ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨུ་དཱ་ན་བརྒ་བི་བ་ར་ཎ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๔๙ · หน้า 30a

བདག་དུལ་བར་བྱས་པ་དེས་ནི་དྲེའུ་ལ་སོགས་པ་དུལ་བར་བྱས་པ་དེ་དག་པས་མཆོག་སྟེ། གཙོ་བོ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཞོན་པ་དེ་དག་རྣམས་ཀྱིས་ནི། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དྲེའུ་ལ་སོགས་པ་དུལ་བར་བྱེད་པ་དེ་དག་གི་རྒྱུར་གྱུར་པའི་དུལ་བ་དེ་དག་

གིས་ནི། ས་དེ་མངོན་པར་འཐོབ་མི་སྲིད། །ཅེས་བྱ་བ་ཡིན་ཏེ། དེ་ནི་ཕྱོགས་དེ་དང་དེའི་བྱེ་བྲག་ཕྱིན་པར་བྱེད་པ་ཡིན་ནོ། །བདག་ཉིད་ལེགས་འདུལ་གང་ཡིན་པའི། །ཞེས་བྱ་བ་ནི་ས་གང་ལ་ལེགས་པར་ཡོངས་སུ་སྦྱངས་པའི་ཡིད་ཀྱིས་ནི་མཁས་པ་དེས་ཐོབ་འགྱུར་ཞེས་བྱ་བ་སྟེ།

མཁས་པས་རྟོགས་པར་འགྱུར་བའོ། །སའི་རང་བཞིན་བསྟན་པའི་ཕྱིར། །ཞི་བ་ཞེས་བྱ་བ་སྨོས་ཏེ། སྡིག་པ་དང་བྲལ་ཞིང་ཉེ་བར་ཞི་བ་སྟེ། གང་གི་ཕྱིར་དབང་པོ་དུལ་བར་གྱུར་ན་ནི་བྱ་བ་མ་ཡིན་པའི་ངན་པར་སྤྱོད་པ་ཉེ་བར་ཞི་བར་ཡིན་ནོ། །སྡུག་བསྔལ་གྱི་རྩ་བ་ནི་སྡིག་པ་ཡིན་ཏེ་

དེ་མེད་ན་སྡུག་བསྔལ་མེད་དོ་ཞེས་བསྒྲུབ་པའི་ཕྱིར། སྡུག་བསྔལ་མཐར་ཕྱིན་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པ་མི་འདོད་པའི་འབྲས་བུ་ལ་སོགས་པ་མེད་པས་མཐར་འགྲོ་བར་འགྱུར་རོ། །གདུང་བས་ཟིལ་གྱིས་ནོན་པར་མ་གྱུར་ན་ནི་ལུས་ལ་སོགས་པ་དྲན་པ་བསྒོམ་པ་ལ་ནན་

ཏན་དུ་བྱེད་པར་ནུས་ཀྱི། སྡུག་བསྔལ་གྱིས་མངོན་པར་གཙེས་པའི་བདག་ཉིད་ལ་ནི་མ་ཡིན་ནོ་ཞེས་བསྒྲུབ་པར་འདོད་པའི་ཕྱིར། དྲན་ལྡན་ཞེས་བྱ་བ་ཡིན་ཏེ། ལུས་སུ་གཏོགས་པའི་དྲན་པ་དང་ལྡན་པའི་ཕྱིར། དྲན་པ་ཉམས་པ་ལས་ནི་འདི་ལྟར་ངན་སོང་གི་འགྲོ་བ་ཡིན་ཏེ།

དྲན་པ་མ་བསྒོམས་པས་སོ། །ཇི་སྐད་དུ་བཤད་པ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་བསྟན་པའི་ཕྱིར། སྤོང་འགྱུར་གྱི་ཞེས་བྱ་བ་སྨོས་ཏེ། རབ་ཏུ་སྤངས་པའོ། །གང་ཡིན་ཞེ་ན། འགྲོ་བ་སྟེ་ངན་

འགྲོ་གསུམ་ཞེས་བྱ་བའི་དོན་ཏོ། །དེ་ནས་བདེ་འགྲོར་སྐྱེ་ཞིང་དྲན་པ་བསྒོམས་པས་སྣོད་དུ་གྱུར་ནས། མཐོང་བའི་ལམ་མངོན་དུ་བྱས་པས་མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པའི་འཆིང་བ་སྤོང་བར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། འཆིང་བ་བཅད་ནས་ཞེས་བྱ་བ་

เล่ม ๑๔๙ · หน้า 30b

སྨོས་ཏེ། དེའི་འཆིང་བ་བཅད་ནས་སོ་སོའི་སྐྱེ་བོ་འདི་ནས་འདས་ཏེ་འཕགས་པ་དང་སྐལ་པ་མཉམ་པའི་འབྲས་བུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། དེ་ནས་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་

ལས་འདས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྡུག་བསྔལ་ཀུན་ལས་རབ་གྲོལ་གྱི། །ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཀྱང་ཡིན་ལ་སྡུག་བསྔལ་ཡང་ཡིན་ཏེ། ལས་འཛིན་པའི་བསྡུ་བའོ། །དེ་ལས་ངེས་པར་གྲོལ་བར་འགྱུར་ཏེ། དེ་ནས་མཉམ་པར་བཞག་པའི་ས་པའི་ཀུན་དུ་སྦྱོར་

བ་སྤངས་ནས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཀུན་སྦྱོར་མ་ལུས་སྤོང་འགྱུར་གྱི། །ཞེས་བྱ་བ་སྨོས་ཏེ། ཀུན་དུ་སྦྱོར་བ་དགུའི་ཐོབ་པ་བཅད་པས་སོ། །དེ་ནས་དུས་ཅུང་ཟད་གདུལ་བྱ་ཇི་ལྟ་བ་བཞིན་དུ་ཕན་འདོགས་ཤིང་

གནས་ཏེ། དུས་གཞན་ཞིག་ཏུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཚུལ་ཉིད་ཐོབ་པར་བྱེད་དོ་ཞེས་བསྟན་པའི་ཕྱིར། མྱ་ངན་འདས་ཉིད་ཅེས་བྱ་བ་སྨོས་ཏེ། སྐྱེ་བའི་སྒྲིབ་གཡོགས་ལས་འདས་པ་ནི་མྱ་ངན་ལས་འདས་པའོ། དེ་ཉིད་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་

བའི་མཚན་ཉིད་དོ། །ནང་གནས་པ་ཞེས་བྱ་བ་ནི་དཀྱིལ་ཏེ། དེའི་བདག་ཉིད་དུ་གནས་བ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་འདུལ་བ་ལ་བརྗོད་དོ། །གདུལ་བའི་བསམ་པའི་མཚན་ཉིད་ནི་རྣམ་པ་མང་སྟེ། དེར་འདུས་པའི་གདུལ་བྱ་དེ་དག་ལས་ཁ་ཅིག་ནི་ཞི་བ་དོན་དུ་གཉེར་རོ། །ཁ་

ཅིག་ནི་སྡུག་བསྔལ་དང་བྲལ་བ་དོན་དུ་གཉེར་རོ། །ཁ་ཅིག་ནི་འགྲོ་བ་གཏོང་བ་དོན་དུ་གཉེར་རོ། །ཁ་ཅིག་ནི་འཆིང་བ་ལས་གྲོལ་བ་དོན་དུ་གཉེར་བ་ལ་སོགས་པ་སྟེ། ཉེ་བར་མ་ཞི་བ་ལ་སོགས་པས་ཀུན་དུ་གཙེས་པའི་ཕྱིར་ཉེ་བར་ཞི་བ་ལ་སོགས་པའི་ཁྱད་པར་འདོད་པ་

ཡིན་ནོ། དེ་བས་ན་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་འདི་གསུངས་སོ། །སྡུག་བསྔལ་གྱི་མཐར་ཕྱིན་པ་ནི་བདག་ཉིད་དུལ་བ་ལ་རག་ལས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདུལ་སྦྱོང་ཞེས་བྱ་བ་ལ་སོགས་པའོ། །གཅེར་བུ་པའི་ལྟ་བ་ཅན་ཞིག་གིས་བཙུན་པ་

เล่ม ๑๔๙ · หน้า 31a

ཇི་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེས་ཞུས་པ་དང་འདི་གསུངས་སོ། །བདག་ཉིད་ཁོ་ན་གདུལ་བར་བྱ། །ཞེས་བྱ་བ་ནི་རང་གི་སེམས་ཉིད་བྱ་བ་དང་ལས་དག་ལ་དབང་དུ་གྱིས་ཤིག་པའོ། །འདུལ་སྦྱོང་བྱེད་པས་རྟ་བཟང་ལྟར། །ཞེས་བྱ་བ་ནི་དཔེར་

ན། རིགས་བཟང་པོའི་རྟ་འདུལ་སྦྱོང་མཁན་གྱིས་འདུལ་བར་བྱེད་པ་ལྟར་རོ། །ཅིའི་ཕྱིར་ཞེ་ན། ཕན་ཡོན་བསྟན་པའི་ཕྱིར། བདག་ཉིད་ལེགས་པར་དུལ་བ་ཡིས། །སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན། །ཞེས་བྱ་བ་སྡུག་བསྔལ་གྱི་ཐ་མར་འགྲོ་བ་སྟེ། ཐར་པ་ཐོབ་པར་འགྱུར་བའོ། བདག་ཉིད་

དུལ་བའི་ཕན་ཡོན་བསྟན་པའི་ཕྱིར། །བདག་ཉིད་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་བེ་ར་ཏྱ་ན་ཚོང་དཔོན་རྒན་པོ་ཞིག་བུ་ལ་སོགས་པས་བརྙས་པར་གྱུར་ཏེ། མགོན་སུ་ལ་བྱ་ཞེས་ཞུས་པ་ལས་བརྩམས་ཏེ། བདག་ཉིད་ཀྱི་མགོན་དང་བདག་ཉིད་ཀྱི་སྐྱབས་ལ་གནས་པར་བྱའི། གཞན་ནི་གླིང་དང་

སྐྱབས་མ་ཡིན་ནོ་ཞེས་བཀའ་སྩལ་ཏེ་འདི་གསུངས་སོ། བདག་ཉིད་ཁོ་ན་ཞེས་བྱ་བ་ནི་སེམས་ཁོ་ནའོ། །བདག་གི་ཞེས་བྱ་བ་ནི་བདག་གི་དངོས་པོ་ཐམས་ཅད་དེ། གང་གི་ཕྱིར་བདག་གི་དངོས་པོ་འདི་ལ་ནི་རང་གི་སེམས་ཉིད་དུལ་བར་བྱ་བའོ། །མགོན་ནི་སེམས་འདི་དབང་སྒྱུར་བར་བྱེད་ཅིང་

འཇིག་རྟེན་གཞན་དུ་འདྲེན་པར་བྱེད་པ་ཡིན་ནོ་ཞེས་ལུང་ལས་འབྱུང་བ་སྟེ། འདྲེན་པར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དུལ་ན་ནི་བདག་ཉིད་བདེ་འགྲོ་དག་ཏུ་འདྲེན་པར་བྱེད་དེ། འདིས་ནི་ཁྱད་པར་དུ་ལེན་པའི་རྒྱུ་རྟོགས་པར་བྱེད་དོ། །བདག་ཉིད་བདག་གི་སྐྱབས་ཡིན་པས། །ཞེས་བྱ་

བ་ནི་སྐྱབས་ཀྱི་དོན་དང་སྐྱོབ་པའི་ཕྱིར་ཏེ། རང་གི་སེམས་ཉིད་དུལ་བས་ནི་བདག་གི་སྐྱབས་ཏེ། དེའི་མཐུས་ཉེ་བར་སྤྱོད་པ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་རོ། །ཡང་ན་མགོན་ནི་མངོན་པར་མཐོ་བའི་བདེ་བ་སྐྱེད་པའི་ཕྱིར་རོ། །སྐྱབས་ནི་ངེས་པར་ལེགས་པའི་བདེ་བ་ཐོབ་པར་བྱེད་པ་སྟེ།

དེས་ན་དེ་ཉིད་ཀྱི་ཕྱིར། བདག་ཉིད་གདུལ་བར་བྱ་ཞེས་བྱ་བ་ལ་སོགས་པའི་དཔེ་དང་བཅས་པ་ནི་རྟོགས་པར་སླའོ། །རྟའི་ཚོམས་ཏེ་བཅུ་དགུ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།བདག་གི་སེམས་དུལ་བར་བྱས་ན་ནི་ཁྲོ་བ་ལ་སོགས་པ་སེལ་བར་འགྱུར་ཏེ།

เล่ม ๑๔๙ · หน้า 31b

དཔེར་ན་བྱི་ལའི་རྐྱལ་པ་ལེགས་པར་མཉེས་ན་སིལ་ཀྲོལ་གྱི་སྒྲ་འབྱིན་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པའི་ཕྱིར་དེའི་འོག་ཏུ་ཁྲོ་བའི་ཚོམས་བསྟན་ཏོ། །གང་གི་ཕྱིར་མ་དུལ་བར་ནི་ཁྲོ་བ་ལ་སོགས་པ་སེལ་བར་ནུས་པ་མེད་དོ། དེས་ན་དེ་ཉིད་བསྟན་པ་དང་བདག་ཉིད་དུལ་བར་བྱས་ནས་

ཁྲོ་བ་སྤངས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆགས་པ་མེད་ལ་དགའ་བའི་གཅེར་བུ་བ་ཞིག་གིས་བཅོམ་ལྡན་འདས་ལ་གསོལ་པ། ཅིས་ནི་སྤངས་དང་ཅི་ཡིས་རྣམ་སྤངས་འགྱུར། །གང་གིས་ཐམས་ཅད་ལས་ནི་འདའ་འགྱུར་ཞིང་། །གང་ལ་མ་ཆགས་པར་ནི་བྱས་པ་དག །

ཆགས་པའི་རྗེས་སུ་ལྟུང་བར་མི་འགྱུར་ལགས། །ཞེས་པ་དང་དེས་ན་འདི་གསུངས་སོ། །གཞན་དག་ནི་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་རྒྱལ་རིགས་ཀྱི་བུ་མོ་སྣར་མ་ཞེས་བྱ་བ་ལས་བརྩམས་པའོ་ཞེས་ཟེར་རོ། །ཁྲོ་བ་ནི་བདག་གིས་མཛའ་བཤེས་དང་དགྲ་བོ་རྣམས་ལ་གནོད་པ་དང་དོན་བྱེད་པ་

ལས་བྱུང་བའི་ཁོང་ཁྲོ་བ་སྔོན་དུ་འགྲོ་བའི་སེམས་ཀུན་དུ་འཁྲུགས་པ་ནི་ཁྲོ་བའོ། །གཞན་དག་ནི་གནས་དང་གནས་མ་ཡིན་པ་ལ་རྗེས་སུ་མི་མཐུན་པ་ལས་སྐྱེས་པའི་རིགས་པ་ཡོངས་སུ་སྤངས་པ་སྟེ། བུ་ལ་སོགས་པ་ལ་ཡང་སེམས་རབ་ཏུ་འཁྲུགས་པ་ནི་ཁྲོ་བ་ལའོ་ཞེས་ཟེར་རོ། །

གཞན་དག་ནི་འདིར་ཁོང་ཁྲོ་བ་ཉིད་ལ་འཇིག་རྟེན་གྱི་རབ་ཏུ་གྲགས་པས་ཁྲོ་བ་ཞེས་བརྗོད་དོ། །སྤངས་ཞེས་བྱ་བ་ནི་ཁྲོ་བ་ཡོངས་སུ་དོར་བ་སྟེ། གཞན་ལ་གནོད་པའི་རྒྱུར་གྱུར་པའི་ཕྱིར་རོ། །ང་རྒྱལ་རྣམ་སྤངས་ཞེས་བྱ་བ་ནི་གཉེན་པོ་བསྒོམ་པའི་ཁྱད་པར་དུ་ཡང་ང་རྒྱལ་རྒྱུད་ལ་སྤང་བར་བྱ་

བའོ། །འདིར་ང་རྒྱལ་ནི་ངའོ་སྙམ་པ་ལ་དགོངས་ཏེ། ཕྲ་རྒྱས་ཐམས་ཅད་ཀྱི་གཙོ་བོའི་རྒྱུ་ཡིན་པའི་ཕྱིར་དང་། ཡོན་ཏན་ལ་སོགས་པའི་བགེགས་སུ་གྱུར་པའི་ཕྱིར་རོ། །ཀུན་སྦྱོར་ཀུན་ལས་ཤིན་ཏུ་འདའ་འགྱུར་ཞིང་། །ཞེས་བྱ་བ་ནི་རང་དབང་མེད་པར་སྐྱེད་པར་བྱེད་པའི་ཕྱིར་ཀུན་དུ་སྦྱོར་

བ་རྣམ་པ་དགུ་པོ་འདི་ཡང་རྣམ་པར་སྤོང་བ་སྟེ། འདིས་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བར་སྦྱོར་བ་ཡིན་ནོ། །སྔར་བསྟན་པའི་བྱ་བའི་ཕན་ཡོན་བསྟན་པའི་ཕྱིར། མིང་དང་གཟུགས་ལ་ཆགས་པ་མེད་དེ་དག །ཅེས་བྱ་བ་སྨོས་ཏེ། དེ་དག་ནི་གང་ཟག་གོ། །མིང་དང་གཟུགས་

เล่ม ๑๔๙ · หน้า 32a

ཞེས་བྱ་བ་ལ། མིང་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞིའོ། །གཟུགས་ནི་གཟུགས་ཀྱི་ཕུང་པོའོ། །ཆགས་པ་མེད་པ་ནི་ཡིད་དེ་ལ་ཆགས་པར་མི་བྱེད་པ་སྟེ། །དེ་ལ་སྲེད་པ་དང་བྲལ་བའི་ཕྱིར་རོ། །ཅི་ཡང་མེད་པས་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་མེད་པ་

སྟེ། ཡང་སྲེད་པའི་ལས་དང་ཉོན་མོངས་པ་སྤངས་པའི་ཕྱིར་སྤྲོས་པ་དང་བྲལ་བའོ། །རྗེས་སུ་མི་ལྟུང་ཞེས་བྱ་བ་ནི་རྗེས་སུ་མི་འགྲོ་བ་དང་། རྗེས་སུ་མི་འཆིང་བ་དང་། གདུང་བར་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ནི་འདུ་འཛི་སྟེ་དེས་བྱས་པའི་གཡེང་བའོ། །ཡང་ན་སྐྱེ་བ་ལ་སོགས་

པ་སྲིད་པའི་སྐྱོན་ནོ། །ཁྲོ་བ་ལ་སོགས་པ་སྤངས་པ་ནི་བདེ་བ་འཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་ཞིག་གིས་གསོལ་པ། སྐྱེས་མ་ཐག་ཏུ་ཅི་ཞིག་སྤང་། །ཅི་ཞིག་སྐྱེས་ནས་བཟློག་པར་བགྱི། །བསྟན་པས་ཅི་ཞིག་རབ་ཏུ་སྤོང་།

གང་ཞིག་རྟོགས་ན་བདེ་པར་འགྱུར། །ཞེས་པ་དང་། དེ་ལ་འདི་གསུངས་སོ། །སྐྱེས་མ་ཐག་ཏུ་ཞེས་བྱ་བ་ནི་ཡིད་ལ་སྐྱེས་པ་ཙམ་ཉིད་ལའོ། །སྤངས་ཞེས་བྱ་བ་ནི་ཡོངས་སུ་དོར་བའོ། །གང་གི་ཕྱིར་ཁྲོ་བ་བྱུང་ནས་ཡལ་བར་འདོར་ན་ནི་ཕུང་ཁྲོལ་སྟོང་བྱེད་དེ། ཕྱུགས་ལྷས་སུ་སྤྱང་ཀི་ཞུགས་

པ་བཞིན་ནོ། །སྐྱེས་ནས་འདོད་ཆགས་སྤང་པར་གྱིས། །ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ཡང་སྐྱེས་མ་ཐག་ཉིད་དུ་རང་གི་གཉེན་པོས་བཟློག་པར་བྱ་སྟེ་ཐག་རིང་པོར་སྤང་ཞིང་རྒྱུན་གཅད་པས་རྩ་བ་དང་བཅས་པར་དབྱུང་སྟེ། ཁ་ནས་འཇམ་པོར་སྨྲ་ཞིང་ནང་དུ་འཁོན་བྱེད་པ་ལྟ་

བུའོ། བརྟན་པས་མ་རིག་རབ་ཏུ་སྤང་། །ཞེས་བྱ་བ་ནི་མཁས་པས་གཏི་མུག་ཡོངས་སུ་སྤངས་པ་སྟེ། ཤེས་པ་དང་ལྡན་པའི་ཕྱིར་སྐྱོན་སྤོང་བ་ནི་བརྟན་པའོ། །སྡུག་བསྔལ་མཐོང་བས་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་འཕགས་པའི་བདེན་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་

རིག་པ་སྤོང་བའི་རྒྱུ་བསྟན་ཏོ། །བདེ་བ་ནི་སྲིན་པོ་གསུམ་སྤངས་པ་བཞིན་དུ་འཇིགས་པ་མེད་པས་བདེ་བར་འགྱུར་བ་སྟེ། སྲེད་པ་ཟད་ན་བདེ་བ་འཐོབ་པར་འགྱུར་རོ། །གཞན་དག་ཏུ་ནི་བདེན་པ་རྟོགས་ན་ཞེས་བརྗོད་དོ། །འཕགས་པའི་བདེན་པ་བཞི་མཐོང་ན་ཞེས་བྱ་བའི་དོན་ཏོ། །ཁྲོ་བ་

เล่ม ๑๔๙ · หน้า 32b

སྤངས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་ཡོན་གཞན་ཡང་བསྟན་པའི་ཕྱིར། ཁྲོ་བ་སྤངས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཞིག་སྤངས་ན་བདེ་བར་ཉལ། །གང་ཞིག་སྤངས་ན་མྱ་ངན་མེད། །གང་གིས་འདིར་ནི་ཆོས་གཅིག་ཉིད། །བཅོམ་ན་གཽ་ཏམ་བསྔགས་

པ་མཛད། །ཅེས་བརྒྱ་བྱིན་གྱིས་ཞུས་པ་དང་འདི་གསུངས་སོ། །ཁྲོ་བ་སྤངས་པ་ནི་དོར་བའོ། །བདེ་བར་ཉལ་ཞེས་བྱ་བ་ནི་གདུང་བ་མེད་པར་གཉིད་ལོག་པར་འགྱུར་བའོ། །ཡང་ན་འཚེ་བ་མེད་པར་གནས་པ་སྟེ། བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། །ཉལ་བ་ན་ཡང་ལྷ་རྣམས་བསྲུང་

འགྱུར་རོ། །ཞེས་བྱམས་པ་ཐོབ་པ་དག་ལ་བཤད་པས་སོ། །ཁྲོ་བ་སྤངས་ན་གདུང་མི་འགྱུར། །ཞེས་བྱ་བ་ནི་གདུང་བར་མི་འགྱུར་བ་སྟེ། ནང་དུ་གདུང་བ་མེད་ཅིང་མྱ་ངན་རྗེས་སུ་མྱོང་བར་མི་འགྱུར་བ་སྟེ། དེ་སྤངས་པས་ནི་བསམ་པ་གྲུབ་ལ་བྱེ་མ་ལ་སོགས་པ་མཐོང་བ་དང་བྲལ་བའི་ཕྱིར་རོ། །

ཁྲོ་བ་ཞེས་བྱ་བ་དང་ཆོམས་ཤིག་ཅེས་བྱ་བ་འདིར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་གྱི་ཚུལ་གྱི་རྒྱུ་བསྟན་པའི་ཕྱིར། དུག་གི་རྩ་བ་ཞེས་སྨོས་ཏེ། ཕུང་ཁྲོལ་གྱི་རྒྱུ་ཡིན་པས་མྱུར་དུ་འདོད་ཆགས་དང་བྲལ་བར་བྱས་ཏེ་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །བདེ་འཇོམས་

ཞེས་བྱ་བ་ལ། བདེ་བ་ནི་ཡིད་དུ་འོང་བ་སྟེ། ལེགས་པར་སྤྱོད་པ་དང་ཡིད་དང་འཐད་པ་ལ་སོགས་པ་དེས་འཇིག་པ་ནི་བདེ་བ་འཇོམས་པ་སྟེ། དེ་ནི་ལེགས་པར་སྤྱོད་པ་དང་ཡིད་དུ་འོང་བ་གཅོད་པར་བྱེད་པ་ཡིན་ནོ། །དགེ་སློང་ཞེས་བྱ་བ་ནི་བོད་པ་སྟེ། དེའི་ཕྱིར་བདེ་བ་འཇོམས་པ་ནི་བག་

ཆགས་ཡིན་ནོ་ཞེས་བསྟན་ནས་ཐོ་རངས་དང་མཚན་མོ་ཉིད་ལ་ཡང་གདུལ་བའི་དགེ་སློང་དག་ལ་བསྟན་ཞིང་ཡང་བརྗོད་པ་ཡིན་ཏེ། ཁྲོ་བ་ནི་ཁྱིམ་ན་གནས་ཀྱང་ཡོངས་སུ་སྤང་བར་བྱ་བ་ཡིན་ལ། ཁྱད་པར་དུ་ནི་ཁྱིམ་སྤངས་པས་སྤང་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །ཆོམས་ཤིག་དང་། །

འཕགས་པ་རྣམས་ཀྱིས་བསྔགས་འགྱུར་ཞིང་། །ཞེས་བྱ་བ་ནི་འདི་སྤངས་པས་ནི་སངས་རྒྱས་དང་། དེའི་ཉན་ཐོས་དགྱེས་པ་ཡིན་ཏེ། དེའི་ངོ་བོ་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེ་བཅོམ་པ་ཡིས་མྱ་ངན་མེད། །ཅེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཁྲོ་བ་སྤངས་

เล่ม ๑๔๙ · หน้า 33a

ན་ནི་གང་གིས་ཇི་ལྟར་ཡང་ཡིད་ལྷག་པར་གདུང་བ་ཉམས་སུ་མྱོང་བར་མི་འགྱུར་རོ། །གང་ཞིག་དེའི་རྗེས་སུ་འཇུག་པ་དེ་ནི་དུས་རིང་པོར་མྱ་ངན་བྱེད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཁྲོས་བདག་གིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགེ་སློང་དག་སྔོན་

བྱུང་བའི་དུས་ན་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པར་ཉེ་བར་གནས་པར་གྱུར་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་རྩོམ་པའི་དུས་སུ་གལ་ཏེ་ལྷ་རྣམས་རྒྱལ་བར་འགྱུར་ཞིང་ལྷ་མ་ཡིན་རྣམས་

ཕམ་པར་འགྱུར་ན་ནི། གྲོགས་པོ་དག་དེ་ལ་ངས་ཀྱང་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་གསོན་བཞིན་དུ་བཟུང་ལ་མགུལ་པ་བཅིང་བ་ལྔས་བཅིངས་ཏེ། ལྷའི་གྲོང་ཁྱེར་དུ་གཞུག་པར་བྱའོ་ཞེས་སྨྲས་སོ། །ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ཀྱིས་ཀྱང་ལྷ་མ་ཡིན་རྣམས་ལ་དེ་

ལྟར་སྨྲས་སོ། ཇི་ཙམ་ན་ཐགས་བཟངས་རིས་ལྷའི་གྲོང་ཁྱེར་དུ་བཅུག་སྟེ། ལྷའི་འདུན་ས་ཆོས་བཟང་གི་སྒོ་དྲུང་དུ་མགུལ་པ་བཅིང་བ་ལྔས་བཅིངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དེ་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་ན་དེས་སྡིག་པ་ཅན་གྱི་ཚིག་ཚོགས་པར་མི་དབྱུང་བས་གཤེ་བར་

བྱེད་དོ། །མ་ཏ་ལིས་སྨྲས་པ། །བརྒྱ་བྱིན་ལྷ་དབང་འཇིགས་པ་འམ། །ཡང་ན་སྟོབས་མེད་བཟོད་པར་བྱེད། །ཐགས་བཟངས་རིས་ཀྱི་ཚིག་གཏུམ་དག །མངོན་སུམ་ཐོས་བཞིན་འདུག་བྱེད་དམ། །ཞེས་སོ། །བརྒྱ་བྱིན་གྱིས་སྨྲས་པ། འདི་ནི་དེ་ལྟར་མཐོང་མོད་ཀྱི། །བྱིས་པ་ཡི་

ནི་དགག་པ་ཡིན། །ཕ་རོལ་གང་ཞིག་ཁྲོས་ཤེས་ན། །རང་ཉིད་དེ་ལ་ཞི་བར་བྱ། །ཞེས་སྨྲས་ཏེ། དེ་ལས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་བཅུ་གཉིས་བཀའ་སྩལ་ཏོ། རབ་སྨྲ་ཞེས་བྱ་བ་ནི་ཡང་དག་པར་རྟོགས་པ་དང་ཡང་དག་པར་ཤེས་པ་སྟེ། མེད་

པ་ལ་ཡོད་པར་ཡོངས་སུ་གཅོད་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། གང་ཁྲོས་ཞེས་བྱ་བ་སྨོས་ཏེ། འཁྲུགས་པའོ། །ཇི་ལྟར་སྨྲས་པ་ཡིན་ཞེ་ན། བདག་གིས་ལེགས་བྱས་ཀྱི། མ་ལེགས་མིན་ཞེས་བྱ་བ་སྟེ། ལེགས་པར་བྱས་པ་ཉིད་ཡིན་གྱི། །དེ་ཉིད་ཀྱིས་ཉེས་པར་བྱས་པ་

เล่ม ๑๔๙ · หน้า 33b

ནི་མ་ཡིན་ནོ་ཞེས་མངོན་པར་སེམས་པ་ཡིན་ནོ། །ཁྲོ་བ་ནི་ཕྱིན་ཅི་ལོག་གི་རྒྱུ་ཡིན་པའི་ཕྱིར་རོ། །འོག་ཏུ་ཞེས་བྱ་བ་ནི་ཡང་དུས་གཞན་ནའོ། །འདི་ཉིད་གསལ་བར་སྟོན་པ་ཡིན་ཏེ། ཁྲོ་བ་ཞི་བ་ཞེས་བྱ་བ་ནི་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་ནའོ། །མེ་ཡིས་བསྲེགས་བཞིན་གདུང་

བར་འགྱུར། །ཞེས་བྱ་བ་ལ། བསྲེགས་པས་ཉེ་བར་གདུང་བ་བཞིན་དུ་དེ་ཁྲོ་བས་གདུང་བ་མྱོང་བར་འགྱུར་ཏེ། ཇི་ལྟར་བདག་གིས་འདི་ལྟར་མ་རབས་དང་མཐུན་པར་བྱས་ཞེས་ཡིད་ལ་གཅགས་པ་སྐྱེ་བའི་ཕྱིར་རོ། །གང་ཁྲོ་བ་དང་ལྡན་པ་དེ་ནི་ངོ་ཚ་མེད་ཅིང་ཁྲེལ་མེད་པར་འགྱུར་བ་སྟེ།

ངོ་ཚ་དང་ཁྲེལ་མེད་པ་དང་བྲལ་བར་གྱུར་ན་ནི་ཁྲོ་བ་མེད་པར་འགྱུར་བའོ། །ངོ་ཚ་གང་ལ་ཡོད་པ་དེ་ནི་ངོ་ཚ་དང་ལྡན་པའོ། །ངོ་ཚ་དང་མི་ལྡན་པ་ནི་ངོ་ཚ་མེད་པའོ། །ཁྲེལ་ཡོད་པའི་ཚུལ་གང་ལ་ཡོད་པ་དེ་ནི་ཁྲེལ་ཡོད་པ་སྟེ། ཁྲེལ་ཡོད་པ་མ་ཡིན་པ་དེ་ནི་ཁྲེལ་མེད་པའོ། །དེ་ལ་ཡོན་ཏན་དང་ཡོན་

ཏན་ཅན་དག་ལ་གུས་པ་ནི་ངོ་ཚ་ཤེས་པའོ། །ཉེས་པར་སྤྱོད་པ་ལ་འཇིགས་པར་ལྟ་བ་ནི་ཁྲེལ་ཡོད་པའོ། །བདག་ཉིད་ལ་ནི་མངོན་བརྟགས་ནས། །འཛེམ་པ་གང་ཡིན་ངོ་ཚར་བརྗོད། གཞན་བརྟེན་འཕྱ་བ་ལ་འཛེམ་པ། །ཁྲེལ་ཡོད་པ་ཞེས་བརྗོད་པར་བྱ། །ཞེས་བྱ་བ་འདི་གཉིས་

ཀྱི་མཚན་ཉིད་ལ་གཞན་དག་དེ་སྐད་ཟེར་རོ། །ཡང་ན་གང་ཁྲོ་བའི་ངང་ཚུལ་ཅན་དེ་ནི་ངོ་ཚ་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །འཁྲུགས་པ་ཡིན་པས་ཁྲོ་བ་ཅན་ནོ། །བརྟུལ་ཞུགས་མེད་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱང་ཡོད་པ་མ་ཡིན་ཏེ།

དེའི་དབང་གིས་དེའི་ཚུལ་ཉམས་པའི་ཕྱིར་རོ། །ཁྲོ་བས་མངོན་པར་ཟིལ་གནོན་པ། །ཞེས་བྱ་བ་ནི་འཁྲུགས་པས་གཞན་གྱི་དབང་དུ་བྱས་པའི་སྐྱེས་བུའོ། དེ་ལ་སུ་ཡང་རྟེན་མི་བྱེད། །ཅེས་བྱ་བ་ནི་ཕ་དང་མ་ལ་སོགས་པ་གང་ཡང་རུང་བའམ། ཡང་ན་སྐྱེ་བོ་དམ་པ་ཁྲོ་བ་ཅན་ལ་

གནས་དང་གླིང་དང་རྟེན་མི་བྱེད་དོ། །གདོན་ཞུགས་ནས་གཞན་གྱི་དབང་དུ་བྱས་པ་ལ་ནི་སུ་ཞིག་བདག་ལ་ཕན་པར་འདོད་པས་ཡིད་བརྟན་པའི་བསམ་པས་ཉེ་བར་འགྲོ་བར་འགྱུར། གང་ཉིད་ལ་སྐྲག་པ་དེ་ཉིད་ལ་ནི་ཡིད་བརྟན་པ་མེད་པ་ཉིད་དེ། འདི་ལྟར་སྦྲུལ་ནག་པོ་དུག་

เล่ม ๑๔๙ · หน้า 34a

མི་བཟད་པ་ཡོད་པ་ལ་ནི་གང་ཡང་ཡིད་བརྟན་པས་ལེན་པར་མི་བྱེད་པ་དེ་བཞིན་དུ་རྟེན་དང་གནས་སུ་མི་བྱེད་དེ། དེ་ལས་སྐྲག་པས་ཡིད་བརྟན་པ་ཐམས་ཅད་འཇིག་པའི་ཕྱིར་རོ། །ཁྲོ་བའི་ཉེས་དམིགས་ཉིད་བསྟན་པའི་ཕྱིར། གང་ཞིག་བྱིས་པའི་མཐུ་སྟོབས་ཞེས་

བྱ་བ་ལ་སོགས་པ་སྨོས་སོ། །འདིར་གླེང་གཞི་ནི་གཞན་དག་འདི་སྐད་ཟེར་ཏེ། མཉན་ཡོད་ན་གི་རི་ཡ་གྲོ་ཞེས་བྱ་བ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་རྒྱལ་པོ་གསལ་རྒྱལ་གྱི་མདུན་ན་འདོན་ཞིག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། ཕྱིན་ནས་བཙུན་པ་བདག་ལ་ནི་སྐྱེས་བུ་བྱེད་པའི་སྟོབས་

མཆིས་སོ་ཞེས་གསོལ་པ་དང་། ཇི་ཙམ་ན་འདི་གསུངས་སོ་ཞེས་སོ། དེ་ཡི་སྟོབས་ནི་སྟོབས་མེད་ཡིན། །ཞེས་བྱ་བ་ལ་སྟོབས་མེད་པ་ཉིད་ནི་ཉམ་ཆུང་བ་སྟེ། སེམས་ཅན་དེའི་སྟོབས་སུ་འདོད་པའོ། །ནི་ཞེས་བྱ་བ་ནི་ཁོ་ནའི་དོན་ཏོ། །དེ་གང་ཞེ་ན། གང་ཞིག་བྱིས་པའི་མཐུ་སྟོབས་

ཅན། །ཞེས་བྱ་བ་སྟེ། གང་ཞིག་ནི་གང་ལ་ལའོ། །བྱིས་པ་ནི་གླེན་པ་སྟེ། དེ་ཁྲོ་བ་དང་མི་བཟོད་པ་ལས་བྱིས་པ་སྟོད་པར་བྱེད་པས་སོ། གཞན་བརྙས་པར་བྱ་བའི་ཐབས་དེས་བཟུང་བའི་ཕྱིར་དེ་ནི་མཐུ་སྟོབས་མེད་པ་ཉིད་ལ་མཐུ་ཉིད་དུ་བཟུང་བར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། །

བྱིས་པ་ཞེས་བྱ་བ་སྟེ་གླེན་པའོ། །བྱིས་པའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། །ཆོས་དང་བྲལ་བ་ལ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་འཚེ་བ་ལ་གོམས་པ་སྟེ། བྱིས་པ་ནི་ངན་པར་སྤྱོད་པ་སེམས་པའོ་ཞེས་མདོ་ལས་གསུངས་ཏེ། ལེགས་པར་སྤྱོད་པ་སྤངས་ཞེས་བྱ་བའི་དོན་ཏོ། བསྒྲུབ་

བར་བྱ་བ་ཡོད་རེ་སྐན། །ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ཚུལ་ཁྲིམས་ལ་བརྟེན་པའི་འཕགས་པའི་ལམ་བསྒྲུབ་ཅིང་དེ་ཐོབ་པར་བྱེད་པ་ནི་བྱིས་པའི་སྟོབས་ཀྱིས་ནུས་པ་མ་ཡིན་ཏེ། བློ་དང་མི་ལྡན་པས་སོ། །གང་གི་ཕྱིར་བློའི་སྟོབས་ནི་མཁས་པའི་སྟོབས་སུ་འདོད་དེ། སོ་སོར་བརྟགས་

པའི་སྟོབས་དང་མང་དུ་ཐོས་པ་ཞེས་བྱ་བའི་ཚིག་གིས་སོ། །མཁས་པ་རྣམས་ཀྱང་བཟོད་པའི་སྟོབས་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་ལྟར་བསྒྲུབ་པའི་སྟོབས་མེད་དེ། དེ་བས་ན་བློ་དང་ལྡན་པ་ལས་སྔར་བཤད་པ་ཉིད་དོ། །བྱིས་པའི་སྟོབས་ནི་བཟོད་པ་མེད་པ་ཉིད་ཡིན་ནོ་

เล่ม ๑๔๙ · หน้า 34b

ཞེས་བསྟན་ལ་མཁས་པ་རྣམས་ཀྱི་སྟོབས་ནི་བཟོད་པ་ཡིན་ཏེ། འདི་ལྟ་བུར་གྱུར་པ་ལ་བཟོད་པ་ཉིད་སྟོབས་ཀྱི་མཆོག་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར། སྟོབས་ལྡན་ཞེས་བྱ་བ་སྨོས་ཏེ། འདི་ན་ཤས་ཆེ་བའི་སྟོབས་ཡོད་པ་དི་ནི་སྟོབས་དང་ལྡན་པའོ། །གང་ལ་ལ་ཞིག་ཚེ་འདི་ལ་ལུས་

ཀྱི་སྟོབས་དང་གཟུགས་བཟང་བ་ལ་སོགས་པས་ང་རྒྱལ་ཡོད་པ་དང་། བསྟན་བཅོས་ལ་སོགས་པ་ཡོངས་སུ་ཤེས་པའི་ཚུལ་གྱིས་ལྡན་པའོ། །སྟོབས་ཆུང་རྣམས་ཀྱི་བཟོད་བྱེད་པ། །ཞེས་བྱ་བ་ནི་སྟོབས་དམན་པ་དག་གིས་ཚིག་ངན་མང་དུ་སྨྲས་ཀྱང་བཟོད་པ་ཞེས་འདོད་དེ།

འདི་ལྟར་བདག་ལ་འཇིགས་པ་ཉམ་ང་བ་ལ་སོགས་པའི་འཇིགས་པ་ནི་གང་དུ་ཡང་མེད་དེ་ཚོགས་ཡོད་པའོ། །མ་ཧེའི་སྐྱེས་པའི་རབས་ལ་སོགས་པ་ཡང་འདིར་དཔེར་བརྗོད་པར་བྱའོ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཞེས་བྱ་བ་ནི་དེ་ཉིད་ནི་སངས་རྒྱས་ཀྱིས་བཟོད་པ་དམ་པ་ཞེས་

གསུངས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །ཞེས་བྱ་བ་ཡིན་ཏེ། གང་སྟོབས་དམན་པ་དེ་ནི་གནས་མེད་པའི་ཕྱིར་དུས་ཐམས་ཅད་དུ་ཐམས་ཅད་ཀྱི་བརྙས་པ་བཟོད་པ་ཡིན་ནོ། །སྟོབས་ལྡན་ཞེས་བརྗོད་པ་ལ། སྟོབས་དང་ལྡན་པ་ནི་རྣམ་པ་གསུམ་སྟེ།

དབང་ཕྱུག་དང་སྒྲུབ་པ་དང་ཚིག་གིས་སོ། །དེ་ལ་དབང་ཕྱུག་བསྟན་པའི་ཕྱིར། །དེ་ལས་གཞན་གྱི་དཔོན་གྱུར་ཀྱང་། །ཞེས་སྨོས་ཏེ། གཞན་གཡོག་དང་བྲན་ལ་སོགས་པའི་དཔོན་པོར་གྱུར་པ་སྟེ། མཐུ་ཡོད་པ་དང་དབང་ཕྱུག་དང་མངའ་བདག་ཏུ་གྱུར་པའོ། །དཔེར་ན་རྒྱལ་པོར་གྱུར་

ལ་ཟོང་གིས་ཉོས་པའི་བྲན་ཁྲོ་ཞིང་ངན་དུ་སྨྲ་ཡང་དང་དུ་ལེན་པའི་བཟོད་པ་ནི་རབ་ཏུ་བསྔགས་པ་ཡིན་ནོ། །སྒྲུབ་པའི་སྟོབས་དང་ལྡན་པའི་དབང་དུ་བྱས་ནས། གཞན་གྱིས་ཞེས་བྱ་བ་ནི་དགྲ་དག་གིས་གནོད་པ་བྱས་པའོ། །སྨད་བྱས་ཀྱང་ཞེས་བྱ་བ་ནི་རྟེན་མེད་པ་ལ་སྦྱོར་བ་སྟེ། གནས་

མེད་པ་དང་འདའ་བར་བྱེད་པ་དང་། ཟིལ་གྱིས་གནོན་པར་བྱེད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། གང་ཞིག་གིས་ཞེས་བྱ་བ་ནི་གང་ཉིད་དེའི་རིགས་རྒྱུད་ངན་པར་སྐྱེས་པ་སྟོན་པ་ཡིན་ནོ། །སྟོབས་ལྡན་ཞེས་བྱ་བ་ནི་དཔུང་གི་ཚོགས་བཞི་དང་ལྡན་པའོ། །བཟོད་པ་ནི་མི་འཁྲུགས་པའོ། །ཐམས་

เล่ม ๑๔๙ · หน้า 35a

ཅད་སྦྱིན་པའི་སྐྱེས་པའི་རབས་འདིར་དཔེར་བརྗོད་པར་བྱའོ། ཚིག་གི་སྟོབས་ཀྱི་དབང་དུ་བྱས་ནས། གཞན་གྱིས་ལྷག་པར་བརྒྱད་བཀག་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷག་པར་བརྒྱད་བཀག་ཅེས་བྱ་བ་ནི་ཤིན་ཏུ་བརྒལ་བ་དང་། ཚིག་ངན་པ་དང་།

གཤེ་བ་ལ་སོགས་པ་ནི་ལྷག་པར་བརྒྱད་བཀག་པ་སྟེ། དེས་སྦྱོར་བ་ནི་ལྷག་པར་བརྒྱད་བཀག་པའི་སྐྱེས་བུའོ། །གཞན་གྱིས་ཞེས་བྱ་བ་ནི་སྐྱེ་བོ་ངན་པ་གནོད་པར་བྱེད་བས་དེ་ལྟར་ཚིག་ངན་པས་གཤེ་བར་གྱུར་ན་སྟོབས་དང་ལྡན་པ་ནི་དེ་བས་སྟོང་འགྱུར་དུ་སྨྲ་བར་ནུས་ཀྱང་བཟོད་པ་ཡིན་ནོ།

གཉི་གའི་ཕོངས་པ་སེལ་བ་ནི་བཟོད་པ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ཞིག་ཕ་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱོབ་པ་ནི་འདོན་པར་བྱེད་པའོ། །གང་ཞིག་ཅེ་ན་བདག་དང་གཞན་གྱི་སེམས་ཅན་སྐྱོབ་པ་ཡིན་ནོ། །འཇིགས་པ་ཞེས་བྱ་བ་ནི་འདི་ལས་འཇིགས་པ་

ཡིན་པས་འཇིགས་པ་སྟེ། སྡིག་པའི་ཆོས་དང་མི་འདོད་པའི་རྣམ་པར་སྨིན་པ་དེ་ལས་སོ། །ཇི་ལྟ་བུ་ཞེ་ན། ཆེན་པོ་དག་ལས་ཞེས་བྱ་བ་སྟེ། ངན་སོང་ངམ་མནར་མེད་པ་དག་ལས་སོ། །ཁྲོས་པ་ཞེས་བྱ་བ་ནི་ཤིན་ཏུ་འཁྲུགས་པའོ། །རིག་ནས་ཞེས་བྱ་བ་ནི་ཁྲོས་པ་འདི་ལ་ངེས་པར་བྱས་

ནས་བདག་ཉིད་དེ་རང་ཁོ་ན་གཞན་གྱིས་བསྟན་པ་ལ་སོགས་པ་མེད་པར་རོ། །དེ་ལ་ཞེས་བྱ་བ་ནི་དེའི་ཚེའོ། །ཉེ་བར་ཞི་བྱེད་པ་ཞེས་བྱ་བ་ནི་ཉེ་པར་ཞི་བ་ལ་དམིགས་ཤིང་བཟོད་པས་ཞེས་བྱ་བའི་དོན་ཏོ། ལེགས་པར་སྤྱོད་པ་ཉེ་བར་བསྩགས་པས་ནི་གཉི་ག་ལས་ཕན་འདོགས་པ་ཡིན་ནོ་

ཞེས་བསྟན་པའི་ཕྱིར། གཉི་གའི་དོན་ནི་སྤྱོད་པ་ཡིན། །ཞེས་བྱ་བ་སྨོས་སོ། །གང་ཟག་བཟོད་པ་བྱེད་པ་ནི་གཉི་གའི་དོན་བྱེད་པ་ཡིན་ནོ། །གཉི་གའི་དོན་ཡང་གང་ཞེ་ན། བདག་དང་གཞན་དག་གི་ཞེས་བྱ་བས་བསྟན་ཏེ། བདག་གི་དོན་བྱེད་པ་ནི་བཟོད་པ་སྨྲ་བའི་སྐྱེས་པའི་རབས་

ཀྱིས་བརྗོད་པར་བྱའོ། གཞན་གྱི་དོན་བྱེད་པ་ནི་བྱམས་པའི་སྟོབས་སྐྱེད་པའི་སྐྱེས་པའི་རབས་ལ་སོགས་པ་བརྗོད་པར་བྱའོ། །གང་དེ་ལྟར་བཟོད་པ་བྱེད་པ་དེ་ལ་སྐྱེ་བོ་བླུན་པོ་དེ་དག་ཁྲོས་པའི་མིག་གིས་ལྟ་བར་བྱེད་པ་དང་། ཚིག་ངན་པ་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། །

เล่ม ๑๔๙ · หน้า 35b

བདག་ཉིད་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱོད་དེ་ལ་ཞེས་བྱ་བ་ནི་བྱེད་པ་དེ་ལའོ། །གང་ཕ་རོལ་བཟོད་པ་བྱེད་པ་ལ་བྱིས་པ་ཡིན་ནོ་ཞེས་བརྙས་པ་ལ་བཟོད་པ་ཉིད་དོ། སེམས་ཀྱང་སླ་ཞེས་བྱ་བ་ནི་ཤེས་ཀྱང་སླ་བ་སྟེ། །དེ་ལྟར་བརྙས་པར་བྱེད་པ་དང་། ཚིག་ངན་སྨྲ་བར་བྱེད་

པས་སོ། །སྐྱེ་བོ་དེ་ལྟར་སེམས་པར་བྱེད་པ་གང་ཞེ་ན། ཆོས་ལ་མི་མཁས་རྣམས་ཞེས་བྱ་བ་སྨོས་ཏེ། ཡོན་ཏན་དང་སྐྱོན་མངོན་པར་བརྟག་པ་མི་ཤེས་པ་ཞེས་བྱ་བའི་དོན་ཏོ། གང་དག་ཆོས་ལ་མཁས་པ་དེ་དག་ནི་མཁས་པས་ཤེས་པར་འགྱུར་རོ་ཞེས་འདི་ཉིད་ཀྱིས་

བསྟན་པའི་ཕྱིར། །གཙོ་བོའི་ཚིག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །གཙོ་བོ་ཞེས་བྱ་བ་ནི་སྟོབས་དང་ལྡན་ཞིང་མཐུ་ཆེ་བ་པ་སྟེ། རིགས་དང་གཟུགས་ལ་སོགས་པ་ཁྱད་པར་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཚིག་ཅེས་བྱ་བ་ནི་ཚིག་རྩུབ་པོའི་བདག་ཉིད་དམ་ཕྲ་མོ་ལ་སོགས་པའི་རང་བཞིན་ཡང་

རུང་ངོ་། འཇིགས་ཕྱིར་བཟོད་ཅེས་བྱ་བ་ནི་གལ་ཏེ་བདག་གིས་འདི་མ་བཟོད་ན་ནི་བདག་ལ་དེས་དབང་བྱེད་པ་ཡིན་པའི་ཕྱིར་གནོད་པ་ཆེན་པོ་བྱེད་པར་འགྱུར་རོ་ཞེས་སོ། །འཐབ་ཟླའི་ཚིག་ནི་འཐབ་གཅུགས་རྒྱུ་བཟོད་པས། །ཞེས་བྱ་བ་ནི་ཀུན་ནས་འཁྲུག་པའི་བདག་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར།

འཐབ་ཟླ་ནི་སྟོབས་མཉམ་པ་སྟེ། དེའི་ཚིག་བཟོད་པའོ། །གལ་ཏེ་འདིའི་རྩུབ་པ་ལ་སོགས་པའི་ཚིག་བདག་གིས་མ་བཟོད་ན་ནི་དེས་ན་བདག་གི་ཚིག་ཀྱང་འདིས་བཟོད་པར་མི་འགྱུར་ཏེ། དེ་ལྟར་ཡུན་རིང་པོར་རབ་ཏུ་འཁྲུག་པ་ཆེན་པོར་འགྱུར་བ་ཡིན་ནོ་ཞེས་ཏེ། དེས་འཇིགས་པའི་

ལས་བཟོད་པར་བྱེད་དོ། །དམན་པའི་ཚིག་ལ་ཞེས་བྱ་བ་ནི་གང་ཡང་ངན་ངོན་ནམ་ཤིན་ཏུ་དམན་པའི་སེམས་ཅན་གྱི་ཚིག་རྩུབ་པ་བཟོད་པ་ནི་བཟོད་པ་མཆོག་ཅེས་བྱ་བ་ཡིན་ཏེ། བཟོད་པ་མཆོག་དེ་ལ་བརྟེན་ནས་དེ་དམ་པར་གྱུར་པ་ཡིན་ཏེ། སེམས་ཅན་གྱི་སྙིང་པོར་གྱུར་པ་ཞེས་བྱ་བའི་དོན་

ཏོ། །དེའི་ཕྱིར་སངས་རྒྱས་དང་དེའི་ཉན་ཐོས་ནི་རིགས་དང་། རུས་དང་བཟོ་ལ་སོགས་པས་ནི་མཆོག་ཡིན་ནོ་ཞེས་མི་སྟོན་གྱི། བཟོད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཞེས་སྟོན་ཏོ། །བཟོད་པ་ཡང་ཡིན་ལ་མཆོག་ཀྱང་ཡིན་པ་སྟེ། ཁྱད་པར་དང་ཁྱད་པར་ཅན་གྱི་ཚུལ་གྱིས་

เล่ม ๑๔๙ · หน้า 36a

ཕལ་ཆེར་ཞེས་བྱ་བའི་ཚིག་གིས་སོ། །འོ་ན་གང་གཞན་ལ་བསྡིགས་པར་བྱེད་པ་དེ་ཉིད་ཀྱིས་བདག་རྒྱལ་པོ་ཡིན་ནོ་ཞེས་སེམས་ཏེ་བསྡིགས་པར་མི་བྱ་བ་མ་ཡིན་ནོ་ཞེ་ན། བསྟན་པའི་ཕྱིར་སྨྲས་པ། བྱིས་པ་ཁྲོས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་གླེང་

གཞི་གཞན་དུ་བརྗོད་དེ། རྒྱལ་བྱེད་ཀྱི་ཚལ་ན་ཨ་སི་ལིབ་བ་ཀ་ཞེས་བྱ་བའི་བྲམ་ཟེའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཁྱོད་ནི་རྒྱལ་པོ་རྒྱལ་པོ་ཞེས་གསོལ་པ་དང་། དེས་ནི་འདི་གསུངས་སོ། །བྱིས་པ་རྒྱལ་བར་འགྱུར་སྙམ་སེམས། །ཞེས་བྱ་བ་ནི་བྱིས་པ་ཉིད་ཕམ་པའི་གནས་

ལ་ཡང་རྒྱལ་བ་ཡིན་ནོ་ཞེས་རྟོགས་པ་སྟེ་ཅི་ཞིག་བྱས་ནས་ཤེ་ན། ཁྲོས་ནས་ཚིག་རྩུབ་དག་སྨྲས་ན། །ཞེས་བྱ་བ་སྨོས་ཏེ། ཞེ་སྡང་གི་དབང་གིས་བརྩམ་པ་མེད་པའི་ཚིག་སྨྲས་པས། འཇིག་རྟེན་གྱི་ཀུན་རྫོབ་ཉིད་དུའོ། །དོན་དམ་པར་དེ་ནི་རྟག་ཏུ་རྒྱལ་བར་བྱེད་པ་ཡིན་ཞེས་བྱ་བ་སྟེ།

གང་གཞན་གྱིས་བརྗོད་པར་བྱ་བ་མ་ཡིན་པ་ཐོས་པར་གྱུར་ན་བཟོད་པར་བྱེད་པ་དེ་ཉིད་ནི་རྟག་ཏུ་རྒྱལ་བ་སྟེ། རྒྱུན་དུ་མཐོ་བ་ཞེས་བྱ་བའི་དོན་ཏོ། །དམ་པ་རྣམས་ཀྱིས་བསྔགས་པའི་ཕྱིར་དང་། བསོད་ནམས་ཀྱི་ཚོགས་བསགས་ཤིང་དེའི་འབྲས་བུ་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ། །ཁྲོ་

བ་ལ་སོགས་པའི་སྐྱོན་སྤངས་པ་དེ་ཉིད་ཀྱི་ཕན་ཡོན་བསྟན་པའི་ཕྱིར། བདེན་པར་སྨྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་རྒན་པོ་རབ་ཏུ་བྱུང་བ་ཞིག་སེར་སྣ་ཆེ་ཞིང་གཡོན་ཅན་ཞིག་ཡོད་དེ། དབྱར་གོས་འཚེད་པའི་དུས་སུ་བཙོ་བླག་གི་ལས་ལ་ཉེ་བར་གནས་པར་

གྱུར་པ་ལས་གལ་ཏེ་འདི་ཉིད་དུ་འདི་བྱས་ན་ནི་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་མཐོང་ནས་སློང་བར་འགྱུར་རོ་ཞེས་དེས་བསམས་ཏེ། དེ་ནས་དེའི་དགོན་པའི་གནས་སུ་སོང་ནས་དེ་བྱ་བར་བརྩམས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེའི་སེར་སྣ་བརྟག་པའི་

ཕྱིར་རྫུ་འཕྲུལ་གྱིས་ནམ་མཁའ་ལས་འོངས་ཏེ་བསླངས་སོ། །དེས་སྨྲས་པ། ལྷུང་བཟེད་ཆུང་ངུ་གང་ཁྱོད་ལ་སྦྱིན་ནོ་ཞེས་བྱས་པ་དང་། ཇི་ཙམ་ན་ཚོན་ཐམས་ཅད་ལྷུང་བཟེད་ཆུང་ངུར་བཅུག་ཀྱང་མ་གང་ངོ་། །དེ་ནས་ལྷུང་བཟེད་བཀང་བར་ཁས་བླངས་པ་ཡིན་པས་བྱིན་ཅིག་ཅེས་

เล่ม ๑๔๙ · หน้า 36b

སྨྲས་པ་དང་། རྒན་པོ་ཁྲོས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །གཞན་དག་ནི་མཽད་གལ་གྱི་བུ་ཆེན་པོས་ཞུས་པ་ལས་དེའི་དབང་དུ་མཛད་དོ་ཞེས་ཟེར་རོ། །བདེན་པར་སྨྲ་བྱ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་བརྗོད་

པར་བྱ་བ་སྟེ། འདིས་ནི་གཞན་སླུ་བ་ལ་སོགས་པ་ལས་ལྡོག་པར་བསྟན་ཏོ། ཡང་ན་དེ་ལས་གཟུད་པ་དེ་ཚིག་བཙུན་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཁྲོ་མི་བྱ་ཞེས་བྱ་བ་ནི་ཞེ་སྡང་བ་སྟེ། ཞེ་སྡང་གི་ཀུན་ནས་དཀྲིས་པ་ལས་གནས་པར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །ཁྲོ་

བ་མེད་པའི་གཡོག་འཁོར་རྒྱུ་ཡིན་པའི་ཕྱིར་རོ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །ཞེས་བྱ་བ་ནི་ཕོངས་པ་དག་ལ་ཅི་ནུས་པར་ཟས་ལ་སོགས་པ་ཆུང་བར་གྱུར་ཀྱང་སྦྱིན་པར་བྱའོ། ཁ་ཟས་ལ་སོགས་པ་ནི་གཞན་གྱིས་མ་བསླངས་པར་གྱུར་ཀྱང་དེའི་བསམ་པ་ཤེས་པར་བྱས་ནས་སྦྱིན་

པར་བྱ་སྟེ། ལོངས་སྤྱོད་ཆེན་པོའི་རྒྱུར་གྱུར་པའི་ཕྱིར་རོ། །རྣམ་པ་འདི་གསུམ་གནས་ཀྱིས་ནི། །ཞེས་བྱ་བ་ནི་བསྟན་མ་ཐག་པའི་བདེན་པའི་ཚིག་ལ་སོགས་པའི་ཁྱད་པར་གྱིས་གནས་སམ་དངོས་པོ་དང་ལྡན་པའི་གང་ཟག་གིས་སོ། །གསུམ་པོ་ཉིད་ཀྱིས་ནི་མེ་ལ་སོགས་པ་འཇུག་པས་མ་

ཡིན་ནོ་ཞེས་ངེས་པར་གཟུང་བ་ཡིན་ནོ། །འདིས་ནི་ཕྱིན་ཅི་མ་ལོག་པའི་རྒྱུ་དང་དེས་ཀུན་ནས་ཉོན་མོངས་པ་མ་ཡིན་པའི་རྒྱུ་བསྟན་ཏོ། །ཚིག་རྐང་གསུམ་པོ་འདིས་ནི་ཚུལ་ཁྲིམས་དང་བསྒོམས་པ་དང་། སྦྱིན་པ་ལས་བྱུང་པའི་བསོད་ནམས་བྱ་བའི་དངོས་པོ་བསྟན་ཏེ། འདི་ལྟར་ཚུལ་

ཁྲིམས་ནི་བདེན་པ་གཙོ་ཞིང་ཞེ་སྡང་མེད་པ་ནི་གཙོ་བོ་མ་ཡིན་ནོ། །བསྒོམ་པ་ནི་དེ་ཙམ་གཟུང་བ་བྱས་པའོ། །ལྷ་རྣམས་ཀྱི་ནི་དྲུང་དུ་འགྲོ། །ཞེས་བྱ་བའི་རྒྱལ་པོ་ཆེན་པོ་བཞིའི་རིས་ལ་སོགས་པའི་ལྷ་རྣམས་ཀྱི་དྲུང་དུ་འགྲོ་བའོ། །གནས་སུ་འགྲོ་བ་ཞེས་གཞན་དག་ཏུ་བརྗོད་དེ། ཚོགས་

དང་ཚོགས་ཀྱི་ནང་དུ་འགྲོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་ལྷ་ཡང་རྣམ་པ་གཉིས་ཀྱི་དང་པོ་ནི་མཉམ་པར་མ་བཞག་པའི་ས་པ་སྟེ། དེ་ཡང་རྣམ་པ་གཉིས་ཏེ། ས་ལ་གནས་པ་དང་། གཞལ་མེད་ཁང་ལ་གནས་པའང་། དེ་ལ་སྦྱིན་པས་ནི་ས་ལ་གནས་པའི་ལྷ་རྣམས་སུ་ཉེ་བར་འགྲོ་བ་ཡིན་ནོ། །བདེན་པས་ན་

เล่ม ๑๔๙ · หน้า 37a

གཞལ་མེད་ཁང་ན་གནས་པའི་ལྷ་རྣམས་སུ་ཉེ་བར་འགྲོ་བའོ། །བསྒོམ་པས་མཉམ་པར་བཞག་པའི་ལྷ་རྣམས་སུ་ཉེ་བར་འགྲོ་བ་ཉིད་དོ། །དེ་ལ་འདིར་མདོར་བསྡུ་ན་རྣམ་པ་བཞི་ཡོངས་སུ་དག་པར་བརྗོད་པ་ཡིན་ཏེ། ངག་དང་ཡིད་དང་ལུས་ཀྱི་ལས་དང་། དེའི་འབྲས་བུ་ཡོངས་སུ་

དག་པ་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །གནས་ལ་གཟུད་པའི་ཕྱིར། ཁྲོ་བའི་ཟིལ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྲོ་བ་མེད་པའི་ཚིག་སྨྲོས་ཤིག །ཅེས་བྱ་བ་ནི་བདེན་པའི་ཚིག་དང་། ཉོན་མོངས་པ་མེད་པའི་ཚིག་གོ། །འཁོར་གྱི་ནང་དུ་བག་རྐྱོང་ལ། །ཞེས་བྱ་བ་ནི་ཚོགས་

པའི་ནང་དུ་འཇིགས་པ་དང་བྲལ་བར་གྱིས་ཤིག་པ་སྟེ། རྒྱ་ཆེ་བ་མཆོག་ཏུ་བྱེད་པའི་ཕྱིར་རོ། །ཁྲོ་བ་མེད་པས་ཚིག་སྨྲ་བར་བྱའོ་ཞེས་པ་ཅིའི་ཕྱིར་ཞེ་ན། འདི་ལྟར། ཁྲོ་བས་ཟིལ་གྱིས་ནོན་པའི་མི། །ཞེས་བྱ་བ་སྨོས་ཏེ། ཞེ་སྡང་གི་ཀུན་ནས་དཀྲིས་པས་ཡོངས་སུ་བཟུང་བའི་

མིས། བདག་གི་དོན་ཡང་མི་རྟོགས་པས། །ཞེས་བྱ་བ་བདག་ཉིད་ལ་ཕན་འདོགས་པ་ཡང་མི་ཤེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཚོགས་པའི་ནང་དུ་དོན་དམ་པར་མ་ཚང་བ་མེད་པ་བསྟན་པ་དང་། ཕྱིན་ཅི་མ་ལོག་པར་སྟོན་པ་དང་སྦྱིན་པ་ལ་སོགས་པའམ། གཞན་ལ་ཕན་

འདོགས་པ་སྦྱིན་པའོ། །གང་བདག་ཉིད་ལ་ཕན་པ་བྱེད་ཅིང་ཁྲོ་བ་ལ་གཞོལ་བ་དེ་ཉིད་གནོད་པ་དང་བཅས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། གང་ཞིག་ཁྲོས་ལ་སླར་ཁྲོ་བ། །དེ་ནི་སྡིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་གང་

ཞིག་ཞེ་སྡང་གིས་ཀུན་ནས་དཀྲིས་པའི་སེམས་ཅན་ལ་ཕྱིར་ཞེ་སྡང་བར་བྱེད་ན་ནི། དེ་ཕྱིར་གནོད་པར་བྱེད་པའི་ཕྱིར་དེ་ལ་སླར་ཁྲོ་བའི་སྡིག་པ་དེས་ཕུང་ཁྲོལ་སྐྱེད་པར་འགྱུར་ཏེ། ཉེས་པར་སྤྱོད་པར་བསྩགས་པའི་ཕྱིར་རོ། །དེ་བཞིན་དུ་འདིས་ངེས་པ་མེད་པ་ནི་མ་ཡིན་པའི་ཕྱིར་ཏེ།

དེ་སླར་ཡང་གནོད་པ་བྱེད་པ་ཡིན་ནོ། །ཁྲོས་ལ་སླར་ནི་མི་ཁྲོ་དང་། །ཞེས་བྱ་བ་ནི་གང་ཡང་བདག་དང་གཞན་ལ་གདུང་བར་བྱེད་པའི་ཁྲོ་བ་མཐོང་ན། འདི་ལ་བཟོད་པར་གནས་ཤིང་མི་ཁྲོ་བར་གྱུར་ན་ནི་དེ་ཡང་ཁྲོ་བ་མེད་པར་འགྱུར་རོ། །གཡུལ་ལས་རྒྱལ་ཞེས་བྱ་བ་ནི་ཀུན་དུ་འཁྲུག་

เล่ม ๑๔๙ · หน้า 37b

ཅིང་རྩོད་པ་སེལ་བར་བྱེད་པའམ། ཉེས་པར་སྤྱོད་པའི་ཀུན་ནས་འཁྲུག་པ་རིང་དུ་བྱེད་པའོ། །གཡུལ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཐུབ་པར་དཀའ་བ་ཞེས་བྱ་བ་ཡིན་ཏེ། ཟིལ་གྱིས་མནན་པར་དཀའ་བ་དང་། བཟོད་པར་དཀའ་བ་སྟེ། ཤིན་ཏུ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྱང་

ཆུབ་སེམས་དཔའ་བྱམས་པ་ལ་བརྟེན་ནས་བདུད་ཀྱི་སྟོབས་ཟིལ་གྱིས་མནན་པ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཁྲོ་བ་ལ་སོགས་པ་སྤང་བའི་ཐབས་བསྟན་པའི་ཕྱིར། ཁྲོ་བ་མེད་པས་ཁྲོ་བ་ཐུབ། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཨ་སུ་ར་ཡ་ན་ཞེས་བྱ་བའི་བྲམ་ཟེས་བཅོམ་

ལྡན་འདས་ལ་ཚོགས་པར་མི་དབྱུང་བའི་ཚིག་གིས་གཤེ་སྟེ། དེས་ན་འདི་གསུངས་སོ། །གཞན་དག་ནི་ཨུ་ད་ར་ཞེས་བྱ་བའི་དགེ་བསྙེན་མའི་ཁྱིམ་དུ་བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པ་བཤོས་གསོལ་བ་བྱས་ནས་དགེ་བསྙེན་མ་ཨུ་ད་ར་ལས་བརྩམས་ཏེ་འདི་གསུངས་སོ་

ཞེས་ཟེར་རོ། །ཁྲོ་བ་མེད་པས་ཁྲོ་བ་ཐུབ། །ཅེས་བྱ་བ་ནི་ཁོང་ཁྲོ་བ་སྐྱེས་པ་བསྩལ་བ་དང་། །མ་སྐྱེས་པ་མི་སྐྱེད་པར་བྱེད་པ་སྟེ། དེས་ཟིལ་གྱིས་གནོན་པ་ཞེས་བྱ་བའི་དོན་ཏོ། །ལེགས་པས་ལེགས་པ་མ་ཡིན་ཐུབ། །ཅེས་བྱ་བ་ནི་གཞན་ལ་རྣམ་པར་འཚེ་བར་བྱེད་པའི་གླེན་པ་ནི། འདིར་

ལེགས་པ་མ་ཡིན་པ་སྟེ། དེ་ལེགས་པ་དང་ཕན་འདོགས་པའི་བྱ་བ་དང་། ཡེ་ཤེས་ཀྱིས་ཟིལ་གྱིས་གནོན་པ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ཡིས་ནི་འཇུངས་པ་ཐུབ། །ཅེས་བྱ་བ་ནི་སེར་སྣ་ཅན་དང་ཤིན་ཏུ་འཇུངས་པ་ལས་ནི་ནོར་གྱི་ཕུང་པོ་བཏང་བས་བསྩལ་པར་བྱའོ། །བདེན་པས་

བདེན་པ་མ་ཡིན་ཐུབ། །ཅེས་བྱ་བ་ནི་བདེན་པ་དང་དྲང་བ་མེད་པ་འདི་ལ་ཡོད་པ་དེ་ནི་བརྫུན་ཏེ། བདེན་པ་མ་ཡིན་པ་སྨྲ་བ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཕྱིན་ཅི་མ་ལོག་པའི་ཚིག་གིས་ཐུབ་པར་བྱའོ། །བྲམ་ཟེ་དེ་ནི་ཁྲོ་བ་ལ་སོགས་པས་སྐྱོན་ཤིན་ཏུ་ཆེ་བ་ཡོད་པས་ཇི་ལྟར་སྐྱོན་དང་བཅས་པ་

ནི་སྐྱོན་མེད་པའི་ཚིག་ལ་སོགས་པ་ཐུབ་པར་ནི་མི་རིགས་ཏེ། ཇི་སྐད་དུ། གལ་ཏེ་གཞན་གྱི་ཡོན་ཏན་མི་བཟོད་རང་གི་ཡོན་ཏན་སོགས་ལ་འབད། །གཞན་གྱི་གྲགས་པ་སྨད་པ་ཙམ་གྱིས་དེ་དག་གཞོམ་པར་ཡོང་མི་ནུས། །གལ་ཏེ་ཞེ་སྡང་ལ་འཇུག་ཡིད་ལ་འདོད་ཅིང་སྤོང་བར་

เล่ม ๑๔๙ · หน้า 38a

མི་བྱེད་ན། །ཉི་མའི་འོད་ཟེར་ལག་པའི་གདུགས་ཀྱིས་སྐྱོབ་པར་མི་ནུས་ངལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཁྲོ་བ་སྤངས་པའི་ཕན་ཡོན་བསྟན་པའི་ཕྱིར། དུལ་ཞིང་རིགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ལ་བེང་

གི་ཀ་ཞེས་བྱ་བའི་བྲམ་ཟེའི་ཁྱེའུས་ཚོགས་པར་མི་དབྱུང་བའི་ཚིག་སྨྲ་ཞིང་གཤེས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་སྐྱེས་པའི་རྒྱུ་སྐར་ཉེ་བར་གནས་པར་གྱུར་པ་དེའི་ཚེ་ན་ཁྱོད་ཀྱི་ཉེ་དུ་དག་ལ་སྐྱེས་ཀྱི་བཟའ་བཅའ་སྐུར་ཅིག་ཅེས་བཀའ་སྩལ་པ་དང་། ཀྱེ་གཽ་ཏ་མ་བསྐུར་བར་བྱའོ་ཞེས་

ཟེར་རོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་ཉེ་དུ་དག་གལ་ཏེ་དེ་མི་ལེན་ན་དེ་ལྟ་ན་སུ་ཡིར་འགྱུར། བདག་ཉིད་ཀྱིའོ། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྡིག་པ་ཅན་གྱི་ཚིག་ཚོགས་པར་མི་དབྱུང་བ་སྨྲས་ན་ཡང་། དེ་དེ་བཞིན་གཤེགས་

པ་ལེན་པར་མི་མཛད་དོ། །དགེ་སྦྱོང་གཽ་ཏ་མ་བདག་གིས་ནི་ཇི་ཙམ་ན་བྲམ་ཟེ་རྒན་པོ་དག་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱེད་ཀྱི་དྲུང་དུ་སོང་སྟེ། སྔོན་དུ་སྡིག་པ་ཅན་ཚོགས་པར་མི་དབྱུང་བའི་ཚིག་གིས་གཤེས་པར་གྱུར་ཀྱང་ཁྲོ་

བར་མི་འགྱུར་རོ་ཞེས་ཐོས་ན། འདི་ནི་གཽ་ཏ་མ་ཁྱོད་འཁྲུགས་པར་གྱུར་ཏོ་ཞེས་གསོལ་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ཁྲོ་བ་མེད་པ་ག་ལ་ཁྲོ། །ཞེས་བྱ་བ་ནི་ཁོང་ཁྲོ་བ་བག་ཆགས་དང་བཅས་པ་སྤངས་པ་ཡིན་ན་ཁྲོ་བའི་ཀུན་ནས་

དཀྲིས་པ་ལྟ་ག་ལ་འབྱུང་ཞེས་སྟོན་པ་ཡིན་ནོ། །ཁྲོ་བ་དང་ལྡན་པ་ནི་ཁྲོ་བའོ། །ཁྲོ་བ་ཡོད་པ་མ་ཡིན་པ་ནི་ཁྲོ་བ་མེད་ཅིང་ཁྲོ་བ་སྤངས་པ་སྟེ། ཁྲོ་བ་ལ་སོགས་པ་སོ་སོར་མ་བརྟགས་པའི་འགོག་པ་ཐོབ་པའི་ཕྱིར་རོ། །སྦྲུལ་ནག་པོ་ཡོད་པའམ་འོང་བ་མེད་ན། དེས་ཟིན་པ་ལྟ་ག་ལ་

ཡོད། དེ་ལྟར་ཁྲོ་བ་མེད་ན་ཇི་ལྟར་དེ་མངོན་སུམ་དུ་འབྱུང་བར་འགྱུར། རིམ་པ་གང་གིས་ཁྲོ་བ་སྤངས་པར་བཤད་པ་རིག་པར་འགྱུར་བའི་ཕྱིར། དུལ་ཞིང་ཞེས་བྱ་བ་སྨོས་ཏེ། དབང་པོ་དྲུག་དུལ་བ་སྟེ། གང་གི་ཕྱིར་དབང་པོ་དུལ་ན་ནི་བཟོད་པ་སྟེན་པའི་ཕྱིར་ཁྲོ་བ་འགག་པ་

เล่ม ๑๔๙ · หน้า 38b

ཡིན་ཏེ། འདིས་ནི་དབང་པོ་སྡོམ་པ་བསྟན་ཏོ། །དེ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྟན་པའི་ཕྱིར་རིགས་པས་འཚོ་བ་དང་ཞེས་བྱ་བ་སྨོས་ཏེ། སྙོམས་པས་འཚོ་བ་ནི་རིགས་པས་འཚོ་བ་སྟེ། དེ་ནི་ཡང་དག་པའི་འཚོ་བ་དང་ལྡན་པ་ཡིན་པས་འདིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་དག་པར་སྟོན་པར་བྱེད་དེ།

ལོག་པའི་འཚོ་བས་ནི་དེ་ཡོངས་སུ་དག་པ་མེད་པའི་ཕྱིར་རོ། །དེ་གཉི་གའི་འབྲས་བུ་བསྟན་པའི་ཕྱིར། ཡང་དག་ཤེས་པས་རྣམ་གྲོལ་བ། །ཞེས་བྱ་བ་སྟེ། འདིས་ནི་ཁྲོ་བ་གཏན་དུ་སྤངས་པར་སྟོན་ཏེ། ཤིན་ཏུ་མཐར་ཐུག་པར་འཇུག་པ་ཟག་པ་མེད་པའི་ཤེས་པས་ཉོན་མོངས་པ་ཐོབ་པ་

དང་། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པས་ནི་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ལ་གནས་པར་མཛད་པས་ཡང་དག་པའི་ཤེས་བས་ནི་ཀུན་དུ་ཤེས་ཤིང་འཕགས་པའི་ལམ་གྱིས་སྤངས་པའི་ཕྱིར་ཁྲོ་བ་མེད་དེ། དེས་ན་དེ་ཉིད་ཀྱིས་ན་ཞེ་སྡང་ཀུན་དུ་འབྱུང་བ་

མེད་དོ། །འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ནས་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། མཁས་པ་རྣམས་ལ་ཞེས་བྱ་བ་སྨོས་ཏེ། དེ་བཞིན་ཉིད་ཀྱི་དོན་མཐའ་དག་ཤེས་པའི་ཕྱིར་མཁས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུད་ལ་གནས་པ་ལ་ནི་ཁྲོ་བ་ལ་སོགས་པའི་ཉོན་མོངས་

པའི་བག་ཆགས་ཀྱི་གོ་སྐབས་བདག་ཉིད་ཀྱིས་སེལ་བ་ཡིན་པའི་ཕྱིར་འདི་བསྟན་པ་ཡིན་ནོ། །ཡང་ན་མཁས་པ་ནི་འཕགས་པའི་བདེན་པ་བཞི་ལ་སྟེ་མཐོང་བ་དང་བསྒོམ་པས་སློབ་པའི་ལམ་ལ་ནི་འདི་ལྟ་བུར་མཁས་པ་ཡིན་པའི་ཕྱིར་ཕྲ་རྒྱས་འབྱུང་བ་མི་སྲིད་དོ། །ཅིའི་ཕྱིར་དེ་ལྟར་

སྨ་བ་ལ་སོགས་པའི་ཁྱད་བར་དང་ལྡན་པ་ལ་ཁྲོ་བ་འདི་ལྟ་བུ་མེད་ཅེ་ན་བཤད་པ། དགེ་བའི་ཕྱིར་ཏེ། སྐྱེ་བོ་དགེ་བ་ལ་ནི་ཁྲོ་བ་གནས་པ་མ་ཡིན་ནོ། །དཔེར་ན་དཔག་བསམ་གྱི་ཤིང་ལ་ནི་བྱ་རྒོད་ལ་སོགས་བ་དུར་ཁྲོད་ཀྱི་བྱ་རྣམས་བརྟེན་པ་མ་ཡིན་གྱི། ཤང་ཤང་དེའུ་ལ་སོགས་

པ་མངོན་པར་འདོད་པའི་བྱ་རྣམས་ནི་ཡང་དག་པར་བརྟེན་པ་ཡིན་ཏེ། འདི་ཉིད་གསལ་བར་བསྟན་པའི་ཕྱིར། ཁྲོ་བ་མེད་དང་འཚེ་མེད་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྲོ་བ་མེད་དང་འཚེ་མེད་ཅེས་བྱ་བ་ལས། ཞེ་སྡང་མེད་པའི་དགེ་བའི་རྩ་བ་དང་། སྙིང་རྗེ་སྟེ་འདི་གཉིས་ལའོ། །འཕགས་

เล่ม ๑๔๙ · หน้า 39a

པའི་སྐྱེ་པོས་རྟག་བསྟེན་ཀྱང་། །ཞེས་བྱ་བ་ནི་སྐྱེ་བོ་དམ་པ་རྒྱུན་དུ་གནས་པ་སྟེ། འཕགས་པ་ཉིད་ནི་དེས་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རོ། །དེ་མེད་ན་ནི་དམ་པ་ཉིད་དུ་གསལ་བ་མེད་དོ། །བདག་དང་གཞན་གྱི་དོན་སྒྲུབ་པ་ནི་དམ་པ་རྣམས་ཡིན་ལ། བདག་དང་

གཞན་གྱི་དོན་སྒྲུབ་པའི་རྒྱུ་ཡང་བཟོད་པ་དང་སྙིང་རྗེ་ལ་སོགས་པའོ། །གང་གི་ཕྱིར་བཟོད་པ་ནི་བདག་ཉིད་ལ་གནོད་པར་མི་བྱེད་པ་ཡིན་ལ། སྙིང་རྗེས་ནི་གཞན་ལ་གནོད་པར་བྱེད་པ་མ་ཡིན་ནོ། །འདིས་ནི་སྒོ་རྣམ་པ་གཉིས་ནས་ཡོན་ཏན་བསྟན་པ་ཡིན་ཏེ། བཟོད་པས་ནི་གཞན་གྱིས་

གནོད་པ་བྱས་པ་བཟོད་པ་ཡིན་ལ། འཚེ་བ་མེད་པས་ནི་གཞན་ལ་གནོད་པ་མི་བྱེད་པའོ། །ཁྲོ་བ་མེད་པ་ལ་སོགས་པ་ཚིག་རྐང་གཉིས་ཀྱིས་བསྟན་ཏོ་ཞེས་གཞན་དག་ཟེར་རོ། །དེ་ལྟ་བས་ན་སྐྱེ་བོ་སྡིག་པ་ཅན་ཇི་ལྟར་སྐུར་བར་བྱེད་ཅེ་ན། སྐྱེ་བོ་སྡིག་ཅན་ཁྲོ་བ་དག །ཅེས་སྨོས་ཏེ། སྡིག་

པ་བྱེད་པ་ལ་མཁས་པའི་སེམས་ཅན་ཏེ། སྐྱེ་བོ་ངན་པ་ཞེས་བྱ་བའི་དོན་ཏོ། །ཁྲོ་བ་དག་ཅེས་བརྗོད་པས་ནི་རྣམ་པར་འཚེ་བ་ཡང་སྒྲུབ་པ་ཡིན་ཏེ། གང་ཞིག་བདག་ཉིད་ལ་ཡང་གནོད་པ་བྱེད་པ་ཡིན་ན། གཞན་ལ་ལྟ་སྨོས་ཀྱང་བྱེད་ཅེས་བྱ་བའི་དོན་ཏོ། །རྣམ་པར་འཚེ་བ་ཡང་སྐྱེ་བོ་ངན་པའི་

རྒྱུད་ཉིད་ལ་གནས་པ་ཡིན་ནོ། །གང་ཇི་ལྟ་བུ་ཞེ་ན། རི་བོ་བཞིན་དུ་ཞེས་བྱ་བ་སྨོས་ཏེ། དཔེར་ན་བྲག་ཆེན་པོའམ་རི་ནི་ས་ལ་གནས་པར་བྱེད་པ་དེ་བཞིན་དུའོ། །གང་ཁྲོ་བ་སྤངས་པ་དེ་ལས་མི་སྐྱེ་བ་དེ་ནི་ངོ་མཚར་མེད་ཀྱི། ཁྲོ་བ་མ་སྤངས་པ་དེ་ལ་ནི་རྨད་དུ་བྱུང་བ་ཡིན་ཏེ། གང་ཞིག་ཅེས་བྱ་བ་

ལ་སོགས་པ་སྨོས་སོ། །ཨ་གྲ་ཊ་བ་ཀ་ཞེས་བྱ་བའི་ཡུལ་ན་དགེ་སློང་ཞིག་ཁྲོ་བ་བྱུང་ཡང་ཚིག་རྩུབ་པོ་མི་བརྗོད་པ་དེ་ལས་བརྩམས་སོ་ཞེས་གཞན་དག་ཟེར་རོ། །གང་ཞིག་འཇིག་རྟེན་འདི་ནའོ། །བྱུང་བ་ནི་སྐྱེས་པ་མངོན་དུ་ཕྱོགས་པའོ། །ཁྲོ་བ་ནི་ཞེ་སྡང་ངོ་། །འཛིན་པར་བྱེད་པ་ནི་འབྱུང་

བ་འགོག་པར་བྱེད་པའོ། །མ་དུལ་བཞོན་པ་འཁྱམས་ཞེས་བྱ་བ་ནི་མ་དུལ་བའི་རྟེའུ་དང་རྟ་ལ་སོགས་པ་བཞིན་ནོ། །དཔེར་ན་ཨ་ན་པ་སེ་ཀ་ཞེས་བྱ་བའི་འདུལ་སྦྱོང་མཁན་ཤིན་ཏུ་མགྱོགས་པར་རྒྱུག་པ་དང་། མ་དུལ་ཞིང་འགྲོས་མྱུར་བའི་རྟ་ལ་སོགས་པ་ལམ་མ་ཡིན་པ་ལས་ཇི་

เล่ม ๑๔๙ · หน้า 39b

ལྟར་འདོད་པ་གཞན་དུ་བཟློག་པ་དང་ཞོན་པར་བྱེད་པ་ཇི་ལྟ་བ་དེ་ཉིད་ནི་འདུལ་སྦྱོང་མཁན་གྱི་མཆོག་ཡིན་པ་དེ་བཞིན་དུ་དེ། འདུལ་སྦྱོང་མཁན་དུ་ངས་གསུངས་ཀྱི། །ཞེས་པ་ནི་དེ་ཉིད་འདིར་འདུལ་སྦྱོང་མཁན་གྱི་མཆོག་ཡིན་པར་རྟོགས་སོ། །ཞགས་འདེབས་སྐྱེ་བོ་ཕལ་པ་ཡིན། །ཞེས་བྱ་

བྱ་ནི་ཕལ་པའི་བཞོན་པ་དུལ་བ་ལ་ཞོན་པར་བྱེད་པ་སྟེ། གང་དེས་ནི་དེ་ལྟར་ནུས་པ་མ་ཡིན་ནོ་ཞེས་སོ། །ཞགས་པ་ནི་འདིར་ཡང་དག་པར་འདུལ་བར་བྱེད་པའི་ཐག་པ་དེ་ལ་བཟུང་སྟེ། གང་དེ་ནི་ཞགས་པ་ཉི་ཚེས་བཟུང་བ་སྟེ། སྲབ་ལ་སོགས་པ་རྟ་ལ་ལར་ཁྲིད་ཅིང་ཁྱེར་ཏེ་མི་བཞོན་པ་

ཡང་ཡོད་པས་སོ། །དེ་ནི་རབ་ཏུ་གྲགས་པའི་ཕལ་པའི་འདུལ་སྦྱོང་མཁན་ཡིན་ནོ། །གང་ཡང་བཞོན་པ་འཁྱམས་པར་གྱུར་ཀྱང་ལམ་ལས་ཟློག་པར་བྱེད་པ་དེ་ཉིད་ནི་ཁ་ལོ་སྒྱུར་བའི་མཆོག་ཅེས་བརྗོད་དེ། དེ་བཞིན་དུ་གང་ཞིག་ཡུལ་ལ་ཁྲོ་བ་འཇུག་པ་དེ་ལས་ཟློག་པར་བྱེད་པ་

དེ་ཉིད་ནི་སེམས་འདུལ་བར་བྱེད་པའི་འདུལ་སྦྱོང་མཁན་མཆོག་ཡིན་ནོ། །ཁྲོ་བའི་ཚོམས་ཏེ་ཉི་ཤུ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།བག་ཆགས་དང་བཅས་པའི་ཁྲོ་བའི་དྲི་མ་ཐམས་ཅད་སྤངས་པས་དེ་བཞིན་གཤེགས་པ་ཉིད་ནི་འདུལ་སྦྱོང་མཁན་གྱི་

མཆོག་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདིའི་འོག་ཏུ་དེ་བཞིན་གཤེགས་པའི་ཚོམས་བསྟན་ཏོ། །ཡང་ན་ཁྲོ་བ་བཀག་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྩགས་ཏེ་སྙིང་རྗེ་བསྐྱེད་ནས་ངེས་དེ་དྲུངས་ཕྱུང་བས། དེ་བཞིན་གཤེགས་པའི་གོ་འཕང་འཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་

ཚོམས་འདི་བཀོད་དེ། དེ་ཉིད་བསྟན་པའི་ཕྱིར། འཇིག་རྟེན་འདི་ན་ཀུན་རིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་འོག་ཏུ་མི་མཇེད་ཀྱི་བདག་པོ་ཚངས་པས་ཆོས་བསྟན་པའི་ཕྱིར་གུས་པ་དང་བཅས་པས་གསོལ་བ་བཏབ་པོ།

ཐུབ་པ་མཆོག་གིས་འདི་སྙམ་དུ་དགོངས་ཏེ། ཐོག་མར་བདག་གིས་ཆོས་འདི་སུ་ལ་བསྟན་པར་བྱ་ཞེས་དགོངས་པ་ལས། ཇི་ཙམ་ན་རངས་བྱེད་ཀྱི་བུ་ལྷག་སྤྱོད་ནི་ཞག་བདུན་གྱི་སྔོན་དུ་དུས་ལས་འདས་སོ། །སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ཡང་དུས་ལས་འདས་ཏེ། དེ་བས་ན་

เล่ม ๑๔๙ · หน้า 40a

ལྔ་སྡེ་རྣམས་ཀྱི་ཕྱིར་བསྟན་ཏོ་ཞེས་དགོངས་ནས། བཅོམ་ལྡན་འདས་བཱ་རཱ་ཎ་སཱིར་གཤེགས་ཏེ་བཅོམ་ལྡན་འདས་མཐོང་བ་དང་། ཀུན་དུ་འཚོ་ཉེར་འགྲོས་སྨྲས་པ། ཚེ་དང་ལྡན་པ་གཽ་ཏ་མ་དབང་པོ་རྣམས་ནི་རྣམ་པར་དང་། བཞིན་གྱི་མདོག་ནི་ཡོངས་སུ་དག་པགས་པའི་

མདོག་ནི་དཀར་ན་ཚེ་དང་ལྡན་པ་ཁྱོད་ཀྱི་སྟོན་པ་ནི་གང་ཡིན། གང་གི་བསྟན་པ་ལ་ནི་རབ་ཏུ་བྱུང་། གང་གི་ཆོས་ལ་ནི་དགའ་ཞེས་སྨྲས་པ་དང་། ཇི་ཙམ་ན་འདི་དག་གསུངས་ཏེ། བདུད་རྣམས་ཟིལ་གནོན་རྒྱལ་བ་ང་། །ཞེས་བྱ་བའི་བར་དུའོ། །རྒྱལ་བ་ཞེས་ཚེ་དང་ལྡན་པ་གཽ་ཏ་མ་ཁྱོད་

ཟེར་རམ་ཞེས་པ་དང་། རྒྱལ་བ་ནི་ང་འདྲ་བའོ་ཞེས་བྱ་བ་དག་གོ། །ཚེ་དང་ལྡན་པ་ཁྱོད་གང་དུ་འགྲོ་ཞེས་པ་དང་། ང་ནི་བཱ་རཱ་ཎ་སཱིར་འགྲོ་ཞེས་བྱ་བ་ནས། འཇིག་རྟེན་ཡུལ་སྲེད་རྒལ་བའི་ཞེས་བྱ་བའི་བར་དུ་གསུངས་སོ། །ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པས་ན་ཀུན་ཟིལ་གནོན་ཏེ།

ཐམས་ཅད་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གང་སུ་དག་རྐང་པ་མེད་པའམ། རྐང་གཉིས་པ་ལ་སོགས་པ་ཇི་སྙེད་པའི་སེམས་ཅན་དེ་ཐམས་ཅད་ཀྱི་ནང་ན་ནི། དེ་བཞིན་གཤེགས་པ་མཆོག་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །ཡོན་ཏན་གང་གིས་ཐམས་ཅད་

ཟིལ་གྱིས་གནོན་པ་ཡིན་ནོ་ཞེ་ན། ཡོན་ཏན་ཐམས་ཅད་ཀྱི་ཁྱད་པར་དུ་གྱུར་པ་ནི་ཐམས་ཅད་མཁྱེན་པ་ཉིད་དེ། དེས་ན་དེ་ཉིད་བསྟན་པའི་ཕྱིར། འཇིག་རྟེན་འདི་ན་ཀུན་རིག་ཅེས་བྱ་བ་སྨོས་ཏེ། དགེ་སློང་དག་སྲིད་པ་གསུམ་ན་ནི་ང་ཉིད་ཐམས་ཅད་མཁྱེན་པ་སྟེ། ཐམས་ཅད་ཤེས་

པ་དང་ཐམས་ཅད་གཟིགས་པ་ཞེས་བྱ་བའི་ཚིག་གིས་དང་། དོན་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཡིན་པས་ཀུན་རིག་གོ། །འདི་ན་ཞེས་བྱ་བ་ནི་ང་ཉིད་དོ། །འཇིག་རྟེན་ནི་སྲིད་པ་གསུམ་ནའོ། །གཅིག་ནི་དེ་བཞིན་གཤེགས་པ་ཉིད་

གཅིག་འབྱུང་བ་ཡིན་ཏེ། འགྲོ་བ་ཐམས་ཅད་ཉིད་ན་གཅིག་པུ་ཡིན་ནོ་ཞེས་སྟོན་པ་ཡིན་པའི་ཕྱིར་གཅིག་གི་ཚིག་བསྟན་ཏོ། །ཇི་ལྟ་བུར་གནས་པ་ཡིན་ཞེ་ན། གང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཡང་སངས་རྒྱས་གཉིས་ཅིག་ཅར་མི་འབྱུང་བ་ཡིན་ཏེ། དེའི་ཕྱིར་ལུང་

เล่ม ๑๔๙ · หน้า 40b

དང་རིགས་པས་བཤད་པ། དེ་ལ་ལུང་ནི་སངས་རྒྱས་གཅིག་འཇིག་རྟེན་དུ་འབྱུང་བ་ཡིན་གྱི། དེ་བཞིན་གཤེགས་པ་གཉིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་འབྱུང་བ་ནི་གནས་མེད་ཅིང་སྐབས་མེད་པ་ཡིན་ཏེ། འཇིག་རྟེན་འདིར་གལ་ཏེ་མཚམས་སྦྱོར་བ་ཡིན་ནོ་ཞེ་ན། གང་ཡང་བུད་མེད་

གནས་མ་ཡིན་ཞིང་སྐབས་མེད་པ་སངས་རྒྱས་སུ་འགྱུར་བ་ལ་སོགས་པར་ཡང་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལས་འགའ་ཞིག་ཤཱ་རིའི་བུའི་ཐད་དུ་འོངས་ནས་འདི་སྐད་དུ་དྲིས་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་ཞིག་བཅོམ་ལྡན་འདས་དང་མཉམ་པ་ཡོད་དམ། འདི་ལྟ་སྟེ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ནས། ཇི་ཙམ་ན་དེས་ང་ལ་དྲིས་པ་དང་། དེ་བཞིན་ནོ་ཞེས་སྨྲས་ཏེ། དེ་བཞིན་དུ་མ་འོངས་པ་ན་ཡང་དེ་ལྟར་འདྲི་ན་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་ནས། དེ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། ལྷ་དང་བཅས་པའི་འཇིག་རྟེན་འདི་ན་སྟོན་

པ་ང་ལས་མེད་དེ། ང་ཉིད་ལས་གཞན་ཆོས་སྟོན་པ་མེད་དོ། །གཞན་དུ་ན་གལ་ཏེ་དེ་བཞིན་གཤེགས་པ་གཞན་ཡོད་པར་གྱུར་ན་ཇི་ལྟར་འདི་ལ་ཤིན་ཏུ་གཙོ་བོར་ཕྱག་བྱེད་པར་འགྱུར་ཞེས་པའོ། །རིགས་པ་ནི་ཐམས་ཅད་དུ་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་རྟོགས་པས་ནི་མ་བྱུང་བའི་ལས་ཀྱང་

ཀུན་དུ་སྐྱེད་པ་དང་བསྟན་པ་ནུབ་བ་ལ་སོགས་པ་སྣང་བ་ཞེས་བྱ་བ་ལ་སོགས་པའོ། །ཡང་སྨྲས་པ། འཁོར་བ་ཡི་ནི་འཇིག་རྟེན་ན། །གང་ཚེ་བདག་ཉིད་སངས་རྒྱས་པ། །མི་ཕྱེད་ནུས་པ་ལྡན་པའི་ཕྱིར། །གདུལ་བྱ་གདུལ་བར་ནུས་པ་ཡིན། །ཞེས་སོ། །འཛམ་བུའི་གླིང་འདི་ཉིད་དུ་

སངས་རྒྱས་འབྱུང་བ་ག་ལས་ཤེ་ན། འདི་ཉིད་དུ་རྡོ་རྗེ་གདན་ལ་སོགས་པ་དང་མྱ་ངན་ལས་འདས་པ་སྟེ། ད་དུང་མཆོད་རྟེན་ལ་སོགས་པའི་ཕྱོགས་དེར་ཕྱག་འཚལ་བར་འགྲོ་བ་དང་། སངས་རྒྱས་ཀྱི་ཞིང་ཡིན་པའི་ཕྱིར་གསུང་རབ་ཀྱང་འདི་ཉིད་ན་ཡོད་དེ། འདི་ཉིད་དུ་སངས་རྒྱས་ཤིང་

བྱུང་བ་དང་འབྱུང་བར་འགྱུར་བ་སྟོན་ཏོ། །ལྟ་བའི་རྗེས་སུ་འབྲང་བས་ཡིད་ཆེས་པ་འབྱུང་བ་ཡིན་ཏེ། མི་ཤེས་པ་མཐའ་དག་སྤངས་པའི་ཕྱིར། གཙང་བ་ཡིན་ཡང་དྲི་མ་ཅན་གྱི་དངོས་པོ་དང་ཕྲད་པས་ནི་མི་གཙང་པར་འགྱུར་རོ་ཞེས་རྟོག་པ་ལས་དེ་བསྟན་པའི་ཕྱིར། འདི་ན་ཆོས་

เล่ม ๑๔๙ · หน้า 41a

རྣམས་ཀུན་གྱིས་མ་གོས་ཤིང་། །ཞེས་བྱ་བ་ཡིན་ཏེ། རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་འཇིག་རྟེན་འདི་ན་གནས་ཀྱང་དྲི་མ་ཅན་དུ་མ་བྱས་པ་སྟེ། འདམ་གྱི་པདྨ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་སྤངས་ཞེས་བྱ་བ་སྤང་བར་བྱ་བ་ཐམས་

ཅད་སྤངས་པས་ན་ཀུན་སྤངས་ཏེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །སྤང་བའི་བྱ་བ་སྤངས་པ་བསྟན་པའི་ཕྱིར། སྲེད་ཟད་ཅེས་བྱ་བ་སྨོས་ཏེ། ཁམས་གསུམ་གྱི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་སྤངས་པས་ནི་དེ་ལ་དམིགས་

པ་སྤོང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། རབ་ཏུ་རྣམ་གྲོལ་བ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པའི་ཕྱིར་དང་། མི་སློབ་པའི་ལམ་ཐོབ་པའི་ཕྱིར་རོ། །ཉིད་ཀྱིས་མངོན་པར་མཁྱེན་པ་ཞེས་བྱ་བ་ནི་བདག་ཉིད་གཞན་གྱིས་བསྟན་པ་ལ་ལྟོས་པ་མེད་པར་ཟག་

པ་མེད་པའི་ཤེས་པས་བདེན་པའི་དངོས་པོ་མཐའ་དག་དང་། རྒྱ་ཆེར་འཇིག་རྟེན་པའི་དངོས་པོ་ཉིད་ཀྱང་ཡང་དག་པར་རྟོགས་པ་ཡིན་ཏེ། གང་གི་ཕྱིར་དངོས་པོའི་དེ་ཉིད་རྣམ་པར་མ་ཤེས་པར་ནི་ཉོན་མོངས་པ་ཟད་པ་མེད་དེ། ཆོས་གཅིག་ཀྱང་མངོན་པར་ཤེས་པ་མེད་པར་ནི་སྡུག་བསྔལ་

གྱི་མཐར་བྱེད་པར་འགྱུར་རོ་ཞེས་ང་མི་སྨྲའོ། །ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །སུ་ཡིས་བསྟན་ཞེས་བྱ་བ་ནི་གཞན་སུ་ཞིག་གིས་བསྟན་པ་སྟེ། སྟོན་པ་དང་འཆད་པ་པོ་འདི་ལས་གཞན་མེད་དེ་སྔ་མ་བཞིན་ནོ། །སྔར་མ་ཐོས་པའི་ཆོས་རྣམས་ལ་ཞེས་མདོ་ལས་

གསུངས་པའི་ཕྱིར་ཏེ། སྟོན་པ་གཞན་མེད་པར་བསྟན་པའི་ཕྱིར། སུ་ཡིས་བསྟན་ཞེས་བྱ་བ་ནི་སུ་ཞིག་གཞན་སྟོན་པ་པོར་བརྗོད་པར་བྱ། ཅིའི་ཕྱིར་ཞེ་ན། མཚུངས་མེད་ཅེས་བྱ་བ་སྟེ། གང་གི་ཕྱིར་ང་དང་འདྲ་བ་མེད་དོ། །སྟོན་པ་པོ་ཡང་ཁྱད་པར་དུ་གྱུར་པའམ་མཉམ་པ་ཡང་

མེད་པས་དམན་པ་མ་ཡིན་ཏེ། ང་དང་མཉམ་པ་ཉིད་ཀྱང་མེད་ན། ཁྱད་པར་དུ་གྱུར་པ་ལྟ་ག་ལ་ཡོད་པར་འགྱུར། མཚུངས་པ་མེད་པར་གང་གིས་ཤེས་པར་བྱ་ཞེ་ན། འདི་ལྟར་མཉམ་མེད་ཅེས་བྱ་བ་སྨོས་ཏེ། གཞལ་བར་མི་ནུས་པ་ཡིན་ཏེ། གང་གི་ཕྱིར་ང་ནི་ཚངས་པ་དང་

เล่ม ๑๔๙ · หน้า 41b

བཅས་པའི་འཇིག་རྟེན་གྱིས་ཀྱང་དཔག་པར་མི་ནུས་པ་ཡིན་ནོ། །གལ་ཏེ་ནུས་པ་ཡིན་ན་ནི། ང་ལ་མཚུངས་པ་མེད་པ་ཡང་མ་ཡིན་ཏེ། དེ་ལྟ་ན་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཞེས་གང་གིས་བརྗོད་པར་བྱ། ཉིད་ཀྱིས་རབ་བསྟན་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་འདི་དག་གི་དོན་

སྟོན་པར་བྱེད་པ་ཡིན་ཏེ། རྒྱ་མཚོ་ཆེན་པོའི་ཚོང་པས་རིན་པོ་ཆེ་ལ་སོགས་པ་བཞིན་ནོ། །མི་ཤེས་པར་ཡང་སྟོན་པ་ཡོད་དོ་ཞེ་ན། དེ་ཉིད་བསྟན་པའི་ཕྱིར། བྱང་ཆུབ་བརྙེས་ནས་ཞེས་བྱ་བ་སྨོས་ཏེ། ཡུལ་གྱི་དངོས་པོ་ཐམས་ཅད་ལ་ཤེས་པ་ཐོབ་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་

ནི་གདུལ་བྱའི་བསམ་པ་དང་རྗེས་སུ་མཐུན་པས་དེའི་དོན་དུ་དེར་གཤེགས་པ་ཡིན་ཏེ། འདིས་ནི་གཞན་གྱི་དོན་ལས་བརྩོན་པར་བསྟན་ཏེ། །གཞན་གྱི་དོན་ཉིད་རྟོགས་ཤིང་བསྐྱེད་པར་མི་ནུས་སོ་ཞེ་ན། སྐལ་བ་དང་ལྡན་པའི་སྐྱེ་བོ་བསྟན་པའི་ཕྱིར། ལྷ་མིའི་སྟོན་པ་ཞེས་བྱ་བ་སྨོས་ཏེ། སྟོན་པ་

པོས་བསྟན་པ་ནི་དེ་གཉིས་ཀྱིས་མངོན་པར་རྟོགས་པའི་སྐལ་བ་ཡོད་པའི་ཕྱིར་རོ། །ངན་སོང་ནི་མ་ཡིན་ཏེ། སྡུག་བསྔལ་མི་བཟད་པས་གདུངས་པའི་ཕྱིར། བླུན་པའི་ཕྱིར་དང་། གཡོ་ཤས་ཆེ་བའི་ཕྱིར་ཏེ་གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱར་རོ། །འདིས་ནི་གཞན་གྱི་དོན་བྱེད་པའི་ཐབས་གསལ་

བར་བསྟན་ཏོ། །བསྟན་པ་ཉིད་ཀྱིས་སྒྲུབ་པ་ཡིན་གྱི། རྫུ་འཕྲུལ་དང་མཐུས་ནི་མ་ཡིན་ནོ། །ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་མེད་པའི་ཕྱིར་སྟོན་པ་མི་རིགས་སོ་ཞེ་ན། སྟོབས་རྣམས་ཀུན་ལྡན་ཐམས་ཅད་མཁྱེན་པ་ང་། །ཞེས་བྱ་བ་ཡིན་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པ་

ལ་སོགས་པ་རྣམ་པ་བཅུ་དང་དེ་བཞིན་གཤེགས་པ་ལྡན་པ་སྟེ། གང་གི་ཕྱིར་ཡོན་ཏན་དེ་དག་དང་ལྡན་པས་དེས་ན། ང་ནི་འཇིག་རྟེན་དགྲ་བཅོམ་སྟེ། །ཞེས་བྱ་བ་ང་ཉིད་འགྲོ་བ་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ཏེ། སངས་རྒྱས་ནི་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ་ཞེས་ཚིག་གིས་

སོ། །ཡོན་ཏན་གྱི་ཁྱད་པར་ཐམས་ཅད་དང་ལྡན་པས་ཡོན་ཏན་ཐམས་ཅད་དང་ལྡན་པའི་མཚན་མ་བསྟན་པའི་ཕྱིར། འཇིག་རྟེན་དག་ན་བླ་མེད་ང་། །ཞེས་བྱ་བ་སྨོས་ཏེ། འདི་ལ་བླ་ན་ཡོད་པའམ། མཆོག་ཡོད་པ་མ་ཡིན་པ་ནི་བླ་ན་མེད་པའོ་ཞེས་ཚིག་སྦྱར་རོ། །སེམས་ཅན་མཐའ་

เล่ม ๑๔๙ · หน้า 42a

དག་ཉིད་ལས་ནི། །ང་ཉིད་མཆོག་དང་དམ་པར་བརྗོད་པར་བྱའོ་ཞེས་མདོ་ལས་གསུངས་སོ། །གཞན་གྱི་དོན་བྱེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་དང་། །སྐྱོན་སྤངས་པ་དང་ལྡན་པའི་ཕྱིར། །ལྷ་དང་བཅས་པའི་འཇིག་རྟེན་ན། །བདུད་རྣམས་ཟིལ་གནོན་རྒྱལ་བ་ང་། །

ཞེས་བྱ་བ་སྟེ། དམིགས་ཀྱིས་དབྱེ་བ་ནི་བདུན་པའོ། །ལྷ་དང་བཅས་པ་ཞེས་བྱ་བ་ནི་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་བཅས་པ་མིའི་འཇིག་རྟེན་ཐམས་ཅད་ཀྱི་ནང་ན། ང་ཉིད་བདུད་བཞི་ལས་རྣམ་པར་རྒྱལ་བ་ཡིན་གྱི་གཞན་དག་ནི་བདུད་ལས་རྒྱལ་བ་མེད་དེ། དེས་དབང་དུ་བྱས་

པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྒྱལ་བ་ང་། །ཞེས་བྱ་བ་ཡིན་ཏེ། རྣམ་པར་རྒྱལ་བའི་དཔལ་ཐམས་ཅད་ཐོབ་པའི་ཕྱིར་རོ། །དེས་ན་ཡང་ང་ཉིད་ཐམས་ཅད་ལས་ངེས་པར་རྒྱལ་བའི་ཕྱིར་རྒྱལ་བ་སྟེ། དེ་ཉིད་ཀྱི་ཕྱིར། ང་ལ་སློབ་དཔོན་སུ་ཡང་མེད། །ཅེས་བྱ་བ་ང་ལ་སློབ་དཔོན་ནི་གང་

ཡང་མེད་དོ་ཞེས་བྱ་བ་སྟེ། ང་ལ་སྟོན་པ་ནི་གང་ཡང་མེད་དེ། གཞན་རྒྱལ་བ་ནི་སློབ་དཔོན་དུ་མི་འཐད་དོ། །ཉི་མས་ཟིལ་གྱིས་མནན་ན་ནི་ཟླ་བའི་དཀྱིལ་འཁོར་གྱིས་གསལ་བར་བྱེད་མི་ནུས་པ་དེ་བཞིན་དང་། བྲན་ཉིད་རྗེ་བོ་ལ་སོགས་པ་མ་ཡིན་པར་བརྗོད་པར་བྱའོ། །ཅིའི་ཕྱིར་

ཞེ་ན། འདྲ་བ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མཉམ་པ་ཡང་མེད་ན་ཁྱད་པར་དུ་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས་དེ་ལྟ་ན་འཇིག་རྟེན་གྱི་ཁམས་གཞན་དག་ན་ཡོད་དེ། དེ་འོངས་ནས་སློབ་དཔོན་གྱི་གོ་འཕང་ལ་གཞོལ་བར་འགྱུར་རོ་ཞེ་ན། གཅིག་པུ་ཞེས་བྱ་བ་སྨོས་ཏེ། འཁོར་

བ་ཐམས་ཅད་ན་གཞན་མེད་དོ་ཞེས་དགོངས་སོ། །རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ནི་ཡང་དག་པར་ཐུགས་སུ་ཆུད་པའོ། །ཇི་ཞིག་ཐོབ་པ་ཡིན་ཞེ་ན། སྨྲས་པ། བླ་མེད་བྱང་ཆུབ་བརྙེས་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་རྒྱུད་ལ་ཟད་ལ་མི་སྐྱེ་བའི་ཡེ་ཤེས་སམ། ཐམས་ཅད་མཁྱེན་པ་

ཐོབ་པ་ནི་རྫོགས་པའི་སངས་རྒྱས་ཀྱིས་ཡིན་གྱི་གཞན་ནི་མ་ཡིན་ནོ། །རྫོགས་པའི་སངས་རྒྱས་ཉིད་རྒྱལ་བ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། །རྒྱལ་བ་ང་འདྲར་ཤེས་པར་བྱ། །ཞེས་བྱ་བ་ཡིན་ཏེ། ང་ལྟ་བུ་ཉིད་ནི་རྫོགས་པའི་སངས་རྒྱས་རྒྱལ་བ་ཡིན་ནོ་

เล่ม ๑๔๙ · หน้า 42b

ཞེས་རྟོགས་པར་བྱ་སྟེ། རྒྱལ་བ་ཐོབ་ཅིང་ཐམས་ཅད་ཟིལ་གྱིས་ནོན་པའི་ཕྱིར་རོ། །དེ་ཇི་ལྟ་བུ་ཞེ་ན། གང་ཞིག་ཟག་པ་ཟད་ཤེས་པ། །ཞེས་བྱ་བ་སྨོས་ཏེ། གང་ཁྱད་པར་ཅན་གྱི་ཤེས་པ་ལ་བརྟེན་ནས་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པ་ཐོབ་པའོ། །ཉོན་མོངས་

པའི་བདུད་ཀྱིས་མི་བརྫི་བར་བསྟན་ནས། དེ་ལས་གཞན་པའི་བདུད་ཀྱིས་ཟིལ་གྱིས་མི་ནོན་པར་བསྟན་པའི་ཕྱིར་སྨྲས་པ། སྡིག་པའི་ཆོས་ལས་ང་རྒྱལ་བས། །ཞེས་བྱ་བ་ཕུང་པོ་དང་། འཆི་བདག་དང་ལྷའི་བུའི་བདུད་ཅེས་བརྗོད་པས་ཟིལ་གྱིས་མི་ནོན་པ་སྟེ། སྡིག་པ་བསྩགས་

པའི་རྒྱུས་ཟིལ་གྱིས་གནོན་པའི་ཕྱིར་ཏེ། དེ་ལས་ང་ཉིད་རྒྱལ་བའི་ཕྱིར་རོ། །ཡང་ན་ཉོན་མོངས་པ་ལས་སྐྱེས་པ་དང་། སྲིད་པའི་འབྲས་བུའི་ལས་དང་ཀུན་དུ་སྦྱོར་བའི་འབྲས་བུ་སྤངས་པའོ། །དེ་བས་ཞེས་བྱ་བ་ནི་རྒྱུ་དེས་ནའོ། །ཀྱེ་ཉེར་འགྲོ་ང་རྒྱལ་བ་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ང་ཉིད་རྒྱལ་བའོ།

ཡང་ན་བདུད་བཞི་ལས་རྒྱལ་བས་ཉེ་བར་འགྲོ་ཞིང་ཉེ་བར་འགྲོ་བར་ཐོབ་པ་སྟེ། དེ་བས་ན་ཉེ་བར་འགྲོ་བ་ནི་རྒྱལ་བ་ཡིན་ནོ། །བྱ་བ་བྱས་ནས་གཞན་གྱི་དོན་མཛད་པ་ཡིན་ཏེ། དེ་བས་ན་དེའི་ཕྱིར་བཱ་རཱ་ཎ་སཱིར་ཞེས་བྱ་བ་སྨོས་ཏེ། ཆུ་བོ་བཱ་རཱ་ཎ་སཱི་དང་མི་རིང་བ་ན་ཡོད་པའི་གྲོང་ཁྱེར་རོ། །སོང་ནས་

ཞེས་བྱ་བ་ནི་བགྲོད་ནས་སོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། ངས་ནི་ཆོས་ཀྱི་རྔ་བརྡུང་ཞིང་། །ཞེས་བྱ་བ་འཕགས་པའི་བདེན་པ་བཞི་བསྟན་པའི་རྔ་བརྡུང་ཞིང་ཉན་དུ་གཞུག་པ་སྟེ། བསྟན་པའི་སྒྲ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བ་སྟེ། གཞན་གྱི་རྒྱུད་ལ་འཕགས་

པའི་ལམ་བསྐྱེད་པར་བྱའོ། །གང་གི་ཕྱིར་བདེན་པ་བསྟན་པ་མེད་པར་ནི་དེ་མི་འབྱུང་བ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་ནི་ཆོས་ཀྱི་རང་བཞིན་གྱི་མཚོན་གྱི་བྱེ་བྲག་སྟེ། དེས་ཕྲ་རྒྱས་ཀྱི་དགྲ་ཟད་པར་བྱེད་པས་སོ། །གང་གི་ཕྱིར་ཕྲ་རྒྱས་ནི་སྡུག་བསྔལ་གྱི་རྩ་བ་ཡིན་ནོ། །འཇིག་རྟེན་སུས་ཀྱང་མ་བསྐོར་

བ། །ཞེས་བྱ་བས་ནི་ཆོས་ཀྱི་འཁོར་ལོ་ཁྱད་པར་དུ་བྱེད་དེ། གང་སྲིད་པ་གསུམ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ནུབ་ནས་བརྩམས་ཏེ། ཇི་སྲིད་དེའི་དུས་ཀྱི་བར་དུ་སུས་ཀྱང་མ་བསྐོར་བའི་ཕྱིར་རོ། །ཇི་སྲིད་གཞན་གྱི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་རྗེས་སུ་མི་འཇུག་

เล่ม ๑๔๙ · หน้า 43a

པ་དེ་སྲིད་དམ། མ་དད་པ་དེ་སྲིད་དུ་དེ་དག་གི་ནང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་གསལ་བར་མི་མཛད་དེ། མི་འཐོབ་པ་ཡང་དག་པར་འབྱུང་བའི་ཕྱིར་རོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར་གསུངས་པ། འཇིག་རྟེན་པ་ལ་མ་བསྟན་པར། །ཞེས་བྱ་བ་སྨོས་ཏེ།

དམ་པ་རྣམས་སྟོན་པར་མི་བྱེད་ན། འཇིག་རྟེན་ན་རང་གི་ཡོན་ཏན་གྲགས་པར་མི་འགྱུར་ཏེ། འཇིག་རྟེན་པའི་དབང་པོ་ལས་འདས་ཤིང་དངོས་པོ་མི་རྟོགས་པའི་ཕྱིར་རོ། །ཅི་ཞིག་བྱས་ནས་ཤེ་ན། ཀུན་ནས་འབྱུང་བ་མི་ཤེས་པས། །ཞེས་བྱ་བ་སྨོས་ཏེ། མ་བསྟན་པ་དང་མ་བསྐོར་བ་དང་།

ཆོས་ཀྱི་འཁོར་ལོ་མ་ཡིན་པས་སོ། །ཀུན་ནས་ཞེས་བྱ་བ་ནི་ཡོངས་སུ་སྟེ། འཇིག་རྟེན་མི་ཤེས་པའོ། །རྣམ་གྲངས་གང་གིས་ཟག་པ་མེད་པའི་ལམ་འཇིག་རྟེན་པའི་རྣམ་གྲངས་ཡིན་ནོ་ཞེས་བསྡུས་པ་སྟེ། འཇིག་རྟེན་པ་ངེས་པར་འབྱུང་བའི་ཐབས་ཞེས་བྱ་བའི་དོན་ཏོ། །དེ་མ་བསྟན་པ་དང་

འཕགས་པའི་བདེན་པ་བཞི་མ་བསྟན་པ་སྟེ། ཡོད་པར་གྱུར་ཀྱང་མ་བསྟན་པར་རོ། །དམ་པ་རྣམས་ཀྱི་རྟགས་ནི་ལེགས་པར་གསུངས་པ་ཡིན་ནོ། །དམ་པ་རྣམས་ཀྱི་ངོ་བོ་ཉིད་བསྟན་པའི་ཕྱིར། ཀུན་མཁྱེན་མྱ་ངན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཟག་པ་མེད་པའི་ཤེས་པས་

བདེན་པ་བཞི་རྟོགས་ཏེ། ཁམས་གསུམ་གྱི་ཉོན་མོངས་པའི་མེ་ཡིད་ཀྱི་གདུང་བ་ཐམས་ཅད་བསལ་བའོ། །སངས་རྒྱས་ནི་དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པས་སོ། །མྱ་ངན་ལས་འདས་པ་དང་སངས་རྒྱས་པའི་རྒྱུ་བསྟན་པའི་ཕྱིར། འཇིག་རྟེན་ཡུན་ལས་བརྒལ་བ་ཞེས་

སྨོས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལས་འདས་ཤིང་དེའི་རྒྱུ་སྲེད་པ་སྤངས་པ་དང་། ཕྲ་རྒྱས་མེ་དང་འདྲ་བ་སྤངས་ཏེ། བྱང་ཆུབ་ཐོབ་པར་བྱས་པའོ། །དེ་བཞིན་གཤེགས་པ་ནི་ཆོས་བསྟན་པ་ཉིད་ཀྱིས་སེམས་ཅན་རྣམས་འདུལ་བར་མཛད་ཀྱི། སྔགས་ལ་སོགས་པའི་སྦྱོར་བས་ནི་མ་ཡིན་

ཡིན་ནོ་ཞེས་བསྟན་པའི་ཕྱིར། དཔའ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་འཁོར་དང་བཅས་པ་རབ་ཏུ་བྱུང་བ་ལས། རྒྱལ་པོའི་ཁབ་ཀྱི་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་ལ་སོགས་པས་དེ་གཉིས་བསོད་སྙོམས་ཀྱི་ཕྱིར་འཇུག་པ་མཐོང་ནས་འདི་སྐད་

เล่ม ๑๔๙ · หน้า 43b

ཅེས། ཐམས་ཅད་ཁྱེར་ནས་ད་ཡང་ཅི་ཞིག་ཁྱེར་བར་བྱེད། །ཅེས་སྨྲས་པ་དང་། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གལ་ཏེ་ཡང་དེ་དག་དེ་ལྟར་སྨྲ་བར་གྱུར་ན། ཚེ་དང་ལྡན་པ་རྣམས་ཀྱིས་ཚིགས་སུ་བཅད་པ་འདི་བརྗོད་པར་བྱའོ་ཞེས་གསུངས་སོ། །འདུལ་བར་མཛད་པ་ནི་

བདག་ཉིད་བཟང་པོར་བྱེད་དེ། ལམ་ལོག་པ་ནས་བཟློག་ཅིང་ལམ་ལ་འཇོག་པར་བྱེད་པ་སྟེ། རབ་ཏུ་བྱུང་བ་འཐོབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །འདི་ན་ནི་ཞེས་བྱ་བ་ནི་རྒྱལ་པོའི་ཁབ་མ་བསྟན་པའོ། །དཔའ་བོ་ཆེན་པོ་ཞེས་བྱ་བ་ནི་གཞན་གྱི་དོན་བྱ་བ་ལ་བརྩོན་འགྲུས་ཁྱད་པར་ཅན་

སྦྱོར་བའོ། །འདིར་འཁྲུལ་པ་མེད་པའི་ཐབས་བསྟན་པའི་ཕྱིར། ཆོས་ཀྱིས་ཞེས་བྱ་བ་སྨོས་ཏེ། ཕྱིན་ཅི་མ་ལོག་པའི་ཐབས་བསྟན་པས་ཡིན་གྱི་མཆོག་སྦྱིན་ལ་སོགས་པས་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཡེ་ཤེས་དང་སྤངས་པ་

ཕུན་སུམ་ཚོགས་པའི་ཕྱིར་རོ། །དེ་དག་ཆོས་ཀྱིས་བཏུལ་བ་ལ། །ཞེས་བྱ་བ་ནི་རིགས་པ་དང་འཚེ་བ་མེད་པའི་ཚུལ་གྱིས་བསྟན་པ་ལ་སོགས་པས་བདག་ཉིད་ལེགས་པར་བྱེད་ཅིང་དེ་དང་དེ་སློབ་མ་ཉིད་དུ་སྒྲུབ་པར་མཛད་དོ། །དེ་དག་དེ་བཞིན་གཤེགས་པ་ལ་སུ་ཡང་སྨོད་མི་བྱེད་ཅེས་བྱ་བ་ནི་ཡོན་

ཏན་ཡིན་ཡང་སྐྱོན་དུ་བསྒྲགས་པ་ནི་སྨོད་པ་སྟེ། སུ་ཞིག་སྐྱོན་མེད་པ་ལ་འཕྱ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མཁས་པ་ནི་རྟོགས་པ་སྟེ། དེའི་ཡོན་ཏན་རིག་པའོ། །གང་གཞན་གྱི་དོན་བྱེད་ཅིང་སྨད་དུ་མེད་པ་ལ་མཆོད་པར་འོས་པས་དགའ་བར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བརྟན་

གང་ཏིང་འཛིན་ལ་ཞུགས་ཤིང་། །ཞེས་བྱ་བ་སྟེ། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོ་ལ་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་སྟེ། ལྷ་ལ་སོགས་པ་ཤིན་ཏུ་ཚིམ་པ་དང་མགུ་བར་བྱེད་དེ། ནམ་ཞིག་ན་བདག་ཅག་གིས་དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོ་འདི་ལྟ་བུ་ཐོབ་

པར་འགྱུར་ཞེས་སོ། །ཏིང་ངེ་འཛིན་ལ་ཞུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་བསྒོམ་པ་ལ་ཤིན་ཏུ་བརྩོན་པའོ། །བརྟན་པ་ནི་བརྟན་པའི་སྦྱོར་བ་སྟེ། མིང་བརྟན་པ་ལ་ནི་རྟག་ཏུ་སྦྱོར་བ་དང་གུས་པར་སྦྱོར་བ་མེད་པའི་ཕྱིར་རོ། །ངེས་འབྱུང་ཞི་ལ་དགའ་བ་དང་། །ཞེས་བྱ་བ་ནི་ངེས་པར་འབྱུང་བ་དང་

เล่ม ๑๔๙ · หน้า 44a

ཞི་བ་དེ་ལ་དགའ་བ་སྟེ། ལམ་དང་ལམ་གྱི་འབྲས་བུ་འཐོབ་པ་ལ་འདུན་པ་ཞེས་བྱ་བའི་དོན་ཏོ། །སྔ་མས་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ནས་འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ནོ། །སུ་ཞིག་དགའ་བ་ཡིན་ཞེ་ན། ལྷ་དང་མི་རྣམས་ཏེ། དེ་དག་ཉིད་ལ་

དེ་བཞིན་ཉིད་བརྟག་པ་ཡོད་པའི་ཕྱིར་རོ། །ཅིའི་ཕྱིར་དེ་དག་ལ་དགའ་བ་ཡིན་ཞེ་ན། འདི་ལྟར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་དེ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་ཐམས་ཅད་མཁྱེན་པ་

ཉིད་ནི་འཇིག་རྟེན་ཐམས་ཅད་ཀྱིས་དགའ་བར་བྱ་བ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་གསུངས་པ། གྲགས་ལྡན་ཞེས་བྱ་བ་སྟེ། གྲགས་པ་ཤིན་ཏུ་ཤས་ཆེ་བར་གྱུར་པ་སྟེ། སྲིད་པ་གསུམ་དུ་སྙན་པས་ཁྱབ་པའི་ཕྱིར་རོ། །དགའ་བར་བྱེད་པ་ནི་དོན་དུ་གཉེར་བར་བྱེད་པའོ། །དེ་ཉིད་ཀྱི་ཁྱད་པར་

བསྟན་པའི་ཕྱིར་སྨྲས་པ། ཤེས་རབ་མྱུར་བ་ཞེས་བྱ་བ་ཐུགས་རྗེ་ཆེན་པོའི་བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་མྱུར་བ་སྟེ་གྲིམས་ཤིང་ལེ་ལོ་མེད་པའི་བློ་གང་ལ་ཡོད་པ་དེ་ཞེས་ཚིག་རྣམ་པར་སྦྱར་རོ། །སེམས་ཅན་གྱི་དོན་ཡོངས་སུ་བྱ་བ་བརྟག་པ་ལ་རྒྱུན་དུ་འཇུག་པའི་བློ་སྟེ། སུ་ཞིག་

ནི་ཉམས་སུ་ཞིག་ནི་འཕེལ་ཞེས་བྱ་བའི་ཚིག་གིས་སོ། །སྟོབས་སྔ་མས་འཇིག་རྟེན་ལས་འདས་པའི་ཤེས་པ་བསྟན་ནས། འདིས་ནི་འཇིག་རྟེན་པའི་ཐམས་ཅད་མཁྱེན་པ་ཉིད་དེ། ཡེ་ཤེས་འཇིག་རྟེན་པ་ཡིན་པའི་ཕྱིར་རོ། །སྐུ་ཡི་ཐ་མ་འཛིན་པའི་ཞེས་བྱ་བ་ནི་ཐ་མའི་སྐུ་འཛིན་

པའོ། །འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏེ། འཁོར་བའི་ཐ་མ་ནི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱིས་ནི་ཐར་པ་ཐོབ་པར་འགྱུར་རོ་ཞེས་མདོ་ལས་གསུངས་སོ། །ཏིང་ངེ་འཛིན་ལ་སོགས་པའི་ཁྱད་པར་གྱི་རྩ་བའི་རྒྱུ་བསྟན་པར་འདོད་པའི་ཕྱིར། གང་དག་

འདས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱིམ་བདག་བཟང་སྦྱིན་བཅོམ་ལྡན་འདས་ལ་ཆོས་ཉན་ཅིང་འདུག་པ་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ། མདུན་བསུ་བ་མ་བྱས་པས་དེ་འཁྲུགས་པར་གྱུར་ཏོ། །དེས་ཆོས་ཉན་པའི་ཕྱིར་

เล่ม ๑๔๙ · หน้า 44b

གསོལ་བ་བཏབ་པ་ལས་ཇི་ཙམ་ན་ཚིགས་སུ་བཅད་པ་གསུམ་པོ་འདི་གསུངས་སོ། །གང་དག་འདས་པའི་རྫོགས་སངས་རྒྱས། །ཞེས་བྱ་བ་ནི་གང་དག་འདས་པའི་འོད་སྲུངས་ལ་སོགས་པའོ། །གང་དག་མ་བྱོན་སངས་རྒྱས་དང་། །ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་འབྱུང་བར་འགྱུར་བ་

སྟེ། ལོ་བྱེ་བ་ཕྲག་བརྒྱ་ལྔ་བཅུ་རྩ་ལྔ་དང་། སྟོང་ཕྲག་དྲུག་ཅུ་ན། དེ་བཞིན་གཤེགས་པ་བྱམས་པ་འབྱུང་བར་འགྱུར་བའོ། །གང་དག་ད་ལྟར་རྫོགས་སངས་རྒྱས། །ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་ཀྱི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པ།

མང་པོའི་མྱ་ངན་སེལ་མཛད་པ། །ཞེས་བྱ་བ་གདུལ་བྱ་གཞལ་དུ་མེད་པའི་མྱ་ངན་རྣམ་པ་སྣ་ཚོགས་པ་རྩ་ནས་འབྱིན་པའོ། །སྔར་བསྟན་པ་དེ་དག་ཀྱང་། མང་པོའི་མྱ་ངན་སེལ་མཛད་པ། །ཞེས་བྱ་བ་འདི་དང་སྦྱར་རོ། །ཀུན་གྱི་དམ་ཆོས་བླ་མར་མཛད་པ་བཞུགས་གྱུར་ཅིང་། །ཞེས་བྱ་བ་ནི་ཐམས་

ཅད་ཀྱིས་ཀྱང་འདི་ཉིད་དེ་འདས་པའི་སངས་རྒྱས་ཀྱིས་ཀྱང་དམ་པའི་ཆོས་བསྟན་པ་བསྒྲུབ་པ་དང་། གུས་པ་ཁྱད་པར་ཅན་གྱིས་གནས་ཤིང་བཞུགས་པར་གྱུར་ཏོ། །བཞུགས་པ་དང་ཞེས་བྱ་བ་ནི་ད་ལྟར་གྱི་དེ་བཞིན་གཤེགས་པ་ཡང་དམ་པའི་ཆོས་ལ་བླ་མར་མཛད་ཅིང་བཞུགས་པ་ཡིན་ནོ། །དེ་

བཞིན་དུ་བཞུགས་པར་འགྱུར་ཞེས་བྱ་བ་ནི་མ་འོངས་པའི་སངས་རྒྱས་རྣམས་ཀྱང་དམ་པའི་ཆོས་ལ་བླ་མར་མཛད་ཅིང་བཞུགས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཉིད་བསྟན་པའི་ཕྱིར་འདིར། རྫོགས་སངས་རྒྱས་ཀྱི་ཆོས་ཉིད་ཡིན། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དམ་པའི་ཆོས་ལ་བླ་མར་བྱེད་

པ་ཡང་དག་པར་བསྐྱེད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དེའི་ཁྱད་པར་མཁྱེན་པའི་ཕྱིར་རོ། །རང་བཞིན་གྱིས་རྣམ་པར་འགྱུར་བ་འབྱུང་བ་ནི་གང་ཞིག་སུ་ལའང་མེད་དོ། །དེས་ན་དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། འདི་ན་བདག་དགའ་ཞིང་ཞེས་བྱ་བ་སྟེ། རྒྱུ་དེ་ཉིད་ཀྱི་ཕྱིར་

རོ། །འདི་ནི་འཇིག་རྟེན་འདི་ནའོ། །བདག་དགའ་ཞིང་ཞེས་བྱ་བ་ནི་བདག་ལ་ཕན་པར་འདོད་པའི་གང་ཟག་སྟེ། རབ་ཏུ་བྱུང་བ་འམ་ཁྱིམ་ན་གནས་པའོ། །ཚིག་འདི་ཉིད་ཀྱི་དོན་གྱི་བྱ་བ་བསྟན་པའི་ཕྱིར། བདག་ཉིད་ཆེན་པོ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཆེན་པོའི་རྒྱུའི་ཡོན་ཏན་འདོད་

เล่ม ๑๔๙ · หน้า 45a

ཆགས་དང་བྲལ་བ་ལ་སོགས་བའི་ཡོན་ཏན་ལ་ལྷག་པར་འདོད་བ་སྟེ། གང་གི་ཕྱིར་ཡོན་ཏན་དུ་བྱས་ན་ནི་བདག་ལ་ཕན་པར་འགྱུར་རོ། །དེ་ཅི་ཞིག་བྱ་ཞེ་ན། དམ་པའི་ཆོས་ལ་བླ་མར་བྱ། །ཞེས་བྱ་བ་སྟེ། གུས་པར་བྱས་ནས་མཉན་པ་དང་། མཆོད་པ་ལ་

སོགས་པ་བྱས་ཏེ། བླ་མ་བཞིན་དུ་ཕན་འདོགས་པར་བྱེད་པའི་ཕྱིར་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མཆོད་པའི་ཕྱིར་རོ། །ཇི་ལྟར་བདག་ལ་དགའ་བ་ཡིན་ཞེ་ན། སངས་རྒྱས་བསྟན་པ་དྲན་པར་གྱིས། །ཞེས་བྱ་བ་སྨོས་ཏེ། བདག་གིས་འཇིག་རྟེན་ན་སུ་ཞིག་ལ་བསྙེན་

བཀུར་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་པ་ཡང་དག་པར་དྲན་ཞིང་དེའི་ཡུལ་ལ་བློ་ཤིན་ཏུ་མ་ཉམས་པར་བྱས་ཏེ། གལ་ཏེ་སངས་རྒྱས་ཀྱང་དམ་པའི་ཆོས་ལ་བླ་མར་མཛད་ན་བདག་གིས་བླ་མར་ཅིའི་ཕྱིར་མི་བྱ་ཞེས་ཡང་དག་པར་དྲན་

པར་བྱས་ཏེ། །དེ་ལ་མངོན་པར་བརྩོན་པར་བྱའོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་པའི་དད་པ་ཀུན་དུ་མ་སྐྱེས་པ་ནི་བློ་ཤིན་ཏུ་ཉམས་ཏེ། ཕོངས་པ་ཆེན་པོ་དང་ཕྲད་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། མི་གང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སིང་ཧ་ལའི་

མདོ་ལས། དེད་དཔོན་སིང་ཧ་ལས་གཞན་དག་ལ་འདི་སྐད་ཅེས་སྨྲས་སོ། །འདི་ན་ནི་སྲིན་མོ་རྣམས་ཡོད་དེ་རིང་བོ་མི་ཐོགས་པར་བདག་ཅག་ཀྱང་ཟོས་པར་འགྱུར་བས་རྟའི་རྒྱལ་པོ་བ་ལ་ཧའི་རྒྱབ་ཏུ་ཞོན་ལ་ཕྱི་ནས་རྗེས་སུ་འོངས་པར་གྱུར་ཀྱང་བལྟས་ན་ནི་ཉམས་པར་འགྱུར་རོ་ཞེས་སྨྲས་སོ།

དེ་ལས་གང་དག་དེའི་ཚིག་དང་རྗེས་སུ་མཐུན་པར་སྤྱོད་པ་དེ་དག་ནི་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་རོ། །དེ་ལས་གཞན་པ་རྣམས་ནི་ཟོས་པར་གྱུར་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །དད་པ་མ་བསྐྱེད་ཅེས་བྱ་བ་ནི་ཡིད་ཆེས་པར་ཡང་དག་པར་མ་སྐྱེས་བའོ། །དང་

མེད་ཅེས་བྱ་བར་གཞན་དག་ཏུ་བརྗོད་དོ། །བྱིས་བ་ནི་རྨོངས་པ་སྟེ། མུན་ཁུང་ན་གནས་པ་དེས་ནི་རིགས་པ་དང་མི་རིགས་པ་མི་མཐོང་ངོ་། །དེ་བཞིན་དུ་ཀུན་དུ་རྨོངས་པའི་མུན་པས་མངོན་པར་གཙེས་པའི་ཡིད་ཀྱིས་ནི་ལེགས་པར་སྤྱོད་པ་ལ་སོགས་པ་སྒྲུབ་པར་མི་འགྱུར་རོ། །མི་གང་

เล่ม ๑๔๙ · หน้า 45b

ཞེས་བྱ་བ་ནི་སེམས་ཅན་ནོ། །གང་ལ་ལ་ཞེ་ན། །སངས་རྒྱས་ཀྱི་བསྟན་པ་ལ་སྟེ། སངས་རྒྱས་ཀྱིས་བསྟན་ཅིང་བཤད་པ་ལ་བསླབ་པ་སྟེ། འདི་ནི་བཅོམ་ལྡན་འདས་ཀྱིས་བསྟན་པ་ཞེས་བྱའོ། །རྒུད་པའི་གནས་སུ་འགྲོ་འགྱུར་ཏེ། །ཞེས་བྱ་བ་ནི་མཐར་སྡུག་བསྔལ་འཐོབ་པར་འགྱུར་ཏེ།

ཇི་ལྟ་བུར་ཞེ་ན། སྲིན་མོ་རྣམས་ཀྱིས་ཚོང་པ་བཞིན། །ཞེས་བྱ་བ་ཡིན་ནོ། །དཔེར་ན་དེད་དཔོན་སིང་ཧ་ལས་སྨྲས་པའི་ཚིག་དང་རྗེས་སུ་མི་མཐུན་པའི་གླེན་པ་ནི་སྲིན་མོས་འཚོ་བའི་སྲོག་ཉམས་པར་བྱས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པའི་ཐུབ་པ་མཆོག་གིས་

བསྟན་པ་ལྟར་མི་བྱེད་བའི་ལུས་ཅན་དག་ནི་སྡུག་བསྔལ་ལ་བསྟན་པར་འགྱུར་རོ། །གང་ཞིག་དད་པ་སྐྱེད་པ་སྟེ། ཡང་དག་པར་དད་པས་སོ། །དད་པར་བྱེད་པ་ཞེས་གཞན་དག་ཏུ་བརྗོད་དོ། །ཤེས་རབ་ཅན་གྱི་མི་ཞེས་བྱ་བ་ནི་ཤེས་རབ་ཀྱིས་དེ་ཉིད་རྟོག་པ་གང་ལ་ཡོད་པའི་མཁས་པ་སྟེ།

སེམས་ཅན་ཞེས་བྱ་བའི་དོན་ཏོ། །དེ་ནི་བདེ་བར་ཕ་རོལ་འགྲོ། །ཞེས་བྱ་བ་ནི་འཚེ་བ་དང་སྡུག་བསྔལ་ཐམས་ཅད་མེད་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །སྤྲིན་ཤུགས་ལྡན་པས་ཚོང་པ་བཞིན། །ཞེས་བྱ་བ་ནི་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་སུམ་ཅུ་རྩ་གསུམ་པའི་ལྷའི་རྟའི་རྒྱལ་པོ་

མཐུ་སྟོབས་ཆེ་བའོ། །གང་དེད་དཔོན་གྱི་ཚིག་རྗེས་སུ་འཇུག་པ་དེ་དག་ནི་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་བརྟེན་ནས། འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་བ་དེ་བཞིན་དུ་བདེ་བར་གཤེགས་པའི་བཀའ་ལ་ཡིད་ཆེས་པ་སྐྱེས་པར་གྱུར་པ་ནི་རབ་ཏུ་ཞུགས་པ་དང་དེའི་བསྒྲུབ་པ་ལ་བརྟེན་ནས་མྱ་

ངན་ལས་འདས་པའི་ངོགས་སུ་ཕྱིན་པར་འགྱུར་རོ། །དད་པས་ཆོས་མཉན་པ་དང་། །དད་པ་སྔོན་དུ་འགྲོ་བས་ཡང་དག་པའི་ཀུན་དུ་རྟོག་པ་སྤྱད་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་མཉམ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་དག་ང་སྔོན་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་པ་ན་ཇི་ཙམ་ན་གཅིག་པུ་དབེན་པར་སོང་སྟེ་རྣམ་པར་རྟོག་པ་བསྐྱེད་དོ། །ངས་ནི་ཆོས་གཉིས་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་བས་གནས་ཏེ། །དགེ་བའི་ཆོས་ཀྱིས་མི་ངོམས་པ་དང་། དེ་དག་མི་མཐུན་པ་དག་ཡོངས་སུ་སྤངས་པ་

เล่ม ๑๔๙ · หน้า 46a

ལས་ཇི་ཙམ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་རྣམ་པར་བསམས་སོ། །ཁྱེད་ཅག་གིས་ཀྱང་ཆོས་གཉིས་ལ་བརྟེན་ཅིང་མང་དུ་བྱས་པས་གནས་པར་གྱིས་ཤིག །དམན་པས་ཆོག་པར་མ་བྱེད་ལ་

ཡང་གོང་ནས་གོང་དུ་གྱ་ནོམ་ཞིང་ཆེས་གྱ་ནོམ་པའི་གནས་དག་ལ་མངོན་པར་འདོད་པའི་ཚུལ་གྱིས་གནས་ན་ནི་ད་རིང་པོར་མི་ཐོགས་པར་སེམས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནས། ཇི་སྲིད་དུ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་རྗེས་སུ་

མཐུན་པའི་ཚོགས་ཀྱིས་འཐོབ་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་མིང་གི་དབང་དུ་བྱས་པ་སྟེ། དོན་གྱིས་དངོས་པོ་མཐའ་དག་རྟོགས་སུ་རུང་བའི་ཕྱིར་རོ། །འདིས་ནི་འབྲས་བུའི་གནས་སྐབས་བསྟན་ནས། གཞན་ལ་ཕན་པའི་གནས་སྐབས་སྟོན་

པར་བྱེད་པ་ཡིན་ནོ། །མཉམ་མེད་ཅེས་བྱ་བ་ནི་བསྙེན་པར་དཀའ་བ་སྟེ། ལྷའི་འཇིག་རྟེན་གྱིས་ཀྱང་ཟིལ་གྱིས་མནན་ཅིང་བསྙེན་པར་མི་ནུས་པས་ཁྱད་པར་དུ་འཕགས་པའི་གཟི་བརྗིད་དང་ལྡན་པའི་ཕྱིར་རོ། །མཉམ་པ་མེད་པའི་རྒྱུ་བསྟན་པའི་ཕྱིར། མཚུངས་པ་མེད་ཅེས་བྱ་བ་སྨོས་

ཏེ་གཞན་དག་གིས་གཞལ་བ་དང་བརྟག་པར་མི་ནུས་པའི་ཕྱིར་རོ། །རྣམ་རྟོག་གཉིས་པོ་སྤྱོད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་རྣམས་ཀྱི་ནང་ནས་རྣམ་པར་རྟོག་པ་གཉིས་ཁོ་ན་བཅོམ་ལྡན་འདས་སྤྱོད་ཅིང་མངོན་དུ་མཛད་པ་དང་ཐོབ་པར་མཛད་པའི་ཕྱིར་རོ། །གཉིས་པོ་དེ་རྣམ་པར་འགྲེལ་

པ་ནི་བདེ་བར་རྣམ་རྟོག་དེ་བཞིན་རབ་དབེན་པའི། །ཞེས་བྱ་བ་སྨོས་ཏེ། རྣམ་པར་མི་འཚེ་བའི་རྣམ་པར་རྟོག་པ་ནི་བདེ་བར་རྣམ་པར་རྟོག་པ་སྟེ། འཚེ་བ་མེད་པའི་བདག་ཉིད་ཀྱིས་མི་འཇིགས་པ་སྦྱིན་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་བཞིན་ཞེས་བྱ་བའི་དོན་ནི་རབ་ཏུ་དབེན་

པ་ཡང་ཞེས་བྱ་བའི་དོན་ཏེ། རབ་ཏུ་དབེན་པའི་འབྲས་བུ་ལ་རྣམ་པར་རྟོག་པ་ནི་དབེན་པ་སྟེ། ངེས་པར་འབྱུང་བ་ལ་རྟོག་པ་ཞེས་བྱ་བའི་དོན་ཏོ། །གཉིས་པོ་འདི་ཉིད་མང་དུ་སྤྱོད་པ་ཡིན་གྱི། གཞན་དུ་འདོད་པ་ལ་སོགས་པར་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །འོ་ན་

เล่ม ๑๔๙ · หน้า 46b

མདོ་ལས་ནི་དགེ་བ་དག་ལ་ཆོག་མི་ཤེས་པ་དང་མི་མཐུན་པ་རྣམས་སྤང་བར་བྱའོ་ཞེས་བསྟན་གྱི། བདེ་བ་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི་དེ་ཉིད་ཀྱི་རྣམ་གྲངས་ཉིད་ཡིན་པས་དེ་ལྟར་བསྟན་ཏེ། དགེ་བའི་རྩ་བ་ཐམས་ཅད་སྩོགས་པ་ལ་འཚེ་བ་མེད་པའི་བསམ་

པའི་རྒྱུས་ཡིན་པའི་ཕྱིར་དང་། བགེགས་མེད་པའི་ཕྱིར་དང་། ངེས་པར་འབྱུང་བའི་ཚུལ་ཡིན་པའི་ཕྱིར་དང་། སྤང་བར་བྱ་བ་སྤངས་པའི་ཕྱིར་རོ། རྣམ་པར་རྟོག་པ་གཉིས་པོ་ཀུན་དུ་སྤྱོད་པའི་འབྲས་བུ་བསྟན་པའི་ཕྱིར། མུན་བསལ་ཞེས་བྱ་བ་སྟེ། མུན་པ་བསལ་

ཞིང་སྤོང་བ་ནི་མ་རིག་པའི་མུན་པ་ཐམས་ཅད་རྩ་ནས་ཕྱུང་བས་སོ། །ཕ་རོལ་གཤེགས་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པའོ། །གྲགས་དང་ལྡན་ཞེས་བྱ་བ་ནི་སྙན་པ་དྲི་མ་མེད་པ་དང་ལྡན་པ་སྟེ། ལྷ་དང་མི་རྣམས་སུ་གྲགས་པ་

རྣམ་པར་འཕྲོ་བའི་ཕྱིར་རོ། །འདི་དག་ཐམས་ཅད་ཀྱི་ཁྱད་པར་ཡང་འབྱུང་བར་འགྱུར་བའི་མིང་གི་དབང་དུ་བྱས་པ་སྟེ། དེའི་ཚེ་ནི་འདི་མེད་པའི་ཕྱིར་རོ། །བདེ་བ་ཞེས་སྨོས་པས་ནི་རྣམ་པར་མི་འཚེ་བའི་རྣམ་པར་རྟོག་པ་བསྟན་ཏོ། །ཐ་དད་པར་བརྗོད་པ་ཅིའི་ཕྱིར་ཞེ་ན། འདིར་རྣམ་

པར་རྟོག་པའི་ཁྱད་པར་ལས་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱེ་བར་བསྟན་ཏེ། བཤད་པ་ནང་གི་བྱ་བ་དང་འབྲེལ་བའི་ཕྱིར་ཕྱི་རོལ་གྱི་བྱ་བ་འབྱུང་བ་ཡིན་ཏེ། དེ་གྲུབ་པས་ནི་དེ་ཡང་འགྲུབ་པ་ཉིད་དེ་དེས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་དེའི་ཀུན་དུ་རྟོག་པ་ལས་

སྐྱེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་སོ་ཞེས་མཚོན་པ་ཡིན་ནོ། །ཡང་ན་སངས་རྒྱས་ཉིད་ཀྱི་གནས་སྐབས་ཁོ་ན་སྔ་མའི་གནས་སྐབས་ཉིད་དུ་གྱུར་པ་སྟེ། རྣམ་པར་རྟོག་པ་གཉིས་པོ་མངོན་དུ་བྱས་པར་གྱུར་པའོ། །ལྷག་མ་ནི་

སྔ་མ་བཞིན་ནོ། །རྣམ་པར་རྟོག་པ་གཉིས་པོ་ཇི་ལྟར་སྤྱོད་པ་ཡིན་ཞེ་ན། དེ་ཉིད་བསྟན་པའི་ཕྱིར། དེས་ནི་བརྙེས་བྱ་བརྙེས་ཤིང་ཡིད་དབང་གྱུར། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །ཡང་དག་པར་རྫོགས་པའི་བྱང་

เล่ม ๑๔๙ · หน้า 47a

ཆུབ་ཐོབ་པར་བྱ་བ་ཐོབ་སྟེ། སེམས་ལ་དབང་བ་ཉིད་ཀྱི་དབང་ཕྱུག་དེས་སེམས་ལ་དབང་བར་གྱུར་པའོ། །ཀུན་སྒྲོལ་ཞེས་བྱ་བ་ནི་ཐམས་ཅད་སྒྲོལ་བ་སྟེ། ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གསུམ་གྱི་སྟོན་པ་གཅིག་པུས་ནི་

བགེགས་རྣམ་པ་བཞི་སྟེ། སྲེད་པ་དང་། གཏི་མུག་དང་། ཞེ་སྡང་དང་། ང་རྒྱལ་རྣམ་པ་བཞི་སྤངས་པའི་ཕྱིར་ཐམས་ཅད་ཟིལ་གྱིས་མནན་ཏེ་གནས་པའོ། །དེའི་རིམ་པས་བསྟན་པ་ནི། ཟག་ཟད་ཅེས་བྱ་བ་སོགས་པ་སྟེ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་སྤངས་པའི་

རྒྱུས་ནི་རྣམ་པ་སྣ་ཚོགས་པའི་ཆགས་པ་ལས་ཤིན་ཏུ་གྲོལ་བའོ། །གང་གི་ཕྱིར་སྲེད་པ་ནི་དྲ་བར་བཤད་ན་དེ་ལྟར་སྤངས་པ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མ་རིག་པ་ལས་རྣམ་པར་གྲོལ་བའི་ཐུགས་དང་ལྡན་པ་ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་

ཏུ་བརྟགས་པ་ལས་མི་ཤེས་པ་ལས་གྲོལ་བའི་སེམས་གང་ལ་ཡོད་པ་སྟེ། མི་ཤེས་པ་དང་ལྡན་པ་ཉིད་ལ་ནི་སྲིད་པ་འབྱུང་ངོ་། །དེ་མེད་པ་ཁོ་ནས་ནི་དེ་དང་བྲལ་བར་བསྟན་ཏོ། །ཞེ་སྡང་གི་རྩ་བ་ནི་སྲེད་པ་དང་མི་ཤེས་པ་ཡིན་ནོ། །སྲེད་པ་དང་མི་ཤེས་པ་སྤངས་པས་ནི་ཞེ་སྡང་འཇིག་

པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཐ་བ་ཞེས་བྱ་བ་སྨོས་པ་ལ་ཁྲོ་བ་དང་བྲལ་བའོ། །དྲེགས་པ་ནི་སྨད་པ་ཉིད་པས་གཞན་དག་བསལ་བར་མི་ནུས་སོ་ཞེས་བསྟན་པའི་ཕྱིར། ཟག་མེད་རྣམས་ཞེས་བྱ་བ་སྨོས་ཏེ། ང་རྒྱལ་དང་ཕྲག་དོག་ལ་སོགས་པའི་དྲི་མ་སྤངས་པ་ཞེས་

བྱ་བའི་དོན་ཏོ། །བདག་གི་དོན་མཛད་ནས་གཞན་གྱི་དོན་མཛད་པར་བསྟན་པའི་ཕྱིར། རྣམ་པར་གཟིགས་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་སྤྱན་གྱིས་ཀུན་དུ་གཟིགས་པའོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། འཁོར་བ་ལས་གདོན་

པ་དང་སྡུག་བསྔལ་ལས་བསྐྱབ་པའི་ཕྱིར་སུ་ནི་རྒུད་སུ་ནི་དར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །སུ་ཞིག་ལ་གཟིགས་ཤེ་ན། ལུས་ཅན་ཞེས་བྱ་བ་ལ་སེམས་ཅན་གདུལ་བྱ་ལ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ལ་དོན་གྱི་བྱ་བ་འབྱུང་བའི་ཕྱིར་རོ། །གཞན་གྱི་དོན་མཛད་

เล่ม ๑๔๙ · หน้า 47b

པའི་ཐབས་བསྟན་པའི་ཕྱིར། འགའ་ཞིག་རི་བོའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་བསྟན་པའི་ཕྱིར་ཚངས་པ་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ་ལས་ཚིགས་སུ་བཅད་པ་འདི་གཉིས་བཀའ་སྩལ་ཏོ། །རི་བོ་ནི་བྲག་གོ། །སྤོ་ནི་རྩེ་མོ་ལའོ། །ལ་ནི་ངེས་པར་གཟུང་བ་སྟེ།

རི་བོའི་སྤོ་ཉིད་ལ་འདུག་ན་ནི་ཐག་རིང་པོར་གྱུར་པ་ཡང་ཀུན་དུ་མཐོང་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། རིའི་སྤོ་ཉིད་ལ་གནས་པས་ནི་བགེགས་མེད་པར་ཐམས་ཅད་མཐོང་བ་ཡིན་ནོ། །འགའ་ཞིག་འདུག་ནས་སུ་ཞེས་བྱ་བ་ནི་མིག་དང་ལྡན་པའི་སྐྱེས་བུ་འདུག་ཅིང་གནས་པའོ། །འགྲོ་

བ་རྣམས་ལ་ཀུན་དུ་ལྟ་བ་ལྟར། །ཞེས་བྱ་བ་ནི་ཇི་ལྟར་བལྟས་པར་གྱུར་པའོ། །འགྲོ་བ་རྣམས་ནི་སྐྱེ་བོའི་ཚོགས་སོ། །ཀུན་དུ་ཞེས་བྱ་བ་ནི་ཐམས་ཅད་དུའོ། །དེ་བཞིན་ཆོས་ལས་བྱུང་བའི་ཞེས་བྱ་བ་ནི་དཔེ་དེ་དང་འདྲ་བ་ནི་དེ་བཞིན་ནོ། །རི་ཆེན་པོའི་སྤོ་དང་འདྲ་བའི་ཡོན་ཏན་གྱི་ཚོགས་

ཀྱི་ངོ་བོའི་ཁང་བཟངས་མཐོ་བ་གཞལ་མེད་ཁང་དང་འདྲ་བར་འཛེགས་ནས་སོ། །བློ་བཟང་ནི་མཁས་པའོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། ཀུན་དུ་སྤྱན་གཟིགས་ནས་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་དུ་འགྲོ་བའི་ཡེ་ཤེས་ཀྱི་སྤྱན་ཏེ། དེ་བཞིན་ཉིད་མཁྱེན་པ་དང་བརྩོན་

འགྲུས་གཉིས་ཀྱི་ཐུགས་རྗེས་གཞན་གྱི་དོན་མཛད་པ་ཡིན་ནོ། །སྙིང་རྗེ་ཉིད་བསྟན་པའི་ཕྱིར་སྨྲས་པ། མྱ་ངན་གྱིས་གདུངས་པ་རྣམས་ལ་ཞེས་བྱ་བ་ནི་མྱ་ངན་གྱིས་ཉེ་བར་གདུངས་པའོ། །སྐྱེ་བོ་ནི་སྐྱེ་བོའི་ཚོགས་སོ། །སྐྱེ་བ་དང་རྒ་བས་ཟིལ་གྱིས་གནོན་པ་ཞེས་བྱ་བ་འདི་

ནི་འདི་གཉིས་ཀྱིས་ཉེ་བར་གཙེས་པའི་ཕྱིར་ཏེ། གང་གི་ཕྱིར་སྐྱེ་བ་དང་དེ་རྣམ་པར་འགྱུར་བས་གཙེས་པའོ། །དེ་ལས་གཞན་ན་ནི་དེའི་ནང་དུ་འདུས་པའི་ཕྱིར་རོ། །དེ་མྱ་ངན་དག་མེད་པར་གྱུར་པ་ནི་མྱ་ངན་དང་བྲལ་བ་ཀུན་དུ་གཟིགས་པ་ནི་རྣམ་པར་གཟིགས་པ་སྟེ། སྙིང་རྗེ་ཆེན་པོ་སྐྱེད་

པས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་མདུན་དུ་པུས་མོ་བཙུགས་པ་ལ་འདི་སྐད་གདམས་སོ། །འབྱེད་མཛད་ཀྱིས་ཞེས་བྱ་བ་ནི་དབྱེ་བར་བྱ་བའོ་ཞེས་སོ། །འཆི་བ་མེད་པའི་སྒོ་མོ་ནི་ཐར་པར་འཇུག་པའི་ཐབས་ཏེ། འཕགས་པའི་ལམ་བསྟན་ཅིང་གསལ་བར་བྱའོ་

เล่ม ๑๔๙ · หน้า 48a

ཞེས་པའོ། །གང་དག་ཉན་འདོད་ཅེས་བྱ་བ་ནི་གང་དག་མཉམ་པ་ལ་ཀུན་དུ་རྩོལ་ཞིང་འདོད་པའོ། །ཇི་ལྟ་བུར་དེ་མཉན་པས་དུས་མཐའ་ཡས་པ་ནས་བསགས་པའི་ཐེ་ཚོམ་ནི་ཡིད་གཉིས་ཏེ། བདེན་བའི་ཡུལ་ལ་ཡིད་མི་ཆེས་པ་ནི་ཐམས་ཅད་དུ་བསལ་བར་

གྱིས་ཤིག་པ་སྟེ། ཡོངས་སུ་སྤོངས་ཤིག་པའོ། །འཆི་བ་མེད་པའི་ལམ་ནི་ཐེ་ཚོམ་སྤངས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཚོམས་ཏེ་ཉི་ཤུ་གཅིག་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།ཐུགས་རྗེ་ཆེན་པོ་རྣམས་ནི་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པར་མཛད་

ནས་གཞན་གྱི་དོན་དུ་ཆོས་སྟོན་པ་ལ་བརྟེན་པར་མཛད་དེ། དེ་བས་ན་དམ་པའི་ཆོས་བསྟན་པ་མཉན་པ་ལ་གཟུད་པར་བཞེད་པས་ཐོས་པའི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། ལེགས་པར་ཐོས་དང་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་དེ་བཞིན་གཤེགས་པའི་གོ་འཕང་འཐོབ་པས་གཞན་

ལ་བསྟན་པ་མ་གཏོགས་པར་ནི་གདུལ་བྱ་ཁྱད་པར་གོ་འཕང་འཐོབ་པར་མི་ནུས་པ་ཡིན་ཏེ། དེ་བས་ན་བསྟན་པའི་ཕན་ཡོན་བསྟན་པའི་ཕྱིར་རོ། །མཉན་ཡོད་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་རབ་ཏུ་མང་པོ་དག་འདུ་ཁང་དག་ཏུ་འདུས་ཏེ། གཏམ་བརྗོད་པར་བྱའོ། །ཅི་ཁྱེད་ཅག་ལེགས་

པར་བསྩགས་པ་གང་ཡིན་ཞེས་པ་དང་། ཁ་ཅིག་གིས་སྨྲས་པ། ལོངས་སྤྱོད་བཟང་པོ་ཉེ་བར་ལོངས་སྤྱོད་པའོ་ཞེས་ཟེར་རོ། །གཞན་དག་ནི་ལོངས་སྤྱོད་པ་དང་བུ་ལ་སོགས་པ་ཡིན་ནོ་ཞེས་ཟེར་ཏེ། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་དེའི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་གཉིས་

གསུངས་སོ། །ལེགས་པར་ཐོས་དང་ཞེས་བྱ་བ་ནི་འདི་ལ་དམ་པའི་ཆོས་ཉན་པ་ནི་རབ་ཏུ་བསྔགས་ཏེ། ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་ཇི་སྐད་དུ། ཐོས་པ་གཏི་མུག་མུན་སེལ་སྒྲོལ་མ་ཡིན། །ཞེས་གསུངས་པས་སོ། །ལེགས་སྤྱོད་དང་ཞེས་བྱ་བ་ནི་དེའི་འོག་ཏུ་ལུས་ལ་

སོགས་པ་ལེགས་པར་སྤྱོད་པ་ཀུན་དུ་སྤྱོད་པ་ནི་རབ་ཏུ་བསྔགས་པ་སྟེ། ངག་གི་ཕྱིར་ཐོས་པ་ཙམ་གྱི་སྨན་གྱིས་ནི་ནད་ཞི་བར་བྱེད་མི་ནུས་ཏེ། མངོན་པར་འདོད་པའི་བསྟན་པ་ནི་སྒྲུབ་པ་སྙིང་པོར་བྱེད་པ་ཡིན་པའི་ཕྱིར་རོ། །དང་གི་སྒྲ་ནི་ལེགས་པའི་སྒྲ་འོག་མ་ཡང་འདྲེན་པའི་ཕྱིར་རོ། །དང་འོག་

เล่ม ๑๔๙ · หน้า 48b

མའི་སྒྲ་ནི་སྲིད་པའི་ཚུལ་ལོ། །ཁྱིམ་ནས་ལེགས་པར་བྱུང་བ་ནི་ཁྱིམ་ཡོད་པ་མ་ཡིན་པ་ནི་ཁྱིམ་ནས་ལེགས་པར་བྱུང་བ་སྟེ་འཇུག་པའི་ཁྱིམ་གྱི་གནས་མེད་པ་གང་ཡིན་པ་དེ་ནི་དེ་ཉིད་དོ། །དེ་ལེགས་པར་བྱུང་བ་ཉིད་ནི་རབ་ཏུ་བྱུང་བ་སྟེ། དེ་ཡང་ལེགས་པའོ། འདི་ལྟར་གཡེང་བ་མེད་ཅིང་དམ་

པའི་ཚུལ་བསྲུང་བའི་ཐབས་ཡིན་པའི་ཕྱིར་རོ། །སྤོང་བར་བྱེད་པས་རབ་བསྐོར་ཅིང་། །ཞེས་བྱ་བ་ལ། རབ་བསྐོར་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་འཇུག་པ་སྟེ། དེ་སྤངས་པ་ནི་ཐར་པའོ། །དེ་ཡང་རྣམ་པར་སྨིན་པ་ལེགས་པར་འཐོབ་པ་སྟེ། ཐར་པའི་ཆ་དང་ལྡན་པ་ཞེས་བྱ་བའི་

དོན་ཏོ། །དགེ་སྦྱོང་གི་ནི་རྗེས་མཐུན་ལེགས། །ཞེས་བྱ་བ་ལུགས་སུ་འབྱུང་བའི་དངོས་པོ་ཡིན་པས་རྗེས་སུ་མཐུན་པ་སྟེ། འཕགས་པའི་ལམ་འཐོབ་པར་བྱེད་པའི་ཕྱིར་ངེས་པར་འབྱེད་པའི་ཆ་ལ་སོགས་པ་སྟེ། དེ་ཡང་ལེགས་པ་ཉིད་དེ་འོག་མ་བཞིན་དུ་བསྔགས་པའི་ཕྱིར་རོ། །གང་

དག་ཁ་ཅིག་རྣམ་པ་ལྔ་པོ་འདི་མི་ཤེས་པས་མི་འཇུག་སྟེ། དེ་ཉིད་བསྟན་པའི་ཕྱིར། བྱིས་པ་མི་མཁས་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་མི་ཤེས་པ་ལ་ཡིད་གནས་པ་དེའི་ཕྱིར་ཐར་པའི་བདེ་བ་འདི་མ་རྟོགས་པ་ཡིན་ནོ། །འཁོར་བ་ལ་སོགས་པ་ལ་

བདག་ཉིད་སྐྱོ་བར་མི་བྱེད་པ་ནི་བྱིས་པ་སྟེ། དེས་ན་ཡང་དེ་དག་འཆི་བ་མེད་པ་ལྟ་བུར་སྤྱོད་ཅེས་བྱ་བ་སྲིད་པ་ཤིན་ཏུ་འཇིགས་སུ་རུང་བ་ཡིན་ན། ཡང་དོགས་པ་མེད་པར་ལྟ་བཞིན་དུ་བག་མེད་པས་མི་འཆི་བའི་ཁང་པ་དང་སྐྱེད་མོས་ཚལ་ལ་སོགས་པ་ལ་སྤྱོད་པ་ཡིན་གྱི་མྱ་ངན་ལས་འདས་

པ་ལ་ནི་མ་ཡིན་ནོ། །མཁས་པ་དམ་པའི་ཆོས་དག་ལ། །ཞེས་བྱ་བ་ནི་གང་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཐོབ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཤེས་པ་ཡིན་ཏེ། དེ་ནི་འཁོར་བའི་གནས་སྐབས་ཅུང་ཟད་ཀྱང་ཉེ་བར་གདུང་བར་བྱེད་ཅིང་སྐྱོ་བར་བྱེད་པའོ། །ཡང་ན་ཆོས་

ནི་འཕགས་པའི་བདེན་པ་བཞི་ལ་འཇིག་རྟེན་ལས་འདས་པའི་ཤེས་པས་རྟོགས་པའོ། །འདིར་དཔེར་བརྗོད་པ་བསྟན་པའི་ཕྱིར། མཚན་མོའི་ནད་པ་བཞིན་དུ་བྱེད། །ཅེས་བྱ་བ་སྨོས་ཏེ། དཔེར་ན་ནད་ཀྱིས་བཏབ་པ་དག་ནི་མཚན་མོ་དང་མི་མཐུན་པ་ཡིན་ཏེ། གཞན་སྐྱོ་བསང་པ་

เล่ม ๑๔๙ · หน้า 49a

དག་མེད་པའི་ཕྱིར་དང་། ནད་ལྷག་པར་འབྱུང་བ་ཡིན་པས་ནད་པ་རྣམས་ཤིན་ཏུ་གདུང་བར་བྱེད་པ་ཡིན་ཏེ། དེ་བཞིན་དུ་མཁས་པ་དག་ཀྱང་སྐྱེ་བ་ལའོ། །ཆོས་ཐོས་པ་མ་གཏོགས་པར་ནི་དེ་བཞིན་ཉིད་ཤེས་པ་བྱིས་པ་ལས་འབྱུང་བ་མེད་དོ་ཞེས་བསྟན་པའི་ཕྱིར།

ཇི་ལྟར་ཁྱིམ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་དག་བྱིས་པས་ནི་འཕགས་པའི་བདེན་པ་བཞི་འདི་ལྟ་སྟེ། སྡུག་བསྔལ་ནས་ལམ་གྱི་བར་དུ་མི་ཤེས་ཏེ། ཇི་ལྟར་ཡང་མ་རིག་པའི་སྒྲིབ་པས་བསྒྲིབས་པའི་ཕྱིར་ཏེ། དཔེར་ན་སྐྱེས་བུ་ཀུན་ནས་གཡོགས་པའི་ཁྱིམ་

གྱི་ནང་དུ་ཞུགས་ན་དེར་གཟུགས་ལ་སོགས་ཡོད་བཞིན་དུ་མི་མཐོང་ངོ་ཞེས་པ་ནས་ཇི་སྲིད་དུ་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ཇི་ལྟར་ནི་དཔེར་ནའོ། །ཁྱིམ་ནི་ཁང་པ་སྟེ་གནོད་པ་མེད་པར་བྱེད་ཅིང་དེར་ཞུགས་ན་གྲང་བ་ལ་སོགས་པས་མི་ཉེན་པ་ཞེས་བྱ་བའི་དོན་ཏོ། ལེགས་

པར་གཡོགས་པའི་ཀུན་ནས་གཡོགས་པའོ། །ནང་གཟུགས་ཞེས་བྱ་བ་ནི་དེའི་ནང་དུ་གནས་པའོ། །ཁྱིམ་དེ་ཇི་ལྟ་བུ་ཞེ་ན། མུན་པས་ཁེབས་པའི་ཞེས་བྱ་བ་སྟེ་མུན་ནག་གིས་ཁྱབ་པའོ། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །ཞེས་བྱ་བ་ནི་དེ་ན་བུམ་པ་དང་སྣམ་བུ་ལ་སོགས་པའི་

དངོས་པོ་རྣམ་པར་གནས་པར་གྱུར་ཀྱང་ངོ་། །མིག་དང་ལྡན་བཞིན་མི་མཐོང་བ། །ཞེས་བྱ་བ་ནི་མིག་ལ་སྐྱོན་མེད་པར་གྱུར་ན་ཡང་མི་མཐོང་ངོ་། །དེ་བཞིན་འདི་ན་ཞེས་བྱ་བ་ནི་འདི་ལྟར་འཇིག་རྟེན་འདི་ན་སེམས་ཅན་ལ་ལའོ། །རིགས་ལྡན་ཡང་ཞེས་བྱ་བ་ནི་གང་ལ་བསྔགས་པའི་

རིགས་ཡོད་པའོ། །རིགས་ལྡན་ལ་སོགས་ཞེས་བྱ་བ་བརྗོད་པར་བྱ་སྟེ། སོགས་པའི་སྒྲ་ནི་བྱིས་པ་ཡིན་ཏེ། ཁ་དོག་དང་གཟུགས་ཁྱད་པར་ཅན་དང་ལྡན་པ་ཡིན་ཡང་ངོ་། །མ་ཐོས་བར་དུ་ཤེས་མི་འགྱུར། །ཞེས་བྱ་བ་ནི་མ་མཉན་ཅིང་མ་བརྟགས་པར་ནི་རྟོགས་པར་མི་འགྱུར་རོ།

གང་ཞིག་ཅེ་ན། ཆོས་ཞེས་བྱ་བ་ཡིན་ཏེ། དངོས་པོའི་དོན་གྱི་ངོ་བོའོ། །དགེ་བ་དང་ནི་སྡིག་པ་ཞེས་བྱ་བ་ནི་རབ་ཏུ་བསྔགས་པ་དང་མ་བསྔགས་པའོ། མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །ཞེས་བྱ་བས་ནི་ཡང་དཔེར་ན་མིག་དང་ལྡན་པས་ཁང་

เล่ม ๑๔๙ · หน้า 49b

པ་ལེགས་པར་གཡོགས་པའི་ནང་དུ་ཞུགས་པ་ན་གཟུགས་ལ་སོགས་པ་མེ་སྒྲོན་གྱི་ཐབས་ཀྱིས་མཐོང་བར་བྱེད་དོ། །དེ་བཞིན་དུ་རིགས་ལ་སོགས་པ་དམན་པའི་སྐྱེས་བུ་ཡང་ཆོས་མཉན་པས་དེ་བཞིན་ཉིད་ཀྱི་དངོས་པོ་ལ་ཡིད་ཆེས་པར་འགྱུར་རོ། །ཁྱད་པར་གྱི་ཆོས་ཐམས་ཅད་ནི་ཐོས་པ་

ལ་རག་ལས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་ཞིག་གིས་གསོལ་པ། །ཆོས་རྣམས་གང་གིས་ཤེས་འགྱུར་ཞིང་། །སྡིག་ལས་གང་གིས་ལྡོག་པར་འགྱུར། །དོན་མེད་གང་གིས་སྤོང་བ་དང་། གང་གིས་

མྱ་ངན་འདས་ཐོབ་འགྱུར། །ཞེས་ཞུས་པ་དང་། དེས་ན་འདི་གསུངས་སོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་གཏད་པས་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །ཆོས་རྣམས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་བསྟན་པའོ། འདི་ཐོས་ནས་ཅི་ཞིག་རྣམ་པར་ཤེས་པར་

འགྱུར་ཞིང་ངེས་པར་བྱེད་ཅེ་ན། དངོས་པོའི་དེ་བཞིན་ཉིད་དེ། དེ་བས་ན་གནས་སྐབས་ཀྱིས་བསྒྲུབ་པ་ཡིན་ཏེ། དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་དངོས་པོའི་དེ་བཞིན་ཉིད་ལ་བརྗོད་དོ། །ཇི་ལྟར་ཡང་འདི་ན་གཅིག་ཏུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་

ཐོས་ནས་རྣམ་པར་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ་ཆོས་འདི་ཉིད་ནི་གང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཡོངས་སུ་སྟོན་པ་ཡིན་གྱི། ཕྱི་རོལ་མུ་སྟེགས་པའི་མེ་དང་ཆུ་ལ་འཇུག་པ་དང་། ཟས་གཅོད་པ་ལ་སོགས་པ་སྟོན་པ་ནི་མ་ཡིན་ནོ། །ཐོས་པས་སྡིག་ལས་ལྡོག་

པར་འགྱུར། །ཞེས་བྱ་བ་ནི་ངན་པར་སྤྱོད་པ་ལས་ལྡོག་པ་སྟེ། ཇི་ལྟར་ཡང་གཅིག་ཏུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་ཤིང་དེ་བསྒྲུབས་པས་ངན་པར་སྤྱོད་པ་རྣམ་པ་བཅུ་ལས་ལྡོག་པ་ཡིན་ནོ། །ཐོས་པས་དོན་མེད་སྤོང་

བར་བྱེད། །ཅེས་བྱ་བ་ནི་ཇི་ལྟར་གཅིག་ཏུ་དེ་བཞིན་གཤེགས་པས་བསྟན་པའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་ནས་དེ་ལ་བརྟེན་ནས་དོན་མེད་པར་གྱུར་པའི་འདོད་པ་སྤོང་བ་ཡིན་ནོ། །གང་བྱིས་པ་དག་ནི་དོན་ཡོད་པའི་འདུ་ཤེས་བྱེད་དོ། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་

เล่ม ๑๔๙ · หน้า 50a

བྱ་བ་ནི་ཇི་ལྟར་ཡང་འདི་ན་གཅིག་ཏུ་དེ་བཞིན་གཤེགས་པས་བསྟན་པའི་ལྷག་པའི་ཤེས་རབ་ཀྱི་བསྟན་པ་ཐོས་ཤིང་དེ་ལ་བརྟེན་པས་ཉོན་མོངས་པ་འགོག་པ་ཐོབ་པ་ཡིན་ནོ། །ཡང་ན་ཆོས་ཐོས་པས་ནི་གོ་རིམས་བཞིན་དུ་ལས་དང་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་

མོངས་པ་སྤངས་པ་ཐོབ་པར་འགྱུར་བའོ། །ཡང་ན། ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཞེས་བྱ་བ་ནི་དགེ་བར་བྱེད་པའོ། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཞེས་བྱ་བ་ནི་ངན་པར་སྤྱོད་པ་མི་བྱེད་པའོ། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཞེས་བྱ་བ་ནི་སྡིག་པ་ཅན་གྱི་སྐྱེ་བོ་

མི་བསྟེན་པའོ། །གསུམ་པོ་འདི་ལ་བརྟེན་ཅིང་ལམ་བསྒོམས་པས་ནི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །ཡང་ན་དགེ་བ་དང་མི་དགེ་བའི་ཆོས་ཀྱི་དངོས་པོ་རྟོགས་པར་འགྱུར་ཞིང་དེ་ནས་སྡིག་པ་ལས་ལྡོག་པར་འགྱུར་རོ། །དགེ་བ་ལྷག་པར་སྤྱོད་པས་མི་འདོད་པའི་འགྲོ་བ་

སྤོང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པར་བརྗོད་པར་བྱའོ། །ཐོས་པ་དང་ཚུལ་ཁྲིམས་ཀྱིས་ནི་མཛེས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་ཐོས་པ་མང་གྱུར་པ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔའོ། །གང་ཟག་བཞི་ཡོད་དེ་དེ་ལ་གང་ཟག་

ཐོས་པ་མང་བ་གང་ཞེ་ན། ཐོས་པ་དང་ལྡན་པར་བརྗོད་པ་ནི་འདི་ནི་ཐོས་པ་མང་བ་མ་ཡིན་ཏེ། །ཐོས་པ་ནི་གཞི་ཡིན་ཏེ། ཐོས་པས་བསགས་ཤིང་ཞེས་དེ་ལ་ཆོས་ཀྱི་དོན་མི་ཤེས་པ་དང་ཆོས་མི་ཤེས་པས་ཆོས་ལ་ཆོས་ཀྱི་རྗེས་སུ་ཞུགས་པ་དང་མཐུན་པར་ཞེས་བྱ་བ་ནས་ཇི་སྲིད་མུ་བཞིའི་

བར་དུ་སྟེ། དེས་ན་འདི་དག་གསུངས་སོ། །འདི་ལ་མང་དུ་ཐོས་པ་དེ་ཉིད་ནི་མང་པོ་ཐོས་པ་དང་། ལན་མང་དུ་ཐོས་པ་དང་མང་དུ་མཉན་པས་མང་དུ་ཐོས་པ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་ཇི་སྟེ་དེས་བྱེ་བྲག་ཏུ་སྨྲས་པ་ལ་སོགས་པའི་རྟོགས་པ་སྟེ། སྡེ་སྣོད་གསུམ་

གྱི་དོན་དང་ཚིག་འབྲུ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཚུལ་ཁྲིམས་ལེགས་པར་མི་སྡོམ་པ། །ཞེས་བྱ་བ་ནི་བདུན་ལས་ལྡོག་པ་དང་ཆང་འཐུང་བ་སྤོང་བ་དང་། ཡང་དག་པའི་འཚོ་བ་སྟེ། བསླབ་པ་རྣམ་པ་དགུ་ལ་གུས་པར་མི་བྱེད་པའོ། །ལེགས་པར་སྡོམ་པ་ནི་ལེགས་

เล่ม ๑๔๙ · หน้า 50b

པར་མཉམ་པར་བཞག་པའོ། །དེ་ལས་བཟློག་པ་ནི་ལེགས་པར་མི་སྡོམ་པའོ། །ཆོས་མི་སྒྲུབ་པ་ཡིན་ཏེ། ཆོས་ཀྱི་རྗེས་སུ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་། །ཞེས་བྱ་བ་ནི་བསླབ་པ་ཡོངས་སུ་མི་སྲུང་བའི་སྒོ་ནས་དེ་མང་དུ་ཐོས་ཤིང་ཁོང་དུ་ཆུད་ཀྱང་ཁྱད་པར་དུ་

སྨད་པ་ཡིན་ཏེ། འཇིག་རྟེན་ན་ལམ་མཉམ་པོ་ན་མིག་དང་ལྡན་པའི་སྐྱེས་བུ་ཡང་ནས་ཡང་དུ་འགྱེལ་བ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ཡི་ཐོས་པ་ཕུན་སུམ་མིན། །ཞེས་བྱ་བ་སྟེ། གང་ཟག་འདི་ནི་ཚུལ་བཟང་པོ་དང་བྲལ་བ་ཡིན་པའི་ཕྱིར་ཐོས་པ་ཙམ་གྱིས་ནི་རང་གི་ཕུན་སུམ་

ཆགས་པ་མེད་དོ། །ཐོས་པའི་རྒྱན་ནི་སྒྲུབ་པ་ཡིན་ལ་བཞིན་གྱི་རྒྱན་ནི་མིག་ཡིན་ནོ་ཞེས་བྱ་བའི་ཚིག་གིས་ཏེ། གལ་ཏེ་ཐོས་པ་མང་བར་གྱུར་ཀྱང་འབྲས་བུ་དང་བཅས་པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐོས་པ་ཉུང་གྱུར་ཀྱང་། །ཞེས་བྱ་བ་ནི་གང་གི་ཕྱིར་ཐོས་པ་ཇི་ལྟར་ཆུང་

བར་གྱུར་ཀྱང་ཐོས་པ་བསྒྲུབ་པར་བྱས་ན་དམ་པ་རྣམས་ཀྱིས་བསྔགས་པ་ཡིན་ཞིང་དེའི་ཐོས་པ་དོན་ཆེན་པོར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་ལ་སོགས་པ་འདིར་དཔེར་བརྗོད་པར་བྱའོ། །གང་ཞིག་ཐོས་པ་ཉུང་བ་དང་། །ཞེས་བྱ་བ་ནི་གང་ཞིག་ཐོས་པ་ཡང་ཉུང་ལ་བསླབ་པ་ལ་ཡང་མ་གུས་

ན་དེ་ཉིད་གཉིས་ཀྱི་ཕྱིར་དམ་པ་རྣམས་ཀྱིས་སྨད་པ་ཡིན་ཏེ། ཐོས་པ་ཉུང་བ་དང་ཚུལ་ཁྲིམས་འཆལ་པ་གཉིས་ཀྱིས་སོ། །ཅིའི་ཕྱིར་ཞེ་ན། དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན། །ཞེས་བྱ་བ་དེའི་རབ་ཏུ་བྱུང་བ་ནི་འབྲས་བུ་དང་བཅས་པ་མ་ཡིན་ཏེ། ཡན་ལག་མ་ཚང་བའི་ཕྱིར་རོ། །ཐོས་པ་

མང་བ་དང་ཚུལ་ཁྲིམས་དང་ལྡན་པས་ནི་རབ་ཏུ་བྱུང་བ་རྫོགས་པར་འགྱུར་ཞིང་ངང་ཚུལ་བཟང་པོ་ཕུན་སུམ་ཚོགས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཐོས་པ་མང་བར་འགྱུར་བ་ཡང་དཔེར་ན་མིག་གཡས་པ་དང་ལྡན་པར་གྱུར་ཀྱང་ཅིག་ཤོས་མེད་ན་བཞིན་མཛེས་པ་མ་ཡིན་ནོ། །དེ་བཞིན་

དུ་ཅིག་ཤོས་ཀྱང་བརྗོད་པར་བྱའོ། །གང་ཞིག་གི་མིག་གཉི་ག་སྐྱོན་མེད་པ་དེ་ནི་ཤིན་ཏུ་མཛེས་པའི་མིག་ཡིན་ཏེ། དེ་ཡང་འཇིག་རྟེན་ན་ཤིན་ཏུ་བསྔགས་པ་ཡིན་པ་དེ་བཞིན་དུ་ཐོས་པ་དང་ཚུལ་ཁྲིམས་དང་ལྡན་པ་ནི་རབ་ཏུ་མཛེས་པ་ཡིན་ནོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ཉིད་

เล่ม ๑๔๙ · หน้า 51a

ཉིད་གསལ་བར་བྱེད་དེ་ཐོས་པ་མང་བ་ནི་གསུང་རབ་ཐམས་ཅད་ཀྱི་དོན་དང་ཚིག་འབྲུ་རྟོགས་པའི་ཕྱིར་རོ། །ཆོས་འཛིན་པ་དང་ཞེས་བྱ་བ་ནི་དྲན་པའི་ཁྱད་པར་དང་ལྡན་པའི་ཕྱིར་ཏེ། དེ་ཡོངས་སུ་ཉམས་པ་མེད་པར་བསྟན་པའོ། །ཤེས་རབ་ལྡན་ཞིང་ཞེས་བྱ་བ་ནི་དེ་ལ་

བརྟེན་པས་ཐོས་པ་ལས་བྱུང་བའི་ཤེས་རབ་ལ་སོགས་པ་འཐོབ་པའི་ཕྱིར་རོ། །མཉམ་པར་གཞག་པ་ནི་བསླབ་པ་ལ་གུས་པ་སྟེ། མདོ་ལས་དེའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་དག་སུས་ཀྱང་སྨད་འོས་མིན། །ཞེས་བྱ་བ་ནི་ལྷ་དང་མི་དང་དེ་ལས་གཞན་པ་དག་གིས་ཀྱང་དེ་དག་ལ་ནམ་

ཡང་སྨོད་པ་ལ་འཇུག་པར་མི་འགྱུར་ཏེ། གང་ཞེ་ན། འཛམ་བུའི་ཀླུང་གི་གསེར་རྒྱན་བཞིན། །ཞེས་བྱ་བ་སྨོས་ཏེ། རྒྱན་ནི་དགེ་བའི་མགར་བས་བྱས་པའི་རྒྱན་ནོ། འཛམ་བུའི་ཀླུང་གི་གསེར་ཞེས་བྱ་བ་ནི་གསེར་ཤིན་ཏུ་བཟང་པོ་རྣམ་པར་བསྒྱུར་བའོ། །རྣམ་པ་གཉིས་ནི་སྨད་པ་ཡིན་

ཏེ། བཟོ་མ་བྱས་པ་དང་། རྫས་ངན་པ་སྟེ། དེ་ལ་ནི་གཉི་ག་མེད་དོ། །ཤིང་འཛམ་བུ་ནང་ཉེ་བར་གནས་པ་གང་ཡིན་པ་དེ་ནི་འཛམ་བུ་ཆུ་བོའི་གསེར་ཏེ་འཛམ་བུ་ཆུ་བོའི་གསེར་ནི་ཤིན་ཏུ་བཟང་པོ་ཞེས་བྱ་བའི་དོན་ཏོ། །ཐོས་པ་མང་པོ་ལ་སོགས་པ་མེད་པ་དང་ཡོད་པའི་ཉེས་དམིགས་དང་།

ཕན་ཡོན་བསྟན་པའི་ཕྱིར། གང་ཞིག་གཟུགས་ཀྱིས་རྗེས་དཔོག་ཅིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཕགས་པ་ལན་ཚྭ་བཟང་པོའི་སྒྲས་རྒྱལ་པོ་གསལ་རྒྱལ་ཡོངས་སུ་དགའ་སྟེ། དེ་མཆོད་པའི་ཕྱིར་ཀུན་དགའ་བོ་དང་ལྷན་ཅིག་ཏུ་དེའི་དྲུང་དུ་འོངས་པ་དང་། དེ་གཟུགས་ཤིན་ཏུ་མི་

སྡུག་པ་མཐོང་ནས་ཤིན་ཏུ་སྐྱོ་བ་སྐྱེས་ཏེ། མཆོད་པའི་ཡོ་བྱད་མདུན་དུ་བཞག་ནས་སླར་ལོག་གོ། །དེ་ནས་དེས་སྔོན་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་ལྔ་པོ་འདི་སྨྲས་སོ། །གང་ཞིག་ཅེས་བྱ་བ་ནི་སེམས་ཅན་ཏེ་གསལ་རྒྱལ་ལ་སོགས་པའོ། །ཐོས་པ་མང་པོ་

མེད་ཅིང་སེམས་མ་བསྒོམས་པའི་ཕྱིར་དང་ཡེ་ཤེས་ཀྱི་མེ་མ་སྦར་བའི་ཕྱིར་རོ། །གཟུགས་ཀྱི་རྗེས་དཔོག་ཅིང་ཞེས་བྱ་བ་ནི་ཕ་རོལ་མཐོང་བས་ཁ་དོག་དང་དབྱིབས་ཙམ་གྱིས་ཡོངས་སུ་གཅོད་ཅིང་གཞན་གྱིས་ཚད་ལེན་པར་བྱེད་དེ་གཟུགས་སྡུག་པ་དང་གཟུགས་མི་སྡུག་པ་གཉིས་

เล่ม ๑๔๙ · หน้า 51b

ཀྱིས་ཡོན་ཏན་དང་སྐྱོན་ཉིད་དུ་རྟོགས་པར་བྱེད་དོ། །ང་ཞེས་བྱ་བ་ན་འཕགས་པ་ལན་ཚྭ་བཟང་པོ་བདག་ཉིད་བསྟན་ཏོ། །གང་ཞིག་ངའི་གཟུགས་ཤེས་པས་ནི་ཕྱི་རོལ་གྱི་ཤེས་པ་ཡིན་གྱི་ནང་གི་སེམས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་ཡིས་འཇལ་བར་བྱེད་པ་ཞེས་བྱ་བ་ནི་སྒྲ་སྙན་

པའི་རྗེས་སུ་འཇུག་ཅིང་སྐད་སྙན་པས་ཡོན་ཏན་དུ་ཤེས་པར་བྱེད་དེ། མདོག་ངན་པས་ནི་སྐྱོན་དང་ལྡན་པར་ཡང་རྟོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལོག་པར་རྟོགས་པ་ནི་ཉོན་མོངས་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདུན་པའི་འདོད་ཆགས་ལྡན་པ་ཡི། ཞེས་བྱ་བ་སྨོས་

སོ། །ཏིང་ངེ་འཛིན་གྱི་སྒྲིབ་པ་ནི་གཟུགས་ཀྱི་འདོད་ཆགས་ཀྱི་སྒྲིབ་པར་གྱུར་པ་སྟེ་འདོད་པ་ལ་འདོད་ཆགས་ཞེས་བྱ་བའི་དོན་ཏོ། །འདོད་པའི་འདོད་ཆགས་ནི་འདོད་པ་བྱེད་པ་ལ་འཇུག་པ་སྟེ། གང་གི་ཕྱིར་དེས་དབང་དུ་བྱས་པས་གཟུགས་སྡུག་པ་ལ་སོགས་པས་ནི་འདོད་པར་

བྱེད་ལ། གཟུགས་མི་སྡུག་པ་ལ་ནི་ཞེ་སྡང་བར་བྱེད་དོ། །སྐྱེ་བོ་དེ་ཡིས་ང་མི་ཤེས། །ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཤེས་པ་མེད་པའི་ཕྱིར་མི་ཤེས་པ་སྟེ། མཉམ་པར་གཞག་ན་ནི་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ། །འདོད་པའི་དབང་

དུ་སོང་བས་ནི་ཡོན་ཏན་ཁྱད་པར་ཅན་མཐོང་བའི་མཐུ་མེད་དེ། དེ་བས་ན་ཇི་ལྟར་དེས་ཡོན་ཏན་ཅན་ཤེས་པར་འགྱུར་ཞེས་པའོ། །གཞན་དག་བརྗོད་པ་ནི་སངས་རྒྱས་མཐོང་བས་ཨ་གར་མི་ཏ་ཞེས་བྱ་བའི་ཀུན་དུ་རྒྱུས་དཔེ་མེད་མ་བླངས་ཏེ་ནགས་སུ་སོང་ནས་བཅོམ་ལྡན་འདས་

ལ་མཆོད་པ་བྱས་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ་ཞེས་ཟེར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འདི་ལྟར་ཡང་འདི་ན་གཅིག་ཏུ་སོ་སོའི་སྐྱེ་བོ་འདུན་པའི་འདོད་ཆགས་སྤངས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེགས་པ་

ལ་འདི་ལྟར་རྟོག་པ་བྱེད་དེ། འདི་ནི་ངེས་པར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཡང་སྒྲ་ཤིན་དུ་སྙན་པས་ནི་ངེས་པར་གླིང་བཞི་ལ་རྗེས་སུ་སྟོན་པར་བྱེད་དེ། དེའི་ཁྱད་པར་གྱིས་གཞན་དག་ལ་ཡང་དེ་འདུལ་བར་བྱེད་ཅིང་འདྲེན་པར་བྱེད་པ་ཡིན་ནོ་ཞེས་སོ། །གཞན་

เล่ม ๑๔๙ · หน้า 52a

དག་ནི་ཀུན་དུ་རྒྱུ་ཞིག་ཐམས་ཅད་མཁྱེན་པ་འདོད་ཅིང་རྒྱལ་བྱེད་ཀྱི་ཆལ་དུ་ཞུགས་པ་ན་བཅོམ་ལྡན་འདས་ཆོས་སྟོན་ཅིང་བཞུགས་པ་མཐོང་ནས་མངོན་པར་དད་དེ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཆོས་འདི་ནི་ལེགས་པར་གསུངས་པ། ཉན་ཐོས་ཀྱི་

དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ་ཞེས་ལྟ་བ་བཟང་པོ་རྙེད་དོ། །བཅོམ་ལྡན་འདས་ལ་དགའ་ནས་དེའི་འོག་ཏུ་མཉན་ཡོད་ན་གནས་པའི་ཀུན་དུ་རྒྱུའི་སྐྱེ་བོ་ལ་སྨོད་པར་བྱེད་དོ་ཞེས་པ་དང་། སྐབས་འདི་ལ་འདི་གསུངས་སོ། །དེའི་ཕྱིར་གང་སུ་དག་གིས་གཟུགས་ཕུན་སུམ་ཚོགས་

པར་བཅོམ་ལྡན་འདས་ལ་བལྟས་ཏེ་དད་པ་སྐྱེས་པར་གྱུར་པའམ། སྐྱེས་བུ་དམ་པ་ལ་བརྟེན་པའམ། དམ་པའི་ཆོས་མཉན་པ་ལ་སོགས་པ་ལ་ཡང་ཞེ་སྡང་བར་འགྱུར་ཏེ། ཆོས་ཀྱི་སྐུ་མ་རྟོགས་པ་སྟེ་ཤེས་ནས་དད་པ་མེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་སྔ་མའི། གང་

ཞིག་གཟུགས་ཀྱིས་ཞེས་བྱ་བ་དང་། ང་ལ་སྒྲ་ཡིས་ཞེས་བྱ་བ་གཉིས་ཀྱིས་གཟུགས་དང་། ཆོས་ཀྱི་སྐུའི་ཕྱི་རོལ་དང་ནང་གི་གཟུགས་བསྟན་ཏེ། དེ་གཉིས་ལས་གཞན་པ་ཡོངས་སུ་མི་ཤེས་པའམ་ཐམས་ཅད་མ་ཤེས་པས་ནི་ཅི་རིགས་པར་དྲང་དུ་རུང་ངོ་ཞེས་བསྟན་པའི་ཕྱིར།

གལ་ཏེ་ནང་ནི་རྣམ་ཤེས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནང་ཞེས་བྱ་བ་ནི་བདག་ཉིད་དེ་བདག་གི་ནང་དུ་གནས་པའི་ཡོན་ཏན་ནོ། །གལ་ཏེ་ཞེས་བྱ་བ་ནི་བརྒྱ་ལའོ། །ཐམས་ཅད་ཀྱིས་ཀྱང་གཞན་གྱི་རྒྱུད་ལ་གནས་པའི་ཡོན་ཏན་ནི་འགའ་ཞིག་ཀྱང་གཅད་

པར་མི་ནུས་ཏེ། འོན་ཀྱང་གང་གི་ཚེ་རྣམ་པར་ཤེས་ཤིང་ཡོངས་སུ་གཅོད་པར་ནུས་ན་ཞེས་བྱ་བའི་དོན་ཏོ། །དཔེར་ན་གཅིག་པུ་ཡོངས་སུ་མྱ་ངན་ལས་འདས་པའི་བཅོམ་ལྡན་འདས་དང་། དེའི་ཉན་ཐོས་ཀྱི་ཚོགས་དེས་བསྟན་པའི་ལམ་ལ་ཞུགས་ཏེ། གསུང་རབ་ལ་གོམས་

པས་བསྐྱེད་པ་དེའི་ལྷག་པར་མོས་པས་ཐོས་པ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་དག་གིས་སྒྲུབ་པར་འགྱུར་བ་དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་དོ། །དེའི་གཞི་གཟུགས་ཀྱི་སྐུ་ལྷག་པར་མཐོང་བ་ནི་མ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདས་

เล่ม ๑๔๙ · หน้า 52b

པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དཔེར་ན་གླང་པོ་ཆེ་ཆེན་པོའི་རྗེས་ཀྱིས་ནི་གླང་པོ་ཆེ་ངེས་པར་ཤེས་པར་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་སྐུ་ཤིན་ཏུ་མཛེས་པས་ཆོས་ཀྱི་སྐུ་ཡིན་ནོ་ཞེ་ན། གང་གི་ཚེ་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་དུ་ཟད་དེ། དེའི་གཞི་ནི་དེ་ལྟ་བུ་མ་ཡིན་ཏེ། །

ནམ་མཁའི་མེ་ཏོག་དྲི་དང་ཁ་དོག་ཕུན་སུམ་ཚོགས་པས་ཡིད་ཆེས་པ་བཞིན་དུ་འདི་ནི་བརྫུན་པ་ཡིན་ནོ་ཞེས་གཞན་གྱི་ཚིག་གིས་ནི་བསྒྱུར་ཞིང་དྲང་དུ་རུང་སྟེ་དེའི་ཕྱིར་བདག་ལ་དབང་བས་ནི་མེད་པའི་དངོས་པོ་ཡང་ཡོད་པར་བྱེད་ལ། ཡོད་པ་ཡང་མེད་པར་སྟོན་ཏེ། སྐྱོན་ཡང་ཡོན་ཏན་

བྱེད་པ་སྟེ། །ཡོན་ཏན་ཡང་སྐྱོན་བྱེད་པར། །ཚིག་དབང་ནུས་ཀྱི་དེ་མིན་ཏེ། །སྐྱོན་ཡང་སྐྱོན་ཉིད་ཡོན་ཏན་ཡང་། །ཞེས་བྱ་བ་ཡིན་ནོ། །ཕྱི་རོལ་ཞེས་བྱ་བ་ནི་གཟུགས་སོ། །མཐོང་བར་མ་གྱུར་པ་ནི་མངོན་སུམ་དུ་མ་དམིགས་པའོ། །ནང་གི་འབྲས་བུ་མཐོང་བ་གང་། །ཞེས་བྱ་བ་ནི་ནང་གི་

འབྲས་བུ་ལུང་གི་ཁྱད་པར་ཐོས་ཤིང་བསམས་པའི་ཚུལ་གྱིས་འབྲས་བུ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །དེས་མཐོང་བའི་ཚུལ་འདི་ལ་ཡོད་པ་ནི་ནང་གི་འབྲས་བུ་མཐོང་བ་སྟེ། འཇིག་རྟེན་པའི་ཤེས་པས་གཞན་གྱི་རྒྱུད་ལ་འགྲོ་བའི་

ཁྱད་པར་གང་ཡོངས་སུ་གཅོད་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་དེ་ཉིད་ཀྱིས་སོ། །སྒྲ་ཡིས་ཞེས་བྱ་བ་ནི་གཞན་གྱི་ཚིག་གིས་སོ། །དྲང་དུ་རུང་བ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་བཟུང་བ་སྟེ། ལམ་ལོག་པར་འཇུག་པ་ཞེས་བྱ་བའི་དོན་ཏོ། །ནང་གི་ཤེས་པར་མ་གྱུར་པ། །

ཞེས་བྱ་བ་ནི་ལུང་དང་འབྲེལ་པའི་ཐོས་པ་དང་བསམས་པའི་ཤེས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་ཞེས་བྱ་བ་ནི་གཟུགས་ཀྱི་སྐུ་འབའ་ཞིག་མཐོང་བའོ། །གང་གི་ཕྱིར་རྫོགས་བྱེད་ལ་སོགས་པས་བཅོམ་ལྡན་འདས་ཀྱི་སྐུ་སྐྱེས་བུ་ཆེན་པོ་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་

དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་རྒྱུན་དུ་མཐོང་བ་ཡིན་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ནང་གི་བྱེད་པའི་ཡོན་ཏན་ལ་ཡིད་ཆེས་པ་སྐྱེད་པ་ནི་མ་ཡིན་ནོ། །ཕྱི་རོལ་འབྲས་བུ་མཐོང་བ་གང་། །ཞེས་བྱ་བ་ནི་གཟུགས་ཀྱི་ལུས་དེ་མཐོང་བ་ནི་འབྲས་བུ་

เล่ม ๑๔๙ · หน้า 53a

ཡང་དག་པར་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེས་མཐོང་བའི་ཚུལ་གང་ལ་ཡོད་པ་དེ་ནི་དེ་ཉིད་དེ། དེའི་ཕྱིར་གང་གི་མིག་གིས་མཐོང་བ་ན་བཅོམ་ལྡན་འདས་ཀྱི་སྐུ་མཛེས་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ་ཞེས་ཡིད་ཆེས་ཏེ། དེ་ནི་ཤིང་ཀོ་ཤ་ཏ་གི་དོང་

ཀའི་ཤིང་དང་། པ་ལ་ཤའི་ཤིང་གི་མེ་ཏོག་གཟུགས་མཛེས་པ་ཙམ་ཁོ་ནར་ཟད་པ་དེ་བཞིན་དུ་འདི་ཡང་ཡོན་ཏན་དང་བྲལ་བ་སྟེ། ཟླ་བ་གཉིས་མཐོང་བ་ལ་སོགས་པ་བཞིན་དུ་གཞན་ལམ་མ་ཡིན་པ་ལ་འཇུག་པར་བྱེད་དོ། །གང་གི་ཚེ་ཡང་ཇི་སྐད་དུ་བཤད་པ་གཉིས་ཀ་མེད་དེ་གསུང་

རབ་ནུབ་པའི་ཕྱིར་དང་། ཐུབ་པ་མཆོག་ཀྱང་ཡོངས་སུ་མྱ་ངན་ལས་འདས་ན་ནི་གོ་རིམས་བཞིན་དུ་དེ་བསྟན་པའི་ཕྱིར། ཀུན་ནས་བསྒྲིབས་པ་དག་ཅེས་བྱ་བ་སྨོས་ཏེ། འདི་ལ་ཀུན་ནས་བསྒྲིབས་པ་ཡོད་པ་སྟེ། ཕྱི་དང་ནང་མ་རྟོགས་པའི་ཕྱིར་རོ། །གང་གི་ཚེ་གཉི་ག་ཡོད་

པ་སྟེ། ཟག་པ་མེད་པའི་ཤེས་པ་ཡོད་པའི་ཕྱིར་དང་། དེ་བཞིན་གཤེགས་པ་རྣམས་འཚོ་ཞིང་བཞུགས་པའི་ཕྱིར་ཏེ། དེ་ཉིད་བསྟན་པའི་ཕྱིར། །གལ་ཏེ་ནང་ནི་རྣམ་ཤེས་ཤིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྟན་པ་ནི་ལྷག་པའི་བསམ་པ་བརྟན་པ་དང་ལྡན་པའི་ཕྱིར་

རོ། དེ་ཉིད་ཀྱི་ཕྱིར་གཞན་གྱིས་བཀྲིར་མི་རུང་བ་ཡིན་ཏེ། དཔེར་ན་རི་རབ་ལ་དབུགས་ཀྱིས་མི་སྒུལ་བ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ཉིད་ནི་ཡེ་ཤེས་ལ་ཤས་ཆེ་བའི་ཕྱིར་ཏེ། དེ་ཉིད་བསྟན་པའི་ཕྱིར། ངེས་འབྱུང་ཤེས་རབ་ཅན་ཞེས་བྱ་བ་མྱ་ངན་ལས་འདས་པའི་འབྲས་

བུ་རྟོགས་པར་ནུས་པ་ཞེས་བྱ་བའི་དོན་ཏེ། འཕགས་པའི་ལམ་གྱི་སྟོབས་ཀྱིས་དད་པ་མི་བྱེད་པས་བཀྲིར་མི་ནུས་པ་ཉིད་དུ་བསྟན་ཏོ། །གང་གི་ཕྱིར་གཞན་གྱི་དྲིང་ལ་འཇོག་པ་ནི་བཀྲིར་རུང་སྟེ། ཟག་པ་མེད་པའི་ཤེས་རབ་དང་ལྡན་པ་ནི་གཞན་ལ་རག་མ་ལས་ཤིང་བཀྲིར་

མི་ཚུགས་པ་ཉིད་དོ། །དེ་བས་ན་དེའི་ཕྱིར་ཡིད་དུ་འོང་བ་དང་མི་འོང་བ་ཐམས་ཅད་མཐོང་བ་དེ་བཞིན་དུ་བསྒྲུབ་པར་བྱ་བ་དང་ཐོས་པ་ཐམས་ཅད་ནི་འཁྲུལ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྣ་བས་ཕལ་ཆེར་ཐོས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་དུ་རྒྱུས་མཛེས་དགའ་མོ་

เล่ม ๑๔๙ · หน้า 53b

བསད་དེ་ལན་ལྔའི་བར་དུ་སྨྲས་ནས་ཀུན་དུ་རྒྱུ་དག་གིས་མཉན་ཡོད་ཀྱི་སྲང་དུ་བསྟན་པ་ལས་སྐྱེ་བོ་ཐམས་ཅད་འཁྲུགས་པར་གྱུར་ཏོ། །སྐབས་དེ་བཅོམ་ལྡན་འདས་ཀྱིས་གསན་ནས་འདི་གསུངས་སོ། །ཐོས་པ་ནི་དམིགས་པའོ། །ཕལ་ཆེར་ཞེས་བྱ་བ་ནི་དེ་བདེན་པ་དང་བརྫུན་པའི་ཚིག་

དང་སྙན་པ་དང་མི་སྙན་པ་ལ་སོགས་པ་དུ་མའོ། །རྣ་བས་ཞེས་བྱ་བ་ནི་རྣ་བའི་དབང་པོའམ་དེའི་རྣམ་པར་ཤེས་པས་ཏེ། ཐོས་པ་ནི་འདི་ལ་རག་ལས་པའི་ཕྱིར་རོ། །མིག་གིས་མང་པོ་མཐོང་ན་ཡང་། །ཞེས་པ་ནི་རྣམ་པ་མང་པོ་མཐོང་བ་སྟེ། སྡུག་པ་དང་མི་སྡུག་པ་ལ་སོགས་པའི་གཟུགས་ཀྱི་

ཡུལ་གྱིས་བྱས་པའོ། །བརྟན་པ་མཐོང་ཐོས་དེ་ཀུན་གྱིས། །ཡིད་ཆེས་བྱ་བའི་མི་རིགས་སོ། །ཞེས་བྱ་བ་ནི་གང་ཅུང་ཟད་མཐོང་བ་དང་ཐོས་པ་དེ་ཐམས་ཅད་ནི་མཁས་པས་དེ་བཞིན་དུ་ཡིད་ཆེས་པས་འཇུག་པར་མི་བྱ་སྟེ། རྨོངས་པ་དང་སླུ་བའི་དངོས་པོ་ཡིན་ཏེ། སྨིག་རྒྱུ་དང་སྒྲ་བརྙན་

ལ་སོགས་པ་བཞིན་ནོ། །ཐོས་པའི་འབྲས་བུ་ནི་དོན་རྟོགས་པ་དང་དེའི་རྗེས་སུ་མཐུན་པ་ལས་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉེ་དགའ་སྡེ་སྣོད་གསུམ་པ་ཡིན་ཡང་བརྐམ་ཞིང་སེར་སྣ་ཆེ་བས་

ཁྱིམ་བདག་གི་ཁྱིམ་ལ་སོགས་པ་དག་ཏུ་བབ་ཅོལ་དུ་བྱེད་དེ། དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཤེས་པ་ནི་རྟོགས་པའི་དོན་ལེགས་པར་གསུངས་པའི་སྙིང་པོ་གང་ཡིན་པ་དེ་ཉིད་དོ། །འདིར་དོན་གྱི་སྒྲ་ནི་ཕྱི་ནས་བསྟན་པ་ཡིན་པར་ཤེས་

པར་བྱའོ། །ཡང་ན་ཤེས་པ་ནི་དེ་ཉིད་ཀྱི་དོན་དེ་ཁོ་ན་ཉིད་རྟོགས་པ་གང་ཡིན་པའི་སྙིང་པོའོ། །གང་དག་ལས་དེ་ཁོ་ན་ཉིད་ཀྱི་བློ་མ་སྐྱེས་པ་དེ་ནི་སྙིང་པོ་དང་ལྡན་ཞིང་ལེགས་པར་གསུངས་པ་འབྲས་བུ་དང་བཅས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་ཉིད་ལེགས་པར་གསུངས་པའི་

དོན་མ་རྟོགས་ཤིང་མི་དྲན་པ་དང་དེས་བསྟན་པའི་ཐོས་པ་ནི་དགོས་པ་མེད་དེ་བྲམ་ཟེ་ཀཽ་ཤི་ཀའི་ཁྱིམ་དུ་བྲམ་ཟེ་བ་ར་དྭ་ཛ་མགྲོན་དུ་གྱུར་པས་འོངས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་གླེགས་བམ་ལས་བཀླགས་པ་ཙམ་གྱིས་ཁྱད་པར་ཐོས་པར་མ་གྱུར་པ་འདིར་དཔེར་བརྗོད་པར་བྱའོ། །

เล่ม ๑๔๙ · หน้า 54a

ཐོས་བ་དང་ཞེས་བྱ་བ་ལ་དང་གི་སྒྲ་ནི་སྙིང་པོའོ། །ཤེས་པ་དང་ཞེས་བྱ་བ་འདྲེན་པའི་དོན་ཏོ། །གཞན་ལས་འོངས་པ་ནི་ཐོས་པ་སྟེ་དེ་བས་ཀྱང་དོན་ཤེས་པ་སྙིང་པོ་ཉིད་དོ། །སྔར་བཤད་པ་ཉི་ཚེར་མ་ཟད་དེ་ལེགས་པར་གསུངས་པ་རང་ཉིད་ཀྱིས་རྟོགས་པར་

བྱ་བ་དེ་གལ་ཏེ་མ་རྟོགས་པའོ། །ཡང་ན་གཞན་ལས་ཐོས་ན་ནི་དེའི་ཚེ་བྱའི་སྐད་བཞིན་དུ་དོན་མེད་པར་བལྟ་བར་བྱའོ། །ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང་། །ཞེས་བྱ་བ་ནི་ཤེས་པ་དབེན་པའི་ཁྱད་པར་ཅན་འཇིག་རྟེན་པའི་ཤེས་པ་འཕགས་པའི་ལམ་གྱི་ཚོགས་སུ་གྱུར་པ་དང་།

འཇིག་རྟེན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་དག་ཅེས་བྱ་བ་ནི་དགེ་བ་ལ་སེམས་རྩེ་གཅིག་པ་ལ་སོགས་པའོ། །སྙིང་པོ་དང་འབྲས་བུ་གང་ཡིན་པ་དེ་ནི་དེ་ཉིད་དོ། །དེ་གང་ཞེ་ན། གཞན་ལས་མ་ཐོས་པ་དང་། འདི་ཐོས་པ་དང་། ལྡན་པ་དེ་གཉིས་ཀ་ཡང་འདིར་

སྦྱར་བར་བྱ་སྟེ། འདི་ལྟ་སྟེ། རང་ཉིད་ཀྱིས་ལེགས་པར་བཤད་པ་མཐོང་བའམ་གཞན་ལས་སོ། །ཇི་ལྟར་རང་གིས་ལེགས་པར་བཤད་པའི་དོན་རྟོགས་པའམ། གཞན་ལས་ཐོས་པས་དོན་རྟོགས་པ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་ཁྱད་པར་ཅན་སྐྱེས་པ་

ཡིན་པས་ཞི་གནས་ཀྱང་དེའི་ཚེ་ལེགས་པར་བཤད་པའི་དོན་རྟོགས་པའི་འབྲས་བུ་ཡོངས་སུ་རྫོགས་པར་འཐོབ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་འདིར་བསྟན་པའི་ཕྱིར། གང་ཞིག་བག་མེད་བརླང་པོར་བྱེད་པ་དེའི། །ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ། །

ཞེས་བྱ་བ་སྟེ་གང་ཞིག་བརླང་པོར་བྱེད་པ་ཞེས་བྱ་བ་ནི་གཏི་མུག་གིས་བབ་ཅོལ་དུ་བྱེད་པ་སྟེ། ངེས་པར་བརྟག་པ་མེད་ཅིང་བྱ་བ་དང་བྱ་བ་མ་ཡིན་པ་དག་ལ་མ་བརྟགས་པར་ཞེས་བྱ་བའི་དོན་ཏོ། །བག་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་སྒོམ་པ་ལ་སྦྱོར་བ་ལྷོད་པའོ། དེ་དག་ནི་གོ་རིམས་

བཞིན་དུ་ཤེས་པ་ཁྱད་པར་ཅན་དུ་གྱུར་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་མ་ཚང་བ་སྟེ་བདག་ཉིད་ལེགས་པར་གསུངས་པ་ཡོངས་སུ་མ་ཤེས་པའམ་མི་བཟོད་པས་ཕན་ཡོན་ལ་རབ་ཏུ་མི་སྤྱོད་དོ། །དེ་གྲུབ་ན་ནི་སྔར་བསྟན་པའི་མངོན་པར་འདོད་པའི་འབྲས་བུ་འགྲུབ་པོ། །དཀར་པོའི་ཕྱོགས་བསྟེན་

เล่ม ๑๔๙ · หน้า 54b

པའི་ཕྱིར་སྨྲས་པ། གང་ཞིག་འཕགས་པས་བསྟན་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཞེས་བྱ་བ་ནི་གསུང་རབ་ཀྱི་ཆོས་ཏེ། །ལེགས་པར་གསུངས་སོ་པ་ཞེས་བྱ་བའི་དོན་ཏོ། གང་གིས་བསྟན་པ་ཡིན་ཞེ་ན། གང་ཞིག་འཕགས་པས་བསྟན་པ་ཞེས་བྱ་བ་ཡིན་ཏེ། འཕགས་པ་ནི་ཁམས་གསུམ་གྱི་འདོད་ཆགས་དང་

བྲལ་བའི་སྐྱེ་བའི་གནས་སྤངས་ཤིང་འདས་པའི་ཕྱིར་ཏེ། སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་དེ་བསྟན་ཅིང་བཤད་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ལ་སེམས་ཅན་དགའ་བ་ཞེས་བྱ་བ་ནི་ཆོས་ཉིད་ལ་མངོན་པར་དགའ་བ་ཙམ་གྱིས་ལེགས་པར་སྤྱོད་པ་མ་ཡིན་ནོ་ཞེས་

བསྟན་པའི་ཕྱིར་དེ་བཞིན་གྱི་སྒྲའོ། །དགའ་བ་ཐོབ་པ་ནི་མངོན་པར་དགའ་བའི་མཚན་ཉིད་དད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དད་པས་ནི་ཆོས་ལ་དགའ་བར་འགྱུར་ལ། ཆོས་ཀྱིས་ཀྱང་དད་པ་སྟེ་ཆོས་མཉན་པ་ཡོངས་སུ་རྫོགས་ན་ནི་དད་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་

མདོ་ལས་བསྟན་པའི་ཕྱིར་རོ། །དད་པའི་རྟགས་ནི་དམ་པའི་ཆོས་མཉན་པ་ལ་དགའ་བ་ཞེས་བྱ་བའི་ཚིག་གིས་སོ། །དེའི་འོག་ཏུ། ངག་གིས་སྤྱོད་བྱེད་པ་ཞེས་བྱ་བ་ནི་ཀློག་པ་དང་འདོན་པ་དང་བསྟན་པ་དང་འཆད་པ་ལ་སོགས་པས་དེ་ལ་འཇུག་པའོ། །ལུས་དང་ཞེས་བྱ་བ་ནི་དེས་

བྱས་པའི་བྱ་བ་དང་། རྗེས་སུ་མཐུན་པ་སྟེ་ཆོས་ལ་ཆོས་ཀྱི་རྗེས་སུ་འཇུག་པ་ཉིད་དོ་ཞེས་བྱ་བའི་ཚིག་གིས་སོ། །འདི་གཉིས་ཀྱིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྟན་ཏོ། །དེ་དག་བཟོད་ལྡན་འགྲོགས་དགའ་དབང་པོ་བསྡམས། །ཞེས་བྱ་བ་ནི་གང་ཐོས་པ་དང་དད་པ་ལ་བརྟེན་ནས་

ཚུལ་ཁྲིམས་ཀྱི་སྡོམ་པ་ལ་བཅུག་པས་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པའི་ཚུལ་ལམ་ངེས་པར་འབྱེད་པའི་ཆའི་ཚུལ་གྱིས་སོ། །འགྲོགས་དགའ་ཞེས་བྱ་བ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པའི་བདག་ཉིད་ཀྱི་སེམས་མཐོང་བའི་ལམ་གྱི་བདག་ཉིད་ཀྱིས་སོ། །དབང་པོ་

བསྡམས་པ་ནི་མཉམ་པར་གཞག་ཅིང་མིག་ལ་སོགས་པའི་དབང་པོ་དུལ་བ་གང་ཡིན་པའོ། །དེ་ལྟར་གྱུར་པ་ལ་ནི་ཐོས་པ་ཞེས་བྱ་བ་ལེགས་པར་མཉན་པ་དང་ཤེས་པ་ཞེས་བྱ་བའི་དོན་རྟོགས་པའོ། །ཕ་རོལ་ཏུ་ཕྱིན་པ་ཐོབ་ཅེས་བྱ་བ་ནི་ཤིན་ཏུ་ཕ་མཐར་གྱུར་ཅིང་མྱ་ངན་ལས་

เล่ม ๑๔๙ · หน้า 55a

འདས་པ་ཐོབ་པ་སྟེ། འདི་ལྟ་སྟེ་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་སོ། །ཐོས་པའི་ཚོམས་ཏེ་ཉི་ཤུ་གཉིས་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།དོན་དམ་པར་ཐོས་པའི་འབྲས་བུ་ནི་བདག་ཉིད་གདུལ་བ་ཡིན་ནོ་ཞེས་བསྟན་

པའི་ཕྱིར་དེའི་འོག་ཏུ་བདག་གི་ཚོམས་བསྟན་ཏེ། ལེགས་པར་གསུངས་ལ་བསླབ་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རང་བཞིན་གྱིས་བཟང་བའི་རང་བཞིན་ཅན་གྱིས་རིགས་ཀྱི་བུ་དེ་ནི་དགེ་བའི་གཤེས་གཉེན་ཉེ་བར་སྟེན་པར་བྱེད་ཅིང་དགེ་སློང་མང་པོ་སྡུད་པར་

བྱེད་པའི་བདག་ཉིད་ཅན་ཡིན་ཏེ། དེས་དེ་དག་ལ་ཆོས་འདི་ལྟ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་ཇི་སྙེད་པ་དེ་ལེགས་པར་ཤིན་ཏུ་ཉན་པར་བྱེད་ཅིང་ཁྱིམ་དུ་བདག་ཉིད་གཅིག་པུས་བསམས་ཤིང་བསྒོམས་ཏེ་དེ་ཉིད་ཀྱི་ཚུལ་གྱིས་སེམས་དུལ་བ་ཐོབ་པར་བྱས་

ནས་སེམས་དང་མཉམ་དུ་སེམས་ཉེ་བར་ཞི་བར་གྱུར་ཏེ། དེས་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །རང་གི་དོན་དུ་གསུངས་པ་ནི་ལེགས་པར་གསུངས་པའོ། །ལེགས་པར་གསུངས་པ་ལ་བསླབ་པར་བྱ་བ་ནི་མཉན་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཡང་ན་

ལེགས་པར་གསུངས་པ་དེ་དང་འབྲེལ་པ་སྟེ། ཡོད་པ་དང་མེད་པའི་ཤེས་པ་ཆོས་ལ་ཆོས་ཀྱི་རྗེས་སུ་འཇུག་པས་དེ་ལ་བསླབ་ཅིང་བརྟེན་པ་དང་རྗེས་སུ་འཇུག་པར་བྱའོ་ཞེས་པའོ། །ལེགས་པར་གསུངས་པ་ནི་ཕལ་ཆེར་བདེ་བར་གཤེགས་པ་དང་། བདེ་བར་གཤེགས་

པའི་སྲས་དག་ལས་མཉན་པ་ཡིན་ཏེ་དེས་ན་དེ་ཉིད་བསྟན་པའི་ཕྱིར་ཏེ་སྨྲས་པ། །དགེ་སྦྱོང་ལ་ནི་བསྙེན་བཀུར་དང་། །ཞེས་བྱ་བ་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །ཡང་ན་འཕགས་པའི་གང་ཟག་ལ་བརྟེན་པས་འབྲེལ་ཅིང་བསླབ་པར་བྱ་སྟེ། གུས་པས་ཡོངས་སུ་བསླབ་པ་དང་།

བསོད་སྙོམས་ལ་སོགས་པ་སྦྱིན་པའི་ཆེད་དུ་དགེ་བ་བསྩགས་པ་དང་། ཡོན་ཏན་ལ་གུས་པར་བྱ་བའོ། ཚིག་རྐང་སྔ་མས་ཡེ་ཤེས་ཀྱི་ཚོགས་བསྟན་ནས། འདིས་ནི་བསོད་ནམས་ཀྱི་ཚོགས་བསྟན་ཏོ། །དེའི་འབྲས་བུ་བསྟན་པའི་ཕྱིར་སྨྲས་པ། དབེན་པ་དང་ནི་སྟན་གཅིག་

เล่ม ๑๔๙ · หน้า 55b

དང་། །ཞེས་བྱ་བ་གཅིག་པུའི་གནས་སྐབས་ཀྱིས་དགོན་པ་ལ་སོགས་པ་ལ་དེ་དང་འབྲེལ་བར་བསླབ་པ་སྟེ། འདི་ལྟ་སྟེ། གཡེང་བ་མེད་པས་ཕྲ་རྒྱས་དགག་པ་ཡིན་ནོ། །འདིས་ནི་ལུས་དང་སེམས་དབེན་པར་བསྟན་ཏོ། །སེམས་ནི་ཉེ་བར་ཞི་བར་བྱ། །ཞེས་བྱ་བ་ནི་ཁམས་

གསུམ་གྱི་ཉོན་མོངས་པ་འཁྲུགས་པ་སྤངས་པས་སེམས་མངོན་པར་འབྱུང་བ་ནི་ཉེ་བར་ཞི་བ་སྟེ་དེ་ལ་གཡེང་བ་དང་རྒོད་པར་བྱེད་པ་ཐམས་ཅད་དང་བྲལ་བས་སོ། །དེ་དང་དེར་འབྲེལ་པའི་གཞན་གྱི་དོན་བྱེད་པར་གྱུར་ན་གདུལ་བྱ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །

དམ་པའི་ཆོས་ཉན་པ་དང་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། །ཚུལ་བཞིན་ཡིད་ལ་བྱེད་པ་དང་། །ཆོས་ལ་ཆོས་ཀྱི་རྗེས་སུ་ཞུགས་པས་རིམ་གྱིས་འདིར་བསྟན་པ་ཡིན་ནོ། །ཡང་ན་དང་པོའི་ཕྱེད་ཀྱིས་གཞན་གྱི་སྒྲ་བསྟན་ཏོ། །ཚིག་རྐང་གསུམ་པས་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ།

ལྷག་མས་ནི་དེའི་འབྲས་བུ་བསྟན་ཏོ། །གང་གི་ཕྱིར་དབེན་པའི་གནས་ཉིད་ནི་མངོན་པ་འདོད་པ་སྟེ། །དེ་ཉིད་ལ་གཟུད་པའི་ཕྱིར། སྟན་གཅིག་པ་དང་གཅིག་སྤྱོད་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་པུ་གྲོགས་མེད་པའི་གནས་སྐབས་དེ་གདུག་པའི་གནས་ན་

སྤྱོད་ལམ་རྣམ་པ་གཉིས་འདིས་བསྟན་ཏེ། གཉིས་པའི་ཅིག་ཤོས་ནི་འོག་ནས་སྟོན་པའི་ཕྱིར་རོ། །དེ་ལ་དགའ་བར་བྱ་བ་ནི་དེ་ལ་རྗེས་སུ་བསམ་པའོ། །མལ་སྟན་གཅིག་ཅེས་བྱ་བ་ནི་བདག་ཉིད་གཅིག་པུ་གནས་པའི་མལ་སྟན་ལ་དགའ་བར་བྱ་བའོ། །གང་དུ་འདུག་ནས་ངལ་

བ་ཞི་བར་བྱེད་པ་ནི་མལ་སྟན་ནོ། །གཅིག་པུ་སྤྱོད་པ་ནི་གཅིག་པུ་གནས་ན་བསོད་སྙོམས་ལ་སོགས་པར་རྒྱུ་བ་སྟེ། སྤྱོད་པ་རྣམ་པ་བཞི་ལ་གོས་པ་མེད་པའོ། །དེ་དག་ལ་སྤྱོ་བ་མེད་ཅིང་བརྩོན་འགྲུས་ཀྱི་རྒྱུ་བསྟན་པའི་ཕྱིར། སྙོམ་ལས་མེད་ཅིང་ཞེས་བྱ་བ་སྨོས་ཏེ།

ལེ་ལོ་མི་སྐྱེད་ཅིང་བརྩོན་འགྲུས་ཕུན་སུམ་ཚོགས་པས་སོ། །དགའ་བར་བྱ་ཞེས་བྱ་བ་ནི་སྟན་གཅིག་ལ་སོགས་པས་མངོན་པར་དགའ་བར་བྱ་བ་སྟེ། །དེའི་རྗེས་སུ་འཇུག་ཅིང་བསམ་པར་བྱ་བའོ། །དང་ནི་བསྡུ་བའི་དོན་ཏེ་བདག་ཉིད་གཅིག་པུ་ཡང་དགའ་བར་བྱ་བའོ། །

เล่ม ๑๔๙ · หน้า 56a

འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་གྲོགས་མེད་པའི་སེམས་སུ་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བཤད་པ་བདག་ཉིད་ཆེན་པོ་རྣམས་ནི་གྲོང་གི་ནང་དུ་ཡང་བདག་ཉིད་གཅིག་པུར་འགྱུར་རམ་ཞེས་དེ་ལྟར་རྟོག་པ་ལ། ནགས་ཚལ་

གནས་པ་དང་ཞེས་བྱ་བ་སྨོས་ཏེ། གྲོགས་དམ་པ་མེད་པར་གྱུར་ན་ནི་ནགས་སུ་བདག་ཉིད་གཅིག་པུ་གནས་པར་བྱ་སྟེ། སྐྱེ་བོ་དམ་པ་མ་ཡིན་པ་དང་བསྟེན་པ་ནི་ངན་པར་སྤྱོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་དང་། ནགས་ན་གནས་པའི་དབེན་པ་ལ་སོགས་པའི་ཁྱད་པར་ཐོབ་

པར་བྱེད་པའི་ཕྱིར་རོ། །བདག་ཉིད་ལས་རྒྱལ་བ་ནི་འབྲས་བུ་ཆེན་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །གང་ཞིག་སྟོང་ཕྲག་སྟོང་དག་གི །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་མོ། །རྒྱལ་པོ་གསལ་རྒྱལ་གྱི་རྣམ་པར་རྒྱལ་བ་ཞེས་བྱ་བ་འཐབ་མོས་འཚོ་བ་ཡོད་པ་དེ་

བརྒྱ་དང་སྤྲད་ཀྱང་གཡུལ་ལས་རྒྱལ་བྱེད་དེ། ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་གསན་ནས་འདི་གསུངས་སོ། །འཐབ་མོས་འཚོ་བ་ཐོས་ཏེ་འདི་བསམ་པ་ལས་ཇི་ལྟར་བདག་ཉིད་གདུལ་བར་མི་བྱ་ཞིང་འདི་ལས་རྒྱལ་བ་ལ་མི་སྦྱོར་ཞེས་བསམས་ཏེ་རྒྱལ་པོ་ལ་ཞུས་ནས་རྟག་ཏུ་

སྡོམ་པ་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་དོན་རྟོགས་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །གང་ལ་ལ་ཞིག་གྲངས་སྟོང་ཕྲག་སྟོང་དག་གི་མི་དང་འཐབ་པ་སྟེ་སྟོང་ཕྲག་སྟོང་དང་འཐབ་པའི་འཐབ་མོའི་སར་རོ། །རྒྱལ་བ་ནི་གཞན་ཕམ་

པར་བྱས་པ་སྟེ་འབུམ་ཕྲག་བཅུ་ལས་རྒྱལ་བ་ཞེས་བྱ་བའི་དོན་ཏོ། །གང་ཞིག་བདག་ལས་རྒྱལ་བྱེད་པ། །ཞེས་བྱ་བ་ནི་གང་བདག་གི་སེམས་གཅིག་པུ་དུལ་བར་བྱེད་པའོ། །དེ་ནི་དེ་ཉིད་དེ་བདག་ཉིད་དུལ་བ་ཉིད་དོ། གཡུལ་དེ་གཉིས་ལས་བདག་ཉིད་དུལ་བ་ནི་རྒྱལ་བའི་

མཆོག་ཡིན་ནོ། །གཞན་གྱི་སྟོབས་མཆོག་ཏུ་འཇོམས་པར་བྱེད་པའི་གཡུལ་ཏེ། གཞན་གྱི་སྟོབས་ལས་རྒྱལ་བར་བྱེད་ཅིང་སེལ་བ་ནི་གཡུལ་ལས་རྒྱལ་བའོ། །དེ་གཉིས་ལས་ཀྱང་ཁྱད་པར་དུ་གཡུལ་ལས་རྒྱལ་བ་ནི་སྤང་བར་དཀའ་བའི་ཉོན་མོངས་པའི་དགྲ་སེལ་བར་བྱེད་

เล่ม ๑๔๙ · หน้า 56b

པའི་ཕྱིར་བདག་ཉིད་ལས་རྒྱལ་བ་ཉིད་མཆོག་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར། །བདག་ཉིད་ཅེས་བྱ་བ་སྨོས་ཏེ། །བདག་གི་སེམས་ལས་སོ། །གང་གི་ཕྱིར་འབུམ་ཕྲག་བཅུ་དང་འཐབ་པའི་སྐྱེས་བུ་ལས་ཀྱང་བདག་ཉིད་དུལ་བ་གཡུལ་ལས་རྒྱལ་པའི་མཆོག་ཡིན་ཏེ། དེ་བས་ན་བདག་

ཉིད་རྒྱལ་བ་དང་དུལ་པར་བྱས་པ་ནི་མཆོག་ཏུ་བསྔགས་པ་ཡིན་ནོ། །གཞན་ནི་ཞེས་བྱ་བ་ནི་སྐྱེ་དགུ་གཞན་ནི་མ་ཡིན་ཏེ། སེམས་ཅན་རྣམས་ནི་ཉོན་མོངས་པའི་དབང་དུ་གྱུར་པའི་ཕྱིར་དང་། སྐྱེ་དགུ་ནི་ང་རྒྱལ་ཡོད་པའི་ཕྱིར་རོ། །ཕལ་པ་ཞེས་བྱ་བ་ལ་ཕལ་པའི་སྒྲ་ནི་ངན་པའི་རྣམ་གྲངས་

ཡིན་པའི་ཕྱིར་ཏེ། ཉོན་མོངས་པས་རྒྱུད་གཞན་གྱི་དབང་དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །གང་ཡང་སེང་གེ་ཟིལ་གྱིས་གནོན་པ་ནི་མཆོག་ཡིན་གྱི་གང་བ་ནི་མ་ཡིན་པ་དེ་བཞིན་དུ་སྟོན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་བསྟན་པའི་ཕྱིར། མི་ཡིས་བདག་གདུལ་གཅིག་པུ་ཡིས། །

ཞེས་བྱ་བ་ལ། གདུལ་བ་ནི་འདི་ལྟར་སེམས་ཅན་གྱི་རང་གི་སེམས་སོ། །ལྷ་ཡིས་མ་ཡིན་ཏེ། གཞན་གྱིས་ཕམ་པར་མི་ནུས་ཞེས་བྱ་བ་འདི་དང་སྦྱར་རོ། །བདག་གདུལ་བ་ནི་སོ་སོར་ཐར་པའི་སྡོམ་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་བཤད་པ། རྟག་ཏུ་སྡོམ་པ་སྤྱོད་པ་ཞེས་བྱ་བ་

རྟག་ཏུ་ཡང་དག་པར་སྡོམ་པས་ཉེ་བར་མཚོན་ཅིང་སྤྱོད་ལ་རབ་ཏུ་འཇུག་པའོ། །རྣམ་པ་གཉིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་རྟག་ཏུ་འཇུག་པ་ཡིན་ཏེ། སྔ་མས་ནི་དབང་པོ་སྡོམ་པར་བསྟན་ལ། འདིས་ནི་ལུས་དང་ངག་གི་སྡོམ་པ་བསྟན་ཏེ། རྣམ་པ་གསུམ་གྱིས་ཚོགས་ཀྱི་

སྦྱོར་བ་བསྟན་པ་ཡིན་ནོ། །ལྷ་ཡིས་མ་ཡིན་ཞེས་བྱ་བ་ནི་དེ་ལས་འདས་པ་སྟེ། འདོད་པ་ན་སྤྱོད་པའི་ལྷའིའོ། །དྲི་ཟས་མིན་ཞེས་བྱ་བ་ནི་ལེགས་དགའ་ཞེས་བྱ་བ་ལ་སོགས་པའི་རོལ་མོ་བྱེད་པའི་དབང་དུ་བྱས་པའོ། །བདུད་ཅེས་བྱ་བ་ནི་འདོད་པའི་ཁམས་ཀྱི་དབང་ཕྱུག་གོ། །ཚངས་པར་བཅས་པ་ཞེས་བྱ་བ་ནི་སྟོང་སྤྱི་ཕུད་

ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་སྟེ། །དེ་དང་བཅས་པས་སོ། །ཕམ་མི་ནུས་ཞེས་བྱ་བ་ནི་གང་ཟད་ཅིང་སེལ་བར་མི་ནུས་པའོ། །དབང་པོ་དང་ཚུལ་ཁྲིམས་ཇི་ལྟ་བུ་དང་ལྡན་པ་ལ་ཕམ་པར་མི་ནུས་ཤེ་ན། །དགེ་སློང་ཞེས་བྱ་བ་སྟེ། །ཉོན་མོངས་པ་བཅོམ་པའི་ཕྱིར་རོ། །ཤེས་

เล่ม ๑๔๙ · หน้า 57a

རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པ་བཅོམ་པར་སྟོན་པའི་ཕྱིར། ཤེས་རབ་ཀྱིས་གནས་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ནི་ཟག་པ་མེད་པའི་ཤེས་པས་སོ། །གནས་པ་ནི་འཇུག་པ་སྟེ་དེས་ཚུལ་དམ་པ་ལ་གནས་པའོ། །ཟག་པ་མེད་པའི་ཤེས་རབ་ཀྱི་དབང་གིས་

ཕྲ་རྒྱས་སྤངས་པ་ཡིན་ཏེ། གང་ཡང་མི་ཟད་པར་བྱེད་ནུས་པ་ནི་མ་ཡིན་ཏེ། དེའི་ཕྱིར་དགེ་སློང་དག་གང་གི་ཚེ་འཕགས་པའི་ཤེས་རབ་ཀྱིས་སྤངས་པར་གྱུར་པའོ་ཞེས་མདོ་ལས་གསུངས་སོ། །ང་འཇིག་པའི་བསྐལ་པས་བསྲེག་པར་བྱ་བ་གང་ཡིན་པ་དེ་གཞན་གང་གིས་

ཀྱང་མི་ནུས་པ་བཞིན་དུ་འདི་ལྟར་འབུམ་ཕྲག་བཅུ་ལས་གང་རྒྱལ་བ་དེ་ཉིད་ཀྱིས་ནི་འདི་ཕམ་པར་མི་ནུས་ཏེ། །དེ་ལྟར་བདག་ཉིད་ལས་རྒྱལ་བར་ནུས་པ་ནི་དེས་ཐུབ་པ་མ་ཡིན་པའི་ཕྱིར་བདག་ཉིད་ལས་རྒྱལ་བ་ནི་མཆོག་ཡིན་ནོ། །གང་གི་ཕྱིར་དེ་ལྟར་བདག་ཉིད་སྦྱང་བ་བྱས་པ་དེས་ནི་

གཞན་ལ་ཕན་པ་བྱེད་པར་ཡང་ནུས་སོ་ཞེས་བསྟན་པའི་ཕྱིར། །བདག་ཉིད་དང་པོར་རིགས་པར་གནས་བྱས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒན་པོ་ཞིག་མཉན་ཡོད་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་འོངས་པ་དང་འགྲོ་བ་དག་ལ་གཡེང་ཞིང་རྒོད་ལ་མུ་ཅོར་སྨྲ་བ་དང་སྤྱི་

བརྟོལ་ཆེ་བས་ཆོས་སྟོན་པར་བྱེད་པ་ལས་བྲམ་ཟེ་དང་ཁྱིམ་བདག་འཕྱ་བར་བྱེད་དོ། །ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །བདག་ཉིད་དང་པོར་ཞེས་བྱ་བ་ནི་བདག་ཉིད་ཀྱི་སེམས་ཀྱི་བདག་ཉིད་ཐོག་མར་རོ། །རིགས་པར་བྱས་ནས་ཞེས་བྱ་བས་ནི་

སྐྱེ་བོ་དམ་པ་དང་རྗེས་སུ་མཐུན་པར་ཕན་འདོགས་པར་བྱེད་པ་སྟེ། རྣམ་པ་བཞིའི་བདག་ཉིད་ཀྱིས་དབང་པོ་ལ་སོགས་པ་དུལ་བའི་བདག་ཉིད་དུ་ངེས་པར་གཞག་པར་བྱའོ། །ཕྱི་ནས་གཞན་ནི་གདུལ་བར་བྱ། །ཞེས་བྱ་བ་ནི་དེ་ནས་དུས་གཞན་ན་གཞན་བསླབ་ཅིང་དེ་ཉིད་ལ་གནས་པར་

བྱའོ། །ཇི་ལྟར་ཞེ་ན་བདག་བཞིན་ཞེས་བྱ་བས་བསྟན་ཏེ། བདག་ཉིད་ཞི་བར་བྱས་པས་དེ་བཞིན་དུ་ཁྱོད་ཀྱིས་གྱིས་ཤིག་པ་སྟེ། །ཇི་ལྟར་བདག་བཞིན་ནོ། །གཞན་དུ་ན་གཞན་དུལ་བར་བྱེད་པ་ནི་ངེས་པར་དམིགས་པ་མེད་པའི་ཕྱིར་རོ། །དཔེར་ན་གནས་དམ་པ་ལ་གོ་སྐབས་མེད་པ་སྟེ། གང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด