སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་ཏི་མོཀྵ་སཱུ་ཏྲ་ཊཱིཀ་བི་ན་ཡ་ས་མུཙྪ་ཡ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๕๓ · หน้า 192b
འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པ་ཉིན་མཚན་གཅིག་གི་སྐྱ་རེངས་དང་པོ་ཤར་བའི་མཐར་གནས་ངན་ལེན་འཆབ་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་ཕ་རོལ་པོ་ཕམ་པར་འགྱུར་བ་འམ། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཉིད་ལ་དེར་འདུ་ཤེས་པ་དང་། ཡིད་
གཉིས་ཟ་བཞིན་དུ་འཆབ་པ་ལ་ན་སྨད་པ་མེད་དོ། །བདག་ལ་དེ་མ་བཅབས་པའི་གཞི་འདིས་བདེ་བ་ལ་མི་རེག་པའི་དབང་ཉིད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་དབང་ཉིད་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱི་དབང་ཉིད་དང་། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པར་དགེ་སློང་གི་
ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མའི་ལྟུང་བ་འཆབ་པ་ལ་ན་སྨད་པ་མེད་དོ། །དེ་དག་གི་དབང་གིས་བཅབས་པ་ལ་ནི་ལྟུང་བ་མེད་པའི་ཕྱིར་རོ། །དེ་ལ་བདེ་བ་ལ་མི་རེག་པའི་དབང་ཉིད་ཅེས་བྱ་བ་ནི་གལ་ཏེ་དེ་མ་བཅབས་པའི་གཞི་དེས་བདག་ཉིད་ལ་སྲོག་གི་བར་ཆད་ལ་སོགས་པའི་སྡུག་བསྔལ་
འབྱུང་བར་འགྱུར་བའོ། །དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་དབང་ཉིད་ཅེས་བྱ་བ་ནི་གལ་ཏེ་དེ་མ་བཅབས་པའི་གཞི་དེས་བདག་ལ་འཕགས་པའི་ལམ་གྱི་བར་ཆད་འབྱུང་བར་འགྱུར་བའོ། །ཚངས་པར་སྤྱོད་པའི་བར་ཆད་ཀྱི་དབང་ཉིད་ཅེས་བྱ་བ་ནི་གལ་ཏེ་དེ་མ་བཅབས་པའི་གཞི་དེས་དེ་དག་ལ་ཚངས་པར་
སྤྱོད་པའི་བར་ཆད་འབྱུང་བར་འགྱུར་བའོ། །དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་ཅེས་བྱ་བ་ནི་གལ་ཏེ་དེ་མ་བཅབས་པའི་གཞི་དེས་དགེ་འདུན་དབྱེ་བ་དང་། དགེ་འདུན་འཁོད་པ་དང་། དགེ་འདུན་གཉིས་སུ་འགྱུར་བ་དང་། དགེ་འདུན་ཐ་དད་པར་འགྱུར་བའོ། །ཉིན་མཚན་གཅིག་གི་སྐྱ་རེངས་དང་
པོ་ཤར་བའི་མཐར་འཆབ་པ་ལ་ན་སྨད་པ་མེད་དོ། །དེ་ཡང་གང་ཟག་གི་གཞི་འཁོར་དང་བཅས་པའི་སྐབས་ནས་དེའི་མོད་ལ་མཐོལ་བར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་གནས་པ་ཡོད་བཞིན་དུ་འཆབ་པའི་སེམས་བསྐྱེད་དེ། ཅི་
སྲིད་དུ་སྐྱ་རེངས་ཤར་བའི་བར་དུ་མི་མཐོལ་བ་ལ་དངོས་གཞིར་རྣམ་པར་གཞག་གོ། །དེའི་མོད་ལ་གང་ལ་མཐོལ་བར་བྱ་བའི་གང་ཟག་དེ་ལྟ་བུ་མེད་ན་སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རེངས་ཤར་ཀྱང་མ་མཐོལ་བ་
เล่ม ๑๕๓ · หน้า 193a
ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་
ཉིད་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན་དེའི་བར་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་ཡོད་པ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་བ་མ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་དུ་དོགས་
པས་དེའི་དབང་གིས་དེར་མི་འགྲོ་འམ་གཞན་དུ་སོང་བས་བརྗོད་པར་མ་བྱས་པ་ལ་ཡང་འཆབ་པའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་བའི་བར་དེའི་གན་དུ་མི་འགྲོ་བ་དང་། སྐྱ་རེངས་ཀྱི་མདུན་རོལ་དུ་མི་མཐོལ་བ་དང་། འཆབ་པའི་སེམས་བསྐྱེད་པ་དག་ནི་ཉེས་བྱས་སུ་འགྱུར་ལ་སྐྱ་རེངས་དང་པོ་ཤར་བའི་
མཐར་ནི་དངོས་གཞིར་འགྱུར་རོ་ཞེས་གསུངས་པའམ་བྱེ་བྲག་གཞན་དག་ཀྱང་སྐབས་འདིར་ཤེས་པར་བྱའོ། །འདིའི་བྱེད་པ་པོ་ནི་དགེ་སློང་གཞན་གྱི་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལྔས་ལས་དངོས་གཞིའི་ལྟུང་
བར་འགྱུར་ཏེ། དགེ་སློང་གཞན་གྱི་ཕམ་པར་འགྱུར་བའམ་དགེ་འདུན་ལྷག་མ་ཀུན་ནས་སློང་བའི་གནས་ངན་ལེན་བྱུང་བ་ཉིད་དང་། དེར་འདུ་ཤེས་པ་དང་། འཆབ་པ་དང་། བདག་ལ་གཞི་དེས་བདེ་བ་ལ་མི་རེག་པ་དང་། དགེ་སྦྱོང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་དང་། དགེ་འདུན་
འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པ་དང་། ཉིན་མཚན་གྱི་མཐར་ཐུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གནས་ངན་ལེན་འཆབ་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་
སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྐྱ་རེངས་མ་ཤར་གྱི་སྔ་རོལ་དུ་ཉེས་བྱས་སོ། །ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མའི་གནས་ངན་ལེན་གྱི་ལྟུང་བ་དེ་གཉིས་མ་གཏོགས་པའི་ལྟུང་བ་གཞན་འཆབ་པ་ལ་ནི་སྦྱོར་བ་དང་། དངོས་གཞི་གཉིས་ཀ་
เล่ม ๑๕๓ · หน้า 193b
ལ་ཉེས་བྱས་སོ། །དགེ་སློང་ལ་གནས་ངན་ལེན་མ་བྱུང་བར་དེར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །
ལྟུང་བ་མེད་པ་ནི་བདེ་བ་ལ་མི་རེག་པ་དང་དགེ་སྦྱོང་གི་ཚུལ་དང་། ཚངས་པར་སྤྱོད་པའི་བར་ཆད་དང་། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་ཀྱིས་འཆབ་པ་ལ་ལྟུང་བ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་
མཚམས་ཀྱི་ནང་ན་འདུག་པ་མ་རྙེད་ཀྱི་བར་དུ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་
བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གནས་ངན་ལེན་འཆབ་པའི་ལྟུང་བྱེད་དེ་ལྔ་བཅུ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་ཅུ་གཉིས་པ། སྡོམ་ལ། བདེ་དང་མེ་དང་
འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་བྱ་བ་ནི་བཅུ་པ་དྲུག་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་དྲུག་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། ཟན་གཅོད་དུ་
འཇུག་པ་དང་། མེ་ལ་རེག་པ་དང་། འདུན་པ་ཕྱིར་བསྒྱུར་བ་དང་། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་དང་། ལྟ་བའི་རྣམ་པ་མི་གཏོང་བ་དང་། སྤངས་པའི་རྗེས་སུ་ཕྱོགས་པ་དང་། བསྙིལ་བ་སྡུད་པ་དང་། ཁ་མ་བསྒྱུར་བའི་གོས་གྱོན་པ་དང་། ལངས་པའི་གཞིར་གཏོགས་པ་དང་ཁྲུས་བྱེད་
པའི་ལྟུང་བྱེད་དོ། །དེ་ལ་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་བོ་ལ་ལྷན་ཅིག་གནས་པ་དགེ་སློང་ཆོས་ཞེས་བྱ་བ་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ།
เล่ม ๑๕๓ · หน้า 194a
བསྡམས་པ། བསླབ་པ་འདོད་པ་ཞིག་ཡོད་པ་དེས་ཇི་སྲིད་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེས་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་ཤེས་པ་དེའི་ཚེ་ན་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་
བརྩམས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དོ། །ཉེ་དགས་དགའ་བོ་ལ་སྨྲས་པ། སློབ་དཔོན་ཆོས་འདི་ཁོ་བོ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་མདུན་དུ་མཐོ་བཙམས་པ་ལ་ལྟོས་ཁོ་བོས་ཀྱང་འདི་ལ་
ངེས་པར་གནོད་པ་ཅུང་ཞིག་བྱའོ། །དགའ་བོས་སྨྲས་པ། དགེ་སློང་ཆོས་འདི་ནི་ངོ་ཚ་ཤེས་པ་འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་འདོད་པ་ཡིན་པས་ཁྱོད་ཀྱིས་འདི་ལ་གནོད་པ་ཅི་ཞིག་བྱར་ཡོད། ངེས་པར་འདིའི་ཟན་གཅད་པར་བྱའོ། །དེ་ནི་ནུས་སོ། །ཁྱིམ་བདག་ཅིག་གིས་དགའ་བོ་
དང་ཉེ་དགའ་གཉིས་ཟན་ལ་མགྲོན་དུ་བོས་པ་དང་། ཉེ་དགས་བསམས་པ། དེང་ཆོས་འདི་པའི་ཟན་གཅད་པར་བྱའོ་སྙམ་ནས། ཆོས་ཀྱིས་དགའ་བོའི་གན་དུ་བསོད་སྙོམས་ལ་འགྲོ་བར་ཞུར་འོངས་པའི་ཚེ་དགའ་བོས་ཆོས་ལ་སྨྲས་པ། ཆོས་ཁོ་བོ་ཅག་དེང་ཁྱིམ་བདག་ཅིག་གིས་ཟན་ལ་མགྲོན་དུ་བོས་
ཀྱིས་ཚུར་གཤེགས་ལ་དེ་ཉིད་དུ་ཟན་ཟོ་ཤིག །དེས་སྨྲས་པ། ལྷུང་བཟེད་དང་ཆུ་ཚགས་བླངས་ཏེ་མཆིའོ། །ཉེ་དགས་སྨྲས་པ། དེར་ལྷུང་བཟེད་དང་ཆུ་ཚགས་ཀྱིས་ཅི་བྱ། དེར་སྣོད་བཀྲུས་པ་དག་དང་། ཆུ་བཙགས་པ་དག་འཐོབ་ཀྱིས་ཚུར་ཤོག་འདོང་ངོ་། །དེ་དེ་གཉིས་དང་ལྷན་ཅིག་མཉན་ཡོད་དུ་
ཞུགས་པ་དང་། དེ་གཉིས་སྔོན་དུ་སོང་སྟེ། ཚོང་ཁང་དུ་འཁོད་པ་དང་། ཉེ་དགའ་ཁྱིམ་བདག་དེའི་ཁྱིམ་དུ་སོང་སྟེ་ཟན་ཟོས་ནས་ཕྱིར་འོངས་སོ། །དེའི་འོག་ཏུ་ཡང་དགའ་བོ་ཡང་ཁྱིམ་བདག་དེའི་ཁྱིམ་དུ་སོང་སྟེ་ཟན་ཟ་ཞིང་འདུག་གོ། །ཆོས་ཀྱིས་ཉེ་དགའ་ལ་སྨྲས་པ། སློབ་དཔོན་གདུགས་ཚོད་ལ་
བབ་ཀྱི་བཞུད་དོ། །ཉེ་དགས་སྨྲས་པ། དེར་ཐམས་ཅད་སྟ་གོན་བྱས་ཟིན་པས་དེར་སོང་སྟེ་བཟའ་བ་ལས་གཞན་པའི་བྱ་བ་ཅི་ཡང་མེད་ཀྱི་གདུགས་ཚོད་ཀྱི་ཁ་ཁོ་ནར་འདོང་ངོ་། །ཆོས་ལངས་ཏེ་རྐང་པ་གཉིས་ཀྱིས་གྲིབ་ཚོད་གཞལ་བར་བརྩམས་པ་དང་། ཉེ་དགས་སྨྲས་པ། གླེན་པ་
เล่ม ๑๕๓ · หน้า 194b
ཁྱོད་ཁོ་བོ་ཅག་གིས་བསླབ་པ་ལ་ཅུང་ཟད་ཡིད་མི་ཆེས་སམ། ཅི་ཁྱོད་ཀྱི་སྙིང་ལམ་ན་ཁོ་བོ་ཅག་དུས་མ་ཡིན་པར་ཟ་བར་འགྱུར་སྙམ་མམ། ཁོ་བོ་ཁྱོད་དང་ལྷན་ཅིག་ཏུ་སྨྲ་འམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་ཅག་གཅིག་པུ་ཁོ་ན་སྨྲ་འམ་འདུག་ན་བདེས་ཁྱོད་སོང་ཤིག །ཆོས་ཀྱིས་
བསམས་པ། གལ་ཏེ་བདག་གིས་ལྷུང་བཟེད་དང་ཆུ་ཚགས་ཁྱེར་ཏེ་འོངས་པར་གྱུར་ན་བདག་བསོད་སྙོམས་ལ་རྒྱུ་བར་འགྱུར་ན། ད་ནི་ཅི་བྱར་ཡང་མེད་དོ་སྙམ་ནས་དེ་གཙུག་ལག་ཁང་དུ་སོང་སྟེ་ཅི་སྲིད་དུ་དེའི་ལུས་ལས་མདངས་མ་ཡལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། གང་གི་ཚེ་དེའི་
ལུས་ལས་མདངས་ཡལ་བ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་བ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཆོས་གལ་ཏེ་ཟན་གཞན་གྱི་ཡིན་ཞེས་ཏེ་ལྟོ་ཡང་གཞན་གྱི་ཡིན་ནམ། ཇི་ན་ཅི་ཙམ་གྱིས་དགེ་བའི་ཕྱོགས་ལ་ཏྲོན་བྱེད་ཀྱང་མི་ནུས་པ་དེ་ཙམ་གྱི་ཟན་ཟོས་སོ། །སུས་ཟོས།
ཁྱོད་ཀྱིས་མ་ཟོས་སམ། མ་ཟོས་སོ་ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་དགེ་སློང་གི་ཟན་གཅོད་དུ་འཇུག་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་
ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་
མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་
དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་དག་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཚུར་ཤོག་ཁྱིམ་དག་ཏུ་འདོང་དང་། །དེར་ཁྱེད་ལ་བཅའ་བ་དང་བཟའ་བ་བསོད་པ་ཅི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས་དེས་དེ་ལ་སྦྱིན་དུ་མ་བཅུག་
เล่ม ๑๕๓ · หน้า 195a
པར་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོ་ཁྱོད་དང་ལྷན་ཅིག་སྨྲ་འམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ན་བདེས་ཁྱོད་སོང་ཤིག་ཅེས་ཟེར་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་
ནི་ཉེ་དགའ། ཉོན་མོངས་པ་ནི་ཞེ་དཀུ། ཉེས་པ་ནི་ཆེད་དུ་བསམས་ཏེ་དགེ་སློང་གི་ཟན་གཅོད་དུ་འཇུད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་
རོ་སྙམ་པ་ཞེས་བྱ་བ་ནི་ཇི་ནས་ཀྱང་དགེ་སློང་འདི་ཟན་གཅོད་དུ་འཇུག་པར་འགྱུར་རོ་སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པའོ། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་སྨྲས་ནས་སོ། །ཚེ་དང་ལྡན་པ་ཚུར་ཤོག་ཁྱིམ་
དག་ཏུ་འདོད་དང་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུའོ། །དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བསོད་པ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་གོ། །ཅི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས་ཞེས་བྱ་བ་ནི་ཇི་ཙམ་གྱིས་ཆོག་པའོ། །དེས་དེ་
ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོ་ཁྱོད་དང་ལྷན་ཅིག་སྨྲ་འམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ན་བདེས་ཁྱོད་སོང་ཤིག་ཅེས་ཟེར་ན་ཞེས་བྱ་བ་ནི་དེ་སྐད་ཅེས་ཟེར་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་
སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་
སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་
เล่ม ๑๕๓ · หน้า 195b
མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་དག་དགེ་སློང་ཕ་རོལ་པོའི་ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་ཆེད་དུ་བསམས་ཏེ་ཁྱིམ་པ་སྦྱིན་པ་པོ་ཚིག་གིས་བསྒོ་བས་ཟན་གཅོད་དུ་བཅུག་ན་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་
ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ཕ་རོལ་པོའི་ནད་ཀྱི་གཉེན་པོའི་དོན་དུ་ཟན་གཅོད་དུ་འཇུག་པ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །ཀླན་ཀའི་བསམ་པས་ཆེད་དུ་བསམས་པ་ལ་ན་སྨད་པ་མེད་དོ། །སྦྱིན་བདག་ཁྱིམ་པ་ཡིན་པ་ལ་ན་སྨད་པ་མེད་དོ། །ཚིག་གིས་བསྒོ་བས་ཟན་
གཅོད་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །ཟན་གཅོད་པར་བྱ་བ་དགེ་སློང་ཉིད་ཡིན་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཟན་གཅོད་པར་བྱ་བ་དགེ་སློང་ཉིད་དང་། སྦྱིན་བདག་ཁྱིམ་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཆེད་དུ་
བསམས་པ་དང་། ཟན་གཅོད་པར་བྱ་བ་དགེ་སློང་ཉིད་དང་། ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པ་དང་། སྦྱིན་པ་པོ་ཁྱིམ་པ་ཉིད་དང་། ཚིག་གིས་བསྒོ་བས་ཟན་གཅོད་དུ་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་
ཉེས་བྱས་ཏེ། ཇི་སྲིད་དུ་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཆེད་དུ་མ་བསམས་པར་གྱ་ཚོམ་དུ་ཟན་གཅོད་དུ་འཇུག་པ་ལ་ཉེས་
བྱས་སོ། །ཟན་གཅོད་པར་བྱ་བ་དགེ་སློང་ཉིད་མ་ཡིན་པ་ལ་ཉེས་བྱས་སོ། །སྦྱིན་པ་པོ་ཁྱིམ་པ་ཉིད་མ་ཡིན་པ་མུ་སྟེགས་ཅན་གྱི་ཁྱིམ་ལ་སོགས་པ་དག་ལ་ཉེས་བྱས་སོ། །ཚིག་གིས་བསྒོ་བ་མ་ཡིན་པ་སྤྲིང་ཡིག་དང་། ལག་ཡིག་དང་། ལག་རྩིས་དང་། མངགས་པ་དང་། བརྒྱུད་
པ་དང་། ཟུར་གྱིས་གཅོད་དུ་བཅུག་པ་ལ་ཉེས་བྱས་སོ། །ཟས་བཅའ་བ་ལྔ་དང་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་ལས་གཞན་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་
เล่ม ๑๕๓ · หน้า 196a
ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ནད་ཀྱི་གཉེན་པོའི་དོན་ཉིད་ཀྱིས་ཟན་གཅོད་དུ་འཇུག་པ་ལ་ཉེས་པ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །
བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཞེ་དཀུ་དང་ཀླན་ཀ་བཙལ་བར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཟན་གཅོད་དུ་འཇུག་
པའི་ལྟུང་བྱེད་དེ་ལྔ་བཅུ་གཅིག་པ་བཤད་ཟིན་ཏོ།། །།མེ་ལ་རེག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་། བཅས་པ་དང་། གནང་བའི་དབང་གིས་རྣམ་པ་གསུམ་སྟེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་
ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་མཉན་
ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་
བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་
མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱག་འཚལ་ནས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་དབྱར་གནས་
เล่ม ๑๕๓ · หน้า 196b
པར་ཞལ་གྱིས་བཞེས་ནས་གང་དུ་གཤེགས་པར་འགྱུར། ཤེས་ལྡན་དག་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཤིག །བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ནི་བསྙེན་པར་དཀའ་བ་དང་བཟོད་པར་དཀའ་བ་ལགས་པས་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བའི་
རྔོ་མི་ཐོགས་སོ། །བཙུན་པ་ཀུན་དགའ་བོས་མཚན་མ་འམ་བཀའ་མཆིད་ཀྱིས་བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་ནས་ཕྱོགས་གང་དུ་གཤེགས་པར་འགྱུར་བ་ཇི་ལྟར་མཁྱེན། ཤེས་ལྡན་དག་བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་ནས་ཕྱོགས་གང་དུ་
གཤེགས་པར་བཞེད་པའི་ཕྱོགས་དེ་ལོགས་སུ་ཞལ་གཟིགས་ཤིང་བཞུགས་ལ་དེ་དག་གི་བསྔགས་པ་ཡང་བརྗོད་པར་མཛད་དོ། །ད་ལྟར་ནི་བཅོམ་ལྡན་འདས་མ་ག་དྷཱར་གཟིགས་ཤིང་བཞུགས་ལ། རྒྱལ་པོའི་ཁབ་པའི་མི་དག་གི་བསྔགས་པ་ཡང་བརྗོད་པར་མཛད་དོ། །དེ་ནས་མཉན་
ཡོད་པའི་ཚོང་པ་རབ་ཏུ་མང་པོ་དེ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ནས་ཕྱག་འཚལ་ཏེ་མངོན་དུ་དོང་ནས་རྒྱལ་པོའི་ཁབ་ཏུ་འདོང་བའི་ཟོང་སྟ་གོན་བྱས་སོ། །དེ་ནས་བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་ཏེ་དབྱར་
གྱི་ཟླ་བ་གསུམ་པོ་དེ་དག་འདས་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་མ་ག་དྷཱ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་
མ་ག་དྷཱ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་དེ་སྐད་ཅེས་བསྒོ་བ་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དེ་དག་གིས་ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་
ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། གསོལ་པ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་མཉན་ཡོད་ནས་རྒྱལ་པོའི་ཁབ་ཀྱི་བར་དུ་ཇི་ཙམ་པར་བདག་ཅག་ལས་ན་བཟའ་དང་བསོད་སྙོམས་དང་། གནས་མལ་དང་བསྙུང་བའི་རྐྱེན་དང་
เล่ม ๑๕๓ · หน้า 197a
སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དེ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་དོང་སྟེ་ཕྱག་འཚལ་ནས་དེ་བཞིན་གཤེགས་པའི་དགོངས་མལ་ཇི་
ཙམ་པ་དྲིས་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དགོངས་མལ་བཞིན་དུ་རྒྱང་གྲགས་བཅུ་བཅུར་གཤེགས་པ་མཐོང་ནས། དེ་དག་གིས་རྒྱང་གྲགས་བཅུ་བཅུར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ཚོགས་དག་བཤམས་སོ། །དེ་ནས་བཅོམ་ལྡན་འདས་དགེ་
སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་རྒྱལ་པོའི་ཁབ་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཚོང་པ་དོན་མཐུན་གྱི་མདུན་དུ་སོང་བ་དང་། ཇི་ཙམ་ན་ལམ་ཁ་བྲག་མཐོང་ནས་དེས་བཅོམ་ལྡན་འདས་མ་གཤེགས་ཀྱི་བར་དུ་དེར་བསྡད་དོ། །
བཅོམ་ལྡན་འདས་གཤེགས་ནས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཅི་སྡོད། བཙུན་པ་འདི་ནི་ཤུལ་ཁ་བྲག་ལགས་ཏེ། ཤུལ་འདི་ནི་དྲང་ལ་སེང་གེའི་འཇིགས་པ་དང་བཅས་པ་ལགས། ཤུལ་འདི་ནི་འཁྱོག་ལ་བདེ་བ་ལགས་ན། ཤུལ་གང་ནས་མཆི་བར་བགྱི།
ཀུན་དགའ་བོ་ལམ་དྲང་པོ་ནས་སོང་ཤིག་དང་། དེ་བཞིན་གཤེགས་པ་ནི་སེང་གེའི་འཇིགས་པ་དང་བྲལ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཤུལ་དྲང་པོ་ནས་གཤེགས་པར་བརྩམས་ནས་ཇི་ཙམ་ན་ལམ་དེ་ན་རི་བྲགས་ཤིག་ཡོད་པ་དེར་བྱོན་པ་དང་། རི་བྲགས་དེ་ནས་བྱིས་པ་ཁྱེའུ་
གཉིས་ཤིག་ལམ་ཀར་འོངས་ཏེ་རྩེ་ཞིང་འདུག་གོ། །དེ་ན་གཅིག་གི་ལག་ན་ནི་རྔ་པ་ཊ་ཧ་ཐོགས་སོ། །ཅིག་ཤོས་ཀྱི་ལག་ན་ནི་གཞུ་ཐོགས་སོ། །དེ་གཉིས་ཀྱིས་བཅོམ་ལྡན་འདས་མཐོང་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚུར་གཤེགས་སུ་གསོལ།
བཅོམ་ལྡན་འདས་བྱོན་པ་ལེགས་སོ། །བཅོམ་ལྡན་འདས་འཇིགས་པ་དང་བཅས་པའི་ཤུལ་དུ་གར་གཤེགས། །འོན་ཀྱང་བཅོམ་ལྡན་འདས་མི་བསྙེངས་སུ་གསོལ། བདག་ཅག་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བསེལ་བགྱིའོ། །དེ་ནས་དད་པ་སྐྱེས་པ་གཅིག་གིས་ནི་རྔ་པ་ཊ་
เล่ม ๑๕๓ · หน้า 197b
ཧ་བརྡུངས། དད་པ་སྐྱེས་པ་ཅིག་ཤོས་ཀྱིས་ནི་གཞུ་བདུངས་ཏེ་དེ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་མདུན་དུ་འགྲོ་བར་བརྩམས་པ་དང་། བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ་ཁྱེའུ་འདི་གཉིས་ཀྱིས་དགེ་བའི་རྩ་བ་དག་བསྐྱེད་དོ་སྙམ་དུ་རིག་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་
གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེའུ་གཉིས་ཕྱིར་ལོག་ཤིག །དེ་བཞིན་གཤེགས་པ་ནི་སེང་གེའི་འཇིགས་པ་དང་བྲལ་བ་ཡིན་ནོ། །དེ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་བ་དང་། བཅོམ་ལྡན་
འདས་འཛུམ་པ་མཛད་དེ། ཞལ་གྱི་སྒོ་ནས་འོད་ཟེར་བཀྱེ་ནས་ངན་སོང་དང་མཐོ་རིས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མཛད་དེ། འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་མཛོད་སྤུར་
ནུབ་པོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཞུས་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་གཉིས་དགེ་བའི་རྩ་བ་དེ་དང་ལེགས་པར་སྤྱད་པ་དེས་བསྐལ་པ་བཅུ་གསུམ་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཞིང་ལྷ་དང་མི་རྣམས་སུ་མཚམས་སྦྱོར་ཞིང་འཁོད་ནས། སྲིད་པ་ཐ་མ་དང་། གནས་ཐ་
མ་དང་། གཟུགས་ཐ་མ་དང་། ལུས་ཐ་མ་ཐོབ་པ་ན། ལས་དེ་ཉིད་དང་། དགེ་བའི་རྩ་བ་དེ་ཉིད་དང་། ལེགས་པར་སྤྱད་པ་དེ་ཉིད་ཀྱིས་རབ་ཏུ་བྱུང་ནས་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ། གཅིག་ནི་རང་སངས་རྒྱས་རྔ་སྒྲ་ཞེས་བྱ་བར་འགྱུར། ཅིག་ཤོས་ནི་རང་སངས་རྒྱས་མི་འཇིགས་སྦྱིན་
ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་གྲོང་མེད་པའི་དགོན་པའི་གནས་ཤིག་ཏུ་མཚན་མོ་གནས་པར་ཞལ་གྱིས་བཞེས་སོ། །བཅོམ་ལྡན་འདས་ཀྱིས་ཤིང་ལྗོན་པ་ཡང་རྒན་རིམས་ཀྱིས་བསྐོ་བར་བྱའོ་ཞེས་བཀའ་སྩལ་པས། དྲུག་སྡེ་དག་གིས་ཤིང་
ལྗོན་པ་ཁོང་སྟོང་ཞིག་ཐོབ་ནས། དེ་དག་གྲང་བ་དག་གིས་ཤིང་ལྗོན་པ་ཁོང་སྟོང་དེ་ལ་མེ་བཏང་བ་དང་། ཤིང་ལྗོན་པ་ཁོང་སྟོང་དེ་ལ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཞིག་གནས་པ་དེ་དུ་བས་དཀྲུགས་ནས་སྟེང་གི་ཡལ་ག་ལ་འཛེགས་ཏེ་འཕྱང་ཞིང་འདུག་གོ། །དྲུག་སྡེ་དག་གིས་དེ་མཐོང་ནས་
เล่ม ๑๕๓ · หน้า 198a
བྱུང་ངོ་བྱུང་ངོ་ཞེས་སྨྲས་པ་དང་། ཚོང་པ་དོན་མཐུན་དག་གིས་དེ་ཐོས་ནས་བསམས་པ། སེང་གེ་བྱུང་ངོ་སྙམ་ནས་དེ་དག་སྐྲག་སྟེ་ཕྱོགས་བཞིར་བྱེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཅིའི་ཕྱིར་
ཚོང་པ་དོན་མཐུན་འདི་དག་ཕྱོགས་བཞིར་བྱེར། ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ཚོང་པ་དོན་མཐུན་དག་ལ་དེ་བཞིན་གཤེགས་པ་ནི་སེང་གེའི་འཇིགས་པ་དང་བྲལ་བ་ཡིན་གྱི་ཕྱིར་ལོག་
ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་དག་ལ་དེ་སྐད་བསྒོ་ནས་ཕྱིར་ལོག་པར་གྱུར་ཏོ། །དྲུག་སྡེ་དག་གིས་ཚོང་པ་དོན་མཐུན་གྱི་ཚོགས་སྐྲག་པར་བྱས་ཏེ། ཕྱོགས་བཞིར་བྱེར་བ་བཅོམ་ལྡན་འདས་ཀྱིས་དབུགས་ཕྱུང་བར་གྱུར་པའི་སྐབས་དེ་ལས་བཅོམ་ལྡན་འདས་
ཀྱིས་སྔོན་རི་བོང་དྲུག་ཅིག་མཚེའུ་འགྲམ་ན་ཤིང་བིལ་བའི་ཚལ་གསེབ་ན་འདུག་པ་ན་ཤིང་བིལ་བ་ཞིག་མཚེའུའི་ནང་དུ་རྡིབ་པའི་སྒྲ་ཅལ་ཞེས་ཟེར་བ་རི་བོང་དྲུག་གིས་ཐོས་ནས་དེ་དག་འབྲོས་པར་བརྩམས་པ། ཝ་དང་སྦྲེ་དང་རི་དགས་དང་ཕག་དང་། མ་ཧེ་དང་བསེ་དང་གླང་པོ་ཆེ་དང་
དོམ་དང་དྲེད་དང་གུང་དང་། སྟག་དང་། སེང་གེ་དག་གིས་བརྒྱུད་མར་ཐོས་ནས་དེ་དག་ཀྱང་འབྲོས་པར་བརྩམས་པ་ན། རི་བོང་དྲུག་དང་ཉེ་བ་ཞིག་ན་སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་ཞིག་འདུག་པ་དེས་ཕྱིར་ལོག་ཅིང་དབུགས་ཕྱུང་སྟེ། རི་བོང་དྲུག་ནི་དྲུག་སྡེ་དག་ཡིན་ལ། ཝ་
ལ་སོགས་པ་རི་དགས་ཀྱི་ཚོགས་ཆེན་པོ་སྐྲག་སྟེ་བྱེར་བ་དག་ནི་ཚོང་པ་དག་ཡིན་ནོ། །སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་དག་གིས་རི་དྭགས་ཀྱི་ཚོགས་ཆེན་པོ་སྐྲག་པ་ཕྱོགས་བཞིར་བྱེར་བ་དག་དབུགས་ཕྱུང་བར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་ལགས་པའི་བཀའ་མཆིད་ཀྱང་
སྩལ་ཏོ། །དེ་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །བཅས་པའི་གླེང་གཞི་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་
เล่ม ๑๕๓ · หน้า 198b
སོང་ལ་དགེ་སློང་དང་ཚོང་པ་རྣམས་ལ་ཁྱེད་ཅག་ལས་གང་ཡང་དོན་མཐུན་གྱི་མདུན་དུ་མ་འགྲོ་ཤིག །དེ་བཞིན་གཤེགས་པ་ཉིད་དོན་མཐུན་གྱི་མདུན་དུ་གཤེགས་སོ་ཞེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་སྐད་བསྒོ་ནས་དེ་བཞིན་གཤེགས་པ་ཉིད་དོན་མཐུན་གྱི་མདུན་དུ་
གཤེགས་པ་དང་། ཅི་ཙམ་ན་སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་རྔམ་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདོང་ཞིང་བྱུང་བ་དང་། བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པའི་མཐིལ་དུ་སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་ལྔ་སྤྲུལ་པ་མཛད་ནས། དེས་དེ་དག་གི་དྲི་ཚོར་ནས་
སྐྲག་སྟེ་འབྲོས་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་ཕྱོགས་བཞིར་མེ་སྤྲུལ་པ་མཛད་དོ། །སེང་གེ་དེས་ཕྱོགས་བཞིར་འབར་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ཅིང་འབར་བར་མཐོང་ངོ་། །བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་འབའ་ཞིག་ན་ཞི་བར་མཐོང་ནས། དེས་བཅོམ་ལྡན་
འདས་ཀྱི་ཞབས་གཉིས་ལ་གཏུགས་པ་དང་། བཅོམ་ལྡན་འདས་ཀྱི་ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་དང་དྲ་བས་འབྲེལ་པ་བསོད་ནམས་བརྒྱ་ཕྲག་དུ་མ་ལས་འཁྲུངས་པ་འཇིགས་པ་རྣམས་དབུགས་འབྱིན་པར་མཛད་པས་མགོ་ལ་བྱུགས་ཏེ་བཀའ་སྩལ་པ། བཞིན་
བཟངས་ཁྱོད་སྔོན་གྱི་ཉེས་པར་སྤྱད་པ་དང་ལྡན་པས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ཏེ། ཁྱོད་ད་ལྟར་དྲག་ཤུལ་ཅན་ལག་པ་དམར་བ། བསྣུན་པ་དང་རབ་ཏུ་བསྣུན་པ་ལ་ཞུགས་པ་གཞན་གྱི་སྲོག་འཕྲོག་པ། གཞན་གྱི་སྲོག་གཅོད་དུ་འཇུག་ན་གཞན་གྱི་སྲོག་གཅོད་པས་འཚོ་བར་
བྱེད་པ་ཡིན་པས་ཁྱོད་འདི་ནས་ཤི་འཕོས་པའི་འགྲོ་བ་ནི་ཅིར་འགྱུར། སྐྱེ་བ་ནི་ཅིར་འགྱུར། ཚེ་ཕྱི་མ་ནི་ཅིར་འགྱུར། བཞིན་བཟངས་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ཚིག་གསུམ་
གྱིས་ཆོས་བསྟན་ནས། བཞིན་བཟངས་ཁྱོད་ང་ལ་སེམས་མངོན་པར་དད་པར་གྱིས་ཤིག་དང་དེས་དུད་འགྲོའི་སྐྱེ་གནས་སུ་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དགེ་སློང་དག་སེང་གེ་དེ་ལ་རེག་པར་བྱེད་པ་ན་དེ་སྒྲ་འབྱིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
เล่ม ๑๕๓ · หน้า 199a
དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱོད་སེང་གེ་ལ་མ་རེག་ཤིག་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སེང་གེ་ནི་བཟོད་པར་དཀའ་བ་དག་དང་བསྙེན་པར་དཀའ་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་སེང་གེ་ལ་རེག་པར་མི་བྱའོ། །
དགེ་སློང་སེང་གེ་ལ་རེག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་རི་དགས་ཀྱི་རྒྱལ་པོ་སེང་གེ་དེས་རང་གི་ཟན་བཅད་པར་བྱས་ཏེ། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་བྱས་ནས་དུས་ལ་བབ་པ་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། བཅོམ་ལྡན་འདས་
ཀྱི་སྤྱན་སྔར་འོངས་ནས། བཅོམ་ལྡན་འདས་ཀྱིས་སྔོན་སེང་གེ་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་དེས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་དེའི་སྔོན་བྱུང་བའི་ཚུལ་ཡང་རྒྱ་ཆེར་བཀའ་སྩལ་
ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷཱ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས། རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་དྲུག་སྡེ་དག་མེས་གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་ཟླ་བ་ཡང་བྱེད། ཉི་མ་ཡང་བྱེད།
མགལ་མེའི་འཁོར་ལོ་ཡང་བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་མེས་གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་ཟླ་བ་ཡང་བྱེད། ཉི་མ་ཡང་བྱེད་མགལ་མེའི་འཁོར་ལོ་ཡང་བྱེད། བྱིས་པ་ཁྱེའུ་དག་ཀྱང་དེ་ལྟར་བྱེད་ན། ཤེས་ལྡན་དག་
བྱིས་པ་ཁྱེའུ་དག་དང་། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ལ་བྱེ་བྲག་ནི་ཅི་ཡོད་བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་། བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་
སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་
เล่ม ๑๕๓ · หน้า 199b
མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མེ་ལ་རེག་
གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། །ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདྲན་གཏོར་ལ་དགའ་བ། ཉེས་པ་ནི་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་པར་བྱེད་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་
དགེ་སློང་གང་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་ནས། དགེ་སློང་དག་ཕྱིན་ཆད་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་བདུག་སྤོས་ཀྱང་གསོལ་བར་མི་བྱེད། མར་མེ་ཡང་སྤོར་བར་
མི་བྱེད། སློབ་དཔོན་དང་མཁན་པོ་དག་ལ་ཆུ་དྲོན་འབུལ་བར་མི་བྱེད། ལྷུང་བཟེད་ཀྱི་ལས་ཀྱང་མི་བྱེད། ཚོན་གྱི་ལས་ཀྱང་མི་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་ཡིན་པས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་
རྨས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་དུས་བྱིན་གྱིས་བརླབ་པར་བྱ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། སློབ་དཔོན་དང་། མཁན་པོ་དང་། ཚངས་པ་མཚུངས་
པར་སྤྱོད་པ་རྣམས་ཀྱིས་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་ཀྱིས་དུས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་དག་ལྷུང་བཟེད་ཀྱི་ལས་དང་ཚོན་གྱི་ལས་དག་བྱེད་པ་ན་ཡང་དང་ཡང་དུ་བརྗེད་ནས་མེ་ལ་རེག་ནས་དེ་དག་འགྱོད་པ་སྐྱེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་
པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་ཅིག་ན་ཞིང་རླུང་ནད་ཅན་དུ་གྱུར་ནས་དེས་སྨན་པའི་གན་དུ་སོང་ནས་དྲིས་པ། བཞིན་བཟངས་ཁོ་བོ་ལ་སྨན་སྟོན་ཅིག །འཕགས་པ་ཞུགས་བསྟེན་ཅིག །བཞིན་བཟངས་
เล่ม ๑๕๓ · หน้า 200a
བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ། །འཕགས་པ་ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ལགས་པས་འདི་ལྟར་དེ་ཉིད་རྐྱེན་དུ་མཛད་ནས་རྗེས་སུ་གནང་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་
རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་
བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་
ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཆོས་འདི་པའི་དགེ་སློང་རབ་ཏུ་མང་པོ་དང་ནད་པ། ཉོན་མོངས་
པ་དང་། ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མི་ན་བར་ཞེས་བྱ་བ་ནི་ན་བ་བཞག་སྟེའོ། །བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆེད་དུའོ། །མེ་ལ་རེག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །རེག་ཏུ་
འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་
འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་ཡང་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་མེས་རྩེ་བ་ཉིད་ཀྱིས་གཞན་ལ་གཏོང་བས་ཟླ་བ་དང་ཉི་མ་དང་མགལ་མེའི་འཁོར་ལོ་ལ་སོགས་པ་བྱེད་པ་དང་། སྟོན་པ་དང་། ཆོས་དང་། དགེ་འདུན་དང་། ཚངས་པ་
เล่ม ๑๕๓ · หน้า 200b
མཚུངས་པར་སྤྱོད་པ་རྣམས་ཀྱིས་ཆོས་དང་ལྡན་པར་བྱ་བའི་དོན་ཉིད་དང་། ལྷུང་བཟེད་དང་ཚོན་གྱི་ལས་ལ་བརྟག་པ་ལྟ་བུས་དུས་བྱིན་གྱིས་མ་བརླབས་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པས་སྤང་བ་དང་། གསོད་པ་དང་། མེས་རེག་པ་དང་། མ་རེག་པའི་བུད་ཤིང་
བསྐུལ་བ་དང་། མེ་དང་བཅས་པ་འདྲེན་པ་དང་། བསྐུལ་བ་དང་། མདག་མ་སྤུང་བ་དང་། འདྲུ་བ་དག་དང་། མེ་མ་མུར་དང་། མེ་ལྕེར་བུད་ཤིང་འཇུད་པ་དང་། འབྱིན་པ་རང་ངམ་བསྒོ་བས་བྱེད་ན་མེ་ལ་རེག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་མེས་རྩེ་བ་ཉིད་ལ་ན་སྨད་
པ་མེད་དོ། །མེས་རྩེ་བ་ཉིད་ཅེས་བྱ་བ་དེ་རྣམ་པ་གང་གིས་ཡིན་ཞེ་ན། དེའི་ཕྱིར་གཞན་ལ་གཏོང་བས་ཟླ་བ་དང་ཉི་མ་དང་མགལ་མེའི་འཁོར་ལོ་ལ་སོགས་པ་བྱེད་པ་ཞེས་བྱ་བ་སྨྲས་ཏེ། གཞན་ལ་གཏོང་བས་ཞེས་བྱ་བ་ནི་བྱིས་པས་བུད་ཤིང་མེས་སྦར་ཏེ་གཅིག་གི་ལག་ནས་གཅིག་གི་ལག་
ཏུ་གཞན་ལ་ཐོང་ཤིག་གཞན་ལ་ཐོང་ཤིག་ཅེས་གཞན་ལ་གཏོང་བར་བྱེད་པའི་རྩེད་མོ་གང་ལ་ཡོད་པ་དེ་ལྟ་བུས་སོ། །དེས་ཟླ་བ་ལྟ་བུར་བྱེད་པ་དང་། ཉི་མ་ལྟ་བུར་བྱེད་པ་དང་། མགལ་མེའི་འཁོར་ལོ་ལ་སོགས་པ་བྱེད་པས་རྩེ་བ་ཡིན་ཏེ། དེ་དག་ལ་ན་སྨད་པ་མེད་དོ། །མེ་ཉིད་
ཀྱིས་རྩེ་བ་ལ་ན་སྨད་པ་མེད་དོ། །ཅི་རྩེ་བ་འབའ་ཞིག་ལ་ལྟུང་བ་འདིར་འགྱུར་རམ་ཞེ་ན། དེ་འབའ་ཞིག་ཏུ་མ་ཟད་དེ། དུས་ཕྱིན་གྱིས་མ་བརླབས་པ་དང་། དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པས་མེ་ལ་རང་ངམ་བསྒོ་བས་རེག་པར་བྱེད་པ་དག་ལ་ཡང་ན་སྨད་པ་མེད་དོ། །
དུས་བྱིན་གྱིས་མ་བརླབས་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྟོན་པ་དང་། ཆོས་དང་། དགེ་འདུན་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་ཉིད་དང་ལྷུང་བཟེད་དང་། ཚོན་གྱི་ལས་ལ་བརྟག་པ་ལྟ་བུས་དུས་བྱིན་གྱིས་མ་བརླབས་པ་ཞེས་བྱ་བ་སྨྲས་ཏེ། སྟོན་པ་དང་།
ཆོས་དང་། དགེ་འདུན་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་ཅེས་བྱ་བ་ནི་སངས་རྒྱས་དང་། ཆོས་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དང་། དགེ་འདུན་དང་། མཁན་པོ་དང་། སློབ་དཔོན་དང་། དགེ་སློང་ཚངས་པ་མཚུངས་
เล่ม ๑๕๓ · หน้า 201a
པར་སྤྱོད་པ་རྣམས་ལ་བདུག་སྤོས་དང་། མར་མེ་དང་། ཆུ་དྲོན་ལ་སོགས་པ་འབུལ་བ་སྟེ། དེ་དག་གི་དོན་ཉིད་དུ་དུས་བྱིན་གྱིས་བརླབ་པ་ནི་དགོས་པ་དེ་དང་། དེ་དག་གི་དོན་དུ་འདི་ལྟར་བྱའོ་ཞེས་སེམས་ཀྱིས་མངོན་པར་འདུ་བྱ་ཞིང་ལྟ་བ་ཡིན་ནོ། །ལྷུང་བཟེད་དང་ཚོན་གྱི་
ལས་ཞེས་སྨོས་པས་ནི་རང་གི་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་བསྟན་ཏེ། དེ་དག་གི་དོན་ཉིད་དུ་དུས་བྱིན་གྱིས་བརླབ་པ་ཡང་ལྷུང་བཟེད་ཀྱི་ལས་བྱའོ་ཞེའམ། ཚོན་གྱི་ལས་བྱའོ་ཞེས་ཡིད་ཀྱིས་བརྟག་པ་གང་ཡིན་པ་དེ་ནི་དུས་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ལྟ་བུས་དུས་བྱིན་གྱིས་
བརླབས་པ་ལ་ལྟུང་བ་མེད་པས་དེ་ལྟ་བུས་དུས་བྱིན་གྱིས་མ་བརླབས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་ན་བའི་དབང་ཉིད་དུ་གནས་པ་ལ་ལྟུང་བ་མེད་པས་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །མེ་ལ་རང་ངམ་བསྒོ་བས་རེག་པར་བྱེད་པ་ཇི་ལྟ་བུ་ཞེ་ན། དེའི་
ཕྱིར་སྦར་བ་དང་། གསོད་པ་དང་། མེས་རེག་པ་དང་། མ་རེག་པའི་བུད་ཤིང་བསྐུལ་བ་དང་། མེ་དང་བཅས་པ་འདྲེན་པ་དང་། སྐུལ་བ་དང་། མདག་མ་སྤུང་བ་དང་། འདྲུ་བ་དག་དང་། མེ་མར་མུར་དང་། མེ་ལྕེར་བུད་ཤིང་འཇུག་པ་དང་། འབྱན་པ་རང་ངམ། སྒོ་བར་བྱེད་ན་ཞེས་
བྱ་བ་སྨྲས་ཏེ། དུས་བྱིན་གྱིས་བརླབས་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་རང་ངམ་བསྒོ་བས་མེ་སྦར་རམ། གསོད་དམ། མེས་རེག་པའི་བུད་ཤིང་བསྐུལ་ཏམ། མེས་མ་རེག་པའི་བུད་ཤིང་བསྐུལ་ཏམ། མེ་དང་བཅས་པའི་བུད་ཤིང་འདྲེན་ཏམ་བསྐུལ་ཏམ།
མདག་མ་སྤུང་ངམ། འདྲུ་འམ་མེ་མར་མུར་དང་། མེ་ལྕེའི་ནང་དུ་བུད་ཤིང་འཛུད་དམ་འབྱིན་ན་ཐམས་ཅད་ལ་ན་སྨད་པ་མེད་དོ། །རང་གིས་རེག་གམ་གཞན་ལ་བསྒོ་བས་རེག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། འདིའི་བྱེད་པ་པོ་ནི་མེ་མར་མུར་དང་མེ་ལྕེ་མ་གཏོགས་པའི་མེ་ཉིད་དང་། མེས་རྩེ་
བ་ཉིད་དང་། དུས་བྱིན་གྱིས་མ་བརླབས་པ་དང་། ན་བའི་དབང་ཉིད་དུ་གནས་པ་མ་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མེ་ཉིད་དང་། མེས་རྩེ་བ་ཉིད་དང་། དུས་ཕྱིན་གྱིས་མ་བརླབས་པ་དང་། ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་དང་རང་ངམ་བསྒོ་
เล่ม ๑๕๓ · หน้า 201b
བས་རེག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་མེ་ལ་རེག་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་
བྱས་རེ་རེའོ། །མེ་མར་མུར་ནི་ཕྱེད་ཤི་བ་ཉིད་ཡིན་པས་དེ་ལ་རེག་གམ། རེག་ཏུ་བཅུག་ན་ཉེས་བྱས་སོ། །མེ་ལྕེ་དག་ཀྱང་དེ་བཞིན་ནོ། །སྐྲ་དང་སྤུ་དང་རུས་པ་དང་། སེན་མོ་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་དང་། མོན་སྲན་སྡེའུ་དང་མོན་སྲན་གྲེའུ་
དང་ཏིལ་དང་འབྲུ་མར་དང་སྦྲང་རྩི་དང་མར་དག་ནི་བུད་ཤིང་གི་ཕྱེད་ཉིད་ཡིན་པས། དེ་དག་རང་ངམ་བསྒོ་བས་མེར་བཅུག་པ་དང་བྱུང་བ་ནི་ཉེས་བྱས་སོ། །དེ་དག་ཀྱང་དཔེ་ཙམ་དུ་ཟད་དེ། རས་བལ་དང་བལ་ལ་སོགས་པ་ཡང་བསྡུའོ། །འབར་བའི་ཆོས་ཅན་ཡང་དེ་དང་འདྲའོ། །གཞན་
གྱི་བྱ་བ་གཞན་ལ་བྱིན་གྱིས་རློབ་པ་ནི་ཕྱེད་བྱིན་གྱིས་བརླབས་པ་ཡིན་པས་དགེ་སློང་གིས་དུས་བྱིན་གྱིས་མ་བརླབས་པར་མཁན་པོ་ལ་སོགས་པའི་བྱ་བས་མེ་ལ་རེག་པ་དང་མཁན་པོ་ལ་སོགས་པ་གཞན་གྱི་བྱ་བ་སློབ་དཔོན་ལ་སོགས་པ་གཞན་གྱིས་བྱིན་གྱིས་རློབ་པ་དང་། ལོག་པར་བྱིན་གྱིས་
རློབ་པ་ཐམས་ཅད་ཀྱང་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་དུས་བྱིན་གྱིས་བརླབས་པ་དང་ན་
བའི་དབང་ཉིད་དུ་གནས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མེ་ལ་རེག་པའི་ལྟུང་བྱེད་དུ་འགྱུར་
བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སེང་གེ་ལ་རེག་པར་མི་བྱའོ། །སྟོན་པ་དང་། ཆོས་དང་། དགེ་འདུན་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་དང་། ལྷུང་བཟེད་དང་ཚོན་གྱི་ལས་ལ་བརྟག་པ་ལྟ་བུས་དུས་
เล่ม ๑๕๓ · หน้า 202a
བྱིན་གྱིས་བརླབ་པར་བྱའོ། །དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །མེ་ལ་རེག་པའི་ལྟུང་བྱེད་དེ་ལྔ་བཅུ་གཉིས་པ་བཤད་ཟིན་ཏོ།། །།འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་
འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དང་། ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤཱམ་བཱིར་སོང་སྟེ་ཡིད་དལ་
དུ་འདུག་པ་དང་། འགྲོ་མགྱོགས་དང་ནབ་སོ་གཉིས་ནི་དུས་ལ་བབ་པ་དང་། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་གནས་པ་དེའི་ཚེ་ན་བཅུ་བདུན་སྡེ་དག་གདུག་པ་དང་ཕ་རོལ་གནོན་པར་གྱུར་ཅིང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་
པ་ཡང་ཡིན་པས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ཡུན་རིང་པོ་ནས་དྲུག་སྡེ་དག་གིས་མཐོ་བཙམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་མཐོ་བཙམས་པ་ལྟར་ཡང་གཞན་དག་གིས་མཐོ་མ་བཙམས་ལ། ཇི་ལྟར་ཉེ་དགས་མཐོ་བཙམས་པ་ལྟར་ཡང་
དགའ་བོས་མཐོ་མ་བཙམས་ཀྱི་ཚུར་ཤག །དེ་གནས་ནས་དབྱུང་བའི་ལས་བྱའོ། །དེ་ནས་གཅིག་གིས་སྨྲས་པ། ཕུ་ནུ་བོ་དག་དེའི་ཕུ་ནུ་བོ་དགའ་བོ་རྩོད་པ་ལ་མཁས་པས་བདག་ཅག་གིས་ཉེ་དགའ་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་སོ། །དེ་བྲེལ་བ་བསྐྱེད་
པར་བྱའོ་ཞེས་དེ་དག་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། གནས་བརྟན་ཕྱག་འཚལ་ལོ། །ཚེ་དང་ལྡན་པ་དག་ཨ་རོག་གྱ། གནས་བརྟན་གྱི་ཆོས་གོས་དག་དྲི་མ་ཅན་དུ་གྱུར་ཏོ། །བུ་དག་ཁོ་བོ་རྒས་པར་གྱུར་པས་དགེ་སློང་ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་
ཀྱང་རྒས་པའི་ཕྱིར་བརྙས་ཏེ་ཕྱིན་ཆད་ཆོས་གོས་ཀྱི་ལས་བྱེད་དུ་མི་བཏུབ་པོ། །བདག་ཅག་གིས་གནས་བརྟན་གྱི་ཆོས་གོས་དག་བཀྲུ་བར་བགྱི། ཆོས་གོས་དག་ཚུར་སྩོལ་ཅིག་ཅེས་བཅུ་བདུན་སྡེ་དག་གིས་དགའ་བོ་རྙང་རྙིང་དག་བསྐོན་ཏེ། དེའི་ཆོས་གོས་ཐམས་ཅད་
เล่ม ๑๕๓ · หน้า 202b
བླངས་ནས་འགྱུར་བྱེད་ཀྱི་ཚལ་དེར་གནས་མལ་བཤམས་ནས་གཎྜཱི་བརྡུངས་ཏེ་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། གནས་བརྟན་དགེ་འདུན་གྱི་བྱ་བ་ཅུང་ཞིག་མཆིས་ཏེ་གཎྜཱི་བརྡུངས་ཀྱི་ཚུར་སྤྱོན། དགའ་བོས་སྨྲས་པ། བུ་དག་ཁོ་བོ་འདི་འདྲ་བའི་གནས་སྐབས་
ཀྱིས་དགེ་འདུན་གྱི་ནང་དུ་ཅི་ལྟར་འགྲོ་བར་བྱ། དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་འབུལ་ལོ། །དེ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་འགྱུར་བ་ན་དགེ་སློང་གླེང་བ་པོ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་ཉེ་དགའ་ལ་སྨྲས་པ། བཙུན་པ་
ཉེ་དགའ་ཁྱོད་ཀྱིས་བཅུ་བདུན་སྡེ་དག་གི་ལྟོ་དྲལ་ཏེ། རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་བསྐོར་བར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཚིག་སྨྲས་པ་གང་ཡིན་པ་དེ་དྲན་ནམ། ཚེ་དང་ལྡན་པ་དག་རྨ་སོས་པ་དག་དྲལ་ཏེ་ཅི་བྱ། དེ་ནི་འདས་པའི་དོན་ཡིན་ནོ། །དེ་དག་གིས་སྨྲས་པ། བཅོམ་
ལྡན་འདས་ཀྱིས་འདས་པའི་དུས་ཁོ་ན་ལས་བརྩམས་ཏེ་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་དེ་དག་གིས་ཉེ་དགའ་ལ་གྱ་ཚོམ་དུ་ནན་གྱིས་གནས་ནས་དབྱུང་བའི་ལས་བྱས་སོ། །ཉེ་དགའ་གནས་ནས་དབྱུང་བའི་ལས་བྱས་ནས་ཕུ་བོ་དགའ་
བོའི་གན་དུ་སོང་སྟེ་ངུ་བར་བརྩམས་པ་དང་དགའ་བོས་སྨྲས་པ། ཉེ་དགའ་ཅིའི་ཕྱིར་ངུ་། ཉེ་དགས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་གིས་ཁོ་བོ་གནས་ནས་དབྱུང་བའི་ལས་བྱས་སོ། །དགའ་བོས་སྨྲས་པ། གང་དག་གིས་ཁོ་བོའི་ནུ་བོ་གནས་ནས་དབྱུང་བའི་ལས་བྱས་པ་དེ་
དག་གྲོང་དང་གྲོང་ཁྱེར་དང་ལྗོངས་དང་ཁམས་གསུམ་ནས་གནས་ནས་ཕྱུང་བར་གྱུར་ཅིག་ཁོ་བོས་བདག་གི་ནུ་བོ་གནས་ནས་དབྱུང་བའི་ལས་བྱེད་པར་མ་ཤེས་ཀྱི། དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་འདུན་པ་མི་སྦྱིན་ནོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་
དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་སྤང་བའི་ཆོས་སུ་བྱེད་ཅིང་། འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་
เล่ม ๑๕๓ · หน้า 203a
ཞིང་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་
བསྡུ་བ་མཛད་དེ། དགའ་བོ་ལ་རྨས་ནས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་ད། བསླབ་པ་བཅའ་བའི་ཕན་ཡོན་བཅུ་
ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་སྤོང་བའི་
ཆོས་སུ་བྱེད་ཅིང་འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། །ཡུལ་ནི་མཉན་ཡོད། གང་ཟག་ནི་དགའ་བོ། །ཉོན་མོངས་པ་ནི་སྤོང་བའི་ཆོས་སུ་བྱེད་པ། ཉེས་པ་ནི་འདུན་པ་ཕྱིར་བསྒྱུར་བའོ། །དེ་ལ་
ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་དགའ་བོའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །བྱ་བ་ཆོས་དང་ལྡན་པ་ཞེས་བྱ་བ་ནི་ལས་ཆོས་དང་ལྡན་པ་ལའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་
འདི་པ་ལའོ། །འདུན་པ་ཕུལ་ནས་ཞེས་བྱ་བ་ནི་འདུན་པ་བྱིན་ནས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ཞེས་བྱ་བ་ནི་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་ནས་སོ། །སྤོང་བའི་ཆོས་སུ་བྱེད་ཅིང་ཞེས་བྱ་བ་ནི་སྨྱོན་
པའི་ཆོས་སུ་བྱེད་ཅིང་ངོ་། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ཞེས་བྱ་བ་ནི་དེ་སྐད་ཅེས་ཟེར་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་
เล่ม ๑๕๓ · หน้า 203b
ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་
སློང་གི་ལས་བརྒྱ་རྩ་གཅིག་གི་ནང་ནས་ནན་ཐུར་གྱི་ལས་ལྔ་དང་། གང་ཟག་བཅུ་གཉིས་བསྐོ་བ་དང་གྲངས་སུ་གཞུག་པ་བཞི་ལ་སོགས་པ་དེ་ལྟ་བུ་དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་དགེ་འདུན་གྱི་ཆོས་བཞིན་དུ་བྱས་པ་ལ་འདུན་པ་ཕུལ་བ་ཕྱིར་བསྒྱུར་བའི་ཕྱིར་དགེ་སློང་འདུན་པ་ཕྱིར་བྱིན་
ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་སྨྲས་ན་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ལས་བརྒྱ་རྩ་གཅིག་གི་ནང་ནས་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། ཕྱིར་དགྱེད་པ་དང་། མི་མཐོང་བས་གནས་ནས་དབྱུང་བ་དང་། ཕྱིར་མི་འཆོས་པ་རྣམས་
གནས་ནས་དབྱུང་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བའི་ནན་ཐུར་ལྔ་དང་། གནས་ཁང་བསྐོ་བ་དང་། ཟས་ལ་བསྐོ་བ་དང་། ཐུག་པ་འདྲིམ་པ་དང་། བག་ཆོས་འདྲིམ་པ་དང་། ཕྲན་ཚེགས་འདྲིམ་པ་དང་། སྣོད་སྤྱད་འདྲུབ་པ་དང་།
གོས་ཀྱི་རྙེད་པ་སྦེད་པ་དང་། གོས་ཀྱི་རྙེད་པ་འགྱེད་པ་དང་། དབྱར་གྱི་གོས་རས་ཆེན་སྦེད་པ་དང་། དབྱར་གྱི་གོས་རས་ཆེན་འགྱེད་པ་དང་། མངག་གཞུག་དང་། མཛེས་ཆོས་དང་། སྡེ་སྤྱད་འདྲིམ་པ་དང་། གནས་མལ་འདོགས་པ་དང་། གནས་མལ་བྱི་བོ་འབོགས་པ་དང་།
ཤིང་ཐོག་འདྲིམ་པ་དང་། ཆུའི་ཞིལ་ཏ་པ་དང་། བང་རིམ་གྱི་ཞལ་ཏ་པ་དང་། སྒེའུ་ཆུང་སྲུང་བ་དང་། སྲ་བརྐྱང་སྦེད་པ་དང་། ལག་གི་བླ་ལ་སོགས་པ་གང་ཟག་ལས་བསྐོ་བ་དང་། ངོར་འཕྱ་བ་དང་། གཞོགས་འཕྱས་བྱེད་པ་དང་། བསྒོ་བ་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་
རྣ་ལ་གཟོན་པའི་གྲངས་སུ་གཞུག་པ་ལ་སོགས་པ་དགེ་སློང་གདོན་གྱི་ཆེད་ཀྱི་ལས་གསོལ་པ་དང་། བརྗོད་པ་དང་། དགག་དབྱེ་ལ་སོགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ལས་དེ་དག་དགེ་འདུན་གྱི་ཆོས་བཞིན་དུ་བྱས་པ་ལ་ན་སྨད་པ་མེད་དོ། །དེ་དག་ལ་དགེ་སློང་རང་
เล่ม ๑๕๓ · หน้า 204a
གི་འདུན་པ་ཕུལ་བ་ལ་ན་སྨད་པ་མེད་དོ། །དེའི་ཕྱིར་བསྒྱུར་བ་ནི་ཕྱིར་སྨྲས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་བྱས་པ་ལས་འདུན་པ་ཕུལ་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གི་དོན་
གྱི་ཆེད་དང་ལས་དང་དེ་ལ་འདུན་པ་ཕུལ་བ་དང་དགེ་འདུན་གྱི་ཆོས་བཞིན་དུ་བྱས་པ་དང་། དེ་ཕྱིར་བསྒྱུར་བའི་ཕྱིར་སྨྲས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་
ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་གི་དོན་གྱི་ཆེད་མ་ཡིན་པའི་ལས་གཞན་ལ་ཉེས་བྱས་སོ། །ལས་བརྒྱ་རྩ་གཅིག་གི་ཁོངས་སུ་གཏོགས་པ་མ་ཡིན་པའི་ལས་གཞན་
པ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་འདུན་པ་མ་ཕུལ་བ་ལ་ལྟུང་བ་མེད་དོ། །དགེ་འདུན་གྱི་
ལས་ཆོས་བཞིན་མ་བྱས་པ་ལ་ལྟུང་བ་མེད་དོ། །ཕྱིར་བསྒྱུར་བའི་ཕྱིར་མ་སྨྲས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་
སྐབས་ཐམས་ཅད་དུ་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བསྙོན་པའི་ཆོས་མི་བྱའོ། །མི་མཐུན་པ་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དེ་ལྔ་བཅུ་གསུམ་པ་བཤད་ཟིན་ཏོ།། །།
སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་ཅུ་གསུམ་པ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་གནང་བ་དང་། བཅས་པའི་དབང་གིས་རྣམ་པ་གསུམ་སྟེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་
เล่ม ๑๕๓ · หน้า 204b
བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་ན་བཞུགས་སོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་ལྷགས་ནས་དགེ་སློང་རྣམས་ལ་སྨྲས་པ། འཕགས་པ་དག་ཆོས་བསྟན་དུ་གསོལ། དགེ་སློང་རྣམས་ཀྱིས་
སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཀྱང་ཆོས་བསྟན་པར་བྱ་བར་གནང་ངོ་། །དགེ་སློང་
རྣམས་ཉིན་མོ་ཆོས་སྟོན་པར་བྱེད་དོ། དེ་ནི་ཁྱིམ་པ་གང་དག་བསོད་ནམས་ཀྱི་འབྲས་བུས་འཚོ་བ་དེ་དག་ནི་ཉིན་མོ་ཆོས་མཉན་ནས་མཚན་མོ་རྩོལ་བའི་འབྲས་བུས་འཚོ་བ་རྣམས་ལ་ཤེས་ལྡན་དག་འཕགས་པ་དག་ཆོས་སྙན་པ་སྙན་པ་སྟོན་པར་མཛད་ཅིང་སྦྲང་རྩི་བྱེད་པའི་སྦྲང་
བུ་བཞིན་དུ་ཆོས་སྦྲང་རྩི་ལྟ་བུར་སྟོན་ཅིག །སྟོབས་པར་མཛད་དོ་ཞེས་རྗོད་པར་བྱེད་དོ། །གང་དག་རྩོལ་བའི་འབྲས་བུས་འཚོ་བ་དེ་དག་ནི་དེ་ལ་སྨོད་ཅིང་གལ་ཏེ་བདག་ཅག་གིས་ཉིན་མོ་ལས་དག་མ་བྱས་ན་ལྟོགས་ཏེ་འཆི་བར་འགྱུར་བས། འཕགས་པ་དག་ཁྱོད་ལ་མཚན་མོ་ཆོས་
སྟོན་པར་འགྱུར་ན་བདག་ཅག་གིས་ཀྱང་མཉན་པར་བྱའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚན་མོ་ཆོས་བསྟན་པར་བྱའོ། །དགེ་སློང་རྣམས་མཚན་ཐོག་ཐག་ཏུ་ཆོས་སྟོན་པར་བྱེད་
ཅིང་ངལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་ཕྱེད་ཀྱི་བར་དུ་ཆོས་བསྟན་པར་བྱའོ། །དེ་ལྟ་ན་ཡང་ངལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེས་བརྒྱད་དང་ཚེས་བཅུ་བཞི་ལ་ཆོས་བསྟན་པར་བྱའོ། །དགེ་སློང་རྣམས་ཀྱིས་
ཚེས་བརྒྱད་དང་། ཚེས་བཅུ་བཞིའི་ནམ་ཕྱེད་ཀྱི་བར་དུ་ཆོས་བསྟེན་པ་དང་། དགེ་སློང་བསོད་སྙོམས་པ་ཞིག་ཆོས་ཉན་དུ་འོངས་པ་དེའི་ཚེ་མཚན་མོ་མཐའ་གཅིག་ཏུ་སོང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། །དེ་ལྟར་ལྷགས་པའི་ཁྱིམ་པ་དེ་དག་ཀྱང་དེ་ཉིད་དུ་ཉལ་ནས་
เล่ม ๑๕๓ · หน้า 205a
ཁང་སྐྱོང་གིས་མར་མེ་གསད་པར་བརྩམས་པ་དང་། དེ་དག་གིས་སྨྲས་པ། འཕགས་པ་ཞུགས་མར་མ་དགུམས་ཤིག་དང་བདག་ཅག་གིས་འབྲུ་མར་དབུལ་ལོ། །ཁང་སྐྱོང་གིས་མར་མེ་གསོས་ཏེ་སོང་ངོ་། །དེ་ནས་དགེ་སློང་རྒན་ཞུགས་བརྗེད་ངས་པ་ཞིག་
ཉལ་བ་དེའི་རྨི་ལམ་ན་སྔོན་གྱི་རྙིང་བ་དང་ལྷན་ཅིག་ཉལ་བ་རྨིས་ནས། དེས་ཅི་དང་ཅི་དག་ཅིག་བརྡོལ་བར་བརྩམས་པ་ཁྱིམ་པ་དེ་དག་གིས་ཐོས་ནས་འདི་སུ་ཡིན་ཞེས་མར་མེའི་འོད་ལ་བལྟས་ན། ཇི་ཙམ་ན་རྒན་ཞུགས་དེ་ཕྱི་རྒན་དུ་ཉལ་ཞིང་ཅི་དང་ཅི་དག་བརྡོལ་བ་མཐོང་ནས་
དེ་དག་གིས་སྨྲས་པ། ཤེས་ལྡན་དག་རྒན་པོ་རྣམས་ཀྱི་གནས་སྐབས་ཀྱང་རེ་ཞིག་འདི་འདྲ་ན། རབ་ཏུ་བྱུང་བ་གཞོན་ནུ་དག་གི་གནས་སྐབས་ཇི་ལྟ་བུར་གྱུར་ཞེས་མ་དད་པ་གོ་བར་བྱེད་དོ། །དགེ་སློང་བསོད་སྙོམས་པ་དེས་ནང་པར་སྔར་ལངས་ཏེ་དགོན་པའི་གནས་སུ་སོང་བ་དང་།
དགེ་སློང་སྤོང་བ་པ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཇི་ལྟར་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོས་སྙན་པ་སྙན་པ་དག་སྟོན་ཅིང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མངོན་པར་དད་པར་བྱས་སམ། དེས་སྨྲས་པ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་དེ་ལྟར་བྱས་སོ། །རྒན་
ཞུགས་ཅིག་གིས་ནི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མངོན་པར་མ་དད་པར་བྱས་སོ། །ཇི་ལྟར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་
ཅུང་ཟད་ཅི་བྱུང་བར་གྱུར་པ་དེ་ནི་དགེ་སློང་རྣམས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བར་བྱེད་པ་དང་། སྣང་བ་ལ་ཉལ་བར་བྱེད་པ་ལས་གྱུར་ཏོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་དང་།
ལྷན་ཅིག་ཉལ་བར་མི་བྱ་ཞིང་། སྣང་བ་ལ་ཡང་ཉལ་བར་མི་བྱའོ། །ཉལ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ནི་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་ནི་མི་མཛད་དོ། །གནང་
เล่ม ๑๕๓ · หน้า 205b
བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་དགེ་ཚུལ་སྒྲ་གཅན་ཟིན་དང་སྐུལ་བྱེད་ཅེས་བྱ་བ་གཉིས་ཡོད་དེ། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ཉིན་མོ་
སྤྱོད་དུ་སོང་བའི་གཙུག་ལག་ཁང་དུ་དགེ་སློང་གློར་བུར་དུ་འོངས་པ་ཞིག་གི་གཙུག་ལག་ཁང་བསྐོས་ནས་དེ་མི་དགའ་བ་དང་། ཚེ་དང་ལྡན་པ་སྐུལ་བྱེད་ཀྱིས་སྒྲ་གཅན་ཟིན་ལ་སྨྲས་པ། ཚེ་དང་ལྡན་པ་སྒྲ་གཅན་ཟིན་མི་དགར་མ་བྱེད་པར་གང་ཡང་རུང་བར་ཉོལ་ཅིག །ཚེ་དང་ལྡན་པ་
སྒྲ་གཅན་ཟིན་དེའི་ནུབ་མོ་བཅོམ་ལྡན་འདས་ཀྱི་སྣམ་ཕྱིས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་སྤོས་ཀྱི་བྱུག་པས་བསྐུས་པ་དེར་སོང་སྟེ་ཞབས་རྟེན་ལ་མགོ་བོ་བཞག་སྟེ་ཉལ་ལོ། །དེའི་ཚེ་མཚན་མོ་སྤྲིན་ཁ་དོག་ལྔ་པ་འདུས་ནས་དེས་ཆར་འབབ་པར་བརྩམས་པ་དང་།
སྣོམ་ཕྱིས་པ་དེ་དང་ཧ་ཅང་ཐག་མི་རིང་བ་ན་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་གཙོ་བོ་ཞིག་གི་ཚང་འདུག་པ་དེ་ཆར་བབ་པའི་ཆུས་གང་ནས་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་གཙོ་བོ་དེ་བཅོམ་ལྡན་འདས་ཀྱི་སྣམ་ཕྱིས་པ་ག་ལ་བ་དེར་འཕགས་སོ། །སངས་རྒྱས་བཅོམ་ལྡན་
འདས་རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅན་ཡིན་པས། བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་གཙོ་བོ་དེས་སྒྲ་གཅན་ཟིན་རྙེད་པར་གྱུར་ན་མིང་གི་ལྷག་མ་ཙམ་ལས་པར་བྱེད་པར་འགྱུར་ཏེ། དེས་ཤཱཀྱ་ང་རྒྱལ་ཅན་
དག་གལ་ཏེ་གཞོན་ནུ་སྒྲ་གཅན་ཟིན་བཟང་པོ་རབ་ཏུ་བྱུང་བར་མ་གྱུར་ན་རྒྱལ་པོ་དངོས་བརྩན་པར་འགྱུར་བ་ཞིག་ན། དེ་རབ་ཏུ་བྱུང་ནས་མགོན་མེད་པའི་བྱ་བས་དུས་ལ་བབ་པོ་ཞེས་མ་དད་པ་གོ་བར་བྱེད་པར་འགྱུར་བར་ཐུགས་སུ་ཆུད་ནས་གླང་པོ་ཆེའི་སྣ་འདྲ་བའི་ཕྱག་བརྐྱང་སྟེ་
སྒྲ་གཅན་ཟིན་བླངས་ནས་ཉིད་ཀྱི་གཟིམས་མལ་དུ་བསྙལ་ཏེ་གཞག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་གནས་གཅིག་ན་གཟིམས་པར་འགྱུར་བ་ནི་གནས་མ་ཡིན་ཞིང་སྐབས་མེད་པས། བཅོམ་ལྡན་འདས་ཀྱིས་
เล่ม ๑๕๓ · หน้า 206a
དགུང་ལ་འཆག་པ་དང་བཞུགས་པ་གཉིས་ཀྱིས་ཤས་ཆེར་མཚན་མོ་འདའ་བར་མཛད་དོ། །དགེ་སློང་གནས་བརྟན་གནས་བརྟན་དག་ནང་པར་སྔར་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་དུ་འོངས་པ་ན། ཚེ་དང་ལྡན་པ་སྐུལ་
བྱེད་ཀྱིས་སེ་གོལ་གྱི་སྒྲས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་བསླང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་ཚུལ་འདི་དག་ལ་ནི་མ་ཡང་མེད། ཕ་ཡང་མེད། བྱམས་པ་དང་མཛའ་བཤེས་ཀྱི་ཚོགས་གཞན་ཡང་མེད། ཚངས་པ་
མཚུངས་པར་སྤྱོད་པ་ཁྱེད་ཅག་འབའ་ཞིག་ཏུ་ཟད་ཅིང་། འདི་དག་ནི་དགྲ་བཅོམ་པའི་སྒོ་ང་དང་ལྡན་པ་དག་ཡིན་ནོ། །གལ་ཏེ་ཁྱེད་ཅག་གིས་འདི་དག་ཡོངས་སུ་སྐྱོང་བར་མི་བྱེད་ན་གཞན་སུ་ཞིག་བྱེད་པར་འགྱུར། དགེ་སློང་དག་དེ་ལྟ་བས་ན་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་
ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་བར་རྗེས་སུ་གནང་ངོ་། །དགེ་སློང་ཞིག་ལ་འཁྲུ་བའི་ནད་བྱུང་སྟེ། དེ་མུན་པའི་ནང་དུ་མི་བདེ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་སྣང་བར་བྱའོ། །དེར་ཉལ་བར་ཡང་བྱའོ། །དགེ་སློང་ནད་གཡོག་
དག་ཀྱང་དེར་ཉལ་བར་ཡང་བྱའོ། །བྱིན་ལེན་སྟོབས་པ་བསྙེན་པར་མ་རྫོགས་པ་དག་ཀྱང་དེར་ཉལ་བར་བྱའོ། །ནད་པ་དང་ནད་གཡོག་དང་། བྱིན་ལེན་སྟོབས་པ་དག་གིས་ནུབ་གསུམ་པ་ལ་ཡང་ཉལ་བར་བྱའོ། །ནད་གཡོག་གིས་བྱིན་ལེན་བྱས་པ་ནད་པ་དང་ནད་གཡོག་ཉིད་
ཀྱིས་ཀྱང་བཟའ་བར་བྱའོ། །རྒན་པ་དང་གཞོན་པ་དག་གིས་ཀྱང་བཟའ་བར་བྱའོ། །རྒན་པ་རྣམས་ལ་གསར་བུ་རྣམས་དང་། བསྙེན་པར་མ་རྫོགས་པ་རྣམས་ཀྱིས་ནད་གཡོག་བྱ་ཞིང་ཟས་ཀྱང་བསྙོད་པར་བྱའོ། །བསྙེན་པར་མ་རྫོགས་པ་དང་། གསར་བུ་རྣམས་ལ་ཡང་རྒན་པ་
རྣམས་ཀྱིས་དེ་བཞིན་བྱའོ། །ཟླ་བ་དང་ཉི་མའི་སྣང་བ་དག་ནི་ཐ་སྙད་དུ་བྱ་བ་མ་ཡིན་པས་དེ་ལ་ཉལ་བར་བྱའོ། །གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་གནས་གཅིག་ན་ཉལ་བས་ནུབ་གསུམ་པ་ལ་གཙུག་ལག་ཁང་དང་ཁྱམས་ནས་ཕྱིར་དབྱུང་བར་མི་བྱ་
เล่ม ๑๕๓ · หน้า 206b
བར་འདི་ལྟར་ཉེ་འཁོར་དུ་སྤང་བར་བྱའོ། །གལ་ཏེ་གནས་པར་ཁས་མ་བླངས་པ་རྣམས་ཀྱི་ནང་དུ་དགེ་སློང་སྡིག་ཅན་འོངས་ཤིང་དེ་དགེ་ཚུལ་ལ་འཚེ་ན་དེ་བསྐྲད་པར་བྱའོ། །གལ་ཏེ་སྐྲོད་མི་ནུས་ན་དགེ་ཚུལ་ཁྲིད་དེ་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའོ། །གལ་ཏེ་གནས་པར་
ཁས་བླངས་པ་རྣམས་ཀྱི་ནང་དུ་དགེ་སློང་སྡིག་ཅན་འོངས་ཤིང་དགེ་ཚུལ་ལ་འཚེ་ན་དེ་བསྐྲད་པར་བྱའོ། །གལ་ཏེ་སྐྲོད་མི་ནུས་ན་ནི་དགེ་ཚུལ་དགེ་སློང་མཛའ་བོའི་གན་དུ་གཞག་པར་བྱའོ། །གལ་ཏེ་དགེ་སློང་མཛའ་བོ་མེད་ན་གནས་གཅིག་ཏུ་ལྷན་ཅིག་ཟླ་བ་གཉིས་འདའ་བར་བྱའོ། །
དགག་དབྱེ་བྱས་ནས་གལ་ཏེ་དགེ་སློང་སྡིག་ཅན་དེ་སྐྲོད་པར་ནུས་ན་བསྐྲད་པར་བྱའོ། །གལ་ཏེ་མི་ནུས་ན་དགེ་ཚུལ་ཁྲིད་དེ་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའོ། །དགེ་སློང་དག་ལམ་དུ་འདོང་བ་ན་དེ་ན་དགེ་ཚུལ་ཡང་འདོང་ན་ནུབ་གསུམ་པ་ལ་འགྲོན་པ་དོན་མཐུན་གྱི་ཕྱི་རོལ་
དུ་འབྱུང་བར་མི་བྱ་བར་དོན་མཐུན་གཉིས་སུ་བྱས་ཏེ་གཅིག་གི་ནང་དུ་དབྱུང་བར་བྱའོ། །གལ་ཏེ་དོན་མཐུན་དཔུང་ཆུང་ན་གཉིས་སུ་མི་བྱ་བར་དགེ་སློང་རྣམས་ཀྱིས་མི་ཉལ་བར་ཏྲོན་བྱའོ། །གལ་ཏེ་དགེ་སློང་རྣམས་ངལ་བར་གྱུར་ན་ཐུན་གསུམ་མམ་གཉིས་སམ་གཅིག་གམ་ཐ་
ན་སྐྱ་རེངས་འཆར་ཀར་ཏྲོན་བྱའོ། །དེ་ལྟ་ན་ཡང་ངལ་བར་གྱུར་ན་ཉལ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དགེ་སློང་ལམ་དུ་འདོང་བས་དགེ་ཚུལ་གཉིད་བྲོ་བས་རྨྱ་བར་གྱུར་ན་མདུན་དུ་བཏང་སྟེ་འགྲོ་བར་བྱའོ། །དེར་དགེ་ཚུལ་དག་གལ་ཏེ་བྲུ་བ་ཚ་བར་གྱུར་ན་དེ་ལ་ནང་པར་
གྱི་དུས་སུ་གཡར་སུས་སྦྱིན་པར་བྱའོ། །དགེ་ཚུལ་དག་ནི་མེའི་ཁམས་ཆེ་བ་ཡིན་པས་དེ་དག་གལ་ཏེ་དྲོ་ཀར་ཡང་བཀྲེས་ན། དེའི་ཚེ་ཡང་ཟན་སྦྱིན་པར་བྱའོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་
མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བར་མི་བྱ་ཞིང་སྣང་བ་ལ་ཡང་ཉལ་བར་མི་བྱའོ། །ཞེས་བཀའ་སྩལ་ནས། ཉེ་དགའ་ལ་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་ཞེས་བྱ་
เล่ม ๑๕๓ · หน้า 207a
བ་གཉིས་ཡོད་དེ། དེ་དེ་གཉིས་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་བྱེད་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་
གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བཀའ་སྩལ་གྱི་ཁྱོད་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་མ་ཉལ་ཅིག །ཉེ་དགས་སྨྲས་པ། གང་ལ་ནུབ་གཉིས་རུང་བ་དེ་ལ་ནུབ་གསུམ་པ་ཡང་རུང་མོད།
ནུབ་གསུམ་པས་ཆང་འཐུངས་སམ། ཀུན་དོང་ཟོས་སམ་ཇི་ཉེས་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གང་ཟག་བསྙེན་པར་མ་རྫོགས་པ་དང་། ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་
མི་བྱའོ་ཞེས་བཀའ་སྩལ་པ་ན། ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་ནུབ་གཉིས་ལས་ལྷག་པར་འདའ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་
བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་
ཏུ་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཆགས་ཀྱི་ཆ་ལ་བསྟེན་པ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་
เล่ม ๑๕๓ · หน้า 207b
གནས་གཅིག་ཏུ་ཉལ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཅེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་། དགེ་སློང་མའོ། །དེ་ལས་
གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །ནུབ་གཉིས་ལས་ལྷག་པར་ཞེས་བྱ་བ་ནི་ནུབ་གཉིས་ལས་འདས་པར་རོ། །གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་། ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་།
ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ནའོ། །དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་། འཁོར་གྱི་ཁྱམས་དང་། ཁང་པ་བརྩེགས་
པ་དག་གོ། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་། སྒོ་བཅུ་གཉིས་པ་དག་གོ། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་གོ། །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་། འཁོར་གྱི་
ཁྱམས་དག་གོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་
ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ལམ་གྱིས་དུབ་པ་རྨྱ་བ་དང་། དགེ་སློང་གིས་བྱར་མི་རུང་བ་སྒྲུབ་པར་བྱེད་པ་བསྙེན་པར་མ་རྫོགས་པ་དང་། ལྷན་ཅིག་པའི་ནད་པ་དང་། ནད་གཡོག་དང་། ཁོན་ཡོད་པའི་དགེ་སློང་སྡིག་ཅན་རང་གི་དགེ་
ཚུལ་ལ་འཚེ་བ་གནས་དེར་འོངས་པ་མ་གཏོགས་པས་ཁྱིམ་པའམ་རབ་ཏུ་བྱུང་བའི་གང་ཟག་བསྙེན་པར་མ་རྫོགས་པ་མཚན་དང་ལྟ་བ་གང་ཡང་རུང་བ་དག་ལྷན་ཅིག་གཉི་ག་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པས་གནས་ཕལ་ཆེར་གཡོགས་པ་དང་བསྐོར་བ་ལ་སོགས་པ་གཅིག་ཏུ་
เล่ม ๑๕๓ · หน้า 208a
མཚན་མོ་གསུམ་པའི་སྐྱ་རེངས་ཤར་བའི་ཐ་མར་ཉལ་ན་བསྙེན་པར་མ་རྫོགས་པ་དང་། ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལམ་གྱིས་དུབ་པ་རྨྱ་བ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་གིས་བྱར་མི་རུང་བ་བྱིན་ལེན་བསྟབས་པ་ལ་
སོགས་པ་སྒྲུབ་པར་བྱེད་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་པའི་དགེ་སློང་ནད་པ་དང་ནད་གཡོག་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །ཁོན་ཡོད་པའི་དགེ་སློང་སྡིག་ཅན་རང་གི་དགེ་ཚུལ་ལ་འཚེ་བ་གནས་དེར་འོངས་པའི་དགེ་སློང་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །དེ་ཡང་གལ་
ཏེ་དགེ་ཚུལ་དང་ལྡན་པའི་དགེ་སློང་དེ་དབྱར་གནས་པར་ཁས་བླངས་པ་དང་ཁས་བླངས་ན་ཡང་དབྱར་གནས་པ་སྔ་མའི་ཟླ་བ་དང་པོ་དང་། དབྱར་གནས་པ་ཕྱི་མའི་ཟླ་བ་ཐ་མ་ལ་ན་སྨད་པ་མེད་དོ། །ཁྱིམ་པའམ་རབ་ཏུ་བྱུང་བའི་གང་ཟག་བསྙེན་པར་མ་རྫོགས་པ་མཚན་དང་ལྟ་བ་གང་ཡང་རུང་
བ་ལ་ན་སྨད་པ་མེད་དོ། །ལྷན་ཅིག་གཉི་ག་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པ་ལ་ན་སྨད་པ་མེད་དོ། །གནས་ཕལ་ཆེར་གཡོགས་པ་དང་བསྐོར་བ་ལ་སོགས་པ་གཅིག་པ་ལ་ན་སྨད་པ་མེད་དོ། །གནས་ཀྱི་མཚན་ཉིད་ནི་བཞི་སྟེ། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་
དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བའོ། །དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་འཁོར་གྱི་ཁྱམས་དང་ཁང་པ་
བརྩེགས་པ་དག་སྟེ། སྟེང་ཐམས་ཅད་གཡོགས་ཤིང་ངོས་ཐམས་ཅད་བསྐོར་བའོ། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་སྒོ་བཅུ་གཉིས་པ་དག་སྟེ། སྟེང་ཐམས་ཅད་གཡོགས་ཤིང་ངོས་ཕལ་ཆེར་བསྐོར་བ་སྟེ། འདིར་ཕལ་ཆེར་ཞེས་བྱ་བ་ནི་སུམ་ཆ་གཅིག་
ལུས་པར་རིག་པར་བྱའོ། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་སྟེ། སྟེང་ཕལ་ཆེར་གཡོགས་ཤིང་ངོས་ཕལ་ཆེར་བསྐོར་བ་སྟེ། ཁྱམས་ངོས་བཞི་པ་ཞེས་བྱ་བ་ནི་གང་ལ་ངོས་བཞི་ཆར་དང་འབྲེལ་པའི་སྟེང་གཡོགས་ཡོད་པ་དབུས་ཀྱི་མཐོངས་ཁབ་
เล่ม ๑๕๓ · หน้า 208b
མེད་པའོ། །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་། འཁོར་གྱི་ཁྱམས་དག་སྟེ། སྟེང་ཕལ་ཆེར་གཡོགས་ཤིང་ངོས་ཕལ་ཆེར་བསྐོར་བ་སྟེ་ཁྱམས་ངོས་གསུམ་པ་ཞེས་བྱ་བ་ནི་གང་ལ་ངོས་གསུམ་དང་འབྲེལ་པའི་སྟེང་གཡོགས་ཡོད་ལ། ངོས་
གཅིག་གི་སྟེང་གཡོགས་དང་དབུས་ཀྱི་མཐོངས་ཁབ་མེད་པའོ། །གནས་བཞི་པོ་དེ་དག་གི་སྒོའི་ངོས་དང་འབྲེལ་པའི་ཉེ་འཁོར་གནས་སུ་གྱུར་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །གྲོང་ཁྱེར་གཞན་བར་དུ་མ་ཆོད་པ་སྒོ་དེ་དང་འབྲེལ་པ་ཡང་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །ནང་
གཅིག་ཏུ་རྒྱུ་ཞིང་གནས་གཞན་མེད་པ་མ་ཡིན་པ་ཉིད་ལ་ནི་གཡོགས་ཐམས་ཅད་གཅིག་པ་ཉིད་ཡིན་ནོ། །རང་གི་ཆར་གཏོགས་པའི་སྒོ་གཅད་པ་ལ་ཉེ་འཁོར་ཐ་དད་པ་ཡང་འདིར་གནས་གཅིག་པ་ཉིད་དོ། །རིམ་ཁང་གཞན་ལ་ནི་སྐས་སྟེང་དུ་བརྟུལ་ན་གནས་གཅིག་པ་ཉིད་ཡིན་ཏེ་གནས་
གཅིག་པ་དེ་དག་ལ་ན་སྨད་པ་མེད་དོ། །མཚན་མོ་གསུམ་པའི་སྐྱ་རེངས་དང་པོ་ཤར་བའི་མཐར་ཉལ་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཁྱིམ་པའམ་རབ་ཏུ་བྱུང་བའི་གང་ཟག་བསྙེན་པར་མ་རྫོགས་པ་མཚན་དང་ལྟ་བ་གང་ཡང་རུང་བ་དང་། གནས་གཅིག་པ་ཉིད་དོ། །འདི་ལ་ཡན་
ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་ལམ་གྱིས་དུབ་པ་རྨྱ་བ་ལ་སོགས་པ་མ་ཡིན་པ་ཉིད་དང་། ཁྱིམ་པ་འམ་རབ་ཏུ་བྱུང་བའི་གང་ཟག་བསྙེན་པར་མ་རྫོགས་པ་མཚན་དང་ལྟ་བ་གང་ཡང་རུང་བ་དང་། གནས་གཅིག་པ་ཉིད་དང་། གཉི་ག་ཉལ་བའི་སྤྱོད་ལམ་གྱིས་
གཉིད་ལོག་པ་ཉིད་དང་། མཚན་མོ་གསུམ་པའི་སྐྱ་རེངས་ཤར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་
གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་པ་རྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཉལ་བ་མ་ཡིན་པའི་སྤྱོད་ལམ་གྱིས་གཉིད་ལོག་པ་ནི་མཐའ་དང་མདུན་རོལ་གཉིས་ཀར་ཉེས་བྱས་སོ། །ཉིན་མོ་ནི་མཚན་མོ་ལས་ལྟུང་བ་ཐ་དད་པ་ཉིད་པས་ཉིན་མོ་བསྙེན་
เล่ม ๑๕๓ · หน้า 209a
པར་མ་རྫོགས་པ་དང་གནས་གཅིག་ཏུ་ཉི་མ་གཉིས་པ་ལས་ལྷག་པར་ཉལ་བ་ལ་ཡང་མཐའ་དང་མདུན་རོལ་གཉི་གར་ཉེས་བྱས་སོ། །ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་། ཚང་ཚིང་གི་དྲུང་དག་ནི་གནས་ཀྱི་ཕྱེད་ཉིད་ཡིན་པས་དེར་ཉལ་བ་ལ་ཉེས་བྱས་སོ། །གནས་
ཀྱི་ཉེ་འཁོར་ཡང་གནས་ཉིད་མ་ཡིན་པས་དེར་ཉལ་བ་ལ་ཡང་ཉེས་བྱས་སོ། །སྐྱ་རེངས་གསུམ་པའི་མདུན་རོལ་དུ་ཡང་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་
ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་ལམ་གྱིས་དུབ་པ་རྨྱ་བ་ལ་ཉེས་པ་མེད་དོ། །དགེ་སློང་གིས་བྱར་མི་རུང་བ་བྱིན་ལེན་སྟོབས་པ་ལ་སོགས་པ་སྒྲུབ་པར་བྱེད་པ་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་པའི་དགེ་སློང་ནད་པ་དང་། ནད་གཡོག་ལ་ཉེས་པ་མེད་དོ། །དགེ་སློང་དགེ་
ཚུལ་དང་ལྡན་པ་གང་གིས་དགེ་སློང་སྡིག་ཅན་སྤྱུག་པ་ལ་འབད་པ་བྱས་སམ་བྱེད་པའི་སྒོ་ནས་ཁོན་ཡོད་པའི་དགེ་སློང་སྡིག་ཅན་རང་གི་དགེ་ཚུལ་ལ་འཚེ་བ་གནས་དེར་འོངས་ནས་དགེ་ཚུལ་དང་ལྡན་པའི་དགེ་སློང་དེ་ལ་གལ་ཏེ་དབྱར་གནས་པ་སྔ་མར་ཁས་བླངས་པ་ཡིན་ན། དབྱར་
སྔ་མའི་ཟླ་བ་གསུམ་ལས། དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་དང་པོ་མ་གཏོགས་པར་དབྱར་ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཅིག་དང་། སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་འབྲིང་པོའི་ཉའི་བར་གྱི་ཟླ་བ་གཅིག་སྟེ། དབྱར་ཟླ་སྔ་མའི་དུས་ཕྱི་མའི་ཟླ་བ་གཉིས་
པོ་དེ་དག་ལ་བབ་པ་ན་དགེ་སློང་དེ་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་ཉེས་པ་མེད་དོ། །དགེ་ཚུལ་དང་ལྡན་པའི་དགེ་སློང་དེ་གལ་ཏེ་དབྱར་གནས་པ་ཕྱི་མར་ཁས་བླངས་པ་ཡིན་ན། དབྱར་ཕྱི་མའི་ཟླ་བ་གསུམ་ལས་སྟོན་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་ཐ་མ་མ་གཏོགས་པ་དབྱར་
ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཅིག་དང་། སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཅིག་སྟེ། དབྱར་ཕྱི་མའི་དུས་དང་པོའི་ཟླ་བ་གཉིས་པོ་དེ་དག་ལ་བབ་པ་ན་དགེ་སློང་དེ་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་ཉེས་པ་མེད་དོ། །དབྱར་གནས་པར་ཁས་མ་བླངས་པ་
เล่ม ๑๕๓ · หน้า 209b
དང་ཁས་བླངས་པ་ལ་ཡང་དབྱར་སྔ་མའི་ཟླ་བ་དང་པོ་དང་དབྱར་ཕྱི་མའི་ཟླ་བ་ཐ་མ་ལ་ནི་ཉེས་པར་འགྱུར་བ་ཁོ་ན་ཡིན་ནོ། །གནས་ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་མ་ཡིན་པས། དེར་ཉལ་བ་ལ་
ཉེས་པ་མེད་དོ། །ཚེ་དང་ལྡན་པ་སྒྲ་གཅན་ཟིན་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་དེའུ་བསད་པ་ལྟ་བུའི་རྐྱེན་ཡོད་ན་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་བར་རྗེས་སུ་གནང་བ་ལ་སྦྱོར་བའི་ཉེས་བྱས་ཀྱང་མེད་དོ། །ལས་དང་
པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་
བསླབ་པར་བྱའོ། །ཟླ་བ་དང་ཉི་མ་མ་གཏོགས་པའི་སྣང་བ་དང་བཅས་པའི་གནས་ཀྱི་ཕྱོགས་སུ་ཉལ་བར་མི་བྱའོ། །ནད་པ་དང་ནད་གཡོག་གི་དབང་ཉིད་ཀྱིས་སྣང་བ་དང་བཅས་པའི་གནས་ཀྱི་ཕྱོགས་སུ་ཉལ་བ་ནི་རྗེས་སུ་གནང་ངོ་། །ནད་པ་དང་ནད་གཡོག་མ་གཏོགས་པ་གཞན་སྣང་བ་དང་བཅས་
པའི་གནས་ཀྱི་ཕྱོགས་སུ་ཉལ་བ་འདི་ལ་ཁ་ཅིག་སྐབས་འདིའི་ལྟུང་བྱེད་ཀྱི་དངོས་གཞིར་འཆད་པ་ནི་མི་རུང་སྟེ། འདི་ནི་བྱུང་བའི་གླེང་གཞིའི་དབང་གིས་དགག་པ་མཛད་དེ། བསླབ་པར་བྱ་བའི་ཁོངས་སུ་གཏོགས་པར་བྱ་བ་ཡིན་ལ། སྐབས་འདིའི་དངོས་གཞི་ནི་ཕྱིས་བཅས་པའི་གླེང་གཞི་ལས་གནང་བ་མེད་
པར་ཡང་ལྟུང་བྱེད་ཉིད་དུ་བཅའ་བ་མཛད་དེ། གནང་བ་དང་བཅས་པ་དང་། བསྙེན་པར་མ་རྫོགས་པ་འདི་གཉིས་ནི་རིགས་གཅིག་པ་ཉིད་མ་ཡིན་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །དགེ་སློང་ནད་པ་དང་ནད་གཡོག་དང་། དེ་དག་གིས་བྱིན་ལེན་སྟོབས་པས་མཚན་མོ་སྣང་བར་བྱའོ། །དེར་
ཉལ་བར་ཡང་བྱའོ། །དེ་དག་ནུབ་གསུམ་པ་ལ་ཡང་ཉལ་བར་བྱའོ། །ནད་གཡོག་གིས་བྱིན་ལེན་བྱས་པ་ནད་པ་དང་། ནད་གཡོག་ཉིད་དང་། རྒན་པ་དང་གཞོན་པ་དག་གིས་ཀྱང་བཟའ་བར་བྱའོ། །རྒན་རབས་དང་གསར་བུ་དང་བསྙེན་པར་མ་རྫོགས་པ་རྣམས་ཕན་ཚུན་ནད་གཡོག་དང་
เล่ม ๑๕๓ · หน้า 210a
ཟན་བསྟབས་པར་བྱའོ། །ཟླ་བ་དང་ཉི་མའི་སྣང་བ་དག་ནི་ཐ་སྙད་དུ་བྱ་བ་མ་ཡིན་པས་དེ་ལ་ཉལ་བར་བྱའོ། །གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་གནས་གཅིག་ན་ཉལ་བས་ནུབ་གསུམ་པ་ལ་གཙུག་ལག་ཁང་དང་ཁྱམས་ནས་ཕྱིར་དབྱུང་བར་མི་བྱ་
བར་འདི་ལྟར་ཉེ་འཁོར་དུ་སྤང་བར་བྱའོ། །གལ་ཏེ་གནས་པར་ཁས་མ་བླངས་པ་རྣམས་ཀྱི་ནང་དུ་དགེ་སློང་སྡིག་ཅན་འོངས་ཤིང་དེ་དགེ་ཚུལ་ལ་འཚེ་ན་དེ་བསྐྲད་པར་བྱའོ། །གལ་ཏེ་སྐྲོད་མི་ནུས་ན་དགེ་ཚུལ་ཁྲིད་དེ་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའོ། །གནས་པར་ཁས་བླངས་པ་རྣམས་
ཀྱི་ནང་དུ་དགེ་སློང་སྡིག་ཅན་འོངས་ཤིང་དགེ་ཚུལ་ལ་འཚེ་ན་དེ་བསྐྲད་པར་བྱའོ། །གལ་ཏེ་སྐྲོད་མི་ནུས་ན། དགེ་ཚུལ་དགེ་སློང་མཛའ་བོའི་གན་དུ་གཞག་པར་བྱའོ། །གལ་ཏེ་དགེ་སློང་མཛའ་བོ་མེད་ན་གནས་གཅིག་ཏུ་ལྷན་ཅིག་ཟླ་བ་གཉིས་འདའ་བར་བྱ་སྟེ། དེ་ཡང་དགེ་ཚུལ་དང་ལྡན་པའི་
དགེ་སློང་དེ་གལ་ཏེ་དབྱར་གནས་པ་སྔ་མར་ཁས་བླངས་པ་ཡིན་ན། དབྱར་སྔ་མའི་ཟླ་བ་གསུམ་ལས་དང་པོ་མ་གཏོགས་པ་ཟླ་བ་ཕྱི་མ་གཉིས་དགེ་ཚུལ་དང་ལྷན་ཅིག་ཉལ་བས་འདའ་བར་བྱའོ། །གལ་ཏེ་དབྱར་གནས་པ་ཕྱི་མར་ཁས་བླངས་པ་ཡིན་ན། དབྱར་ཕྱི་མའི་ཟླ་བ་གསུམ་ལས་ཐ་མ་མ་
གཏོགས་པ་དང་པོ་གཉིས་དགེ་ཚུལ་དང་ལྷན་ཅིག་ཉལ་བས་འདའ་བར་བྱའོ། །དབྱར་ཕྱི་མར་གནས་པར་ཁས་བླངས་པ་དེས་ཟླ་བ་དང་པོ་གཉིས་ལས་ལྷག་པར་གནས་པར་མི་བྱའོ། །དེས་དབྱར་གནས་པ་སྔ་མར་ཁས་བླངས་པར་མི་བྱའོ། །ཁས་བླངས་ན་ཡང་ཟླ་བ་གཉིས་ཀྱི་སྔ་མ་མི་
བསྲུང་བར་བྱའོ། །དགག་དབྱེ་བྱས་ནས་གལ་ཏེ་དགེ་སློང་སྡིག་ཅན་དེ་བསྐྲད་པར་ནུས་ན་བསྐྲད་པར་བྱའོ། །གལ་ཏེ་མི་ནུས་ན་དགེ་ཚུལ་ཁྲིད་དེ་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའོ། །རང་གི་གནས་ན་དགེ་སློང་སྡིག་ཅན་གནས་པར་གྱུར་པའི་དགེ་སློང་དེས་གནས་སྦྱིན་པ་ལ་སོགས་
པས་དགེ་ཚུལ་སྔར་ཉེ་བར་མ་བཞག་པ་ཉེ་བར་གཞག་པར་མི་བྱའོ། །དགེ་སློང་དག་ལམ་དུ་འདོང་བ་ན་དེ་ན་དགེ་ཚུལ་ཡང་འདོང་ན་ནུབ་གསུམ་པ་ལ་འདྲོན་པ་དོན་མཐུན་གྱི་ཕྱི་རོལ་དུ་དབྱུང་བར་མི་བྱ་བར་དོན་མཐུན་གཉིས་སུ་བྱས་ཏེ། གཅིག་གི་གན་དུ་དབྱུང་བར་བྱའོ། །གལ་ཏེ་དོན་མཐུན་
เล่ม ๑๕๓ · หน้า 210b
དཔུང་ཆུང་ན་གཉིས་སུ་མི་བྱ་བར་དགེ་སློང་རྣམས་ཀྱིས་མི་ཉལ་བར་ཏྲོན་བྱའོ། །གལ་ཏེ་དགེ་སློང་རྣམས་ངལ་བར་གྱུར་ན་ཐུན་གསུམ་མམ་གཉིས་སམ་གཅིག་གམ་ཐ་ན་སྐྱ་རེངས་འཆར་ཀར་ཏྲོན་བྱའོ། །དེ་ལྟ་ན་ཡང་ངལ་བར་གྱུར་ན་ཉལ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དགེ་
སློང་ལམ་དུ་འདོང་བས་དགེ་ཚུལ་གཉིད་བྲོ་བས་རྨྱ་བར་གྱུར་ན་མདུན་དུ་བཏང་སྟེ་འགྲོ་བར་བྱའོ། །དེར་དགེ་ཚུལ་དག་གལ་ཏེ་བྲུ་བ་ཚ་བར་གྱུར་ན་དེ་ལ་ནང་པར་གྱི་དུས་སུ་གཡར་སུས་སྦྱིན་པར་བྱའོ། །དགེ་ཚུལ་དག་ནི་མེའི་ཁམས་ཤས་ཆེ་བ་ཡིན་པས་དེ་དག་གལ་ཏེ་དྲོ་ཁར་ཡང་བཀྲེས་
ན་དེའི་ཚེ་ཡང་ཟན་སྦྱིན་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དེ་ལྔ་བཅུ་བཞི་པ་བཤད་ཟིན་ཏོ།། །།ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་
མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་སྔོན་བོང་རྫི་དགེ་སློང་འཆི་ལྟས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།
དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་རོ། །དགེ་སློང་རབ་ཏུ་མང་པོ་དག་གིས་དེ་ཐོས་ནས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་སྔོན་བོང་རྫི་དགེ་སློང་འཆི་ལྟས་དང་། གཞན་
ཡང་དེ་ལྟ་བུ་གང་ཡིན་པ་ལ། གཞི་དེ་གཏོང་དུ་གཞུག་པའི་ཕྱིར་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །དེ་ལྟ་ན་ཡང་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དགེ་སློང་དག་གིས་དེ་བཞིན་བྱས་ཀྱང་དེ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་
ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆི་ལྟས་
เล่ม ๑๕๓ · หน้า 211a
ལ་རྨས་ནས་དགེ་སློང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་
ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་འདི་སྐད་ཅེས་འཆི་ལྟས་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་
བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་ཅི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་
བསྟེན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་
བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་རོ། །ཚེ་དང་ལྡན་པ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།
གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ་ཞེས་
བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་སྔོན་བོང་རྫི་དགེ་སློང་འཆི་ལྟས། ཉོན་མོངས་པ་ནི་ལྟ་བའི་ཀུན་དུ་སྦྱོར་བ། ཉེས་པ་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བའོ། དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆི་ལྟས་སམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །འདི་སྐད་ཅེས་
เล่ม ๑๕๓ · หน้า 211b
བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་ཞེས་བྱ་བ་ལ་བར་དུ་གཅོད་པའི་ཆོས་ཞེས་བྱ་བ་ནི་ཕ་མ་པར་གྱུར་པའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་།
སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་གང་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་དག་གོ། །དེ་དག་བསྟེན་ཀྱང་ཞེས་བྱ་བ་ནི་དེ་དག་
ལྷག་པར་སྤྱད་ཀྱང་ངོ་། །བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དེས་དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་ཟེར་བའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། །ཆོས་ཞེས་བྱ་བ་ནི་
སངས་རྒྱས་ཀྱིས་གསུངས་པ་དང་ཉན་ཐོས་ཀྱིས་བཤད་པའོ། །བསྟན་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །བདག་གིས་ཤེས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བདག་གིས་ཀུན་ཤེས་སོ་ཟེར་ནའོ། །དགེ་སློང་དེ་ལ་ཞེས་བྱ་བ་ནི་འཆི་ལྟས་སམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །
དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་དེ་
ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱ་བ་སྟེ། ཡང་དག་པར་
བསྒོ་བ་དང་། ཡང་དག་པར་བསྟན་པ་ནི་སྔར་བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་བཞིའི་སྐབས་སུ་བསྟན་པ་བཞིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་
เล่ม ๑๕๓ · หน้า 212a
པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་
དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ལས་བརྗོད་པ་གསུམ་པ་མཇུག་སྡུད་
པ་དང་བཅས་པའི་མཐར་མི་གཏོང་ན་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་པ་རྩོམ་པར་སྦྱོར་བ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བས་བཟློག་པར་བྱ་ཞིང་། དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བས་
བཟློག་པ་ན་ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་བ་ལ་ན་སྨད་པ་མེད་དོ། །དེ་ལྟར་ན་དགེ་སློང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་
མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པ་ལ་ན་སྨད་པ་མེད་དོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་
ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་པོ་དག་གོ། །དེ་དག་བསྟེན་
ཀྱང་ཞེས་བྱ་བ་ནི་དེ་དག་ལྷག་པར་སྤྱད་ཀྱང་ངོ་། །བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དེས་དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་བ་དེ་ལ་ལྟུང་བ་འདི་ནི་རྣམ་པར་གཞག་གོ། །དེ་སྐད་ཟེར་
เล่ม ๑๕๓ · หน้า 212b
བ་དེ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ན་ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་ན་སྨད་པ་མེད་དོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དང་པོར་བཞམས་ཏེ་བསྒོ་
བ་ནི་འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །
བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཇི་ལྟར་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་
གཅོད་པར་འགྱུར་གྱི། འཆི་ལྟས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱ་སྟེ། དེ་ནི་དུས་དང་པོར་བྱ་བའོ། །དགེ་སློང་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཆོས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་
སུ་ཐ་སྙད་འདོགས་པར་བྱེད་ན་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་
བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་
གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟེན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན་འདི་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་
เล่ม ๑๕๓ · หน้า 213a
མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆི་ལྟས་ལ་ཁྱོད་ཇི་ལྟར་
བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་
འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །འཆི་ལྟས་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱི། འཆི་ལྟས་ཁྱོད་
སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དེ། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་
འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པ་བདག་གིས་ཤེས་སོ་ཞེས་མཆི་ནས་འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་
ན་འདི་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་ལ་འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་
ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་
เล่ม ๑๕๓ · หน้า 213b
སྐུར་པ་བཏབ་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །འཆི་ལྟས་བར་དུ་གཅོད་པའི་ཆོས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱི། འཆི་ལྟས་ཁྱོད་སྡིག་པ་
ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ནས་ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་
ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་སློང་
སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །འདིའི་བྱེད་པ་པོ་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཉིད་དང་། དགེ་འདུན་གྱིས་བཞམས་པ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ཉིད་དོ། །འདི་ལ་ཡན་
ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བར་དུ་གཅོད་པའི་ཆོས་ཉིད་དང་། དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བ་དང་། དགེ་འདུན་གྱིས་བཞམས་པ་དང་། གསོལ་བ་དང་བཞིའི་ལས་ཆོས་དང་མཐུན་པས་བཟློག་པ་དང་། ལས་བརྗོད་པ་གསུམ་པ་མཇུག་
སྡུད་པ་དང་བཅས་པ་རྫོགས་པ་དང་། དེར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་
གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བར་རྩོམ་པར་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་གཅིག་གོ། །དེའི་འོག་ཏུ་བཞམས་ཏེ་བསྒོ་བ་མི་གཏོང་ན་དེའི་མཐར་ཡང་ཉེས་བྱས་གཅིག་གོ། །དེའི་འོག་ཏུ་གསོལ་བ་དང་
เล่ม ๑๕๓ · หน้า 214a
བཞིའི་ལས་བྱེད་པ་ན་གསོལ་བ་བྱས་པ་ན་མི་གཏོང་ན་གསོལ་བ་རྫོགས་པའི་མཐར་ཡང་ཉེས་བྱས་གཅིག་གོ། །དེའི་འོག་ཏུ་ལས་བརྗོད་པ་དང་པོ་བྱས་པ་ན་མི་གཏོང་ན་ལས་བརྗོད་པ་དང་པོ་རྫོགས་པའི་མཐར་ཡང་ཉེས་བྱས་གཅིག་གོ། །དེའི་འོག་ཏུ་ལས་བརྗོད་པ་གཉིས་
པ་བྱས་པ་ན་མི་གཏོང་ན་ལས་བརྗོད་པ་གཉིས་པ་རྫོགས་པའི་མཐར་ཡང་ཉེས་བྱས་གཅིག་གོ། །དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་ནི་ལྟུང་བྱེད་ཀྱི་དངོས་གཞི་ཉིད་དུ་བསྟན་པ་ཡིན་ནོ། །དགེ་སློང་དེས་ཇི་ཙམ་དུ་གཞི་དེས་མ་བཤགས་ཤིང་། སོ་སོར་
མ་བཤགས་པར་གསོལ་བ་དང་། གསོལ་བ་དང་། གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་
སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་གལ་ཏེ་མཐུན་པ་དང་ཆོས་མ་ཡིན་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་ཀྱིས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་ཆོས་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་
མཐུན་པ་དང་ཆོས་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་འདུལ་བ་ཇི་ལྟ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །
བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་པ་དེ་དག་ལ་དགེ་འདུན་གྱིས་དང་པོར་བཞམས་ཏེ་
བསྒོ་བས་བཟློག་པར་བྱའོ། །གལ་ཏེ་དེ་ལྟ་ན་ཡང་མི་གཏོང་ན་དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བས་བཟློག་པར་བྱའོ། །བསྒོ་བ་ལས་གྱུར་པའི་ལྟུང་བྱེད་བྱུང་མ་ཐག་ཏུ་དགེ་སློང་དེས་སྟན་དེ་ལ་འདུག་བཞིན་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་ལ་ལྟུང་བྱེད་ཀྱི་ལྟུང་བ་བྱུང་ངོ་
เล่ม ๑๕๓ · หน้า 214b
ཞེས་བརྗོད་པར་བྱ་སྟེ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས་གལ་ཏེ་མི་བརྗོད་ན་དེ་ཕྱིན་ཆད་ནས་དེ་ལ་འཆབ་པའི་ཉེས་པ་འབྱུང་བར་འགྱུར་རོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་ཀྱི་དངོས་གཞི་བྱུང་མ་ཐག་ཏུ་དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་
བ་དང་སྨད་པ་ཅིག་ཅར་དུ་བྱའོ། །དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བ་དང་སྨད་པ་ཅིག་ཅར་བྱ་བའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་
འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱས་ཏེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་
བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་
ཏེ་བསྒོ་ན། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། འདི་ལ་དགེ་འདུན་གྱིས་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་
ན། དེ་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་
འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ལས་བགྱིས་ཏེ། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་རྣམ་པ་
เล่ม ๑๕๓ · หน้า 215a
ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་། དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་། མཆོག་ཏུ་སྨད་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་
པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་
ཆོས་བསྟེན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་
ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། འདི་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན་འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་
ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ལས་བགྱིས་ཏེ། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་
ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་
གནས་ནས་དབྱུང་བའི་ལས་བགྱི་ཞིང་། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་
เล่ม ๑๕๓ · หน้า 215b
བཞིན་དུ་སྨད་པར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་
གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་
འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱིས་ཤིང་མཆོག་ཏུ་སྨད་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་སློང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བ་དང་
སྨད་པའི་ཆོ་ག་དང་ལས་སོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འདི་ལ་ཁྱད་པར་དུ་ན་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་བྱུང་བ་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བ་དང་། སྨད་པར་བྱས་པས་གཞན་ན་གནས་པ་དེས་རང་གི་དགེ་འདུན་ལ་
བཟོད་པ་གསོལ་བའི་སྔགས་ལན་གསུམ་བརྗོད་དེ། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་དེ་ལ་བཟོད་པ་མཛད་ནས་དེས་ལྟུང་བ་ཆོས་བཞིན་དུ་ཕྱིར་བྱའོ། །རང་གི་དགེ་འདུན་ལ་བཟོད་པ་གསོལ་བའི་སྔགས་ལན་གསུམ་བརྗོད་པའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ།
དེ་རང་གི་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ། རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་ནས་ཙོག་ཙོག་པུར་
འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆི་ལྟས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་
เล่ม ๑๕๓ · หน้า 216a
དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་བས་དགེ་འདུན་གྱིས་བདག་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་
ཏེ། བདག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་པས་སྐྲ་འགྲེང་བར་གྱུར་སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན། མཚམས་ཀྱི་ནང་
དུ་མཆིས་ཏེ་བཟོད་པ་གསོལ་ཞིང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཡང་གཏོང་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བཏང་ལགས་པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་
བཟླས་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་དེ་ལ་བཟོད་པ་མཛད་པའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་
ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་
འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་
མི་གཏོང་བ་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་ཏེ། དགེ་སློང་འཆི་ལྟས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་
เล่ม ๑๕๓ · หน้า 216b
པ་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཡང་གཏོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་
བའི་རྣམ་པ་མི་གཏོང་བ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་པ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ།
ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་
སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་འདི་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་ཏེ། དགེ་སློང་འཆི་ལྟས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་པ་འདི་སྐྲ་འགྲེང་བར་འགྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད།
འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཡང་གཏོང་ངོ་ཞེས་མཆི་བས་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བའི་ཕྲིན་
ལས་མཛད་ཅིང་སྨད་ལགས་པ་ལ་བཟོད་པར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་པ་ལགས་པ་ལ་བཟོད་པ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །
གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིང་། །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་པ་
เล่ม ๑๕๓ · หน้า 217a
ལ་བཟོད་པ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་དེས་ལྟུང་བ་དེ་སྔ་མ་བཞིན་ཕྱིར་བཅོས་པར་བྱའོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དེ་ལྔ་བཅུ་ལྔ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་
མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་ཅུ་བཞི་པ། སྤང་བའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །འཆི་ལྟས་དེ་གནས་ནས་དབྱུང་བའི་
ལས་བྱས་པ་ན་ངུ་ཞིང་ཉེ་དགའི་གན་དུ་སོང་བ་ན་ཉེ་དགས་སྨྲས་པ། འཆི་ལྟས་ཁྱོད་ཅིའི་ཕྱིར་ངུ་། འཆི་ལྟས་ཀྱིས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་གིས་བདག་གནས་ནས་དབྱུང་བའི་ལས་བྱས་སོ། །ཉེ་དགས་སྨྲས་པ། གང་དག་གིས་འཆི་ལྟས་གནས་ནས་དབྱུང་བའི་
ལས་བྱས་པ་དེ་དག་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཁམས་གསུམ་ནས་གནས་ནས་ཕྱུང་བར་གྱུར་ཅིག །འོན་ཀྱང་གནས་ནས་དབྱུང་བའི་ལས་བྱས་པ་དག་ལ་གྲོང་ངམ་གྲོང་རྡལ་དག་མེད་དམ་ཅི། སྡོད་ལ་བཟོད་པ་གསོལ་ཅིག་ཅེས་ཉེ་དགས་འཆི་ལྟས་དང་ལྷན་
ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་མ་
བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་
པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། དགེ་སློང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་
เล่ม ๑๕๓ · หน้า 217b
མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་
གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་མ་བྱས་པའི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་། གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་དེ་དང་
ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་སྡིག་པ་འདོད་པ། ཉེས་པ་ནི་སྤངས་པའི་རྗེས་སུ་ཕྱོགས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་
ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །དེ་སྐད་ཟེར་བའི་གང་ཟག་ཅེས་བྱ་བ་ནི་འཆི་ལྟས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཆོས་བཞིན་མ་བྱས་ཞེས་བྱ་བ་ནི་ཆོས་དང་མཐུན་པར་མ་
བྱས་པའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་གང་ཡིན་པའོ། །གཏམ་འདྲེ་བར་བྱེད་ཅེས་བྱ་བ་ནི་ལུང་དབོག་པ་སྦྱིན་པར་བྱེད་པའོ། །ཕེབས་པར་སྨྲ་བར་བྱེད་ཅེས་བྱ་བ་ནི་དམིགས་ཀྱིས་འདྲི་བ་སྦྱིན་པར་བྱེད་པའོ། །ཀུན་དུ་གནས་པར་བྱེད་
ཅེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ། །ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་ཞེས་བྱ་བ་ནི་དེ་ལས་བསྙེན་བཀུར་བདག་གིར་བྱེད་ཅིང་ངོ་། །དེ་དང་ལྷན་ཅིག་ཏུ་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་
གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ནའོ། །དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་།
เล่ม ๑๕๓ · หน้า 218a
འཁོར་གྱི་ཁྱམས་དང་། ཁང་པ་བརྩེགས་པ་དག་གོ། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་། སྒོ་བཅུ་གཉིས་པ་དག་གོ། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་གོ། །ཕལ་ཆེར་གཡོགས་ཤིང་
ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་། འཁོར་གྱི་ཁྱམས་དག་གོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་
དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་
པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་དེ་སྐད་སྨྲ་བས་དགེ་འདུན་གྱིས་གནས་ནས་དབྱུང་བ་དང་སྨད་པའི་ལས་བྱས་ཤིང་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལ་ནད་པ་དང་། ལྟ་
བ་དང་དབྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་པར་ཤེས་བཞིན་དུ་ལུང་འབོགས་པ་དང་། དམིགས་ཀྱིས་འདྲི་བ་དང་། གནས་འཆའ་བ་དང་། རྗེས་སུ་བསྟན་པ་དང་། གདམས་ངག་སྦྱིན་པ་དང་། ལྟ་བ་སྨྲ་བ་དང་། ཟང་ཟིང་གི་ལོངས་སྤྱོད་བྱེད་པ་དང་། བསྙེན་
བཀུར་བདག་གིར་བྱེད་པ་དང་། གནས་གཅིག་ཏུ་གཉི་ག་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པས་སྐྱ་རེངས་འཆར་བར་བྱེད་པ་དང་། ཐ་ན་འདག་རྫས་ཙམ་ཡན་ཆད་གཞན་གྱིས་བསྲུལ་ན་ཡང་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་
སློང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་ཀྱི་
เล่ม ๑๕๓ · หน้า 218b
ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པར་བྱ་བའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱེད་པའི་ཆོས་བཅུ་བདུན་པོ་དེ་དག་བསྟེན་ཅིང་ལྷག་པར་སྤྱད་ཀྱང་དེས་དགེ་སློང་གི་ཚུལ་གྱི་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་
ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་དེ་སྐད་སྨྲ་བས་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བ་དང་སྨད་པར་བྱས་ཤིང་སྤངས་པས་གཞན་ན་གནས་པ་དགེ་འདུན་ལ་བཟོད་པར་གསོལ་བ་དང་། དགེ་
འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བྱ་བས་ཕྱིར་བཅོས་པ་ཉིད་མ་བྱས་པའི་རྗེས་སུ་ཕྱོགས་པར་བྱེད་པའི་དགེ་སློང་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །དེ་ལྟ་བུའི་དགེ་སློང་སྤངས་པ་ནད་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་
པ་ལ་ན་སྨད་པ་མེད་དོ། །དེ་ལ་ཇི་ཞིག་རྗེས་སུ་བསྒྲུབས་ན་ཁ་ན་མ་ཐོ་བ་འདིར་འགྱུར་ཞེ་ན། ཤེས་བཞིན་དུ་ལུང་དབོག་པ་དང་། དམིགས་ཀྱིས་དྲིས་པ་དང་། གནས་འཆའ་བ་དང་། རྗེས་སུ་བསྟན་པ་དང་། གདམས་ངག་སྦྱིན་པ་དང་། ལྟ་བ་སྨྲ་བ་དང་། ཟང་ཟིང་གི་ལོངས་
སྤྱོད་བྱེད་པ་དང་། བསྙེན་བཀུར་བདག་གིར་བྱེད་པ་དང་། གནས་གཅིག་ཏུ་གཉི་ག་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པས་སྐྱ་རེངས་འཆར་བར་བྱེད་པ་དང་། ཐ་ན་འདག་རྫས་ཙམ་ཡན་ཆད་གཞན་གྱིས་བསྲུལ་ན་ཡང་དེ་དག་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་
སློང་ཡང་དེ་སྐད་སྨྲ་བས་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པ་ཡིན་ལ་ལྟུང་བ་འབྱིན་པ་པོས་ཀྱང་དེ་ལྟར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བས་ལུང་འབོགས་པ་ལ་སོགས་པ་བྱས་པ་ལ་ན་སྨད་པ་མེད་དོ། །དེ་ལ་ལུང་འབོགས་པ་སྦྱིན་པ་ཞེས་བྱ་བ་ནི་གཏམ་འདྲེ་བར་བྱེད་པའོ། །
དམིགས་ཀྱིས་འདྲི་བ་སྦྱིན་པ་ཞེས་བྱ་བ་ནི་ཕེབས་པར་སྨྲ་བར་བྱེད་པའོ། །གནས་འཆའ་བ་སྦྱིན་པ་ཞེས་བྱ་བ་ནི་ཀུན་དུ་གནས་པར་བྱེད་པའོ། །རྗེས་སུ་བསྟན་པ་སྦྱིན་པ་ཞེས་བྱ་བ་ནི་ཐོབ་པ་ཆུད་མི་ཟ་བར་བྱེད་པའོ། །གདམས་ངག་སྦྱིན་པ་ཞེས་བྱ་བ་ནི་མ་ཐོབ་པ་ཐོབ་པར་བྱེད་
เล่ม ๑๕๓ · หน้า 219a
པའོ། །ལྟ་བ་སྨྲ་བ་ཞེས་བྱ་བ་ནི་དེ་ལ་རང་གི་ལྟ་བ་སྨྲ་ཞིང་སྟོན་པའོ། །ཟང་ཟིང་གི་ལོངས་སྤྱོད་བྱེད་པ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པ་ཟང་ཟིང་གི་ལོངས་སྤྱོད་སྦྱིན་པར་བྱེད་པའོ། །བསྙེན་བཀུར་བདག་གིར་བྱེད་པ་ཞེས་བྱ་བ་ནི་དེ་ལས་བསྙེན་བཀུར་
བདག་གིར་བྱེད་ཅིང་ཀུན་དུ་ལོངས་སྤྱོད་པར་བྱེད་པའོ། །གནས་གཅིག་ཏུ་ཞེས་བྱ་བ་ནི་གནས་ཕལ་ཆེར་གཡོགས་པ་དང་བསྐོར་བ་ལ་སོགས་པ་གཅིག་པ་ལ་ན་སྨད་པ་མེད་དེ། གནས་ཀྱི་མཚན་ཉིད་ནི་བཞི་སྟེ། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་།
ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བའོ། །དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་། འཁོར་གྱི་ཁྱམས་དང་། ཁང་
པ་བརྩེགས་པ་དག་སྟེ། སྟེང་ཐམས་ཅད་གཡོགས་ཤིང་ངོས་ཐམས་ཅད་བསྐོར་བའོ། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་། སྒོ་བཅུ་གཉིས་པ་དག་སྟེ། སྟེང་ཐམས་ཅད་གཡོགས་ཤིང་ངོས་ཕལ་ཆེར་བསྐོར་བ་སྟེ། འདིར་ཕལ་ཆེར་ཞེས་བྱ་བ་
ནི་སུམ་ཆ་གཅིག་ལུས་པར་རིག་པར་བྱའོ། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་སྟེ། སྟེང་ཕལ་ཆེར་གཡོགས་ཤིང་ངོས་ཐམས་ཅད་བསྐོར་བ་སྟེ། ཁྱམས་ངོས་བཞི་པ་ཞེས་བྱ་བ་ནི་གང་ལ་ངོས་བཞི་ཆར་དང་འབྲེལ་པའི་སྟེང་གཡོགས་
ཡོད་ལ་དབུས་ཀྱི་མཐོངས་ཁབས་མེད་པའོ། །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་འཁོར་གྱི་ཁྱམས་དག་སྟེ། སྟེང་ཕལ་ཆེར་གཡོགས་ཤིང་ངོས་ཕལ་ཆེར་བསྐོར་བ་སྟེ། ཁྱམས་ངོས་གསུམ་པ་ཞེས་བྱ་བ་ནི་གང་ལ་ངོས་གསུམ་དང་
འབྲེལ་པའི་སྟེང་གཡོགས་ཡོད་ལ་ངོས་གཅིག་གི་སྟེང་གཡོགས་དང་དབུས་ཀྱི་མཐོངས་ཁབས་མེད་པའོ། །གནས་བཞི་པོ་དེ་དག་གིས་སྒོའི་ངོས་དང་འབྲེལ་པའི་ཉེན་འཁོར་གནས་སུ་འགྱུར་བ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །ཁྱེར་གཞན་བར་དུ་མ་ཆོད་པ་སྒོ་
เล่ม ๑๕๓ · หน้า 219b
དེ་དང་འབྲེལ་པ་ཡང་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །ནང་གཅིག་ཏུ་རྒྱུ་ཞིང་གནས་གཞན་མེད་པ་མ་ཡིན་པ་ཉིད་ལ་ནི་གཡོགས་པ་ཐམས་ཅད་གཅིག་པ་ཉིད་ཡིན་ནོ། །རང་གི་ཆར་གཏོགས་པའི་སྒོ་བཅད་པ་ལ་ཉེན་འཁོར་ཐ་དད་པ་ཡང་འདིར་གནས་གཅིག་པ་
ཉིད་དོ། །རིམ་ཁང་གཞན་ལ་ནི་སྐས་སྟེང་དུ་བརྟུལ་ན་གནས་གཅིག་པ་ཉིད་ཡིན་ཏེ། གནས་གཅིག་པ་དེ་དག་ལ་ན་སྨད་པ་མེད་དོ། །ལྷན་ཅིག་གཉི་ག་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པ་ལ་ན་སྨད་པ་མེད་དོ། །མཚན་མོ་གཅིག་གི་སྐྱ་རེངས་དང་པོ་ཤར་བའི་མཐར་ཉལ་
བ་ལ་ན་སྨད་པ་མེད་དོ། །ཐ་ན་འདག་རྫས་ཙམ་ཡན་ཆད་གཞན་གྱིས་བསྲུལ་བ་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་ཏུ་འདུ་འཛི་བྱེད་པ་སྟེ། དེ་ལ་ཡང་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དེ་སྐད་སྨྲ་བས་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་
ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ་དང་། དེའི་ཕྱིར་བཅོས་པ་ཉིད་མ་བྱས་པ་དང་། དེར་འདུ་ཤེས་པ་དང་། ནད་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་
པ་དང་། ལུང་འབོགས་པ་ནས་གཞན་གྱིས་བསྲུལ་བ་ཞེས་སྨོས་པའི་བར་གང་ཡང་རུང་བ་བྱས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་
ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཉལ་བ་མ་ཡིན་པའི་སྤྱོད་ལམ་གྱིས་གཉིད་ལོག་པ་ནི་མཐའ་དང་མདུན་རོལ་གཉི་གར་ཉེས་བྱས་སོ། །ཉིན་མོ་ནི་མཚན་མོའི་ལས་ལྟུང་བ་
ཐ་དད་པ་ཉིད་མ་ཡིན་པས་ཉིན་མོ་གང་ཟག་སྤངས་པ་དང་གནས་གཅིག་ཏུ་ཉལ་བ་ཡང་མཐའ་དང་མདུན་རོལ་གཉི་གར་ཉེས་བྱས་སོ། །ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ཚང་ཚིང་གི་དྲུང་དག་ནི་གནས་ཀྱི་ཕྱེད་ཉིད་ཡིན་པས་དེར་ཉལ་བ་ལ་ཉེས་བྱས་སོ། །གནས་
เล่ม ๑๕๓ · หน้า 220a
ཀྱི་ཉེ་འཁོར་ཡང་གནས་ཉིད་མ་ཡིན་པས་དེར་ཉལ་བ་ལ་ཡང་ཉེས་བྱས་སོ། །སྐྱ་རེངས་ཀྱི་མདུན་རོལ་དུ་ཡང་ཉེས་བྱས་སོ། །གང་ཟག་དེ་སྐད་སྨྲ་བས་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པ་མ་ཡིན་པ་ལ་དེ་ཡིན་པར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་
ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དེ་སྐད་སྨྲ་བས་སྤངས་པའི་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་
ནད་པ་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱི་དབང་ལ་ལྟུང་བ་མེད་དོ། །གནས་ཉེན་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཕྱི་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་མ་ཡིན་པས་དེར་ཉལ་བ་ལ་ཉེས་པ་མེད་དོ། །ལས་དང་པོ་དང་། སྨྱོས་
པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ལྟ་
བའི་རྣམ་པ་ལ་མངོན་པར་ཞེན་པར་མི་བྱའོ། །སྡིག་པ་འདོད་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དེ་ལྔ་བཅུ་དྲུག་པ་བཤད་ཟིན་ཏོ།། །།བསྙིལ་པ་སྡུད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་
ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཉེ་དགའ་ལ་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་ཞེས་བྱ་བ་གཉིས་ཤིག་ཡོད་དེ། འདོད་ཆགས་དང་བྲལ་བ་མེད་པ་ན་དགེ་སློང་རྣམས་དེ་གཉིས་དང་ལྷན་ཅིག་གཞོགས་སྟེགས་བྱེད། འཕྱར་
གཡེང་བྱེད། ཐོ་འཚམས་པར་བྱེད། ཀུན་དུ་རྩེ་བར་བྱེད། ཅ་ཅོ་འདོན་པར་བྱེད། རྒོད་པ་དང་དྲེགས་པ་དང་ལུས་ལ་རྡེག་པར་བྱེད་དོ། །ཕྱིས་དེ་དག་གིས་བསྡམ་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བསྡམས་པར་བྱས། བཤགས་པར་བྱ་བའི་ལྟུང་བ་གང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด