་རིགས་དེ་དག་རྣམས་ལས་ནི། །ཚུལ་ཁྲིམས་དྲི་མཆོག་བླ་ན་མེད། །ཨ་ཀ་རུ་དང་ཙན་དན་གྱི། །དྲི་ནི་ཅུང་ཟད་ཙམ་ཡིན་ཏེ། །གང་ཞིག་ཚུལ་

ཁྲིམས་ལྡན་པའི་དྲི། །འདི་དང་ལྷར་བཅས་གྲགས་པར་འགྱུར། །ཚུལ་ཁྲིམས་ལྡན་པ་དེ་དག་རྣམས། །བག་མེད་པ་ནི་སྤོང་བར་འགྱུར། །བདུད་ཀྱི་ལམ་གྱིས་མི་འཕྲོགས་ཤིང་། །ཡང་དག་རྗེས་གནང་རྣམ་པར་གྲོལ། །འདི་ནི་བདེ་ལེགས་ལམ་ཡིན་ཏེ། །འདི་ནི་ཤིན་ཏུ་རྣམ་

དག་ལམ། །བསམ་གཏན་ལྡན་ཞུགས་བདུད་རྣམས་ཀྱི། །འཆིང་བ་རབ་ཏུ་ཟློག་པ་ཡིན། །ཞེས་བཀའ་སྩལ་ཏོ། །འདི་ལ་འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །འདོད་པ་སྐྱེ་བ་ནི་རྣམ་པ་གསུམ་

སྟེ། སེམས་ཅན་འདོད་པ་ཉེ་བར་གནས་པ་རྣམས་འདོད་པ་ཉེ་བར་གནས་པ་དག་ལ་དབང་ཕྱུག་གིས་དབང་བྱེད་པ་དག་ཀྱང་ཡོད་དེ། མི་རྣམས་དང་ལྷ་ཁ་ཅིག་སྟེ། འདི་ནི་འདོད་པ་སྐྱེ་བ་དང་པོའོ། །སེམས་ཅན་འདོད་པ་སྤྱོད་པ་རྣམས་འདོད་པ་རྣམས་སྤྲུལ་ཞིང་འདོད་པ་རྣམས་ལ་

เล่ม ๑๔๖ · หน้า 180b

དབང་ཕྱུག་གིས་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དཔེར་ན་འཕྲུལ་དགའི་ལྷ་རྣམས་ལྟ་བུའོ། །འདི་ནི་འདོད་པ་སྐྱེ་བ་གཉིས་པའོ། །སེམས་ཅན་འདོད་པ་གཞན་དག་གིས་སྤྲུལ་པ་རྣམས་ཀྱིས་སྤྲུལ་པ་དག་ལ་དབང་ཕྱུག་གིས་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ།

དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལྟ་བུ་སྟེ། འདི་ནི་འདོད་པ་སྐྱེ་བ་གསུམ་པ་ཡིན་ནོ་ཞེས་གསུངས་སོ། །བདེ་བ་སྐྱེ་བ་དག་ནི་ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་འདོད་པ་སྐྱེ་བའི་རྗེས་ཐོགས་ཀྱི་མདོ་ལས་འབྱུང་བ་མཛོད་ཀྱི་གནས་གཉིས་པར། སྲོག་ནི་ཚེ་ཡིན་ཞེས་

བྱ་བར་འདིར་ལ་ལར་ནི་དང་པོར་སྨོས་པར་རྟོགས་པར་བྱའོ་ཞེས་བྲིས་པ་བལྟ་བར་བྱའོ། །གླིང་བཞི་པ་དང་ཉི་ཟླ་དང་། །ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གསུམ་པོ་འདི་དག་ནི་འཇིག་རྟེན་གྱི་ཁམས་རྣམས་ཏེ། གསུམ་གང་ཞེ་ན། སྟོང་སྤྱི་ཕུད་ཀྱི་འཇིག་

རྟེན་གྱི་ཁམས་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་གང་ཞེ་ན། ཇི་སྲིད་དུ་ཉི་མ་ཕྱོགས་གསལ་ཞིང་སྣང་བར་བྱེད་པ་དེ་སྲིད་དུ་སྟོང་གི་འཇིག་རྟེན་གྱི་ཁམས་ཏེ།

ཉི་མ་སྟོང་དང་། ཟླ་བ་སྟོང་དང་། རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། ནུབ་ཀྱི་བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། ལྷོའི་འཛམ་བུ་གླིང་སྟོང་དང་། རྒྱལ་པོ་ཆེན་པོ་བཞི་སྟོང་དང་། སུམ་ཅུ་རྩ་གསུམ་སྟོང་དང་། འཐབ་བྲལ་སྟོང་དང་། དགའ་ལྡན་

སྟོང་དང་། འཕྲུལ་དགའ་སྟོང་དང་། གཞན་འཕྲུལ་དབང་བྱེད་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་རྣམས་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བརྗོད་དོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་གང་ཞེ་ན། ཇི་སྲིད་དུ་ཉི་མ་ཕྱོགས་སྣང་ཞིང་གསལ་བར་བྱེད་

པ་དེ་སྲིད་དུ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཏེ། ཉི་མ་སྟོང་དང་། ཟླ་བ་སྟོང་དང་། རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། ནུབ་ཀྱི་བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། ལྷོའི་འཛམ་བུ་གླིང་སྟོང་དང་། རྒྱལ་པོ་ཆེན་པོ་བཞི་སྟོང་དང་། སུམ་

เล่ม ๑๔๖ · หน้า 181a

ཅུ་རྩ་གསུམ་སྟོང་དང་། འཐབ་བྲལ་སྟོང་དང་། དགའ་ལྡན་སྟོང་དང་། འཕྲུལ་དགའ་སྟོང་དང་། གཞན་འཕྲུལ་དབང་བྱེད་སྟོང་དང་། ཚངས་པའི་འཇིག་རྟེན་གྱི་ཁམས་སྟོང་རྣམས་ཏེ། འདི་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དགེ་སློང་དག་

གང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཞེ་ན། ཇི་སྲིད་དུ་ཉི་མ་ཕྱོགས་གསལ་བར་བྱེད་པ་དེ་སྲིད་དུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཏེ། ཉི་མ་

སྟོང་དང་། ཟླ་བ་སྟོང་དང་། རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། ནུབ་ཀྱི་བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། ལྷོའི་འཛམ་བུ་གླིང་སྟོང་དང་། རྒྱལ་པོ་ཆེན་པོ་བཞི་སྟོང་དང་། སུམ་ཅུ་རྩ་གསུམ་སྟོང་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་

དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་པའི་འཇིག་རྟེན་གྱི་ཁམས་སྟོང་རྣམས་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། དགེ་སློང་དག་གང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། གང་

སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་ཡི་རང་ངོ་།། །།ཡང་

ཇི་ལྟར་སྣོད་རྣམས་ཀྱི་ཚད་དང་བྱེ་བྲག་ཡོད་པ་དེ་བཞིན་དུ་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ཚད་ཀྱང་བྱེ་བྲག་ཡོད་དམ་ཞེ་ན་ཞེས་བྱ་བ་ལ། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་

དགེ་སློང་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཉན་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་དང་དེའི་དུས་ལ་བབ་ཀྱིས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སེམས་ཅན་རྣམས་ཀྱི་ཚེའི་ཚད་བསྟན་དུ་གསོལ། དགེ་སློང་

เล่ม ๑๔๖ · หน้า 181b

རྣམས་ཀྱིས་ཐོས་ནས་འཛིན་པར་འགྱུར་རོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །བཙུན་པ་དེ་བཞིན་ནོ་ཞེས་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །

དགེ་སློང་དག་དམྱལ་བ་རྣམས་ཀྱི་ཚེའི་ནང་ན་ཆེས་རིང་བ་ནི་བསྐལ་པ་སྟེ་དེ་དག་ལས་དུས་མ་ཡིན་པར་འཆི་བར་འགྱུར་བ་ནི་ཡོད་དོ། །དུད་འགྲོ་རྣམས་ཀྱི་ནང་ན་ཚེ་ཆེས་རིང་བ་ནི་བསྐལ་པ་སྟེ། དུས་མ་ཡིན་པར་འཆི་བར་འགྱུར་བ་ནི་ཡོད་དོ། །དགེ་སློང་དག་གང་མི་རྣམས་ཀྱི་ཉིན་

ཞག་སུམ་ཅུ་གང་ཡིན་པ་དེ་ཡི་དྭགས་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་དེ་ཉིད་ཀྱིས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཡིན་ལ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་ཏེ། དེ་ལྟར་བརྩིས་པའི་ལོ་ལྔ་བརྒྱ་ནི་ཡི་དྭགས་རྣམས་ཀྱི་ཚེའི་ཚད་དོ། །མི་རྣམས་ཀྱི་ཚེའི་ཚད་དུ་

བརྩིས་ན་ལོ་སྟོང་ཕྲག་བཅོ་ལྔར་འགྱུར་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆུ་དང་མགྲིན་པ་སྐམས་ཤིང་ཤིན་ཏུ་སྡུག་བསྔལ་བ། །ལུས་ནི་བྲག་གི་རི་ལྟར་ཆེ་ཞིང་མཐོ། །རང་གིས་

སྐྲ་ཡིས་གཡོགས་ཤིང་རྣམ་པར་བསྒྲིབས། །ཤིན་ཏུ་རིད་ཅིང་ཁ་ནི་ཁབ་མིག་ཙམ། །གཅེར་བུ་རང་གི་སྐྲ་ཡིས་རྣམ་པར་བསྒྲིབས། །རུས་པའི་འཁྲུལ་འཁོར་ཤིན་ཏུ་མཐོ་བ་སྟེ། སྨྲེ་སྔགས་འདོན་ཅིང་ལག་ན་ཀ་པ་ལ་ཐོགས། །དེ་དག་བཀྲེས་སྐོམ་སྡུག་བསྔལ་གྱིས་གདུངས་

ཤིང་། །སློང་བའི་སྒྲ་འབྱིན་ཚོར་བ་སྡུག་བསྔལ་མྱོང་། །སེར་སྣ་བསྟེན་ཅིང་ཕན་ཚུན་ཕྲག་དོག་གི། །ལས་ཀྱི་འབྲས་བུས་ཡི་དྭགས་འཇིག་རྟེན་སྐྱེས། །དགེ་སློང་དག་ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །

དགེ་སློང་དག་ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་ང་ཡིར་བྱ་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་ལ། ཚེ་ངེས་ཤིང་ཚེ་འཕོས་པའི་འོག་ཏུ་འགྲོ་བ་ཁྱད་པར་ཅན་མཐོ་རིས་སུ་

เล่ม ๑๔๖ · หน้า 182a

འགྲོ་སྟེ། དགེ་སློང་དག་རྣམ་པ་འདིས་ན་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ངོ་། །དུས་མ་ཡིན་པར་འཆི་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕོངས་པས་སྡུག་བསྔལ་སེམས་ཅན་

དག །གཞན་གྱི་ནོར་དག་འདོད་བྱེད་ཅིང་། །གཞན་དག་བཀོལ་ཞིང་དམན་པ་དག །དེ་དག་དམ་པ་སྟེན་མི་བྱེད། །ཕྱུག་ཅིང་ནོར་རྣམས་མང་བ་དང་། །ཉེ་བར་ལོངས་སྤྱོད་དང་ལྡན་པས། །ནོར་དང་འབྲས་དང་གཡོག་འཁོར་ལྡན། །དེ་དག་དམ་པ་སྟོན་པར་བྱེད། འདི་ནི་ཇི་སྲིད་

འཚོའི་བར་དུ། །བསོད་ནམས་དགེ་བའི་ལས་བྱེད་པས། །ལྷ་བཞིན་དགའ་བ་དང་ལྡན་པའི། །ཕུན་སུམ་ཚོགས་པ་ཆེན་པོ་འཐོབ། །ལྐོག་གྱུར་མ་ཡིན་འདི་དག་ལྟོས། །འཇིག་རྟེན་བདེ་བ་གང་ཅུང་ཟད། །དེ་དག་སྔོན་གྱི་སྦྱིན་པའི་འབྲས། །སྒྲ་མི་སྙན་པའི་མི་རྣམས་ནི། །ང་ཡིར་མེད་

ཅིང་ཡོངས་འཛིན་མེད། །གོས་མཆོག་རབ་ཏུ་སྟེན་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །དེ་དག་རྣམས་ལ་ནད་མེད་ཅིང་། །དེ་ན་གྲང་དང་དྲོ་བ་མེད། །གཟུགས་དང་ཁ་དོག་ཕུན་སུམ་ཚོགས། །དེ་ནི་སྟོན་གྱི་སྦྱིན་པའི་འབྲས། །བྱང་གི་སྒྲ་མི་སྙན་གླིང་ན། །མ་ཚང་མེད་ཅིང་དུམ་བུ་མིན། །

གཙང་བའི་འབྲུ་དག་སྐྱེ་བ་སྟེ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །ནོར་བུའི་འོད་ཀྱིས་དེ་དག་རྣམས། །རྟག་ཏུ་གསལ་ཞིང་མཛེས་པར་བྱེད། །གང་དེ་རྣམས་ལ་གཙང་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །དེ་ན་ཚོད་མ་ཅུང་ཟད་མེད། །སྲན་མ་སོགས་ཀྱང་ཡོད་མ་ཡིན། །ཁ་དོག་དྲི་

དང་རོར་ལྡན་པའི། །འབྲས་དག་རྟག་ཏུ་ལོངས་སྤྱོད་བྱེད། །རྫ་མ་གཅིག་ཏུ་བཙོས་པ་ནི། །སྟེན་ལས་ལངས་པར་གྱུར་གྱི་བར། །སྣོད་དུ་ཟད་པར་མི་འགྱུར་ཏེ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །ཀུ་བ་བཞིན་དུ་འབྲས་གཞན་གྱིས། །བཅད་ནས་ཡལ་ག་ལས་སླར་སྐྱེ། །མ་སྨིན་པ་ཡང་སྨིན་

པར་བྱེད། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །ཡན་ལག་བརྒྱད་ལྡན་ཆུ་བོ་བཟང་། །དེ་དག་ཆུ་བོ་ཤིན་ཏུ་བསིལ། །འཐུངས་ན་གནོད་པར་མི་འགྱུར་བ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །གླུ་གར་དག་གི་ཤིང་རྣམས་ཀྱིས། །དེ་དག་རྟག་ཏུ་དགའ་བར་བྱེད། །རྟག་ཏུ་ཡིད་ནི་བདེ་བྱེད་པ། །དེ་ནི་

เล่ม ๑๔๖ · หน้า 182b

སྔོན་གྱི་སྦྱིན་པའི་འབྲས། །གླུ་གར་ཤིང་གིས་རབ་མཛེས་ཤིང་། །གོས་ཀྱི་ཤིང་དག་མང་པོ་དང་། །སྤོས་ཤིང་ཕུན་སུམ་ཚོགས་པ་དག །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །གླུ་གར་དྲི་དང་མེ་ཏོག་དང་། །ཆོས་གོས་རྣམས་ལ་རྟག་ཏུ་ནི། །གང་དང་འདྲ་བ་འདོད་པ་དག །དེ་དག་དེ་དང་

འདྲ་བར་འགྱུར། །དེ་དག་ས་གཞི་འཇམ་པ་ནི། །ཤིང་བལ་དག་དང་འདྲ་བ་ལ། །རྟག་ཏུ་རབ་ཏུ་དགའ་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །དེ་དག་ཁྲོ་བ་ཡོད་མིན་ཏེ། །ཕན་ཚུན་དག་ཏུ་རྩེ་ཞིང་དགའ། །ཕྲག་དོག་སེར་སྣ་མེད་པ་དག །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །མཚན་གྱི་

ཐུན་ནི་དང་པོ་ལ། །སྐད་ཅིག་ཙམ་དུ་ཆར་བབ་པས། །རྡུལ་དག་སེལ་བར་བྱེད་པ་ནི། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །དེ་དག་ཡོངས་སུ་འཛིན་མེད་དེ། །མ་ཡིས་བུ་ཡང་ངོ་མི་ཤེས། །མྱ་ངན་མེད་ཅིང་དགའ་བ་སྟེ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །མ་ཡིས་ལམ་སྟོང་དག་ཏུ་ནི། །བསྐྱུར་

ནས་འགྲོ་བར་བྱེད་པ་ན། །མཛུབ་མོའི་རྩེ་ལས་འོ་མ་འཛག །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །འགའ་ཞིག་ཤི་ན་དེ་དག་རྣམས། །ངུ་བར་མི་བྱེད་བསྐྱུར་ཏེ་འགྲོ །གླེང་དག་ཁ་ཡིས་གཙང་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །ཤིན་ཏུ་ཡོངས་སུ་བསྲུངས་པ་སྟེ། །གླུ་དང་གར་གྱིས་

དགའ་བར་བྱེད། །རྩེད་འཇོ་དགའ་བར་བྱེད་པ་དག །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །མི་རྣམས་ཀྱི་ནི་ཚེ་ལོ་དག །སྟོང་ཕྲག་རབ་ཏུ་ཟད་པ་ན། །གཞན་དག་ཏུ་ནི་འཆི་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །མི་ཡི་ལུས་ཀྱི་ཕན་པ་དང་། །ལོངས་སྤྱོད་རྒྱ་ཆེན་ལ་བརྟེན་ནས། །ལྷ་ཡི་ནང་

དུ་སྐྱེ་བ་དག །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །དགེ་སློང་དག་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེ་ནི་འཕེལ་བ་དང་འགྲིབ་པ་ལས་ཤེས་པར་བྱ་སྟེ། ཚེ་ཚད་དཔག་ཏུ་མེད་པ་དང་། ཚེ་ལོ་སྟོང་ཕྲག་བརྒྱ་བཅུ་དང་། ཚེ་ལོ་བརྒྱ་དང་། ཚེ་ལོ་བཅུ་པ་ཡང་ཡིན་ཏེ། དགེ་སློང་དག་ད་ལྟར་ནི་

འཛམ་བུའི་གླིང་གི་མི་རྣམས་ཡུན་རིང་དུ་འཚོ་ན་ལོ་བརྒྱ་ཐུབ་ལ། ཅུང་ཟད་ལྷག་པ་ཡང་ཡོད་དེ། །ཚད་འདི་ཙམ་དུ་ཡང་དག་པའི་བདེ་བ་མྱོང་བར་བྱེད་དོ། །དགེ་སློང་དག་ལོ་བརྒྱ་འཚོ་བ་ན་གནས་སྐབས་བཅུ་ཉམས་སུ་མྱོང་བར་གྱུར་ཏེ། སྔས་མཐོ་བ་ལ་ཉལ་བའི་བྱིས་པ་ནི་གནས་སྐབས་

เล่ม ๑๔๖ · หน้า 183a

དང་པོའོ། །རྩེ་ཞིང་དགའ་བའི་རང་བཞིན་ཅན་ནི་གཞོན་ནུའི་གནས་སྐབས་གཉིས་པའོ། །འདོད་པ་སྤྱོད་ཅིང་ལང་ཚོ་ལ་བབ་པ་ནི་གནས་སྐབས་གསུམ་པའོ། །སྤྲོ་བ་དང་སྟོབས་དང་ལྡན་པ་ནི་གནས་སྐབས་བཞི་པའོ། །ཤེས་རབ་དང་སྤོབས་པ་དང་ལྡན་པ་ནི་

གནས་སྐབས་ལྔ་པའོ། །དྲན་པ་དང་དཔྱོད་པའི་རང་བཞིན་ཅན་ནི་གནས་སྐབས་དྲུག་པའོ། །ཉེས་པ་དང་བཅས་པར་གྱུར་པ་གནས་སྐབས་བདུན་པའོ། །རྒྱལ་པོས་ཤེས་ཤིང་དགའ་བར་གྱུར་པ་ནི་གནས་སྐབས་བརྒྱད་པའོ། །ན་ཞིང་རྒས་པར་གྱུར་པ་ནི་གནས་སྐབས་དགུ་པའོ། །

ཚེ་དང་ཡིད་དང་བྲལ་བར་གྱུར་པ་ནི་གནས་སྐབས་བཅུ་པ་སྟེ། དགེ་སློང་དག་ཚེ་ལོ་བརྒྱ་འཚོ་བ་ན་གནས་སྐབས་བཅུ་ཉམས་སུ་མྱོང་བར་འགྱུར་རོ། །དགེ་སློང་དག་ཚེ་ལོ་བརྒྱ་འཚོ་བ་ན་དུས་ཚིགས་སུམ་བརྒྱར་འཚོ་བར་འགྱུར་ཏེ། དུས་ཚིགས་བརྒྱ་ནི་དགུན་ནོ། །དུས་ཚིགས་བརྒྱ་ནི་སོས་

ཀའོ། །དུས་ཚིགས་བརྒྱ་ནི་དབྱར་རོ། །དུས་ཚིགས་སུམ་བརྒྱར་འཚོ་བ་ན་ཟླ་བ་བརྒྱ་ཕྲག་བཅུ་གཉིས་སུ་འཚོ་བར་འགྱུར་ཏེ། དགུན་ཟླ་བ་བཞི་དང་། སོ་ག་ཟླ་བ་བཞི་དང་། དབྱར་ཟླ་བ་བཞིའོ། །ཟླ་བ་བརྒྱ་ཕྲག་བཅུ་གཉིས་སུ་འཚོ་བ་ན་ཟླ་བ་ཕྱེད་པ་བརྒྱ་ཕྲག་ཉི་ཤུ་རྩ་བཞིར་འཚོ་བར་

འགྱུར་ཏེ། དགུན་བརྒྱད། སོས་ཀ་བརྒྱད། དབྱར་བརྒྱད་དེ། ཟླ་བ་ཕྱེད་པ་བརྒྱ་ཕྲག་ཉི་ཤུ་རྩ་བཞིར་འཚོ་བ་ན་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་འཚོ་བར་འགྱུར་ཏེ། བཅུ་གཉིས་ནི་དགུན་ནོ། །བཅུ་གཉིས་ནི་སོས་ཀའོ། །བཅུ་གཉིས་ནི་དབྱར་རོ། །ཉིན་ཞག་སྟོང་ཕྲག་སུམ་ཅུ་

རྩ་དྲུག་ཏུ་འཚོ་བ་ན་ཁ་ཟས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཟ་བར་འགྱུར་ཏེ། གཞན་ནི་ཕྱེད་ཟ་སྟེ། དེ་ལ་འདི་དག་ནི་ཟས་གཞན་ཏེ། ཁྲོས་པ་ན་ཡང་མི་ཟ། སྡུག་བསྔལ་བ་ན་ཡང་མི་ཟ། རྩོལ་བ་བྱེད་པ་ན་ཡང་མི་ཟ། གསོ་སྦྱོང་བྱེད་པ་ན་ཡང་མི་ཟ། བྱ་བ་ལ་ཆགས་པ་ན་ཡང་མི་ཟ། རྙེད་

པ་ན་ཡང་མི་ཟ། མ་རྙེད་པ་ན་ཡང་མི་ཟ། གཉིད་ལོག་པ་ན་ཡང་མི་ཟ། སྨྱོ་བ་ན་ཡང་མི་ཟ། བག་མེད་པ་ན་ཡང་མི་ཟ་སྟེ། ཟ་བ་དང་མི་ཟ་བ་གཅིག་ཏུ་བསྡུས་ནས་ཟས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དགེ་སློང་དག་ངས་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེའི་ཚད་བཤད་

เล่ม ๑๔๖ · หน้า 183b

ཅིང་། འཆི་བ་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། ཉིན་ཞག་དང་། ཟས་དང་། ཟས་གཞན་ཡང་བཤད་ཟིན་ཏོ། །དགེ་སློང་དག་གང་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེས་ན་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ་

བཅུ་གཉིས་ལ་ལོ་འཁོར་བ་གཅིག་ཡིན་ལ། དེས་ལྷའི་ལོ་ལྔ་བརྒྱ་ནི་རྒྱལ་པོ་ཆེན་པོ་བཞིའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །མི་རྣམས་ཀྱི་ལོའི་གྲངས་སུ་བརྩིས་ན་ལོ་སྟོང་ཕྲག་དགུ་བཅུར་འགྱུར་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་

ཞག་གཅིག་ཡིན་ལ་དེས་ན་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལོའི་འཁོར་གཅིག་སྟེ། དེས་ན་ལོ་ལྔ་བརྒྱ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཚེའི་ཚད་ཡིན་ནོ། །མིའི་ཚེའི་ཚད་དུ་བགྲངས་ན་ལོ་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་དང་། །བྱེ་བ་ཕྲག་སྟོང་ངོ་། །དུས་མ་ཡིན་པར་

འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་བཀའ་སྩལ་ཏོ། །ལུས་ཀྱིས་ཉེས་སྤྱད་སྤྱོད་པ་དང་། །ངག་གི་ཉེས་སྤྱད་སྤྱོད་པ་དང་། །ཡིད་ཀྱིས་ཉེས་སྤྱད་སྤྱོད་པ་དང་། །གང་ཡང་སྐྱོན་དག་སྡུད་བྱེད་པ། །དམྱལ་བའི་ལས་ཀྱི་རྣམ་སྨིན་གྱིས། །ཡང་

སོས་དག་ཏུ་སྐྱེ་འགྱུར་ཏེ། །ལོ་ནི་བྱེ་བ་སྟོང་ཕྲག་ཏུ། །ཡང་སོས་དག་ཏུ་བཅོམ་པར་འགྱུར། །ཕན་ཚུན་ཁོན་ལ་དགའ་བ་དང་། །སྐྱེས་བུ་གནོད་པ་བྱེད་པ་དག །དམྱལ་བ་དག་གི་ལས་རྣམས་ཀྱིས། །ཡང་སོས་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་ཡང་མི་རྣམས་ཀྱི་ཚེ་ལོ་བརྒྱ་གང་ཡིན་

པ་དེ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེ་ཉིད་ཀྱིས་བརྩིས་པའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དེས་ལྷའི་ལོ་སྟོང་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚེའི་ཚད་དོ། །དེ་མི་རྣམས་ཀྱི་ཚེའི་ཚད་ཀྱི་གྲངས་སུ་བརྩིས་

ན་ལོ་བྱེ་བ་ཕྲག་གསུམ་དང་འབུམ་ཕྲག་དྲུག་ཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནི་དམྱལ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་ཏུ་འགྱུར་ལ། དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་ལ། དེས་ནི་ལོ་སྟོང་ནི་དམྱལ་བ་ཆེན་པོ་ཐིག་

เล่ม ๑๔๖ · หน้า 184a

ནག་གི་ཚེ་ཚད་ཡིན་ནོ། །དེ་མི་རྣམས་ཀྱི་ཚེ་ཚད་ཀྱི་གྲངས་སུ་བརྩིས་ན་ལོ་འབུམ་ཕྲག་བྱེ་བ་ཕྲག་བཅུ་གཉིས་དང་། ལོ་སྟོང་ཕྲག་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་སྟེ། དུས་མི་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་

འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་དགེ་འདུན་རྣམས་དང་ནི། །ཕ་དང་མ་ལ་བརྙས་པ་དག །ཐིག་ནག་དག་ཏུ་སྐྱེ་འགྱུར་ཏེ། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །གཞན་དག་གནས་ནས་སྐྲོད་བྱེད་ཅིང་། །སྐྱེས་བུ་མཛའ་བོ་འབྱེད་པ་དག །ཐིག་ནག་དག་ཏུ་སྐྱེ་བར་འགྱུར། །

དེ་བཞིན་དབྱེན་དང་བརྫུན་དག་དང་། །དམྱལ་བ་དག་གི་ལས་རྣམས་ཀྱིས། ཐིག་ནག་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་མི་རྣམས་ཀྱི་ལོ་ཉིས་བརྒྱ་གང་ཡིན་པ་དེ་ནི་ལྷ་འཐབ་བྲལ་བ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ་དེ་ཉིད་ཀྱིས་བརྩིས་པའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་

བ་བཅུ་གཉིས་ལ་ལོ་གཅིག་སྟེ། དེས་ན་ལྷའི་ལོ་ཉིས་སྟོང་ནི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་དོ། །དེ་མི་རྣམས་ཀྱི་ཚེའི་ཚད་ཀྱི་གྲངས་སུ་བརྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་། ལོ་འབུམ་ཕྲག་བཞི་བཅུར་འགྱུར་ཏེ། །དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ཉིད་དམྱལ་བ་ཆེན་པོ་

བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་ཉིས་སྟོང་ནི་དམྱལ་བ་ཆེན་པོ་བསྡུས་འཇོམས་པ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །དེ་མི་རྣམས་ཀྱི་ཚེའི་ཚད་ཀྱི་གྲངས་སུ་བརྩིས་ན་ལོ་བྱེ་བ་ཕྲག་བཅུ་

གཅིག་དང་། ལོ་འབུམ་ཕྲག་བྱེ་བ་ཕྲག་གསུམ་དང་། ལོ་སྟོང་ཕྲག་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་དེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་བ་རྣམ་གསུམ་མི་བྱེད་ཅིང་། །མི་དགེ་རྣམ་པ་གསུམ་བྱེད་

པ། །དམྱལ་བའི་ལས་ཀྱི་རྣམ་སྨིན་གྱིས། །བསྡུས་འཇོམས་དག་ཏུ་སྐྱེ་བར་འགྱུར། །ར་དང་ལུག་དང་མ་ཧེ་དང་། །ཁྱིམ་བྱ་དང་ནི་ཕག་དག་དང་། །དེ་བཞིན་སྲོག་ཆགས་གཞན་གསོད་པ། །བསྡུས་འཇོམས་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་མི་རྣམས་ཀྱི་ལོ་བཞི་བརྒྱ་གང་ཡིན་

เล่ม ๑๔๖ · หน้า 184b

པ་དེ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། །དེ་ཉིད་ཀྱིས་བརྩིས་པའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག །དེས་ན་ལྷའི་ལོ་བཞི་སྟོང་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །དེ་ཉིད་མི་རྣམས་ཀྱི་ཚེའི་ཚད་ཀྱི་གྲངས་སུ་བརྩིས་ན་ལོ་བྱེ་

བ་ཕྲག་ལྔ་བཅུ་རྩ་བདུན་དང་། ལོ་འབུམ་ཕྲག་དྲུག་ཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ཉིད་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ཞག་གཅིག་ཡིན་ལ་དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བཞི་སྟོང་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་

འབོད་པ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །དེ་མི་རྣམས་ཀྱི་ཚེའི་ཚད་དུ་བརྩིས་ན་ལོ་བྱེ་བ་ཕྲག་དྲུག་ཅུ་དང་། ལོ་འབུམ་ཕྲག་བྱེ་བ་ཕྲག་སུམ་ཅུ་རྩ་གཅིག་དང་། ལོ་སྟོང་ཕྲག་བྱེ་བ་ཕྲག་བཞི་བཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་

སྐད་ཅེས་བཀའ་སྩལ་ཏོ། །ལག་པ་ཁྲག་དང་བཅས་པ་ཡིས། །སྲོག་དག་གཅོད་པར་བྱེད་པ་དག །སྡིག་པའི་ལས་དག་ཀུན་སྤྱོད་པ། །ངུ་འབོད་དག་ཏུ་སྐྱེ་བར་འགྱུར། །ཆགས་དང་བྲལ་བཞིན་ངུ་འབོད་དུ། །ཡུན་རིང་དག་ཏུ་བསྲེག་པར་འགྱུར། །སྒྱུ་དང་ཚུལ་འཆོས་བྱེད་པ་དག །

འཇིགས་པའི་སྐད་དག་འདོན་པར་འགྱུར། །དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷའི་ལོ་སྟོང་ཕྲག་བརྒྱད་ནི་འཕྲུལ་དགའི་ལྷ་

རྣམས་ཀྱི་ཚེའི་ཚད་ཡིན་ནོ། །དེ་མི་རྣམས་ཀྱི་ཚེའི་ཚད་དུ་བརྩིས་ན་ལོ་བྱེ་བ་བརྒྱ་ཕྲག་སུམ་ཅུ་དང་། ལོ་འབུམ་ཕྲག་བཞི་བཅུ་སྟེ། དུས་མི་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ཉིད་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་སུམ་ཅུ་ལ་ཟླ་བ་

གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་སྟོང་ཕྲག་བརྒྱད་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་པ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །དེ་ཉིད་མི་རྣམས་ཀྱི་ཚེའི་ཚད་དུ་བརྩིས་ན་ལོ་བྱེ་བ་ཕྲག་དྲུག་ཅུ་རྩ་དྲུག་དང་། ལོ་འབུམ་ཕྲག་བྱེ་བ་ཕྲག་སུམ་ཅུ་རྩ་ལྔ་དང་། སྟོང་ཕྲག་བྱེ་བ་ཕྲག་

เล่ม ๑๔๖ · หน้า 185a

ལྔ་བཅུ་རྩ་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྟ་བའི་ཐིབས་པོས་རབ་གཡོགས་ཤིང་། །སྲེད་པས་ཀུན་ནས་བཏུལ་བ་དང་། །སྡིག་ལས་ཀུན་དུ་སྤྱོད་པ་དག །ངུ་འབོད་

ཆེན་པོར་སྐྱེ་བར་འགྱུར། །གནོད་པ་སྣ་ཚོགས་བྱེད་པ་དང་། ཁྱིམ་དག་འབིགས་པར་བྱེད་པ་དག །འབར་ཞིང་བ་སྤུ་ལངས་པ་ཡི། །ངུ་འབོད་ཆེན་པོར་སྲེག་པར་འགྱུར། །མཛའ་བོ་འབྱེད་པར་བྱེད་པ་དག །རལ་གྱི་བྱ་རྒོད་ཁྭ་དག་གིས། བསྐོར་ཏེ་ཟ་ཞིང་འཇོམས་པར་འགྱུར། །དགེ་སློང་

དག་གང་མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་པ་དེ་ནི་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷའི་ལོ་སྟོང་ཕྲག་བཅུ་དྲུག་ནི་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ལྷའི་ཚེ་ཚད་ཡིན་ནོ། །

དེ་མི་རྣམས་ཀྱི་ཚེའི་ཚད་དུ་བརྩིས་ན་ལོ་བྱེ་བ་ཕྲག་བརྒྱ་ཉི་ཤུ་རྩ་གཅིག་དང་། ལོ་འབྲུམ་ཕྲག་དྲུག་ཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ཉིད་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་ཡིན་ལ། དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་

སྟོང་ཕྲག་བཅུ་དྲུག་ནི་དམྱལ་བ་ཆེན་པོ་ཚ་བ་པ་རྣམས་ཀྱི་ཚེའི་ཚད་ཡིན་ཏེ། དེ་མི་རྣམས་ཀྱི་ཚེའི་ཚད་དུ་བགྲངས་ན་ལོ་བྱེ་བ་བྱེ་བ་ཕྲག་ལྔ་བརྒྱ་དང་། ལོ་བྱེ་བ་ཕྲག་སུམ་ཅུ་དང་། ལོ་འབུམ་ཕྲག་བྱེ་བ་ཕྲག་བརྒྱད་ཁྲི་དང་། སྟོང་ཕྲག་བྱེ་བ་ཕྲག་དྲུག་ཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སྦྱོང་དང་ནི་བྲམ་ཟེ་དང་། །དམ་པ་ཕ་དང་མ་རྣམས་ལ། །རབ་ཏུ་གདུང་བར་བྱེད་པ་དག །རྟག་ཏུ་ཚ་བར་སྐྱེ་བར་འགྱུར། །སྐྱེ་བོ་མང་པོ་རྣམས་ལ་ནི། །ཡོངས་སུ་གདུང་ཞིང་གནོད་བྱེད་པའི། །དམྱལ་

བ་ཡི་ནི་ལས་དག་གིས། །ཚ་བ་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་ཁྱེད་སེམས་ཅན་དམྱལ་བ་ཆུ་བུར་ཅན་རྣམས་ཀྱི་ཚེའི་ཚད་ཉན་པར་འདོད་དམ། དེ་བཞིན་ཏེ་བཅོམ་ལྡན་འདས་དེའི་དུས་ལ་བབ་པོ། །བདེ་བར་གཤེགས་པ་དེའི་དུས་ལ་བབ་ཀྱིས། བཅོམ་ལྡན་འདས་དགེ་སློང་རྣམས་

เล่ม ๑๔๖ · หน้า 185b

ལ་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་བསྟན་དུ་གསོལ། དེ་ཐོས་ནས་དགེ་སློང་རྣམས་ཀྱིས་འཛིན་པར་འགྱུར་རོ། །དགེ་སློང་དག་དེས་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་དག་འདི་ནི་ཡུལ་ཀོ་ས་ལའི་ཏིལ་ཁལ་ཉི་ཤུས་གང་

བའི་སྦྱང་བ་ཁ་སྡོམ་ཅིག་ཡོད་པར་གྱུར་ལ། དེ་ལས་སྐྱེས་བུ་འགའ་ཞིག་གིས་ལོ་བརྒྱ་ཞིང་ཏིལ་འབྲུ་རེ་རེ་བཏོན་ན། དགེ་སློང་དག་ཡུལ་ཀོ་ས་ལའི་ཏིལ་ཁལ་ཉི་ཤུའི་ཏིལ་སྦྱང་མཐར་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་

རྣམས་ཀྱི་ཚེའི་མཐའ་ནི་མ་ཡིན་ནོ་ཞེས་ང་སྨྲའོ། །ཇི་ལྟར་ཆུ་བུར་ཅན་ཉི་ཤུ་གང་ཡིན་པ་དེ་ནི་ཆུ་བུར་རྡོལ་བ་བ་གཅིག་ཡིན་ནོ། །ཇི་ལྟར་ཆུ་བུར་རྡོལ་བ་བ་ཉི་ཤུ་གང་ཡིན་པ་ནི་སོ་ཐམས་ཐམས་པ་གཅིག་ཡིན་ནོ། །ཇི་ལྟར་སོ་ཐམས་ཐམས་པ་ཉི་ཤུ་གང་ཡིན་པ་དེ་ནི་ཨ་ཆུ་ཟེར་བ་གཅིག་ཡིན་ནོ། །ཇི་ལྟར་

ཨ་ཆུ་ཟེར་བ་ཉི་ཤུ་གང་ཡིན་པ་དེ་ནི་ཀྱི་ཧུད་ཟེར་བ་གཅིག་ཡིན་ནོ། །ཇི་ལྟར་ཀྱི་ཧུད་ཟེར་བ་ཉི་ཤུ་གང་ཡིན་པ་དེ་ནི་ཨུཏྤལ་ལྟར་གས་པ་གཅིག་ཡིན་ནོ། །ཇི་ལྟར་ཨུཏྤལ་ལྟར་གས་པ་ཉི་ཤུ་གང་ཡིན་པ་དེ་ནི་པདྨ་ལྟར་གས་པ་གཅིག་ཡིན་ནོ། །ཇི་ལྟར་པདྨ་ལྟར་གས་པ་ཉི་ཤུ་གང་ཡིན་པ་དེ་ནི་པདྨ་ཆེན་པོ་

ལྟར་གས་པ་གཅིག་ཡིན་ནོ། །གང་གི་ཕྱིར་ལྷ་སྦྱིན་གྱི་ཕྱོགས་པ་དགེ་སློང་ཀོ་ཀ་ལི་ཀ་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལ་སེམས་རབ་ཏུ་སྡང་བས་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ཆེན་པོ་ལྟར་གས་པར་སྐྱེས་སོ། །དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་ཀ་བ་ཚིག་པ་ལ་ཡང་གདུག་པའི་

སེམས་བསྐྱེད་པར་མི་བྱ་ན་རྣམ་པར་ཤེས་པ་དང་བཅས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུའི་སྐྱེ་བ་ཐོབ་པ་དག །ཁ་ནས་རྩུབ་པའི་ཚིག་སྨྲ་ཞིང་། །ཉེས་པར་སྤྱད་པ་སྨྲ་བྱེད་

ཅིང་། །བདག་ཉིད་རབ་ཏུ་འཇོམས་པར་བྱེད། །གང་ཞིག་སྨད་བྱ་བསྟོད་བྱེད་ཅིང་། །བསྟོད་བྱ་སྨོད་པར་བྱེད་པ་དང་། །ཁ་ནས་འཐབ་ཅིང་རྩོད་པ་དག །བདེ་བ་མྱོང་བར་མི་འགྱུར་ཏེ། །སྐད་ཅིག་ཙམ་གྱི་དུས་ཀྱིས་ཀྱང་། །རང་གི་ནོར་དག་འཕྲོག་པར་བྱེད། །གང་གི་དུས་ནི་མང་པོ་རུ། །བདེ་གཤེགས་

เล่ม ๑๔๖ · หน้า 186a

ཡིད་རབ་སྡང་བྱེད་པ། །ཆུ་བུར་རྡོལ་དུ་སྟོང་ཕྲག་བརྒྱ། །ཆུ་བུར་ཅན་དུ་སུམ་ཅུ་དྲུག །གང་ཞིག་འཕགས་པ་སྨོད་བྱེད་ཅིང་། ལུས་ངག་ཡིད་ཀྱི་སྡིག་པ་ཅན། །སྡིག་སེམས་མི་བདེན་སྨྲ་བ་དག །བདག་གིས་རབ་ཏུ་བསགས་ནས་ནི། །ཁ་ན་མ་ཐོ་མེད་སྟོབས་ལས། །དེ་དག་ཟད་

ཅིང་སྤོང་བྱེད་འགྱུར། །དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་པ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་ཡིན་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་དགེ་སྤངས་པ་འདོད་པ་ཡི། །འབྲས་

བུ་མཐོ་རིས་སྐྱེ་བར་འགྱུར། །མི་འདོད་པ་ཡི་ལས་བྱེད་པ། །རབ་ཏུ་ཚ་བར་སྐྱེ་བར་འགྱུར། །དགེ་སྦྱོང་དག་དང་བྲམ་ཟེ་དང་། །ཕ་དང་མ་ལ་གནོད་པ་དང་། །དེ་བཞིན་བླ་མ་གནོད་བྱེད་པ། །རབ་ཏུ་ཚ་བར་སྐྱེ་བར་འགྱུར། །དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་རྣམས་ཀྱི་ཚེའི་ཚད་

ནི་བསྐལ་པ་གཅིག་ཡིན་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །གང་གི་ཕྱིར་སྐྱེས་བུ་རྨོངས་པ་ལྷ་སྦྱིན་གྱིས་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲུག་ཕྱུང་བ་དང་། དགེ་སློང་མ་དགྲ་བཅོམ་མ་བསད་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་

སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཞིག་འཕགས་པའི་བསྟན་པ་དང་། །ཆོས་ཀྱིས་འཚོ་བའི་འཕགས་པ་ལ། །རབ་ཏུ་ཁྲོ་བར་བྱེད་པ་དང་། །སྡིག་ཅན་ལོག་ལྟ་སྟོན་བྱེད་པ། །འབྲས་བུ་མགུལ་པ་གཅོད་པ་དང་། །འབྲས་བུ་རང་

ལ་གནོད་པར་འགྱུར། །འདོད་པ་དག་ལས་མ་གྲོལ་ན། །སྡིག་པ་དག་ལས་གྲོལ་མི་འགྱུར། །དགེ་བ་དག་ལས་གྲོལ་བ་དག །སྡིག་ཅན་གདུང་ལས་གྲོལ་མི་འགྱུར། །དེ་དང་དེ་དག་མ་གྲོལ་ན། །ཕ་རོལ་དག་ཏུ་འཆིང་བར་འགྱུར། །འཕགས་པ་འཆིང་བར་མི་འགྱུར་ཏེ། སྡིག་བཅས་བྱིས་པ་

འཆིང་བར་འགྱུར། །རབ་ཏུ་འཚེ་བའི་ལས་བྱས་པས། །དམྱལ་བ་དག་ཏུ་འགྲོ་འགྱུར་ཏེ། །དམྱལ་བའི་ལས་དག་བྱས་པ་ཡིས། །མནར་མེད་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་ཚངས་རིས་པ་རྣམས་ཀྱི་ལྷའི་ཚེ་ཚད་ནི་བསྐལ་པ་ཕྱེད་ཡིན་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་

เล่ม ๑๔๖ · หน้า 186b

ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཅིག་ཡིན་ཏོ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚངས་པ་ཆེན་པོའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དང་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འོད་ཆུང་གི་ལྷ་རྣམས་ཀྱི་ཚེའི་

ཚད་ནི་བསྐལ་པ་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་དེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །

དགེ་སློང་དག་དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཅུ་དྲུག་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚད་མེད་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སུམ་ཅུ་རྩ་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་དགེ་རྒྱས་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་

བསྐལ་པ་དྲུག་ཅུ་རྩ་བཞི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། དགེ་སློང་དག་སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ལྷག་པ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དང་སུམ་བརྒྱ་སྟེ།

དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ལྔ་བརྒྱ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་མི་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་གཅིག་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་

མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་བཞི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་གྱ་ནོམ་སྣང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་

བསྐལ་པ་སྟོང་ཕྲག་བརྒྱད་དེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་བཅུ་དྲུག་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲི་

เล่ม ๑๔๖ · หน้า 187a

སྟེ། །དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་ཁྲི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཁྲི་སྟེ། དུས་

མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་མནར་མེད་པའི་སེམས་ཅན་དམྱལ་བ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་སྲིད་པའི་མཐའ་ནི་

འདི་ཙམ་སྟེ། སྲིད་པར་སྐྱེ་བ་ནི་འདི་ཙམ་སྟེ། འདི་ཙམ་གྱིས་ན་འགྲོ་བ་ལྔར་འཁོར་བའི་སེམས་ཅན་རྣམས་ཀྱི་འགྲོ་བ་དང་། འོངས་པ་དང་། གནས་པ་དང་། འཆི་འཕོ་དང་སྐྱེ་བ་ཞེས་གདགས་སོ། །དགེ་སློང་དག་སྲིད་པ་དང་སྲིད་པར་སྐྱེ་བ་ལ་མངོན་པར་དགའ་བར་མི་བྱའོ། །ཅུང་ཟད་ཙམ་དང་སྐད་ཅིག་ཙམ་དུ་

ཡང་སྲིད་པ་མངོན་པར་འགྲུབ་པའི་བསྔགས་པ་ང་མི་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན་པར་འགྲུབ་པ་ནི་སྡུག་བསྔལ་བ་སྟེ། འདི་ལྟ་སྟེ། མི་གཙང་བ་ནི་ཆུང་ཡང་དྲི་མི་ཞིམ་པར་གསལ་བ་སྟེ། དགེ་སློང་དག་དེ་བཞིན་དུ་ཅུང་ཟད་ཙམ་མམ་སྐད་ཅིག་ཙམ་དུ་སྲིད་པ་མངོན་པར་འགྲུབ་པའི་བསྔགས་པ་

ང་མི་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན་པར་འགྲུབ་པ་ནི་སྡུག་བསྔལ་བའི་ཕྱིར་རོ། །བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ནི་འགྲོ་བ་ལྔའི་འཁོར་བར་རྒྱུག་སྟེ། མངོན་པར་རྒྱུག་ཅིང་རབ་ཏུ་རྒྱུག་ལ་མི་འགྲོལ་ལོ། །ཡང་དང་ཡང་དུ་དམྱལ་བ་དང་། །ཡང་དང་ཡང་དུ་དུད་འགྲོ་དང་། །

ཡང་དང་ཡང་དུ་ཡི་དགས་དང་། །ཡང་དང་ཡང་དུ་ངན་སོང་ངན་འགྲོར་ལྷུང་ངོ་། །དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། སྲིད་པ་དང་སྲིད་པ་མངོན་པར་འགྲུབ་པ་བཅད་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱིས་བསླབ་པར་བྱའོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་

སྩལ་པ་དང་། དགེ་སློང་དག་དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ངོ་།། །།དགེ་སློང་དག་ཀླུ་ཆེན་པོ་བརྒྱད་པོ་འདི་དག་ནི་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཀླུ་ཆེན་པོ་བརྒྱད་པོ་འདི་དག་ནི་བསྐལ་པར་གནས་ཤིང་ས་འཛིན་པ།

เล่ม ๑๔๖ · หน้า 187b

བྱའི་རྒྱལ་པོ་ནམ་མཁའ་ལྡིང་གིས་མི་རྫི་བ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཉམས་སུ་མྱོང་བར་བྱེད། སོ་སོར་ཉམས་སུ་མྱོང་བར་བྱེད་པ་སྟེ། དེ་དག་གང་ཞེ་ན། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་ཉེ་དགའ་བོ་ལ་སོགས་པ་སྟེ། འདི་དག་ནི་མཐུ་དང་རྫུ་འཕྲུལ་རབ་ཏུ་ཆེ་བ་སྟེ། རྒྱ་མཚོ་ལ་བརྟེན་

པ་ལྷ་མ་ཡིན་དང་འཐབ་པ་ལྷའི་དབང་པོ་བརྒྱ་བྱིན་གྱི་དཔུང་བྱེད་པ་སྟེ། སྟོབས་ཆེ་བ། དུག་ཆེ་བ། གཟི་བརྗིད་ཆེ་བ། བྲང་གིས་འགྲོ་བ། འཐབ་མོའི་ཚུལ་སྣ་ཚོགས་པའོ་ཞེས་བཀའ་སྩལ་ཏོ། །ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་པས་ཟད་གྱུར་པ། །ཞེས་བྱ་བ་ལ་སོགས་པ་ལ། གོ་

རིམས་ལས་བཟློག་པར་ལེའུ་གཉིས་པའི་དེ་མ་ཐག་པའི་མདོ་ལས་ཏེ། དབྱངས་དང་ཚོམས་དང་ལྷ་ཡི་སྒོ། །བྲམ་ཟེ་ཀོ་ཀ་གློག་དང་རྒྱལ། །ཡངས་པ་ཅན་རེག་ཉོན་མོངས་དང་། །ཀོ་ཀ་ལི་ཀ་སྲིད་མི་རྟག །ཅེས་འབྱུང་བའི་ཀོ་ཀ་ལི་ཀའི་སྡོམ་གྱི་ཚིགས་སུ་བཅད་པའི་མདོ་ལས་བལྟ་བར་བྱའོ། །ཉི་མ་

བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནི་ལུང་བར་མའི་བདུན་པ་ལས་འདི་སྐད་དུ་འདོན་ཏེ། མཛོད་ཀྱི་གནས་འདི་ཉིད་དུ་སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ་ཞེས་བྱ་བ་དེར་མདོ་ཇི་ལྟ་བ་བཞིན་དུ་ཇི་ལྟར་འདུ་ཤེས་ཐ་དད་པར་ཤེས་པར་བྱེད་པ་བྲིས་ཟིན་ཏོ། །

འཇིག་རྟེན་གདགས་པ་ལས་ཀྱང་ཚིགས་སུ་བཅད་པ་འདི་ལྟར་འབྱུང་སྟེ། དུས་མཐར་འཚོ་བའི་འཇིག་རྟེན་འདིར། །སྤྲིན་ལས་ཆུ་དག་མི་འབྱུང་སྟེ། །རྩྭ་དང་གེལ་པ་གསོ་ཤིང་ཚོགས། །ཉི་མ་གཅིག་གིས་སྲེག་པར་འགྱུར། །དེ་བཞིན་ཆུ་ཀླུང་ཆུང་ངམ་གྲོག །ཉི་མ་གཉིས་པས་ཉམས་ཤིང་སྐམས། །

ཆུ་ཀླུང་ངམ་གྲོག་ཆེན་པོ་དག །གསུམ་པའི་འབར་བས་སྲེག་པར་འགྱུར། །ཡིད་འོང་མ་དྲོས་ཞེས་བྱའི་མཚོ། །མི་མ་ཡིན་ལྡན་རྒྱ་ཆེ་བ། །གཙང་བའི་ཆུ་ཡིས་རབ་གང་བ། །ཉི་མ་བཞི་པས་སྐམས་པར་འགྱུར། །འབྱུང་པོ་ཕལ་ཆེན་ཚོགས་ཀྱི་གནས། །རིན་ཆེན་འབྱུང་གནས་འཇིགས་སྒྲ་

ཅན། །ཉི་མ་བཅུ་ཕྱེད་པས་གདུངས་ཤིང་། །མ་ལུས་ཡོངས་སུ་སྐམས་པར་འགྱུར། །ས་དང་རིན་ཆེན་བཞི་རང་བཞིན། །རི་རབ་དྲུག་པས་གདུངས་པ་ལས། །ཤིན་ཏུ་དུ་བ་འཐུལ་བར་འགྱུར། །བདུན་པའི་འོད་ཟེར་འབར་བ་ཡིས། །ཉི་མ་བདུན་པས་སྲེག་པར་འགྱུར། །ས་འཛིན་པ་

เล่ม ๑๔๖ · หน้า 188a

དང་ས་རྣམས་ནི། །རབ་ཏུ་འབར་བས་སྲེག་པར་འགྱུར། །དེ་ནས་མེ་འོད་རྣོ་ཞིང་མཐོ། །རེས་འགའ་དེ་ཡི་འོད་དག་གིས། །དམྱལ་བ་དང་ནི་ཡི་དགས་སུ། །ཞུགས་ཏེ་རྟག་ཏུ་གདུང་ཞིང་སྲེག། །གཅོད་མེད་ཤིན་ཏུ་འོད་ཟེར་རྣོ། །གཟི་བརྗིད་ཆེན་པོ་དང་ལྡན་པ། །རྟག་ཏུ་

གདུངས་པས་ཉམས་བྱེད་པའི། །རྐུན་མའི་དཔོན་པོ་བདུན་ཞེས་གྲགས། །འདོད་ཆགས་གཞལ་ཡས་ཁང་རྣམས་དང་། །འདོད་པའི་རྣམ་པ་ཀུན་ལྡན་པའི། །ལྷ་མ་ཡིན་གྱི་གནས་རྣམས་དང་། །ཤིན་ཏུ་ཡིད་འོང་འདོད་ལྷའི་ཚོགས། །ཚངས་དང་བཅས་པའང་སྲེག་པར་འགྱུར། །རི་རབ་དང་

ནི་ས་ཆེན་དང་། །ལྷ་རྣམས་ཟད་ཅིང་འགྱུར་ཤེས་ནས། །བློ་ལྡན་དམ་པ་འཕགས་རྣམས་བློ། །ཐར་པའི་གནས་ལ་རྟག་འཇུག་གིས། །མདོ་ལས་ནི་གཙོ་བོ་སྨོས་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་པར་ལྡན་པའི་མདོ་གཉིས་པ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་འཁོར་ལོས་སྒྱུར་བའི་

རྒྱལ་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཇི་ལྟ་བུའི་རང་བཞིན་ཅན་གྱི་འཁོར་ལོ་རིན་པོ་ཆེ་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེ་ན། དགེ་སློང་དག་འདི་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ཚེས་བཅོ་ལྔའི་ཉིན་པར་མགོ་བོ་ཁྲུས་བྱས་ཤིང་གསོ་སྦྱོང་ལ་གནས་ཏེ། ཁང་ཐོག་ཏུ་སོང་སྟེ་བློན་

པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་འདུག་པ་ན། ཤར་ཕྱོགས་ནས་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ལྟེ་བ་དང་མུ་ཁྱུད་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ། མཛེས་པ། བཟོ་བོས་མ་བྱས་པ། ལྷ་རྫས་ཐམས་ཅད་པ། གསེར་གྱི་རང་བཞིན་འབྱུང་བར་འགྱུར་ཏེ། རྒྱལ་པོ་

རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཚེས་བཅོ་ལྔའི་ཉིན་པར་མགོ་བོ་ཁྲུས་བྱས་ཏེ། གསོ་སྦྱོང་ལ་གནས་ཤིང་ཁང་ཐོག་ཏུ་སོང་སྟེ་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་འདུག་པ་ན། ཤར་ཕྱོགས་ནས་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལྟེ་བ་མུ་ཁྱུད་དང་བཅས་པ་རྣམ་པ་ཐམས་ཅད་རྫོགས་པ།

མཛེས་པ་བཟོ་བོས་མ་བྱས་པ། ལྷ་རྫས་ཐམས་ཅད་པ། གསེར་གྱི་རང་བཞིན་དུ་འབྱུང་བར་འགྱུར་རོ་ཞེས་ཐོས་ནས་དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་འདི་སྙམ་དུ་ཅི་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནམ་ཞེས། དེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བརྟག་པར་འདོད་ནས་སྟན་ལས་ལངས་ཏེ་བླ་

เล่ม ๑๔๖ · หน้า 188b

གོས་ཕྲག་པ་གཅིག་ཏུ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་གཉིས་ཀྱིས་འཁོར་ལོ་རིན་པོ་ཆེ་ལེགས་པར་བླངས་ཏེ་ལག་པ་གཡོན་པར་བཞག་སྟེ་ལག་པ་གཡས་པས་འཁོར་ལོ་དེ་སྒྱུར་ཞིང་འདི་སྐད་སྨྲས་ཏེ། འཁོར་ལོ་རིན་པོ་ཆེ་བཟང་པོ་འདིས་སྔོན་གྱི་འཁོར་ལོས་

སྒྱུར་བའི་ལམ་ལས་རྒྱལ་ཞིང་རྣམ་པར་རྒྱལ་བར་བྱེད་པར་གྱུར་ཅིག་ཅེས་སྨྲའོ། །དེ་ནས་འཁོར་ལོ་རིན་པོ་ཆེ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཤར་ཕྱོགས་སུ་སྟེང་གི་ནམ་མཁའ་ལ་འཁོར་ལོ་རིན་པོ་ཆེས་མདུན་དུ་ལམ་དྲངས་ཏེ་མངོན་པར་འཕགས་ཏེ་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་

བའི་རྒྱལ་པོ་འཁོར་ལོ་རིན་པོ་ཆེ་དང་ལྷན་ཅིག་དཔུང་གི་ཚོགས་ཡན་ལག་བཞི་དང་འགྲོ་བ་ན་འཁོར་ལོ་རིན་པོ་ཆེ་གང་དུ་གནས་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་གནས་པར་བྱེད་དོ།། །།ཁམས་མང་པོ་པའི་མདོ་ལས་ཇི་སྐད་བཤད་པ་ལྟ་བུ་

སྟེ། གང་སྔ་ཕྱི་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་འབྱུང་བ་འདི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གཅིག་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གང་སྔ་ཕྱི་མེད་པར་གླིང་གཅིག་ཏུ་འཁོར་ལོས་

སྒྱུར་བའི་རྒྱལ་པོ་གཉིས་འབྱུང་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གཅིག་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ་ཞེས་འབྱུང་བ་མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ནི་ལུང་རིང་པོའི་བདུན་པའི་མདོ་ལས་འདོན་པ་ལྟ་བུ་སྟེ། མཛོད་ཀྱི་གནས་དང་པོར་ཕྱག་འཚལ་བའི་ཚིགས་སུ་བཅད་

པ་འདི་ལྟར་དེ་དག་ལས་སངས་རྒྱས་ཀྱི་ཆོས་དང་ཞེས་བྱ་བ་དེར་བྲིས་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཚངས་པའི་དྲ་བའི་མདོ་ལས་ཞེས་བྱ་བ་ལ། ཏིང་ངེ་འཛིན་དང་ཡང་དག་པར་ལྡན་པའི་མདོ་དྲུག་པ་ལས། དེ་ནས་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

གྲོགས་པོ་དགེ་སྦྱོང་ངམ་བྲམ་ཟེ་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་གང་དེ་དག་གིས་ནང་དུ་ཡང་དག་འཇོག་ཀྱང་ཁྱེད་ཅག་གི་ཚེ་དང་མཉམ་པ་དག་བྱུང་སྟེ། དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ནི་ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བའི་བློ་ཅན། ངེས་པར་འབྱུང་བ་མ་ཡིན་པ་ལ་ཡང་ངེས་པར་འབྱུང་བ་མ་ཡིན་

เล่ม ๑๔๖ · หน้า 189a

པའི་བློ་ཅན་ཏེ། དེ་དེ་ཙམ་དུ་ངེས་པར་འབྱུང་བ་ཤེས་ཤིང་མཐོང་བའི་གནས་མེད་དོ། །ཡང་གྲོགས་པོ་ཁྱེད་ནི་ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བ་མ་ཡིན་པའི་འདུ་ཤེས་ཅན། ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པར་འབྱུང་བའི་འདུ་ཤེས་ཅན་ཏེ། ཁྱོད་ནི་ངེས་པར་འབྱུང་

བ་ཤེས་པའམ་མཐོང་བའི་གནས་མེད་དོ། །ཡང་གྲོགས་པོ་ཁྱེད་ནི་ས་ལ་མངོན་པར་དགའ་བ། ས་ལ་བསྔགས་པ། ངའི་ཉེ་བར་གནས་པ། དངོས་པོ་ལ་ཉེ་བར་གནས་པ། ངའི་ཇི་ལྟར་འདོད་པ་བཞིན་བྱེད་པ། ས་དང་ཆུ་དང་མེ་དང་རླུང་དང་ས་གཞི་དང་ལྷ་དང་སྐྱེ་དགུའི་བདག་པོ་དང་ཚངས་པ་ལ་

མངོན་པར་དགའ་བ་ཚངས་པས་བསྔགས་པ། ཉེ་བར་གནས་པ། དངོས་པོ་ལ་ཉེ་བར་གནས་པ། ཇི་ལྟར་འདོད་པ་བཞིན་བྱ་བའོ། །ཚངས་པ་དེ་བཞིན་ནོ། །དངོས་པོ་བདུན་པོ་དེ་དག་གང་ཡང་རུང་བ་ཞིག་བདག་གི་གྲངས་སུ་འགྲོ་བའམ། དེར་གྱུར་པའམ། དེ་དང་འདྲ་བར་གྱུར་པའམ།

དེ་ལྟ་བུར་གྱུར་ཏམ། ཚངས་པ་ངས་ནི་བརྒྱད་པོ་དེ་དག་དང་ཁྱོད་འཁོར་དང་བཅས་པ་ཡོངས་སུ་ཤེས་སོ། །ཁྱོད་འདི་ལྟ་བུ་རྫུ་འཕྲུལ་དང་ལྡན་པའོ་ཞེས་རིག་གོ། །ཇི་ལྟར་གྲོགས་པོ་ཁྱོད་ཀྱིས་བརྒྱད་པོ་དེ་དག་དང་བདག་འཁོར་དང་བཅས་པ་ཡོངས་སུ་ཤེས་སམ། དེ་ནས་བཅོམ་ལྡན་འདས་

ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཇི་སྲིད་ཉི་མ་མུན་འཕྲོག་ཅིང་། །ཕྱོགས་རབ་སྣང་བར་བྱེད་ཀྱི་བར། །དེ་སྲིད་སྟོང་གི་འཇིག་རྟེན་དུ། །འདི་ལྟར་དབང་སྒྱུར་རབ་ཏུ་བྱེད། །མཆོག་དང་མཆོག་མིན་རབ་ཏུ་ཤེས། །འདོད་ཆགས་བྲལ་དང་བྲལ་མིན་མིན། །འདི་ལྟའི་

དངོས་པོའམ་དངོས་པོ་གཞན། །ཚངས་པ་ཁྱོད་ཀྱིས་ཉམས་སུ་མྱོང་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བདག་ཉིད་ཀྱི་དབང་དུ་བྱས་ཏེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཇི་སྲིད་ཉི་མ་མུན་འཕྲོག་ཅིང་། །ཕྱོགས་རབ་སྣང་བར་བྱེད་ཀྱི་བར། །དེ་སྲིད་སྟོང་གི་འཇིག་རྟེན་ལ། །

བདག་ནི་དབང་རབ་སྒྱུར་བྱེད་ལ། །མཆོག་དང་མཆོག་མིན་རབ་མཁྱེན་ཅིང་། །འདོད་ཆགས་བྲལ་དང་བྲལ་མིན་མཁྱེན། །འདི་ལྟའི་དངོས་པོའམ་དངོས་པོ་གཞན། །ཚངས་པ་ང་ཡིས་ཉམས་སུ་མྱོང་། །མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལ་རྒྱས་པ་དང་ཡང་དག་པར་ལྡན་པའི་མདོ་དང་

เล่ม ๑๔๖ · หน้า 189b

པོ་དང་གཉིས་པའི་མདོ་དང་པོ་ལས་ཏེ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་རིན་པོ་ཆེ་སྣ་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བདུན་གང་ཞེ་ན། འདི་ལྟ་སྟེ།

འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་ནི་བདུན་པ་སྟེ། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ན་རིན་པོ་ཆེ་བདུན་པོ་དེ་དག་འཇིག་རྟེན་

དུ་འབྱུང་བར་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་རབ་ཏུ་བྱུང་ན་བྱང་ཆུབ་ཀྱི་ཡན་ལག་བདུན་འཇིག་རྟེན་དུ་རབ་ཏུ་འབྱུང་བར་འགྱུར་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་

པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བཏང་སྙོམས་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བདུན་པ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་བ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་དག་འཇིག་རྟེན་དུ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །གཞན་ཡང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཏེ། འདི་ལྟ་སྟེ། སངས་རྒྱས་བཞིན་ནོ་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་པར་

ལྡན་པའི་མདོ་གསུམ་པ་དང་བཞི་པ་ལས་འབྱུང་བ་མཛོད་ཀྱི་གནས་འདི་ཉིད་ཀྱི་སྲིད་པ་བར་མའི་རྣམ་པར་བཤད་པ་མཚན་དང་དཔེ་བྱད་དང་བཅས་པ་ཞེས་བྱ་བར་བྲིས་ཟིན་ཏོ།། །།སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་བྱ་བ་ལ། བཅོམ་ལྡན་འདས་མཉན་ཡོད་ན་རི་དགས་དགྲའི་མའི་

ཀུན་དགའ་ར་བ་ན་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པའི་གནས་འཇོག་དང་བ་ར་དྭ་ཛ་གཉིས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བསིལ་ཁང་ནས་བབས་ཏེ་བསིལ་ཁང་གི་གྲིབ་མ་ཞིག་ལ་འཆག་ཅིང་བཞུགས་

เล่ม ๑๔๖ · หน้า 190a

སོ། །དེ་ནས་ཚེ་དང་ལྡན་པ་གནས་འཇོག་གིས་བཅོམ་ལྡན་འདས་དགོངས་ཀ་བསིལ་ཁང་ནས་བབས་ཏེ། བསིལ་ཁང་གི་གྲིབ་མ་ལ་གཅིག་པུ་འཆག་ཅིང་བཞུགས་པ་མཐོང་ངོ་། །མཐོང་ནས་ཚེ་དང་ལྡན་པ་བ་ར་དྭ་ཛ་ལ་འདི་སྐད་ཅེས་སྨྲས་ཏེ། ཚེ་དང་ལྡན་པ་བཅོམ་ལྡན་

འདས་དགོངས་ཀྱི་དུས་ན་བསིལ་ཁང་ནས་བབས་ཏེ་བསིལ་ཁང་གི་གྲིབ་མ་ལ་གཅིག་པུ་འཆག་ཅིང་བཞུགས་པ་ཤེས་སམ། བདག་ཅག་བཅོམ་ལྡན་འདས་འཆག་ཅིང་གང་ན་བཞུགས་པ་དེར་བཅོམ་ལྡན་འདས་ལས་ཅུང་ཟད་ཅིག་ཆོས་ཟབ་མོ་རབ་ཏུ་སྣང་བ་ཉན་པའི་རྙེད་པ་ཐོབ་པར་བྱའོ། །དེ་ནས་

ཚེ་དང་ལྡན་པ་གནས་འཇོག་དང་ཚེ་དང་ལྡན་པ་བ་ར་དྭ་ཛ་གཉིས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་དང་ལྷན་ཅིག་འཆག་ཅིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བ་སེ་སྠ་ལ་

བོས་ཏེ། ཁྱེད་ཅག་བྲམ་ཟེ་གནས་འཇོག་དང་བ་ར་དྭ་ཛ་གཉིས་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་སྟེ། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ཏེ་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངམ། བྲམ་ཟེ་ཁ་ཅིག་འདི་ལྟར་ཡིད་དུ་མི་འོང་བ་མི་དགའ་བ་འབའ་ཞིག་ཡོངས་

སུ་རྫོགས་པས་རྣམ་པར་སྨད་པས་རྣམ་པར་སྨོད་པར་བྱེད་དམ། བཙུན་པ་དེ་བཞིན་ཏེ། བྲམ་ཟེ་དག་ཡིད་དུ་མི་འོང་ཞིང་མི་དགའ་བ་འབའ་ཞིག་ཡོངས་སུ་རྫོགས་པས་རྣམ་པར་སྨོད་པས་རྣམ་པར་སྨོད་པར་བྱེད་དོ། །ཇི་ལྟར་ཁྱེད་ཅག་བྲམ་ཟེ་གཞོན་ནུ་གནས་འཇོག་དང་བ་ར་དྭ་ཛ་གཉིས་ལ་ཡིད་དུ་མི་

འོང་ཞིང་མི་དགའ་བ་འབའ་ཞིག་ཡོངས་སུ་རྫོགས་པས་རྣམ་པར་སྨོད་པས་རྣམ་པར་སྨོད་པར་བྱེད། བཙུན་པ་བྲམ་ཟེ་རྣམས་བདག་ཅག་ལ་འདི་སྐད་དུ་སྨྲ་སྟེ། བྲམ་ཟེ་རྣམས་ཀྱི་རིགས་ནི་མཆོག་སྟེ། རིགས་གཞན་ནི་དམན་པའོ། །བྲམ་ཟེ་རྣམས་ནི་རིགས་དཀར་བ་སྟེ། རིགས་གཞན་ནི་གནག་

པའོ། །བྲམ་ཟེ་རྣམས་ནི་ཚངས་པའི་བུ་སྟེ། ལྟོ་བ་ལས་སྐྱེས་པ། ཁ་ལས་སྐྱེས་པ། ཚངས་པ་ལས་སྐྱེས་པ། ཚངས་པས་སྤྲུལ་པ་ཚངས་པས་བྱིན་པ་ལས་ཁྱེད་ཅག་རིགས་མཆོག་བཏང་ནས་རིགས་དམན་པ་དག་ལེན་པར་བྱེད་དམ། དཀར་པོའི་རིགས་གཏང་སྟེ། ནག་པོའི་རིགས་

เล่ม ๑๔๖ · หน้า 190b

ལེན་པར་བྱེད་དམ། གང་གི་ཕྱིར་ད་ལྟར་ཁྱེད་ཅག་དགེ་སྦྱོང་མགོ་རེག་སྡིག་པའི་གྲོགས་པོ་སྐྱེ་དགུའི་བདག་པོ་མ་ཡན་པ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་བ་ནི་མ་ལེགས་ཤིང་མ་རུང་སྟེ། ཤེས་རབ་ཆེར་ཉམས་སོ་ཞེས་བཙུན་པ་འདི་ལྟ་བུའི་ངོ་བོ་ཡིད་དུ་མི་འོང་ཞིང་མི་དགའ་བ་འབའ་ཞིག་

ཡོངས་སུ་རྫོགས་པས་རྣམ་པར་སྨོད་པས་རྣམ་པར་སྨོད་པར་བྱེད་དོ། །གནས་འཇོག་བྲམ་ཟེ་རྣམས་ཀྱིས་གང་སྨྲས་པ་དེ་ནི་མི་བདེན་པ་སོ་སོར་མ་བརྟགས་པར་སྨྲ་བ་སྟེ། ཇི་ལྟར་བྱིས་པ་རྨོངས་པ་རྣམས་འདི་སྐད་དུ་སྨྲ་སྟེ། བྲམ་ཟེ་རྣམས་ནི་རིགས་མཆོག་སྟེ། །གཞན་ནི་རིགས་དམན་པའོ། །

བྲམ་ཟེ་རྣམས་ཀྱི་རིགས་དཀར་བ་སྟེ། གཞན་ནི་རིགས་གནག་པའོ། །བྲམ་ཟེ་རྣམས་ནི་དག་པར་བྱེད་པ། བྲམ་ཟེ་རྣམས་ཚངས་པའི་བུ་སྟེ་ཁ་ལས་སྐྱེས་པ་ལྟོ་ལས་སྐྱེས་པ་ཚངས་པ་ལས་སྐྱེས་པ་ཚངས་པས་བྱིན་པའོ་ཞེས་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། གནས་འཇོག་འདི་ལྟར་བྲམ་ཟེ་

རྣམས་བག་མ་ལེན་པ་དང་། བག་མ་གཏོང་བ་དང་། སྦྲུམ་པ་དང་། བཙའ་བ་དང་། འོ་མ་བསྣུན་པ་དང་བྲམ་ཟེ་ལས་སྐྱེས་པ་མཐོང་ཞིང་འདི་ལྟར་མངལ་ནས་སྐྱེས་པར་མཐོང་བཞིན་དུ་བརྫུན་དུ་སྨྲ་བ་སྟེ། མི་བདེན་པ་བརྗོད་བྱ་མ་ཡིན་པ་བརྫུན་དུ་སྨྲ་བ་འདི་སྐད་དུ་བྲམ་ཟེ་རྣམས་ཀྱི་རིགས་ནི་མཆོག་སྟེ།

རིགས་གཞན་ནི་དམན་པའོ། །བྲམ་ཟེ་རྣམས་ཀྱི་རིགས་ནི་དཀར་བ་སྟེ། རིགས་གཞན་ནི་ནག་པའོ། །བྲམ་ཟེ་རྣམས་ཚངས་པས་བྱིན་པ་ཞེས་སྨྲའོ། །གནས་འཇོག་འདི་ཇི་སྙམ་དུ་སེམས། རྗེའུ་རིགས་དང་དམངས་རིགས་དག་ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་པ་དང་།

ཡིད་ཀྱིས་ཉེས་པར་སྤྱོད་པར་བྱེད་ལ་འོན་ཏེ་བྲམ་ཟེ་རྣམས་མ་ཡིན་ནམ། བཙུན་པ་བྲམ་ཟེ་དང་དམངས་རིགས་དང་རྗེའུ་རིགས་དག་ཀྱང་ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་པ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་དག་སྤྱོད་པར་བགྱིད་དོ། །གནས་འཇོག་ཇི་སྙམ་དུ་སེམས། བྲམ་ཟེ་རྣམས་

ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་ཅིང་འོན་ཏེ་རྗེའུ་རིགས་དང་། དམངས་རིགས་དག་མ་ཡིན་ནམ། བཙུན་པ་བྲམ་ཟེ་རྣམས་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་ཅིང་(དག་‚ངག་)གིས་ལེགས་པར་སྤྱད་པ་དང་ཡིད་ཀྱིས་ལེགས་

เล่ม ๑๔๖ · หน้า 191a

པར་སྤྱད་པ་སྤྱོད་ལ་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་ངོ་། །གནས་འཇོག་འདི་ཇི་སྙམ་དུ་སེམས། རྗེའུ་རིགས་དང་དམངས་རིགས་དག་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་ཅིང་ངག་གིས་ཉེས་པར་སྤྱད་པ་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས་དེའི་རྒྱུ་དང་དེའི་རྐྱེན་གྱིས་

ལུས་ཞིག་སྟེ་ཤི་བའི་རྐྱེན་གྱིས་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཞིང་བྲམ་ཟེ་རྣམས་མ་ཡིན་ནམ། འོན་ཏེ་བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་དག་ཀྱང་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱད། ངག་གིས་

ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱད་ནས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གནས་འཇོག་དེ་ཇི་སྙམ་དུ་སེམས་བྲམ་ཟེ་རྣམས་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད་ཅིང་ངག་དང་ཡིད་ཀྱིས་ལེགས་པར་

སྤྱད་པ་སྤྱད་ནས་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞིང་རྗེའུ་རིགས་དང་དམངས་རིགས་དག་མ་ཡིན་ནམ། འོན་ཏེ་རྗེའུ་རིགས་དང་དམངས་རིགས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་ལུས་

ཀྱིས་ལེགས་པར་སྤྱད་པ་སྤྱད་ཅིང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས་དེ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །གནས་འཇོག་དེ་ཇི་སྙམ་དུ་སམས། རྗེའུ་རིགས་དང་དམངས་རིགས་དག་བརྣབ་སེམས་དང་།

གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་རྣམས་དང་ལྡན་ཞིང་བྲམ་ཟེ་རྣམས་མ་ཡིན་ནམ། འོན་ཏེ་བྲམ་ཟེ་རྣམས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་བརྣབ་སེམས་དང་། གནོད་སེམས་དང་། རྨུགས་

པ་དང་། གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་རྣམས་དང་ལྡན་ནོ། །གནས་འཇོག་དེ་ཇི་སྙམ་དུ་སེམས་བྲམ་ཟེ་རྣམས་ལ་བརྣབ་སེམས་མེད་ཅིང་གནོད་སེམས་དང་། རྨུགས་པ་དང་གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་རྣམས་མེད་ཅིང་རྗེའུ་རིགས་དང་དམངས་

เล่ม ๑๔๖ · หน้า 191b

རིགས་དག་མ་ཡིན་ནམ། འོན་ཏེ་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་བརྣབ་སེམས་མེད་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་མེད་པ་དང་ལྡན་ནོ། །

བ་སེ་སྠ་དེ་ཇི་སྙམ་དུ་སེམས། དམངས་རིགས་རྣམས་ལུས་ཀྱིས་གཉིས་བྱེད་ཅིང་ངག་དང་ཡིད་ཀྱིས་གཉིས་བྱེད་ལ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ཞིང་བྲམ་ཟེ་རྣམས་མ་ཡིན་ནམ། འོན་ཏེ་བྲམ་ཟེ་རྣམས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་ལུས་ཀྱིས་གཉིས་

བྱེད་ཅིང་ངག་དང་ཡིད་ཀྱིས་གཉིས་བྱེད་ལ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ངོ་། །གནས་འཇོག་འདི་ལྟ་བུའི་རང་བཞིན་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་བསྟན་པ་དེ་དག་དང་། རྗེའུ་རིགས་དང་དམངས་རིགས་དག་དང་ལྡན་ཞིང་བྲམ་ཟེ་རྣམས་མ་ཡིན་པ་དང་། གང་ངས་དགེ་བའི་ཆོས་རྣམ་པ་མང་

པོ་ཡོངས་སུ་བཤད་པ་དེ་དག་ལས་ཆ་ཙམ་དང་བྲམ་ཟེ་རྣམས་ལྡན་ཞིང་རྗེའུ་རིགས་དང་དམངས་རིགས་དག་མ་ཡིན་ན། བྲམ་ཟེ་རྣམས་ཀྱི་རིགས་ནི་མཆོག་སྟེ་གཞན་ནི་དམན་པའོ། །བྲམ་ཟེ་རྣམས་ཀྱི་རིགས་ནི་དཀར་བ་སྟེ་གཞན་ནི་རིགས་ནག་པོའོ། །བྲམ་ཟེ་རྣམས་ནི་དག་པར་བྱེད་པ་ཚངས་པའི་

བུ་སྟེ་ཁ་ལས་སྐྱེས་པ་སྐྱེ་བ་ལས་སྐྱེས་པ་ཚངས་པས་བྱིན་པའོ་ཞེས་བརྗོད་པ་ལེགས་པར་འགྱུར་ན། གནས་འཇོག་གང་བྲམ་ཟེ་རྣམས་ནི་ཚངས་པའི་བུ་སྟེ་ཁ་ལས་སྐྱེས་པ་སྙིང་ལས་སྐྱེས་པ་ཚངས་པ་ལས་སྐྱེས་པ་ཚངས་པས་སྤྲུལ་པ་ཚངས་པས་བྱིན་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་དེ་ནི་ང་ལ་

ཡང་དག་པར་སྨྲ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དགས་ཏེ། འདི་ལྟར་ཚངས་པ་ཞི་ཞིང་བསིལ་བར་གྱུར་པ་ཞེས་བྱ་བ་ལ་སོགས་པའོ། །གནས་འཇོག་ཇི་སྙམ་དུ་སེམས། དེ་ལ་བྲམ་ཟེ་རྣམས་བག་མ་ལེན་པ་

དང་གཏོང་བར་གདགས་པ་དང་། ཆུ་དང་སྔགས་དང་བསམ་གཏན་དག་བྱ་བར་འོས་པ་ཡིན་ནམ། བཙུན་པ་བྲམ་ཟེ་རྣམས་བག་མ་ལེན་པ་དང་གཏོང་བ་དང་ཆུ་དང་། སྔགས་དང་བསམ་གཏན་དག་བྱ་བར་འོས་པ་ཡིན་ནོ། །གནས་འཇོག་གང་ལས་བག་མ་ལེན་པ་དང་གཏོང་བར་གདགས་པ་ཤེས་ཤིང་

เล่ม ๑๔๖ · หน้า 192a

རིགས་སུ་སྨྲ་བ་དང་རུས་སུ་སྨྲ་བ་དང་ལང་ཚོར་སྨྲ་བ་ཡང་ཤེས་སམ། གནས་འཇོག་སེམས་ཅན་གང་རིས་སུ་སྨྲ་བས་བཅིངས་པ་དང་། རྩོད་པར་སྨྲ་བས་བཅིངས་པ་དག་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་མངོན་དུ་བྱས་པ་དང་མངོན་དུ་བྱེད་པར་མི་རིགས་སོ། །གནས་

འཇོག་རིགས་སུ་སྨྲ་བ་དང་ལང་ཚོར་སྨྲ་བ་བཏང་སྟེ། བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་མངོན་དུ་བྱས་ཤིང་མངོན་དུ་བྱེད་པར་འགྱུར་རོ། །གནས་འཇོག་འདི་ཇི་སྙམ་དུ་སེམས། རྒྱལ་པོ་གསལ་རྒྱལ་ལ་ཀོ་ས་ལ་བ་རྣམས་ཀྱིས་མངོན་པར་དགའ་བར་བྱས་ཤིང་བསྙེན་བཀུར་དང་ཕྱག་བྱ་ཞིང་

ཐལ་མོ་སྦྱར་བར་བྱེད་དམ། བཙུན་པ་དེ་དེ་བཞིན་ཏེ། རྒྱལ་པོ་གསལ་རྒྱལ་སྡེ་རབ་ཏུ་ཕམ་བྱེད་ལ་ཀོ་ས་ལ་པ་རྣམས་ཀྱིས་མངོན་པར་དགའ་བར་བྱ་ཞིང་བསྙེན་བཀུར་བ་དང་ཐལ་མོ་སྦྱར་ཞིང་ཕྱག་འཚལ་བར་བྱེད་དོ། །བསེ་སྠ་འདི་ཇི་སྙམ་དུ་སེམས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དེ་བཞིན་

གཤེགས་པ་ལ་མངོན་པར་དགའ་བ་དང་བསྙེན་བཀུར་བ་དང་ཐལ་མོ་སྦྱར་ཞིང་ཕྱག་འཚལ་བར་བྱེད་དམ། བཙུན་པ་དེ་དེ་བཞིན་ཏེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་གུས་ཞིང་རབ་ཏུ་གུས་པར་བྱེད་དོ། །གནས་འཇོག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དེ་བཞིན་གཤེགས་

པ་ལ་གུས་པ་གུས་པར་འཇུག་པ་མ་ཡིན་གྱི། འདི་ལྟར་དགེ་སྦྱོང་གཽ་ཏ་མ་ནི་རིགས་མཐོན་པོ་བདག་ནི་རིགས་དམའ་བ། དགེ་སྦྱོང་གཽ་ཏ་མ་ནི་གྲགས་པ་ཆེ་བ་བདག་ནི་གྲགས་པ་ཆུང་བ། དགེ་སྦྱོང་གཽ་ཏ་མ་ནི་ནུས་པ་ཆེ་བ། བདག་ནི་ནུས་པ་ཆུང་བ། དགེ་སྦྱོང་གཽ་ཏ་མ་ནི་ལོངས་སྤྱོད་ཆེ་བ། བདག་

ནི་ལོངས་སྤྱོད་ཆུང་བ་ཞེས་མ་ཡིན་གྱི། འོན་ཀྱང་ཆོས་ཉིད་དེ་ལ་དེ་བཞིན་གཤེགས་པ་ལ་ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་བསྙེན་བཀུར་ཞིང་བླ་མར་བྱེད་མཆོད་པར་བྱེད་དེ་གུས་པ་ལས་ཀྱང་གུས་པར་འཇུག་གོ། །གནས་འཇོག་དཀྱིལ་འཁོར་གསུམ་པོ་འདི་དག་ནི་འདྲེས་ཤིང་རབ་ཏུ་འདྲེས་པ་

སྟེ། གལ་ཏེ་དགེ་བ་དང་མི་དགེ་བའི་ཆོས་སེམས་ཅན་ཐམས་ཅད་མངོན་པའི་ང་རྒྱལ་མེད་པ་འདི་ལྟ་སྟེ་མི་ཉིད་དོ། །གསུམ་གང་ཞེ་ན། རྒྱལ་རིགས་ཀྱི་དཀྱིལ་འཁོར་དང་། བྲམ་ཟེའི་དཀྱིལ་འཁོར་དང་། རྗེའུ་རིགས་ཀྱི་དཀྱིལ་འཁོར་ཏེ། གནས་འཇོག་རྒྱལ་རིགས་ཀྱི་དཀྱིལ་འཁོར་གྱི་

เล่ม ๑๔๖ · หน้า 192b

ཐོག་མར་བྱུང་བ་གང་ཞེ་ན། གནས་འཇོག་གང་འཇིག་རྟེན་འདི་འཇིག་པར་འགྱུར་བའི་དུས་ཡོད་དེ། འཇིག་རྟེན་འདི་འཇིག་པར་གྱུར་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ན་དེ་དག་གཟུགས་ཅན་ཡིད་ལས་བྱུང་བ། དབང་པོ་མ་ཉམས་ཤིང་

ཚང་བ། ཡན་ལག་དང་ཉིང་ལག་ཐམས་ཅད་རྫོགས་པ། མཛེས་ཤིང་ཁ་དོག་དང་ལྡན་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་ཅན། ཚེ་རིང་ཞིང་ཡུན་རིང་དུ་གནས་པ་དག་སྟེ། དེའི་དུས་ན་ས་ཆེན་པོ་འདི་ཆུས་གང་ཞིང་རྒྱ་མཚོ་དང་ཆའི་རང་བཞིན་

གཅིག་ཏུ་འགྱུར་རོ། །ས་ཆེན་པོ་འདི་རྒྱ་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་མཁྲང་ཞིང་སྤྲིས་མ་ལྟ་བུར་གྱུར་ཏེ། འདི་ལྟ་སྟེ་འོ་མ་སྐོལ་བ་བསིལ་མོར་གྱུར་པ་ན་སྟེང་དུ་རླུང་གིས་སྤྲིས་མ་མཁྲང་པོར་གྱུར་པ་ལྟ་བུ་སྟེ། དེ་བཞིན་དུ་ས་ཆེན་པོ་རྒྱ་མཚོ་དང་ཆུའི་རང་བཞིན་དུ་གྱུར་པའི་སྟེང་དུ་རླུང་

གིས་མཁྲང་ཞིང་སྤྲིས་མ་ལྟ་བུར་གྱུར་ཏེ། དེ་ནས་ས་ཆེན་པོ་འདི་ཁ་དོག་ཕུན་སུམ་ཚོགས་པ་དྲི་དང་རོ་ཕུན་སུམ་ཚོགས་པ། འདི་ལྟ་བུའི་ཁ་དོག་དང་གཟུགས་དང་ལྡན་པ་སྟེ། འདི་ལྟ་སྟེ། སྦྲང་མའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །གནས་འཇོག་འཇིག་རྟེན་འདི་ཆགས་པ་ན་འཇིག་རྟེན་

འདིར་འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་ཚེ་ཟད་ལས་ཟད་བསོད་ནམས་ཟད་པ་ཁ་ཅིག་གནས་དེ་ནས་ཤི་འཕོས་ཏེ་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་འོང་བར་འགྱུར་རོ། །གཟུགས་ཅན་ཡིད་ལས་བྱུང་བ་དབང་པོ་ཚང་ཞིང་མ་ཉམས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ།

མཛེས་ཤིང་ཁ་དོག་དང་ལྡན་པ་རང་གི་འོད་ཅན་ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་ཡུན་རིང་དུ་གནས་པ་དག་གོ། །དེའི་དུས་ན་ཉི་མ་དང་ཟླ་བ་འཇིག་རྟེན་དུ་རབ་ཏུ་མ་བྱུང་སྟེ། རྒྱུ་སྐར་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། ཉིན་

ཞག་དང་། ཟླ་བ་ཕྱེད་དང་། ཟླ་བ་དང་། ལོ་དག་འཇིག་རྟེན་དུ་མ་བྱུང་ཞིང་སྐྱེས་པ་དང་བུད་མེད་དུ་གདགས་པ་ཡང་མེད་དེ། གཞན་དུ་ན་སེམས་ཅན་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ན་སེམས་ཅན་བརྐམ་པའི་རང་བཞིན་ཅན་གང་ཡང་རུང་བ་ཞིག་གིས་སོར་མོའི་རྩེ་མོས་དེའི་རོ་མྱངས་

เล่ม ๑๔๖ · หน้า 193a

སོ། ཇི་ལྟ་ཇི་ལྟར་རོ་མྱངས་པ་དེ་ལྟ་དེ་ལྟར་འདོད་པར་གྱུར་ཏོ། །ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རིམ་གྱིས་ཁམ་གྱི་ཟས་ཡོངས་སུ་སྤྱོད་པར་གྱུར་ཏོ། །སེམས་ཅན་དེ་སོར་མོའི་རྩེ་མོས་སའི་རོ་མྱོང་བར་བྱེད་ཅིང་། ཇི་ལྟ་ཇི་ལྟར་མྱང་བ་དེ་ལྟ་དེ་ལྟར་འདོད་པར་གྱུར་

ཅིང་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རིམ་གྱིས་ཁམ་གྱི་ཟས་ཡོངས་སུ་སྤྱོད་པར་བྱེད་པ་སེམས་ཅན་གཞན་དེ་རྣམས་ཀྱིས་མཐོང་སྟེ། མཐོང་ནས་སའི་རོ་ལ་སོར་མོའི་རྩེ་མོས་རོ་མྱོང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱང་བ་དེ་ལྟ་དེ་ལྟར་འདོད་པར་གྱུར་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རིམ་གྱིས་

ཁམ་གྱི་ཟས་ཡོངས་སུ་སྤྱོད་པར་བྱེད་དོ། །གང་ཡང་སེམས་ཅན་དེ་དག་སའི་རོའི་ཁམ་གྱི་ཟས་རིམ་གྱིས་ཡོངས་སུ་སྤྱོད་པར་བྱེད་པ་ན། སེམས་ཅན་དེ་དག་གི་ལུས་ལ་ལྕི་བ་ཉིད་དང་རྩུབ་པ་ཉིད་དུ་ཞུགས་ཤིང་མཛེས་པ་དང་འོད་ནུབ་ཅིང་མུན་པ་དག་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། འཇིག་

རྟེན་དུ་མུན་པ་བྱུང་ན་ཉི་མ་དང་ཟླ་བ་འབྱུང་བར་འགྱུར་བ་འདི་ནི་ཆོས་ཉིད་ཡིན་ཏེ། རྒྱུ་སྐར་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། ཉིན་ཞག་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་དང་། ལོ་ཡང་འཇིག་རྟེན་དུ་རབ་ཏུ་བྱུང་བར་གྱུར་ཏེ། །དེ་དག་ཁ་ཟས་དེ་ཟ་ཞིང་དུས་རིང་ཞིང་ཡུན་

རིང་དུ་གནས་ཏེ། དེ་དག་ལས་ཉུང་ཞིང་ཆེས་ཉུང་བར་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་གྱུར་ལ། གང་མང་ཞིང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་ཁྱོད་ནི་ཁ་དོག་

ངན་ཞིང་ང་ནི་ཁ་དོག་བཟང་པོ་ཡིན་ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏོ། །སེམས་ཅན་དེ་དག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་སའི་རོ་དེ་དག་ནུབ་པར་གྱུར་ཏོ། །སའི་རོ་དེ་ནུབ་པ་དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་

ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་ཉམ་ཐག་པའི་སྨྲེ་སྔགས་འདོན་ཏོ། །འདི་ལྟ་སྟེ། མིའི་ནང་ན་རྔན་པ་ཅུང་ཟད་ཙམ་ཐོབ་ནས་སྔོན་གྱི་མི་རྣམས་ཀྱི་ཡི་གེ་དང་ཚིག་འབྲུའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ལྟ་བུ་སྟེ། ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་དེ་སྐད་དུ་སྨྲ་བར་བྱེད་དོ། །གནས་འཇོག་འདི་ལྟར་སའི་རོ་དེ་ནུབ་

เล่ม ๑๔๖ · หน้า 193b

པ་དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་སྨྲེ་སྔགས་འདོན་ཅིང་འདི་སྐད་དུ་རྗོད་པར་བྱེད་ཀྱང་དེ་དག་གིས་ངས་སྨྲས་པའི་སྒྲ་ནི་འདི། ངས་སྨྲས་པའི་དོན་ནི་འདི་ཞེས་སྒྲ་དང་དོན་ནི་མི་ཤེས་སོ། །གནས་འཇོག་སའི་རོ་དེ་ནུབ་པ་དང་སེམས་ཅན་དེ་དག་ལ་

སའི་ཞག་ཅིག་བྱུང་བར་གྱུར་ཏེ། ཁ་དོག་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ། འདི་ལྟ་བུའི་ཁ་དོག་དང་རོ་དང་ལྡན་པ་སྟེ། འདི་ལྟ་སྟེ། དོང་ཀའི་མེ་ཏོག་ལྟ་བུ། རོ་འདི་ལྟ་སྟེ་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དེ་དག་ཟས་དེ་ལ་ཟ་ཞིང་དུས་རིང་ཞིང་ཡུན་རིང་དུ་གནས་ཏེ། དེ་དག་ལས་གང་ཉུང་ཞིང་

ཆེས་ཉུང་བར་ཟ་བ་དེ་དག་ནི་ཁ་དོག་དང་ལྡན་པར་གྱུར་ལ། གང་མང་ཞིང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་ཁྱེད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང་བ་ཡིན་

ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏེ། སེམས་ཅན་དེ་དག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་སའི་ཞག་དེ་ཡང་ནུབ་པར་གྱུར་ཏོ། །སའི་ཞག་དེ་ནུབ་པ་དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་ཉམ་

ཐག་པའི་སྨྲེ་སྔགས་འདོན་ཏེ། འདི་ལྟ་སྟེ། དེ་ལྟར་མི་རྣམས་ཀྱི་ནང་ན་རྔན་པ་ཅུང་ཟད་ཙམ་ཐོབ་ནས་སྔོན་གྱི་མི་རྣམས་ཀྱི་ཡི་གེ་དང་ཚིག་འབྲུའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ལྟ་བུ་སྟེ། ཀྱི་ཧུད་རཱ་ས་ཀྱི་ཧུད་རཱ་ས་ཞེས་སྨྲེ་སྔགས་འདོན་པར་བྱེད་དོ། །གནས་འཇོག་སའི་ཞག་དེ་ནུབ་པ་

དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་སྨྲེ་སྔགས་འདོན་ཞིང་རྗོད་པར་བྱེད་ཀྱང་ངས་སྨྲེས་པའི་སྒྲ་ནི་འདི། ངས་སྨྲས་པའི་དོན་ནི་འདི་ཞེས་སྒྲ་དང་དོན་དག་ནི་མི་ཤེས་སོ། །གནས་འཇོག་སའི་ཞག་དེ་ནུབ་པ་དང་སེམས་ཅན་དེ་དག་ལ་མྱུ་གུའི་ཚལ་

ཁ་དོག་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ། འདི་ལྟ་བུའི་ཁ་དོག་དང་རོ་དང་ལྡན་པ་སྟེ། འདི་ལྟ་སྟེ། ཀ་དམྤའི་མེ་ཏོག་ལྟ་བུ། འདི་ལྟ་བུའི་རོ་སྟེ་འདི་ལྟ་སྟེ་སྦྲང་མའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དེ་དག་ཁ་ཟས་དེ་ཟ་ཞིང་དུས་རིང་ཞིང་ཡུན་རིང་དུ་གནས་ཏེ། དེ་

เล่ม ๑๔๖ · หน้า 194a

དག་ལས་གང་ཉུང་ཞིང་ཆེས་ཉུང་བར་ཟ་བ་དེ་དག་ཁ་དོག་དང་ལྡན་པར་གྱུར་ལ། གང་མང་ཞིང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་

ལ་ཁྱོད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང་བ་ཡིན་ནོ་ཞེས་བརྙས་པ་བྱེད་པར་གྱུར་ཏེ། སེམས་ཅན་དེ་དག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་མྱུ་གུའི་ཚལ་དེ་ཡང་ནུབ་པར་གྱུར་ཏོ། །གནས་འཇོག་མྱུ་གུའི་ཚལ་ནུབ་པ་དང་སེམས་ཅན་དེ་དག་འདུས་

ཤིང་ཚོགས་ནས་འདི་སྐད་དུ་མདུན་དུ་སོང་མདུན་དུ་སོང་ཞེས་སྨྲེ་སྔགས་འདོན་པར་བྱེད་དོ། །འདི་ལྟ་སྟེ་ད་ལྟར་མི་རྣམས་ལ་གང་ཅུང་ཟད་ཙམ་རྩ་རྣོ་བ་དེ་དག་གིས་སྐྲོད་ཅིང་སྐྲོད་པར་བྱེད་ནས་སྔོན་གྱི་མི་རྣམས་ཀྱི་ཡི་གེ་དང་ཚིག་འབྲུའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ལྟ་བུ་སྟེ། མདུན་དུ་སོང་མདུན་དུ་སོང་ཞེས་

སྨྲེ་སྔགས་འདོན་པར་བྱེད་དོ། །གནས་འཇོག་མྱུ་གུའི་ཚལ་དེ་ནུབ་པ་དང་། སེམས་ཅན་དེ་དག་འདུས་ཤིང་ཚོགས་ཤིང་མདུན་དུ་སོང་མདུན་དུ་སོང་ཞེས་སྨྲེ་སྔགས་འདོན་པར་བྱེད་ཀྱང་ངས་སྨྲས་པའི་སྒྲ་ནི་འདི། ངས་སྨྲས་པའི་དོན་ནི་འདི་ཡིན་ཞེས་སྨྲས་པའི་སྒྲ་དང་དོན་ནི་མི་ཤེས་སོ། །གནས་

འཇོག་མྱུ་གུའི་ཚལ་དེ་ནུབ་པ་དང་། སེམས་ཅན་དེ་དག་ལ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་པགས་པ་དང་ཤུན་པ་མེད་ཅིང་གཙང་ལ་དག་པ་སོར་མོ་བཞིའི་ཚད་ཙམ་གྱིས་འཁྲིགས་པ་དགོངས་ཀ་བརྔས་ན་ནང་པར་སྐྱེ་ཞིང་། ནང་པར་བརྔས་ན་དགོངས་ཀ་སྐྱེ་བ། བརྔས་ཤིང་བརྔས་ཤིང་སྐྱེ་བ།

བརྔས་པ་དང་སྐྱེ་བ་ཡང་མི་ཤེས་པ་དག་བྱུང་བར་གྱུར་ཏོ། །དེ་དག་དེ་ཟ་ཞིང་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་ཡང་སེམས་ཅན་དེ་དག་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཟས་སུ་ཟ་བ་དང་ཡོངས་སུ་སྤྱོད་པ་ན་དབང་པོ་ཐ་དད་པ་དག་བྱུང་བར་གྱུར་ཏེ། གཅིག་ལ་ནི་ཕོའི་དབང་པོ། གཅིག་ལ་ནི་མོའི་

དབང་པོ། དེ་དག་ཕོ་དང་མོའི་དབང་པོ་དང་ལྡན་པའི་སེམས་ཅན་དེ་དག་ཕན་ཚུན་དུ་མིག་གིས་མིག་ལ་བཙུགས་ཏེ་ལྟ་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མིག་གིས་མིག་ལ་བཙུགས་ཏེ་ལྟ་བ་དེ་ལྟ་དེ་ལྟར་ཀུན་ཏུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཆགས་པ་དེ་ལྟ་དེ་ལྟར་སྲེད་དོ། །ཇི་ལྟ་ཇི་ལྟར་སྲེད་པ་དེ་ལྟ་དེ་ལྟར་

เล่ม ๑๔๖ · หน้า 194b

ལོག་པར་ཞུགས་སོ། །སེམས་ཅན་དེ་དག་ལོག་པར་ཞུགས་པ་སེམས་ཅན་གཞན་གྱིས་མཐོང་ནས་རྡུལ་དག་གཏོར་བར་བྱེད། གསེག་མ་དང་གྱོ་མོ་དག་འཐོར་ཞིང་འདི་སྐད་དུ། ཀྱེ་སེམས་ཅན་གྲོང་པ་བྱ་བ་མ་ཡིན་པ་བྱེད་པ། སེམས་ཅན་གྲོང་པ་བྱ་བ་མ་ཡིན་པ་བྱེད་པ་ད་ལྟར་སེམས་ཅན་

སུན་འབྱིན་པ་བྱེད་དམ། ཞེས་སྨྲ་བར་བྱེད་དོ། །འདི་ལྟ་སྟེ། ད་ལྟར་མིའི་ནང་ནས་བག་མ་གཏོང་བ་ན་ཕྱེ་མ་དག་འཐོར་བར་བྱེད། སྤོས་དང་། ཕྲེང་བ་དང་། གོས་དག་ཀྱང་འཐོར་ཞིང་བུ་མོ་བདེ་བར་གྱུར་ཅིག །བུ་མོ་བདེ་བར་གྱུར་ཅིག་ཅེས་སྨྲ་བ་ལྟ་བུ་སྟེ། དེ་བཞིན་དུ་སེམས་ཅན་དེ་དག་ལོག་

པར་ཞུགས་པ་སེམས་ཅན་གཞན་གྱིས་མཐོང་ནས་རྡུལ་དག་འཐོར་བར་བྱེད་ཅིང་གྱོ་མོ་དང་གསེག་མ་དག་ཀྱང་འཐོར་ཞིང་འདི་སྐད་དུ། ཀྱེ་སེམས་ཅན་གྲོང་པ་བྱ་བ་མ་ཡིན་པར་བྱེད་པ། གྲོང་པ་བྱ་བ་མ་ཡིན་པ་བྱེད་པ་ད་ལྟར་སེམས་ཅན་དག་སུན་འབྱིན་པར་བྱེད་དམ་ཞེས་སྨྲ་བར་བྱེད་དོ། །གནས་

འཇོག་གང་སྔོན་ཆོས་མ་ཡིན་པར་འདོད་པ་དེ་ནི་ད་ལྟར་ཆོས་སུ་མངོན་པར་འདོད་ལ། གང་སྔོན་འདུལ་བ་མ་ཡིན་པ་དེ་ནི་ད་ལྟར་འདུལ་བར་མངོན་པར་འདོད་ཅིང་། གང་སྔོན་སྨད་པ་གང་ཡིན་པ་དེ་ནི་ད་ལྟར་རྗེས་སུ་བསྔགས་ཏེ། ལན་གཅིག་དང་ལན་གཉིས་དང་གསུམ་དང་བདུན་གྱི་བར་དུ་སྟེན་

བར་བྱེད་དོ། །གང་ཡང་སེམས་ཅན་འདི་དག་ཆོས་མ་ཡིན་པའི་ཤིན་ཏུ་སྡིག་པ་ཅན་གྱི་བརྟུལ་ཞུགས་ལེན་ཅིང་གནས་པ་ན་འདི་སྐད་དུ་བདག་ཅག་ཁྱིམ་དག་བྱས་ལ་དེར་བྱ་བ་མ་ཡིན་པ་བྱའོ་ཞེས་ཁྱིམ་བྱ་བའི་འདུ་ཤེས་སྐྱེས་སོ། །ཁྱིམ་གྱི་རྩོམ་པ་འཇིག་རྟེན་དུ་བྱུང་བའི་དང་པོ་ནི་དེ་ཡིན་ནོ། །དེ་དག་

ནི་ཆོས་དང་ཆོས་མ་ཡིན་པ་ཡིན་ལ། འདི་ནི་ཆོས་དང་ཆོས་ཏེ། མཆོག་ཏུ་གྱུར་པ་ནི་རྒྱལ་པོའི་དབང་པོའོ། །དེ་དག་ནུབ་མོ་བཟའ་བར་བྱ་བའི་སཱ་ལུ་ནུབ་མོ་ལེན་ཅིང་ནང་པར་བཟའ་བར་བྱ་བ་ནང་པར་ལེན་དུ་འགྲོ་བ་ལས། དེ་ནས་སེམས་ཅན་བརྐམ་པའི་རང་བཞིན་ཅན་གང་ཡང་རུང་བ་ཞིག་གིས་

དགོངས་ཀ་དང་ནང་པར་གཉིས་དུས་གཅིག་ཏུ་བླངས་སོ། །དེ་ནས་སེམས་ཅན་གཞན་དེ་དག་གིས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་བདག་ཅག་སཱ་ལུ་ལེན་པའི་ཕྱིར་ཆ་བར་བྱའོ། །དེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་དག་ཤེས་པར་གྱིས་ཤིག །བདག་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด