ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨུ་དཱ་ན་བརྒ་བི་བ་ར་ཎ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๔๙ · หน้า 201a
ཞེས་བྱ་བ་ནི་ཆུས་དྲི་མ་དག་པ་དང་། སྡིག་པ་མེད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བོ་ཕལ་ཆེར་འདིར་འཁྲུ་བ་ཞེས་སྨོས་ཏེ། གདོང་པ་ལ་སོགས་པའོ། །དེ་དག་ནི་མ་དག་པ་ཡིན་ཏེ། དེར་འཁྲུ་བ་དེ་དག་ནི་བྱེ་བྲག་མེད་པར་སྣང་བས་སོ། །གལ་ཏེ་
སྟེགས་ཀྱི་ཆུས་སྡིག་པ་སེལ་བར་འགྱུར་ན་ནི་བསོད་ནམས་ཀྱང་སེལ་བར་འགྱུར་ལ། སྡིག་པ་སེལ་བས་ནི་དེའི་འབྲས་བུ་དང་ཡང་བྲལ་བར་འགྱུར་ཏེ། རྩ་བ་ནས་ཆད་པས་ཤིང་གི་ལྷག་མ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་བས་ན་རིགས་པས་ནི་སྡིག་པ་དག་པར་མི་འགྱུར་ཏེ།
ཁྲུས་ལ་སོགས་པས་དེའི་གཞི་མ་འགགས་པའི་ཕྱིར་རོ། །དེ་ལྟར་ན་གང་གིས་དག་པར་འགྱུར་ཞེ་ན། ལམ་ཁྱད་པར་ཅན་བསྒོམས་པས་དེའི་སྡིག་པ་སྤངས་པར་འགྱུར་ཏེ། མུན་ནག་སྒྲོན་མེས་སེལ་བར་འགྱུར་བ་དེ་བཞིན་དུ་དག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་
བྱ་བ་ལ་སོགས་པ་སྨོས་སོ། །ཡང་གི་སྒྲ་ནི་ཚུལ་འདི་ཉིད་ཀྱིས་འགྱུར་ཞིང་གཞན་གྱིས་མ་ཡིན་པར་བསྟན་པའོ། །ལྷག་མའི་དོན་ནི་བཤད་པ་ཉིད་དོ། །དེ་ལ་དོན་དམ་པའི་དགེ་སྦྱོང་ལ་སོགས་པ་དེ་དག་གང་ཡིན་ཞེ་ན། གང་ཞིག་སྡིག་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །པུས་ཀ་རཱ་
སཱ་རི་ཞེས་བྱ་བའི་བྲམ་ཟེས་བཅོམ་ལྡན་འདས་ལ་བཙུན་པ་གླང་པོ་ཆེ་རྣམས་ཀྱི་ནང་ན་གླང་པོ་ཆེ་ཅང་ཤེས་དང་། རྟ་རྣམས་ཀྱི་ནང་ན་རྟ་ཅང་ཤེས་དང་། ཤིང་རྣམས་ཀྱི་ནང་ན་དཔག་བསམ་གྱི་ཤིང་དང་། ནོར་རྣམས་ཀྱི་ནང་ན་རིན་པོ་ཆེ་ལ་སོགས་པ་བཞིན་དུ། བཙུན་པ་
དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ནང་ན་མཆོག་དང་གཙོ་བོ་གང་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་པ་ལས་འདི་གསུངས་སོ། །རབ་སྤངས་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་གཉེན་པོས་སྤངས་པ་ཞེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན། སྡིག་པ་ཞེས་བྱ་བ་སྟེ་མི་འདོད་པའི་འབྲས་བུ་དང་མི་འདོད་
པའི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཆོས་ནི་དངོས་པོ་སྟེ། གཞན་ལ་གནོད་པ་བྱེད་པ་ལ་སོགས་པའོ། །སྤངས་ནས་ཇི་ཞིག་བྱེད་པ་ཡིན་ཞེ་ན། གང་ཞིག་སྤྱོད་བྱེད་པ་ཞེས་བྱ་བ་སྨོས་ཏེ། གཞན་ལ་ཕན་འདོགས་པར་མཛད་ལ་གནས་ཤིང་བཞུགས་པའོ། །ཇི་ལྟ་བུ་དང་ལྡན་པས་ཤེ་
เล่ม ๑๔๙ · หน้า 201b
ན། རྟག་ཏུ་དྲན་ལྡན་ཞེས་བྱ་བ་སྨོས་ཏེ། རྒྱུན་དུ་ཡང་དག་པའི་དྲན་པ་མངོན་དུ་བྱེད་པ་སྟེ། ཐུགས་རྗེ་ཆེན་པོའི་དབང་གིས་གཞན་གྱི་དོན་དུ་དགོངས་པ་ཞེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན་དེ་ཉིད་སྨྲས་པ། ཀུན་སྦྱོར་ཟད་པ་ཞེས་བྱ་བ་ཡིན་ཏེ། བག་ཆགས་དང་བཅས་པའི་ཕྲ་རྒྱས་
སྤངས་པ་སྟེ། ཕུན་སུམ་ཚོགས་པར་བསྟན་ཏོ། །སངས་རྒྱས་ནི་ཐམས་ཅད་མཁྱེན་པ་སྟེ། ལྷག་པར་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་དེས་ནི་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པ་སྟེ། དེས་སྔོན་འཇིག་རྟེན་པའི་ལམ་གྱི་ཉེས་པར་སྤྱོད་པ་བཀག་ནས་གཞན་གྱི་དོན་མཛད་པས་བསོད་ནམས་
དང་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ཏེ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པའོ། །དེ་ཞེས་བྱ་བ་ནི་དེ་ཉིད་དོ། །འཇིག་རྟེན་དག་ན་ཞེས་བྱ་བ་ནི་སྲིད་པ་གསུམ་ནའོ། །བྲམ་ཟེ་ཡིན་ཞེས་བྱ་བ་ནི་བྲམ་ཟེ་དང་དགེ་སྦྱོང་ཐམས་ཅད་ཀྱི་ནང་ན་གཙོ་བོ་ཞེས་བྱ་བའི་དོན་ཏོ། །གང་བྲམ་ཟེའི་མཚན་
ཉིད་དང་ཡང་དག་པར་ལྡན་པ་ནི་ཚོགས་ཀྱི་ནང་དུ་ང་ནི་བྲམ་ཟེའོ་ཞེས་སྨྲ་བར་རིགས་ཀྱི་གཞན་ནི་མ་ཡིན་ཞེས་བསྟན་པའི་ཕྱིར། བྲམ་ཟེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དྲོ་ན་ཞེས་བྱ་བའི་བྲམ་ཟེས་བཅོམ་ལྡན་འདས་བྲམ་ཟེའམ་དགེ་སློང་གང་བདག་ཉིད་ཤེས་ཤིང་ཡང་
དག་པར་རབ་ཏུ་ཤེས་པ་ལགས། རིགས་ཀྱི་བྲམ་ཟེ་ནི་བྲམ་ཟེ་ལགས་སོ་ཞེས་བྲམ་ཟེ་དག་དེ་ལྟར་སྨྲ་བས་སྨྲ་བར་བགྱིད་ན་བྲམ་ཟེས་གང་ཞིག་ལ་བལྟ་བར་བགྱི་ཞེས་གསོལ་པ་དང་། སྡིག་པའི་ཆོས་སྤངས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། སྤངས་པ་ནི་བོར་པ་སྟེ་སྡིག་
པའི་ཆོས་ངན་པའི་ངོ་བོ་གང་ཡིན་པ་དེ་ཉིད་དོ། །ཇི་ལྟར་འདི་ལྟར་འགྱུར་ཞེ་ན། ཚུལ་འཆོས་མེད་ཅེས་བྱ་བ་སྟེ། ཚུལ་འཆོས་ནི་ངོ་མཚར་སྐྱེད་པ་ཞེས་བྱ་བའི་དོན་ཏོ། །གང་གིས་ངོ་མཚར་སྐྱེད་ཅིང་དེས་ཀྱང་རྙེད་པ་དང་བཀུར་སྟི་སྒྲུབ་པར་བྱེད་དེ་རིག་བྱེད་ཀྱི་ཡན་ལག་ཁྱིམ་པ་བརྟག་པ་ལ་
སོགས་པའོ། །གང་གིས་ཚུལ་འཆོས་པ་ཡོད་པ་མ་ཡིན་པ་དེ་ནི་མ་ཡིན་པ་སྟེ་ནོར་འཐོབ་པའི་ཕྱིར་ལོག་པའི་ཐབས་ལ་དམིགས་པའི་ཚུལ་འཆོས་མེད་པའི་ཕྱིར་རོ། །རྙོག་མེད་ཅེས་བྱ་བ་ནི་འདོད་ཆགས་དང་འབྲེལ་བའི་ལུས་ལ་སོགས་པའི་ལས་ཀྱི་བགེགས་བསྐྱེད་པར་འགྱུར་བའི་ཕྱིར་ཏེ།
เล่ม ๑๔๙ · หน้า 202a
གང་དེ་ནི་འཁྲིག་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ཚིག་གཉིས་པོ་འདིས་ནི་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་བསྟན་ཏོ། །བདག་གནས་ཞེས་བྱ་བ་ལ་གནས་པ་ནི་མི་གཡོ་བའི་བདག་གི་སེམས་གང་ཡིན་དེ་ཉིད་དོ། །གཟུགས་ཀྱི་ཁམས་ན་
ནི་དགའ་བ་ལ་སོགས་པ་ཚོར་བའི་དབང་གིས་སེམས་གཡོ་བ་ཡིན་ཏེ། དེ་ལས་འདོད་ཆགས་དང་བྲལ་ན་ནི་སེམས་བརྟན་པ་ཐོབ་པར་འགྱུར་རོ་ཞེས་སྟོན་ཏོ། །རིག་བྱེད་མཐར་ཕྱིན་ཞེས་བྱ་བ་ནི་ཚོར་བ་ཟད་པ་ནི་རིག་བྱེད་ཀྱི་མཐའ་སྟེ། དེར་འགྲོ་བ་ནི་རིག་བྱེད་ཀྱི་མཐར་ཕྱིན་པའོ། །ཚོར་བ་ཟད་པ་
འཐོབ་པ་ནི་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །སྔར་བསྟན་པ་མཐའ་དག་ཀྱང་འཕགས་པའི་ལམ་ཉིད་ཀྱིས་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །ཚངས་པར་སྤྱོད་པ་སྤྱད་ཅེས་བྱ་བ་ལ། སྤྱོད་པ་ནི་གསོས་པར་བྱ་བ་སྟེ། ཚངས་པར་སྤྱོད་པ་ནི་གང་ཐར་པའི་ལམ་དེ་ཉིད་ལ་
སྤྱོད་པའོ། །དེ་ཉིད་བདག་གི་དོན་ཡོངས་སུ་རྫོགས་པ་ཡིན་ཡང་བྲམ་ཟེ་བདག་ཉིད་དུ་སྟོན་པ་ནི་མི་མཛེས་པ་སྟེ། འོན་ཀྱང་དོན་དམ་པར་བྱེད་པ་འདི་ཉིད་བསྟན་པ་ཡིན་ཏེ། དུས་སུ་ཞེས་བྱ་བ་སྨོས་པ་ལ་དོན་དམ་པར་སྒྲུབ་པ་སྟེ། དུས་གཞན་ན་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་བདག་
དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཚངས་པ་སྨྲ་བ་ཞེས་བྱ་བ་ནི་བདག་ནི་ཚངས་པའོ་ཞེས་བརྗོད་ཅིང་སྟོན་པའོ། །སྨྲ་བྱེད་ཅེས་བྱ་བ་ནི་ཅི་འདོད་ཅིང་བག་ཡོངས་སུ་སྨྲ་བའོ། །གཞན་ཡང་རྣམ་པ་གཞན་གྱིས་དགེ་སྦྱོང་ལ་སོགས་པར་སྨྲ་བའི་རྒྱུ་བཤད་པ། གང་ཞིག་ཅེས་བྱ་བ་
ལ་སོགས་པའོ། །ཡུལ་བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོ་མ་ལོན་པར་དགེ་སློང་ལྔ་པོས་བཅོམ་ལྡན་འདས་ལ་བཙུན་པ་དོན་དམ་དགེ་སློང་ཞེས་གང་ལ་བགྱི་ཞེས་བྱ་བ་ལ་སོགས་པ་གསོལ་པ་དང་འདི་གསུངས་སོ། །གང་ཞིག་ནི་སེམས་ཅན་ནོ། །སྒྱུ་ལ་མི་གནས་ཞེས་བྱ་བ་ནི་གཞན་སླུ་
བ་ལ་མི་གནས་པ་སྟེ། སྒྱུ་དང་ལྡན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ང་རྒྱལ་མེད་པ་ཞེས་བྱ་བ་ནི་མཐོ་བའི་དྲེགས་པ་མེད་པའོ། །ཅིའི་ཕྱིར་དེ་ལྟར་མེད་པ་ཡིན་ཞེ་ན། གང་ཞིག་ཆགས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཆགས་པ་དང་བྲལ་བ་ནི་འདི་ལྟར་བདག་མེད་པའི་ཕྱིར་རོ། །
เล่ม ๑๔๙ · หน้า 202b
ཆགས་པ་དང་བྲལ་བའི་ཕྱིར་སྒྱུ་ལ་མི་གནས་པའོ། །གང་གི་ཕྱིར་གྱི་སྒྲ་ནི་འཇིག་ཚོགས་ལ་ལྟ་བ་མེད་པའི་ཕྱིར་བདག་མེད་པའོ། །བདག་དང་བདག་གིར་འཛིན་པའི་དབང་གིས་ནི་ང་རྒྱལ་འབྱུང་བའི་ཕྱིར་རོ། །ཚེ་འདིའི་སྲེད་པ་དང་བྲལ་བར་གྱུར་ན་སྲེད་པ་གཞན་གྱི་སྲེད་པ་ཡང་བཅད་པ་ཡིན་ནོ་ཞེས་
བསྟན་པའི་ཕྱིར། རེ་བ་མེད་ཅེས་བྱ་བ་སྨོས་ཏེ་ཡང་སྲིད་པ་འདྲེན་པར་བྱེད་པའི་གང་གི་སྲེད་པ་མེད་པ་ཞེས་བྱ་བའི་དོན་ཏོ། །འཁྲུག་བཅོམ་ཞེས་བྱ་བ་ནི་ཞེ་སྡང་སྤངས་པའོ། །དེ་ཙམ་གྱིས་དགེ་སྦྱོང་གི་མིང་དུ་མི་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་ཡང་གི་སྒྲ་དེ་དགེ་སྦྱོང་བྱེད་པའི་ཆོས་བཞི་ཞེས་བསྟན་
པའི་ཕྱིར་རོ། །མྱ་ངན་འདས་ཕྱོགས་ཞེས་བྱ་བ་ནི་མངོན་པར་འདོད་པའི་ལམ་གྱིས་མྱ་ངན་ལས་འདས་ཤིང་བདག་ཉིད་གདུང་བ་མེད་པ་གང་ཡིན་པ་སྟེ། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར། དེ་ཉིད་བྲམ་ཟེ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་ནི་གང་ཞིག་མངལ་ནས་
མ་སྐྱེས་པ་ཡང་བྲམ་ཟེར་བརྗོད་པ་ཉིད་དོ་ཞེས་བསྟན་ཏོ། གང་ཞིག་མའི་མངལ་ཞེས་བྱ་བ་ལ་སོགས་པའོ། །མཉན་ཡོད་ན་བིལ་བ་ར་མའི་རིགས་ཀྱི་བྲམ་ཟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བདག་ནི་མའི་མངལ་ནས་བྲམ་ཟེ་དང་ལྡན་པ་ཡིན་ནོ་
ཞེས་པ་དང་། ཚིགས་སུ་བཅད་པ་གསུངས་སོ། །མངལ་ནས་སྐྱེས་པའམ་མངལ་གྱི་སྐྱེ་གནས་པ་ནི་མངལ་ནས་སྐྱེས་པ་སྟེ། རུམ་དུ་གནས་ནས་མངལ་ནས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཐམས་ཅད་ཀྱང་དེ་ལྟར་བྲམ་ཟེ་མ་ཡིན་ཏེ། ལུས་འབྱུང་བར་ནི་མཚུངས་པའི་ཕྱིར་ཇི་
སྐད་དུ་བཤད་པ། ས་བོན་ཁྲག་དང་ཁུ་བ་ལྟོར་མི་གཙང་བའི་གནས་སུ་གནས་པ་སྟེ་མངལ་གྱི་དྲི་མས་ཡོངས་སུ་བསྒོས་པའི་ལམ་གང་དང་ལྡན་པ་ནས་བྱུང་ཞིང་དེ་ལ་ནད་དང་རྒ་བ་དང་ཕོངས་པས་ཉམས་པའི་ཉོན་མོངས་པའི་གཞི་ཡེ་ཤེས་ཀྱི་མེས་བསྲེགས་པ་མ་གཏོགས་པར་ལུས་ཀྱིས་
ནི་ཇི་ཞིག་དག་པར་འགྱུར་སྨྲོས་ཤིག་དང་ཞེས་སོ། །མངལ་ནས་སྐྱེས་པ་དེ་ནི་བྲམ་ཟེའི་ཡིན་པར་མི་སྨྲ་སྟེ། སྨད་འཚོང་མ་ལ་སོགས་པ་བཞིན་ནོ། །མངལ་ནས་སྐྱེས་པ་ཡིན་པར་ག་ལས་ངེས་པར་བྱ་ཞེ་ན། མ་ལས་སྐྱེས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་ཏེ། འདི་ཉིད་བསྟན་པ། མ་ལས་བྱུང་
เล่ม ๑๔๙ · หน้า 203a
བ་ཞེས་བྱ་བ་མ་ལས་ཡང་དག་པར་བྱུང་བ་ནི་ཀུན་དུ་སྐྱེས་པའོ། །གང་མ་དང་ཕ་ལས་སྐྱེས་པ་དེ་ནི་མངལ་ནས་ངེས་པར་སྐྱེས་པ་ཡིན་ནོ། །གང་ཡང་མངལ་ནས་སྐྱེས་པ་དེ་ཇི་ལྟར་དག་པར་འགྱུར། གང་མ་དག་པ་དེ་བྲམ་ཟེར་ཇི་ལྟར་འགྱུར། འོ་ན་དེ་ཡང་རིག་བྱེད་འདོན་
པས་བྲམ་ཟེ་ཡིན་ནོ་ཞེ་ན་བཤད་པ། གལ་ཏེ་འཛིན་པ་དང་བཅས་ནས། །ཞེས་བྱ་བ་ཡོངས་སུ་འཛིན་པ་གལ་ཏེ་ཡོད་པར་གྱུར་ནའོ། །དེ་མིང་ལྟ་བུ་ཞེས་སྨྲ་བར་བསྟན་ཞེས་བྱ་བ་ནི་བྷུར་བྷུ་བ་ཞེས་བྱ་བ་ལ་སོགས་པ་སྨྲ་བའི་ཚུལ་གང་ལ་ཡོད་པ་དེ་ཉིད་ནི་མིང་དུ་བརྗོད་པ་སྟེ་དེ་བྲམ་ཟེ་མ་ཡིན་ནོ། །དེ་
ལྟ་ན་གང་ཞིག་བྲམ་ཟེ་ཡིན་ཞིང་བྲམ་ཟེར་བརྗོད་པར་བྱ་ཞེ་ན། ཡོངས་སུ་འཛིན་མེད་ཅེས་སྨོས་ཏེ་ཅི་ཡང་འཛིན་པ་མེད་པའོ། །ལེན་མེད་ཅེས་བྱ་བ་ནི་ལེན་པ་སྤངས་པ་སྟེ། ཉོན་མོངས་པ་དང་། ལས་མཐའ་དག་སྤངས་པའི་ཕྱིར་རོ། །གང་ལེགས་པར་སྤྱོད་པ་མཆོག་ཏུ་བྱེད་པ་དེ་ནི་བྲམ་ཟེ་ཡིན་ནོ་ཞེས་
བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་མེད་པ་སྟེ། སྡོམ་པས་བསྡམས་པའི་ལེགས་པར་སྤྱོད་པ་དང་ལྡན་པར་བསྟན་ཏོ། །ལེགས་བསྡམས་ཞེས་བྱ་བ་ནི་སྡོམ་པ་དང་ལྡན་པའོ། །གནས་གསུམ་ཞེས་བྱ་བ་ནི་ལུས་ལ་
སོགས་པའི་རྣམ་པའོ། །ཡང་ན་སོ་སོར་ཐར་པ་དང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའོ། །གང་ཚིག་ཙམ་གྱིས་ལེགས་པར་སྡོམ་པ་དེ་ཡང་བྲམ་ཟེ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གོ་བྱེད་ཅེས་བྱ་བ་སྨོས་ཏེ་གང་གིས་དེ་བཞིན་ཉིད་གོ་བར་བྱེད་པ་བདེན་པ་ཞེས་བྱ་བའི་དོན་ཏོ། །མི་རྩུབ་
པ་ནི་ཡིད་ཚིམ་པར་བྱེད་པ་སྟེ། ཡིད་འཕྲོག་པར་བྱེད་པའོ། །ཚིག་ནི་ངག་དག་གོ། །ཡིད་དུ་འོང་བ་ནི་སྙན་པར་ཡང་དག་པར་སྦྱོར་བར་བྱེད་པ་གང་ཡིན་པ་དེ་སྟེ། ཡིད་དུ་འོང་བ་ནི་མཚམས་སྦྱོར་བར་བྱེད་པ་དང་ཕྲ་མ་མེད་པ་ཞེས་བྱ་བའི་དོན་ཏོ། །སྨྲ་བ་ནི་བརྗོད་པ་དང་སྟོན་པའོ། །གང་
གིས་ཉོན་མོངས་མི་སྐྱེད་དེ། །ཞེས་བྱ་བ་ནི་མངོན་པར་ཆགས་པ་དང་། ཞེ་སྡང་གིས་སྦྱོར་བར་མི་བྱེད་པའོ། །གང་གིས་ཤེ་ན། མཁས་པས་ཏེ་རྟོགས་པ་པོ་དོན་དང་ལྡན་པའི་ཚིག་ཏུ་སྟོན་པ་ཡིན་ཏེ། །འབྲེལ་པ་མེད་པའི་ཚིག་གིས་ནི་མཁས་པ་དག་གཞན་འཁྲུག་པར་མི་བྱེད་དོ། །ཡིད་ཀྱི་
เล่ม ๑๔๙ · หน้า 203b
ལེགས་པར་སྤྱོད་པ་གཅིག་གིས་ཀྱང་བྲམ་ཟེར་འགྱུར་བ་ཡིན་ནོ་ཞེས་སྟོན་ཏེ། གང་ཞིག་འཆིང་བ་ཞེས་བྱ་བ་ལ་སོགས་པའོ། །གཤེ་བའི་བ་ར་དྷྭ་ཛས་བཅོམ་ལྡན་འདས་ཐག་རིང་པོ་ནས་མཐོང་བ་ལས་གཤེ་བར་གྱུར་ཏེ་འདི་གསུངས་སོ། །དེ་ནས་དེ་མངོན་པར་དད་པ་སྐྱེས་ཏེ། ཁྲོ་མེད་ཅེས་བྱ་བ་ལ་
ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ། །མངོན་དུ་འོངས་ཏེ་ཚིག་རྩུབ་པོ་བརྗོད་ཅིང་གཤེ་བ་ལ་གང་དག་བཟོད་པ་བྱེད་པ་དེ་ནི་བྲམ་ཟེ་ཡིན་པར་ངས་གསུངས་སོ། །གསོད་དང་འཆིང་ཞེས་བྱ་བ་ལ། གསོད་པ་ནི་གསོད་པ་ཉིད་དོ། །འཆིང་བ་ནི་ལྕགས་སྒྲོག་ལ་སོགས་པས་གཞན་གྱི་
དབང་དུ་བྱེད་པའོ། །དེ་ལ་བཟོད་པ་བྱེད་པ་ནི་བཟོད་པ་སྟེ། འདིས་ནི་གཞན་གྱིས་གནོད་པ་བྱས་པ་ལས་ཇི་མི་སྙམ་པར་བཟོད་པ་བསྟན་ཏོ། །ཇི་ལྟ་བུར་གྱུར་པ་ལས་བཟོད་པར་བྱ་ཞེ་ན། སྡང་བ་མིན་པས་ཞེས་བྱ་བ་སྨོས་ཏེ་ཁོང་ཁྲོ་བ་ལ་སོགས་པས་ཡིད་ཉམས་པར་མ་བྱས་པས་ཡིད་
དང་དུ་ལེན་ཅིང་བཟོད་པའོ། །དེས་ཟིལ་གྱིས་མི་གནོན་པ་ནི་བྲམ་ཟེ་ཞེས་བརྗོད་དེ། དེ་ཉིད་སྨྲས་པ་བཟོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟོད་པ་ཉིད་བརྟུལ་ཞུགས་ཏེ། ཡོན་ཏན་འཕེལ་བར་བྱེད་པའི་གནས་ཡིན་པའི་ཕྱིར། བཟོད་པ་དཀའ་ཐུབ་དམ་པ་ཞེས་བཤད་དོ། །དེ་ཉིད་
དཔུང་གི་ཚོགས་ཏེ། སྟོབས་དང་ལྡན་ཞིང་སྒྲུབ་པ་འདི་ལ་ཡོད་པ་དེ་ཉིད་དོ། །དཔེར་ན་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་ནི་གཞན་གྱིས་ཟིལ་གྱིས་མི་གནོན་ཅིང་གཞན་རྣམ་པར་གནོན་པར་བྱེད་པ་དེ་བཞིན་དུ་བཟོད་པའི་བརྟུལ་ཞུགས་དང་ལྡན་ཞིང་འབྱོར་པར་གྱུར་པས་ནི་
སྡིག་པས་ཟིལ་གྱིས་མི་ནོན་ཅིང་འཇིག་རྟེན་གསུམ་ལས་རྒྱལ་བར་ཡང་བྱེད་དོ། །ཁྲོ་བ་མེད་ཅིང་ཞེས་བྱ་བ་ནི་ཁྲོ་བ་མ་ཡིན་པས་ཁྲོ་བ་མེད་པ་སྟེ། བཟོད་པའི་ཁྱད་པར་དང་ལྡན་པས་སོ། །ཚུལ་ཁྲིམས་ཅན་ཞེས་བྱ་བས་ནི་སོ་སོར་ཐར་པའི་སྡོམ་པ་དང་ཡང་དག་པར་ལྡན་པ་སྟེ། འདིས་ནི་
ཁྲོ་བའམ་འགྱུར་བ་མེད་པའི་ཐབས་བསྟན་ཏོ། །བརྟུལ་ཞུགས་ལྡན་ཞིང་ཞེས་བྱ་བ་ནི་ཡང་དག་པར་བླང་བ་དང་ལྡན་པའི་ཕྱིར་རོ། །འདིས་ནི་ཚུལ་ཁྲིམས་དག་པར་བསྟན་ཏོ། །སེམས་ཁྲལ་མེད་ཅེས་བྱ་བ་ནི་ཡུལ་དག་ལ་ཆགས་པ་དང་བྲལ་བས་དགའ་བ་མེད་ཅེས་བྱ་བའི་དོན་ཏོ། །འདིས་
เล่ม ๑๔๙ · หน้า 204a
ནི་རབ་ཏུ་དབེན་པ་བསྟན་ཏོ། །དུལ་བ་ནི་དབང་པོ་དུལ་བའི་ཕྱིར་རོ། །ལུས་མཐར་གནས་ཞེས་བྱ་བ་ནི་གང་འདི་ལྟ་བུ་དེ་ཉིད་ནི་སྲིད་པ་ཐ་མལ་རྣམ་པར་གནས་པ་ཡིན་ཏེ། འདིས་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བར་བསྟན་ཏོ། །ཁྲོ་བ་ལ་སོགས་པ་
སྤངས་པར་གྱུར་ན་ནི་དབེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་རབ་བྱུང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགེ་སློང་ཞིག་བྱ་རྒོད་ཀྱི་ཕུང་པོའི་པི་པ་ལའི་ཕྲག་ཕུག་ན་ཚོགས་ཀྱིས་འཇིགས་ཤིང་གནས་ཏེ་དེ་ལས་བརྩམས་སོ། །འདྲེས་པ་དང་ལྡན་པ་ནི་འདྲེ་བའོ། །དེ་དགག་པ་ནི་མི་འདྲེ་
བར་གནས་པ་སྟེ། མི་འདྲེ་ཞིང་གཅིག་པུ་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །གང་དང་འདྲེ་བ་ཡོངས་སུ་སྤོང་བ་ཡིན་ཞེ་ན། རབ་བྱུང་ཁྱིམ་པ་དང་ཞེས་བྱ་བ་སྟེ། ཁྱིམ་པ་ནི་ཁྱིམ་གཅིག་པའོ། །རབ་ཏུ་བྱུང་བ་ནི་ཁྱིམ་མེད་པའོ། །དེ་བཞིན་གཉི་ག་ཞེས་བྱ་བ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་གཉིས་སོ། །
འདི་ལྟར་ལ་ལ་ནི་ཁྱིམ་ལ་མངོན་པར་དགའ་སྟེ་འདི་ལྟ་སྟེ་མད་ཚ་རཱ་ནན་ད་ཞེས་བྱ་བ་ལ་སོགས་པའོ། །ལ་ལ་ནི་གཉི་ག་ལ་སྟེ་མགོན་མེད་ཟས་སྦྱིན་ལ་སོགས་པའོ། །དགོན་པ་ལ་ཡང་གནས་ཤིང་གཙུག་ལག་ཁང་ལ་སོགས་པ་ལ་ཡོངས་སུ་འཛིན་པ་མཆོག་ཏུ་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར།
ཁྱིམ་ནས་མ་བྱུང་ཞེས་བྱ་བ་སྨོས་ཏེ། ཁྱིམ་ནས་བྱུང་བའི་ངང་ཚུལ་འདི་ལ་ཡོད་པ་ནི་ཁྱིམ་ནས་བྱུང་བ་སྟེ་གནས་ནས་ཉེ་བར་འགྲོ་བ་མཆོག་ཏུ་བྱེད་པའོ། །གང་དེ་ལྟ་བུ་མ་ཡིན་པ་ནི་ཁྱིམ་ནས་མ་བྱུང་བ་སྟེ་གནས་ལ་མངོན་པར་མི་དགའ་བའི་རྣམ་པས་ལུས་དབེན་པ་བསྟན་ནས། སེམས་
དབེན་པ་བཤད་པ། འདོད་ཆུང་ཞེས་སྨོས་ཏེ། ཆོས་གོས་ངན་ངོན་ཙམ་ལ་སོགས་པས་ཆོག་ཤེས་པའི་ཕྱིར་རོ། །དེ་ནི་ཚོགས་ན་གནས་ཀྱང་བྲམ་ཟེ་ཡིན་ནོ་ཞེས་བསྟན་ནོ། །གང་སྲེད་པ་དང་དེའི་ཚོགས་ཆས་སྤངས་པ་དེ་ཉིད་ཀྱིས་ནི་དབེན་པ་ཐོབ་པར་ནུས་སོ་ཞེས་བསྟན་པའི་ཕྱིར།
མ་འོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཚེ་དང་ལྡན་པ་གཡུལ་ལས་རྒྱལ་བ་ཞེས་བྱ་བའི་ཆུང་མས་བུ་ཁྱེའུ་བླངས་ཏེ། དེའི་ཐད་དུ་འོངས་ནས། དེས་དེ་ལ་ཅི་ཡང་མ་སྨྲས་པས་དེ་ཡང་མི་སྨྲ་སྟེ། ཁྱེའུ་དེ་འཆགས་ལས་མགོ་གཏད་དེ་བཞག་གོ། །དེས་སྨྲས་པ། ཁོ་བོ་
เล่ม ๑๔๙ · หน้า 204b
རབ་ཏུ་བྱུང་སྟེ་ཆགས་པ་དང་བྲལ་ལོ་ཞེས་བྱ་བ་དང་ཁྱེའུ་དེ་བླངས་ཏེ་སོང་བ་ལས་དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །མ་འོངས་པ་ལ་ཞེས་བྱ་བ་ནི་དྲུང་དུ་འོངས་པའི་སྔོན་གྱི་གྲོགས་པོ་སྟེ། དེ་ཉེ་བར་གྱུར་ཅིང་སྒྲུབ་པའོ། །མངོན་པར་མི་དགའ་བ་ཞེས་བྱ་བ་ནི་མངོན་
པར་མི་འདོད་པ་དང་ཡིད་ཚིམ་པར་མི་འགྱུར་བ་སྟེ། འདོད་ཆགས་ལས་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །འདས་པ་རྣམས་ལ་གདུང་མེད་པ། །ཞེས་བྱ་བ་ནི་ཡིད་མི་གདུང་ཞིང་ནང་གི་མྱ་ངན་སེལ་བར་མི་བྱེད་པའོ། །ཅིའི་ཕྱིར་ཞེ་ན། འདི་ཉིད་སྨྲས་པ། འཁྲིག་
པ་སྟེ་འདོད་པའི་འདོད་ཆགས་དང་བྲལ་བས་ཁྱད་པར་དུ་གཡུལ་ལས་རྒྱལ་ཞེས་བྱ་བ་ཡིན་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་རྒྱལ་པོ་མ་སྐྱེས་དགྲ་ལས་རྒྱལ་བར་གྱུར་པ་ན་དེ་སྐྱེས་པས་དེ་ལྟར་བྱས་སོ། །ཡང་ན་ཉོན་མོངས་པའི་དགྲའི་གཡུལ་ལས་རྒྱལ་བ་དང་བཅོམ་པའི་ཕྱིར་ཏེ།
ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཡང་ན་གང་གི་ཀུན་དུ་འོང་བ་སྟེ་ལྷག་པར་ངན་སོང་གི་ཆེད་དུའོ། །དེ་ནི་འདིར་ཁྱད་པར་དུ་སྲེད་པ་ཡིན་པར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །དེར་འོངས་པ་ནི་སྐྱེས་པའོ། །མངོན་པར་མི་དགའ་བ་ནི་ལྷག་པར་མི་ཞེན་ཅིང་སྤོང་བར་
བྱེད་ལ་སེལ་བར་བྱེད་དེ། བདག་ལ་ཕན་པར་འདོད་པས་ནི་ཤིན་ཏུ་བཀྲེས་པར་གྱུར་ཀྱང་ཁ་ཟས་ཤིན་ཏུ་དུག་དང་བཅས་པ་བཞིན་དུ་རྟོགས་པར་བྱའོ། །འདས་ལ་ཞེས་བྱ་བ་ནི་རྒྱུད་ལས་ཀྱང་བྱུང་བ་སྟེ། འགག་པའམ་འགག་པར་འགྱུར་བའོ། །གདུང་མེད་ཅེས་བྱ་བ་ནི་དེ་སྡུག་བསྔལ་དུ་འདུ་
ཤེས་པའི་ཕྱིར་སྡུག་བསྔལ་གྱི་དངོས་པོ་དང་བྲལ་བས་ཡང་དག་པར་དགའ་བ་འབྱུང་བའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། གྲོལ་ཞེས་སྨོས་ཏེ། ག་ལས་ཤེ་ན། འཁྲིག་པ་ལས་སོ། །འདིས་ཆགས་པར་བྱེད་པས་ན་ཆགས་པ་སྟེ། ཐོབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་སྤངས་པ་ནི་དེའི་
སྤངས་པས་སོ། །ཇི་ལྟར་དེ་གདུང་བ་མེད་པ་ཡིན་ཞེ་ན། འདི་ལྟར་དེ་ནི་མྱ་ངན་མེད། །ཅེས་སྨོས་ཏེ། དེ་ཉིད་ནང་གི་གདུང་བ་མེད་པས་དེ་ལས་ཇི་ལྟར་རྗེས་སུ་མྱོང་བར་འགྱུར། གང་གི་ཕྱིར་མེ་མེད་པར་གྱུར་ན་ནི་ཚ་བའང་མེད་པར་འགྱུར་བ་ལྟར་མྱ་ངན་འདི་ལྟ་ག་ལ་ཡོད་པའོ། །དེའི་རྒྱུར་གྱུར་པ་
เล่ม ๑๔๙ · หน้า 205a
རྡུལ་དང་བྲལ་བ་ཡིན་ཏེ། འདི་ཉིད་བསྟན་པ་རྡུལ་བྲལ་ཞེས་ཏེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྡུལ་ནི་གདུང་བ་འདྲེན་པར་བྱེད་པ་ཡིན་ལ། དེ་སྤངས་པ་ནི་དེ་དང་བྲལ་བ་ཡིན་ནོ། །རྡུལ་ཐམས་ཅད་བྲལ་བས་ནི་འཁྲུག་པ་མཐའ་དག་དང་བྲལ་བའི་ཕྱིར་
མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ་ཞེས་བསྟན་ཏེ། ཞི་བ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་སྲེད་པ་ལ་སོགས་པ་སྤང་བར་གང་གིས་ནུས་ཞེས་གང་ཞིག་འདོད་པ་ཆུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་བསམ་གཏན་པ་
དགོན་པ་ན་གནས་པའི་ཤིང་དྲུང་པ་ཞིག་ལས་བརྩམས་སོ། །གང་གཞན་མི་གསོ་བ་ཉིད་ཀྱིས་དེ་ཚུལ་ཁྲིམས་ལ་བརྩོན་པ་ཉིད་ཀྱིས་ཡོངས་སུ་གཟུང་བ་སྤངས་པའི་ཕྱིར་རོ། །འདོད་ཆུང་ཞེས་བྱ་བ་ནི་སེམས་དབེན་པའི་ཕྱིར་རོ། །དུལ་བ་ནི་དབང་པོ་དུལ་བའི་ཕྱིར་གང་གི་ཕྱིར་དབེན་པའི་
འབྲས་བུ་ནི་དུལ་བའོ། །སྙིང་པོར་རབ་གནས་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་བསྟན་པས་ལྷག་པར་གྲོལ་བའི་ཕྱིར་རོ། །དེ་ཉིད་ཚོགས་ལ་གནས་པ་སྟེ་ལམ་བསྒོམ་པ་ཡིན་ནོ། །ཟག་ཟད་ཅེས་བྱ་བ་ནི་ཉོན་མོངས་པ་སྤངས་པས་སོ། །སྐྱོན་རྣམས་བསལ་བ་ཞེས་བྱ་བ་ནི་ཡང་སྲིད་
པའི་འབྲས་བུའི་ལམ་སྤངས་པའི་ཕྱིར་རོ། །གང་ཟག་པ་ཟད་པ་དང་སྐྱོན་རྣམས་བསལ་བ་ཉིད་ཁོ་ན་ཕ་རོལ་དང་ཚུ་རོལ་མེད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཚུ་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་རབ་ཏུ་མང་པོ་དང་དེ་ལས་གཞན་པའི་སྲོག་ཆགས་སྠུ་ལ་
ཀོ་ཤྟའི་ཚུ་རོལ་ནས་ཕ་རོལ་དུ་རྒལ་བར་བྱེད་ལ། སླར་ཡང་འོང་བར་བྱེད་དོ། །དེའི་ཚེ་དགེ་བསྙེན་རབ་ཏུ་མང་པོ་དེའི་དྲུང་དུ་ལྷགས་ཏེ། འདུག་ནས་དེ་དག་གིས་གཏམ་བརྗོད་པར་གྱུར་ཏེ། བྲམ་ཟེ་དག་ཀྱང་རྒལ་བར་བྱེད་ཅིང་ཕྱིར་ཡང་རྒལ་ལ། དེ་བཞིན་དུ་གཞན་དག་ཀྱང་ངོ་། །དེ་ལས་
ཁ་ཅིག་གིས་ཇི་ཙམ་གྱིས་བྲམ་ཟེ་ཞེས་ཉེ་བར་གདགས་པར་བྱ་ཞེས་པ་དང་། དེ་ན་ཁ་ཅིག་གིས་ཇི་ལྟར་ན་མ་ལས་བྱུང་བ་ནས་སོ་ཞེས་བྱ་བ་ནས་རྒྱ་ཆེར་སྨྲས་པ་དང་། དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་དེ་དག་ལས་བརྩམས་པའི་ཚིགས་སུ་བཅད་པ་གཉིས་སོ། །གཞན་
เล่ม ๑๔๙ · หน้า 205b
དག་ནི་རྒྱལ་བྱེད་ཀྱི་ཚལ་ན་གང་བྲམ་ཟེ་ནི་ཕ་རོལ་དུ་འགྲོ་བ་དེ་ཉིད་ཡིན་ནོ་ཞེས་སྨྲ་བའི་བདུད་ལས་བརྩམས་སོ་ཞེས་ཟེར་རོ། །གང་ཞིག་ཕ་རོལ་ཞེས་བྱ་བ་ནི་རིང་བ་ན་གནས་པ་སྟེ། ཕ་རོལ་ན་ཡང་དེ་མེད་པ་ནི་གང་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་སྤངས་པའི་ཕྱིར་རོ། །ཚུ་རོལ་དང་ཞེས་བྱ་བ་ནི་ནང་གི་
ཡང་སྤངས་པའི་ཕྱིར་རོ། །ཕ་རོལ་ཚུ་རོལ་གཉིས་མེད་པ། །ཞེས་བྱ་བ་ནི་གཉི་ག་མེད་པའོ། །གང་གི་ཕྱིར་ཁ་ཅིག་ནི་ཕྱི་རོལ་ལ་ལྷག་པར་ཞེན་ལ་ཁ་ཅིག་ནི་ནང་ལའོ། །ཁ་ཅིག་ནི་གཉི་ག་ལ་སྟེ། དེ་བས་ན་འདིར་གསུམ་སྨོས་སོ། །མཐར་ཕྱིན་ཞེས་བྱ་བ་ནི་གང་ལ་ཕ་རོལ་ལ་སོགས་པ་མེད་
པ་དེ་ཉིད་ནི་ཕ་རོལ་དུ་སོང་བ་སྟེ། མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ། །གང་དག་གི་ཞེ་ན། ཆོས་རྣམས་ཀུན་གྱི་ཞེས་བྱ་བ་སྟེ། སྐྱེ་མཆེད་བཅུ་གཉིས་ཀྱི་ཕ་རོལ་དུ་ཕྱིན་པའི་ཕྱིར་ཏེ། ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། སྐྱེ་མཆེད་བཅུ་གཉིས་སོ་ཞེས་མདོ་ལས་བསྟན་པའི་
ཕྱིར་རོ། །ཡང་ན་གང་ཞིག་ཕ་རོལ་མེད་པ་སྟེ་ཕུང་པོ་ལྔ་ལྷག་མ་མེད་པའོ། །ཚུ་རོལ་ནི་ཉོན་མོངས་པ་དང་བཅས་པའོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཇི་ལྟར་ཕ་རོལ་དང་ཕ་རོལ་མ་ཡིན་པ་ལ་སོགས་པ་མེད་པ་ཡིན་ཞེ་ན། འདིར་རྒྱུ་བསྟན་པ། གནས་གསུམ་ལ་ཞེས་སྨོས་ཏེ།
རྣམ་པ་གསུམ་ནི་ནང་དང་ཕྱིར་རོལ་དང་དེ་གཉི་གའི་བདག་ཉིད་ཀྱི་སྐྱེ་མཆེད་ལའོ། །ཡང་ན་སེམས་ཅན་གྱི་གནས་གསུམ་སྟེ། ཁམས་གསུམ་ལའོ། །ཡང་ན་དུས་གསུམ་ལའོ། །མ་ཆགས་ཞེས་བྱ་བ་ནི་ལྷག་པར་ཞེན་པ་མེད་པ་སྟེ། དེ་ལ་དམིགས་པའི་འདོད་ཆགས་སྤངས་པའི་ཕྱིར་རོ། །
གང་མིག་གི་འདུན་པའི་འདོད་ཆགས་དེ་སྤངས་པས་ནི་འདུན་པའི་འདོད་ཆགས་སྤངས་པ་ཉིད་དེ། མིག་དེ་ཡང་སྤངས་པར་འགྱུར་རོ་ཞེས་བྱ་བ་མདོ་ལས་གསུངས་ཏེ། དེ་ལྟར་ན་ཕ་རོལ་ལ་སོགས་པ་མེད་པ་ཡིན་ནོ་ཞེས་བརྗོད་དོ། །མ་ཆགས་པ་ཞེས་བྱ་བས་སྲེད་པ་སྤངས་པར་བསྟན་ནས་
དེའི་འབྲས་བུ་ལེན་པ་སྤངས་པ་བསྟན་པ། གང་ཞིག་རིང་དང་ཐུང་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་དན་ཌ་ཀའི་དགོན་པ་ན་གནས་པའི་རིང་པ་དང་ཐུང་བའི་དཀའ་ཐུབ་ཅན་གྱི་བྲམ་ཟེ་གཉིས་རིང་བ་དང་ཐུང་བའི་གོས་དག་འཆང་ཞིང་འཁོར་དང་བཅས་པ་བདག་ཉིད་བྲམ་
เล่ม ๑๔๙ · หน้า 206a
ཟེ་ཡིན་ནོ་ཞེས་སེམས་བཞིན་དུ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། གཽ་ཏ་མ་ཁྱོད་ཇི་ལྟར་བྲམ་ཟེར་འདོགས་པར་མཛད་ཅེས་གསོལ་པའོ། །དེས་ན་དེ་གཉིས་ལ་ཚིགས་སུ་བཅད་པ་བཞི་གསུངས་ཏེ། དེ་གཉིས་ཀྱིས་ཐུང་བ་དང་རིང་བའི་གོས་སྤངས་ཏེ། །
ཕྲ་བ་དང་རགས་པ་དང་མཛེས་པ་ལ་སོགས་པ་ཡང་སྤངས་ནས་རབ་ཏུ་བྱུང་སྟེ། འདོད་ཆགས་དང་བྲལ་བར་གྱུར་ཏོ། །ཐུང་བ་ཞེས་བྱ་བ་དག་ནི་དེ་གཉིས་ཀྱིས་སྔོན་གྱི་གོས་ལ་སོགས་པ་སྤངས་པ་སྟེ། བཅོམ་ལྡན་འདས་ལས་ཞེས་རྟོགས་ནས་དེ་ཡོངས་སུ་སྤངས་པ་དང་། ཕྱིས་ཚིགས་སུ་
བཅད་པའི་དོན་དམ་པ་རྟོགས་པར་གྱུར་ཏོ། །གང་ཞིག་ནི་གང་ཉིད་དོ། །ཐུང་བ་ནི་ཡུན་ཐུང་བར་དགེ་བ་དང་མི་དགེ་བ་བསགས་པས་མི་ལེན་ཏོ་ཞེས་བྱ་བ་དང་སྦྱར་རོ། །རིང་བ་ནི་ཡུན་རིང་དུ་བསགས་པའོ། །ཕྲ་སྦོམ་ཞེས་བྱ་བ་ནི་ཕྲ་བ་དང་། རགས་པ་སྟེ། གསལ་བ་དང་མི་གསལ་བར་
བྱས་པ་ཡིད་དང་ལུས་ཀྱིས་བྱས་པའི་གོ་རིམས་བཞིན་ནོ། །ཡང་ན་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པའི་ས་པའི་འོ། །ཡང་ན་དབང་པོ་ལས་འདས་པ་དང་དབང་པོས་གཟུང་བའི་ཡུལ་དུ་གྱུར་པའོ། །འཇིག་རྟེན་ནི་འགྲོ་བའོ། །དགེ་བ་དང་མི་དགེ་བ་ནི་བསོད་ནམས་དང་
བསོད་ནམས་མ་ཡིན་པའམ། ཡང་ན་ཉོན་མོངས་པ་དང་ཉོན་མོངས་པ་མ་ཡིན་པའོ། །འོ་ན་བསོད་ནམས་བླང་བར་བྱ་བ་ཡིན་ནམ་ཞེ་ན། ཅུང་ཟད་ཅེས་སྨོས་ཏེ། འདོད་པ་མེད་པའོ། །བསོད་ནམས་ཏེ། འཁོར་བའི་འབྲས་བུ་ཡང་སྡིག་པ་བཞིན་དུ་སྤང་བར་བྱའོ་ཞེས་བྱས་ནས་སོ། །མི་ལེན་
ཏེ་ཞེས་བྱ་བ་ནི་ལེན་པ་མེད་ཅིང་མི་འཛིན་པ་མེད་ཅེས་བྱ་བའི་དོན་ཏོ། །གང་ལ་སྲེད་པའི་དབང་གིས་ནི་ཉེ་བར་ལེན་པ་ཡིན་གྱི། སྲེད་པ་མེད་པ་དེ་ལ་ནི་དེ་ཡང་མེད་པ་ཉིད་དོ། །ཉེ་བར་ལེན་པ་སྤངས་པས་ཁྱད་པར་དུ་འགྱུར་རོ། །འདི་ཉིད་ཅེས་བྱ་བ་ནི་མཐོང་བའི་ཆོས་ལའོ། །གང་ཞིག་ཅེས་བྱ་
བ་ནི་ཉེ་བར་ལེན་པ་སྤངས་པའོ། །རབ་ཤེས་ཤིང་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པས་མངོན་པར་རྟོགས་པའོ། །རང་གི་སྡུག་བསྔལ་ཟད་པ་དང་། །ཞེས་བྱ་བ་ནི་བདག་གི་རྒྱུད་ལ་གནས་པའི་སྡུག་བསྔལ་སྤངས་པའོ། །ཡང་ན་འཕགས་པའི་བདེན་པ་བཞིས་ཡོངས་སུ་བཅད་
เล่ม ๑๔๙ · หน้า 206b
པའོ། །སྡུག་བསྔལ་ཟད་པར་བྱས་ནས་ཇི་ལྟ་བུར་འགྱུར་ཞེ་ན། འདོད་ཆགས་བྲལ་བ་ཞེས་སྨོས་ཏེ། ཁམས་གསུམ་གྱི་སྲེད་པ་སྤངས་པའོ། །མི་ལྡན་ཞེས་བྱ་བ་ནི་ཉོན་མོངས་པའི་གཞི་སྤངས་པས་སོ། །གང་གིས་འདོད་ཆགས་དང་བྲལ་བ་ཐོབ་ཅིང་དྲི་མ་སེལ་བར་བྱེད་པ་ཡིན་ཞེ་ན། འདི་
ཉིད་སྨྲས་པ། འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། གཞན་དག་ནི་ཤར་ཕྱོགས་ཀྱི་ཀུན་དགའ་ར་བ་ན་གནས་པའི་གནས་བརྟན་ཡོངས་སུ་དག་པ་ལས་བརྩམས་སོ་ཞེས་ཟེར་རོ། །དགེ་ཞེས་བྱ་བ་ནི་སྲིད་པའི་འབྲས་བུ་ཅན་ནོ། །སྡིག་པ་ཅན་ཞེས་བྱ་བ་ནི་ངན་སོང་གི་འབྲས་བུ་ཅན་ནོ། །གཉི་ག་
ཡིས་ཀྱང་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་དགེ་བ་དང་སྡིག་པའོ། །མི་གོས་པ་ཞེས་བྱ་བ་ནི་ཉེ་བར་མི་སོགས་པའོ། །དེའི་ཕྱིར་བསོད་ནམས་ཀྱིས་གོས་པ་ནི་འཁོར་ལོས་སྒྱུར་བ་ལ་སོགས་པའོ། །སྡིག་པས་ཉེ་བར་གོས་པ་ཉིད་ནི་ཙན་ད་གི་རི་ཀ་ལ་སོགས་པའོ། །གཉི་གས་གོས་པ་ནི་མ་
སྐྱེས་དགྲ་ལ་སོགས་པའོ། །གོས་མེད་ཅེས་བྱ་བ་ནི་དྲི་མ་མེད་ཅིང་ལས་ཟད་པ་དང་ཟག་པ་ཟད་པར་འདིས་བསྟན་ཏོ། །རྡུལ་བྲལ་ཞེས་བྱ་བ་ནི་དེའི་ཕན་ཡོན་བསྟན་པའོ། །ཞི་བ་ནི་ཉེ་བར་ཞི་བ་ཐོབ་པའི་ཕྱིར་རོ། །བསོད་ནམས་ལ་སོགས་པས་ཉེ་བར་གོས་པས་ནི་དེ་ལ་ཉེ་བར་ཆགས་
པར་འགྱུར་ལ་དེ་སྤངས་པས་ནི་དེས་བྱས་པའི་སྦགས་པ་དང་ཡང་བྲལ་བ་ཡིན་ནོ་ཞེས་བསྟན་ཏེ་གང་ཞིག་དགེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཆགས་པ་དེ་ཉེ་བར་སྤང་བ་ལ་སོགས་པ་དང་རྗེས་སུ་མཐུན་པའི་གཉེན་པོ་བསྐྱེད་ནས་ལྷག་པར་ཆགས་པ་དེ་ལས་འདས་པར་
བྱེད་ཅིང་ཟིལ་གྱིས་གནོན་པར་བྱེད་དོ། །སྲེད་པ་སྤངས་པ་དེས་ནི་ཆགས་པ་དེ་ལས་འདས་ཤིང་ཟིལ་གྱིས་མནན་ཏེ་ཆགས་པ་སྤངས་པའོ། །རྣམ་བྲལ་ཞེས་བྱ་བ་ནི་སྲེད་པ་སྤངས་པའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་དངོས་པོ་སྤངས་པ་སྟེ་ཁམས་གསུམ་ལས་གྲོལ་བའི་ཕྱིར་རོ། །རྣམ་པར་བྲལ་
བའི་ངོ་བོ་བཤད་པ། གང་ཞིག་སྔོན་དང་ཞེས་བྱ་བ་ལ་སོགས་པའོ། །རི་ཁ་བ་ཅན་ན་གནས་པའི་ལྔ་མངོན་པར་ཤེས་པ་དང་ལྡན་པའི་དྲང་སྲོང་མང་པོ་ཤིང་ནྱ་གྲོ་དྷའི་རྒྱལ་པོའི་རྩར་ཉིན་པར་ཉེ་བར་གནས་པར་གྱུར་ཏོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡང་དེ་ཉིད་ན་འདུག་སྟེ།
เล่ม ๑๔๙ · หน้า 207a
དེ་དག་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ཐད་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཇི་ཙམ་གྱིས་དེ་བཞིན་གཤེགས་པ་བྲམ་ཟེར་གདགས་པས་གདགས་པར་མཛད་ཅེས་སྨྲས་པ་དང་། དེས་དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་ཁྲིད་པ་ལས་ཇི་ཙམ་ན་འདི་
གསུངས་སོ། །གང་ཞིག་ནི་སེམས་ཅན་ནོ། ཕྱི་མ་དང་ཞེས་བྱ་བ་ནི་ཆུང་མ་བླངས་ནས་བུ་བསྐྱེད་པར་བྱ་ལ་བུ་ལ་ཆུང་མ་བཞག་ནས་ནགས་སུ་འགྲོ་བར་བྱའོ་ཞེས་ཆོས་ཁྲིམས་ཀྱི་གཞུང་ལ་བརྟེན་ནས་ཆུང་མ་དོར་བ་སྟེ་གང་ཞིག་གང་དུ་སེམས་རྒྱུག་པ་མེད་པའི་ཕྱིར་རོ། །སྔོན་དང་ཞེས་བྱ་བ་
ནི་ལོ་བཞི་བཅུ་ལོན་པའི་བར་དུ་གནས་ལ་ནགས་སུ་སོང་ནས་བུ་སྐྱེད་ལ་ཆུང་མ་བླང་བའི་ཕྱིར་ཁྱིམ་དུ་འོང་བ་གང་ཡིན་པ་དེ་ལྟར་འདོད་པ་ཡང་མེད་པའོ། །དབུས་ཀྱང་ཞེས་བྱ་བ་ནི་བདག་ཉིད་གང་ཡིན་པ་ལ་ཆགས་པ་མེད་པ་སྟེ་དངོས་པོ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །
ཡང་ན་འདིས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་ལ་ལྷག་པར་ཆགས་པ་དང་། ཁོང་ཁྲོ་བ་ལ་སོགས་པ་མེད་པར་བསྟན་ཏོ། །ཡོད་པ་མ་ཡིན་པ་ནི་མེད་པའོ། །གང་སྔར་བསྟན་པའི་མེད་པ་དེ་ཉིད་སྨྲས་པ། རྡུལ་བྲལ་ཞེས་བྱ་བའོ། །འདི་ཉིད་སྨྲས་པ། འཆིང་བ་
ལས་གྲོལ་ཞེས་བྱ་བ་སྟེ་བདུད་ཀྱི་འཆིང་བ་དང་བྲལ་བས་སོ། །འཆིང་བ་དེ་གང་ཡིན་པ་དང་། སྡིག་པ་ལས་གྲོལ་བ་གང་ཡིན་པ་དེ་བསྟན་པའི་ཕྱིར། པདྨའི་འདབ་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེའི་རིགས་སུ་སྐྱེས་པ་གཞོན་ཡང་སྡིག་པ་དང་བཟའ་བ་མ་ཡིན་པ་སྤོང་བ་
ཞིག་ཇི་ཙམ་ན་དེ་དགོན་པར་གནས་ནས་དགྲ་བཅོམ་པ་ཐོབ་པ་ལ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ཆུ་ནི་གཞོལ་འགྲོའོ། །པདྨའི་འདབ་མ་ལྟར་ཞེས་བྱ་བ་ནི་དཔེར་ན་ཆུ་ནི་པདྨའི་འདབ་མ་ལ་གནས་པ་དེ་བཞིན་དུ་གང་ཞིག་སྡིག་པ་ལ་མི་སྤྱོད་དེ་འདོད་
ཆགས་སྤངས་པའི་ཕྱིར་རོ། །སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །ཞེས་བྱ་བ་ནི་དཔེར་ན། སྨྱུང་བུ་སྟེ་འབིགས་པར་བྱེད་པའི་རྩེ་མོ་ལ་ཡུངས་ཀར་མི་གནས་པ་དེ་བཞིན་དུ་སྡིག་པ་དག་ཁོང་ཁྲོ་བ་སྤངས་པའི་ཕྱིར་མི་སྤྱོད་པའོ། །བཀུར་སྟི་བསལ་བ་དང་མི་འགྱུར་བ་བསྟན་པའི་
เล่ม ๑๔๙ · หน้า 207b
ཕྱིར། དཔེ་རྣམ་པ་གཉིས་སམ་ཡང་ན་ཕུན་སུམ་ཚོགས་པའམ་རྒུད་པའི་གནས་སྐབས་ལ་མི་འགྱུར་བར་བསྟན་པའོ། །སྡིག་པ་ལ་མི་འཇུག་པས་ནི་འདོད་པ་སྤོང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། འདོད་ལ་མི་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་པར་ཞེན་པར་མི་
བྱེད་པའོ། །འདོད་པ་སྤངས་པས་ནི་སྲེད་པ་སྤངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྲིད་ལ་དགའ་བ་ཡོངས་སྤངས་ཏེ། །ཞེས་བྱ་བ་ཡིན་ཏེ་དགའ་བ་ནི་སྲིད་པ་དོན་དུ་གཉེར་བ་སྟེ། དེ་ལས་སྐྱེས་པ་ནི་སྐྱེ་བ་དང་སྲིད་པ་སྟེ་དེ་གཉིས་སྤངས་པ་གང་ཡིན་པ་དེའོ། །ཡང་ན་སྲིད་པ་
ལས་དགའ་བ་ནི་སྲེད་པ་སྐྱེད་པའོ། །སྡིག་པ་ལ་སོགས་པ་གསུམ་དང་འབྲེལ་པ་ནི་ཚིགས་སུ་བཅད་པ་གཞན་གསུམ་གྱིས་བསྟན་ཏེ། ཟླ་བ་དག་ཅིང་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་རི་སྤོས་ཀྱི་ངད་ལྡང་ན་ལྷ་ལ་སོགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་
བཞུགས་ཏེ་ཁང་སྟེང་ནས་ཟླ་བ་ཡོངས་སུ་རྫོགས་ཤིང་དྲི་མ་མེད་པ་ལ་གཟིགས་ཏེ། དེ་བསྟན་པས་འདུལ་བ་དག་གིས་མང་དུ་མཛད་ནས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ཟླ་བ་ལྟར་ཞེས་བྱ་བ་ནི་ཟླ་བ་བཞིན་དུའོ། །དྲི་མེད་ཅེས་བྱ་བ་ནི་སྒྲ་གཅན་དང་སྤྲིན་གྱི་སྒྲིབ་གཡོགས་དང་བྲལ་བའི་ཕྱིར་
རོ། །དག་པ་ནི་དཀྱིལ་འཁོར་ཡོངས་སུ་མ་རྫོགས་པ་མེད་པའི་ཕྱིར་རོ། །རབ་ཏུ་དང་བ་ནི་སྟོན་ཉེ་བར་གནས་ན་ཤིན་ཏུ་མཛེས་པའི་ཕྱིར་རོ། །སྐྱོན་བྲལ་ནི་དུ་བ་དང་རྡུལ་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གང་ལ་ལ་ཞིག་སྡིག་པ་དང་ངན་པར་སྤྱོད་པ་ལ་སོགས་པས་མི་གོས་པའོ། །
ཇི་ལྟར་བྱས་ནས་དྲི་མ་མེད་པ་ཡིན་ཞེ་ན་སེར་སྣའི་དྲི་མ་དང་བྲལ་བའི་ཕྱིར་རོ། །དག་པ་ནི་ལུས་ལ་སོགས་པའི་ལེགས་པར་སྤྱོད་པ་ཉམས་པ་མེད་པ་དང་ལྡན་པའི་ཕྱིར་རོ། །རབ་ཏུ་དང་བ་ནི་དགེ་བའི་བཤེས་གཉེན་བསྟེན་པ་མཆོག་ཏུ་བྱེད་པས་སོ། །སྐྱོན་བྲལ་ཞེས་བྱ་བ་ནི་ལེགས་པར་
གསུངས་པ་མཉན་པ་ལ་སེམས་པ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཡང་ན་ཀུན་དུ་རྨོངས་པའི་ལྟ་བ་ངན་པ་དང་བྲལ་བའི་ཕྱིར་ཏེ་དངོས་པོའི་དེ་བཞིན་ཉིད་གཟུང་བས་མ་ངེས་པའི་འཁྲུག་པ་མེད་པའི་ཕྱིར་རོ། །གང་དེ་ལྟ་བུ་དེ་ནི་སྡིག་པས་མི་གོས་པ་ཡིན་ཏེ། དེས་ན་སྡིག་པ་མི་
เล่ม ๑๔๙ · หน้า 208a
སྤྱོད་པས་བྲམ་ཟེའོ། །འདོད་པས་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ཀྱིས་སོ། །ཡང་དངོས་པོ་གསུམ་པོ་ཉིད་ཀྱི་དབང་དུ་བྱས་ནས། འདམ་རྫབ་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲོས་སོ། །འོད་སྲུངས་ཆེན་པོའི་ཡོན་ཏན་ལས་བརྩམས་ནས་འདི་གསུངས་ཏེ།
འདི་དགེ་སློང་དག་འདི་ལྟ་སྟེ་ནམ་མཁའ་ནི་གཙང་བས་ཀྱང་མི་གོས་སོ། །དེ་བཞིན་དུ་འོད་སྲུངས་ཆེན་པོ་ཡང་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་སོ་ཞེས་པ་ནས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །འདམ་རྫབ་ཀྱིས་ནི་ཞེས་བྱ་བ་ནི་དཔེར་ན་ནམ་མཁའ་ནི་འདམ་དང་མི་གཙང་
བ་ལ་སོགས་པས་མི་གོས་པ་ཡིན་ནོ་ཞེས་སྦྱར་བར་བྱའོ། །རྡུལ་གྱིས་ཟླ་བ་ཇི་ལྟ་བར། །ཞེས་བྱ་བ་ནི་དཔེར་ན་ཟླ་བའི་དཀྱིལ་འཁོར་ལ་རྡུལ་དང་རྡུལ་ཕྲན་ལ་སོགས་པ་གང་གིས་ཀྱང་མི་གོས་པ་སྟེ་མི་སྦགས་ཤིང་དྲི་མ་ཅན་དུ་མི་བྱེད་དོ། །སྡིག་པའམ་ངན་པར་སྤྱོད་པས་ཀྱང་དེ་བཞིན་དུ་
གང་ཞིག་མི་གོས་པ་ཡིན་ཏེ་དེ་ནི་བྲམ་ཟེའོ། །གང་ཡང་སྡིག་པས་མི་གོས་པ་ཡིན་ནོ་ཞེས་བསྟན་པ་ལ། གང་ཞིག་འདུག་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚེ་དང་ལྡན་པ་ནམ་གྲུས་མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་དུ་བྱས་ནས་གནས་སོ། །དེ་ནས་ཚངས་པ་ཆེན་པོ་ཚངས་རིས་ཀྱི་
ལྷ་སུམ་བརྒྱས་ཡོངས་སུ་བསྐོར་ཞིང་ཚེ་དང་ལྡན་པ་ནམ་གྲུ་ག་ལ་བ་དེར་ཕྱིན་ཏེ། ཇི་སྲིད་དུ་བཙུན་པ་འདིའི་ཉེ་བར་ཞི་བས་བདག་ཅག་ནི་དགའོ་ཞེས་བྱ་བ་ནས་འདི་གསུངས་སོ། །འདུག་ནས་ཞེས་བྱ་བ་ནི་དབེན་པའི་གནས་སུ་འདུག་པས་སོ། །རྡུལ་བྲལ་ནི་མི་གཙང་བ་ལ་སོགས་
པས་འདོད་ཆགས་ལ་སོགས་པ་བཀག་པས་སོ། །དབེན་པ་གཉིས་ཀྱི་འབྲས་བུ་སྨྲས་པ། སེམས་ཤིང་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་བཞི་མངོན་དུ་བྱེད་པའི་ཕྱིར་ཏེ། དེ་དག་བསམ་གཏན་པའི་ས་པ་ཡིན་པའི་ཕྱིར་རོ། །བྱ་བ་བྱས་པ་ནི་མཐོང་ལམ་བསྐྱེད་པས་ངན་སོང་
གསུམ་བསལ་བའོ། །ཟག་པ་ཟད་པ་ནི་བསྒོམས་པས་སྤང་བར་བྱ་བ་སྤངས་པའི་ཕྱིར་རོ། །དུལ་བ་ནི་མི་སློབ་པའི་ལམ་ཐོབ་པས་ཐམས་ཅད་དུ་འཁྲུལ་པ་སྤངས་པའི་ཕྱིར་རོ། །ལུས་མཐར་གནས་པ་ནི་དེ་ལས་གཞན་པའི་སྐྱེ་བ་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། །
เล่ม ๑๔๙ · หน้า 208b
ཤེས་པ་དབེན་པས་ནི་ཁྱད་པར་ལ་སོགས་པ་འཐོབ་པ་ཡིན་ནོ་ཞེས་བསྟན་ཏེ། ཤེས་རབ་ཟབ་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་ཀུན་དུ་རྒྱུ་མཁས་པ་ཞིག་ཐར་པ་འདོད་དེ་དེའི་བསླབ་པ་བླངས་པ་ལས་དེར་ཐར་པ་མ་ཐོབ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཇི་ཙམ་ན་དེ་ལས་
བརྩམས་སོ། །གཞན་དག་ནི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་བསྙེན་མ་བདེ་མ་ལས་བརྩམས་སོ་ཞེས་ཟེར་རོ། །ཤེས་རབ་ཟབ་པ་ཞེས་བྱ་བ་ལ་ཟབ་པ་ནི་དོན་གཏིང་དཔག་དཀའ་བ་སྟེ་ངེས་པར་འབྱེད་པའི་ཤེས་རབ་གང་གིས་བདག་མེད་པ་ལ་སོགས་པ་རྟོགས་པའི་ཕྱིར་རོ། །ཡིད་གཞུངས་
པ་ནི་སངས་རྒྱས་ཀྱི་གསུང་མཉན་པ་ལ་སོགས་པའི་རིམ་པ་ལ་བརྟེན་ནས་མཐོང་བའི་ལམ་སྐྱེད་པའི་ཕྱིར་རོ། །ལམ་དང་ལམ་མིན་རྣམས་ལ་མཁས། །ཞེས་བྱ་བ་ནི་བསྒོམ་པའི་ལམ་ཐོབ་པ་སྟེ་གང་གི་ཕྱིར་དེ་ནི་ཁྱད་པར་དུ་འདིར་ལམ་ལ་མཁས་པ་ཡིན་ནོ། །གང་ཞིག་དོན་མཆོག་རྗེས་
ཐོབ་དེ། །ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ། །འཕགས་པའི་ལམ་ལས་སྐྱེས་པའི་ཚོགས་བསྟན་པ། མི་ནི་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པའོ། །དགྲ་བཅོམ་པ་ཀ་ཕྱིན་ཆེན་པོ་བསོད་སྙོམས་ཀྱིས་
ལུས་འཚོ་བར་བྱེད་པ་ལས་བརྩམས་སོ། །གང་ཡང་རུང་བ་དག་ཅེས་བྱ་བའི་ཡང་གི་སྒྲ་ནི་བདག་ཉིད་ཅེས་ངེས་པར་གཟུང་བའམ་སྲིད་པའོ། །མི་ནི་ཞེས་བྱ་བ་ནི་མིའི་འཇིག་རྟེན་ན་ཞེས་བྱ་བ་ངེས་པར་གཟུང་བ་བདུན་པ་སྟེ་མིའི་ནང་ནས་ཞེས་བྱ་བ་ཡིན་ནོ། །འཚོ་བ་དང་ཞེས་བྱ་བ་
ནི་སྲོག་གནས་པར་བྱེད་པའོ། །སློང་མོ་སྤྱད་པས་ཞེས་བྱ་བ་སློང་བའི་ཚོགས་ནི་སློང་མོའོ། །དེའི་ཕྱིར་སྤྱོད་པ་ནི་འཇུག་པ་སྟེ། སློང་པ་དེས་ཡོངས་སུ་འཛིན་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དབེན་པ་དང་ཆོག་ཤེས་པ་སྟོན་པར་བྱེད་དོ། །བདག་མེད་ཅེས་བྱ་བ་ནི་བདག་གིར་བྱེད་པ་
དང་བྲལ་བས་མཐོང་བས་སྤང་བར་བྱ་བ་སྤངས་པར་བསྟན་ཏོ། །སུ་ལའང་གནོད་པ་མི་བྱེད་ཅེས་བྱ་བ་ནི་འགྲོ་བ་དང་གནས་པ་གང་ལ་ཡང་འཚེ་བ་མི་བྱེད་དེ་གནོད་པ་དང་བཅས་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བརྟན་ལྡན་ཞེས་བྱ་བ་ནི་ས་གོང་མ་ལས་
เล่ม ๑๔๙ · หน้า 209a
འདོད་ཆགས་དང་བྲལ་བའི་ཕྱིར་རི་བོ་བཞིན་དུ་མི་གཡོ་བའོ། །ཚངས་པར་སྤྱོད་པ་ཅན་ཞེས་བྱ་བ་ནི་མི་སློབ་པའི་ལམ་ཐོབ་པ་སྟེ་བདག་དང་གཞན་གྱི་དོན་བྱས་པའོ། །ཆོས་སྟོན་ཏེ་ཞེས་བྱ་བ་ནི་ཡན་ལག་བཅུ་གཉིས་ཀྱི་ཚིག་གི་རྣམ་པའོ། །ཅིའི་ཕྱིར་ཞེ་ན། ཀུན་
ཤེས་སྤྱད་ཕྱིར་ཞེས་བྱ་བ་སྟེ་ཟག་པ་མེད་པའི་རྟོགས་པ་བསྒྲུབ་པའི་ཕྱིར་རོ། །ལམ་བསྒོམས་པས་དང་པོར་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བསྟན་ཏེ། གང་ཞིག་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚོང་དཔོན་སུ་ཏ་ཞེས་བྱ་བའི་ཁྱེའུ་གཟུགས་བཟང་བ་
ལྷག་པར་འདོད་པ་དག་ལ་སེམས་ཞུགས་པར་གྱུར་ཏོ། །ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་སོང་སྟེ། །འོ་བུ་ཅག་ཕྱི་རོལ་དུ་འདོང་ཞེས་བྱས་ནས་ཕྱི་རོལ་དུ་ཁྱེར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་ཏེ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་ནས་ཆོས་ཐོས་པས་རྒྱུན་དུ་ཞུགས་པའི་འབྲས་
བུ་འཐོབ་སྟེ་དེ་ལས་བརྩམས་ནས་འདི་གསུངས་སོ། །སྤངས་ཤིང་ཞེས་བྱ་བ་ནི་རབ་ཏུ་བོར་བའོ། །འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་ལོ། །ལེགས་པ་ནི་ཕྱིན་ཅི་མ་ལོག་པའི་གཉེན་པོས་སོ། །དེའི་གཉེན་པོ་ནི་ཁྱིམ་མེད་པར་ནི་རབ་ཏུ་བྱུང་སྟེ་ཞེས་བྱ་བ་སྟེ། རབ་ཏུ་བྱུང་བ་
ཡོངས་སུ་འཛིན་པ་འགྲོ་བའི་དོན་དང་འཐོབ་པའི་དོན་ཏོ། །དེ་མ་གཏོགས་པར་ནི་ཡུལ་གྱིས་བྱས་པའི་གཡེང་བ་དང་བྲལ་བ་མེད་པའི་ཕྱིར་རོ། །འདོད་པའི་ཟག་པ་ཡོངས་ཟད་དེ། །ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་བརྟེན་ཏེ་ཞི་གནས་དང་ལྷག་མཐོང་གི་མཐུས་འདོད་པའི་ཉོན་མོངས་པ་མཐའ་
དག་སྤངས་པའི་ཕྱིར་རོ། །འདིར་ནི་ཕྱིར་མི་འོང་བ་ཉིད་སྟོན་ཏོ། །འདོད་པ་ལས་འདོད་ཆགས་དང་བྲལ་བར་གྱུར་ན་ནི་འཚེ་བ་མེད་པར་འགྱུར་རོ་ཞེས་བསྟན་ཏེ། །འགྲོ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་གསལ་རྒྱལ་གྱི་བློན་པོའི་མཆོག་པ་མ་ཀ་ཞེས་བྱ་བ་གཏུམ་
ལ་ཚམ་ཚོམ་མེད་པ་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ་། །དེ་གདུལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་རྫུ་འཕྲུལ་གྱིས་ཉི་ཚེ་བའི་སེམས་ཅན་དམྱལ་བར་སྐྱེས་པ་སྤྲུལ་ཏེ་དེ་ཡང་ཁ་དང་ཀུ་ར་ར་ལ་སོགས་པས་ལག་པ་ནས་ཉེ་བར་གཙེས་པ་དང་། ཉམ་ཐག་པའི་ང་རོ་
เล่ม ๑๔๙ · หน้า 209b
འདོན་པར་བྱེད་དོ། །དེས་དེ་མཐོང་ནས་ཡིད་བྱུང་ངོ་། །ཅི་ཙམ་ན་བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱིས་ལས་ཅི་ཞིག་བྱས་ཞེས་བཀའ་སྩལ་པ་དང་། བདག་གིས་ནི་རྒྱལ་པོའི་ཆད་པ་གཅོད་པའི་ལས་བགྱིས་སོ་ཞེས་གསོལ་པ་དང་། དེས་ཀྱང་དེ་སྐད་ཅེས་གསོལ་པ་ནས་དེ་འཇིགས་པས་
རབ་ཏུ་བྱུང་སྟེ་དེ་ལས་བརྩམས་ནས་འདིའོ། །མི་གཅོད་པ་ནི་སྤངས་པ་དང་བོར་པའོ། །ཆད་པ་ནི་འཚེ་བའོ། །གང་ལ་ཞེ་ན་འབྱུང་པོ་རྣམས་ལ་སྟེ་འཇིག་རྟེན་ལའོ། །གང་ལ་ཞེ་ན་འགྲོ་བ་དང་ཞེས་བྱ་བ་སྨོས་ཏེ་སྲོག་དང་བཅས་པ་དག་ལའོ། །གནས་པའི་ཞེས་བྱ་བ་ནི་སེམས་མེད་པའོ། །
ཇི་སྐད་དུ། སྡོང་དུམ་ཚིག་པ་ལ་ཡང་སེམས་ཀྱིས་གནོད་པར་མི་བྱ་ན་རྣམ་པར་ཤེས་པ་དང་ལྡན་པའི་ལུས་ཅན་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་ལྟ་བུའོ། །གནས་པའི་དུག་ཀྱང་འགྲོ་བའི་དུག་བཞིན་དུ་ཉེ་བར་སྤྱོད་པར་གྱུར་ན་གསོད་པར་བྱེད་པ་བཞིན་དུ་འགྲོ་བ་གཉིས་པོ་དག་ལ་
འཚེ་བ་བྱས་ན་བྱེད་པ་པོ་ལ་གནོད་བར་འགྱུར་ཏེ་དེ་ཡང་བཤད་པ། །འགྲོ་བ་དང་ནི་གནས་པའི་དུག །སྤྱོད་བྱེད་ངེས་པར་འཆིང་འགྱུར་ཏེ། དེ་བཞིན་འཚེ་བར་བྱེད་པ་ཡིན། །འཚེ་བྱེད་ཉིད་ལ་ངེས་པར་གནོད། །ཅེས་སོ། །ཆད་པས་གཅོད་དུ་མི་འཇུག་པ་དེ་གང་ཡིན་ཞེ་ན། གསོད་བྱེད་
གསོད་དུ་མི་འཇུག་དེ། །ཞེས་བྱ་བ་ཡིན་ཏེ། བདག་དང་གཞན་གྱི་ལག་གིས་གཞན་ལ་གསོད་པར་མི་བྱེད་པའི་ཕྱིར་ཏེ། གཞན་གསོད་དུ་ཡང་མི་འཇུག་ལ་བདག་ཉིད་ཀྱང་གསོད་པར་མི་བྱེད་པའོ། །མི་འཚེ་བའི་བསམ་པའི་ངོ་བོ་ཉིད་སྨྲས་པ། །གང་ཞིག་མི་མཐུན་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །ཆོ་འཕྲུལ་ཆེན་པོས་མུ་སྟེགས་ཅན་དག་ཚར་བཅད་པ་ལས་མཐའ་ཁོབ་ལ་བརྟེན་པར་བྱེད་དོ། །ཡང་དེའི་ཚེ་ཚེ་དང་ལྡན་པ་བདེ་བྱེད་དེ་ན་གནས་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས་པ་ནས་ཅི་ཙམ་ན་བྲམ་ཟེ་ཕྲག་དོག་གི་རང་བཞིན་ཅན་མི་མཐུན་པ་དག་གིས་རྣམ་པར་གྱུར་
ཀྱང་ཁྲོ་བར་མ་གྱུར་ཏོ། །གཞན་དག་ནི་ཉེ་བར་ཞི་བའི་དགེ་སྦྱོང་ཞིག་ལས་བརྩམས་སོ་ཞེས་ཟེར་རོ། །གཞན་དག་ནི་གཞན་གྱིས་ཤིན་ཏུ་གཙེས་ཀྱང་འགྱུར་བ་མེད་པ་ཞིག་ལས་བརྩམས་སོ་ཞེས་ཟེར་རོ། །མཐུན་བྱེད་པ་ཞེས་བྱ་བ་ལ་མི་མཐུན་པ་ནི་ཞེ་འགྲས་པའོ། །དེ་མེད་པ་ནི་རྒྱུད་
เล่ม ๑๔๙ · หน้า 210a
མཉེན་པ་ཞེས་བྱ་བའི་དོན་ཏོ། །གང་ལ་མི་མཐུན་པར་བྱེད་པ་ཡིན་ཞེ་ན། མི་མཐུན་ཞེས་སྨོས་ཏེ་ཞེ་འགྲས་པ་དག་ལའོ། །ཆད་པས་གཅོད་པ་ཞེས་བྱ་བ་ནི་ཆད་པས་གཅོད་པ་གང་ཡིན་པ་དེ་ཉིད་དེ་ལུས་དང་ངག་གིས་སེམས་ཅན་གཞན་ལ་གནོད་པ་བྱེད་
པའོ། །དང་དུ་ལེན་ཞེས་བྱ་བ་ནི་སེམས་ཅན་ལ་ཆད་པ་སོ་སོར་མི་བྱེད་པར་འཇོག་པ་སྟེ་འདིར་མ་ཧེའི་སྐྱེས་པའི་རབས་དཔེར་བརྗོད་པར་བྱའོ། །འདིར་གཉི་གའི་རྒྱུ་བསྟན་པའི་ཕྱིར། འབྱུང་པོ་རྣམས་ལ་བརྩེ་ཕན་ཞེས་བྱ་བས་བསྟན་ཏེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་སྒྲུབ་
པ་ནི་ཕན་པའོ། །བརྩེ་བ་ནི་སྙིང་རྗེའི་སེམས་གང་ལ་ཡོད་པ་སྟེ། སེམས་ཅན་ཚད་མེད་པ་ལ་འགྲོ་བའོ། །མཐུན་པར་བྱེད་པ་གང་ཡིན་ཞེ་ན་འདིར་སྨྲས་པ། སྨྱུང་བུའི་རྩེ་ལ་ཞེས་བྱ་བ་སྟེ་དགེ་སློང་ཞིག་དགོན་པ་ལ་དགའ་ཞིང་ཡུལ་གྱི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་
རྙེད་པ་དང་བཀུར་སྟི་ལ་མངོན་པར་ཆགས་པ་གང་ལ་ཡང་གནས་པར་མི་བྱེད་པ་དེ་ལས་བརྩམས་སོ། །འཇོམས་པ་སྤངས་པ་སྟེ། རྒྱུད་ལས་བསལ་བའི་ཕྱིར་རོ། །འདིར་དཔེ་བསྟན་པ། སྨྱུང་བུའི་རྩེ་ལ་ཡུངས་ཀར་ལྟར། །ཞེས་བྱ་བའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་
ཀུན་ད་ནའི་ནགས་ཚལ་ན་གནས་བརྟན་ཤེས་པ་ལ་ཞེས་བྱ་བ་ལས་བརྩམས་སོ། །སྲེད་པ་ནི་ཡོངས་སུ་བསྒོས་པ་སྟེ་འདམ་ལྟ་བུར་མི་འདོད་པའོ། །ཇི་སྐད་དུ་བཤད་པ། འཇིག་རྟེན་འདི་ན་ཡོངས་སུ་དག་པ་ལ་འཇུག་པ་སྟེ་བསྒོས་པའི་རང་བཞིན་འགོག་པར་བྱེད་ཅིང་འདས་པ་
ནི་དགེ་སློང་ཞེས་བརྗོད་དོ། །རྫོང་ནི་སྤང་བར་དཀའ་བ་སྟེ་འཕགས་པའི་ལམ་མ་གཏོགས་པར་དེས་ཐམས་ཅད་སྤང་བར་མི་ནུས་པའི་ཕྱིར་རོ། །གཞན་དག་ནི་བསྒོས་པ་ཞེས་བྱ་བ་མ་རིག་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ཀྱང་འོབས་ཞེས་བརྗོད་དེ་དེའི་དོན་ནི་སྔར་བཤད་ཟིན་
ཏོ། །འཁོར་བའི་ཀླུང་ལས་ཞེས་བྱ་བ་ནི་འཁོར་བའི་ཆུ་བོར་ལྟུང་བ་ལས་སོ། །རབ་རྒལ་ཅིང་ཞེས་བྱ་བ་ནི་འཕགས་པའི་ལམ་དང་ལྡན་པས་རྒལ་བར་གྱུར་པའོ། །རྒལ་ནས་ཞེས་བྱ་བ་ནི་འདས་པར་གྱུར་པ་སྟེ་སྲེད་པའི་རྒྱ་མཚོ་ལས་རྒལ་བའི་ཚུལ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་
เล่ม ๑๔๙ · หน้า 210b
ཕྱིར། ཕ་རོལ་འགྲོ་བ་ཞེས་བྱ་བ་སྟེ། མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ། །སེམས་པ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་རོ། །མི་བཀྲི་བ་ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་ལས་དང་ཉོན་མོངས་པས་ཁྲིད་པར་མི་ནུས་པའི་ཕྱིར་རོ། །སྔར་བསྟན་པའི་མཐོང་བ་ཉམས་
པ་ཡིན་ནོ་ཞེས་བསྟན་པ། ཡིད་གཉིས་ཀྱིས་ནི་ཞེས་བྱ་བ་ཁམས་གསུམ་གྱི་ཐེ་ཚོམ་སྤངས་པའི་ཕྱིར་རོ། །ལོག་པ་ཞེས་བྱ་བ་ནི་ལུས་དང་སེམས་མངོན་པར་ཞི་བ་དང་ལྡན་པའི་ཕྱིར་རོ། །ལེན་པ་མེད་པ་ནི་ལས་དང་ཉོན་མོངས་པ་རྩ་ནས་དྲུངས་ཕྱུང་བ་ཡང་སྐྱེ་བའི་འཁྲུག་པ་མེད་
པའི་ཕྱིར་རོ། །སྲེད་པ་ནི་རྣམ་གྲངས་བསྟན་པའི་ཕྱིར། གང་ཞིག་འཇིག་རྟེན་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་དག་འཇིག་རྟེན་འདི་དག་ནི་སྲེད་པས་འཁོལ་ཅིང་སྲེད་པའི་དབང་དུ་འགྲོ་བའོ་ཞེས་པ་ནས་འདི་གསུངས་སོ། །གང་འཇིག་རྟེན་འདི་ལ་ལྷག་
པར་ཞེན་པའི་མཚན་ཉིད་སྲེད་པ་ཡང་མེད་ལ། འཇིག་རྟེན་ཕ་རོལ་དོན་དུ་གཉེར་བའི་མཚན་ཉིད་ཀྱང་མེད་དེ། སྲེད་པ་མཐའ་དག་ཡོངས་སུ་ཟད་པ་དེ་ཉིད་ནི་དོན་དམ་པའི་བྲམ་ཟེའོ། །སྲེད་པའི་རྣམ་གྲངས་ཡང་སྨྲས་པ། གང་ཞིག་འཇིག་རྟེན་འདི་དང་ནི། །ཞེས་བྱ་བ་ལ་སོགས་
པའོ། །ཡང་ན་སྲེད་པ་ནི་རྣམ་པ་གསུམ་སྟེ་ངན་པར་སྤྱོད་པ་ལ་སྲེད་པ་དང་། ལེགས་པར་སྤྱོད་པ་ལ་སྲེད་པ་དང་། སྲིད་པའི་སྲེད་པ་སྟེ་གོ་རིམས་བཞིན་དུ་གོས་པར་བསྟན་པ་ཡིན་ནོ། །གང་ཞིག་འཇིག་རྟེན་འདི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གར་མཁན་གྱི་བུ་མོ་
གཟུགས་ཤིན་ཏུ་བཟང་པོ་ལ་ཚོང་དཔོན་གྱི་བུ་ཞིག་ཆགས་ཏེ་དེའི་བཟོ་ལ་འཇུག་པ་ལས་རྒྱལ་པོས་སོད་ཅིག་ཅེས་བསྒོས་ཏེ་འཚེ་བའི་རེ་བ་བཏང་བ་ལས་འཕགས་པ་ཤཱ་རིའི་བུས་སྐྱབས་བྱས་ཏེ་སྲེད་པ་སྤངས་པ་དེའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་
སོ། །མངོན་པར་འདོད་པའི་དངོས་པོ་མ་ཐོབ་པ་ཐོབ་པར་འདོད་པ་ནི་ཆགས་པ་ཞེས་བྱ་བའི་དོན་ཏོ། །གང་ལ་འདིའམ་གཞན་དུ་དེ་མེད་པ་ནི་ཆགས་མེད་དེ་སྲེད་པ་མེད་པའོ། །རྣམ་པར་བྲལ་བ་ཞེས་བྱ་བ་ནི་འཆིང་བ་ལྷག་མ་སྤངས་པའོ། །སྲེད་པ་དང་དེས་བྱས་པའི་གདུང་བ་
เล่ม ๑๔๙ · หน้า 211a
སྤངས་པའི་ཕན་ཡོན་སྨྲས་པ། དགའ་དང་མི་དགའ་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་གི་བུ་ཞིག་དམྱལ་བར་སྐྱེས་པ་ལས་ཤི་འཕོས་ཏེ་སྐྱེ་བ་དྲན་པར་གྱུར་པ་ཡང་དང་ཡང་དུ་ཚ་བས་རྔུལ་འབྱིན་ཅིང་ཡང་དང་ཡང་དུ་ཆུ་བོའི་ནང་དུ་འཇུག་པར་བྱེད་དོ། །
ཇི་ཙམ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ནས་དེའི་དབང་དུ་བྱས་པའོ། །སྤངས་པ་ནི་རབ་ཏུ་བཏང་བའོ། །དགའ་བ་དང་ཞེས་བྱ་བ་ནི་འདོད་པ་ལ་དགའ་བ་སྟེ་དེ་ནི་སྐྱེ་བ་གཞན་དུ་གཞན་གྱི་ཆུང་མ་ལ་བྱི་བྱེད་པར་གྱུར་པའོ། །མི་དགའ་བ་ཞེས་བྱ་བ་ནི་རྣམ་པར་སྡང་བ་སྟེ་
ཡིད་མི་བདེ་བ་ལ་སོགས་པ་སྐྱེད་པས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་དུ་འཇུག་པའོ། །བསིལ་བར་གྱུར་པ་ནི་ཚིམ་པ་ཐོབ་པ་སྟེ་ཉོན་མོངས་པ་དང་དེས་བྱས་པའི་གདུང་བ་མེད་པའི་ཁྱད་པར་བསྟན་ཏོ། །དབེན་པའི་དགའ་བ་དང་ལྡན་པའི་ཕྱིར་གཟུགས་ཀྱི་ཁམས་སྤངས་
པར་བསྟན་ཏེ། ཟག་པ་མེད་པ་ཞེས་བསྟན་ཏོ། །འཇིག་རྟེན་ཀུན་ཟིལ་གནོན་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སྤངས་པ་སྟེ་སོ་སོའི་སྐྱེ་བོ་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཇི་སྐད་དུ། འདོད་ཆགས་དང་བཅས་པ་འདོད་ཆགས་དང་བྲལ་བས་སོ་ཞེས་བཤད་པའོ། །བརྟན་
པ་ནི་གཡོ་བའི་རྒྱུ་མེད་པས་དོན་དམ་པའི་གནས་སྐབས་ཉིད་ན་ནི་རི་རབ་བཞིན་དུ་མི་གཡོའོ། །ཐམས་ཅད་ཟིལ་གྱིས་གནོན་པས་ནི་སྦྱོར་བ་ཐམས་ཅད་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མིའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པའོ། །རིག་པ་འཛིན་པ་ཞིག་གིས་རིག་པའི་སྟོབས་ཀྱིས་ལྷ་
གཞོན་ནུ་བཞི་ཤིང་རྟ་ཟུང་ལ་བཅིངས་ཏེ་སྐྱེད་མོས་ཚལ་གྱི་ནང་དུ་ཞུགས་པར་བྱས་སོ། །དེ་དག་འོད་སྲུངས་ཆེན་པོས་བཏང་སྟེ་རང་གི་ཁྱིམ་དུ་སོང་ངོ་། །ཇི་ཙམ་ན་འོད་སྲུངས་ཆེན་པོས་རིག་པ་པའི་རྫས་དག་བྱིན་ཏེ་རིག་པ་འཛིན་པ་སྟེ་དགྲ་བཅོམ་པ་ཐོབ་པར་གྱུར་པ་དེའི་དབང་དུ་མཛད་དོ། །
གཞན་དག་ནི་གང་ག་ཏཏྟ་ཞེས་བྱ་བའི་རྣལ་འབྱོར་པ་རྟག་ཏུ་གཡེང་བར་བྱེད་ཅིང་ཁྱིམ་པའི་སྐྱེ་བོ་སྟེན་པར་བྱེད་པ་དེ་ལས་བརྩམས་སོ་ཞེས་ཟེར་རོ། །མི་ནི་འདོད་པ་ན་སྤྱོད་པའོ། །སྦྱོར་བ་ནི་ཉོན་མོངས་པ་སྟེ་སྡུག་བསྔལ་གྱི་ཁྱད་པར་དེ་དང་དེ་དག་ལ་སྦྱོར་བར་བྱེད་པའོ་ཞེས་བྱས་ནས་སོ། །
เล่ม ๑๔๙ · หน้า 211b
ལྷའི་སྦྱོར་བ་རབ་འདས་ཤིང་། །ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང་རྗེས་སུ་མཐུན་པ་གང་གིས་འདས་པའོ། །སྦྱོར་བ་ཀུན་དང་རྣམ་བྲལ་ཏེ། །ཞེས་བྱ་བ་ནི་སྦྱོར་བ་བཞི་དང་བྲལ་བའོ། །སྦྱོར་བ་སྤངས་པས་ནི་འགྲོ་བ་མེད་པ་ཡིན་ནོ་ཞེས་བསྟན་ཏེ།
གང་ཞིག་ལྷ་དང་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་འགྲོ་བ་ལྔའི་རྣམ་པར་དབྱེ་བ་མཛད་པ་ནི་དགེ་སློང་གཞན་ཞིག་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཆེ་གེ་མོར་དགེ་སློང་ཤིག་དུས་ལས་འདས་ཏེ། དེའི་འགྲོ་བ་ཅིར་འགྱུར་ཞེས་ཞུས་པ་དང་འདི་གསུངས་སོ། །
གང་ཞིག་གི་འགྲོ་བ་མི་ཤེས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་འགྲོ་བ་ནི་དགྲ་བཅོམ་པ་ཞེས་བྱ་བའི་ཚིག་གིས་སོ། །གང་མི་ཤེས་པ་ཡིན་ཞེ་ན། ལྷ་དང་དྲི་ཟ་མི་ཞེས་བྱ་བ་སྟེ་དེ་ལ་ལྷ་ནི་བརྒྱ་བྱིན་ལ་སོགས་པའོ། །དྲི་ཟ་ནི་སུ་པྲི་ཡ་ཞེས་བྱ་བ་ལ་སོགས་
པ་ལྷའི་རོལ་མོ་པའོ། །མི་ནི་འཁོར་ལོས་སྒྱུར་བ་ལ་སོགས་པའོ། །འགྲོ་བ་མི་ཤེས་པ་ཞེས་བྱ་བ་ནི་འདིའི་འགྲོ་བ་ཤེས་པར་མི་ནུས་པའི་ཕྱིར་རོ། །དེ་ག་ལས་ཤེ་ན། འདི་ལྟར་ཞི་བ་ཞེས་སྨོས་ཏེ། མྱ་ངན་ལས་འདས་པའི་ཕྱིར་ཞི་བ་སྟེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །གང་
གིས་འགྲོ་བ་མི་ཤེས་པ་དང་ཞི་བ་ཡིན་ཞེ་ན། གང་གིས་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་ཞིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ་ཤེས་པས་ནི་སུ་ལ་ཡང་དགོས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཤེས་པས་ནི་མང་པོ་སྡུག་བསྔལ་བར་སྣང་ངོ་ཞེས་པ་ནས་ཇི་སྲིད་དུ་
དེའི་དབང་དུ་མཛད་པའོ། །ངས་ནི་ཆོས་གཅིག་མ་ཤེས་ཤིང་མངོན་པར་མི་ཤེས་པས་ཡོངས་སུ་ཤེས་པར་མི་འགྱུར་རོ་ཞེས་རྒྱ་ཆེར་ཏེ་འདི་ལྟ་སྟེ་བྲམ་ཟེ་གང་ཡིན་པ་དེ་ནི་ཁྱིམ་ནས་བརྒྱགས་བླངས་ཏེ་ཟ་བར་བྱེད་དོ། །དེ་བཞིན་དུ་གང་འདི་ན་ཡང་དག་པར་མྱོང་བའི་བདེ་བའམ་སྡུག་བསྔལ་དེ་
ཡང་རང་གི་ལས་ལས་བྱུང་བ་ཡིན་ནོ་ཞེས་ཏེ་དེས་ན་ཚིགས་བཅད་འདི་གསུངས་སོ། །མི་ཤེས་པ་ཞེས་བྱ་བ་ནི་མ་རྟོགས་ཤིང་ཡང་དག་པར་ཁོང་དུ་མ་ཆུད་པ་སྟེ། གང་གིས་ཆོས་རྣམས་མེད་གྱུར་པ། །ཞེས་བྱ་བ་དང་སྦྱར་རོ། །མ་མཐོང་བ་ན་ཞེས་བྱ་བ་ནི་མངོན་སུམ་དུ་མ་བྱས་པ་སྟེ། །
เล่ม ๑๔๙ · หน้า 212a
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་དང་སྤངས་པ་ཡོངས་སུ་ཤེས་པས་སམ་མཉམ་པར་མ་བཞག་པའམ། མཉམ་པར་བཞག་པས་སམ་ཞེས་བྱ་བ་ལ་སོགས་པར་བརྗོད་པར་བྱའོ། །འདི་སྐད་སྟོན་ཏེ། ཇི་སྲིད་དུ་སྐྱེས་བུས་མ་ཤེས་པ་དེ་སྲིད་དུ་
དེ་ལ་བདེ་བ་དང་བདེ་བའི་རྒྱུ་མེད་དེ། ཀུན་དུ་རྨོངས་པའི་མུན་པའི་ནང་དུ་གནས་པ་ནི་སྡུག་བསྔལ་ཁོ་ན་ཉམས་སུ་མྱོང་བ་ཡིན་ཏེ་དམུས་ལོང་བཞིན་ནོ། །གང་ཤེས་པ་ནི་སྡུག་བསྔལ་འདྲེན་པར་བྱེད་པ་མ་ཡིན་ཏེ། ཇི་སྐད་དུ། བདེ་དང་རྗེས་མཐུན་མ་ཡིན་བརྟེན་ཅི་བྱ། འབྲས་བུ་དགེ་མིན་
བྱ་བས་ཅི་ཞིག་བྱ། །ལེགས་ལ་མི་འཛུད་མཛའ་བོའང་ཇི་ཞིག་རུང་། སྡུག་བསྔལ་མི་སྤོང་ཤེས་པས་ཅི་ཞིག་ཕན། །ཤེས་པའི་མ་ནི་ཤིང་ཆེན་དང་། །མིག་དང་ཡིད་བཞིན་ནོར་བུ་ལྟར། །དེས་ན་དེ་ཕྱིར་འདི་ལས་ནི། །བསོད་ནམས་བུ་ལ་སོགས་པ་འབྱུང་། །གང་ཞིག་འཇིག་རྟེན་བྱ་མི་
འཇུག །དེ་ནི་འཇིག་རྟེན་འཁྲུལ་ཞེས་བྱ། །གང་ཞིག་མཐོང་བའི་གགས་བྱེད་པ། །དེ་ནི་སྒྲོན་མ་ཞེས་མི་བརྗོད། །ཅེས་བཤད་པ་ལྟ་བུའོ། །ཅི་ཤེས་པ་གཅིག་གིས་ཤེས་ཤིང་མཐོང་བ་གཅིག་གིས་མཐོང་ངམ་ཞེ་ན། ཤེས་བྱ་མཐའ་ཡས་ལྟ་བ་དེ། །ཞེས་བྱ་བ་སྟེ་མཐའ་ཡས་
ཤིང་དཔག་ཏུ་མེད་པའི་ཤེས་པ་དང་ཤེས་པར་བྱ་བ་ལ་ལྟ་བའི་ངང་ཚུལ་འདི་ལ་ཡོད་པ་སྟེ། ཇི་སྐད་དུ། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཟད་དང་མི་སྐྱེའི་བློ་ལྟ་མིན། །ཞེས་པ་སྟེ། གང་ཟག་དང་དབང་པོའི་དབྱེ་བས་ཤེས་བྱ་མཐའ་ཡས་པ་ལ་ཤེས་པ་ནི་རྣམ་པ་བཅུའོ། །ཤེས་པ་མཐའ་
ཡས་པ་དེ་དག་ཀྱང་གང་ཞེ་ན། སྔོན་གྱི་གནས་ཞེས་བྱ་བ་ལ་སོགས་པའོ། །བྲམ་ཟེ་ཞིག་གིས་བཅོམ་ལྡན་འདས་ལ་སོགས་པ། ཚུལ་གང་ཀུན་དུ་སྤྱོད་པ་གང་། །ཡོན་ཏན་གང་དང་ལས་གང་གིས། །ཆོས་གང་འཕེལ་ཞིང་ལྡན་གྱུར་པས། །དགྲ་བཅོམ་བྲམ་ཟེར་ཤེས་པར་བྱ། །ཞེས་པ་
དང་དེ་ལས་བརྩམས་པའོ། །གཞན་དག་ནི་མི་སློབ་པ་གསུམ་དང་། རིག་པ་གསུམ་ཞེས་བྱ་བ་ལ་སོགས་པ་མདོར་བསྡུས་ནས་ཚིགས་བཅད་གསུམ་མོ་ཞེས་ཟེར་རོ། །སྔོན་གྱི་སྐྱེ་བ་ལ་གནས་པའི་སྐབས་ནི་སྔོན་གྱི་གནས་སོ། །དེ་རྟོགས་པ་ནི་ཇི་ལྟ་བ་བཞིན་དུ་ཤེས་པའོ། །འདས་པའི་
เล่ม ๑๔๙ · หน้า 212b
ཤེས་པ་བསྟན་ནས་མ་འོངས་པའི་ཤེས་བ་བཤད་པ། མཐོ་རིས་སར་སོང་ཞེས་བྱ་བ་སྨོས་ཏེ། འབྱུང་བར་འགྱུར་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ་བདེ་འགྲོ་དང་ངན་འགྲོ་ཡང་ངོ་། །མཐོང་བ་དང་ཞེས་བྱ་བ་ནི་ལྷའི་མིག་གིས་མཐོང་བའོ། །དེ་ནས་སྐྱེ་བ་ཟད་ཐོབ་པའི། །ཞེས་བྱ་བ་ནི་སྐྱེ་བ་ཟད་པ་ཐོབ་
པ་སྟེ་སྐྱེ་བའི་རྒྱུ་ཐམས་ཅད་སྤངས་པས་སོ། །གང་གི་ཕྱིར་ཐུབ་པ་མངོན་ཤེས་ལ་བརྩོན་པ། །ཞེས་བྱ་བ་ལ་མངོན་པར་ཤེས་པ་ནི་དྲུག་གོ། །བརྩོན་པ་ནི་གང་གིས་རྟོགས་པའོ། །ཡང་ན་མངོན་པར་ཤེས་པ་ནི་ཟག་པ་མེད་པའི་ཤེས་རབ་སྟེ་བརྩོན་པ་ནི་ལྷག་པར་ཞེན་པའོ། །གང་མངོན་པར་
ཤེས་པ་ལ་བརྩོན་པ་དེ་ནི་ནམས་ཀྱང་སྐྱེ་བ་ཟད་པ་ཐོབ་པ་ཡིན་ནོ། །དཔེར་ན་སྒྲོན་མ་ཡོད་པ་དེས་ནི་སྣང་བ་ཡོད་པར་འགྱུར་རོ། །ཐུབ་པ་ནི་ཐུབ་པ་གང་དང་ལྡན་པས་སོ། །སྡུག་བསྔལ་ཐ་མར་ཤེས་པ་ཞེས་བྱ་བ་ནི་འཁོར་བའི་ཐ་མའོ། །སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་
པ་བསྟན་པའི་ཕྱིར། སེམས་ཀྱིས་ཞེས་བྱ་བ་སྟེ། གཞན་གྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །བདག་ཉིད་ཀྱིས་ངོ་མཚར་མེད་པས་སོ། །སེམས་དེ་ཇི་ལྟ་བུ་ཞེ་ན། རྣམ་གྲོལ་ཞེས་སྨོས་ཏེ་འདོད་ཆགས་ལ་སོགས་དང་བྲལ་བའོ། །རྒྱུ་གང་གིས་ཉོན་མོངས་པ་དག་
ལ་མངོན་དུ་མ་གྱུར་པའི་སེམས་རྣམ་པར་གྲོལ་བ་ལས་འདིར་དགོངས་ཏེ་གཏན་དུ་སྤངས་པ་ནི་འོག་ནས་བརྗོད་པའི་ཕྱིར་རོ། །ཡང་ན་ཉམས་སུ་མྱོང་བའི་ཆོས་ཀྱི་དབང་དུ་བྱས་པ་སྟེ་དེ་ལས་མ་ཉམས་པའི་ཆོས་ཀྱི་སེམས་ནི་འོག་ནས་བརྗོད་པའི་ཕྱིར་རོ། །ཤེས་པ་ནི་རྟོགས་པའོ། །
གྲོལ་བ་དང་ཞེས་བྱ་བ་ནི་སྤངས་པ་ཞེས་བྱ་བའི་དོན་ཏོ། །གང་ཞེ་ན། འདོད་ཆགས་ཞེས་བྱ་བ་སྟེ་འདོད་ཆགས་ལ་སོགས་པའོ། །ཇི་ལྟ་ཞེ་ན། ཀུན་ལ་ཞེས་བྱ་བ་ནི་གཏན་དུའོ། །རིག་པ་ནི་ཁྱད་པར་གྱི་ཤེས་པའོ། །གསུམ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སོགས་པའོ། །ལྡན་
པ་ནི་བཅས་པའོ། །གཞན་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་ལ་སོགས་པ་དང་ལྡན་པས་ནི་བྲམ་ཟེར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་གྱིས་རྣམ་གྲོལ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་དག་དང་གོ་རིམས་
เล่ม ๑๔๙ · หน้า 213a
བཞིན་དུ་སྦྱར་རོ། །བསྟན་མ་ཐག་པའི་ཁྱད་པར་དང་ལྡན་པའི་རྣམ་པ་སྨྲས་པ། གང་གིས་འཆི་འཕོ་རྟོགས་གྱུར་པ། །ཞེས་བྱ་བ་ནི་རིས་མཐུན་པ་ཆད་དོ། །སྐྱེ་བ་ནི་ཉིང་མཚམས་སྦྱོར་བའོ། །ཐམས་ཅད་ནི་རྣམ་པ་ཐམས་ཅད་དོ། །ཐོགས་མེད་སྤྱན་ལྡན་
ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་རྣམ་པ་ཐམས་ཅད་ཐུགས་སུ་ཆུད་པའོ། །གང་ཞིག་ཀུན་སྦྱོར་ཀུན་འདས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྒྱལ་པོའི་ཁབ་ན་ཚོང་དཔོན་གྱི་བུ་སྡེ་དྲག་ཅེས་བྱ་བ་འཕགས་པའི་བདེན་པ་
རྟོགས་པ་ལས་མི་འགྱུར་བ་དེ་ལས་བརྩམས་སོ། །ཀུན་དུ་སྦྱོར་བ་ཐམས་ཅད་ལས་འདས་པ་ནི་ཀུན་དུ་སྦྱོར་བ་དགུ་སྤངས་པའི་ཕྱིར་རོ། །གང་ཞིག་ནི་གང་ཉིད་དོ། །ཡོངས་སུ་གདུང་བ་མེད་པ་ནི་ཉོན་མོངས་པས་བྱས་པའི་གདུང་བ་ཉམས་སུ་མྱོང་བ་མེད་པའོ། །དགའ་མེད་ནི་རྒོད་པ་
དང་འཕྱར་བ་ལ་སོགས་པ་མེད་ལ་ཟག་པ་དང་བཅས་པའི་དངོས་པོ་ལ་དོན་དུ་མི་གཉེར་བ་སྟེ། སྲེད་པ་སྤངས་པའི་ཕྱིར་རོ། །དྲན་ལྡན་ཞེས་བྱ་བ་ནི་ཡིད་དྲན་པས་གནས་པའི་ཕྱིར་རོ། །སྟོན་པ་ནི་བདག་ཉིད་ཀྱིས་དེ་ཁོ་ན་རྟོགས་ཤིང་སྙིང་རྗེའི་དབང་གིས་གཞན་ལ་སྟོན་པའོ། །ཇི་སྐད་
དུ་བཤད་པ། གང་ཞིག་ཇི་སྙེད་ཤེས་པ་སྒྲུབ་པའི་སྣོད་གྱུར་པ། །བློ་ལྡན་འཛིན་པར་ནུས་པར་བྱེད་པའང་རུང་། །གདུལ་བྱའི་བག་ལ་ཉལ་དང་བསམ་མཁྱེན་ནས། །དེས་ནི་དེ་སྲེད་དོན་སྟོན་སྟོན་པ་ཡིན། །ཞེས་སོ། །གང་ཞིག་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་
ཉིད་ཡང་བརྗོད་པར་བྱ་སྟེ། ཐུབ་པ་རྣམ་རྒྱལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བི་བན་ད་ཀ་ཞེས་བྱ་བའི་བྲམ་ཟེ་ཞིག་རིགས་དང་རིག་པས་ཤིན་ཏུ་བདག་བསྟོད་དེ་དེ་བས་ན། ཕ་མ་ཕུན་སུམ་ཚོགས་པ་དང་། །ཇི་སྙེད་ཀྱི་རིག་བྱེད་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་ནས་དེ་
བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། འདི་སྐད་དུ་གསུངས་པ་དེ་ཐོས་པས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་འབྲས་བུ་ཐོབ་པོ། །ཁྱུ་མཆོག་ནི་དེ་ལས་གཞན་པའི་ཁྱུ་མཆོག་དག་ལས་གཙོ་བོར་གྱུར་པའི་ཕྱིར་ཁྱུ་མཆོག་རབ་མཆོག་གོ། །རྣམ་པར་འདྲེན་པ་ཡིན་པས་མཆོད་
เล่ม ๑๔๙ · หน้า 213b
པའི་ཡང་མཆོད་པ་སྟེ་བླ་མར་གྱུར་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གླང་པོ་ཆེ་ཞེས་སྨོས་ཏེ་བདག་ཉིད་ཆེན་པོའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་ཕྱིར་དང་། ཚུལ་ཉམས་པ་མེད་པའི་ཕྱིར་རོ། །འདིས་ནི་ཆོགས་ཆེན་པོ་བསྟན་ཏོ། །དྲང་སྲོང་ཆེན་པོ་ནི་འདོད་ཆགས་དང་
བྲལ་བ་ཆེན་པོ་སྟེ་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །རྣམ་པར་རྒྱལ་བ་ཞེས་བྱ་བ་ནི་རྣམ་པར་རྒྱལ་བ་གང་ཡིན་པ་དེ་རྣམ་རྒྱལ་ཏེ་ལྷའི་བུའི་བདུད་བཅོམ་པའི་ཕྱིར་རོ། །ཐུབ་པ་ནི་ཐུབ་པ་དང་ལྡན་པ་ཉིད་དོ། །བཀྲིར་མེད་ཅེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་འཚེ་བ་གང་གིས་ཀྱང་ཁྲིད་པར་
མི་རུང་བའི་ཕྱིར་རོ། །གཙང་སྦྲའི་སྦྱོར་བ་སྨྲས་པ། ཁྲུས་བྱས་ཞེས་སྨོས་ཏེ། ལེགས་པར་སྤྱོད་པ་བཅུའི་ཆུ་རྒྱུན་བླུགས་པས་སྡིག་པའི་དྲི་མ་མཐའ་དག་འཁྲུ་བར་བྱེད་དོ། །གང་དེ་ལྟ་བུ་ཉིད་ནི། གང་ཞིག་སྲིད་འདས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གནས་བརྟན་འཕགས་པ་
པ་ལན་དའི་བུ། གཞན་དག་གིས་ངན་པ་ཐ་ཆད་ཅེས་བྱ་བ་ལ་སོགས་པས་སྤྱོས་ཏེ། དེ་ལས་བརྩམས་པའོ། །ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་ཏེ། ཇི་ལྟ་ཞེ་ན། འདི་ལྟར་སྲིད་འདས་ཞེས་སྨོས་ཏེ། སྲིད་པ་གསུམ་ལས་རྒལ་བ་ནི་སྲིད་པ་ལས་འདས་པ་སྟེ་འདིའི་འཆིང་བ་
སྤངས་པའོ། །ཆུ་བོ་ལས་རྒལ་ཞེས་བྱ་བ་ནི་ཆུ་བོ་རྣམ་པ་བཞི་ལས་རྒལ་བ་སྟེ་སྲིད་པ་གསུམ་རྩ་ནས་འབྱིན་པར་སྟོན་ཏོ། །རྣམ་པར་འདྲེན་པ་ནི་གདུལ་བྱའི་སྐྱེ་བོ་རྣམ་པར་འདྲེན་པའི་ཕྱིར་རོ། །ཕ་རོལ་ཕྱིན་པ་ཞེས་བྱ་བ་ནི་གཉི་གའི་དོན་བསྒྲུབས་པས་སོ། །རྣམ་བྲལ་ནི་དེ་ལས་གཞན་
པའི་སྐྱེ་བར་ཉིང་མཚམས་མི་སྦྱོར་བའི་ཕྱིར་རོ། །ཉོན་མོངས་པ་དང་རྣམ་པར་བྲལ་བའི་སྦྱོར་བས་བསྐྱེད་པའི་བསམ་གཏན་གྱི་ཐབས་སྨྲས་པ། སྡིག་ཆེན་རྣམ་པར་མི་སེམས་ཤིང་། །ཞེས་བྱ་བ་ལ་སོགས་པས་སྨོས་སོ། །དགོན་པ་པའི་དགེ་སློང་ཞིག་སྦྱོར་བས་མ་བསྐྱེད་པའི་ཏིང་
ངེ་འཛིན་བསྒོམ་པ་ལས་ཏིང་ངེ་འཛིན་གྱི་མཚན་མ་ལས་ཉམས་ཏེ་སྐྱོ་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ཏོ། །ཇི་ཙམ་ན་དེ་སྐལ་བ་དང་ལྡན་པར་མཁྱེན་ནས། གཟུགས་དག་ལ་ངེས་པར་སེམས་པ་དང་། ལྷག་པར་མངོན་པར་བརྗོད་པ་ནི་ཏིང་ངེ་འཛིན་འཇུག་པ་མ་ཡིན་ནོ་ཞེས་
เล่ม ๑๔๙ · หน้า 214a
བསྟན་ནས་འདི་གསུངས་སོ། །ཏིང་ངེ་འཛིན་ལ་གནོད་པ་ནི་གསུམ་སྟེ་གང་དེ་ལས་ཉམས་པར་འགྱུར་བའོ། །འདི་ལྟ་སྟེ་ངེས་པར་སེམས་པ་དང་། ལྷག་པར་མངོན་པར་བརྗོད་པ་དང་། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྟེ། གང་གི་ཚེ་རྣལ་འབྱོར་
གྱིས་གཟུགས་ལ་སོགས་པ་གསལ་ཞིང་སྣང་བ་སྟེ། དེ་ལ་དེ་དག་ངེས་པར་སེམས་པས་རབ་རིབ་བཞིན་དུ་སེམས་ཉེ་བར་སྦྱང་བ་བྱས་ནས་ཉམས་པར་འགྱུར་རོ། །དེ་བས་ན་བཤད་པ་མི་བསྒོམ་པ་ནི་དེ་མཆོག་ཏུ་བྱེད་པ་མ་ཡིན་པར་བརྟག་པར་བྱའོ། །སྨྲ་བར་མི་བྱེད་པ་ནི་གང་གི་ཚེ་
རྣལ་འབྱོར་ཅན་དེ་ཉིད་སྦྱོར་བ་གོམས་པར་བྱེད་པས་མི་གཙང་བ་སྒོམ་པ་ལ་གཞོལ་ཞིང་ཡིད་ལ་བྱེད་པའི་ལུས་ལ་སོགས་པའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ལ་འབད་པར་མི་བྱེད་དོ། །བརྐམ་པར་གྱུར་པས་དོན་དུ་གཉེར་བའི་བདག་ཉིད་ཡིན་གྱི་བརྗོད་པས་ནི་དེའི་ཚེ་ཁྱད་པར་ཐོབ་པ་
ཡང་ཉམས་པར་བྱེད་ན་སྔར་མ་བསྒྲུབས་པ་ལྟ་སྨོས་ཀྱང་ཅི་དགོས། །དེས་ན་མྱུར་བའི་ཐེག་པ་ཐོབ་པར་བྱེད་དོ། །ཡང་ན་གཉི་ག་དང་འགལ་པའི་ཡིད་ལ་བྱེད་པའི་བསྟན་པ་ཉན་པའི་བསྟན་པ་ཉན་པ་མེད་པའི་ཕྱིར་རོ། །སྡིག་ཅན་རྣམ་པར་མི་སེམས་ཤིང་། །ཞེས་བྱ་བ་ནི་འདོད་པ་ལ་
སོགས་པའི་རྣམ་པར་རྟོག་པ་ཡིད་ལ་མི་བྱེད་པའོ། །སྤྲིན་ཆེན་དེའི་སྦྱོར་བས་ཏིང་ངེ་འཛིན་མ་ཡིན་པ་འདིར་དཔེར་བརྗོད་པར་བྱའོ། །སེམས་དབེན་པ་བསྟན་ནས་ལུས་དབེན་པ་བཤད་པ། འདུག་ནས་སྨོས་ཏེ་ཤིང་དྲུང་ལ་སོགས་པ་དབེན་པར་འདུག་པའོ། །དེའི་འབྲས་བུ་ནི་རྡུལ་བྲལ་ཞེས་
བྱ་བ་སྟེ་འདོད་ཆགས་དང་བྲལ་བའོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་བསྟན་པ་ནི་སེམས་པའོ། །འཕགས་པའི་རིགས་ཐོབ་པས་ཡིད་དབེན་པ་ཉིད་དུ་བསྟན་པའི་ཕྱིར། །གང་ཞིག་ཕྱག་དར་ཁྲོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་རྒྱལ་རིགས་ཤིག་བདག་ཉིད་དམྱལ་
བར་སྐྱེས་པ་རྨི་ལམ་གྱི་ནང་དུ་མཐོང་སྟེ་མི་རིགས་པར་སྤྱད་པ་གང་གིས་འདིར་སྐྱེས་པར་གྱུར་ཅེས་དང་། བཙོན་རའི་མཆོག་བུམ་པའི་ནང་ན་གནས་པ་ནི་མི་རིགས་པས་སོ། །གཞན་གྱི་ནོར་ཉམས་པར་བྱས་པས་ནི་ཟངས་ཞུན་གྱི་ཞུ་བའི་གོས་ཀྱིས་ལུས་ལ་བསྐོན་པར་འགྱུར་རོ། །
เล่ม ๑๔๙ · หน้า 214b
ཚིག་ངན་པས་ནི་དེ་གཏུན་གྱིས་ཕྱེ་མར་བྱེད་ཅིང་འཇོམས་ལ་བརྡུངས་པས་གནོད་པར་བྱེད་དོ། །དབྱེན་གྱིས་ནི་སོག་ལེས་འདྲ་བ་ལ་སོགས་པ་མཐོང་ནས་སྐྱོ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ཞིང་རབ་ཏུ་བྱུང་ནས་དགོན་པར་སོང་སྟེ་ཕྱག་དར་ཁྲོད་འཆང་ཞིང་རྩྭའི་སྟན་ལ་
འདུག་ནས་ཇི་ཙམ་ན་ཁམས་གསུམ་ལས་འདོད་ཆགས་དང་བྲལ་ཏེ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །བྱི་བས་ཟོས་པ་ལ་སོགས་པའི་གོས་གང་ཕྱག་དར་གྱི་ཕུང་པོ་ལ་སོགས་པར་བོར་ནས་ཕྱག་དར་ཁྲོད་དུ་ལྷུང་བ་ནི་ཕྱག་དར་ཁྲོད་དེ། དེ་བླངས་ནས་བཀྲུ་བ་དང་བཙེམ་པ་
དང་བཙོ་བ་ལ་སོགས་པས་ཡོངས་སུ་སྦྱོར་ཞིང་འཛིན་པ་ནི་ཕྱག་དར་ཁྲོད་འཆང་བ་སྟེ་འདིས་ནི་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་བསྟན་ཏོ། །ངོ་ཚ་ཤེས་པ་ནི་འཛེམ་པ་དང་ལྡན་པ་སྟེ་བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་བསྟན་ཏོ། །ངོ་ཚ་དང་བཅས་པས་ནི་གོས་
ལ་སོགས་པ་གཞན་ལས་སློང་གི་ཁ་ཟས་ནི་མ་ཡིན་ཏེ་དེ་དོན་དུ་གཉེར་བ་ནི་སྨད་པའི་དངོས་པོ་ཡིན་པས་མི་འཛེམ་པ་ཡིན་ལ། འདིར་དོན་དུ་གཉེར་བར་ཡང་མི་བྱེད་དེ་འདིས་ནི་གྱ་ནོམ་པ་སློང་བ་མེད་པར་སྟོན་ཏོ། །འདོད་མི་ལྟ་ཞེས་བྱ་བ་ནི་འདོད་པ་ཐམས་ཅད་ལ་ལྷག་པར་ཞེན་པ་སྤངས་པ་སྟེ་འདིས་
ནི་སྤོང་བ་བསྒོམ་པ་ལ་དགའ་བ་བསྟན་ཏོ། །ཤིང་དྲུང་དག་ཏུ་གནས་པ་ཞེས་བྱ་བས་ནི་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་བསྟན་ཏོ། །ཡང་ན་ཕྱག་དར་ཁྲོད་འཆང་ཞིང་། །ཞེས་བྱ་བ་ལ་སོགས་པས་ནི་གོ་རིམས་བཞིན་དུ་ལུས་དང་སེམས་གདུལ་བ་དང་། ལུས་དང་སེམས་
དབེན་པ་བསྟན་ཏོ། །འཕགས་པའི་རིགས་བསྒོམ་པ་ཇི་ལྟ་བ་དེ་བཤད་པ། གང་ཞིག་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པའོ། །གཞན་དཀའ་ཐུབ་ཅན་ཞིག་དཀའ་ཐུབ་དྲག་པོས་རྣམ་པར་གྲོལ་བར་འདོད་ཅིང་ཕྱོགས་བཞི་ནས་ཚེར་མ་རྣམ་པ་བཞི་ལ་ཡོངས་སུ་འགྲེ་ཞིང་འདུག་པ་
གཟིགས་ནས་འཕགས་པའི་བདེན་པ་བཞི་བསྟན་ཅིང་དེའི་འོག་ཏུ་འདི་གསུངས་སོ། །ལམ་ནི་ཐར་པའི་ཐབས་སོ། །ལེགས་པར་སྒོམ་པར་བྱེད་པ་ནི་གང་ཞིག་ལེགས་པར་བསྟེན་པ་སྟེ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ་ཟག་པ་མེད་པའི་ཡན་ལག་བརྒྱད་དང་
เล่ม ๑๔๙ · หน้า 215a
ལྡན་པའོ། །དེ་ཅི་ལྟ་བུ་ཞེ་ན། དྲང་པོ་ཞེས་བྱ་བ་བདེ་བ་ལ་སོགས་པའི་ཕྱོགས་ཡིན་པའི་ཕྱིར་དང་། བགྲོད་པ་གཅིག་པ་ཡིན་པའི་ཕྱིར་རོ། །ཞི་བ་ནི་མེ་ཉེ་བར་ཞི་བར་བྱེད་པའི་ཐབས་ཡིན་པའི་ཕྱིར་ཏེ། ལྟ་བ་བཞིན་ནོ། །ཡང་ན་ཅིའི་ཕྱིར་འཕགས་པ་ཞེས་བྱ་ཞེ་ན། དྲང་པོ་
སྟེ་ཟག་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཡན་ལག་བརྒྱད་ཅེ་ན་འདི་ལྟར་ཞི་བ་སྟེ་བཀྲ་ཤིས་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་ལ་སོགས་པ་ཡན་ལག་བརྒྱད་དོ། །གང་གི་དོན་དུ་འདི་སྒོམ་པར་བྱེད་ཅེ་ན། སྡུག་བསྔལ་ཀུན་སྤངས་ཕྱིར་ཞེས་བྱ་བ་ཡིན་ནོ། །འཕགས་པའི་ལམ་གྱི་
འབྲས་བུ་ནི་འགྲོ་བའི་གོ་སྐབས་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ལ་ཅུང་ཟད་ཅེས་བྱ་བ་ལ་སོགས་པའོ། །དེ་ནས་བྲམ་ཟེ་རབ་ཏུ་མང་པོ་གཅིག་ཏུ་འདུས་ཤིང་ཚོགས་པ་ལས་བཅོམ་ལྡན་འདས་ལ་བཞུགས་ནས་བསྟབས་སོ་ཞེས་རྒྱ་ཆེར་ཏེ་བཞུགས་པ་ལས་ཚེ་དང་ལྡན་པ་མཽད་གལ་གྱི་
བུ་རྒྱང་རིང་པོ་ནས་གཟིགས་ཏེ་དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་འདིའོ། །གང་ལ་ཞེས་བྱ་བ་ནི་སེམས་ཅན་ནོ། །གནས་པ་ནི་ཀུན་དུ་འཛིན་ཅིང་ཡོངས་སུ་བཟུང་བའོ། །ཅུང་ཟད་མེད་ཅེས་བྱ་བ་ནི་གང་ན་ཡང་ངོ་། །ཡང་ན་གནས་ནི་འགྲོ་བའི་གནས་སྐབས་ཏེ། དེ་ནི་ཅུང་ཟད་ཀྱང་གང་ན་
ཡང་མེད་པའོ། །ཡང་ན་གང་གིས་ཀུན་དུ་འཛིན་པར་བྱེད་པའི་གནས་གང་ལ་ཡོད་པ་དེ་སྲེད་པའོ། །ཀུན་ཤེས་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་ཕྱིར་ཏེ་དེ་ནི་གནས་མེད་དོ། །རིམ་པ་གང་གིས་ཀུན་ཤེས་པ་དང་ལྡན་པ་ཡིན་ཞེ་ན་བཤད་པ། ཡིད་གཉིས་ཞེས་བྱ་བ་སྟེ་མཐོང་བའི་ལམ་གྱི་ཐེ་
ཚོམ་སྤངས་པའི་ཕྱིར་རོ། །ཟུག་རྔུ་མེད་པ་ནི་བསྒོམ་པས་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འཆི་མེད་གོ་འཕང་ཐོབ་པ་དེ། །ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ། །ལམ་ཁོ་ན་སེམས་དུལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར།
གང་ཞིག་ལུས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཞིག་བཏུལ་བས་ཐམས་ཅད་ཐུལ་བར་འགྱུར། །ཞེས་ཁ་ལོ་སྒྱུར་བས་ཞུས་པ་ལས་འདི་གསུངས་སོ། །རིང་དུ་འགྲོ་བ་ནི་འཛིན་པར་བྱེད་པ་མ་ཐོབ་པ་སྟེ་ཡུལ་རིང་བ་གནས་དུ་མ་དག་འཛིན་པའི་ཕྱིར་རོ། །གཅིག་པུ་རྒྱུ་ཞེས་བྱ་བ་ནི་རེ་རེ་
เล่ม ๑๔๙ · หน้า 215b
འཇུག་པ་སྟེ་འདིར་སེམས་ཀྱི་རྒྱུད་ནི་གཅིག་གོ་ཞེས་བྱ་བའི་ཚིག་གིས་སོ། །ལུས་མེད་པ་ནི་གཟུགས་མེད་པས་སོ། །ཕུག་ན་གནས་པ་ནི་མིང་དང་གཟུགས་བསྟེན་པ་སྟེ་གང་གི་ཕྱིར་ཁམས་གཉིས་ན་ནི་གཟུགས་ལ་བརྟེན་ལ། གཟུགས་མེད་པའི་ཁམས་ན་ནི་སེམས་རིས་མཐུན་པ་དང་
སྲོག་ལ་བརྟེན་པས་སོ། །གདུལ་དཀའ་བ་ནི་དཀའ་བས་གདུལ་བར་བྱ་བ་ཡིན་ཏེ། རིང་དུ་འགྲོ་བ་ལ་སོགས་པའི་ཕྱིར་རོ། །སེམས་དུལ་བ་ཐོབ་ན་ནི་མྱ་ངན་ལས་འདས་པ་འཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ཞིག་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་པས་སོ། །དེ་ནས་
ཚངས་པའི་ཚེ་ཞེས་བྱ་བའི་བྲམ་ཟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་འདི་སྐད་ཅེས་གསོལ་ཏེ། བཙུན་པ་གོ་འཕང་གང་ཞིག་རྟོགས་ན་དོན་དམ་པའི་བྲམ་ཟེར་འགྱུར་ཞེས་གསོལ་པ་དང་། ཚིགས་སུ་བཅད་པ་འདི་གསུངས་སོ། །གང་ལ་གཟུགས་མེད་པ་དེ་ནི་གཟུགས་མེད་དེ་གཞི་
རྣམ་པ་བཅུ་གཅིག་གིས་གཟུགས་མེད་པའི་ཕྱིར་རོ། །བལྟར་མེད་ནི་འདི་ནི་འདིའོ་ཞེས་ངེས་པར་བསྟན་པར་མི་རུང་བ་སྟེ་དེ་ལྟ་བུའི་དཔེར་བརྗོད་པ་གཞན་མེད་ཅིང་མི་སྣང་བས་སོ། །མཐའ་ཡས་པ་ནི་མཐར་ཐུག་པ་སྟེ། ཐམས་ཅད་ལ་ཁྱབ་པའི་ཕྱིར་ནམ་མཁའ་བཞིན་ནོ། །ཤིན་ཏུ་
བལྟར་མེད་ཅེས་བྱ་ནི་རྟོགས་པར་དཀའ་བས་སོ། །ཕྲ་བ་ནི་དབང་པོ་ལ་སོགས་པ་ལས་འདས་པའོ། །སྐྱེ་བ་ལ་སོགས་པའི་གནོད་པས་མི་གནོད་པའི་གཞི་ནི་མྱ་ངན་ལས་འདས་པ་ཞེས་པའི་གནས་སོ། །མངོན་རྟོགས་ནི་འགོག་པ་ཤེས་པས་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་
པའོ། །སྤྱོད་པ་ནི་འཇིག་རྟེན་གཞན་ལ་ཕན་པའི་ཕྱིར་སྤྱོད་པའོ། །ཡོངས་སུ་ཉམས་པ་མེད་པའི་ཆོས་ཉིད་བཤད་པ། རྟག་དྲན་ཞེས་བྱ་བ་སྟེ་རྒྱུན་མི་ཉམས་པའི་དྲན་པ་ལ་རྒྱུན་མི་འཆད་པར་གནས་པས་སོ། །ཀུན་སྦྱོར་ཟད་པ་ཞེས་བྱ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་
པའི་ཕྱིར་རོ། །འདིས་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ནས། ཡེ་ཤེས་ཕུན་སུམ་ཚོགས་པ་ནི་སངས་རྒྱས་ཞེས་པས་བསྟན་ཏོ། །གང་བཅད་ནས་དུལ་བར་འགྱུར་བ་དེ་སྨྲས་པ། གང་ཞིག་སོག་མིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རིག་བྱེད་འདོན་པའི་བྲམ་ཟེ་གཉིས་ཤིག་རིགས་
เล่ม ๑๔๙ · หน้า 216a
ཀྱིས་བསྙེམས་ཤིང་དྲེགས་ལ། ཤིན་དུ་བརྐམ་ཞིང་ཕོངས་པ་དེ་གཉིས་འཁོར་གྱི་དཀྱིལ་འཁོར་སྟོང་ཕྲག་དུ་མའི་ནང་དུ་ཞུགས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་ཉེ་བར་འོངས་ནས། ཀྱེ་གཽ་ཏ་མ་འཇིག་རྟེན་ན་ནི་བྲམ་ཟེ་མཆོད་པ་ཡིན་ནོ་ཞེས་ཞུས་པ་དང་ཞུ་བ་པོ་གཉིས་
ལས་བརྩམས་ཏེ་ཚིགས་སུ་བཅད་པ་གཉིས་སོ། །གཏུབས་པ་ནི་བཅད་པའོ། །འཆིང་བ་ནི་འདིས་འཛིན་པར་བྱེད་པ་ཡིན་པས་ཞེས་བྱས་ནས་ཏེ་ངའོ་སྙམ་པའི་ང་རྒྱལ་འཇིག་ཚོགས་ལ་ལྟ་བར་བྱེད་ཅིང་སེམས་འཛིན་པར་བྱེད་པས་སོ། །གཞན་དག་ནི་ཞེ་སྡང་ངོ་ཞེས་ཟེར་རོ། །སོག་མིག་ཞེས་བྱ་བ་ནི་
པགས་པའི་རང་བཞིན་གྱི་ཐག་པ་སྟེ་འདིར་ནི་སྲེད་པའོ། །དཔེར་ན་ཤིང་རྟའི་འོག་ནས་ཐམས་ཅད་དུ་ཤིང་ཡོངས་སུ་བཅིངས་ནས་སོག་མིག་དང་ཆིངས་མ་བྱས་ན་ཁུར་འདེགས་པའི་ནུས་པ་ཡོད་པ་དེ་བཞིན་དུ། འཇིག་རྟེན་འདི་ན་ཡང་འདིས་བསྟན་ཏེ་སྲེད་པས་བཅིངས་ནས་འཁོར་བའི་སྡུག་བསྔལ་
འདེགས་ནུས་པར་འགྱུར་རོ། །ཆིངས་མ་ནི་མྱུར་དུ་སྐྱེད་པར་བྱེད་པའི་རང་བཞིན་ཤིང་གླེགས་ཀྱི་གཟེར་བུ་ལ་སོགས་པ་འཆིང་བ་ཡིན་ཏེ་འདིར་ནི་གཏི་མུག་བསལ་བའི་ལྷག་མ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའོ། །རྒྱང་ཐག་བཅད་ནས་སུ་ཞེས་བྱ་བས་ནི་དཀའ་བས་སྤངས་པའོ། །ཐམས་ཅད་དུ་ཡང་
འདི་སྦྱར་བར་བྱ་སྟེ། རྒྱང་ཐག་བཅད་པ་ནི་འཆིང་བ་དང་སོག་མིག་ཅེས་སྦྱར་བར་བྱའོ། །གསུམ་པོ་འདི་ནི་ཁྱིམ་གྱི་སྒོ་གླེགས་ཀྱི་གཏན་པ་བཞིན་དུ་འདའ་བར་དཀའ་བ་གང་ཡིན་པ་སྟེ་མ་རིག་པའི་གདུང་བས་སོ། །བརྟན་པ་དེ་ཉིད་སྨྲས་པ། ཡོངས་སུ་གདུང་སྤངས་ཞེས་བྱ་བ་གདུང་བ་ཡོངས་སུ་སྤངས་
པ་སྟེ། འཁོར་གཏན་བཟང་པོའོ། །གཞན་དག་ཏུ་ནི་འོབས་རྒལ་བ། །ཞེས་འབྱུང་བས་རྒལ་བ་ནི་འདས་པ་སྟེ་མ་རིག་པའི་འོབས་ལགས་སོ། །རྙེད་འདོད་ཅེས་བྱ་བ་ལ་འདི་ནི་རྙེད་པའི་དབྱེ་བ་སྟེ་དེ་ལ་སྤྱིར་སོག་མིག་ཅེས་བྱ་བས་བསྟན་པའི་ཕྱིར་རོ། །དེ་ལ་ཡོ་བྱད་མ་ཐོབ་པ་ལ་ལྷག་པར་ཞེན་པ་ནི་རྙེད་
པའོ། །མཉམ་པར་གཞག་པའི་ཁམས་ཀྱི་ཡོ་བྱད་ནི་སྲེད་པའི་འདོད་པའོ། །འདོད་པའི་ཁམས་ཀྱི་ཡོ་བྱད་ནི་སྲེད་པའི་རྙེད་པའོ། །དེ་ཉིད་ཀྱི་ཕྱིར་གཏན་དུ་མི་འདོད་པ་སྨྲས་པ། །སྡིག་ཅན་ཞེས་སྨོས་ཏེ་སྡིག་པའི་ལས་ཐམས་ཅད་འདྲེན་པའི་ཕྱིར་དང་། སེར་སྣ་ལ་སོགས་པ་དེའི་མཐུས་གཤིན་
เล่ม ๑๔๙ · หน้า 216b
རྗེའི་འཇིག་རྟེན་ལ་སོགས་པར་སྐྱེ་བའི་ཕྱིར་ཏེ་དེ་ཡང་འདོད་པ་ཞེས་བྱ་བ་འདིར་འབྲང་ངོ་། །རྩར་བཅས་ཞེས་བྱ་བ་ནི་རྒྱུ་དང་བཅས་པ་སྟེ་ཚོར་བའི་རྐྱེན་གྱིས་སྲེད་པ་དང་མ་རིག་པའི་རྒྱུས་ཀུན་དུ་འདོད་ཆགས་པའི་བདག་ཉིད་དང་། ཚུལ་བཞིན་ཡིད་ལ་མི་བྱེད་པ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་
སོ། །ཚོར་བ་ནི་དང་པོའི་རྩ་བར་གྱུར་པར་ཤེས་པར་བྱའོ། །དྲུངས་ཕྱུང་བ་ནི་རྩ་ནས་བཅད་པའོ། །སྲེད་པ་ནི་འདི་ལྟ་སྟེ་འདོད་པ་ན་ནི་འཁྲིག་བའི་སྲེད་པའོ། །གཟུགས་ན་ནི་བསམ་གཏན་གྱི་སྲེད་པའོ། །གཟུགས་མེད་པ་ན་ནི་སྙོམས་པར་འཇུག་པའི་སྲེད་པའོ། །གསུམ་པོ་འདི་ནི་སོག་མིག་
ཅེས་བྱ་བའི་སྒྲས་བསྟན་ཏོ། །དོན་དམ་པའི་བྲམ་ཟེ་ནི་དེ་ཡིན་ནོ་ཞེས་ང་སྨྲའོ་ཞེའོ། །རྣམ་པ་གཞན་གྱིས་སེམས་གདུལ་བ་སྨྲས་པ། བརྩོན་པས་ཆུ་བོ་ཞེས་བྱ་བ་ལ་སོགས་པའོ། །ཤིང་རྟ་ལྔ་བརྒྱ་ཙམ་འབྲོག་དགོན་པར་ངལ་སོ་བ་ན་དེ་དག་ཐམས་ཅད་ཆུ་བོས་ཁྱེར་ཏེ་རྫས་ཐམས་ཅད་ཁྱེར་ཞིང་
ཚོང་པ་དག་དཀའ་བས་སྲོག་རྙེད་དེ་ཉམ་ཐག་པ་དེའི་དབང་དུ་མཛད་ནས་བཙུན་པ་ཆུ་བོ་འདི་ནི་ཆུང་བ་ལགས་ཏེ་འོན་ཀྱང་ཆུ་བོ་བཞི་ནི་ཆེན་པོ་ལགས་སོ་ཞེས་གསོལ་པ་དང་། འདི་གསུངས་སོ། །རྒྱུན་བཅད་ཅེས་བྱ་བ་ནི་ཆུ་བོ་བཞི་ལས་རྒལ་བ་སྟེ་ཁྱིམ་གྱི་གནས་ཡོངས་སུ་དོར་བ་ཡིན་ནོ་ཞེས་
བྱེད་པའི་ཚིག་ཡིན་ནོ། །རྒྱུན་བཅད་པ་ནི་བརྩོན་འགྲུས་རྩོམ་པ་ལ་རག་ལས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བརྩོན་བས་ཞེས་སྨོས་སོ། །འདོད་པ་ཐམས་ཅད་རབ་བཅོམ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་ཉོན་མོངས་པའི་འདོད་ཆགས་ཏེ་ལུས་དང་སེམས་དབེན་པ་བརྟེན་པའམ་མི་གཙང་
བ་ལ་སོགས་པས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བཀག་པའོ། །འཕགས་ལམ་གྱིས་ནི་རྩ་བ་དང་བཅས་པར་སྤོང་བ་ཡིན་ནོ། །འདུ་བྱེད་རྣམས་ཀྱི་ཟད་ཤེས་པ། །ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྤངས་པ་མངོན་སུམ་དུ་བྱས་པའོ། །འདོད་ཆགས་དང་བྲལ་
བར་བྱས་ནས་གཞན་གྱི་དོན་འཚེ་བ་མེད་པར་བྱེད་དོ་ཞེས་བསྟན་ཏེ། སྡིག་མེད་གང་ཡིན་ཞེས་བསྟན་ཏོ། །འདོད་ཆགས་ལ་སོགས་འཚེ་བའི་རྒྱུ་དང་བྲལ་ཞིང་མི་སྤྱོད་དེ་ངེས་པར་སྡིག་པ་མེད་པ་ནི་འདིའི་ངེས་པའི་ཚིག་གོ། །ཕ་དང་མ་ནི་ཞེས་བྱ་བ་ལ་སོགས་པ་ལ། །གླེང་གཞི་དང་
เล่ม ๑๔๙ · หน้า 217a
བཅས་པའི་དོན་དགེ་སློང་གི་ཚོམས་སུ་བསྟན་ཟིན་ཏོ། །སྟག་ཅེས་བྱ་བ་ནི་གནོད་སེམས་ཀྱིས་ཀུན་ནས་དཀྲིས་པ་དང་ལྡན་པའི་སེམས་ཅན་བསྟན་ཏེ། དཔེར་ན་སྟག་ནི་གཏུམ་ཞིང་དྲག་ལ་ཚམ་ཚོམ་མེད་པར་ཤ་དང་ཁྲག་ལ་སྤྱོད་དོ། །དེ་བཞིན་དུ་གནོད་སེམས་ཀྱི་
ཀུན་ནས་དཀྲིས་པ་དང་ལྡན་པ་ཡང་གདུག་ལ་དགེ་བའི་རྩ་བ་ཐམས་ཅད་ཀུན་དུ་ཟ་བར་བྱེད་པའི་ཕྱིར་རོ། །ལྔ་པ་ནི་ཕ་ལ་སོགས་པ་རྣམ་པ་བཞིའི་ཕྱོགས་བསྟན་ནས་འདི་ནི་ལྔ་པར་གྱུར་བའོ། །ཡང་ན་སྒྲིབ་པ་ལྔ་ལས་ལྔ་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་བ་དེ་ནི་གཅིག་ཏུ་མཆོད་པ་དང་བསྙེན་
བཀུར་བྱས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་བྲམ་ཟེ་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོར་མ་ལོན་པར་དགྲ་བཅོམ་པ་ཞིག་ཡོད་དེ་གྲོང་ཁྱེར་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ཞིག་
དང་སྔོན་ནས་ཁོན་དང་རྗེས་སུ་འབྲེལ་པ་ཡིན་ཏེ་དེས་མགོ་ལ་ལག་ལྕག་བརྒྱབ་པོ། །དེས་སྨྲས་པ། སྔོན་ནི་གཞན་བྲམ་ཟེ་ལྟར་སྣང་ལ་ད་ལྟར་ནི་གཞན་ལྟར་སྣང་ངོ་ཞེས་བྱས་པ་དང་། དེ་ཁྲོས་ཏེ་ཡང་བརྒྱབ་པོ། །དེས་སྨྲས་པ་བདག་ལ་སྔོན་ནི་ཉེས་པ་མེད་ན་ཕྱིས་ནི་ཉེས་པ་ཡོད་དེ་འདི་ལྟར་ཐོབ་
ནས་ཅང་མི་སྨྲ་བར་བདག་ཅིའི་ཕྱིར་མ་སོང་ཞེས་པ་དང་། དེ་མངོན་པར་དད་ནས་དེ་ལས་བརྩམས་སོ། །བྲམ་ཟེ་རྣམས་ལ་བརྡེག་མི་བྱ། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བྲམ་ཟེ་དགྲ་བཅོམ་པ་མཆོད་པའི་གནས་ཀྱི་རྒྱུད་ལ་ལག་པ་དང་བོང་བ་ལ་སོགས་པས་བརྡེག་བར་མི་བྱ་བའོ། །
དེ་ལ་ནི་ཡིད་ཀྱིས་གནོད་པར་བསམ་པ་ཡང་མི་རིགས་ན་བརྡེག་པར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་བརྡེག་པ་ནི་ཉེས་པར་སྤྱོད་པ་འཕེལ་བའི་རྒྱུར་གྱུར་པའི་ཕྱིར་རོ། །བྲམ་ཟེ་བསྐྲད་པར་མི་བྱའོ། །ཞེས་བྱ་བ་ནི་ནམ་ཞིག་ནས་རྙེད་པ་ལ་མཆོད་པ་མ་བྱས་པར་ནི་གཏང་བར་མི་བྱ་བ་སྟེ། ཆོས་གོས་
དང་བསོད་སྙོམས་ལ་སོགས་པ་དེ་ལ་མ་ཕུལ་བར་གཏང་བར་མི་བྱའོ་ཞེས་པའི་དོན་ཏོ། །ཇི་སྐད་དུ་བཤད་པས། མི་བྱེད་ན་ནི་སྨད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྲམ་ཟེ་བརྡེག་པ་བླུན་ཞེས་བྱ་བ་སྟེ་ཡོན་ཏན་ཅན་ལ་རྡེག་པར་བྱེད་པ་ནི་སྨད་པར་བྱ་བའི་འབྲས་བུར་ཉེ་བར་འགྲོ་བ་ཡིན་ནོ། །
เล่ม ๑๔๙ · หน้า 217b
བླུན་ཞེས་བྱ་བ་ནི་སྨད་པའི་དོན་ཏོ། །ཇི་སྐད་དུ་བཤད་པ། གང་ཞིག་དམ་པ་རྡེག་བྱེད་ངན་པ་དེ། །དམ་པ་རྣམས་ཀྱིས་ཤིན་ཏུ་སྨད་པ་ཡིན། །སྡིག་པ་མི་བཟད་པ་དང་འབྲེལ་བའི་ཕྱིར། །ངན་སོང་དུ་ཡང་དེ་ནི་འགྲོ་བ་ཡིན། །ཞེས་སོ། །སྐྲོད་པར་བྱེད་པ་དེ་ངན་པས་ཞེས་བྱ་བ་ནི་གང་གིས་དེ་ལ་བརྟེན་ནས་
བསྙེན་བཀུར་རྣམ་པ་སྣ་ཚོགས་པ་མ་བྱས་པར་གཏང་བ་ནི་དེའི་ཕྱིར་བསོད་ནམས་ཁྱད་པར་ཅན་ཡོངས་སུ་སྩོགས་པ་མེད་པའི་ཕྱིར་རོ། །གང་བླ་མ་ལ་མ་གུས་པ་དང་ལེགས་པར་སྤྱོད་པ་ལ་དགའ་བ་དེ་ནི་སྨོད་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །
རྒྱལ་པོའི་ཁབ་ན་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གནས་སོ། །དེ་ལ་ཉེ་རྒྱལ་གྱིས་ནི་རྟ་ཐུལ་ལས། ཇི་ལྟར་འཇིག་རྟེན་ཞེས་བྱ་བའི་ཚིགས་སུ་བཅད་པ་ཐོས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པོ། །དེ་ལ་པང་ནས་སྐྱེས་ཀྱིས་ལན་གཉིས་ཐོས་པས་དེ་ཡང་དེ་བཞིན་དུ་གྱུར་ཏོ། །དེ་ནས་
དེ་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་དང་བཅོམ་ལྡན་འདས་བལྟ་བའི་ཕྱིར་སོང་ངོ་། །ཐག་རིང་པོ་ནས་འཕགས་པ་རྟ་ཐུལ་མཐོང་ནས་གང་དང་ཉེ་བ་ལས་ཆོས་ཐོས་པ་དེ་མཆོད་པར་བྱའོ་ཞེས་དེའི་གན་དུ་དེ་གཉིས་ལྷགས་པ་དང་། བྲམ་ཟེ་ཁྲུས་བྱས་པ་མེ་ལ་བསྙེན་བཀུར་བྱེད་པ་ཡང་དེའི་དྲུང་ན་
ཡོད་དོ། །དེ་ནས་འཁོར་དང་བཅས་པར་དེ་གཉིས་ཐག་རིང་པོ་ནས་འོང་བ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་བཞི་གསུངས་སོ། །གང་ཞིག་ཅེས་བྱ་བ་ནི་གང་ཟག་ལས་སོ། །ཆོས་རྣམས་རྣམ་ཤེས་ན་ཞེས་བྱ་བ་ནི་བཤད་པ་ལ་སོགས་པའི་ཆོས་ཐོས་པས་རྟོགས་
པ་ལ་སོགས་པར་གྱུར་པའོ། །རྒན་ནམ་ཞེས་བྱ་བ་ནི་ན་ཚོད་བརྒྱད་ཅུ་ལ་སོགས་པ་ལོན་པར་གྱུར་པའོ། །ཡང་ན་ནོར་ལ་སོགས་པ་བསགས་པར་གྱུར་པའོ། །གཞོན་ཡང་རུང་ཞེས་བྱ་བ་ནི་ལོ་བདུན་གྱིས་ཉེ་བར་མཚོན་པའི་ན་ཚོད་དུ་གྱུར་པ་ཡིན་ནོ། །ཡང་ན་ནོར་ལ་སོགས་པ་ལ་འགྲིབ་པའོ། །
དེ་ལ་བཀུར་ཞིང་ཞེས་བྱ་བ་ནི་མཆོད་པ་སྔོན་དུ་འགྲོ་བ་དང་ཞེས་པས་དྲངས་ཏེ། དེ་ཉིད་བླ་མར་ཤེས་པར་བྱེད་པའོ། །ཕྱག་བྱས་ཏེ་ཞེས་བྱ་བ་ནི་འདུད་པར་བྱ་བ་སྟེ་ཐམས་ཅད་དུ་དེའི་ངག་དང་མཐུན་པར་བྱེད་པས་སོ། །འདིར་དཔེ་བསྟན་པ། མེ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན། མེ་རྣམ་པ་
เล่ม ๑๔๙ · หน้า 218a
གསུམ་ལ་བྲམ་ཟེ་མཆོད་པར་བྱེད་པ་དེ་བཞིན་ནོ། །གཙང་མས་ཞེས་བྱ་བ་ནི་ལུས་ཀྱི་དྲི་མ་ཁྲུས་ལ་སོགས་པས་སེལ་བ་ཡིན་ཏེ་གང་གི་ཕྱིར་བྲམ་ཟེ་ནི་ཁྲུས་བྱས་ནས་བསྒོམ་པ་ལ་སོགས་པའི་བྱ་བ་རྩོམ་པར་བྱེད་དོ། །བསྙེན་བཀུར་ཏེ་ཞེས་བྱ་བ་ནི། ཉེ་བར་གནས་
པས་ཚིམ་པར་བྱེད་པ་སྟེ། ཆོས་གོས་དང་བསོད་སྙོམས་དང་སྨན་ལ་སོགས་པ་སྟེ་ཇི་ལྟར་བྲམ་ཟེ་མེ་ལ་བརྟེན་པས་ཞུན་མར་དང་ནས་ལ་སོགས་པ་བཞིན་ནོ། །དོན་དམ་པའི་ཆོས་དེ་གང་ཡིན་ཞེ་ན་འདི་ཉིད་དབྱེ་བའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ། །ཞེས་བྱ་བ་སྨོས་ཏེ། ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་ཅིང་བསྟན་པའོ། །ལྷག་མ་ནི་བཤད་ཟིན་ཏོ། །བསྟན་པའི་ཆོས་དང་རྗེས་སུ་མཐུན་པར་འབད་པས་ནི་གནོད་པ་ཐམས་ཅད་ལས་འདས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཚེ་བྲམ་ཟེ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་
ཡུལ་མ་ཀོ་ལའི་རི་ན་གནོད་སྦྱིན་བ་ཀུ་ལའི་ཁང་པ་ན་བསྙེན་བཀུར་བ་ཚེ་དང་ལྡན་པ་བ་ལང་སྐྱོང་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་མཚན་མོའི་མུན་པ་མུན་ནག་གི་ནང་དུ་དལ་བུས་རིམ་གྱིས་རིམ་གྱིས་ཆར་འབབ་ལ་གློག་འགྱུ་བ་ན་གཙུག་ལག་གི་ཕྱི་རོལ་མངོན་པར་
མཐངས་ཡོད་པ་ནས་རྒྱུ་ཞིང་འཆག་པར་མཛད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྙམ་དུ་བདག་གིས་འདི་བཻ་ཌཱུ་རྱའི་རང་བཞིན་གྱི་ཁང་པར་མངོན་པར་སྤྲུལ་པར་བྱའོ་སྙམ་སྟེ་དེ་ལྟར་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་འཆག་པའི་རྗེས་སུ་འཆག་པར་བྱེད་དོ། །
དེའི་ཚེ་མ་ག་དྟཱ་ན་གནས་པའི་མི་རྣམས་ཀྱི་ཁྱེའུ་དང་བུ་མོ་ངུ་བར་བྱེད་དེ། དེ་ནི་གནོད་སྦྱིན་བ་ཀུ་ལ་ལས་འཇིགས་པར་བྱེད་དོ་ཞེས་བསམས་སོ། །ཆོས་ཉིད་ནི་ངེས་པར་སངས་རྒྱས་བཅོམ་ལྡན་འདས་ཇི་སྲིད་བཞུགས་པ་དང་། བསྙེན་བཀུར་བའི་དགེ་སློང་དག་ཡོད་པ་དེ་སྲིད་དུ་མེད་དོ། །དེ་ནས་
ཚེ་དང་ལྡན་པ་བ་ལང་སྐྱོང་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་ཡུན་རིང་དུ་འཆག་པར་མཛད་དེ། གང་བདག་གིས་ཕྱི་རོལ་སྤུ་ཅན་གྱི་གོས་མགོ་ལ་གོན་པར་བྱས་ནས་འཆག་པར་བྱ་སྟེ། གནོད་སྦྱིན་བ་ཀུ་ལས་འདི་དག་འཇིགས་པར་བྱའོ་ཞེས་ནས། །བ་ཀུ་ལ་
เล่ม ๑๔๙ · หน้า 218b
སྟེ་བདག་ནི་དགེ་སྦྱོང་གནོད་སྦྱིན་བ་ཀུ་ལ་ཡིན་ནོ་ཞེས་རྒྱ་ཆེར་ཏེ། བཙུན་པ་གང་ཟག་དེ་ལྟ་བུ་ཡང་ཆོས་འདུལ་བ་འདི་ལ་མཆིས་སོ་ཞེས་པ་ནས་འདི་ལྟར་རྒྱ་ཆེར་ཏེ། ཀཽ་ཤི་ཀ་རྟོགས་པར་གྱིས་ཤིག །གཽ་ཏ་མའི་རིགས་འདི་ལྟར་རྩོལ་བ་ཡང་ཡུན་རིང་པོ་ནས་ཆོས་རྣམ་པར་དག་པར་
འགྱུར་རོ་ཞེས་པ་ནས་ཚིགས་སུ་བཅད་པ་དྲུག་གསུངས་སོ། །གང་གི་ཚེ་ཞེས་བྱ་བ་ནི་གང་གི་དུས་ནའོ། །ཆོས་རྣམས་ཞེས་བྱ་བ་ནི་བསྟན་པ་དང་བསྒྲུབ་པའི་ཆོས་རྣམས་སོ། །ཕ་རོལ་དུ་ཕྱིན་པར་གྱུར་པ་ནི་མཐར་ཕྱིན་པ་སྟེ་ཐམས་ཅད་མཁྱེན་པ་ཐོབ་པའི་ཕྱིར་རོ། །ཡང་ན་ཆོས་རྣམས་ནི་ཟག་པ་
དང་བཅས་པའི་དངོས་པོ་ཐམས་ཅད་དོ། །བྲམ་ཟེ་ཕ་རོལ་ཕྱིན་པར་གྱུར། །ཞེས་བྱ་བ་ལ་ཕ་རོལ་དུ་བྱོན་པ་ནི་དེ་བཞིན་གཤེགས་པའོ། །དེ་ཚེ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཚེ་ནའོ། །ཤ་ཟ་གཅིག་པུ་ལས་ཀྱང་ཞེས་བྱ་བ་ནི་ཤ་ཟ་བ་གཙོ་བོ་སྟེ་ཆེན་པོ་ལས་ཀྱང་ཞེས་བྱ་བའི་དོན་ཏོ། །ཟས་སུ་ཤ་ཟ་བས་
ཤ་ཟ་སྟེ་ཀྱང་གི་སྒྲ་ནི་དེའམ་གཞན་བདུད་ཀྱི་རིས་ལ་སོགས་པ་ཕྱི་རོལ་གྱི་འཇིགས་པ་སྐྱེད་པ་དག་བསྡུ་བའི་དོན་ཏོ། །བ་ཀུ་ལ་ཞེས་བྱ་བ་ནི་མིང་བ་ཀུ་ལ་ཞེས་བཏགས་པའོ། །ཤིན་ཏུ་འདས་ཞེས་བྱ་བ་ནི་ལྷག་པར་རྒལ་བར་གྱུར་པ་སྟེ་འདི་ལ་དེས་འཇིགས་པ་བསྐྱེད་པར་མི་ནུས་སོ་ཞེས་བྱ་བའི་
དོན་ཏོ། །བཅོམ་ལྡན་འདས་ཟད་པ་ཤེས་པ་བརྙེས་པས་ཤ་ཟ་ལ་སོགས་པའི་འཇིགས་པ་དང་བྲལ་བ་ཉི་ཚེར་མ་ཟད་དེ་འཁོར་བའི་རྒྱུ་དང་མཚུངས་པར་ལྡན་པ་ཚོར་བ་ཡང་ཟད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ཚེ་ཞེས་བྱ་བ་སྨོས་ཏེ་དེའི་དུས་ནའོ། །དེས་ཞེས་བྱ་བ་ནི་ཐམས་ཅད་ལས་འདས་པ་གང་ཡིན་
པས་སོ། །མཐོང་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་དངོས་པོ་ཇི་ལྟ་བ་བཞིན་དུ་གཟིགས་པའོ། །ཚོར་བ་ཐམས་ཅད་ཅེས་བྱ་བ་ནི་སྲིད་པ་ལ་བརྟེན་པའི་ཚོར་བ་མཐའ་དག་སྟེ་ཁམས་གསུམ་གྱིའོ། །ནུབ་པ་ཉིད་དུ་གྱུར་ཞེས་བྱ་བ་ནི་གསལ་བ་སྒྲུབ་པར་མི་བྱེད་དེ། བག་ཆགས་དང་བཅས་
པ་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །གནས་སྤངས་པས་གནས་པ་སྤོང་བར་བསྟན་ཏེ། དེ་ཚེ་དེས་ནི་ཟག་པ་རྣམས། ཞེས་སྨོས་ཏེ། ཇི་སྐད་དུ་བཤད་པ། བདེ་བར་ཚོར་བས་ནི་འདོད་ཆགས་ཀྱིས་ཉལ་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་རོ། །ཉོན་མོངས་པ་སྤངས་ནས་དེས་
เล่ม ๑๔๙ · หน้า 219a
བྱས་པའི་ལས་ཀྱང་སྤངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ཚེ་དེ་ཡིས་རྐྱེན་རྣམས་ཞེས་བྱ་བ་སྟེ་ཟག་པ་ལས་སྐྱེས་པའི་ལས་ཡང་སྲིད་པར་སྨིན་པ་ནི་རྐྱེན་གྱི་སྒྲར་བརྗོད་དོ། །ཡང་ན་རྒྱུ་ལ་སོགས་པ་བཞི་སྟེ་རྐྱེན་ཚོགས་པ་མེད་པའི་ཕྱིར་བསྩལ་བ་ཡིན་ནོ། །རྒྱུ་མེད་
པས་འབྲས་བུ་མེད་པར་བསྟན་པ། ཀུན་སྦྱོར་ཐམས་ཅད་ཅེས་བྱ་བ་ཡང་དག་པར་སྦྱོར་བ་ཡིན་པས་ཀུན་སྦྱོར་ཏེ། སྐྱེ་བའི་རྒྱུ་ཉིང་མཚམས་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་ལས་ཤིན་ཏུ་འདས་ཞེས་བྱ་བ་ལ་ཉིང་མཚམས་སྦྱར་ནས་མངལ་གྱི་གནས་སྐབས་དང་། དེ་ལས་
བྱུང་བ་ལ་སོགས་པའི་མཚན་ཉིད་ནི་སྐྱེ་བའོ། །གནས་སྐབས་ཡོངས་སུ་འགྱུར་བར་གྱུར་པ་ནི་རྒ་བའོ། །རིས་མཐུན་པ་ཆད་པར་གྱུར་བ་ནི་འཆི་བའོ། །ཤིན་ཏུ་འདས་ཞེས་བྱ་བ་ནི་རྒལ་བ་སྟེ་ངེས་པར་སྤངས་པའི་ཕྱིར་རོ། །དང་གི་སྒྲས་ནི་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་བསྡུའོ། །ཆོས་
རྣམས་ཡོངས་སུ་རྟོགས་པས་ནི་འཆི་བ་ལ་སོགས་པ་ལས་ཡོངས་སུ་འདས་པ་དཔེ་དང་བཅས་པའི་འབྲས་བུ་བཤད་པ། ཉིན་མོ་ཉི་མ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོའི་ཁབ་ན་བཅོམ་ལྡན་འདས་བཅོ་ལྔ་པའི་གསོ་སྦྱོང་མཛད་དེ་མཚན་མོ་གསོ་སྦྱོང་གི་སྒོ་ལ་མངོན་དུ་ཕྱོགས་པར་གྱུར་པ་དང་།
ནན་དི་མུ་ཁ་ཞེས་བྱ་བ་མཚན་མོ་མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་དེ་མཐོང་བ་དང་ནམ་གྲུ་དང་། ཀ་ཕྱི་ན་དང་། གསུས་པོ་ཆེ་ལ་སོགས་པ་ཡང་སྙོམས་པར་ཞུགས་ཏེ། དེ་དག་གི་གཟི་བརྗིད་ཀྱིས་རྒྱལ་པོའི་ཁབ་མཐའ་དག་ཉི་མ་འཆར་བ་བཞིན་དུ་གསལ་བར་གྱུར་ཏོ། །ཅི་ཙམ་ན་རྒྱལ་པོ་
གཟུགས་ཅན་སྙིང་པོ་དེ་མཚན་མོ་ཉིད་དུ་ལངས་ནས་རི་བྲགས་ལ་ལ་ཞིག་གདུལ་བའི་ཕྱིར་དཔུང་གི་ཚོགས་བཤམས་པ་ལས་འདི་སྙམ་དུ་མི་རྣམས་ཀྱི་ཚེ་ནི་ཤིན་ཏུ་ཡང་ཐུང་བ་ཡིན་ལ་རྒྱལ་བར་འགྱུར་བ་ཡང་གང་སུས་ཤེས་ཏེ། དེ་བས་ན་དང་པོ་ཉིད་དུ་བཅོམ་ལྡན་འདས་ཞལ་མཐོང་བར་བྱའོ་ཞེས་
བསམས་ནས་ཕྱིར་བྱུང་བ་དང་། ཤིན་ཏུ་གསལ་ཞིང་སྣང་བས་ཁྱབ་པ་དེ་ལྟ་བུ་མཐོང་ནས་མངོན་པར་དད་དེ། །དེ་དྲེགས་པ་མེད་པས་གོ་བགོས་པའི་འཁོར་དང་བཅས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ཙམ་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །
เล่ม ๑๔๙ · หน้า 219b
ཉིན་མོ་ནི་ཉིན་པར་ཏེ་ནམ་མཁའ་ལ་སྤྲིན་ལ་སོགས་པ་དང་བྲལ་བའི་གསལ་བའོ་ཞེས་བྱ་བའི་ཚིག་གིས་སོ། །གཞན་དུ་ན་མཛེས་པར་མི་འགྱུར་བ་ཉིད་དོ། །གསལ་བར་བྱེད་ཅེས་བྱ་བ་ནི་རྣམ་པར་མཛེས་པ་དང་རྣམ་པར་སྣང་བར་བྱེད་པའོ། །མཚན་མོ་ཟླ་བ་སྣང་བར་བྱེད། །ཅེས་བྱ་བ་ནི་ནུབ་མོ་སྟེ་སྟོན་
གྱི་སྤྲིན་མེད་པ་ལ་ཟླ་བ་ཤིན་ཏུ་མཛེས་པའོ། །རྒྱལ་རིགས་གོ་ཆས་ཆས་པ་གསལ། །ཞེས་བྱ་བ་ནི་གོ་ཆ་ལེགས་པར་བགོས་པའི་དཔུང་གི་ཚོགས་ཡན་ལག་བཞིས་ཡོངས་སུ་བསྐོར་བའི་རྒྱལ་པོ་ཡང་མཛེས་པ་དེ་བཞིན་དུ། བྲམ་ཟེ་སེམས་པར་བྱེད་ན་གསལ། །ཞེས་བྱ་བ་དབེན་པའི་གནས་ན་
གནས་པའི་བསམ་གཏན་དང་བསྒོམ་པ་ལ་མངོན་པར་བརྩོན་པའི་ཡིད་ཅན་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡང་ཤིན་ཏུ་མཛེས་ཤིང་གསལ་བ་ཡིན་ནོ། །དེའི་ཕྱིར་འདོད་ཆགས་དང་བྲལ་བའི་ཡེ་ཤེས་ཀྱི་སྣང་བས་ནི་ཉིན་མོར་ཉི་མ་བཞིན་དུ་གསལ་བར་བྱེད་ལ། སྙིང་རྗེས་ནི་
མཚན་མོ་ཟླ་བ་གང་བ་བཞིན་དུ་ཡང་དག་པར་ཚིམ་པར་བྱེད་བའོ། །བཟོད་པ་དང་ལྡན་པས་ནི་རྒྱལ་རིགས་གོ་ཆས་ཆས་པ་བཞིན་དུ་སྟེ་མདའི་ཚོགས་ཀྱིས་གནོད་པ་བྱས་ཀྱང་འགྱུར་བ་མེད་པར་སེལ་བར་བྱེད་དོ། །ཡང་ན་གནས་སྐབས་བཞིས་ལྷག་པར་མཛེས་པར་སྟོན་པ་ཡིན་ནོ། །གང་སེམས་
ཅན་ལྷ་དང་བཅས་པའི་ནང་ན་གནས་སྐབས་ཐམས་ཅད་དུ་རྣམ་པར་མཛེས་པར་གྱུར་པ་ཡོད་དམ་ཞེ་ན། ཉིན་མོ་ཉི་མ་གསལ་བར་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུའི་གནས་སྐབས་དང་། འབྲས་བུའི་གནས་སྐབས་སམ། ཡོངས་སུ་མ་ངན་ལས་འདས་པའམ་ཡོངས་སུ་མྱ་
ངན་ལས་མ་འདས་པའི་གནས་སྐབས་ན་དེ་བཞིན་གཤེགས་པ་ནི་རྣམ་པར་མཛེས་པའོ། །ཉིན་པར་དང་མཚན་མོ་ཞེས་བྱ་བ་ནི་སྣང་བ་དང་མུན་པའི་གནས་སྐབས་སོ། །ཡང་ན་ཞེ་འགྲས་པ་དང་དད་པར་བྱེད་པའོ། །སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་གནས་པའི་ཕྱིར་རོ། །གསལ་བར་བྱེད་
པ་ནི་ལུས་འོད་འདོམ་གང་བ་ལ་སོགས་པས་སོ། །སེམས་ནི་སྙིང་རྗེ་ཆེན་པོ་ལ་སོགས་པས་སོ། །གཟི་བརྗིད་ནི་འོད་ཀྱིས་གསལ་བར་བྱེད་པའོ། །བཅོམ་ལྡན་འདས་ནི་སྐུའི་འོད་ཀྱིས་རྟག་ཏུ་མཛེས་པ་ཡིན་ནོ་ཞེས་བསྒྲུབས་པས་མཛེས་ཤིང་གསལ་བ་ཡིན་པར་བསྟན་པའི་ཕྱིར། ཇི་ལྟར་མི་
เล่ม ๑๔๙ · หน้า 220a
སྡུག་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་འཚོ་བྱེད་ཀྱི་ཨ་མྲའི་ནགས་ན་བཅོམ་ལྡན་འདས་བཞུགས་པ་དེར་མ་སྐྱེས་དགྲ་འོངས་ཏེ། བཙུན་པ་ཁྱོད་དང་ཕ་ལ་བདག་གིས་གནོད་པ་དང་ལྡན་པར་བགྱིས་ཏེ་མི་དགེ་བའི་བཤེས་གཉེན་གང་ལ་བརྟེན་པས་སྡིག་པ་མང་
པོ་བགྱིས་པའི་ཕྱིར། བདག་སྡིག་པ་བགྱིས་པ་ལ་ཐུགས་རྗེས་མཛད་དུ་གསོལ་ཞེས་བྱ་བའི་བར་དུ་སྟེ་དེ་ལས་བརྩམས་སོ། །བྲམ་ཟེ་རྣམས་ལ་མེད་ཅེས་བྱ་བ་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་དེ་བཞིན་གཤེགས་པ་ལ་སོགས་པའོ། །དེ་འདྲ་ཞེས་བྱ་བ་ནི་སེམས་ཅན་འདི་ལྟ་བུ་ཉོན་མོངས་
པ་ལས་སྐྱེས་པ་ཅུང་ཟད་ཀྱང་ངོ་། །ཇི་ལྟར་ཞེས་བྱ་བ་ནི་རྒྱུ་གང་ཡང་རུང་བ་སྟེ་གནོད་སེམས་དང་ཕྲག་དོག་ལ་སོགས་པས་སོ། །མི་སྡུག་པ་ལས་ཞེས་བྱ་བ་ནི་དགྲ་ལས་གནས་པ་དག་ལས་སོ། །སངས་རྒྱས་བཅོམ་ལྡན་འདས་ནི་དགྲར་རྟོག་པ་ཅི་ཡང་མི་མངའ་སྟེ་བག་ཆགས་དང་བཅས་པའི་ཕྲ་
རྒྱས་སྤངས་པ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པ། གཞན་དག་ནི་སྒྲུབ་པ་གང་གིས་དེ་འགྲོ་བ་གསུམ་དུ་བྱེད་དོ། །ཁྱོད་ནི་མཛའ་བོ་དང་དགྲའི་ནང་ན་ཡང་མཛའ་བཤེས་བཞིན་དུ་བརྩེ་བས་སོ་ཞེས་སོ། །ཡིད་ལྡོག་པ་ཞེས་བྱ་བ་ནི་སེམས་ལྡོག་པ་མེད་པ་སྟེ་
བདག་གིས་དེ་ཉིད་ཕན་གདགས་པར་མི་བྱའོ་ཞེས་བྱ་བའོ། །འོ་ན་གང་ལས་ཀྱང་འདི་གཉིས་འཆི་བ་ལ་སོགས་པ་སྟེ་བཅོམ་ལྡན་འདས་མྱ་ངན་འདས་པ་ལས་སེམས་ལྡོག་པར་འགྱུར་རོ། །འཕགས་པ་གཡུལ་ལས་རྒྱལ་བུ་དང་ཆུང་མ་ལ་ལྟོས་པ་མེད་པར་སོང་ངོ་ཞེས་བྱ་བ་དེ་ཇི་ལྟར་ཞེ་ན་སྨྲས་པ། ཇི་ལྟ་ཇི་ལྟར་ཞེས་བྱ་
བ་སྟེ་ཚིག་གི་ཕྲད་ནི་སྣ་ཚོགས་པ་ཡིན་པས་སོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་གང་གང་ལས་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་དེ་བཞིན་གཤེགས་པའམ་དེའི་ཉན་ཐོས་ཀྱིའོ། །ཡིད་ལྡོག་པ་ཞེས་བྱ་བ་ནི་སེམས་ཆགས་པ་ལས་རྣམ་པར་ལྡོག་པའོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་དེ་ལས་དེ་ལས་ཞེས་བྱ་བ་སྟེ་དང་པོ་
ཉིད་དུ་དེ་ཉིད་རྟོགས་པ་མེད་པའི་ཕྱིར་རོ། །ཟད་པ་ནི་མཐོང་བའོ། །བདེན་པ་ནི་ཡོད་པའོ། །དེ་ཁྱད་པར་དུ་བྱེད་པ་ནི་ཀུན་རྫོབ་ཅེས་སྨོས་ཏེ། ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་དེའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་དེ་སྣོད་མ་ཡིན་པར་གྱུར་ན་ནི་ཡུལ་དང་དུས་ལ་གཟིགས་ཏེ་བཅོམ་ལྡན་
เล่ม ๑๔๙ · หน้า 220b
འདས་དེ་ལས་ལྡོག་པ་ཡིན་ནོ། །ཡང་ན་ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་འདི་ཉིད་ལས་ཏེ་དེ་ལྟ་དེ་ལྟར་ཁྲོ་བ་ལས་ཡིད་ལྡོག་པ་ཡིན་ནོ། །ཡང་ན་སེམས་ཅན་བདེན་པ་རྟོགས་པའི་སྣོད་དུ་མ་གྱུར་པར་ཐུབ་པ་མཆོག་གིས་ཐུགས་སུ་ཆུད་ནས་བསྟན་པ་ཉིད་ལས་ལྡོག་པ་ཡིན་ནོ། །འདིས་ནི་ཀུན་རྫོབ་ཀྱི་བདེན་པ་བསྟན་ཏོ། །
ཆགས་པར་ཁྱེའུ་བཞག་པར་གྱུར་ཀྱང་དེ་ལ་ལྟོས་པ་མེད་པར་འགྲོ་བའི་སྐྱེ་བ་ལ་ནི་འཇིག་རྟེན་པ་སྨོད་པར་བྱེད་དོ། །ཚེ་དང་ལྡན་པ་གཡུལ་ལས་རྒྱལ་གྱིས་དེ་ལས་འདས་པར་བྱས་ནས་ཀྱང་རྣམ་པར་ལྡང་བར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་འདོད་ཆགས་དང་བྲལ་བ་རྣམས་ནི་སྡུག་པ་དང་
མི་སྡུག་པ་མེད་དེ། འཇིག་རྟེན་གྱི་རྗེས་སུ་འཇུག་པས་ནི་གང་ནས་ཀྱང་འཇུག་པར་མི་བྱེད་ཅིང་འཇིག་རྟེན་གྱི་བག་མེད་པར་མི་འགྲོ་བས་སོ། །ཡང་ན་ཇི་ལྟ་ཇི་ལྟར་ནི་ཇི་སྲིད་ཇི་སྲིད་ཀྱི་དོན་ཏེ། གང་གི་ཕྱི་ཇི་སྲིད་ཇི་སྲིད་གདུལ་བྱའི་སྒྲིབ་པ་ཉིད་ཡོད་པ་དེ་སྲིད་དེ་སྲིད་དུ་ཡིད་ལྡོག་པར་འགྱུར་གྱི་གཞན་ཉོན་མོངས་
པའི་རྒྱུས་ནི་མ་ཡིན་ནོ་ཞེས་སོ། །སྐལ་བ་དང་ལྡན་པ་དག་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བརྟེན་ནས་དངོས་པོའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ཏེ། མངོན་པར་འདོད་པའི་འབྲས་བུ་ཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཚེ་བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་བཅོམ་ལྡན་
འདས་མངོན་པར་དགའ་བའི་ཀླུའི་རྒྱལ་པོ་བཏང་བཟུང་གི་ཁང་པ་ན་བཞུགས་པ་ལས་བྱང་ཆུབ་ཀྱི་ཤིང་དྲུང་ག་ལ་བ་དེར་གཤེགས་ཏེ་རྩྭའི་གདན་བཤམས་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་ཞག་བདུན་སྐྱིལ་མོ་ཀྲུང་ལ་མ་གཡོས་པ་ཉིད་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་
གཉིས་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པ་འདི་ཉིད་ལ་རྣམ་པར་གཟིགས་ཏེ་ཏིང་ངེ་འཛིན་དེ་ལས་བཞེངས་ནས་ཚིགས་སུ་བཅད་པ་བདུན་གསུངས་སོ། །གང་ཚེ་ནི་དུས་གང་ནའོ། །འདི་ཞེས་བྱ་བ་ནི་ཆོས་གང་སྔར་ཞག་བདུན་དུ་གཟིགས་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་འབྱུང་བའོ། །
རབ་ཏུ་འབྱུང་འགྱུར་ཏེ་ཞེས་བྱ་བ་ནི་རབ་ཏུ་གསལ་ཞིང་སྣང་བར་འགྱུར་ཏེ་དེ་ཁོ་ན་ཉིད་ཀྱི་ཤེས་པས་ཡོངས་སུ་བཟུང་བ་དང་ངེས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །དེ་སྐྱེ་བ་ནི་མ་ཡིན་ཏེ་སྐྱེ་བ་མེད་པས་སོ། །དེ་བཞིན་གཤེགས་པ་རྣམས་ནི་སྐྱེ་བ་མེད་པའི་ཆོས་ལ་གནས་པའོ་ཞེས་བྱ་བའི་ཚིག་གིས་སོ། །ཡང་ན་ཆོས་
เล่ม ๑๔๙ · หน้า 221a
ནི་དེ་བཞིན་གཤེགས་པའི་རྒྱུད་ལ་གནས་པའི་ཡོན་ཏན་ཏེ་མཐོང་བའི་ལམ་ལ་བརྩམས་ནས་ཟད་པ་ཤེས་པའི་ཡེ་ཤེས་ཐོབ་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །རབ་ཏུ་འབྱུང་བར་འགྱུར་ཞེས་བྱ་བ་ནི་རྒྱུད་ལ་སྤྱོད་པ་སྟེ་མངོན་དུ་གྱུར་ཅིང་ཐོབ་
པའོ། །གང་ལ་འདིས་དང་པོར་འབྱུང་བར་འགྱུར་ཞེ་ན། བྲམ་ཟེ་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། ཁྱད་པར་གྱི་ཚུལ་གྱིས་བླ་ན་མེད་པའི་ཡོན་ཏན་རབ་ཏུ་འབྱུང་བའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པའི་ཕྱིར། བརྩོན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་ཏུ་བྱེད་པ་
དང་གུས་པའི་སྦྱོར་བ་གཉིས་ཀྱིས་མྱུར་དུ་བྱེད་པ་ལས་ལྷག་པར་སྤྲོ་ཞིང་བརྟུན་པ་གང་ལ་ཡོད་པ་ནི། བརྩོན་པ་ཅན་ཏེ་དེའོ། །འདིས་ནི་བསོད་ནམས་ཀྱི་ཚོགས་བསྟན་ཏེ་བརྩོན་འགྲུས་འདི་ལས་རྒྱལ་བའི་ཕྱིར་རོ། །བྲམ་ཟེ་ཞེས་བྱ་བ་ནི་བདག་ཉིད་སྟོན་པའི་ཕྱིར་འདིས་བསྟན་པ་སྟེ་བསྟན་མ་ཐག་པའི་ཚིགས་
བཅད་ལ་ཡང་བྲམ་ཟེའི་སྒོ་ནས་དེ་བཞིན་གཤེགས་པའི་སྐབས་སུ་ཤེས་པར་བྱའོ། །བཤད་པ། བརྩོན་འགྲུས་ཀྱིས་ནི་དཀའ་བ་གང་ཡང་མེད་དེ། དེ་བས་ན་བརྩོན་འགྲུས་བརྩམས་པ་མི་འདོར་བར་བྱའོ། །ཡེ་ཤེས་ཀྱི་ཚོགས་སྨྲས་པ། སེམས་པ་དང་ཞེས་བྱ་བ་སྟེ་ཏིང་ངེ་འཛིན་བསྒོམ་པ་འདིས་ནི་
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ཏེ། ཤེས་རབ་མེད་ན་ཏིང་ངེ་འཛིན་མེད་དོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ཚེ་ཞེས་བྱ་བ་ལ་ཚིག་གི་ཕྲད་ནི་སྣ་ཚོགས་པ་ཡིན་པའི་ཕྱིར་དེའི་ཚེའམ། ཡང་ན་དེ་མ་ཐག་པའི་དོན་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཐ་མ་དེ་མ་ཐག་ཅེས་བྱ་བའི་
དོན་ཏོ། །དེའི་ཞེས་བྱ་བ་ནི་བྲམ་ཟེ་ཐུབ་པ་མཆོག་གིས་སོ། །སོམ་ཉི་མ་ལུས་སྤོང་ཞེས་བྱ་བ་ནི་ཡན་ལག་བཅུ་གཉིས་ཀྱི་ཐེ་ཚོམ་ཐམས་ཅད་རྒྱུད་ལ་གསལ་བ་ཡིན་ནོ། །གང་གི་ཚེ་ཞེ་ན། གང་གིས་རབ་ཤེས་པ་ཞེས་བྱ་བ་སྟེ། གང་གིས་བླང་བར་བྱ་བ་མངོན་པར་རྟོགས་པའོ། །ཅི་ཞིག་ཅེ་ན། ཆོས་རྣམས་རྒྱུར་
བཅས་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་བཅས་པའི་ཆོས་ནི་རྒྱུར་བཅས་སོ། །ཆོས་ནི་འདིར་འབྲས་བུ་སྟེ་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བ་རྣམ་པ་གཉིས་སོ། །འཇིག་རྟེན་པའི་ནི་སྡུག་བསྔལ་གྱི་བདེན་པའོ། །འཇིག་རྟེན་ལས་འདས་པ་ནི་འགོག་པའི་བདེན་པའོ། །རྒྱུ་ནི་ཀུན་འབྱུང་དང་ལམ་
เล่ม ๑๔๙ · หน้า 221b
སྟེ་གོ་རིམས་བཞིན་ནོ། །ཡང་ན་ཆོས་ནི་དོར་བ་དང་བླང་བར་བྱ་བའི་བདག་ཉིད་དོ། །རྒྱུ་ནི་ཉེ་བར་བླང་བ་སྟེ་བདེན་པ་རྣམ་པ་བཞིར་འགྱུར་རོ། །དེ་ལ་འདིས་ནི་མཐོང་བའི་ལམ་བསྟན་ཏོ། །རིམ་པ་གང་གིས་མཐོང་བའི་ལམ་ལ་འཇུག་པ་དེ་བསྟན་པ་ནི། སྡུག་བསྔལ་རྒྱུར་བཅས་ཞེས་བྱ་བ་ཡིན་ཏེ། སྔོན་དུ་སྡུག་བསྔལ་གྱི་བདེན་པ་རྟོགས་ནས་ཕྱིས་ནི་
ཀུན་འབྱུང་གི་བདེན་པའོ། །དེ་བཞིན་དུ་སྔར་སྡུག་བསྔལ་ལས་ཐར་བའི་འགོག་པ་དང་། དེ་ནས་དེའི་རྒྱུ་ལམ་མོ། །ཡང་ན་གང་གིས་བསྒྲུབ་པ་དང་། གང་གིས་ཐར་པ་དོན་དུ་གཉེན་བ་དེས་ཀྱང་དང་པོར་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་རྟོགས་ལ་དེ་ནས་དེའི་རྒྱུའོ། །ནད་པ་མཐོང་ནས་དེའི་ནད་གཞི་དང་། ནད་མེད་པ་དང་། སྨན་ཚོལ་བར་
བྱེད་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་མཐོང་བའི་ལམ་བསྒྲུབས་ནས་ཚིགས་སུ་བཅད་བ་གསུམ་གྱིས་བསྒོམ་པའི་ལམ་བསྒྲུབ་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་བསྒོམ་པས་སྤང་བར་བྱ་བ་ལ་ནི་ཐེ་ཚོམ་མེད་ན་དེ་ཇི་ལྟར་དང་པོར་སོམ་ཉི་ཞེས་བརྗོད་ཅེ་ན། ཐག་རིང་
པོའི་དབང་དུ་བྱས་པའི་ཕྱིར་འདི་ལ་ཉེས་པ་མེད་དོ། །མཐོང་བའི་ལམ་ནི་ངེས་པར་སྡུག་བསྔལ་སྔོན་དུ་རྟོགས་པ་ཡིན་ནོ་ཞེས་བརྗོད་ལ། སྡུག་བསྔལ་དེ་ལ་ཡང་རྣམ་པ་གསུམ་དུ་བརྗོད་པ་ལས་སྡུག་བསྔལ་ཤིན་ཏུ་དྲག་ཅིང་རགས་པ་སྤང་པའི་ཕྱིར་རོ། །འདིས་ནི་ཚོར་བ་ཐམས་ཅད་སྤངས་པ་ཉིད་དུ་རྣལ་འབྱོར་པ་དག་འདོད་དེ། དེ་བས་ན་འདི་ཉིད་
བསྟན་པའི་ཕྱིར། གང་གིས་ཚོར་བ་ཟད་པ་ཐོབ་འགྱུར་བ། །ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་འདོད་པ་ལས་འདོད་ཆགས་དང་བྲལ་བ་ནི་མི་འདོད་པའི་ཚོར་བ་ཐམས་ཅད་ཟད་པ་ཡིན་ཏེ། འདོད་པ་ན་ནི་གསུམ་ཆར་ཡང་ཡོད་པའི་ཕྱིར་རོ། །གང་གི་ཚེ་ཚོར་བ་ཟད་པ་ཡིན་ཞེ་ན། གང་གིས་རྐྱེན་རྣམས་ཟད་པ་ཐོབ་འགྱུར་བ། །ཞེས་བྱ་བ་འདི་སྟེ་ཚོར་བའི་རྐྱེན་ནི་
རེག་པ་ལ་སོགས་པ་སྟེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་མདོ་ལས་གསུངས་པའི་ཕྱིར་རོ། །འདིས་ནི་རྩ་ནས་འབྱིན་པར་འགྱུར་བ་ཡིན་ཏེ་གཅིག་ཏུ་དྲུངས་འབྱིན་པའོ་ཞེས་བསྟན་ཏོ། །མཉམ་པར་གཞག་པའི་ས་ལས་འདོད་ཆགས་དང་བྲལ་བ་བསྟན་པས་ནི་རྐྱེན་དང་ཚོར་བ་ཐམས་ཅད་ཟད་པ་ཡིན་ཏེ། དེ་ཉིད་བཤད་པ། གང་གིས་ཟག་
པ་ཟད་པ་ཐོབ་འགྱུར་བ། །ཞེས་བྱ་བ་བསྒོམས་པས་ཕྲ་རྒྱས་ཐམས་ཅད་སྤངས་པར་འགྱུར་བའི་ཕྱིར་རོ། །འདི་མན་ཆད་མི་སློབ་པའི་ལམ་བསྟན་ཏེ། གང་ཚེ་ཞེས་བྱ་བ་ལ་སོགས་པའོ། །ཟག་པ་ཐམས་ཅད་ཟད་པའི་གནས་སྐབས་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། མུན་པ་ལ་ནི་ཉི་མས་རྣམ་པར་སྣང་བར་བྱེད་པ་ལྟ་བུའོ། དེ་ཉིད་
เล่ม ๑๔๙ · หน้า 222a
བསྟན་པའི་ཕྱིར། སྣང་བྱེད་ཅེས་སྨོས་ཏེ་ཆོས་བསྟན་པའི་སྣང་བས་སོ། །དུག་འགྱུར་བ་ཞེས་བྱ་བ་ནི་གདུལ་བྱའི་དོན་དུ་ཞུགས་པའོ། །ཇི་ཞིག་སྣང་བར་བྱེད་པ་ཡིན་ཞེ་ན། འཇིག་རྟེན་ཐམས་ཅད་ཅེས་བྱ་བ་གྲོགས་པོ་དང་མཛའ་བ་དང་མི་མཛའ་བ་དག་ལ་ལྟོས་པ་མེད་པར་སྲིད་པ་གསུམ་པོ་ཐམས་ཅད་དུའོ། །འདིར་དཔེ་བསྟན་
པ། ཇི་ལྟར་ཉི་མ་ལྟར་ཞེས་བྱ་བ་ཡིན་ཏེ་དཔེར་ན་ཉི་མ་ནམ་མཁའ་བར་སྣང་སྒྲིབ་པ་མེད་པ་ལ་ཤར་ཅིང་གནས་བས་འཇིག་རྟེན་ཐམས་ཅད་སྣང་བར་བྱེད་པ་དེ་བཞིན་ནོ། །གང་ཞིག་དེ་ལྟར་སྣང་བར་བྱེད་པ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་དེ་བག་ཆགས་དང་བཅས་པ་སྤངས་པ་ཐོབ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཐུགས་རྗེ་
ཆེན་པོ་དང་ལྡན་པ་དེ་ཉིད་བསྟན་པའི་ཕྱིར། བདུད་ཀྱི་སྡེ་རྣམས་བཅོམ་ནས་གནས་འགྱུར་བ། །ཞེས་སྨོས་ཏེ། བདུད་ཀྱི་སྡེ་དང་ཚོགས་ལས་ངེས་པར་རྒྱལ་བ་ནི་བདུད་ཀྱི་སྡེ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བཅོམ་པའི་ཕྱིར་ཏེ། འཇིག་རྟེན་ལས་ཡང་དག་པ་ཉིད་དུ་ངེས་པར་རྒྱལ་ནས་གནས་པའོ། །དེ་ལྟར་ག་ལས་ངེས་པར་བྱ་ཞེ་ན། བློ་ཡང་ཀུན་སྐྱེད་
ཅེས་བྱ་བས་བསྟན་ཏེ། གང་གི་ཕྱིར་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་བཅོམ་ལྡན་འདས་ནི་ཡེ་ཤེས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་ཏེ། དམ་པ་རྣམས་ནི་བློའི་ཁྱད་པར་གྱིས་རྒྱལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །ཇི་སྐད་དུ་བཤད་པ། རྭ་རྩེ་སེན་མོ་སོ་ཡིས་དགྲ་དག་ལ། །ཕྱུགས་རྣམས་དག་ཀྱང་འཐབ་མོས་རྩོད་པར་བྱེད། །
འདི་ནི་སེམས་ཀྱི་རྟོགས་པའི་ཁྱད་པར་གྱིས། །གཞུ་བདུང་མེད་པར་ཡང་ནི་དགྲ་ལས་རྒྱལ་བར་བྱེད། །ཅེས་སོ། །ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ནས། སྤངས་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། བཅིངས་ལས་རྣམ་གྲོལ་ཞིང་ཞེས་བྱ་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀུན་དུ་སྦྱོར་བ་དགུ་བག་ཆགས་དང་བཅས་པ་གཉེན་པོ་
ཁྱད་པར་ཅན་གྱི་སྦྱོར་བས་གཏན་དུ་སྤངས་ཤིང་ཉམས་པ་མེད་པའི་ཆོས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །བྲམ་ཟེའི་ཚོམས་ཏེ་སུམ་ཅུ་རྩ་གསུམ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་ཡུལ་ཀ་བ་དྷྱར་སྐྱེས་པ་ཐོས་པ་མང་པའི་སློབ་དཔོན་བོ་དྷི་ཝརྨའི་སློབ་མ་ཡུལ་བྷཾ་ག་ལར་སྐྱེ་བ་བཞེས་པ་
ཐམས་ཅད་ཡོད་པར་སྨྲ་བའི་སློབ་དཔོན་པྲ་ཛྙཱ་ཝརྨས་མཛད་པ་རྫོགས་སོ།། །།འགྲེལ་པ་འདི་ལ་ཤློ་ཀ་སྟོང་ཕྲག་བཅུ་གཉིས་དང་ལྔ་བརྒྱ་ཡོད་དོ་ཞེས་རྒྱ་གར་གྱི་ཡི་གེ་ལས་སྨོས། རྒྱ་གར་གྱི་མཁན་པོ་སྒྲའི་གཙུག་ལག་ལ་འབྱམ་པར་མཁས་པ་པཎྜི་ཏ་ཛ་ནར་དྷ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའོ།། །།
เล่ม ๑๔๙ · หน้า 222b
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด