ตัวบทไม่มีชื่อ — ประโยคแรก: འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๕๕ · หน้า 109a
པ་སྙན་དུ་བདས་ཏེ། སྨྱེ་ངན་བྱེད་པའི་གནས་སུ་འགྲེང་ཞིང་འདུག་ཏུ་མི་གནང་བའི་བསླབ་པ་བཅས་སོ། །དགེ་སློང་གང་ཞེས་བྱ་བ་ནི་འཆར་བ་སྟེ་གཞན་ཡང་དེ་དང་འདྲ་བའོ། །ཤེས་བཞིན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཤེས་པའམ། གཞན་གྱིས་བསྟན་པའོ། །སྨྱེ་ངན་ཞེས་བྱ་
བ་ནི་གོང་མ་དང་འདྲ། གནས་ཞེས་བྱ་བ་ནི་ཁྱིམ་མོ། །དབེན་པ་ཞེས་བྱ་བ་ནི་གཞན་སྐྱེས་པ་དང་བུད་མེད་མེད་པའོ། །སྐྱབས་ཡོད་པ་ཞེས་བྱ་བ་ནི་ཡོལ་བ་དང་། སབ་མ་དང་། རྩིག་པས་བསྐྱབས་པའོ། །འཇིགས་པ་དང་རྐྱེན་བྱུང་བའི་ཚེ་འགྲེང་བ་ནི་ཉེས་པ་མེད་དོ། །གོང་མ་ལས་འདིར་ནི་བྱེ་བྲག་འགྲེང་བ་
བཞག་གོ། །དགེ་སློང་གིས་གཅེར་བུ་པའམ། གཅེར་བུ་པ་ལ་རང་གི་ལག་ནས་ཟན་སྦྱིན་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཡུལ་ཀོ་ས་ལར་ལྗོངས་རྒྱུ་བ་ལས་མཉན་དུ་ཡོད་པར་བྱོན་པའི་ཚེ། མཉན་དུ་ཡོད་པའི་སྐྱེད་མོས་ཚལ་ན་ཁྱིམ་པ་མོ་ལྔ་བརྒྱ་ཙམ་ཞིག་སྐུད་
པ་འཁལ་ཞིང་འཁོད་པ་བཅོམ་ལྡན་འདས་ཀྱིས་ཆོས་བཤད་ནས་བདེན་པ་ལ་རབ་ཏུ་བཀོད་དོ། །དེ་ནས་བུད་མེད་ལྔ་བརྒྱ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་བཤོས་གསོལ་ལོ་སྙམ་ནས་རྒྱུ་ཇི་ཙམ་གྱིས་ཆོག་ཅེས་དྲིས་པ་ན་ཀུན་དགའ་བོས་ཀཱར་ཥཱ་པ་ཎ་ལྔ་བརྒྱས་ཆོག་གོ་ཞེས་ནས། དེ་དག་གིས་ཚེ་དང་
ལྡན་པ་ཀུན་དགའ་བོ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཕུལ་ཏེ་བདག་ཅག་ནི་བུད་མེད་ཀྱི་བུ་ལགས་པས་སྦྱོར་ཡང་མི་ནུས་པས་སྣོད་སྤྱད་ཀྱང་མ་མཆིས་ཞེས་བྱས་པ་དང་། ཀུན་དགའ་བོས་ཁྱིམ་བདག་འབྱོར་པ་ཞིག་ལ་བཅོལ་ཅིག་ཅེས་བྱས་པ་དང་། ཀུན་དགའ་བོས་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་
བཅོལ་ཏེ། འདྲིམ་པའི་ཚེ་བུད་མེད་རྣམས་ཀྱི་གྲོགས་ཚེ་དང་ལྡན་པ་ཀུན་དགའ་བོས་ཀྱང་བྱས་སོ། །དེའི་ཚེ་གཅེར་བུ་མ་གཉིས་ཤིག་ཟན་སློང་དུ་ལྷགས་ནས་གྲལ་གྱི་མཇུག་ལ་བཞག་པ་དང་། ཀུན་དགའ་བོས་མ་བསམས་པར་ཁུར་བ་འདྲིམ་པའི་ཚེ་རྒན་མོ་ལ་ནི་གཅིག །གཞོན་ནུ་མ་ལ་གཉིས་
བྱིན་པ་དང་། རྒན་མོ་ན་རེ་གཞོན་ནུ་ཁྱོད་ལ་ཀུན་དགའ་བོ་སྐུགས་ཀྱིས་སྟ་གོན་གྱིས་ཤིག་བྱས་པ་དང་། གཞོན་ནུ་ན་རེ་རྒྱལ་པོའི་སྲས་ལས་རབ་ཏུ་བྱུང་བ་སྟེ། བཙུན་མོའི་འཁོར་དང་བཟང་མོ་མང་དུ་སྤངས་ཏེ་རབ་ཏུ་བྱུང་ན་ང་ལྟ་བུ་དྲི་མ་ཅན་ལ་འདིས་ཅི་ཞིག་རེར་ཡོད་ཅེས་སྨྲས་པ་དང་། འོན་དུ་ཟིན་
เล่ม ๑๕๕ · หน้า 109b
ཀྱང་སྐྱེས་པ་ཇི་ལྟ་བུ་ལ་དགའ་སྟོན་མེད་བྱས་པ་དང་། དགེ་སློང་རྣམས་ཀྱིས་ཐོས་ཏེ་སྙན་དུ་བདས་ནས་གཅེར་བུ་མ་ལ་རང་གིས་བྱིན་དུ་མི་གནང་བར་བསླབ་པ་བཅས་སོ། །གཅེར་བུ་ཞེས་བྱ་བ་ནི་གཅེར་བུ་པ་ཁ་ཅིག་འཆོ་བ་དང་མི་ལྡན་ཏེ་ལྟོགས་པ་ལས་དགེ་སློང་རྣམས་ལ་སློང་བའི་ཚེ། དགེ་སློང་རྣམས་
ཀྱིས་འཚོ་བ་སྦྱར་ཅིང་བྱིན་པས་ན་དགེ་སློང་རྣམས་ལ་འཕྱ་ཞིང་མི་སྙན་པར་འཛེར་བ་དང་། ངེད་དགེ་སློང་གི་སྦྱིན་གནས་ཡིན་ཏེ། ངེད་ལ་ཡོན་སྦྱིན་ནོ་ཞེས་སྤྱོམས་པས། རང་གི་ལག་པས་སྦྱིན་དུ་མི་གནང་བར་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་ཀུན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །གཅེར་བུ་མ་
ཞེས་བྱ་བ་ནི་གོས་མེད་པའོ། །ཀུན་དུ་རྒྱུ་ཞེས་བྱ་བ་ནི་དེ་ལས་གཞན་པའི་མུ་སྟེགས་སོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ན་བ་དང་སྡིག་པར་ལྟ་བ་ལས་དབྲལ་བའི་ཕྱིར་སྦྱིན་པ་ནི་མ་གཏོགས་སོ། །ཁ་ཟས་བཏུང་བ་ཡང་ཡིན་ལ་རང་གི་ལག་གིས་ཀྱང་སྦྱིན་ན་ལྟུང་བར་འགྱུར་རོ། །བཟའ་བ་དང་བཅའ་བ་
ལྔ་རུང་བ་ལ་ཡང་མ་ཡིན་ལ་གཞན་ནས་བརྒྱུད་དེ་བྱིན་ན་ནི་ཉེས་བྱས་སོ། །དགེ་སློང་དམག་ཆས་པ་ལ་བལྟར་འགྲོར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་ལ་རི་བྲགས་ཀྱི་གྲོང་དག་ཅིག་ལོག་སྟེ་བསྡོས་ནས་རྒྱལ་པོས་རི་བྲགས་ཀྱི་གྲོང་འབེབས་པར་
དམག་དཔོན་འཁོར་དང་བཅས་ཏེ་སྔར་བཀྱེ་བ་དང་། ཕྱིས་ཀྱང་སྣོན་མ་ཞིག་བཀྱེ་ན་མ་ཕེབས་ཏེ་སླར་སྨས་སོ་ཞེས་རྒྱལ་པོའི་སྟེང་དུ་འཕར་མ་འོངས་ནས་རྒྱལ་པོས་ཡུལ་ན་མཚོན་གྱིས་འཚོ་བ་ཐམས་ཅད་སྣོན་དུ་དེངས་ཤིག་ཅེས་ཀུན་དུ་བསྒོ་ནས་དམག་གི་རྟ་པ་དང་རྐང་ཐང་ལ་སོགས་ཏེ། ལྷ་
ཁང་གི་སྒོ་ནས་མར་དོང་བ་ལ་དྲུག་སྡེ་རྣམས་གསུས་པོ་ཆེའི་དམག་ལྟར་འདོང་ངོ་ཞེས་སྦྲན་ནས་དམག་ཆས་པ་ལ་ལྟ་ཞིང་བཀྲེན་པ་གླང་པོ་ཆེ་ཕག་འདྲ་འདིས་རི་བྲགས་ཀྱི་གྲོང་ཕེབས་པར་ནི་མི་འགྱུར་གྱི་ཁྱེད་ཆས་ཏེ་འདོང་དུ་ཡོད་ཀྱི་སླར་ལོག་ཏུ་ནི་མེད་དོ་ཞེས་སྨྲས་པས་དེ་དག་ཀྱང་བག་འཁུམས་ཤིང་སྤ་གོང་
བས་ལམ་ནས་སླར་འཁོར་ཏོ། །དེ་ནས་རྒྱལ་པོས་ཅིའི་ཕྱིར་འཁོར་ཞེས་བྱས་པ་དང་། རྒྱལ་པོ་ཁྲོས་ནས་སྙན་དུ་གསོལ་ཏེ། དམག་ཆས་པ་ལ་བལྟར་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གཞན་ཡང་དེ་དང་འདྲ་བའོ། །དམག་ཆས་ཞེས་བྱ་བ་ནི་འཐབ་མོ་
เล่ม ๑๕๕ · หน้า 110a
བྱེད་འདོད་པའོ། །དམག་ཅེས་བྱ་བ་ནི་ཡན་ལག་གཅིག་པ་དང་། ཡན་ལག་གཉིས་པ་དང་། ཡན་ལག་གསུམ་པ་དང་། ཡན་ལག་བཞི་པའོ། །ཡན་ལག་གཅིག་པ་ནི་གླང་པོ་ཆེའི་ཚོགས་དང་། ཡན་ལག་གཉིས་པ་ནི་རྟ་པའི་ཚོགས་སོ། །ཡན་ལག་གསུམ་པ་ནི་ཤིང་རྟའི་ཚོགས་སོ། །
ཡན་ལག་བཞི་པ་ནི་རྐང་ཐང་པའི་ཚོགས་སོ། །གཙུག་ལག་ཁང་ལམ་ཀ་ན་འདུག་པའི་ལམ་ཀ་ནས་འདོང་བ་དང་། དམག་ཉིད་གཙུག་ལག་ཁང་དུ་འོངས་པ་དང་། རྒྱལ་པོ་དང་། བློན་པོ་དང་། དམག་དཔོན་དང་། ཡུལ་མི་ལ་སོགས་བཀུག་པའམ། བར་ཆད་བརྒྱད་ལ་སོགས་པ་བྱུང་སྟེ། དམག་
མཐོང་ན་ནི་ཉེས་མེད་དོ། །ཞག་གཉིས་ལས་ལྷག་པར་དམག་གི་ནང་ན་ལྟ་ཞིང་འདུག་ཏུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། རི་བྲགས་ཀྱི་གྲོང་དེ་ཉིད་ཀྱང་ད་རུང་མ་ཕེབས་ནས་རྒྱལ་པོ་ཡང་ཕྲུ་མ་དེ་ཉིད་དུ་འདུག་གོ། །བློན་པོ་རྣམས་ཀྱིས་གྲོས་བཏབ་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་བློ་
ཆེ་ལ་མཐུ་ཆེ་བས་ན་ཁྱིམ་བདག་བཀུག་པའི་རིགས་པར་གསོལ་བ་དང་། དགུག་པར་ཕོ་ཉ་གཅིག་བཏང་སྟེ་བཀུག་གོ། །དེ་ནས་རིང་ཞིག་ལོན་ཀྱང་མ་ཕེབས་ནས། མགོན་མེད་ཀྱང་མི་དགའ་བ་འདྲ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་བདག་བུ་སྨད་དང་བྲལ་བ་མི་དགའ་འམ། ཅི་ཉེས་ཞེས་རྨས་པ་ན་བདག་
བུ་སྨད་དང་བྲལ་བ་ནི་མི་དགའ་བ་མེད་ན་འཕགས་པ་དགེ་སློང་དག་མེད་པས་མི་དགའོ། །ཞེས་བྱས་ནས་དེའི་ཕྱིར་རྒྱལ་པོས་དགེ་སློང་དག་འདིར་ཤོག་ཤིག་པར་ཡི་གེ་སྤྲིངས་ནས་དགེ་སློང་རྒན་པོ་ནི་རྒས་ཏེ་འགྲོ་མི་ནུས། གསར་བུ་དག་ནི་ཆོས་ཁྲིམས་དག་མ་ལོབས་པས་ཉན་ཅིང་འབད་པས་མ་བཏུབ་ཁ་
ཅིག་ནི་ན་ནས་འགྲོ་མ་ནུས་པ་དང་། དྲུག་སྡེ་རྣམས་བདག་ཅག་རྒྱལ་པོ་དང་བློན་པོ་རྣམས་ཆོས་འཆད་དུ་འདོད་ངོ་ཞེས་ཁས་བླངས་ནས། དྲུག་སྡེ་རྣམས་དམག་གི་ནང་དུ་ལྷགས་ཏེ་ཞག་དུ་མར་འཁོད་ཅིང་དམག་བརྒྱུས་པ་ལས་ཕར་ཕུལ་ཞིང་ཀྱལ་ཀ་བྱེད་དེ། བཀྲེན་པ་ཁྱེད་ཀྱིས་གླང་པོ་ཆེ་ཕག་འདྲ་བ། རྟ་བོང་བུ་འདྲ་བ་
ཞེས་ནས་མཇུག་མ་ནས་བཟུང་ཞིང་བསྐོར་ཏོ། །མི་ལ་རྩྭ་མི་འདྲ་བ་ཞེས་བྱས་ཤིང་གཉའ་བ་ན་ཕུལ་བས་དེ་དག་བག་འཁུམས་མི་དགའ་བར་གྱུར་ནས་སེམས་ཤིང་འཁོད་པ་ལས་རྒྱལ་པོས་མཐོང་སྟེ། དགེ་སློང་དམག་གི་ནང་ན་ཡུན་རིང་དུ་འདུག་ཏུ་མི་གནང་བར་གསོལ་ནས་དྲུག་སྡེ་ལ་བཀའ་རྨས་ཏེ། དགེ་
เล่ม ๑๕๕ · หน้า 110b
སྦྱོང་གི་བྱ་བ་མ་ཡིན་ཞེས་སྨད་ནས་དམག་གི་ནང་དུ་ཞག་གཉིས་ལས་འདུག་ཏུ་མི་གནང་བར་བསླབ་པ་བཅས་སོ། །དེ་འདྲ་བའི་རྐྱེན་ཅིག་གིས་ཞེས་བྱ་བ་ནི་རྒྱལ་པོ་དང་དམག་དཔོན་དང་ཡུལ་མིས་བོས་པའོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དམག་ཅེས་བྱ་བ་ནི་ཡན་
ལག་གཅིག་ལ་སོགས་ཏེ། གོང་མ་བཞིན་ནོ། །བལྟར་འགྲོ་ན་ཞེས་བྱ་བ་ནི་ལྟ་འདོད་པའི་ཕྱིར་རོ། །ཞག་གཉིས་ལས་འདས་ཞེས་བྱ་བ་ནི་དུས་ལས་ཡོལ་བའོ། །ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྒྱལ་པོ་དང་བློན་པོས་འདུག་ཤིག་ཅེས་བསྒོ་བའམ། བར་ཆད་ཆེན་པོ་བརྒྱད་བྱུང་བའི་དབང་
གིས་ན་ལྟུང་བ་མེད་དོ། །ཞག་གཉིས་དམག་གི་ནང་ན་གནས་པའི་ཚེ་ཡང་གཡུལ་བཤམས་པ་ལས་དཀྲུག་ཏུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། རྒྱལ་པོ་གསལ་རྒྱལ་གྱིས་རི་བྲགས་གྲོང་ལོག་པ་ད་རུང་མ་ཕེབས་ནས། མགོན་མེད་ཟས་སྦྱིན་ཀྱང་དགེ་སློང་དག་མེད་པས་མ་དགའ་ནས།
དགེ་སློང་ཁ་ཅིག་དེར་ཐོང་ཤིག་པར་ཡི་གེ་སྤྲིང་ངོ་། །དགེ་སློང་གཞན་རྣམས་ནི་སྔ་མ་བཞིན་དུ་བྲེལ་ཏོ། །ཡང་དྲུག་སྡེ་ལྷགས་སོ། །སྔར་ཞག་གཉིས་ལས་རིང་དུ་གནས་སུ་མི་གནང་བ་དང་། སླད་ཀྱིས་ཞག་གཉིས་ཀྱི་ཚེ་ན་ཡང་གླང་པོ་ཆེའི་ཚོགས་ལ་སོགས་གཡུལ་བཤམས་པ་ལ་སྔ་མ་བཞིན་དུ་
དཀྲུགས་ནས་ཁོང་བདག་ཅག་དགྲའི་ལོགས་སུ་སྔར་དོང་ནས་ནགས་ཚང་ཚིང་ན་འཁོད་དེ། དམག་འོང་བ་དང་། དྲུག་སྡེས་རྔ་བརྡུངས་དུང་བུས་ཁུས་བཏབ་པ་དང་། གསལ་རྒྱལ་གྱི་དམག་གིས་ཡང་སྐྲག་པར་གྱུར་ཏེ་དེ་དག་གི་སྙིང་ལམ་ན་དགྲ་བྱུང་སྙམ་ནས་སླར་ལོག་སྟེ་བྲོས་སོ། །དེ་ནས་ཡང་མདུན་
དུ་བརྒྱུགས་ཏེ། བསྒུགས་ནས་ཁྱེད་ཅིའི་ཕྱིར་འབྲོས་ཞེས་བྱས་ནས། ཁྱེད་ཀྱིས་གཡུལ་དཀྲུགས་པའི་ཕྱིར་བྲོས་སོ་ཞེའོ། །དེད་ཀྱིས་རྩེད་མོ་བྱས་པའི་ཕྱིར་ཡང་སྐྲག་སྟེ་འབྲོས། དགྲ་འོངས་ན་ཇི་ལྟར་རྒོལ་ཞེས་བྱས་པ་དང་། དེ་དག་གིས་རྒྱལ་པོ་ལ་གསོལ་ནས། རྒྱལ་པོས་ཀྱང་སྙན་དུ་
གསལ་ཏེ། ཞག་གཉིས་དམག་གི་ནང་ན་གནས་པའི་ཚེ་ཡང་གཡུལ་བཤམས་པ་དཀྲུག་ཏུ་མི་གནང་བར་འདུལ་བ་ལ་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གཞན་ཡང་དེ་དང་འདྲ་བའོ། །དམག་ཅེས་བྱ་བ་ནི་རྟ་པ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །བཤམས་པ་དཀྲུགས་
เล่ม ๑๕๕ · หน้า 111a
ཞེས་བྱ་བ་ནི་གཡུལ་གྱི་ནང་དུ་འཇུག་པའོ། །རྒྱལ་མཚན་ཞེས་བྱ་བ་ནི་སེང་གེ་དང་ཆུ་སྲིན་དང་། ཁྱུ་མཆོག་གི་རྒྱལ་མཚན་ནོ། །གཡུལ་བཤམས་པ་རྣམ་པ་བཞི་སྟེ། འབྲུའི་ཕུང་པོ་ལྟ་བུ་དང་། ཤིང་རྟ་དང་། ཟླ་གམ་དང་ནམ་མཁའ་ལྡིང་གི་འདབ་མ་ལྟ་བུའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །
ཉེས་པ་ནི་གླང་པོ་ཆེ་དང་རྟ་ལ་སོགས་པ་གོ་བསྐོན་པ་ལོགས་ཤིག་ཏུ་བྱུང་ན་ལྟུང་བར་འགྱུར་རོ། །གོ་མ་བསྐོན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་ལ་རྡེག་ཏུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུས་ཨུ་པཱ་ལི་ལ་སོགས་པ་གཞོན་ནུ་བཅུ་བདུན་སྡེ་རབ་
ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་པ་དེ་ན་དེ་དག་དྲུག་སྡེའི་རྒྱུས་མི་ཤེས་པས་ཚེ་དང་ལྡན་པ་འཆར་བས་བཅུ་བདུན་སྡེ་གཅིག་ལ་ལས་ཤིག་བཅོལ་ན་ཁྱོད་ངའི་སློབ་དཔོན་དང་། མཁན་པོ་ནི་མ་ཡིན་ཞེས་མ་བཏུབ་པ་དང་དེས་ཐལ་མོ་ཞིག་བསྣུན་པ་དང་ས་ལ་བསྒྱེལ་ཏེ་ངུས་པ་དང་ཐམས་ཅད་ཀྱང་ས་ལ་
འགྱེལ་ཏེ་ངུས་པ་གཞན་དག་གིས་ཁྱེད་ཀྱི་ནང་ནས་གཅིག་བརྡེགས་ན་གཞན་དག་ཅིའི་ཕྱིར་དུ་ཞེས་བྱས་པ་དང་། བདག་ཅག་ཐམས་ཅད་མ་དུས་ན་ཀུན་ཀྱང་རྡེག་ཏུ་འོང་ངོ་ཞེས་སྨྲས་པ་སྙན་དུ་བདས་ཏེ། དགེ་སློང་ལ་རྡེག་ཏུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་
ཞེས་བྱ་བ་ནི་འཆར་བ་སྟེ་གཞན་ཡང་དེ་དང་འདྲ་བའོ། །བརྡེགས་ཞེས་བྱ་བ་ནི་བསྣུན་ཅིང་བརྒྱབ་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །དགེ་སློང་ཁྲོས་འཁྲུགས་ཏེ་རྔམ་ནས་དགེ་སློང་ལ་ཐལ་མོ་དང་། ཁུ་ཚུར་གྱིས་བསྣུན་ན་ལྟུང་བར་འགྱུར་རོ། །སོར་མོ་ལྔས་བསྣུན་ན་ཡང་ལྟུང་བ་རེ་རེར་འགྱུར་རོ། །ཐ་ན་
རྒྱ་ཤུག་གི་འབྲུམ་བུའམ་ཉུངས་ཀར་གྱི་འབྲུམ་བུ་ལུས་ལ་ཕོག་ན་ཅི་རྙེད་ཕོག་པ་ལྟུང་བ་རེ་རེར་འགྱུར་རོ། །དགེ་སློང་གིས་ཐབས་ཀྱི་སྒོ་ནས་བརྡེགས་ན་ཡང་ལྟུང་བར་འགྱུར་རོ། །དགེ་སློང་ལ་རྡེག་པར་གཟར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་བཅུ་བདུན་སྡེ་དྲུག་སྡེ་ལ་བསྙེན་
བཀུར་བྱེད་པ་ན་འཆར་པས་ཡང་ལས་བཅོལ་བ་དང་། མ་བཏུབ་ནས་རྡེག་ཏུ་གནང་བས་རྡེག་པར་གཟས་ཏེ་ལག་པ་གཟས་པ་ལས། ཀུན་དུས་བ་སྙན་དུ་བདས་ཏེ། གཟར་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །རྡེག་པར་གཟས་ན་ཐ་ན་ཉུངས་ཀར་འབྲུ་གཅིག་གིས་ཀྱང་རུང་སྟེ་ལྟུང་
เล่ม ๑๕๕ · หน้า 111b
བར་འགྱུར་རོ། །གཞན་ནི་བསྣུན་པ་ལ་སྦྱར་བ་བཞིན་དུ་རྒྱས་པར་སྦྱོར་ཅིག །ཁྱིམ་པ་ཡང་བསྙེན་པར་མ་རྫོགས་པ་ལ་རྡེག་པར་གཟས་ཀྱང་རུང་སྟེ་ཉེས་བྱས་སུ་ན་སྨད་དོ། །དགེ་སློང་གིས་གནས་ངན་ལེན་འཆབ་ཏུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དགའ་བོས་སློབ་མ་ཆོས་
ཞེས་བྱ་བ་ཅིག་ཡོད་དེ། དེ་མང་དུ་དགེ་བ་ལ་བརྩོན་པ་ཞིག་པས་ཉིན་པར་དགེ་བ་སྤྱོད་པའི་སར་སྟན་ཁྱེར་ཏེ་འགྲོ་བ་ལས་དགའ་བོ་དང་ཕྲད་ནས་བསྙེན་དགའ་བོ་ན་རེ་ངའི་སྟན་ཡང་ཁྱེར་ཏེ་ཤོག་ཅེས་ནས་དེ་གཉིས་ཀྱང་ལྷན་ཅིག་ཉིན་པར་དགེ་བ་སྤྱོད་པའི་ས་ན་བསམ་གཏན་བྱེད་པ་ལས། བསྙེན་
དགའ་བོ་ནི་སེམས་རྒོད་པས་མགོ་གཡོགས་ཏེ་བསམ་གཏན་བྱེད་ན་འོན་ཀྱང་སེམས་མ་འཁྲུགས་ཏེ། དགེ་འདུན་གྱི་ཤིང་ཐགས་ལ་བུ་མོ་ཞིག་ཤིང་རྐུ་ཞིང་འདུག་པ་མཐོང་ནས། ཆོས་ཅན་ལ་སྐྲོད་ཅིག་ཅེས་བྱས་པ་དང་། སློབ་དཔོན་རྟོག་པ་མ་མང་བར་ཛེ་ཏའི་མདོ་སྡེ་ལ་དགོངས་ཤིག་ཅེས་བྱས་
པ་དང་། བླུན་པོ་དགེ་འདུན་གྱི་བཅྭ་ཤིང་ལ་ལྟོས་ཤིག་ཅེས་མ་གསུངས་སམ། ཁྱོད་ཀྱིས་མ་བཏུབ་ན་ང་རང་སྐྲོད་དོ་ཞེས་ནས། བསྙེན་དགའ་བོས་བུ་མོ་བསྐྲད་ན་བུ་མོ་དེ་ཡང་ཕྱིར་བགད་པ་དང་། བསྙེན་དགའ་བོས་བུ་མོ་དེ་བཟུང་སྟེ་འོ་གཅིག་བྱས་སོ། །དེ་ནས་སླར་འཁོར་ཏེ་ཆོས་ཅན་ལ་ཁྱོད་
ཀྱིས་ཅི་མཐོང་ཞེས་སྨྲས་པ་དང་། ནང་དུ་ཞུགས་པ་གཅིག་པུ་མ་མཐོང་གི་གཞན་ནི་ཐམས་ཅད་མཐོང་ངོ་ཞེས་བྱས་པ་དང་། འོ་ན་སུ་ལ་ཡང་མ་སྨྲ་ཤིག་ཅེས་བྱས་པ་ན་སུ་དང་མ་ཕྲད་ཀྱི་བར་དུ་མི་སྨྲའོ། །འོ་ན་ཁྱོད་ཀྱི་མཁན་པོ་དགའ་བོའི་ཉེས་པ་བྱུང་ན་ཡང་ངས་རྟག་པར་བཅབ་ན་ངའི་ཡང་
ཁྱོད་མི་བཅབ་བམ་ཞེས་བྱས་ན། དེས་མ་བཏུབ་ནས་དགེ་སློང་གཞན་དག་ལ་བྱས་པ་སྙན་དུ་བདས་ཏེ། བཀས་སྨད་ནས། དགེ་སློང་གིས་གནས་ངན་ལེན་འཆབ་ཏུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །
གནས་ངན་ལེན་ཅེས་བྱ་བ་ནི་དགེ་འདུན་གྱི་ལྷག་མ་ལས་བྱུང་བ་དང་། ཕས་ཕམ་པ་ལས་བྱུང་བའོ། །ཤེས་བཞིན་ཞེས་བྱ་བ་ནི་བདག་རང་གིས་རིག་པའམ་གཞན་གྱིས་བསྒོ་བའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །གནས་ངན་ལེན་གྱི་ཉེས་པ་བཅབས་ན་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སོ། །སྐྱ་རེངས་ཤར་ན་
เล่ม ๑๕๕ · หน้า 112a
ལྟུང་བར་འགྱུར་རོ། །གནས་ངན་ལེན་གྱི་ཉེས་པ་བརྗོད་ན་དགེ་བའི་བར་ཆད་དང་ཚངས་པར་སྤྱོད་པའི་བར་ཆད་དུ་གྱུར་པ་ཙམ་གྱི་ཚོད་ན་བཅབས་ཀྱང་ཉེས་མེད་དོ། །ལྟུང་བ་ལྔ་བཅུ་པ་རྫོགས་སོ།། །།ང་གཅིག་པུ་ན་བདེའོ་ཞེས་དགེ་སློང་བྲ་ན་གཅོད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་
ཡོད་པ་ན་སྟེ། ཚེ་དང་ལྡན་པ་དགའ་བོའི་ཉེ་གནས་ཆོས་ཅན་འགྱོད་ཕོང་པ་ཁྲེལ་ཡོད་པ་དེས་བསྙེན་དགའ་བོའི་ཉེས་པ་ཐམས་ཅད་སྨྲས་པས་ན། དེ་ནས་དགའ་བོ་ཁྲོས་ཏེ་དེ་ལ་གནོད་པ་ཞིག་བྱའོ་སྙམ་ནས། དགའ་བོ་དང་བསྙེན་དགའ་བོ་གཉིས་གྲོང་དུ་བོས་པ་དང་། སློབ་མ་ཆོས་ཅན་བསོད་སྙོམས་ལ་
འགྲོ་བར་ཆས་པ་དང་། དེ་གཉིས་ཀྱིས་ངེད་ཀྱི་ཕྱི་བཞིན་དུ་ཤོག་ཤིག་དང་ཟན་སྦྱིན་ནོ་ཞེས་ནས་སློབ་མ་ཡང་ངག་གཅོག་མ་ཕོད་ནས་མཁན་པོའི་ཕྱི་བཞིན་དུ་སོང་ངོ་། །དེ་དག་གྲོང་དུ་ཕྱིན་པ་དང་། དགའ་བོ་དང་ཆོས་ཅན་ནི་སྡོད་བསྙེན་དགའ་བོ་ནི་གྲོང་དུ་ཟན་ལ་སོང་། བསྙེན་དགའ་བོ་ཕྱིར་འོངས་ནས་ཡང་
ཆོས་ཅན་དང་གཉིས་སྡོད། དགའ་བོ་ནི་གྲོང་དུ་ཟན་ལ་སོང་ངོ་། །ཕྱི་ན་ཆོས་ཅན་གྱིས་བསྙེན་དགའ་བོ་ད་ནི་ཉི་མ་ཡོལ་གྱི་ཟས་ལ་འདོང་ཞེས་དེས་ཡང་དང་ཡང་དུ་བསྐུལ་ན། ང་ནི་གཅིག་པུ་ན་བདེའོ་ཞེས་ནས། ཁྱོད་ཉིད་གར་དགའ་བར་སོང་ཤིག་ཅེས་བསྐྲད་པ་དང་། ལྷུང་བཟེད་ཁྱེར་ཏེ་མ་འོངས་པས་
ཐན་བསླང་དུ་མེད་ནས། སླར་ལྷ་ཁང་དུ་འོངས་ནས་ཉལ་ཞིང་འདུག་པ་དེ་དགེ་སློང་བསོད་སྙོམས་པ་གཞན་དག་གིས་མཐོང་ནས་ཁྱོད་ཅིའི་ཕྱིར་དེ་ལྟར་ཉལ་ཞེས་དྲིས་པ་དང་། དེའི་རྒྱུས་ཞིབ་ཏུ་སྨྲས་པ་ལས་དགེ་སློང་དག་གིས་སྙན་དུ་བདས་ཏེ། རྣམ་གྲངས་དུ་མས་སྨད་ནས་དགེ་སློང་གི་ཟན་
གཅོད་དུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་བསྙེན་དགའ་བོ་སྟེ། གཞན་ཡང་དེ་དང་འདྲ་བའོ། །དགེ་སློང་འདི་ཞེས་བྱ་བ་ནི་ཆོས་ཅན་ཏེ། གཞན་ཡང་ཆོས་འདི་ལ་ཞུགས་པའོ། །གྲོང་དུ་འདོང་ཞེས་བྱ་བ་ནི་ཁྱིམ་བདག་དང་བྲམ་ཟེའི་
ཁྱིམ་མོ། །ཁྱོད་ལ་ཟན་སྦྱིན་ནོ་ཞེས་བྱ་བ་ནི་བཟའ་བ་དང་བཅའ་བ་ལྔ་སྦྱིན་པར་ཁས་བླངས་པའོ། །ཁྱོད་དང་ལྷན་ཅིག་པ་བདེ་བ་མེད་ཀྱིས་སོང་ཞིག་པ་ནི་ཟན་བཅད་པར་བསམས་ནས་བསྐྲད་པའོ། །རྐྱེན་དེ་ཉིད་ཅེས་བྱ་བ་ནི་ཟན་བཅད་པར་བསམས་པ་དེ་ཉིད་རྐྱེན་ཡིན་ནོ། །ཆེད་དུ་བསམས་ནས་
เล่ม ๑๕๕ · หน้า 112b
ཐབས་གང་གིས་ཀྱང་རུང་སྟེ། དགེ་སློང་གི་ཟན་བཅད་ན་ལྟུང་བར་འགྱུར་རོ། །ན་བའི་ཚེ་ན་སྨན་པས་བསྒོ་བ་ལ་ནི་མ་གཏོགས་སོ། །དགེ་སློང་མེ་འབུད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཏུ་གཤེགས་པའི་ཚེ་སྟེ། དེའི་ཚེ་ན་བཅོམ་ལྡན་འདས་ལྗོངས་རྒྱུ་ཞིང་གཤེགས་
པ་ན། ཚོང་པ་ཕལ་པོ་ཆེ་དང་འགྲོགས། དེའི་ནུབ་མོ་འབྲོག་དགོན་པ་ཞིག་ཏུ་ཕྱིན་ནས། ནུབ་མོ་དགོངས་མལ་ཡང་རྒན་རིམས་སུ་གོས་ཤིག་ཅེས་བཀའ་སྩལ་ནས། དེ་བཞིན་དུ་བགོས་པ་དང་དྲུག་སྡེ་ཤིང་སྐོམ་ཞིག་གི་དྲུང་དུ་བབ་སྟེ་མེ་བཏུང་བ་དང་། ཤིང་ཚིག་ཅིང་དུད་པས་བདུགས་པས།
ཤིང་གི་ནང་ན་སྦྲུལ་གདུག་པ་ཞིག་འདུག་པ་བྱུང་སྟེ། ལྷུང་ལ་ཐུག་ཅིང་ཤིང་གི་ཡལ་ག་ལ་འདུག་པ་དང་། དྲུག་སྡེ་དག་གིས་མཐོང་ནས་ལྷུང་ལྷུང་ཞེས་བྱས་པ་དང་། ཚོང་པ་རྣམས་ཀྱང་ཀུན་བྲོས་པ་ལས་མེ་འབུད་པ་ལས་ཉེས་དམིགས་སུ་གྱུར་པ་དང་། ཕྱིས་རྒྱལ་པོའི་ཁབ་ཏུ་གཤེགས་ནས་
ཡང་དྲུག་སྡེ་རྣམས་ཀྱིས་མེའི་མགལ་མེ་འཁོར་ལོ་ལྟར་བསྐོར་ཞིང་། ཉི་མ་དང་ཟླ་བ་ལྟ་བུར་བྱེད་རྒྱུག་རྩེ་རྩེ་བས་ན། དགེ་སྦྱོང་མགོ་རེག་འདི་རྣམས་དང་། ཁྱིམ་པར་བྱེ་བྲག་དང་ཁྱད་པར་ཅི་ཡོད་ཅེས་མུ་སྟེགས་རྣམས་འཕྱ་བ་ལས་མེ་འབུད་དུ་མི་གནང་བར་འདུལ་བ་ལ་བསླབ་པ་བཅས་སོ། །དེ་ལྟར་མེ་
འབུད་དུ་མི་གནང་བའི་དགེ་སློང་དག་མེ་མར་ཡང་མི་འབུད་སྤོས་ཀྱང་མི་སྲེག་བླ་མ་དང་སློབ་དཔོན་ལ་རིམ་གྲོ་ཡང་མི་བྱེད། ལྷུང་བཟེད་དང་། གོས་ཀྱི་ཁ་དོག་མི་བསྒྱུར་བ་དང་། དགེ་སློང་གཅིག་རླུང་ནད་ཀྱིས་བཏབ་ནས་སྨན་པ་ལ་དྲིས་ན་མེ་ལ་ཞུགས་ན་ཕན་ནོ་ཞེས་ནས་སྙན་དུ་བདས་ནས། དེ་ལྟ་བུ་ལ་
སོགས་པ་ནི་དུས་ཡིན་ཏེ་གནང་གིས་བྱིན་གྱིས་རློབ་ལ་གྱིས་ཤིག་ཅེས་གསུངས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །མི་ན་ཞེས་བྱ་བ་ནི་ན་བ་མ་གཏོགས་སོ། །བདག་གི་ཕྱིར་ཞེས་བྱ་བ་ནི་བདག་རང་གི་ཆེད་དུའོ། །རེག་གམ་ཞེས་བྱ་བ་ནི་བདག་རང་གིས་རེག་པའོ། །རེག་
པར་བྱེད་དུ་གཞུག་ཅེས་བྱ་བ་ནི་གཞན་ལ་བཅོལ་བའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །མེ་ཐོགས་ནས་ཉི་མ་དང་ཟླ་བ་ལྟ་བུ་དང་རྒྱུག་ཅིང་རྩེ་ན་ལྟུང་བ་རེ་རེར་འགྱུར་རོ། །མགལ་མེ་བསྐོར་ན་ལྟུང་བར་འགྱུར་རོ། །མེ་འབུད་དམ་གསོད་དམ་མགལ་པ་བཅུག་གམ་ཕྱུང་ངམ། མགལ་པ་བསྡུས་སམ་མགལ་པ་
เล่ม ๑๕๕ · หน้า 113a
སྡུད་དམ། མེ་མ་མུར་གློངས་པའི་ཚེ་དུས་ལ་བབ་པོ་སྙམ་དུ་སོམས་ཤིག །དེ་ལྟར་མ་བྱས་ན་ལྟུང་བ་རེ་རེར་འགྱུར་རོ། །དགེ་འདུན་ཆོས་བཞིན་བྱེད་པ་ལས་སྔར་དད་པ་ཕུལ་ནས་དེའི་འོག་ཏུ་དད་པ་མི་སྦྱིན་ནོ་ཞེས་སྨྲར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་ལས་ན་བ་སོ་
སོ་དང་ཐ་སྐར་སྐྱེས་ནི་ཤི། ཚེ་དང་ལྡན་པ་འཆར་ཀ་ནི་དགྲ་བཅོམ། མོས་པ་ཅན་ནི་ཀཽ་ཤཱམྦཱི་ན་ཅང་མི་བྱེད་པར་འདུག །དགའ་བོ་དང་བསྙེན་དགའ་བོ་གཉིས་ནི་རང་བཞིན་དུ་དགེ་འདུན་གྱི་ནང་ན་གནས་སྟེ། དེའི་ཚེ་ཚེ་དང་ལྡན་པ་བཅུ་བདུན་སྡེ་ཤིན་ཏུ་འབད་ཅིང་བརྩོན་པས་དར་ནས་དེ་དག་གིས་བགྲོས་པ། འུ་
བུ་ལ་སྔན་ཆད་དྲུག་སྡེས་གཙེས་པ་ལྟ་བུ་སུས་ཀྱང་མ་གཙེས་ཏེ། དེའི་ནང་ན་ཡང་བསྙེན་དགའ་བོས་གཙེས་ཀྱིས་སྤང་བའི་ལས་བྱས་ན། དགའ་བོ་ཤགས་མཁས་ཀྱིས་དེ་མི་འོང་བའི་ཐབས་ཤིག་བྱའོ་སྙམ་ནས། དགའ་བོ་གོས་ངན་པ་ཞིག་གྱོན་བཞིན་དུ་འདུག་པ་གནས་བརྟན་གོས་ངན་པ་འདི་ངས་
བཀྲུའོ་ཞེས་ནས། དེས་གོས་ཐལ་བའི་ནང་དུ་བསྒྲེས་ཏེ་བྱིན་ནོ། །དེའི་འོག་ཏུ་དགེ་འདུན་གྱི་ལས་བྱའོ་ཞེས་ལས་ཀྱི་གཎྜཱི་བརྡུངས་ཏེ། དགའ་བོ་ལ་ནི་དད་པ་བླངས་ནས་བསྙེན་དགའ་བོ་དགེ་འདུན་གྱི་ནང་དུ་བཀུག་སྟེ། ཁྱོད་ཀྱིས་སྔོན་དེད་ལ་བཅུ་བདུན་སྡེའི་རྒྱུ་མས་ཛེ་ཏའི་ཚལ་དཀྲི་བ་ལ་སོགས་པ་དྲན་ནམ་
ཞེས་ནས་སྤང་བའི་ལས་བྱས་པ་དང་། དེ་ཡང་ངུ་ཞིང་དགའ་བོའི་གན་དུ་སོང་ནས་ཅིའི་ཕྱིར་ངུ་ཞེས་སྨྲས་ན་སློབ་དཔོན་གྱིས་དད་པ་བྱིན་ནས་ཅི་བྱ་བ་དག་ནི་སྤངས་སོ་ཞེས་བྱས་པ་དང་། ཁྱོད་ལ་སྤང་བའི་ལས་བྱེད་པ་དེ་གྲོང་དང་གྲོང་ཁྱེར་གྱི་སྤངས་པར་ཤོག་ཤིག །དེ་དག་གིས་ང་མི་ཤེས་ཏེ། ང་མ་འདུས་
པར་ལས་བྱས་པས་ལས་འགལ་ཏེ་དད་པ་སླར་བླང་ངོ་ཞེས་སོ། །ངས་མ་ཤེས་ཀྱིས་དད་པ་དེ་ཡང་སླར་བྱིན་ཅིག་ཅེས་སྨྲས་པས། དགེ་འདུན་ཚོགས་པས་ཆོས་བཞིན་དུ་ལས་བྱས་པ་ལས་སྐྱོ་ཞིང་དཀྲུགས་ཏེ། དགེ་སློང་རྣམས་འཕྱ་བར་གྱུར་པ་ལས་སྙན་དུ་བདས་སོ། །དགེ་སློང་གི་བྱ་བ་མ་ཡིན་པ་
ཞེས་སྨད་ནས། དད་པ་སླར་བླང་དུ་མི་གནང་བར་འདུལ་བ་ལ་བསླབ་པ་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་ཤཱཀྱའི་བུ་དགའ་བོ་སྟེ། གཞན་ཡང་དེ་དང་འདྲ་བའོ། །དད་པ་ཞེས་བྱ་བ་ནི་དགེ་འདུན་ཆོས་བཞིན་དུ་ལས་བྱེད་པ་ལས་མཐུན་པ་སྦྱིན་ནོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནོ། །འདི་སྐད་
เล่ม ๑๕๕ · หน้า 113b
ཀྱང་ཟེར་ཞེས་བྱ་བ་ནི་སྨྲ་བའོ། །དགེ་སློང་སླར་བྱིན་ཁྱེད་ལ་དད་པ་མི་སྦྱིན་ནོ་ཞེས་བྱའི་ཚིག་གོ། །ལྟུང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་གིས་དད་པ་སྦྱིན་ནས་དེའི་འོག་ཏུ་བཟློག་ཅིང་དཀྲུག་པའི་ཚུལ་དུ་བྱེད་དེ། ཁྱོད་ལ་དད་པ་མི་སྦྱིན་གྱིས་སླར་བྱིན་ཅིག་ཅེས་སྨྲས་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །
བསྙེན་པར་མ་རྫོགས་པ་དང་ཁྱིམ་གཅིག་གི་ནང་དུ་ཉལ་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ཁྱིམ་པ་ལ་རྒྱུན་དུ་ཆོས་འཆད་པར་ཞུགས་པ་དང་། ཚེས་བརྒྱད་དང་བཅུ་བཞི་ལ་ཆོས་ཤོད་ཅིག་ཅེས་བཀའ་སྩལ་ནས། འོན་ཀྱང་མཚན་རངས་པར་ཆོས་འཆད་པས་ན་ནད་ཞུགས་པར་
གྱུར་ནས་ནམ་ཕྱེད་ཚུན་ཆད་ཙམ་ཤོད་ཅིག་ཅེས་བྱུང་ངོ་། །ནུབ་གཅིག་ཆར་འབབ་པས་ཁྱིམ་པ་ལ་ཆོས་བཤད་པའི་ས་དེ་ཉིད་དུ་ཉལ་བ་དང་། མེ་འབར་བས་ཁྱིམ་པ་དག་གིས་གསོད་དུ་མ་སྟེར་ཏོ། །དེ་ན་རྒན་ཞུགས་བསོད་སྙོམས་པ་ཞིག་ཉལ་བའི་རྨི་ལམ་ན་བུད་མེད་དང་ཉལ་བར་རྨིས་ནས་མི་ཚངས་
པར་སྤྱོད་པའི་ཚུལ་སྨྲས་པས། ཁྱིམ་པ་དེ་དག་གྲོང་དུ་ལྷགས་ནས་འཕྱ་བར་གྱུར་ཏེ། དགེ་སློང་གཞན་དག་གིས་ནི་ཆོས་ལེགས་པར་བཤད་ན་རྒན་ཞུགས་དེས་ནི་མ་ལེགས་པར་བཤད་དོ་ཞེས་སྙན་དུ་བདས་ཏེ། བསྙེན་པར་མ་རྫོགས་པའི་གང་ཟག་དང་ཁྱིམ་གཅིག་གི་ནང་དུ་ནུབ་གཅིག་ལས་ལྷག་
པར་ཉལ་དུ་མི་གནང་བར་བསླབ་པ་བཅས་སོ། །ཞག་གཉིས་གནང་དུ་ཡོད་པ་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་སྒྲ་གཅན་འཛིན་ཕྱི་རོལ་དུ་སྤྱོད་དུ་སོང་བའི་ཕྱི་ན། དེའི་གནས་ཁང་དུ་དགེ་སློང་གཞན་བགོས་པས་སྒྲ་གཅན་འཛིན་གནས་མེད་དེ། བཅོམ་ལྡན་འདས་ཀྱི་སྣམ་ཕྱི་ས་ན་འདུག་པ་
དང་། དེའི་ནུབ་མོ་ཆར་ཆེན་པོ་བབ་སྟེ། སྣམ་ཕྱི་ས་དང་ཉེ་བ་ཞིག་ན་སྦྲུལ་གདུག་པ་མ་རུང་བ་ཞིག་གནས་ཏེ། སྣམ་ཕྱི་སར་འགྲོ་བས། ཚེ་དང་ལྡན་པ་སྒྲ་གཅན་འཛིན་བཟུང་སྟེ་ཤི་ན་མ་ལེགས་ཏེ། ཤཱཀྱའི་རིགས་ལ་མི་སྙན་པར་ཟེར་བར་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱང་ནས།
སྒྲ་གཅན་འཛིན་བླངས་ནས་བཅོམ་ལྡན་འདས་ཀྱིས་གནས་ཁང་དུ་བཞག་ནས། ཞག་གཉིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཉལ་དུ་གནང་ངོ་། །སླད་ཀྱིས་ན་བ་དང་ནད་གཡོག་ཞག་ལོན་དུ་མི་བདེ་བ་ལས་སྙན་དུ་བདས་ཏེ། ནད་པ་དང་ནད་གཡོག་གཉིས་ནི་གནང་ངོ་། །དེ་ལྟར་ཞག་གཉིས་
เล่ม ๑๕๕ · หน้า 114a
ལས་ཉལ་བར་མ་གནང་བ་དང་། ཚེ་དང་ལྡན་པ་བསྙེན་དགའ་བོ་ཞག་གཉིས་ལས་འདའ་བར་བྱེད་པ་དང་། དོན་ཉུང་ངུ་བའི་དགེ་སློང་རྣམས་འཕྱ་བ་ལས་སྙན་དུ་བདས་ཏེ། བཀས་སྨད་ནས་ཞག་གཉིས་ལས་ལྷག་པར་ཉལ་དུ་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་
བ་ནི་རྒན་ཞུགས་དང་བསྙེན་དགའ་བོ་སྟེ། གཞན་ཡང་དེ་དང་འདྲ་བའོ། །བསྙེན་པར་རྫོགས་པའི་གང་ཟག་དང་ལྷན་ཅིག་ཅེས་བྱ་བ་ནི་བསྙེན་པར་རྫོགས་ཞེས་བྱ་བ་ནི་དགེ་སློང་ཕ་དང་དགེ་སློང་མའོ། །དེ་མ་གཏོགས་པ་གཞན་ཐམས་ཅད་བསྙེན་པར་མ་རྫོགས་པའོ། །ཞག་གཉིས་ལས་ལྷག་ཅེས་བྱ་བ་
ཐལ་བའོ། །ཁྱིམ་གཅིག་གི་ནང་ན་ཉལ་ཞེས་བྱ་བ་ནི་ཁྱིམ་གང་ཆེར་གཡོགས་ལ་ཀུན་བསྐོར་བར་གྱུར་པ་དེ་ལྟ་བུའི་ནང་དུ་ཉལ་ན་ཞག་གསུམ་གྱི་སྐྱ་རེངས་ཤར་ན་ལྟུང་བར་འགྱུར་རོ། །ཤིང་དྲུང་དང་རྩིག་དྲུང་དང་ཕུག་དང་། ཤིང་གེལ་བའི་དྲུང་དུ་ཉལ་ན་ཉེས་བྱས་སུ་འགྱུར་རོ། །ཉེས་པ་ནི་བསྙེན་པར་མ་
རྫོགས་པར་འདུ་ཤེས་ཀྱི་ཁྱིམ་གཅིག་ཏུ་ཉལ་ན་ལྟུང་བར་འགྱུར་རོ། །ཐེ་ཚོམ་ན་ཡང་ངོ་། །བསྙེན་པར་རྫོགས་པར་འདུ་ཤེས་དང་ཐེ་ཚོམ་ན་ཡང་ཉེས་བྱས་སུ་འགྱུར་རོ། །བར་ཆད་ཀྱི་ཆོས་སུ་མི་འགྱུར་རོ་ཞེས་སྨྲར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་ཨ་རི་ཏ་ཉེས་པ་བྱེད་པ་ལས།
དགེ་སློང་དག་གིས་བཟློག་ན་མ་བཏུབ་ནས། བཅོམ་ལྡན་འདས་ཀྱིས་བཤད་པ་ནི་ངས་ཤེས་ཏེ། དེ་ལྟར་སྤྱད་ཀྱང་བར་ཆད་དུ་མི་འགྱུར་རོ་ཞེས་ལོག་པར་ལྟ་བའི་ཕྱིར་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན་ལྟ་བ་བཟློག་ཏུ་མ་བཏུབ་ནས་སྙན་དུ་བདས་ཏེ། ལན་གསུམ་དུ་སྒོ་ཤིག་ཅེས་བཀའ་སྩལ་ནས།
ལན་གསུམ་དུ་བསྒོ་བ་ལས་མ་བཏུབ་ནས། རྣམ་གྲངས་དུ་མས་སྨད་ནས་འདུལ་བ་ལ་བསླབ་པ་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་ཨ་རི་ཏ་སྟེ་གཞན་ཡང་དེ་དང་འདྲ་བའོ། །འདི་སྐད་དུ་ཅེས་བྱ་བ་ནི་སྨྲ་བའོ། །བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་
དང་ཉན་ཐོས་ཀྱིས་གསུངས་པའོ། །བཤད་ཅེས་བྱ་བ་ནི་བསྒྲགས་པའོ། །བར་དུ་གཅོད་ཅེས་བྱ་བ་ནི་ཕས་ཕམ་པའི་ཆོས་བཞི་གནས་བདུན་ཤིན་ཏུ་ཞི་བའི་བར་དུ་སྟེ། ལྟུང་བ་རིས་ལྔ་རྣམས་སྤྱད་ཀྱང་བར་དུ་མི་གཅོད་ཅེས་སྨྲ་བའོ། །དགེ་སློང་ཞེས་བྱ་བ་ནི་ཨ་རི་ཏའོ། །དགེ་སློང་རྣམས་ཞེས་བྱ་
เล่ม ๑๕๕ · หน้า 114b
བ་ནི་ཆོས་འདི་ལ་ཞུགས་པའོ། །དེ་སྐད་དུ་སྒོ་ཤིག་ཅེས་བྱ་བ་ནི་ཚིག་འཇམ་པོས་བསྒོ་བའོ། །དེ་སྟེ་ཡང་དངོས་པོ་དེ་གཏོང་བ་ལྟ་ན་ནི་ལེགས་དེ་སྟེ་ཡང་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི་གསོལ་བ་དང་ཞུ་བའི་ལས་ཀྱིས་ཡང་དག་པར་བསྒོ་བ་ལ་
བྱའོ། །དང་པོ་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བའི་ཚེ་ན་ཉེས་བྱས་སོ། །ཚིག་འཇམ་པོ་བསྒོ་སྟེ་མ་བཏུབ་ན་ཡང་ཉེས་བྱས་གཉིས་སུ་འགྱུར་རོ། །གསོལ་བ་དང་ཞུ་བའི་ལས་ཀྱིས་བསྒོ་ནས་མི་གཏོང་ན་ཉེས་བྱས་གསུམ་དུ་འགྱུར་རོ། །གསོལ་བ་དང་ཞུ་བའི་ལས་ཀྱིས་ལན་གཉིས་བསྒོ་སྟེ་
མི་གཏོང་ན་ཉེས་བྱས་བཞིར་འགྱུར་རོ། །ཆོས་ཇི་ལྟ་བ་དང་འདུལ་བ་ཇི་ལྟ་བ་དང་སྟོན་པའི་བསྟན་པ་བཞིན་དུ་ལན་གསུམ་རྫོགས་པར་བྱས་ཀྱང་མ་བཏུབ་ན་ལྟུང་བར་འགྱུར་རོ། །ཆོས་བཞིན་དུ་བསྒོ་ཡང་མ་ཚོགས་ན་དགེ་འདུན་དང་གང་ཟག་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ཚོགས་ལ་ཆོས་
བཞིན་དུ་མ་བསྒོ་ན་ཡང་ལྟུང་བར་མི་འགྱུར་རོ། །ཚོགས་ལ་ཆོས་ཀྱི་གཟུགས་བརྙན་གྱིས་བསྒོ་བ་དང་། མ་ཚོགས་པ་ལ་ཆོས་ཀྱི་གཟུགས་བརྙན་གྱིས་བསྒོ་བ་ནི་ལྟུང་བ་མེད་དོ། །དེ་སྟེ་དགེ་སློང་དེ་ལྟུང་བ་རབ་ཏུ་འགྱོད་ཅིང་མ་བཤགས་མ་མཐོལ་ན། དེ་ཕྱིན་ཆད་གསོལ་བ་དང་གཉིས་ཀྱི་ལས་
ཀྱིས་ནང་དུ་འཇུག་པ་ན་ཐམས་ཅད་དུ་ཉེས་བྱས་སོ། །དགེ་སློང་སྤངས་པ་དང་ལྷན་ཅིག་གཏམ་སྨྲ་ཞིང་ཁྱིམ་གཅིག་གི་ནང་དུ་ཉལ་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་བུང་བུ་རྫི་ཨ་རི་ཏ་སྡིག་པ་ཅན་གྱི་ལྟ་བ་གཏོང་དུ་མ་བཏུབ་ནས་དགེ་འདུན་རྣམས་ཀྱིས་གསོལ་བ་དང་ཞུ་བའི་
ལས་ཀྱིས་སྤངས་པའི་ལས་བྱས་ནས་ངུ་ཞིང་བསྙེན་དགའ་བོའི་གན་དུ་སོང་བ་དང་། དེ་དེ་དང་ཕྲད་དེ། ཨ་རི་ཏ་ཁྱོད་ཅིའི་ཕྱིར་དུ་ཞེས་བྱས་ནས། བདག་ནི་ལྷུང་བཟེད་ནག་པོ་ཅན་གྱིས་སྤངས་སོ་ཞེས་བྱས་པ་དང་། ཁྱོད་ལ་སྤོང་བར་བྱེད་པ་དེ་དག་གྲོང་དང་གྲོང་ཁྱེར་གྱིས་སྤངས་པར་ཤོག་ཤིག་ཅེས་
ནས། ཚེ་དང་ལྡན་པ་བསྙེན་དགའ་བོས། དགེ་སློང་ཨ་རི་ཏ་སྡིག་པའི་ལྟ་བ་མ་སྤངས་ཏེ་དགེ་འདུན་གྱིས་ཆད་པས་བཅད་ཅིང་སྤངས་པར་ཤེས་བཞིན་དུ་བསྟེན་ཅིང་གནས་བཅའ་བ་དང་། ལུང་འབོགས་པ་དང་གནས་ཁང་གཅིག་ཏུ་ཞག་ལོན་པ་དང་ཉལ་ཞིང་གཏམ་སྨྲ་བར་བྱེད་པས་དགེ་
เล่ม ๑๕๕ · หน้า 115a
སློང་དག་འཕྱ་བ་ལ་སྙན་དུ་བདས་ནས། བཀས་སྨད་དེ་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །ཤེས་བཞིན་ཞེས་བྱ་བ་ནི་བདག་གིས་ཤེས་པའམ་གཞན་གྱིས་བསྒོ་བའོ། །འདི་སྐད་སྨྲ་བའི་གང་ཟག་
ཅེས་བྱ་བ་ནི་ཨ་རི་ཏའོ། །ཆོས་བཞིན་མ་བྱས་ཞེས་བྱ་བ་ནི་དེ་ལས་མ་གྱུར་པའོ། །མ་བཏང་ཞེས་བྱ་བ་ནི་སྡིག་པ་དེ་ལྟ་བུའི་ལྟ་བར་གྱུར་པ་མ་བཏང་བའོ། །གཏམ་ཟེར་ཞེས་བྱ་བ་ནི་ལུང་འབོགས་པའོ། །ཀུན་དུ་སྨྲ་ཞེས་བྱ་བ་ནི་འདྲིས་པའི་ལུང་སྟོན་པའོ། །གནས་ཞེས་བྱ་བ་གནས་བྱིན་པའོ། །ཀུན་དུ་སྤྱོད་
ཅེས་བྱ་བ་ནི་དེ་ལས་བསྙེན་བཀུར་ཉམས་སུ་ལེན་པའོ། །དེ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་ཞིང་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་ཞག་ལོན་ཏེ་སྐྱ་རེངས་ཤར་ན་ལྟུང་བར་འགྱུར་རོ། །ཉེས་པ་ནི་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་མ་བྱས་པ་སྡིག་པའི་ལྟ་བ་མ་སྤངས་པ་ལ་གཏམ་བྱས་ན་ལྟུང་བར་འགྱུར་རོ། །ཀུན་དུ་
གཏམ་བྱས་ན་ཡང་ལྟུང་བར་འགྱུར་རོ། །ལྷན་ཅིག་གནས་ན་ཡང་ལྟུང་བར་འགྱུར་རོ། །ལྷན་ཅིག་སྤྱོད་ན་ཡང་ལྟུང་བར་འགྱུར་རོ། །འདུག་ན་ཡང་ངོ་། །ན་བ་དང་སྡིག་པའི་ལྟ་བ་སྤངས་པ་ལ་ཉེས་པ་མེད་དོ། །དགེ་སྦྱོང་སྤངས་པ་དང་ལྷན་ཅིག་བསྟེན་ཅིང་འདུག་ཏུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ།
ཚེ་དང་ལྡན་པ་བསྙེན་དགའ་བོ་ལ་སློབ་མ་དགེ་ཚུལ་ཚེར་མ་ཅན་དང་། མཆོད་པ་ཅན་ཞེས་བྱ་བ་གཉིས་ཤིག་ཡོད་དེ། དེའི་ཚེ་ན་དགེ་སློང་ཉོན་མོངས་པ་མ་སྤངས་ཤིང་འདོད་ཆགས་དང་མ་བྲལ་བ་དག་ཅིག་དགེ་ཚུལ་དེ་གཉིས་ལ་ཐོ་འཚམས་གད་རྒྱངས་བྱེད་དྲེགས་ཤིང་རྒྱུག་པ་ལ་སོགས་པ་བྱེད་པ་
ལ་དུས་ཕྱི་ཞིག་ན་དགེ་ཚུལ་གཉིས་མེ་ཏོག་འཐུ་ཞིང་འཁོད་འཁོད་པ་ལས་སྟེང་གི་ནམ་མཁའ་ལ་གྲིབ་མ་ཞིག་བབ་ནས་བལྟས་ན་དགེ་སློང་དག་ཅིག་ནམ་མཁའ་ལ་དོང་བ་མཐོང་སྟེ། ཁྱེད་སུ་ཞེས་སྨྲས་ན་ངེད་མིང་འདི་དང་འདི་ཞེས་བྱའོ་ཞེས་བྱས་པ་དང་། ཁྱེད་ནི་སྔོན་དྲུག་སྡེ་དང་བདག་ཅག་ལྷན་ཅིག་ཏུ་
གནས་ངན་ལེན་སྤྱོད་སྤྱོད་ན་ད་ཅིའི་ཕྱིར་ཁྱེད་དེ་ལྟར་གྱུར་ཅེས་བྱས་ན། ངེད་ཀྱིས་སྡིག་པའི་ཆོས་དེ་དག་བཏང་སྟེ་བཤགས་པར་བྱ་བ་ནི་བཤགས། བསྡམ་པར་བྱ་བ་ནི་བསྡམས་ཏེ། འབད་བསྒྲིམས་པས་ན་དགྲ་བཅོམ་པར་བྱས་སོ་ཞེས་བྱས་པ་དང་། དགེ་ཚུལ་དེ་གཉིས་ན་རེ་གནས་ངན་ལེན་ཀུན་དུ་
เล่ม ๑๕๕ · หน้า 115b
སྤྱོད་པ་དེ་དག་གིས་ཀྱང་དགྲ་བཅོམ་པ་ཐོབ་པ་ལ་བལྟས་ན། བཅོམ་ལྡན་འདས་ཀྱིས་འདོད་པ་ནི་བར་དུ་གཅོད་པར་འགྱུར་རོ་ཞེས་གསུངས་པ་ཡང་བར་དུ་གཅོད་པར་མི་འགྱུར་རོ། །ཞེས་ལྟ་བ་སྐྱེས་ནས། དེ་ལ་དགེ་སློང་རྣམས་ཀྱིས་ལན་གཉིས་ལན་གསུམ་དུ་བསྒོ་ཡང་ལྟ་བ་ངན་པ་གཏོང་དུ་མ་བཏུབ་
ནས། དགེ་འདུན་གྱི་མིག་ལམ་ན་ཡང་མི་སྣང་བར་བྱས་ཏེ་སྤངས་པ་བསྙེན་དགའ་བོས་བསྟེན་ཅིང་ཤེད་བསྐྱེད་པ་དང་གནས་དང་ཡོ་བྱད་བྱིན་ཞིང་གནས་འཆར་བཅུག་པ་དགེ་སློང་རྣམས་ཀྱིས་ཐོས་ཏེ། དགེ་ཚུལ་སྡིག་པ་ཅན་མིག་ལམ་ན་མི་སྣང་བར་བྱས་ཏེ་སྤངས་པ་དང་ལྷན་ཅིག་ཏུ་གནས་པར་བྱེད་
དོ་ཞེས་འཕྱ་བ་ལས་སྙན་དུ་བདས་ཏེ། གང་ཟག་ཆོས་བཞིན་དུ་མ་བྱས་པས་བསྟེན་དུ་མི་གནང་བར་འདུལ་བ་ལ་བསླབ་པ་བཅས་སོ། །དགེ་ཚུལ་ནི་ཚེར་མ་ཅན་དང་མཆོད་པ་ཅན་ནོ། །འདི་སྐད་དུ་ཟེར་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཚིག་རྣམས་སོ། །བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པའོ། །
ཆོས་ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་ཉན་ཐོས་ཀྱིས་གསུངས་པའོ། །བར་དུ་གཅོད་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་བྱའོ། །བསྟེན་ཅེས་བྱ་བ་ནི་སྤྱོད་པའོ། །བར་དུ་གཅོད་པར་མི་འགྱུར་ཞེས་བྱ་བ་ནི་དགེ་སྦྱོང་གིར་མི་འགྱུར་བ་མ་ཡིན་པའོ། །འདི་སྐད་སྨོས་ཤིག་ཅེས་བྱ་བ་ནི་ཚིག་འཇམ་
པོས་བསྒོ་བའོ། །ལན་གཉིས་ལན་གསུམ་དུ་བསྒོ་བ་ནི་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྒོ་བའོ། །དགེ་ཚུལ་ཆོས་བཞིན་དུ་མི་བྱེད་པ་མིག་ལམ་ན་མི་སྣང་བར་སྤངས་པ་ལས་བསྟེན་པ་ནི་ཤཱཀྱའི་བུ་བསྙེན་དགའ་བོ་སྟེ། གཞན་ཡང་དེ་དང་འདྲ་བའོ། །ཤེས་བཞིན་ཞེས་བྱ་བ་ནི་བདག་གིས་ཤེས་
པའམ། གཞན་གྱིས་བསྒོ་བའོ། །དེ་ལྟར་དགེ་ཚུལ་མིག་ལམ་ན་མི་སྣང་བར་བྱས་ཞེས་བྱ་བ་ནི་ཚེར་མ་ཅན་དང་མཆོད་པ་ཅན་ནོ། །གཞན་ཡང་དེ་དང་འདྲ་བའོ། །གནས་བྱིན་ཞེས་བྱ་བ་ནི་དེ་བཞག་པའོ། །ཡོ་བྱད་བྱིན་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པའོ། །ལུང་འབོགས་ཞེས་བྱ་བ་ནི་གནས་
སྦྱིན་ཞིང་ཁ་དོན་དང་ཀློག་པ་སྦྱིན་པའོ། །ཁྱིམ་གཅིག་ཏུ་ཉལ་ཞེས་བྱ་བ་ནི་ཁྱིམ་གྱི་ནང་དུ་སྐྱ་རེངས་ཀྱིས་ཆོད་པའོ། །ཉེས་པ་ནི་དགེ་ཚུལ་མིག་ལམ་ན་མི་སྣང་བར་བྱས་པ་ཤེས་བཞིན་དུ་གནས་དང་ཡོ་བྱད་བྱིན་ནམ་ལྷན་ཅིག་ཁྱིམ་གཅིག་ཏུ་གནས་ན་ལྟུང་བ་རེ་རེར་འགྱུར་རོ། །ན་བ་དང་སྡིག་པར་ལྟ་བ་
เล่ม ๑๕๕ · หน้า 116a
ལས་བཟློག་པ་ནི་མ་གཏོགས་སོ། །གཞན་ནི་ལྟུང་བ་གོང་མ་བཞིན་དུ་སྦྱོར་ཅིག །གོས་ཁ་དོག་མ་བསྒྱུར་བ་དང་ཚོན་ཆེན་པོ་ལ་བཙོས་པ་གྱོན་དུ་མི་གནང་བའི་གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེ་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡུལ་ཁམས་ན་ཀླུའི་རྒྱལ་པོ་རི་བོ་དང་དགའ་སྐྱེད་ཅེས་
བྱ་བ་གཉིས་ཤིག་གནས་པས། ཆུ་དྲོན་དང་མཚོ་ལ་སོགས་པ་ཡང་རྒྱས་ཆར་ཡང་དུས་དུས་སུ་བབ་པས་དེའི་ཡུལ་ན་ལོ་ལེགས་ཤིང་འབྱོར་ཏོ། །དེ་གཉིས་ཀླུ་དགའ་བོ་དང་བསྙེན་དགའ་བོ་གཉིས་ལ་ཟླ་བལྟས་ཏེ། དུས་དུས་སུ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་པས་འཁོར་འཕེལ་ཏེ། གནས་མེད་པར་རྒྱ་
མཚོར་འདོང་བར་སངས་རྒྱས་ལ་གསོལ་ན་མ་གནང་སྟེ། ཁྱེད་གཉིས་རྒྱལ་པོའི་ཡུལ་ན་གནས་པས་ན་རྒྱལ་པོ་ལ་གསོལ་ཅིག་ཅེས་བཀའ་སྩལ་ཏོ། །དུས་གཞན་ཞིག་ན་དེ་གཉིས་ཁྱིམ་བདག་གི་ཆ་ལུགས་སུ་སྤྲུལ་ཏེ། སངས་རྒྱས་ཀྱི་སྤྱན་སྔ་ན་དེ་གཉིས་ཆོས་ཉན་ཅིང་འདུག་པའི་ཚེ། རྒྱལ་པོ་གཟུགས་ཅན་སྙིང་
པོ་ཡང་བདག་དེར་འོངས་ནས་དེ་གཉིས་ལངས་སྙམ་ནས་དེ་འོངས་པ་དང་། མ་ལངས་པས་རྒྱལ་པོ་ཡང་ཁྲོས་ཏེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་དེའི་ཆོས་ཀྱང་མ་བཤད་དོ། །རྒྱལ་པོས་མ་ཤེས་ཏེ། ཀླུ་གཉིས་བསྐྲད་པས་དེ་གཉིས་ཀྱང་མཚོ་ཆེན་པོར་དོང་ངོ་། །དེའི་ཚེ་ན་རྒྱལ་པོའི་ཡུལ་ཕྱོགས་སུ་མཚེའུ་དང་ལྟེང་
ཀ་དག་ཀྱང་བསྐམས་ཆར་དག་ཀྱང་དུས་དུས་སུ་མ་བབ་པས་ལོ་ཉེས་སོ། །དེ་ནས་རྒྱལ་པོས་བཅོམ་ལྡན་འདས་ལ་ཇི་ལྟར་ནོངས་པ་ཞུས་པ་དང་། རྒྱལ་པོས་ཀླུ་ཁྱིམ་བདག་གཉིས་ཤིག་བསྐྲད་པ་དྲན་ནམ་ཞེས་བཀས་རྨས་ན་དྲན་ནོ་ཞེས་གསོལ་པ་དང་། དེ་གཉིས་ཀླུའི་རྒྱལ་པོ་རི་བོ་དང་དགའ་སྐྱེད་གཉིས་ཡིན་ཏེ་དེ་གཉིས་
ཁྲོས་པས་རྒྱ་མཚོར་དོང་བས་སོ་ཞེས་བྱས་པ་དང་། འོ་ན་བཅོམ་ལྡན་འདས་བདག་གི་ཡུལ་དུ་མ་རུང་མོད་ཅེས་གསོལ་པ་དང་། བཟོད་པ་གསོལ་བའི་དུས་དང་ཕྱིས་དེ་གཉིས་དང་ཕྲད་པར་དུས་བཅོམ་ལྡན་འདས་ཀྱིས་མཛད་དེ། དེ་གཉིས་དང་གཅིག་ལ་གཅིག་བཟོད་པར་བྱས་ཀྱི་འོག་ཏུ། ཀླུའི་རྒྱལ་པོ་
གཉིས་ཀྱིས་ཕྱིར་རྒྱལ་པོའི་ཡུལ་དུ་འོང་བར་གསོལ་བ་བཏབ་ན། ངེད་ཅག་གནས་པའི་གནས་ཉིད་དུ་ངེད་ཀྱིས་གཡོག་ཅིག་བཞག་གི། དེ་གཉིས་ཀྱི་ཁང་པ་བརྩིགས་ཤིག་དུས་དུས་སུ་འོང་ངོ་ཞེས་དུས་བྱས་སོ། །དེ་གཉིས་སྤྲོ་བའི་རོལ་མོ་བྱེད་པའི་ཚེ་ཕྱོགས་ནས་རོལ་མོ་མཁན་ཅིག་འོངས་པས། དགེ་སློང་མ་
เล่ม ๑๕๕ · หน้า 116b
བཅུ་གཉིས་སྡེ་ལས་བྱང་ཆུབ་སྤྱོད་པ་མཛད་པའི་གར་ཐབས་བསླབས་ཏེ་བྱས་པས་དད་པ་རྣམས་ནི་དགའ་བར་བྱས་སོ། །མ་དད་པ་རྣམས་དགའ་ཞིང་མོས་པར་བྱ་བའི་ཕྱིར། ཚེ་དང་ལྡན་པ་མོས་པ་ཅན་དང་འཆར་བ་ལྟ་བུར་བཅོས་ནས་གཅིག་གི་མདུན་དུ་གཅིག་ཙོག་ཙོག་པོར་འདུག་ནས་གཅིག་ལ་གཅིག་
ཟས་ཀྱི་ལྷག་མར་བྱས་ནས། ཐལ་བ་གྱོ་མོ་གང་མགོ་བོར་བསྣུན་ཅིང་དྲུག་སྡེ་པོ་ལ་དཔྱས་པས་མ་དད་པ་རྣམས་ཀྱང་དད་པར་གྱུར། དྲུག་སྡེ་ནི་མི་དགའ་བར་གྱུར་ནས། རོལ་མོ་མཁན་དེ་ལ་གནོད་པ་ཞིག་བྱ་བར་བསམས་ནས། ལྷ་དང་རོལ་མོ་མཁན་གྱི་ཆ་ལུགས་འདྲ་བར་ཡོ་བྱད་དང་གོས་དག་སྦྱར་ནས་ལ་
བཟླ་བར་བྱའོ་ཞེས་ཕྱོགས་གཅིག་ཏུ་བྱང་ཆུབ་སྤྱོད་པ་གར་ཐབས་སྦྱར་བས། རོལ་མོ་མཁན་རྣམས་ཀྱང་དྲུག་སྡེ་པོ་རྣམས་ཡིན་ནོ་སྙམ་དུ་འཕྲིགས་ཏེ། ཛེ་ཏའི་ཚལ་དུ་བསྒུགས་ན་བསྙེན་དགའ་བོའི་གདོང་ལས་ཚོན་ཞིག་འདུག་པ་མཐོང་སྟེ། དེ་ཕྱིན་ཆད་བསྙེན་དགའ་བོ་ལ་གར་མི་བྱ་བ་དང་འཕྱས་མི་
གདབ་པར་གསོལ་བ་བཏབ་སྟེ། རྔན་པའི་བརྡར་རོལ་མོའི་ཆ་བྱད་བཞག་སྟེ་ཕྱིས་ཅི་རྙེད་པ་དྲུག་སྡེ་ལ་བྱིན་པ་དང་། གར་མཁན་མི་དགའ་ཞིང་མི་སྙན་པར་ཟེར་བ་ལས། དགེ་སློང་དག་གིས་ཐོས་པ་སྙན་དུ་བདས་ཏེ། དྲུག་སྡེ་ལ་རྨས་ཏེ་བཀས་སྨད་ནས་དེ་ལྟ་བས་ན་ཉེས་པའི་དམིགས་སུ་གྱུར་པ་
ཐམས་ཅད་ཀྱང་ཆོས་གོས་ཁ་དོག་མ་བསྒྱུར་བ་དང་། ཚོན་ཆེན་པོ་ལས་གྱུར་པས་ན་ཁྱིམ་པའི་མ་བརྟགས་པ་དང་། ཚོན་ཆེན་པོའི་གོས་གྱོན་དུ་མི་གནང་བའི་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གཞན་ཡང་དེ་དང་འདྲ་བའོ། །གོས་ཞེས་བྱ་བ་ནི་གོས་
ཀྱི་རྒྱུ་རྣམ་པ་བདུན་གསུངས་པ་ལས་གང་ཡང་རུང་བའོ། །གསར་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སར་པས་སར་པ་དང་། གསར་དུ་རྙེད་པས་གསར་བའོ། །ཁ་དོག་རྣམ་པ་གསུམ་དུ་བསྒྱུར་ཅིང་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཁ་དོག་རྣམས་ལས་གང་ཡང་རུང་བའོ། །སྔོན་པོ་ཞེས་བྱ་བ་ནི་
རིམས་ཀྱིས་སྔོ་བའོ། །དམར་པོ་ཞེས་བྱ་བ་ནི་བཙག་གོ། །ངུར་སྨྲིག་ཅེས་བྱ་བ་ནི་ཤིང་ཤུན་དང་མེ་ཏོག་གིས་བསྒྱུར་བའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ནི་ཁ་དོག་རྣམ་པ་གསུམ་གང་ཡང་རུང་བ་སྟེ། གཅིག་ཏུ་མ་བསྒྱུར་བ་གྱོན་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །ཐ་ན་ལྷུང་བཟེད་ཀྱི་སྣོད་ཡན་
เล่ม ๑๕๕ · หน้า 117a
ཆད་ཀྱང་ཁ་དོག་མ་བསྒྱུར་བར་སྤྱོད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ཚོན་ཆེན་པོ་བརྒྱད་མི་གནང་བ་ནི་རྒྱ་སྐྱེགས་དང་། བཙོད་དང་། མཚལ་དང་། གུར་གུམ་དང་། མཐིང་ཤིང་དང་། ལི་ཁྲི་དང་། རྨ་ཤིང་དང་། ལེ་བརྒན་ཚོན་ཏེ་དེ་རྣམས་མ་བརྟགས་ན་ཉེས་བྱས་སུ་འགྱུར་རོ་ཞེས་
པའོ། །རིན་པོ་ཆེ་ལ་རེག་ཏུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཚེ་དང་ལྡན་པ་འཆར་ཀས་ཡུལ་མིའི་བྱིས་པ་རྩལ་དང་རོལ་མོ་སློབ་ཅིང་སྦྱོར་བའི་སར་སོང་ནས། དེ་དག་གི་སློབ་དཔོན་གཞན་དུ་སོང་སྟེ་མི་འདུག་པའི་ཕྱི་ན་སློབ་མ་རྣམས་གཙེས་ཏེ། དེ་དག་ལ་འཕོང་དང་རོལ་མོ་བྱེད་དུ་བཅུག་པ་དང་
མ་མགུ་སྟེ། བཞིན་བསྒྱུར་ཅིང་མིག་བཙུམས་ནས་ཁྱེད་ཀྱི་མཁན་པོ་ཡང་མི་མཁས་ན་ཁྱེད་ལྟ་ག་ལ་ཤེས་ཏེ་ཁྱེད་རྣམས་ནི་ཕུབ་མ་འཕྱར་བ་དང་འདྲ་སྟེ། འབྲས་བུ་མེད་དོ་ཞེས་བྱས་ནས། ཚེ་དང་ལྡན་པ་འཆར་ཀས་འཕོང་རྩལ་དང་གར་ཐབས་དག་བྱས་ཏེ་ལ་བཟླས་པས་བྱིས་པ་རྣམས་ཀྱང་མི་དགའ་ནས་
འགྱོད་ཅིང་འཁོད་པ་དང་། དེ་དག་གི་སློབ་དཔོན་འོངས་པ་ལ་བདག་ཅག་ནི་ཕུབ་མ་འཕྱར་བ་དང་འདྲ་བའོ་ཞེས། འཕགས་པ་འཆར་ཀ་ཟེར་རོ་ཞེས་བྱས་པ་དང་། འདི་ནི་ཡུས་ཏེ་འཕགས་པ་འཆར་ཀ་པོ་ནི་བྱང་ཆུབ་སེམས་དཔའ་རོལ་མོའི་ཚེ་ཡང་འཕོང་རྩལ་དང་། རོལ་མོ་མཁན་གྱི་མཆོག་ཡིན་པས་དེ་
ལྟ་བུ་ནི་འུ་བུས་མི་ལོབས་མོད་ཀྱི་འོན་ཀྱང་ངས་ཤེས་པ་ཙམ་སློབས་ཤིག་ཅེས་སློབ་མ་རྣམས་ལ་བསྒོ་ནས། སློབ་དཔོན་གྱིས་འཆར་བ་ཡང་སླན་ཆད་མི་གཙེ་བར་གསོལ་ཏེ། དེའི་རྔན་པའི་བརྡར་རོལ་མོ་དང་རྩལ་གྱི་ཆ་སྤྱད་བཞག་པས་བྱིས་པ་རྣམས་མི་སྙན་པར་འཛེར་ཅིང་འཕྱ་བར་གྱུར་པ་དང་། སླད་
ཀྱིས་ཡངས་པའི་གྲོང་ཁྱེར་ན་ལིཙྪ་བཱིའི་བྱིས་པ་རྣམས་ཆུ་ལ་འཁྲུ་བའི་ཚེ་རྒྱན་རྣམས་བཀྲོལ་ཏེ་བཞག་པ་དགེ་སློང་བསྙེན་དགའ་བོས་གནོད་སྦྱིན་གྱི་ནོར་རོ་ཞེས་བླངས་པ་བྱིས་པ་རྣམས་ཀྱིས་བསྙགས་ཏེ་འདྲེན་པ་ལ། རྒན་པོ་ཞིག་གིས་མཐོང་ནས་དེས་བྱས་ཏེ་ཕྱིར་བྱིན་པ་དང་། བྱིས་པས་སས་གཏོར་བ་དང་།
ལྷ་ཁང་དུ་ཕྱིན་ནས་དགེ་སློང་དག་གིས་དེ་ལ་ཅི་ཉེས་ཞེས་དྲིས་ན། དེས་ཀྱང་དེ་བཞིན་དུ་གཏམ་བྱས་ཏེ། དེ་ལྟ་བུའི་ཉེས་པའི་དམིགས་ཀྱང་བྱུང་མོད་ཀྱི་དེའི་ཚེ་འདུལ་བ་ལ་བསླབ་པའི་གནས་མ་བཅས་སོ། །སླད་ཀྱིས་གྲོང་ཁྱེར་ཡངས་པ་ཅན་ན་ལིཙྪ་བཱིའི་སྐྱེད་མོས་ཚལ་སུམ་ཅུ་རྩ་གསུམ་པའི་འདྲེས་པའི་
เล่ม ๑๕๕ · หน้า 117b
ཚལ་དང་འདྲའོ་ཞེས་སངས་རྒྱས་ཀྱིས་བསྔགས་པ་དྲུག་སྡེ་དག་གིས་ཐོས་ནས། དེ་ཅི་འདྲ་བ་བལྟའོ་ཞེས་ནང་དུ་ཞུགས་ཏེ། ཁྲུས་ཀྱི་རྫིང་དང་རོལ་མོའི་ཆ་སྤྱད་དག་མ་སྐྱེས་དགྲ་ལ་སོགས་པའི་དགྲ་ཆའི་རྔ་བོ་ཆེ་ཡོད་དེ། ཚེ་དང་ལྡན་པ་དྲུག་སྡེ་རྣམས་ཀྱིས་ཐོག་མར་ནི་ཁྲུས་བྱས། དེའི་འོག་ཏུ་རྔ་བརྡུངས་པས་
མ་སྐྱེས་དགྲའི་དམག་འོང་སྙམ་སྟེ་ལིཙྪ་བཱི་ཀུན་སྐྲག་སྟེ་སྐྱེད་མོས་ཚལ་དུ་ལྷགས་སོ། །དྲུག་སྡེ་ན་རེ་དགྲ་ནི་མེད་ཀྱི་ངེད་ཀྱིས་ཀུ་རེ་ཞིག་བྱས་སོ་ཞེས་བྱས་པ་དང་། དེ་ཀུན་ནི་རབ་ཏུ་སྐྲག་ཅིང་དཀྲུགས་ན། ཅི་རྩེད་མོ་ཞིག་ཅེས་མི་སྙན་པར་ཟེར་བ་ལས། རིན་པོ་ཆེ་དང་ཉེ་བའི་རིན་པོ་ཆེ་སྟེ་རོལ་མོ་དང་དགྲ་ཆ་
ལ་སོགས་པ་ལེན་ཅིང་སྤྱོད་དོ་ཞེས་སྐྱེ་བོ་རྣམས་མི་སྙན་པར་ཟེར་བ་སྙན་དུ་བདས་ནས་དྲུག་སྡེ་རྣམས་ལ་རྨས་ཏེ། རྣམ་གྲངས་དུ་མས་སྨད་ནས་རིན་པོ་ཆེ་དང་། རིན་པོ་ཆེ་ལྟ་བུ་ལ་རེག་ཏུ་མི་གནང་བའི་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་
བའོ། །རིན་པོ་ཆེ་ཞེས་བྱ་བ་ནི་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དང་། གཡས་སུ་འཁྱིལ་པ་དང་། གསེར་དངུལ་ལ་སོགས་པའོ། །རིན་པོ་ཆེ་ལྟ་བུ་ཞེས་བྱ་བ་ནི་འཐབ་མོའི་མཚོན་ཆ་དང་། རོལ་མོའི་ཆ་སྤྱད་ཐམས་ཅད་ལ་རིན་པོ་ཆེ་ཞེས་བྱའོ། །རང་གི་ལག་གིས་ཞེས་བྱ་
བ་ནི་བདག་གིས་བླངས་པའོ། །གནས་ཁང་གི་ནང་དང་ཀུན་དགའ་ར་བའི་ནང་ན་འདུག་པ་མ་གཏོགས་པ་ཞེས་བྱ་བ་ནི། གཙུག་ལག་ཁང་དང་ཀུན་དགའི་མཚམས་ཀྱི་ནང་ན་འདུག་པའོ། །དེ་ཡང་རི་དགས་དགྲའི་མ་ས་ག་བཅོམ་ལྡན་འདས་ལ་ཕྱག་འཚལ་དུ་འོངས་པ་རྐོ་ལོང་དུ་གྱུར་དུ་དོགས་ནས་
རྒྱན་རྣམས་བཀྲོལ་ཏེ་སྒོའི་ལྐོག་ཏུ་བཞག་པ་ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་ནས་སྟོར་དུ་དོགས་པས་བླངས་ཏེ་སྙན་དུ་ཞུས་པ་ལས་སླན་ཆད་དེ་ལྟ་བུ་དེ་དག་ལོང་ལ་བདག་པོ་མ་འོངས་ན་ཞག་དྲུག་གི་བར་དུ་ཞོག་ཅིག །དེ་སྟེ་ཡང་མ་འོངས་ན་དགེ་འདུན་གྱི་མཛོད་དུ་བྲུབས་ཤིག་པའོ། །ལྟུང་བ་ནི་
ངན་སོང་གསུམ་དུ་ལྟུང་བའོ། །ཉེས་པ་ནི་དགེ་སློང་གིས་ནོར་བུ་དང་དུང་དང་མན་ཤེལ་དང་། གསེར་དང་དངུལ་དག་བླངས་ན་ལྟུང་བར་འགྱུར་རོ། །རྔ་དང་རོལ་མོའི་ཆ་བྱད་དང་གཞུ་རྒྱུད་མེད་པ་སྤྱད་ན་ཉེས་བྱས་སུ་འགྱུར་རོ། །གཞུ་རྒྱུད་དང་བཅས་པ་དང་མདའ་མདེའུ་ཅན་འཆང་ན་ཡང་ལྟུང་བར་
เล่ม ๑๕๕ · หน้า 118a
འགྱུར་རོ། །དུང་འབུད་པ་ལས་བླངས་ན་ལྟུང་བར་འགྱུར་རོ། །སྐུ་གཟུགས་རིང་བསྲེལ་དང་བཅས་པ་ལེན་ན་ལྟུང་བར་འགྱུར་རོ། །རིང་བསྲེལ་མེད་པའམ་སྟོན་པར་འདུ་ཤེས་སྐྱེད་ན་ཉེས་བྱས་སུ་འགྱུར་རོ། །ཁྲུས་བྱེད་དུ་སྔར་མི་གནང་སྟེ་སླད་ཀྱིས་ཚ་བའི་དུས་ལ་དགོངས་ནས་གནང་བའི་
གླེང་གཞི་ནི་རྒྱལ་པོའི་ཁ་ན་སྟེ། དེའི་ཚེ་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡུལ་ན་ཆུ་དྲོན་གསུམ་བདོག་སྟེ། གཅིག་ཏུ་ནི་རྒྱལ་པོ་ཉིད་ཁྲུས་བྱེད། གཉིས་པར་ནི་བཙུན་མོའི་ཚོགས་རྣམས་ཁྲུས་བྱེད། གསུམ་པར་ནི་འབངས་རྣམས་ཁྲུས་བྱེད་དོ། །དེ་ནས་རྒྱལ་པོས་བསམས་པ། བདག་གིས་བཅོམ་
ལྡན་འདས་ཀྱི་དགེ་འདུན་ལ་ཅིས་ཀྱང་བསྟབས་ན་ཆུ་དྲོན་གྱིས་མ་བསྟབས་ཀྱིས་དབུལ་ལོ་སྙམ་ནས་རྒྱལ་པོས་སངས་རྒྱས་ལ་ཆོས་ཉན་པའི་རྗེས་ལ་བཙུན་མོ་འཁྲུ་བ་ནི་དགེ་འདུན་མོ་རྣམས་ལ་འབུལ། བདག་རང་འཁྲུ་བའི་རྫིང་ནི་དགེ་འདུན་ལ་ཕུལ་ཏེ། བདག་འཁྲུ་བའི་ཚེ་ནི་དགེ་འདུན་གཞེས། དགེ་འདུན་
འཁྲུ་བའི་ཚེ་ནི་བདག་སྡོད་དོ་ཞེས་ནས། དེ་བཞིན་དུ་གནང་བ་དང་དྲུག་སྡེ་རྣམས་ཀྱིས་ཀྱལ་ཀ་བྱ་བར་བསམས་ཏེ། རིང་དུ་ཐོགས་པར་བྱ་བའི་ཚེ་རེས་ཀྱིས་སྦྲེང་ཞིང་ཁྲུས་བྱེད། གཅིག་འཁྲུ་བའི་ཚེ་གཅིག་གྲོགས་བྱེད་ནས། རྒྱལ་པོ་འཁྲུར་འོངས་པ་རིང་ཞིག་ཏུ་བསྡད་ན། དྲུག་སྡེ་དག་རིང་དུ་ཐོགས་
ནས་གདོད་སྐྱོ་ནས་ཆུ་བཅུས་ཏེ་ཁྲུས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་གན་དུ་སོང་སྟེ། ཕྱག་བྱས་ནས་ཁ་རོག་སྟེ་སླར་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་སྨྲས་པ། རྒྱལ་པོ་འདི་སྔོན་ནི་ཕྱག་བྱས་ནས་ཆོས་ཀྱང་མཉན་ན། །ད་ནི་ཆོས་ཀྱང་མ་མཉན་པས་སླར་སོང་ན་ཅི་ཉེས་ཞེས་
རྨས་ན་དྲུག་སྡེས་ཀྱལ་ཀ་འདི་ལྟ་བུ་བྱས་པས་མ་རངས་པ་འདྲའོ་ཞེས་གསོལ་ནས་ཕྱིན་ཆད་འཁྲུར་མི་གནང་ངོ་ཞེས་བཅས་པ་ལས། ཕྱིས་དགེ་སློང་དག་དྲི་མ་ཆེ་ཞིང་མནམ་ནས། ཁྱིམ་པ་དག་འཕྱ་ཞིང་ཁྱེད་དྲི་མས་གྲོལ་ཐར་ཏམ་ཞེས་འཕྱ་བ་ལས་ཕྱིན་ཆད་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱེད་པར་གནང་
ངོ་། །དཔྱིད་ཚ་བའི་ཟླ་བ་གསུམ་ནི་འཁྲུར་གནང་ངོ་། །སླན་ཆད་ན་བ་དང་རླུང་དང་ཆར་གྱི་ཚེ་དུས་ལ་མ་བབ་པར་ཡང་འཁྲུར་གནང་ངོ་། །ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་ཤིག་ཅེས་བྱ་བ་ནི་དཔྱིད་ཚ་བའི་དུས་ཏེ་ཟླ་བ་ཕྱེད་ཀྱི་རྗེས་ལ་གནང་བའོ། །སངས་རྒྱས་ནི་དངོས་སུ་ཟད་དོ། །དེ་དང་འགལ་བར་བྱས་
เล่ม ๑๕๕ · หน้า 118b
ན་དུས་ལ་བབ་པ་མ་གཏོགས་ཞེས་བྱ་བ་ནི་དུས་ནི་འདི་ཡིན་ཏེ། དཔྱིད་སྨད་ཀྱི་ཟླ་བ་ཕྱེད་དང་གཉིས་ཞེས་བྱ་བ་ནི་ཟླ་བ་ཕྱེད་དང་གཉིས་ན་དབྱར་ཚུལ་དུ་འཇུག་པའོ། །དབྱར་གྱི་དངོས་པོ་ཞེས་བྱ་བ་ནི་ཚུལ་དུ་ཞུགས་ནས་ཟླ་བ་ཕྱེད་ཀྱི་བར་དུ་སྟེ། ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་རབ་ཏུ་ཚ་བའི་དུས་སོ། །
ལྷག་མ་ན་བ་དུས་ཞེས་བྱ་བ་ནི་དགེ་སློང་ནད་ཀྱིས་བཏབ་པ་ཁྲུས་མ་བྱས་ན་འཚོ་བར་མི་འགྱུར་རོ། །ལས་དུས་ཞེས་བྱ་བ་ནི་དགེ་འདུན་ནམ་མཆོད་རྟེན་གྱི་ལས་ཏེ། ཕྱག་དར་དང་དཀྱིལ་འཁོར་བ་ཀོ་ཙམ་བྱས་ན་འཁྲུར་གནང་ངོ་། །ལམ་དུས་ཞེས་བྱ་བ་ནི་དཔག་ཚད་ཕྱེད་དམ། གཅིག་ཙམ་ནས་སླར་
འཁོར་བའོ། །རླུང་དུས་ཞེས་བྱ་བ་ནི་ཐ་ན་རླུང་གིས་ཆོས་གོས་ཀྱི་ཐ་མ་བཟློག་པའམ། །ལུས་ལ་ཆར་གྱི་ཐིགས་པ་གཅིག་གཉིས་ཕོག་པ་ཙམ་ཡང་ངོ་། །དུས་ཡིན་ཞེས་བྱ་བ་ནི་དེ་དང་མཐུན་པའི་ཆོས་སོ། །དགེ་སློང་ཁྲུས་བྱེད་ན་དུས་ལ་བབ་པོ་སྙམ་དུ་སེམས་ལ་ཁྲུས་གྱིས་ཤིག་མ་བསམས་པར་
བྱས་ན་ལྟུང་བར་འགྱུར་རོ། །དགེ་སློང་ཀླུང་ཆུ་དང་འབབ་ཆུ་དང་། རྫིང་བུ་གང་ཡང་རུང་བས་ཁྲུས་བྱེད་ན་ལྟེ་བ་ཁུང་གི་བར་མ་ཕྱིན་གྱི་བར་དུ་ནི་ཉེས་བྱས་སོ། །ཕྱིན་ན་ལྟུང་བར་འགྱུར་རོ། །གཞན་ནི་སྐབས་གཞན་ནས་འབྱུང་བ་དང་སྦྱོར་ཅིག །ལྟུང་བ་དྲུག་ཅུ་པ་རྫོགས་སོ།། །།བྱོལ་སོང་
གསོད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀ་ནང་པར་ལངས་ནས། གྲོང་དུ་བསོད་སྙོམས་ལ་ཕྱིན་པ་དང་། མཉན་དུ་ཡོད་པ་ན་འཕོང་རྩལ་སློབ་པ་དག་ཅིག་འདུག་པར་མཐོང་སྟེ། འཕོང་སློབ་པའི་སློབ་དཔོན་ནི་གཞན་དུ་སོང་བའི་སྐབས་སུ་སློབ་
མ་དག་གི་གན་དུ་འཆར་ཀ་སོང་སྟེ། དེས་བྱིས་པ་རྣམས་ལ་ཁྱེད་འཕོང་སློབ་པ་ནི་སློབ་པའི་མཆོག་ལ་ཞུགས་པ་ནི་ལེགས་ཏེ། ངས་ལྟ་ཡིས་སྔ་འཕོང་ཕྱི་འཕོང་གཡས་ཀྱི་འཕོང་གཡོན་གྱི་འཕོང་དང་མདའ་ལྔ་འཕངས་པ་དག་ཤེས་སམ་མི་ཤེས་འཕང་དུ་བཅུག་ན་དེ་དག་མི་ཤེས་པ་དང་།
མགོ་བསྒྱུར་ལག་པ་དང་བཞིན་བསྒྱུར་ཏེ་མི་མགུ་ནས། བྱིས་པ་ཁྱེད་རྣམས་ནི་ཕུབ་མ་ཕྱར་བ་དང་འདྲ་སྟེ་དོན་མེད་དོ་ཞེས་ནས་ཁོ་བདག་གིས་བྱ་རོག་གཅིག་ནམ་མཁའ་ལ་སོང་བ་དང་མདས་བྱ་རོག་གི་མདུན་རྒྱབ་ཏུ་མདའ་རེ་རེ་འཕངས་ཏེ་བར་སྣང་ལ་འཕངས་པའི་མདའ་གཅིག་གིས་བྱ་རོག་བསད་
เล่ม ๑๕๕ · หน้า 119a
ནས་སོང་ངོ་། །དེ་དག་གི་སློབ་དཔོན་ཕྱིས་འོངས་པ་དང་། དེ་དག་སེམས་ཁོང་དུ་ཆུད་ཅིང་འཁོད་པ་ལ་རྨས་ན་འཆར་ཀ་འདིར་འོངས་ཏེ། འདི་སྐད་ཅེས་ཟེར་ཏེ་ཁྱེད་ནི་ཕུབ་མ་འཕྱར་བ་དང་འདྲ་སྟེ་དོན་མེད་དོ་ཞེས་ཟེར་རོ། །དེ་ན་རེ་དེ་རབ་ཏུ་མ་བྱུང་ན་འཛམ་བུའི་གླིང་ན་འཕོང་རྩལ་དེ་དེ་ཙམ་
ལས་མཁས་པ་མེད་དེ། དེ་དང་བསྡོར་མི་རུང་གིས་རེ་ཞིག་ངས་ཅི་ཤེས་པ་ཙམ་སློབ་ཤིག་ཅེས་བསྒོ་ནས། ཕྱི་ནས་ཡང་གཙེར་དོགས་ནས་ཐབས་ཤིག་བྱ་བར་བསམས་ཏེ་སློབ་མ་དག་ལ་བསྒོ་བ་ཁྱེད་ཀྱིས་ཀྱང་འཆར་ཀ་པོའི་འཕོང་ལོབ་པའི་ཐབས་ཡོད་ཀྱི་བྱ་རོག་གི་རོ་ཤིང་ཀར་ཐོགས་ལ་འཆར་ཀ་
གང་ནས་གང་དུ་བསོད་སྙོམས་ལ་འགྲོ་བའི་ཚེ་ཕྱི་བཞིན་དུ་སོང་ལ་འཆར་ཀའི་འཕོང་པ་ལ་ལྟོས་ཤིག་ཅེས་སྒྲོགས་ཤིག་ཅེས་བྱས་ནས། དེ་དག་གིས་ཀྱང་དེ་ལྟར་བྱས་པ་དང་། དགེ་སྦྱོང་ཤཱཀྱའི་བུ་ནི་རྔོན་པ་དང་འདྲ་སྟེ། སྙིང་རྗེ་མེད་པའོ་ཞེས་འཕྱ་བས་སྙན་དུ་བདས་ནས། བྱོལ་སོང་གསོད་དུ་མི་གནང་བར་འདུལ་བ་ལ་
བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་འཆར་ཀ་སྟེ་གཞན་ཡང་ཆོས་འདི་ལ་ཞུགས་པའོ། །ཆེད་དུ་བསམས་ཞེས་བྱ་བ་ནི་སྲོག་ཆགས་ཡིན་པར་ཡང་འདུ་ཤེས་ལ་གསོད་སེམས་དང་ཡང་ལྡན་པའོ། །བྱོལ་སོང་གི་སྐྱེ་གནས་ཞེས་བྱ་བ་ནི་བྱ་རོག་སྟེ། གཞན་ཡང་བྱོལ་སོང་གང་ཡང་
རུང་བའོ། །བསད་ཅེས་བྱ་བ་ནི་སྲོག་དང་དབྲལ་བའོ། །ཉེས་པ་ནི་དགེ་སློང་གིས་བྱོལ་སོང་གི་སྐྱེ་གནས་སུ་གྱུར་པ་ལ། གསོད་སེམས་ཀྱིས་ཐ་ན་རྒྱ་ཤུག་གི་འབྲུམ་བུ་གཅིག་གམ་ཡུངས་ཀར་གྱི་འབྲུམ་བུ་གཅིག་གིས་བསྣུན་ཏེ་ཤི་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་འགྱོད་པ་
བསྐྱེད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་བཅུ་བདུན་སྡེ་དག་དྲུག་སྡེ་དག་གིས་རྒྱུས་མི་ཤེས་ཀྱི་བར་དུ་དེ་དག་ལ་གནས་འཆའ་ཞིང་བསྙེན་བཀུར་བྱེད་དོ། །དེའི་ཚེ་འཆར་ཀས་གཅིག་ལ་ལས་ཤིག་བཅོལ་ན། ཁྱེད་ནི་ངེད་ཀྱི་སློབ་དཔོན་ནི་མ་ཡིན་ཞེས་མ་བཏུབ་པ་དང་། འཆར་
ཀས་དེ་དག་བསྐྲད་དེ་བཀྱེ་བ་དང་ནང་བགྲོས་པ་བདག་ཅག་ཁོང་གིས་བརྙས་པ་ནི་ཤེས་པ་ཆུང་བས་དེ་དག་གིས་བརྙས་ཀྱིས་ཞེས་ཐོས་པ་ཚོལ་བར་དགེ་སློང་གཞན་ཞིག་གི་གན་དུ་ལུང་ནོད་ཅིང་ཁ་དོན་བྱེད་དོ། །དེ་ནས་བསྙེན་དགའ་བོས་བྱིས་པ་དེ་དག་གར་སོང་ཞེས་སྨྲས་པ་དང་འཆར་ཀས་དེ་དག་ནི་ངག་ཏུ་མ་
เล่ม ๑๕๕ · หน้า 119b
བཏུབ་ནས་ངས་བསྐྲད་དོ་ཞེས་བྱས་པ་དང་། བསྙེན་དགའ་བོ་ན་རེ་དེ་ནི་མ་ལེགས་སྦྲུལ་ཉལ་བ་བསླངས་པ་དང་འདྲ་བ་བསྐྲད་དེ་ཅི་བྱ། བདག་ཅག་ལ་གནོད་པར་འགྱུར་རོ་ཞེས་བྱས་པ་དང་། འཆར་ཀ་ན་རེ་དེ་དག་གི་བར་ཆད་བྱ་བར་ངས་ནུས་སོ་ཞེས་ནས་དེ་དག་གི་གན་དུ་སོང་སྟེ་བྱིས་པ་ཁྱེད་རྣམས་
ཅི་བྱེད་ཅེས་སྨྲས་པ་དང་། ངེད་ནི་ཐོས་པ་ཚོལ་ལོ། །ཐོས་པས་ཅི་བྱ་དབང་པོ་སྨིན་པར་འགྱུར་རོ། །དེས་ཅི་ཞིག་བྱ་ཟག་པ་མེད་པའི་ཤེས་རབ་བསྐྱེད་དོ། །དེས་ཅི་བྱ་མྱ་ངན་ལས་འདའ་བ་མངོན་སུམ་དུ་བྱའོ། །འཆར་ཀ་ན་རེ་ཁྱོད་ཀྱིས་ཐོས་པ་ནི་མ་ཐོས་མ་ཐོས་པ་ནི་ཐོས་ཏེ། ཁྱེད་རྣམས་ལོ་ཉི་ཤུ་མ་ལོན་པར་
བསྙེན་བར་རྫོགས་པས་ན། ཁྱེད་རྣམས་ཀྱང་བསྙེན་པར་མ་རྫོགས་པ་ལ་དགེ་སློང་དག་ཀྱང་འདས་པ་དང་བཅས་པའོ་ཞེས་མ་གསུངས་སམ། ཁྱེད་དགེ་སློང་དུ་མ་གྱུར་ན་མཉན་ཏེ་ཅི་ཕན་ཞེས་བྱས་པས་དེ་དག་སེམས་ཁོང་དུ་ཆུད་དེ་འགྱོད་ཅིང་འཁོད་པ་དང་། དེ་དག་གི་སློབ་དཔོན་འོངས་ཏེ་
ཁྱེད་ཅིའི་ཕྱིར་སེམས་ཤིང་འཁོད་ཅེས་བྱས་པ་དང་། འཆར་ཀ་ན་རེ་འདི་སྐད་ཟེར་རོ་ཞེས་ཞིབ་ཏུ་སྨྲས་པ་དང་། སློབ་དཔོན་ན་རེ་ལས་དང་པོ་ལ་ཉེས་པ་མེད་ཅེས་གསུངས་པས་ན་ཁྱེད་ལ་ཉེས་པ་མེད་དེ། ཐེ་ཚོམ་མ་བྱེད་ཅིག་ཅེས་བསྒོའོ། །དགེ་སློང་རྣམས་ཅིའི་ཕྱིར་དགེ་སློང་ལ་འགྱོད་པ་
བསྐྱེད་དུ་གཞུག་ཅེས་འཕྱ་བ་ལས་སྙན་དུ་བདས་ནས། བཀས་རྨད་དེ་དགེ་སློང་ལ་འགྱོད་པ་བསྐྱེད་དུ་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་འཆར་ཀ་སྟེ་གཞན་ཡང་དེ་དང་འདྲ་བའོ། །ཆེད་དུ་བསམས་ཞེས་བྱ་བ་ནི་སེམས་ཀྱིས་བྱ་བར་སེམས་པའོ། །སྐད་ཅིག་མི་དགའ་བར་
བྱ་བར་བསམས་ནས་འགྱོད་པ་བསྐྱེད་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །དགེ་སློང་མ་ཡིན་པ་ཕས་ཕམ་པ་ལ་སོགས་པས་དགེ་སློང་འགྱོད་པ་བསྐྱེད་བཅུག་ན་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་བཞད་གད་ཀྱི་ཕྱིར་ཡང་རུང་ལྟུང་བར་འགྱུར་རོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་ཉི་མ་དང་ཟླ་བ་སྤྱང་ཀིས་ཟིན་པ་དང་།
ཚོང་དཔོན་དང་དེད་དཔོན་དང་ནོར་ཅན་དེ་ལྟ་བུ་དག་དྲན་ནམ་མི་དྲན་ཞེས་སྨྲས་པ་ལས། མི་དྲན་ནོ་ཞེས་སྨྲས་པ་ལ། འོན་ཀྱང་ཁྱོད་ཀྱིས་བསྙེན་པར་མ་རྫོགས་སོ་ཞེས་འགྱོད་པ་བསྐྱེད་ན་ཐམས་ཅད་དུ་ལྟུང་བ་རེ་རེར་འགྱུར་རོ། །ཚེ་དང་ལྡན་པ་ཁྱོད་ནི་མཁན་པོ་དང་སློབ་དཔོན་མི་རིགས་པ་ལས་བསྙེན་
เล่ม ๑๕๕ · หน้า 120a
པར་རྫོགས་པས་ན་དགེ་སློང་གི་དངོས་པོ་མེད་དོ་ཞེས་བྱ་བའི་འགྱོད་པ་བསྐྱེད་ན་ལྟུང་བར་འགྱུར་རོ། །སྡིག་པར་ལྟ་བ་ལས་བཟློག་པའམ་བཅོས་པའི་ཕྱིར་ནི་ཉེས་པ་མེད་དོ། །མཛུབ་མོས་ག་ག་ཚིལ་བྱེད་དུ་མི་གནང་བའི་གླིང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བཅུ་བདུན་སྡེ་རྣམས་
གཅིག་ལས་སུ་བསྐོས་ན། ཀུན་བསྡོངས་ཤིང་གྲོགས་བྱེད་དོ། །ཕྱིས་གཅིག་ལ་གཙུག་ལག་ཁང་སྐྱོང་གི་རེས་ལ་བབ་ནས། དེས་ཀྱང་ཆོས་འཆད་པའི་སྟན་ཀུན་བཏིང་ནས། བདག་གཅིག་པུ་གཙུག་ལག་ཁང་ཆག་ཆག་གདབ་པ་དང་། ཕྱག་དར་དང་གཙུག་ལག་ཁང་རྒྱན་གྱིས་བརྒྱན་པ་ལ་
སོགས་པ་ཀུན་བྱས་ཏེ། དེའི་ནུབ་མོ་གཅིག་གིས་ཀྱང་གྲོགས་མ་བྱས་ཏེ་ཤ་ཐང་ངོ་། །བཅུ་བདུན་པོ་གཅིག་ལ་གཅིག་ལྟོས་ལྟོས་པ་ལས་སུས་ཀྱང་གྲོགས་མ་བྱས་ཏེ། གཅིག་པུས་མཚན་གཅིག་ལུས་པས་ནང་པར་དེ་ཁྲོས་པ་ལ་ཀུན་གྱིས་ཟན་ཟོས་ཀྱི་བར་དུ་བཟོད་པར་གསོལ་ན་མ་བཏུབ་ནས། གཅིག་
གིས་ག་ག་ཚིལ་བྱས་ན་དེ་ཡང་དགོད་པ་དང་། ཐབས་དེ་རུང་ངོ་ཞེས་ཀུན་གྱིས་བྱས་པ་དང་། རླུང་གིས་སུབས་ཏེ་དུས་ལས་འདས་སོ། །དེ་ནས་དེ་རྣམས་ངུ་ཞིང་འཁོད་པ་ལས་དགེ་སློང་དག་གིས་མཐོང་སྟེ་འཕྱ་བ་ལས་སྙན་དུ་བདས་ནས། ག་ག་ཚིལ་བྱེད་དུ་མི་གནང་བར་བསླབ་པ་བཅས་སོ། །དགེ་
སློང་ཞེས་བྱ་བ་ནི་བཅུ་བདུན་སྡེའོ། །ག་ག་ཚིལ་བྱེད་ཅེས་བྱ་བ་ནི་གཡའ་བར་འགྱུར་བའོ། །ཆགས་བཞིན་དུ་ག་ག་ཚིལ་བྱས་ན་སོར་མོ་དུས་རེག་པ་ལྟུང་བ་ཡང་དེ་སྙེད་དོ། །རྨ་དང་མཛེ་དང་སྨེ་བ་དང་། སྤུ་འཁྲིལ་བ་ལ་སོགས་པ་བསྟན་ཅིང་འཕྲུག་པ་ལ་ནི་ཉེས་པ་མེད་དོ། །ཆུ་ལ་དགའ་ཞིང་རྩེར་མི་
གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་བཅུ་བདུན་སྡེའི་ནང་ན་ཨུ་པཱ་ལི་ཞེས་བྱ་བ་ལས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དེས་གྲོགས་པོ་དག་འདུལ་བར་འདོད་ནས། ཆུ་བོ་ཁྱིམ་ལྡན་ཞེས་བྱ་བའི་ནང་ན་ཁྲུས་བྱེད་པའི་ཚེ་རྩེ་ཞིང་
འཁོད་དོ། །ཚེ་དང་ལྡན་པ་ཨུ་པཱ་ལི་ནི་སྐམ་ལ་འདུག་གོ། །དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་དང་། བཙུན་མོ་ཕྲེང་ལྡན་མ་གཉིས་ཁང་པའི་ཡང་ཐོག་ན་འཁོད་པ་བཅུ་བདུན་སྡེ་གཅེར་བུར་བྱུང་ནས་ཆུའི་ནང་ནས་མཛེས་པར་རྩེ་ཞིང་འཁོད་པར་མཐོང་ངོ་། །རྒྱལ་པོ་གསལ་རྒྱལ་ན་རེ་བཙུན་མོ་ལ་ཁྱོད་
เล่ม ๑๕๕ · หน้า 120b
ཀྱི་སྦྱིན་གནས་ཀྱི་མཛེས་པ་ལ་ལྟོས་ཞེས་བྱས་པ་དང་། བཙུན་མོ་ན་རེ་དེ་དག་ནི་ན་གཞོན་པ་རྩེ་བ་ནི་ངོ་མཚར་མི་ཆེ། རྒྱལ་པོ་བགྲེས་པོ་ཉིད་ཀྱང་ད་རུང་རྩད་མོ་མི་གཏོང་ན་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཨུ་པཱ་ལིས་བདག་ཅག་ཆུ་ལ་རྩེ་བ་ལ་མི་དག་མི་དགའ་བ་མེད་གྲང་ཞེས་ཏིང་ངེ་འཛིན་དུ་ཞུགས་ཏེ་
བརྟགས་ན། རྒྱལ་པོ་གསལ་རྒྱལ་མ་དད་པར་མཐོང་ནས། རྒྱལ་པོ་དགའ་ཞིང་དད་པར་བྱ་བའི་ཕྱིར་དགེ་སློང་གཞན་དག་ཆོས་གོས་ལ་འཇུར་བཅུག་སྟེ། སྟེང་གི་ནམ་མཁའ་ལས་རྒྱལ་པོའི་སྟེང་ན་མར་ལྡིང་སྟེ་དོང་བ་ལས་བཙུན་མོས་གྲིབ་མ་ཞིག་མཐོང་སྟེ་བལྟས་ན། ཨུ་པཱ་ལི་ལ་སོགས་པ་བཅུ་བདུན་
སྡེ་རྣམས་ཏེ། བཙུན་མོ་དགའ་ནས་རྒྱལ་པོ་ལ་ངན་བུའི་སྦྱིན་གནས་མཛེས་པ་ལ་གཟིགས་ཞེས་བྱས་པ་དང་། རྒྱལ་པོ་ན་རེ་དེ་དག་དགྲ་བཅོམ་པ་ཐོབ་ཀྱང་རྩེད་མོ་མ་བཏང་ན། ཅི་མཛེས་ཞེས་འཕྱ་བ་ལས་བཙུན་མོས་སྙན་དུ་གསོལ་ནས། བཅོམ་ལྡན་འདས་ཀྱིས་སྨད་ནས་ཆུ་ལ་རྩེར་མི་གནང་བར་
བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་བཅུ་བདུན་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །ཆུ་ལ་རྩེ་ཞེས་བྱ་བ་ནི་རྩེ་བར་བསམས་ནས་གང་ལུས་ཀྱི་ལས་དང་ལུས་ཀྱི་བྱེད་པ་དང་། ལུས་ཀྱིས་བསྐྱོད་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་ནི་དགུ་སྟེ་དགའ་བ་དང་དགའ་བར་བྱེད་དུ་
འཇུག་པ་དང་། རྩེ་བ་དང་རྩེར་འཇུག་པ་དང་། མགུ་བ་དང་མགུ་བར་བྱེད་དུ་འཇུག་པ་དང་། འཕྱར་པ་དང་སྙེགས་པ་དང་། ལུས་ལ་འཇོག་པར་བྱེད་དུ་འཇུག་པའོ། །དགེ་སློང་ཆུ་ལ་རྩེ་བར་བསམས་ནས་གོས་ཕུད་དེ་ཆུའི་ནང་དུ་ཞུགས་ཏེ། ཆུའི་ནང་དུ་བྱིའུ་ཟུལ་བྱས་སམ། སྟེང་དུ་བྱུང་
ངམ། ཕ་རོལ་ཚུ་རོལ་གྱི་འགྲམ་དུའམ། ཆུར་རྔ་བརྡུང་ངམ་ཆུའི་ནང་དུ་སྦལ་སྐད་འབྱིན་པ་ལ་སོགས་པ་བྱེད་ན་ཐམས་ཅད་དུ་ལྟུང་བ་རེ་རེར་འགྱུར་རོ། །ཆུ་ལ་བེམ་རྡོལ་གྱིས་བསྣུན་ཏམ། ཚོད་མའི་ཁུ་བ་དང་། འབྲས་ཀྱི་ཁུ་བ་ལ་རི་མོ་འདྲི་ཞིང་རྩེ་ན་ཉེས་བྱས་སུ་འགྱུར་རོ། །སིམ་ཞིང་བསིལ་
བར་བྱ་བ་དང་། རྐྱལ་སློབ་པ་ལ་ཉེས་མེད་དོ། །བུད་མེད་དང་ཁྱིམ་གཅིག་ཏུ་ཉལ་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཚེ་དང་ལྡན་པ་མ་འགགས་པ་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་བརྟེན་ཏེ་འབད་རྩོལ་བས་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །བཅོམ་ལྡན་འདས་
เล่ม ๑๕๕ · หน้า 121a
ཀྱི་བཀའ་དྲིན་བསབ་ཅིང་ལན་གློན་པའི་ཕྱིར་སེམས་ཅན་གྱི་དོན་ལ་ལྗོངས་རྒྱུ་ཞིང་སོང་བ་ལས་ནུབ་མོ་གྲོང་ཞིག་ཏུ་ཕྱིན་ནས། དགོངས་མལ་མེད་ནས་གྲང་མི་བསྟེན་ཏེ། ཁྱེའུ་སྤྱི་བརྟོལ་ཅན་གྱི་ཁྱིམ་དུ་ཉོལ་ཞེས་བྱས་པ་དང་། ཁྱེའུ་སྤྱི་བརྟོལ་ཅན་གྱིས་དགེ་སློང་མ་འགགས་པ་ཁྲིད་དེ་སོང་
ནས་ནུབ་མོ་དེར་བསྙལ་བ་དང་། དགེ་སློང་ཡང་དེ་ན་ཉལ་ལོ་ཞེས་སྒྲ་ཀུན་དུ་གྲགས་སོ། །དེའི་ནུབ་མོ་ཁྱེའུ་དེའི་མས་དགེ་སློང་ལ་ཟན་དང་རྐང་པ་བསྐུ་བའི་མར་གྱིས་བསྟབས་ཤིང་། མི་ཚངས་པར་སྤྱོད་པ་རྔོད་ན། དགེ་སློང་དེ་ཡང་མ་བཏུབ་བོ། །བུད་མེད་དེ་ཡང་འདོད་ཆགས་ཀྱིས་ཀུན་དུ་གནོད་པས་ནམ་
ཕྱེད་ན་དགེ་སློང་ལ་བསྙེན་ཅིང་གཟུང་བར་བྱས་པ་དང་། འཕགས་པ་དེས་སྟེང་གི་ནམ་མཁའ་ལ་འཕགས་ཏེ། རྫུ་འཕྲུལ་དང་ཆོ་འཕྲུལ་བསྟན་པ་དང་དེ་ཡང་དད་པར་གྱུར་ཏེ། ཟན་གྱིས་བསྟབས་པ་དང་། དེ་ཡང་སྒོ་ཆོད་ཅིག་དང་ནང་པར་བཟའོ་ཞེས་ནས། འཕགས་པ་དེ་ཡང་སྒོ་གཅོད་ཅིང་ནང་ན་འདུག་
པ་དང་། བུད་མེད་དེའི་མིང་པོ་གཅིག་ཅིག་ཀྱང་ཁྱིམ་མཚེས་གཞན་དག་དང་རྩོད་ཅིང་འཐབས་པས་ན། ཁྱོད་ཀྱི་སྲིང་མོས་དགེ་སློང་དག་ཀྱང་མ་ཤོར་ཏོ་བྱས་པ་དང་དེ་གཉིས་ཀྱང་ཁྲོས་ཏེ། དགེ་སློང་དང་སྲིང་མོ་གཉི་ག་བསད་དོ་ཞེས་རལ་གྲི་ཐོགས་ཏེ་སོང་བ་དང་། ཡུལ་གྱི་ལྟད་མོ་ལ་ཡང་མང་དུ་ལྷགས་
ནས་དེ་སྒོ་ཕྱེ་སྟེ་བལྟས་པ་དང་། འཕགས་པ་མ་འགགས་པས་ནམ་མཁའ་ལ་རྫུ་འཕྲུལ་བྱས་པ་དང་། སྐྱེ་བོ་དག་ཀྱང་དད་པར་བྱས་སོ། །དེ་སླར་ལོག་ནས་མི་རྒོད་ལྔ་བརྒྱ་ལམ་དུ་བཏུལ་ནས་ཕྱིར་མཉན་དུ་ཡོད་པར་ཕྱིན་པ་དང་། དགེ་སློང་དག་གིས་ཚེ་དང་ལྡན་པ་བདེ་བར་འོངས་སམ་ཞེས་དྲིས་ན་
སེམས་ཅན་གྱི་དོན་བྱས་པ་ནི་བདེ་མོད་ཀྱི། ཁྱེའུ་སྤྱི་བརྟོལ་ཅན་གྱི་མའི་མིང་པོ་གཉིས་ཀྱིས་ཧད་པོར་དེའུ་བསད་དོ་ཞེས་བྱས་པ་དང་། དགེ་སློང་དག་གིས་སྙན་དུ་གསོལ་ནས་བུད་མེད་དང་ཁྱིམ་གཅིག་གི་ནང་དུ་ཉལ་དུ་མི་གནང་བའི་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་
མ་འགགས་པ་སྟེ། གཞན་ཡང་དེ་དང་འདྲ་བའོ། །བུད་མེད་ཅེས་བྱ་བ་ནི་གང་བུད་མེད་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བཟོད་པའོ། །ལྷན་ཅིག་ཅེས་བྱ་བ་ནི་དགེ་སློང་དང་བུད་མེད་ལྷན་ཅིག་ཏུ་འདུག་པའོ། །ཁྱིམ་ཞེས་བྱ་བ་ནི་མཐར་བསྐོར་བ་དང་སྟེང་གཡོགས་པའོ། །ལྟུང་བ་ནི་
เล่ม ๑๕๕ · หน้า 121b
སྲེག་པ་དང་བཙོ་བ་སྔ་མ་བཞིན་ནོ། །དགེ་སློང་སྟེང་ཁང་ན་ཉལ་ན་བུད་མེད་འོག་ཁང་དུ་ཉལ་ལ། དགེ་སློང་དེས་སྐས་ཕྱུང་ཤིག་ཡང་ན་སྒོ་གཏན་ཆུག་ཤིག་ཡང་ན་བསྲུང་བའི་དགེ་སློང་ཞོག་ཤིག །དེ་ལྟར་མ་བྱས་ན་སྐྱ་རེངས་མ་ཤར་གྱི་བར་དུ་ནི་ཉེས་བྱས་ཤར་ན་ལྟུང་བར་འགྱུར་རོ། །དགེ་སློང་གཅིག་
ལ་གཅིག་སྡངས་པར་བྱེད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཚེ་དང་ལྡན་པ་བཅུ་བདུན་སྡེ་རྣམས་དྲུག་སྡེ་རྣམས་ལ་གནས་འཆའ་ཞིང་བསྟེན་པའི་ཚེ་འཆར་ཀས་གཅིག་ལ་ལས་བཅོལ་ན་མ་བཏུབ་པ་ལས་འཆར་བས་བསྐྲད་དོ། །དེ་དག་ཀྱང་བདག་ཅག་ཐོས་པ་
འཛིན་དུ་དོང་ངོ་ཞེས་ཀློག་པ་ལ་ཞུགས་སོ། །འཆར་བས་དེ་ལྟར་ཐོས་པ་འཛིན་ཏོ་ཞེས་བསྙེན་དགའ་བོ་ལ་གཏམ་བྱས་པ་དང་། བསྙེན་དགའ་བོ་ན་རེ་དེ་ནི་མ་ལེགས་ཏེ་བདག་ཅག་ལ་གནོད་པར་འགྱུར་བའོ། །འཆར་ཀས་བསྙེན་དགའ་བོ་ལ་ངས་དེ་དག་སྔར་ལོབས་པ་ནི་བརྗེད་ལ་ཕྱི་མ་ལ་ནི་མི་ལོབས་
པར་བྱ་ནུས་སོ་ཞེས་ནས་ལ་བ་སྤུན་མོ་ཞིག་བཟློག་སྟེ་གྱོན་ནས་བཅུ་བདུན་སྡེ་མེ་མར་དག་བུས་ནས་ཀློག་པ་ལ་ཞུགས་པ་དང་། འཆར་ཀས་ལ་བ་གྱོན་ནས་འབྱུང་པོ་འབྱུང་པོ་ཞེས་བསྡིགས་པས་དེ་དག་སྐྲག་པས་ཀློག་པ་བཏང་སྟེ་འཁོད་པ་དང་། དེ་དག་གིས་སློབ་དཔོན་འོངས་པ་ལ་བྱས་ནས་དེ་དག་
གིས་འཆར་ཀ་ཡིན་པར་འཕྲིགས་ནས་ཕྱི་དེ་ནུབ་མོ་གྲ་བཞིར་མར་མེ་བཞི་བུས་ཏེ་བཀབ་སྟེ་བཞག་ནས་འདུག་པ་དང་། ཡང་འཆར་ཀ་འོངས་ཏེ་སྔ་མ་བཞིན་དུ་འབྱུང་པོ་འབྱུང་པོ་ཞེས་བྱས་པ་དང་། དེ་དག་གིས་སྒོ་བཅད་དེ་མར་མེ་ཕྱུང་སྟེ་བཟུང་ནས་བརྡེགས་སོ། །དེ་ན་རེ་ང་ནི་འཆར་ཀ་པོ་ཡིན་ཞེས་
སྨྲས་ན། དེ་དག་ན་རེ་འཆར་ཀ་པོ་ནི་དེ་ལྟར་རྣམ་པར་གྲོལ་བའི་བསམ་གཏན་ལ་འདུག་ན་འདིར་ཅི་འདོད་ཅེས་བརྡེགས་ནས་ཤིན་ཏུ་སྣད་དོ། །ནང་པར་ལུས་མར་གྱིས་སྐུད་ཅིང་མཉེ་བ་ལས་དགེ་སློང་གཞན་དག་གིས་ཅི་ཉེས་ཞེས་དྲིས་ན་ངས་དེ་བཞིན་དུ་བསྡིགས་པ་ལས་ཁོང་གིས་བརྡེགས་དེ་སྣད་དོ་ཞེས་བྱས་
པ་དང་། དོན་ཉུང་བའི་དགེ་སློང་དག་འཕྱ་སྟེ་ཅིའི་ཕྱིར་དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱེད་ཅེས་འཕྱ་བ་ལས་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དགེ་སློང་འདི་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །སྔངས་པར་བྱེད་ཅེས་བྱ་བ་ནི་བདག་
เล่ม ๑๕๕ · หน้า 122a
གིས་བྱེད་པའོ། །བྱེད་དུ་བཅུག་ཅེས་བྱ་བ་ནི་གཞན་ལའོ། །ཐ་ན་རྩེད་མོར་བསམས་ཞེས་བྱ་བ་ནི་རྩེད་མོ་ཡང་ལྟུང་བར་འགྱུར་རོ་ཞེའོ། །དགེ་སློང་གིས་སྔངས་པར་བྱ་བར་བསམས་ནས་ཡིད་དུ་མི་འོང་བའི་གཟུགས་སྲིན་མོ་འདྲ་བའམ། ཡི་དགས་དང་ཤ་ཟ་དང་གྲུལ་བུམ་དང་། ལུས་
སྲུལ་པོ་ལྟ་བུའམ། སྟག་གཟིག་དང་འཕར་སྤྱང་ལྟ་བུའམ། ཁ་དོག་ཡིད་དུ་མི་འོང་ཞིང་སྒྲ་མི་སྙན་པའི་སྒོ་ནས། དགེ་སློང་ལ་སྔངས་པར་བྱེད་དམ་བྱེད་དུ་འཇུག་ན་ཡང་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་སྔངས་པར་བྱ་བར་བསམས་ནས་ཡིད་དུ་མི་འོང་བའི་གཟུགས་
རྒྱལ་པོ་དང་བློན་པོ་དང་ཁྱིམ་བདག་དང་ཚོང་དཔོན་དང་། ནོར་ཅན་དང་ལྷ་དང་ཀླུ་དང་། ནམ་མཁའ་ལྡིང་གི་གཟུགས་ལྟ་བུར་སྟོན་ཅིང་དེ་དག་ཁྱོད་ལ་གསོད་པར་བྱེད་དོ་ཞེས་སྨྲས་པ་ལས། དགེ་སློང་འཇིགས་པར་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་སྟེ་ཉེས་བྱས་སུ་འགྱུར་རོ། །སེམས་
ཅན་དམྱལ་བའི་གཏམ་དང་བྱོལ་སོང་དང་ཡི་དགས་དང་ལྷ་དང་མིའི་གཏམ་སྨྲས་པ་ལ་ཉེས་པ་མེད་དོ། །དགེ་སློང་གི་ཡོ་བྱད་དང་གོས་སྦེད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཽད་གལ་གྱི་བུས་ཨུ་པཱ་ལི་ལ་སོགས་པ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་པར་བྱས་ནས།
དྲུག་སྡེ་རྣམས་ལ་གནས་འཆའ་ཞིང་བསྙེན་བཀུར་བྱེད་པ་དེ་ན་ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་ལ་སོགས་པ་དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་ཏེ། སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་གྲོང་དུ་ཆོས་སྟོན་ལ་སྔར་གཤེགས། དྲུག་སྡེ་དང་བཅུ་བདུན་སྡེ་ནི་ཕྱི་ན་
མར་དབེན་བཞིན་དུ་འབྲངས་པ་ལས། ལམ་གྱི་བར་དུ་གང་ན་རྫིང་བུ་ཞིག་ཆུས་གང་ཞིང་འདུག་པའི་གན་དུ་ཕྱིན་པ་དང་། དྲུག་སྡེས་བཅུ་བདུན་སྡེ་ལ་ཀུ་རེ་བྱ་བར་བསམས་ནས་དྲུག་སྡེས་སྨྲས་པ་ཀྱེ་བཅུ་བདུན་སྡེ་ཁྱེད་རྣམས་ནི་ངེད་ཅག་ལ་ཤིན་ཏུ་བསྔོ་བར་བྱེད་ན། ཆུ་འདིའི་ནང་དུ་འུ་བུ་ཅག་
ཞུགས་ལ་སུས་ཆུའི་ནང་དུ་དབུགས་རིང་ངུ་ཐུབ་པ་ལྟའོ་ཞེས་བྱས་པ་དང་། བཅུ་བདུན་སྡེས་ཀྱང་དེ་བཞིན་དུ་བྱའོ་ཞེས་ནས་དེ་དག་ཐམས་ཅད་ཆུའི་གཏིང་དུ་ཞུགས་པ་དང་བསྙེན་དགའ་བོ་དེ་མ་ཐག་ཏུ་སླར་བྱུང་ནས་བཅུ་བདུན་སྡེའི་གོས་ཐམས་ཅད་བསྡུས་ནས་ཤིང་དྲུང་གཅིག་ཏུ་སྦས་ཏེ་བཞག་ནས།
เล่ม ๑๕๕ · หน้า 122b
དྲུག་སྡེ་རྣམས་རིངས་ཤིང་མྱུར་བར་རྫིང་ནས་བྱུང་ནས་བྲོས་སོ། །དེ་ནས་བཅུ་བདུན་སྡེ་རྣམས་སྟེང་དུ་བྱུང་སྟེ་བལྟས་ན་གཅིག་ཀྱང་མི་སྣང་བར་བདག་ཅག་ཕམ་དུ་དོགས་ནས་སླར་ཡང་ཆུའི་ནང་དུ་ཞུགས་སོ། །སླད་ཀྱིས་བལྟས་ན་དྲུག་སྡེ་དང་གོས་བཅས་པར་མི་སྣང་ནས་ཚེ་དང་ལྡན་པ་དག་བདག་
ཅག་ལ་དྲུག་སྡེ་དག་གིས་ནི་ཀྱལ་ཀ་ཞིག་བྱས་སོ་ཞེས་ནས་གོས་མེད་དེ་ཆུའི་ནང་དུ་འཁོད་པ་ལས་དེའི་ཚེ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་དང་ཤཱ་རིའི་བུ་གཉིས་ཡུལ་རྒྱུ་ཞིང་སོང་བས་བཅུ་བདུན་སྡེ་རྣམས་གཅེར་བུར་ཆུའི་ནང་དུ་འཁོད་པ་མཐོང་ནས་ཤཱ་རིའི་བུས་མཽད་གལ་གྱི་བུ་ལ་ཁྱོད་ཀྱི་སློབ་
མ་མཛེས་པ་ལ་ལྟོས་ཞེས་བྱས་སོ། །དེ་ནས་མཽད་གལ་གྱི་བུས་ཏིང་ངེ་འཛིན་དུ་ཞུགས་ཏེ་བརྟགས་ན། དྲུག་སྡེས་གོས་རྣམས་ཤིང་ཚང་ཚིང་ཞིག་གི་ནང་ན་སྦས་པ་རྙེད་དོ། །སློབ་མ་དག་ལ་བྱིན་ནས་ཟན་ལ་དོང་བ་དང་དགེ་སློང་དག་ཟན་ཟོས་ཏེ། གྲོང་ནས་སླར་ལོག་པ་དང་ལམ་དུ་ཕྲད་ནས་
ཁྱེད་ཅག་གར་ཇི་ལྟར་ཐོགས་ཐོགས་ཞེས་སྨྲས་ནས། དྲུག་སྡེས་ཇི་ལྟར་བྱས་པའི་གཏམ་བྱས་པ་དང་། དགེ་སློང་དག་དགེ་སློང་གིས་གོས་སྦེད་ཅེས་མི་སྙན་པར་འཛེར་བ་སྙན་དུ་བདས་ཏེ། བཀས་སྨད་ནས་གོས་སྦེད་དུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་
སློང་གང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །དགེ་སློང་མ་དང་དགེ་ཚུལ་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཀྱི་ཡོ་བྱད་སྦས་ན་ཉེས་པར་འགྱུར་གྱི་གཞན་མི་འགྱུར་བའི་དོན་ཏོ། །ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཡོ་བྱད་
སྨོས་པ་རྣམས་དགེ་སློང་འཆང་དུ་དབང་བའི་ཡོ་བྱད་སྦས་ན་ལྟུང་བར་འགྱུར་རོ། །འཆང་དུ་མི་དབང་བ་སྦས་ན་ཉེས་བྱས་སོ། །སྦེད་དམ་ཞེས་བྱ་བ་ནི་བདག་གིས་སོ། །སྦེད་དུ་བཅུག་ཅེས་བྱ་བ་ནི་གཞན་ལའོ། །དེ་དང་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་མཉན་དུ་ཡོད་པ་ན་དགེ་སློང་གཅིག་ལ་དགེ་
སློང་གཅིག་གིས་ཆོས་གོས་དག་ཅིག་བཅོལ་བ་ལས། དགེ་སློང་དེ་ཡང་རྐྱེན་ཅིག་བྱུང་ནས་ཡུལ་གཞན་དུ་བོས་ཏེ་འགྲོ་བའི་ཚེ་གོས་སྦས་ནས་སོང་བ་ལས་སླད་ཀྱིས་ལྟུང་བར་གྱུར་ཏམ་མ་གྱུར་སྙམ་དུ་ཐེ་ཚོམ་ཟ་བ་ལས་སྙན་དུ་བདས་ནས། གཞན་ལ་གནོད་པར་བྱ་བའི་སེམས་མེད་དེ་རྐྱེན་བྱུང་བའི་ཚེ་སྦེད་པ་ནི་རྗེས་
เล่ม ๑๕๕ · หน้า 123a
སུ་གནང་བའོ། །མི་རྒོད་པ་དང་རྐུན་པོས་ཕྲོགས་སུ་དོགས་པ་ལྟ་བུ་དང་། གོས་སྟོར་ཞིང་ཆུས་ཁྱེར་དུ་དོགས་པ་ལས་སྦས་པ་ནི་ཉེས་པ་མེད་དོ། །དགེ་སློང་གིས་གོས་གདེང་མེད་པར་གྱོན་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཚེ་དང་ལྡན་པ་འཆར་ཀ་ནི་དགྲ་བཅོམ་པ་ཐོབ།
མོས་པ་ཅན་ནི་ཀཽ་ཤཱམྦཱི་ན་འདུག །ཐ་སྐར་སྐྱེས་དང་ནབ་སོ་ནི་ཤི། དགའ་བོ་དང་བསྙེན་དགའ་བོ་གཉིས་ནི་མཉན་དུ་ཡོད་པ་ན་དགེ་འདུན་གྱི་ནང་ན་གནས་ཏེ། དེ་ཡང་རྒས་འཁོགས་པས་ཉེ་གནས་རྣམས་ཀྱང་ཚིག་ཉན་དུ་མ་བཏུབ་ནས། གོས་ཁ་དོག་བསྒྱུར་ཞིང་འཚེད་པར་ཡང་མི་ནུས་པས་ཐབས་ཤིག་བྱའོ་
སྙམ་ནས་གནས་འཆའ་བ་རྣམས་གོས་བྱིན་པ་ལྟར་བྱས་ཏེ། གོས་ཁ་དོག་བསྒྱུར་ཞིང་འཚེད་དུ་བཅུག་པ་དང་། དེ་དག་གིས་ཀྱང་བདེན་པར་བྱིན་སྙམ་ནས། གོས་རྙིང་པ་ཐམས་ཅད་བཀྲུས། ཁ་དོག་བསྒྱུར་དྲུབས་ནས་འཆང་ཞིང་འཁོད་པ་ལས་དུས་ཕྱི་ཞིག་ན། བཅོམ་ལྡན་འདས་ཡུལ་གཞན་དུ་ལྗོངས་
རྒྱུ་ཞིང་གཤེགས་པའི་ཚེ་དེ་དག་ཀྱང་ཞ་འབྲིང་དུ་འགྲོ་བར་ཆད་དེ། གོས་རྣམས་ཕྱིར་བསྙེན་དགའ་བོ་ཉིད་ལ་གཏམས་ནས་དོང་ངོ་། །དེ་དག་སོང་བའི་འོག་ཏུ་བསྙེན་དགའ་བོས་གོས་དེ་དག་ཀུན་གྱོན་ཏེ། རྙིངས་པར་བྱས་སོ། །དེ་ནས་དེ་དག་ཕྱིར་འོངས་ནས་གོས་བལྟས་ན་དྲི་མ་ཅན་དུ་གྱུར་ཏེ་གོས་སྔོན་དང་མི་འདྲའོ་
ཞེས་བྱས་པ་དང་། བསྙེན་དགའ་བོ་བསྙོན་ཏོ། །དེ་ནས་བཅོམ་ལྡན་འདས་ཡང་ཡུལ་གཞན་དུ་ལྗོངས་རྒྱུར་གཤེགས་པའི་ཚེ། དེ་དག་གི་གོས་ངན་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་གོས་ངན་ན་ཅིའི་ཕྱིར་ཞེས་སྨྲས་པ་དང་། བསྙེན་དགའ་བོས་སྔར་གོས་བྱིན་ཏེ་དེའི་གདེང་མེད་པར་དེ་ལྟར་གྱོན་
ནོ་ཞེས་ཞིབ་ཏུ་གསོལ་པ་དང་། དགེ་སློང་གི་ཆོས་མ་ཡིན་ཞེས་སྨད་དེ་གདེང་མེད་པར་གོས་གྱོན་དུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །གོས་ཞེས་བྱ་
བ་ནི་ཆོས་གོས་གསུམ་པོ་གང་ཡང་རུང་བའོ། །བྱིན་ཞེས་བྱ་བ་ནི་སྔར་བྱིན་པའོ། །གདེང་མེད་ཅེས་བྱ་བ་ནི་སྔར་བྱིན་པའམ། བརྙར་བྱིན་ཏེ་བགོ་བ་ལ་སོགས་པ་སྤྱད་པར་མ་བྱིན་པའོ། །གོས་གྱོན་པས་དགའ་བར་འགྱུར་རོ་སྙམ་པའམ། མཛའ་བོ་རྣམ་པ་གསུམ་ལྟ་བུའི་གོས་སྤྱད་པ་ནི་ཉེས་པ་མེད་
เล่ม ๑๕๕ · หน้า 123b
དོ། །དགེ་སློང་ལ་རྩ་བ་མེད་པར་དགེ་འདུན་ལྷག་མས་སྐུར་དུ་མི་གནང་བའི་གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེ་དགེ་སློང་མ་ཨུཏྤ་ལའི་མདོག་སངས་རྒྱས་ལ་ཕྱག་འཚལ་ནས། གྱད་བུ་ནོར་བྱ་རྒོད་སྤུངས་པའི་རི་ལ་འདུག་པའི་གན་དུ་ཕྱག་འཚལ་དུ་སོང་བའི་ཚེ། གྱད་བུ་ནོར་གྱི་ཆོས་གོས་རླུང་གིས་
བདས་པ། ཨུཏྤ་ལའི་མདོག་གི་མགོ་ལ་རེག་པ་མཛའ་བོ་དང་ས་ཅན་གཉིས་དེའི་ཉེ་འཁོར་ན་ཕྱག་དར་ཁྲོད་འཁྲུ་ཞིང་འདུག་པས་མཐོང་ནས། ས་ཅན་ན་རེ་ཅོད་པན་ལ་རེག་ན་ལྷག་མར་འགྱུར་རོ་ཞེས་བཀའ་སྩལ་ན། ད་ནི་གླེང་བའི་དུས་ལ་བབ་པོ་ཞེས་བྱས་པ་དང་། མཛའ་བོ་ན་རེ་སྔར་ཀྱང་
བདག་ཅག་གིས་སྐུར་པ་བཏབ་པ་ལས་དོ་སྤངས་ན། ད་ཡང་ཅི་སྤངས་པར་འདོད་དམ་ཞེས་པ་དང་། ས་ཅན་ན་རེ་སྔོན་ནི་མི་བདེན་པས་སོ། །ད་ནི་བདེན་ཡང་རུང་ཞེས་གླེངས་པ་དང་། དགེ་སློང་གནས་བརྟན་དག་གིས་དམ་དུ་སྨོས་ཤིག་ཅེས་བཀའ་སྩལ་ནས། དགེ་སློང་གནས་བརྟན་དག་གིས་ཞིབ་
ཏུ་སྨྲས་པ་དང་། བདག་ཅག་གིས་སྐུར་པ་བཏབ་པ་བདེན་ནོ་ཞེས་ཁས་བླངས་པ་དང་། དོན་ཉུང་བའི་དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ཏེ། རྩ་བ་མེད་པའི་ལྷག་མས་སྐུར་དུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་དང་ས་ཅན་ཏེ།
གཞན་ཡང་དེ་དང་འདྲ་བའོ། །ཞེ་སྡང་ཅན་ཞེས་བྱ་བ་ནི་ཞེ་སྡང་མ་སྤངས་པའོ། །ཁྲོས་ཞེས་བྱ་བ་ནི་ཡི་མ་རངས་པའོ། །དགེ་སློང་གཙང་མ་ཞེས་བྱ་བ་ནི་གྱད་བུ་ནོར་ཏེ་ཞེས་གཞན་ཡང་དེ་དང་འདྲ་བའོ། །རྩ་བ་མེད་ཅེས་བྱ་བ་ནི་རྩ་བ་གསུམ་སྟེ། མཐོང་བའི་རྩ་བ་དང་། དོགས་པའི་རྩ་བ་དང་། ཐོས་པའི་རྩ་བ་
མེད་པའོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི། དགེ་འདུན་གྱི་ལྷག་མ་བཅུ་གསུམ་པོའི་ནང་ནས་གང་ཡང་རུང་བའོ། །སྐུར་ཅེས་བྱ་བ་ནི་ཀླང་བཏབ་པའོ། །ལྟུང་བ་ནི་ངན་སོང་གསུམ་དུའོ། །ཉེས་པ་ནི་ཕས་ཕམ་པར་གྱུར་པ་ལྷག་མར་གྱུར་པ་ལས་ཇི་སྐད་དུ་འབྱུང་བ་བཞིན་དུ་འདིར་ཡང་སྦྱོར་ཅིག །
སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་རྒྱལ་པོའི་ཁབ་ན་ཐ་ག་པ་ཞིག་གནས་པ་དེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་འདུག་པའི་བུ་མོ་ཆུང་མར་བླངས་སོ། །དེ་ཡང་ཁྲོ་ཞིང་གཏུམ་པ་ཞིག་པས། རྟག་ཏུ་བརྡེགས་པས་བྲོས་ཏེ་འགྲོའོ་སྙམ་
เล่ม ๑๕๕ · หน้า 124a
ནས། ཁྱིམ་མཚེས་རྒན་མོ་ཞིག་ལ་བྱས་པ་དང་། རྒན་མོ་ན་རེ་བུ་མོ་མ་བྲོས་ཤིག་དང་། ངས་ཐ་ག་པ་ལ་མ་བརྡེགས་ཤིག་པར་བསྒོའོ་ཞེས་ནས་དེའི་ཚེ་མ་བྲོས་སོ། །སླད་ཀྱིས་ཐ་ག་པ་ཡང་ར་རོ་སྟེ། ཆང་སྲིན་ཅན་ཞིག་པས་བརྡེགས་པ་དང་། བུ་མོ་དེ་ཡང་མཉན་དུ་ཡོད་པར་བྲོས་ཏེ་སོང་
ངོ་། །ཐ་ག་པས་ཀྱང་ཕྱི་བཞིན་དུ་བསྙགས་པ་དང་། དགེ་སློང་ཞིག་མཉན་དུ་ཡོད་པར་འགྲོ་བ་དང་འགྲོགས་ཏེ་སོང་བ་མཐོང་ནས། འཕྲལ་དུ་གཟུང་དུ་ནི་བདག་གཅིག་པུ། ཁོང་ནི་གཉིས་པས་བདག་གིས་མི་གཟུང་ངོ་སྙམ་ནས་དེ་ཐ་ག་པའི་གྲོང་ནས་ཐ་ག་པ་རྣམས་ལ་ངའི་ཆུང་མ་ཤཱཀྱའི་དགེ་སྦྱོང་གིས་
འཕྲོགས་ཀྱིས་གྲོགས་གྱིས་ཤིག་ཅེས་བྱས་པ་དང་། ཐ་ག་པ་རྣམས་ནི་ཡོང་གིས་ཀྱང་བློ་རྩིང་བས། དགེ་སློང་དེ་བཟུང་ནས་ཤིན་ཏུ་བརྡེགས་ནས་ལྷུང་བཟེད་དང་། ཁར་གསིལ་ནི་བཅག་ཆོས་གོས་ནི་དྲལ་ཏེ་དེའུ་ཤི་བ་ལས། ཐ་ག་པ་དག་གིས་བཟོད་པ་གསོལ་ཏེ་དགེ་སློང་མཉན་དུ་ཡོད་པར་ཕྱིན་
པ་དང་། དགེ་སློང་གཞི་པ་རྣམས་ཀྱིས་བདེ་བར་འོངས་སམ་ཞེས་བྱས་པ་དང་། ལན་དུ་དེ་ལྟའི་ཕྱིར་བརྡེགས་ཏེ་དེའུ་ཤིའོ་ཞེས་བྱས་པ་དང་། ཅིའི་ཕྱིར་བུད་མེད་དང་གཞན་དུ་འགྲོགས་ཤིང་འགྲོ་ཞེས་དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །སྐྱེས་པ་མེད་ཅེས་
བྱ་བ་ནི་སྐྱེས་པ་གཞན་མེད་པའོ། །བུད་མེད་ཅེས་བྱ་བ་ནི་རྒྱ་རྣ་རུ་བཟོད་པའོ། །ལམ་དུ་ཞུགས་ཞེས་བྱ་བ་ནི་འགྲོ་བའོ། །ཐ་ན་གྲོང་བར་ཕྱིན་པར་ཞེས་བྱ་བ་ནི་གྲོང་ཁྱེར་གཅིག་ནས་གཅིག་ཏུ་བརྒྱུད་དེ་སོང་བའོ། །ཉེས་པ་ནི་རྒྱང་གྲགས་རེ་རེ་ཞིང་ལྟུང་བར་འགྱུར་རོ། །རྒྱང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱས་སུ་
འགྱུར་རོ། །བུད་མེད་ཀྱི་བསེལ་བྱས་པ་དང་ལམ་མཚོན་བྱས་པ་ལ་ཉེས་པ་མེད་དོ། །ལྟུང་བ་བདུན་ཅུ་པ་རྫོགས་སོ།། །།དགེ་སློང་མགྲོན་པ་ཞིག་རྐུན་མ་དང་ལྷན་ཅིག་འགྲོགས་ཤིང་འགྲོར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་ཞིག་རྒྱལ་པོའི་ཁབ་ན་དབྱར་ཟླ་བ་གསུམ་
ཚུལ་དུ་ཞུགས་ནས་དབྱར་ཟླ་བ་གསུམ་འདས་ནས་ཚུལ་ནས་བྱུང་སྟེ། མཉན་དུ་ཡོད་པར་འགྲོ་བའི་གྲོགས་མེད་དེ་གྲོགས་ཚོལ་བ་ལས། ཚོང་པ་ཤོ་གམ་ལས་འབྱོལ་བ་དག་ཅིག་མཉན་དུ་ཡོད་པར་འགྲོ་བ་དང་ཕྲད་ནས་དེ་དག་དང་འགྲོགས་ཏེ་གསེབ་ལམ་དུ་ཞུགས་ཏེ་དོང་བ་དང་། དགེ་སློང་དག་ཚོང་པ་དེ་
เล่ม ๑๕๕ · หน้า 124b
དག་པས་ཅུང་ཟད་སྔར་སོང་བ་དང་། ཤོ་གམ་པ་དག་གིས་ཚོར་ནས་སྔར་མདུན་དུ་བསྒུགས་ཏེ། དགེ་སློང་དེ་མདུན་ནས་དཔགས་ཏེ་འགྲོ་བ་དེ་དག་གིས་མཐོང་ནས། སྔན་ཆད་ཀྱང་དགེ་སློང་དེས་ལམ་དྲངས་སོ་ཞེས་ནས་ཤིན་ཏུ་བརྡེགས་ནས་ཆོས་གོས་ཀྱང་དྲལ་ལྷུང་བཟེད་ཀྱང་བཅག་གོ། །དེ་ནས་དགེ་
སློང་དེ་མཉན་དུ་ཡོད་པར་བདེ་བར་འོངས་སམ་ཞེས་དགེ་སློང་དེ་དག་གིས་སྨྲས་ན། དེ་ལྟར་གྱུར་པ་ཞིབ་ཏུ་བྱས་པ་དང་། དགེ་སློང་དག་ཅིའི་ཕྱིར་འགྲོན་པ་རྐུན་མ་དང་འགྲོགས་ཞེས་དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ནས། བཀས་སྨད་དེ་འགྲོན་པ་རྐུན་མ་དང་འགྲོར་མི་གནང་བར་འདུལ་བ་ལ་
བསླབ་པའི་གནས་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པ་སྟེ། རྒྱལ་པོའི་ཁབ་ནས་མཉན་དུ་ཡོད་པར་འགྲོ་བའོ། །རྐུན་པོ་ཞེས་བྱ་བ་ནི་ཤོ་གམ་ལམ་བྱོལ་བའོ། །ལམ་ཞེས་བྱ་བ་ནི་དགོན་པའི་ལམ་མོ། །ཉེས་པ་ནི་རྒྱང་གྲགས་རེ་རེ་ཞིང་ལྟུང་བར་འགྱུར་རོ། །ཕྱེད་ཕྱེད་ཅིང་ཉེས་
བྱས་སོ། །ལོ་ཉི་ཤུ་མ་ལོན་པའི་གང་ཟག་བསྙེན་པར་རྫོགས་སུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་མཽད་གལ་གྱི་བུས་བཅུ་བདུན་སྡེ་ལོ་ཉི་ཤུ་མ་ལོན་པར་རབ་ཏུ་ཕྱུང་ཤིང་བསྙེན་པར་རྫོགས་པར་བྱས་པ་དང་། དེ་དག་ནུབ་མོ་ཟན་མ་བྱིན་པ་དང་གྲང་བ་དང་། བཀྲེས་པ་དང་རླུང་དང་། བྲུ་
བས་གཟིར་བས་ན། ཀུན་དགའ་ར་བའི་ནང་ན་ངུ་ཞིང་ཅ་ཅོ་འདོན་པ་སྙན་དུ་བདས་ནས། དེ་དག་སུ་ཡིན་ཞེས་སྨྲས་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུས་བཅུ་བདུན་སྡེ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱས་པས་བྱིས་པ་གཞོན་ནུ་གྲང་བ་དང་། བཀྲེས་པ་མི་བཟོད་པས་ངུའོ་ཞེས་
གསོལ་བ་དང་། ཅི་དགེ་སློང་གིས་གང་ཟག་ལོ་ཉི་ཤུ་མ་ལོན་པར་དགེ་སློང་གི་དངོས་པོ་བྱེད་དམ་ཞེས་སྨད་ནས་སླན་ཆད་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་མཽད་གལ་གྱི་བུ་སྟེ། གཞན་ཡང་དེ་དང་འདྲ་བའོ། །ལོ་ཉི་ཤུ་མ་ལོན་ཞེས་བྱ་བ་ནི་ལོ་ཉི་ཤུ་མ་ཚང་བའོ། །
བསྙེན་པར་རྫོགས་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་གང་ཡིན་པའོ། །དགེ་སློང་འདི་དག་སྨད་པའོ་ཞེས་བྱ་བ་ནི་དགེ་སློང་འདི་ན་འཁོད་པ་ན་བསྙེན་པར་རྫོགས་པར་བྱེད་པ་རྣམས་སོ་དགེ་སློང་གིས་ལོ་ཉི་ཤུ་མ་
เล่ม ๑๕๕ · หน้า 125a
ལོན་པའི་གང་ཟག་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དང་། ཐེ་ཚོམ་ཟ་ན་ལྟུང་བ་རེ་རེར་འགྱུར་རོ། །ལོ་ཉི་ཤུ་ལོན་ནམ་མ་ལོན་ཞེས་དྲིས་ཤིག །དྲིས་ཏེ་མ་ལོན་ཞེས་ཟེར་བ་བསྙེན་པར་རྫོགས་ན་ལྟུང་བར་འགྱུར་རོ། །དགེ་འདུན་ལ་ནི་ཉེས་བྱས་སུ་འགྱུར་རོ། །ད་ནས་བསྙེན་པར་རྫོགས་ཟིན་པའི་འོག་ཏུ་
ལོ་ཉི་ཤུ་མ་ཚང་བར་དྲན་ན་མའི་མངལ་ཚུན་ཆད་རྩིས་ཤིག །དེ་སྟེ་ཡང་མ་ཚང་ན་ཕོབ་ཤིག་དེ་ནས་སླད་ཀྱིས་བསྙེན་པར་རྫོགས་པར་གྱིས་ཤིག །དེ་ལྟར་མ་བྱས་ན་གང་ཟག་དེ་རྐུན་གནས་སུ་གྱུར་པ་ཡིན་གྱིས་དགེ་འདུན་གྱི་ནང་ན་གནས་པར་མི་བྱའོ། །ལོ་ཉི་ཤུ་ཚང་ལ་ཉི་ཤུ་ཚང་བར་འདུ་ཤེས་པ་ནི་ཉེས་པ་མེད་དོ། །དགེ་
སློང་ས་རྐོར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་དྲུག་སྡེ་པོ་རྣམས་རང་གིས་ས་རྐོ་ཞིང་རྐོར་འཇུག །ཡུར་བ་བྱེད་བྱེད་དུ་འཇུག་པས་མུ་སྟེགས་ཅན་རྣམས་ཀྱིས་ཁྱིམ་པ་དང་བྱེ་བྲག་ཅི་ཡོད་ཅེས་འཕྱའ་བ་ལས་སྙན་དུ་བདས་ནས། བཀས་སྨད་དེ་ས་རྐོར་མི་གནང་བར་འདུལ་བ་ལ་
བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲའོ། །ས་རྐོ་ཞེས་བྱ་བ་ནི་བདག་གིས་སོ། །རྐོར་འཇུག་ཅེས་བྱ་བ་ནི་གཞན་ལ་བཅོལ་བའོ། །ས་ཞེས་བྱ་བ་རྣམ་པ་གཉིས་ཏེ། འཐས་པ་དང་མ་འཐས་པའོ་དགེ་སློང་གིས་ས་འཐས་པ་བརྐོས་ན་ལྟུང་བར་འགྱུར་རོ། །
ས་ལ་བྲིས་སམ་ས་ལ་བརྐོས་སམ། ས་ལས་བླངས་ན་ལྟུང་བར་འགྱུར་རོ། །ས་ལ་ཕུར་བ་བཏབ་པ་དང་། ཡུར་བ་དྲངས་པ་དང་། ས་བཀོགས་པ་དང་། རྩིག་པ་ལ་ཕུར་བ་བཏབ་ན་ལྟུང་བར་འགྱུར་རོ། །རྩིག་པ་ལ་རི་མོ་བྲིས་སམ། རྩིག་ངོགས་ཙན་ཟོས་པའི་ས་བུད་པ་དང་། འདམ་རྫབ་གྱི་ནང་རིལ་བ་
བཞག་པ་ཕྱུང་བ་དང་། ས་གྲམ་པ་ཅན་བརྐོས་ན་ཐམས་ཅད་དུ་ཉེས་བྱས་རེ་རེར་འགྱུར་རོ། །བྱེ་མ་མང་པོ་ལ་ཡང་ཉེས་བྱས་སོ། །སྐར་མའི་ཆོ་ག་ལ་བབ་པ་ལ་ལས་སར་བྱེད་པའི་དགེ་སློང་དེས་རུང་བར་བྱེད་པའི་མི་མེད་ན་ས་སོར་བཞི་ཡན་ཆད་ཕུར་པས་བཏབ་པ་ལ་ཉེས་པ་མེད་དོ། །དགེ་སློང་ཟླ་བ་བཞིར་མགྲོན་དུ་
བྱས་པ་ལས་རིང་དུ་གནས་སུ་མི་གནང་བའི་གླེང་གཞི་ནི་གྲོང་ཁྱེར་སེར་སྐྱའི་གནས་ན་སྟེ། དེའི་ཚེ་ན་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ལ་སོགས་པ་ཉན་ཐོས་ཀྱི་འཁོར་རྣམས་ཟླ་བ་བཞིར་བཤོས་དང་གཟིམས་ཆ་ལ་སོགས་པ་སྦྱར་ནས། མགྲོན་དུ་གཉེར་ཅིང་ཞལ་ཟས་ཀྱིས་བསྟབས་པའི་ཚེ། དྲུག་སྡེ་པོ་
เล่ม ๑๕๕ · หน้า 125b
རྣམས་ཟླ་བ་བཞི་ལས་འདའ་བར་བྱ་བའི་ཕྱིར་ཐབས་སུ་སྦྱར་ནས། རེས་ཀྱིས་ན་ཞིང་རེས་ཀྱིས་ནད་གཡོག་བྱེད་དེ། ཟླ་བ་བཞི་ཚང་ནས་མཇུག་གཅོད་ཀྱིས་གྱེས་སྟོན་བྱས་ནས། བཅོམ་ལྡན་འདས་དང་དགེ་སློང་རྣམས་དོང་བའི་འོག་ཏུ་དྲུག་སྡེ་རྣམས་ནད་གཡོག་རྣམས་མ་ཐོབ་སྟེ་སྐལ་བ་འདོད་དོ་ཞེས་བྱས་
པ་དང་། ཁྱིམ་བདག་རྣམས་ཀྱིས་སྨྲས་པ། དེ་དག་ཀུན་གྱེས་ཏེ་ཚོགས་ཀྱང་བཤིག་ནས། ཟླ་བ་བཞི་སྟེ་རྒྱུ་མེད་དོ་ཞེས་བྱས་པ་དང་། དྲུག་སྡེ་པོ་དག་ཁྲོས་ནས་ཅི་ཤཱཀྱ་མིང་ཆེན་གྱིས་མིང་ཙམ་མགྲོན་དུ་བྱས་པས་ཆོག་གམ། དེ་ཙམ་གྱིས་ཆོག་ན་ནི་ངེད་ཀྱིས་ཀྱང་ཉི་མ་རེ་རེ་སྦྱོར་ནུས་སོ་ཞེས་ནས་མེད་དུ་མི་
རུང་བར་བསླངས་པས་ཁྱིམ་བདག་དག་འཕྱ་ཞིང་མི་དགའ་བར་གྱུར་པ་ལས་ཟླ་བ་བཞི་ལས་སློང་ཞིང་འདུག་ཏུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཟླ་བ་བཞི་ཞེས་བྱ་བ་ནི་ཟླ་བ་བཞི་ལས་རིང་དུ་མི་འདའ་བའོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ། གཞན་ཡང་དེ་དང་འདྲ་བའོ། །མགྲོན་
དུ་ཞེས་བྱ་བ་ནི་མགྲོན་དུ་གཉེར་ཞིང་བོས་པའོ། །བདག་གིར་གྱིས་ཤིག་ཅེས་བྱ་བ་ནི་ཟླ་བ་བཞིའི་བར་དུ་ཁས་བླངས་པས་བདག་གིར་བྱའོ། །དེ་ལས་འདས་ན་ཞེས་བྱ་བ་ནི་ཟླ་བ་བཞི་ལས་ལྷག་པའོ། །སོ་སོར་མགྲོན་དུ་བྱས་པ་མ་གཏོགས་ཞེས་བྱ་བ་ནི་སོ་སོར་མགྲོན་དུ་བྱས་པ་ཡིན་ཏེ། ཟླ་བ་བཞི་ལས་ཡོལ་
ཡང་དགེ་སློང་ཁ་ཅིག་སོ་སོར་ཐ་དད་པར་བོས་པའོ། །ཡང་དང་ཡང་མགྲོན་དུ་བྱས་པ་མ་གཏོགས་ཞེས་བྱ་བ་ནི་དེ་ལྟར་དགེ་སློང་དེ་དག་ཡང་དང་ཡང་མགྲོན་དུ་བྱས་པའོ། །རྟག་ཏུ་མགྲོན་དུ་བྱས་པ་ནི་དགེ་སློང་དག་ལ་ཡོན་བདག་གིས་རྟག་ཏུ་མགྲོན་དུ་བྱས་ཤིང་བསྟབས་པའོ། །དེ་ནི་དུས་སོ་ཞེས་བྱ་བ་ནི་དེ་དང་
མཐུན་པའི་ཆོས་སོ། །ལྟུང་བ་ཞེས་བྱ་བ་ནི་ངན་སོང་གསུམ་དུའོ། །ཉེས་པ་ནི་དགེ་སློང་ལ་མི་ཞིམ་པའི་ཟས་ཤིག་བསྟབས་པ་ལས་ཞིམ་པོ་ཞིག་བསླངས་ན་སློང་བའི་ཚེ་ཉེས་བྱས་སོ། །ཟོས་ན་ལྟུང་བར་འགྱུར་རོ། །དགེ་སློང་ལ་ཞིམ་པོ་ཞིག་བསྟབས་པ་ལས་མི་ཞིམ་པ་ཞིག་བསླངས་པ་ནི་ཉེས་སོ། །
ཟོས་ན་ཉེས་མེད་དོ། །ཅི་འདོད་ཅེས་བསྟབས་པ་ལས་བསླངས་པ་ནི་ཉེས་མེད་དོ། །དགེ་སློང་གིས་དགེ་སློང་ལ་བསླབ་པ་འདི་ལ་སློབས་ཤིག་ཅེས་བསྒོ་བ་ལས་བསླབ་པ་འདི་ལ་མི་སློབ་པོ་ཞེས་པའི་གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། སྔོན་ཆད་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་དགེ་སློང་ཕ་དང་མ་རྣམས་ཀྱི་སྤྱིར་
เล่ม ๑๕๕ · หน้า 126a
འདུལ་བ་ལ་བསླབ་པའི་གནས་བཅས་པ་ན་སྤྱིར་བསོགས་ནས་ཚོགས་པ་ལ་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཟླ་བ་བཞིར་མགྲོན་དུ་གཉེར་བ་ལས་འདར་མི་གནང་བ་ལས། དགེ་འདུན་སྡེ་གཉིས་ཕྱིར་འཕྱ་བ་ཡིན་ཏེ། བསླབ་པ་འདི་ལ་འཕྱ་བའི་ཚེ་དགེ་སློང་རྣམས་མ་འདུས་ནས་
བསྒོར་འགྲོ་བའི་ཚེ་དྲུག་སྡེ་ལ་བསྒོ་ན། གླེན་པ་ཁྱོད་ཀྱི་ཚིག་གིས་ངེད་མི་སློབ་པོ་ཞེས་ཟེར་རོ། །དེ་ནས་དགེ་སློང་མ་བཅུ་གཉིས་སྡེ་ལ་བསྒོ་ན་ཡང་མི་སློབ་པོ་ཞེས་ཟེར་རོ། །སྐྱེ་དགུའི་བདག་མོ་གཽ་ཏ་མཱི་ལ་བསྒོ་ན། བཅོམ་ལྡན་འདས་ཀྱི་བཀའ་ནི་གུས་པར་སྤྱི་བོས་ནོད་དོ་ཞེས་མནོས་སོ། །ལམ་བསྟན་ཕྱིར་འཁོར་ནས་
ཀུན་དགའ་བོས་བསྒོ་འམ་ཞེས་དྲིས་ནས། བསྒོ་ནི་བསྒོ་ན་གླེན་པའི་མི་ཞེས་ཁུར་བླངས་སོ། །ཅི་ཉེས་ཞེས་སྨྲས་ན་དྲུག་སྡེ་དང་བཅུ་གཉིས་སྡེ་ནི་གླེན་པ་ཁྱོད་ཀྱི་ཚིག་གིས་སློབས་ཤིག་པ་ནི་མི་ཉན་ཏོ་ཞེས་འཛེར་ཏོ། །དེ་སྐད་ཟེར་བ་དགེ་སློང་རྣམས་འཕྱ་བ་ལས་སྙན་དུ་བདས་ཏེ། དྲུག་སྡེ་རྣམས་ལ་བཀས་སྨད་དེ།
དེ་སྐད་སྨྲར་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པ་རྣམས་སོ། །བསླབ་པ་འདི་ལ་སློབས་ཤིག་ཅེས་བྱ་བ་ནི། ཕྱིས་བསླབ་པར་བྱ་བའི་ཆོས་དེ་ལ་བྱས་ཏེ་སློབས་
ཤིག་པར་བསྒོ་བའོ། །བྱིས་པ་མི་མཁས་ཞེས་བྱ་བ་ནི་མི་གསལ་བའོ། །མི་མཁས་པ་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་དང་མ་མོ་མི་ཤེས། ཉེས་པ་ནི་བསླབ་པ་འདི་ལ་སློབས་ཤིག་ཅེས་བསྒོ་བ་ལས་བྱིས་པ་མི་མཁས་མི་གསལ་བ་ཞེས་ཟེར་ཞིང་སློབ་ཏུ་མི་བཏུབ་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །འདུལ་
བ་དང་ལྡན་པའི་ཆོས་ཀྱིས་སློབས་ཤིག་པར་བསྒོ་བ་ལས་མི་ཉན་ན་ལྟུང་བའོ། །མདོ་དང་མ་མོ་ལྟ་བུས་བསྒོ་བ་ལས་མི་ཉན་ན་ནི་ཉེས་བྱས་སོ། །གླེན་ཞིང་མི་མཁས་པ་བྱིས་པ་ལྟ་བུ་ནི་ཉེས་མེད་དོ། །དགེ་སློང་འཐབ་མོ་བྱེད་པ་ལ་ཉེན་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དྲུག་སྡེ་པོ་རྣམས་
སྡེ་ཞིག་ནས་ཅང་མི་སྨྲ་བར་འཁོད་པའི་ཚེ་ན། བཅུ་བདུན་སྡེ་རྣམས་དར་ཏེ་ཁ་ཅིག་ནི་མདོ་སྡེ་འཛིན་ཁ་ཅིག་ནི་འདུལ་བ་འཛིན་ཁ་ཅིག་ནི་མ་མོ་འཛིན་ཏོ། །དེ་དག་ནང་བགྲོས་པས་བདག་ཅག་ལ་དྲུག་སྡེས་གཙེས་པ་ལྟར་སུས་ཀྱང་མ་གཙེས། དེའི་ནང་ནས་ཡང་བསྙེན་དགའ་བོས་གཙེས་ཀྱིས། བསྙེན་དགའ་བོ་
เล่ม ๑๕๕ · หน้า 126b
སྤང་བའི་ལས་བྱའོ་ཞེས་གྲོས་བྱེད་པ་དང་། བསྙེན་དགའ་བོ་ཡང་འཇབ་ཅིང་ཉན་ཏེ། དེ་དག་ཁང་པའི་ནང་ན་གྲོས་བྱེད་ན་བསྙེན་དགའ་བོ་ཡང་སྒོ་ན་ཉན། གཙུག་ལག་ཁང་དུ་གྲོས་བྱེད་ན་སྐར་ཁུང་ན་ཉན་པ་དང་། དེ་དག་གྲོས་བྱེད་པ་བསྙེན་དགའ་བོས་ཐོས་ནས། ཁྱེད་འདྲ་བས་ང་ལ་སྤང་བ་ལས་གླང་པོ་ཆེ་
བཅིངས་པས་ནི་གླང་པོ་ཆེ་གསོད་ནུས་ཀྱིས། གྲེས་ཐག་གིས་ནི་གླང་པོ་ཆེ་བཅིང་བར་མི་ནུས་ཏེ། བཏང་ན་ནི་བཏང་དུ་ཟད་མི་བཏང་ན་ནན་ཐུར་ཆེར་བྱའོ་ཞེས་བྱས་པ་དང་། དེ་དག་གིས་ཀྱང་སྤང་མ་ནུས་ནས་ངེད་གྲོས་བྱེད་པ་ཁྱེད་ཇི་ལྟར་ཐོས་ཞེས་བྱས་པ་དང་། ཅིའི་ཕྱིར་དགེ་སློང་འཇབ་ཅིང་ཉན་ཅེས་
འཕྱ་བ་ལས་སྙན་དུ་བདས་ནས་བཀས་སྨད་དེ་ཉན་དུ་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ། གཞན་ཡང་དེ་དང་འདྲ་བའོ། །དགེ་སློང་རྣམས་ཞེས་བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །འཐབ་པ་དང་རྩོད་པ་དང་མི་མཐུན་པར་འགྱུར་རོ་ཞེས་བྱ་བ་ནི་བདག་གི་
ཕྱོགས་དང་གཞན་གྱི་ཕྱོགས་ཐ་དད་དུ་འཁོད་པའོ། །ཅང་མི་སྨྲ་བར་བཞབས་ཏེ་ཉན་ཅིང་འདུག་ཅེས་བྱ་བ་ནི་ཅང་མི་ཟེར་བར་འཇབ་པའོ། །དེ་དག་ཅི་ཟེར་ཉན་ནས་དེ་ལྟ་དེ་ལྟ་བུར་སྟ་གོན་བྱའོ་ཞེས་བྱ་བ་ནི་སྔ་ནས་བསམས་ཤིང་སྦྱར་རོ་སྙམ་མོ། །རྐྱེན་དེ་ཉིད་ཅེས་བྱ་བ་ནི་གཞན་མ་ཡིན་པའོ། །ལྟུང་བ་ནི་ངན་སོང་
གསུམ་དུའོ། །ཉེས་པ་ནི་དགེ་སློང་བར་ཁང་ངམ་སྒོ་ཁང་ངམ། ཁྱམས་སམ་དགར་འམ་ཡང་ཐོག་ཀྱང་རུང་སྟེ། དགེ་སློང་གྲོས་བྱེད་པ་མཐོང་ན། དགེ་སློང་དེས་རྐང་པའི་སྒྲའམ་སེ་གོལ་གྱི་སྒྲ་གཏོགས་ཤིག །ཡང་ན་མགུལ་པ་བསལ་བའི་སྒྲ་ཕྱུང་ཤིག །སེ་གོལ་དང་། མགུལ་པ་བསལ་བའི་སྒྲ་
མ་ཕྱུང་ལ་དེ་དག་གི་སྒྲ་ཐོས་ན་ཉེས་བྱས་སོ། །དོན་ཁོང་དུ་ཆུད་ན་ལྟུང་བར་འགྱུར་རོ། །འཁྲུགས་པར་བྱ་བ་མ་ཡིན་ལ་ཞི་བར་བྱ་བའི་ཕྱིར་འོང་བ་ནི་ལྟུང་བ་མེད་དོ། །དགེ་སློང་གྲོས་བྱེད་པ་ལས་ཅང་མི་སྨྲ་བར་འགྲོར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དྲུག་སྡེ་པོ་ལས་དགའ་བོ་དང་བསྙེན་
དགའ་བོ་གཉིས་དགེ་འདུན་གྱི་ནང་ན་འདུག་པ་དང་། བཅུ་བདུན་སྡེ་ལ་སྔན་ཆད་གཙེས་པས། བསྙེན་དགའ་བོ་བཅུ་བདུན་སྡེས་སྤངས་པའི་ལས་བྱས་ན། དགའ་བོས་ཤགས་གདབ་ཅིང་ནོན་བྱ་བར་བཤམས་ནས། བཅུ་བདུན་སྡེས་ཁྱོད་ཀྱང་སྤང་འདོད་དམ་ཞེས་བསྡིགས་ན། དེ་ཡང་ལ་བ་གྱོན་པའི་
เล่ม ๑๕๕ · หน้า 127a
ཁྲིའི་སྟེང་ན་བཞག་སྟེ། ཁ་རོག་ལངས་ཏེ་སོང་ངོ་། །དེ་ནས་བསྙེན་དགའ་བོ་སྤངས་ནས་ངུ་ཞིང་སོང་ནས་དགའ་བོ་ལ་ཁྱོད་ཀྱིས་ངའི་ནོན་མ་བྱས་སོ་ཞེས་སྨྲས་པ་དང་། བསྙེན་དགའ་བོ་ཁྱོད་གཞེས་ནས་མི་འདུག་པར་ལས་བྱས་པས་ན་མི་མཐུན་པར་བྱས་པས་ན་མི་བཙན་ནོ་ཞེས་ཟེར་བ་ལས།
དོན་ཉུང་ངུ་བའི་དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ཏེ། ཕྱིན་ཆད་དགེ་འདུན་ཆོས་བཞིན་ལས་བྱེད་པ་དང་། ཁ་རོག་སྟེ་འགྲོར་མི་གནང་བར་བསླབ་པ་བཅས་སོ། །དགེ་སློང་ཞེས་བྱ་བ་ནི་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དགེ་འདུན་རྣམ་པར་གདོན་མི་ཟ་བའི་གཏམ་འཛེར་བ་ནི་གསོལ་བ་དང་ཞུ་བའི་ལས་
གཉིས་དང་གསོལ་བ་དང་། བཞིའི་ལས་བྱེད་དོ། །སྟན་ལས་ལངས་ཏེ་འགྲོ་ཞེས་བྱ་བ་ནི་ཐོས་པའི་ཉན་འཁོར་སྤངས་པའོ། །དགེ་སློང་འཁོད་པ་ལས་མ་སྨྲས་ཞེས་བྱ་བ་ནི་དགེ་སློང་དེ་ན་སུ་འཁོད་པ་རྣམས་ལ་མ་སྨྲས་པའོ། །རྐྱེན་མ་གཏོགས་ཞེས་བྱ་བ་ནི་ནད་པ་དང་། ནད་གཡོག་དང་གཞང་ནད་ཅན་རྣམས་སོ། །
ཡང་ན་བཤང་གཅི་ལ་ཉེ་འཁོར་ལས་མ་འདས་པའོ། །ལྟུང་བ་ནི་ངན་སོང་གསུམ་དུའོ། །དགེ་སློང་མི་གུས་སུ་མི་གནང་བའི་གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེ་ན་དགེ་སློང་མང་ཞིག་འདུན་ཁང་དུ་འདུས་ནས། དེ་ནི་ཆོས་སོ་དེ་ནི་འདུལ་བའོ། །དེ་ནི་སྟོན་པས་བསྟན་པའོ། །ཞེས་དགེ་སློང་དག་རྩོད་པ་ཞི་
བའི་ལས་བྱེད་པའི་ཚེ། བ་ལང་ཉལ་གྱི་བུ་དགེ་སློང་ནག་པོ་ཞེས་བྱ་བ་དགེ་འདུན་ཆོས་བཞིན་དུ་སྨྲ་བ་ལ་ཉན་དུ་མི་བཏུབ། ཁོ་བོ་འབའ་ཞིག་གིས་དགེ་འདུན་ལ་ལས་བྱར་རུང་ངོ་ཞེས་བཟློག །དགེ་འདུན་གྱིས་ཆོས་བཞིན་མ་བྱས་སོ་ཞེས་ཁ་ངན་ཟེར། དགེ་སློང་མཁས་པ་གཞན་དག་གིས་བསྒོ་ན་ཡང་ཚིག་
མ་རྫོགས་པར་སླར་བཟློག །ཉན་དུ་མི་བཏུབ་ན་གུས་པར་མི་བྱེད་པས་ན་དོན་ཉུང་ངུ་བའི་དགེ་སློང་རྣམས་འཕྱ་བ་ལས་སྙན་དུ་བདས་ནས་ནག་པོ་ལ་བཀས་སྨད་ནས་མི་གུས་སུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །མི་གུས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། དགེ་འདུན་དང་གང་ཟག་
ལའོ། །དེ་ལ་དགེ་འདུན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཏེ། དེ་དག་གིས་བསྒོ་བ་ལ་མི་ཉན་པའོ། །གང་ཟག་ནི་སློབ་དཔོན་དང་མཁན་པོས་བསྒོ་བ་ལས་མི་ཉན་པའོ། །དེ་ལ་ཉེས་པ་ནི་དགེ་འདུན་གྱི་ལས་བྱེད་པས་འདུག་ཤིག་ཅེས་བསྒོ་བ་ལས་མི་འདུག་ན་ལྟུང་བའོ། །སོང་ཤིག་བསྒོ་བ་
เล่ม ๑๕๕ · หน้า 127b
ལས་འདུག་ན་ལྟུང་བའོ། །གནས་ཁང་དང་མལ་ཆ་མ་ལེན་ཅིག་ཅེས་བསྒོ་བ་ལས་ལེན་ན་ལྟུང་བར་འགྱུར་རོ། །ཇི་ལྟར་ལས་བྱེད་པས་བསྒོ་བ་ལ་མ་གུས་པ་བཞིན་དུ་སློབ་དཔོན་དང་། མཁན་པོ་ལ་མ་གུས་ན་ཡང་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་ནི་ངན་སོང་གསུམ་དུའོ། །ཆང་འཐུང་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ།
དེའི་ཚེ་ན་ཡུལ་སྦལ་དཀར་ཅན་ན་ཁྱིམ་བདག་རྟོགས་ལྡན་ཞེས་བྱ་བ་ཞིག་ཡོད་དེ་དེ་ལ་བུ་ཆུང་ཞིག་བཙས་ཏེ། ཁྱེའུའི་མིང་ཡང་ལེགས་འོངས་སུ་བཏགས་སོ། །ནམ་ལེགས་འོངས་བཙས་པའི་ཚེ་ན་ཕ་དང་མ་དང་། གཉེན་བཤེས་དང་བྲན་གཡོག་ཀུན་ཀྱང་དུས་ལས་འདས་ཏེ། ཁ་ཅིག་ནི་བྲོས་ནོར་
ཕྱུགས་དང་ལོངས་སྤྱོད་དག་ཀྱང་འགྲིབས་ཏེ་མེད་པར་གྱུར་ཏོ། །ལེགས་འོངས་ཡང་མུ་ཏོ་བ་བྱེད་དེ་སློང་མོ་སྤྱོད་པའི་ཚེ་མུ་ཏོ་བ་གཞན་རྣམས་ཀྱིས་ཀྱང་མི་འདོད་ཅིང་བརྡེགས་སོ། །དེ་ཡང་འཁྱམས་འཁྱམས་པ་ལས་སངས་རྒྱས་དང་ཕྲད་དེ། བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ཀྱི་ལྷག་མ་ཡང་བྱིན།
ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཡང་རབ་ཏུ་ཕྱུང་ངོ་། །དེ་ཡང་འབད་བརྩོན་པས་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དེའི་ཚེ་ན་ཡུལ་སྦལ་དཀར་ཅན་ན་ཀླུ་ཨམ་བྷ་ཞེས་བྱ་བ་མུ་སྟེགས་ཅན་ཡུལ་ཏེ་ཕྱོགས་ཀྱི་སྐྱེ་བོ་མང་པོ་ལ་གཙེ་ཞིང་གནོད་པ་མི་ཤ་ཟ་བ་ཞིག་གནས་པ་དེ། ཐུལ་ཅིག་པར་
ལེགས་འོངས་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། ལེགས་འོངས་ཀྱིས་ཀྱང་ཀླུ་དེ་བཏུལ་བས་ན་ཡུལ་ཕྱོགས་རང་གི་ཡུལ་དུ་ལེགས་འོངས་ཀྱི་ཡོན་ཏན་གྲགས་པའི་ཕྱིར་བཅོམ་ལྡན་འདས་ལེགས་འོངས་དང་། ཡུལ་དེ་ཕྱོགས་སུ་གཤེགས་པ་དང་ཡུལ་དེའི་བྲམ་ཟེ་དང་སྐྱེ་བོ་མང་པོས། བཅོམ་
ལྡན་འདས་ལ་སོགས་པ་ལ་བཤོས་གསོལ་ཏེ་ཚིམ་པར་བྱས་སོ། །ལེགས་འོངས་ཀྱི་ཕ་དང་མཛའ་བའི་བྲམ་ཟེ་ཞིག་གིས་ཟན་བྱིན་ནས། ཟན་ཞུ་བར་བྱ་བའི་ཕྱིར་གླང་པོ་ལ་བླུད་པའི་ཆང་གི་ནང་དུ་མཛུབ་མོས་སྨྱུགས་ཏེ་ཕབས་དང་བསྲེས་པ་བྱིན་པས་ན་དེ་ཡང་སྲང་གི་གྲིབ་མ་ཡོལ་གྱི་བར་དུ་
ས་ལ་མ་འགྱེལ་ཏོ། །ནམ་གྲིབ་མ་མེད་དེ་ཐང་ལ་བྱུང་བ་དེ་ན་ཉི་མས་ལུས་ལ་ཕོག་པ་དང་ཆང་གི་མཐུས་ས་ལ་འགྱེལ་ཏོ། །བཅོམ་ལྡན་འདས་ཀྱིས་ལོ་མའི་སྤྱིལ་པོ་ཞིག་བྱས་ཏེ་དེའི་སྟེང་དུ་བཞག་གོ། །འཁོར་གྱི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ལེགས་འོངས་ཀླུ་ཨམ་བྷ་འདུལ་ནུས་
เล่ม ๑๕๕ · หน้า 128a
པ་ད་དེར་སྦྲུལ་གྱི་ཕྲུ་གུ་དང་སྦལ་པ་ཡང་འདུལ་མི་ནུས་སོ་ཞེས་ནས་ལེགས་འོངས་བསླངས་ནས་ཁྱོད་ཅི་ཉེས་ཞེས་བཀའ་སྩལ་པ་དང་། བདག་ནི་མ་བརྟགས་པས་སོ་ཞེས་གསོལ་པ་དང་། དེ་བས་ན་དགེ་སློང་དག་ཉེས་པའི་དམིགས་སུ་གྱུར་པ་ནི་ཆང་འཐུངས་པ་ལས་གྱུར་པས་ན།
དགེ་སློང་ཆང་འཐུང་དུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །འབྲུའི་ཆང་ཞེས་བྱ་བ་ནི་འབྲུ་ལས་གྱུར་པ་དང་ཕྱེ་ལས་གྱུར་པ་སྟེ་ཕབས་དང་བསྲེས་པའོ། །འབྲས་བུའི་ཆང་ཞེས་བྱ་བ་ནི་རྩ་བ་ལས་གྱུར་པ་དང་། སྡོང་བུ་ལས་གྱུར་པ་དང་། མེ་ཏོག་དང་ལོ་མ་ལས་གྱུར་པ་ནི་འབྲས་བུའི་
ཆང་ཞེས་བྱའོ། །འཐུང་བ་ཞེས་བྱ་བ་ནི་མགྲིན་པར་མིད་པའོ། །ལྟུང་བ་ནི་ངན་སོང་གསུམ་དུ་ལྟུང་བའོ། །ཉེས་པ་ནི་དགེ་སློང་གིས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་ཆང་གི་ཁུ་བ་འཐུངས་ཏེ་མྱོས་པར་གྱུར་ན་ལྟུང་བའོ། །མ་སྨྱོས་ན་ཉེས་བྱས་སོ། །དགེ་སློང་གིས་འབྲས་བུའི་ཆང་གི་དྲི་དང་ཆང་གི་ཁུ་བ་འཐུངས་ཏེ་
མྱོས་པར་གྱུར་ན་ལྟུང་བར་འགྱུར་རོ། །མྱོས་པར་མ་གྱུར་ན་ཉེས་བྱས་སོ། །ཆང་གི་ཁ་དོག་ལྟ་བུ་དང་། ཚ་ལྟ་བུ་ལ་ཉེས་པ་མེད་དོ། །ཆང་གི་སྙིགས་མ་དང་གར་པོ་འཐུངས་ན་ལྟུང་བར་འགྱུར་རོ། །ཕབས་ཟོས་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་དུས་མ་ཡིན་པར་གྲོང་དུ་འགྲོ་བར་མི་གནང་བའི་གླེང་གཞི་ནི་མཉན་
དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཁྱིམ་བདག་ཞིག་ལ་བུ་མོ་ཞིག་ཡོད་དེ། དེ་ཡང་ཕའི་ཕྱི་བཞིན་དུ་འབྲངས་ཤིང་གཙུག་ལག་ཁང་དུ་སོང་བ་ལས། ཚེ་དང་ལྡན་པ་འཆར་ཀས་བུ་མོ་དེ་བཟུང་ནས་འོ་བྱས་པ་ལས་བུ་མོས་ཕ་ལ་སྦྲན་ཏེ། དེ་གཉིས་ཀྱིས་འཆར་ཀས་མི་ཚངས་པར་སྤྱད་པ་སྐད་དུ་བྲམ་ཟེ་ཀུན་སྦྲན་ནས། བྲམ་ཟེའི་
དམག་གིས་བསྐོར་ཏེ། འཆར་ཀ་རྒྱལ་པོ་གསལ་རྒྱལ་དང་། བཙུན་མོའི་གན་དུ་ཤགས་ལ་ཁྲིད་པ་དང་། རྒྱལ་པོས་བཙུན་མོ་ཕྲེང་ལྡན་མ་ལ་འཆར་ཀས་ཉེས་སམ་མ་ཉེས་རྟོག་ཏུ་བཅུག་པ་ལས། བཙུམ་མོ་དང་བློན་པོས་བརྟགས་ན་འཆར་ཀས་མ་ཉེས་པར་གྱུར་ཏེ། ལྷག་མ་ཙམ་ཞིག་བྱུང་བར་ཟད་པས་བུ་མོ་
དང་། ཕ་དང་བྲམ་ཟེ་རྣམས་ནི་འཕྲལ་ལ་ཆད་པས་བཅད་དོ། །བཙུན་མོས་འཆར་ཀ་ལ་བསྒོ་བ་སླན་ཆད་དེ་ལྟ་བུའི་བག་མེད་པ་མཛད་པ་མི་རིགས་སོ་ཞེས་བསྒོ་བ་དང་། འཆར་ཀ་ཡང་དེའི་མོད་ལ་ངོ་ཚ་ནས་བཅོམ་ལྡན་འདས་ཀྱི་གན་དུ་འགྲོ་མ་ནུས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་སྲས་པོའི་གན་དུ་སོང་ནས་སྔར་ཉེས་པ་བྱུང་
เล่ม ๑๕๕ · หน้า 128b
བ་རྣམས་བཤགས་ཤིང་འགྱོད་དེ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཡང་ཉེས་པ་ཤ་སྟག་བྱུང་སྟེ། ད་ནི་འཁོར་བས་སྐྱོ་ནས། ད་སླན་ཆད་འཁོར་བར་མི་སྐྱེ་བའི་ཐབས་ཅིག་གནང་ཞེས་གསོལ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་འཆར་བ་ལ་ཆོས་བཤད་པས་འཆར་ཀས་ཀྱང་
འབད་ཅིང་བརྩོན་པས་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དེ་ནས་འཆར་ཀས་བསམས་པ་བཅོམ་ལྡན་འདས་ཀྱི་བཀའ་དྲིན་ལན་གླན་པའི་ཕྱིར་སེམས་ཅན་གྱི་དོན་ལ་འགྲོའོ་སྙམ་ནས། སེམས་ཅན་གྱི་དོན་མང་ཞིག་ནི་བྱས་སོ། །དུས་ཕྱི་ཞིག་ན་མཉན་དུ་ཡོད་པ་ན་བུད་མེད་གཏུམ་མོ་ཞེས་བྱ་བ་ཞིག་ཡོད་
དེ་དེའི་བུ་འཆར་ཀ་དང་མཛའ་བས་རྟག་ཏུ་དེར་འགྲོ་ཞིང་ཆོས་འཆད་དོ། །ཕྱི་ཞིག་ན་གཏུམ་མོའི་བུ་ཡུལ་གཞན་དུ་སོང་བའི་འོག་ཏུ་འཆར་ཀ་ཡང་དེའི་ཆུང་མའི་གན་དུ་འགྲོ་ཞིང་ཆོས་འཆད་དོ། །དེའི་ཆུང་མ་དེ་མི་རྒོད་དཔོན་པོ་དང་ཉལ་བ་འཆར་ཀས་ཚོར་ན་ཁྱོ་ལ་བྱས་སུ་དོགས་པས་ན་དེ་སོད་ཅིག་ཅེས་མི་རྒོད་རྦད་
ན། མི་རྒོད་ན་རེ་དགེ་སློང་མཐུ་དང་ལྡན་པ་རྒྱལ་པོས་སྲས་ཀྱི་ཐབས་བྱིན་པས་གསད་དུ་མི་རུང་ངོ་ཞེས་བྱས་ན། དགྲ་བཅོམ་པ་ཡང་མ་དགོངས་ཀྱི་བར་དུ་ཡེ་ཤེས་མཐོང་བ་མི་འཇུག་ཅེས་ཟེར་གྱིས་ཐབས་ཤིག་བྱའོ་སྙམ་ནས། མོ་ན་བ་ལྟར་བྱས་ཏེ་ཉལ་བ་དང་། བྲན་མོ་སྦྲོན་དུ་བཏང་ནས་འོངས་པ་དང་སྒོའི་
སྟེང་ནས་འཇབ་སྟེ། རལ་གྲིས་འཆར་ཀའི་མགོ་བཅད་དེ་བསད་དོ། །དེའི་ནུབ་མོ་བཅོ་ལྔའི་གོས་སྦྱོང་ལ་བབ་ནས་འཆར་ཀ་མ་འདུས་ཏེ་གར་སོང་ཞེས་སྨྲ་ན། ཁུངས་མི་ཕྱིན་ཏེ་སླད་དེ་ཉིད་ལ་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་འཆར་ཀའི་མགོ་ཕྱག་དར་ཁུང་ནས་ཕྱུང་སྟེ། དགེ་སློང་ལ་ཉེས་པའི་
དམིགས་སུ་གྱུར་པ་ནི་དུས་མ་ཡིན་པར་གྲོང་དུ་འགྲོ་བ་ལས་བྱུང་ངོ་ཞེས་ནས། དུས་མ་ཡིན་པར་གྲོང་དུ་འཇུག་ཏུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དུས་མ་ཡིན་ཞེས་བྱ་བ་ནི་དུས་ལ་རྣམ་པ་གཉིས་ཏེ། སྐྱ་
རེངས་མ་ཤར་བ་དང་ཉི་མ་ཡོལ་ཕན་ཆད་དོ། །གྲོང་ཞེས་བྱ་བ་ནི་སྲང་དང་སུམ་མདོ་དང་བཞི་མདོ་གང་ལ་ཡོད་པའོ། །འཇུག་ཅེས་བྱ་བ་ནི་འགྲོ་བའོ། །འཁོད་པའི་དགེ་སློང་ལ་སྨྲོས་ཤིག་ཅེས་བྱ་བ་ནི་གཞི་ན་དགེ་སློང་སུ་འཁོད་པ་རྣམས་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཞེས་བྱ་བ་ནི་དགེ་སློང་གཅིག་
เล่ม ๑๕๕ · หน้า 129a
ཅིག་ལྷུང་བཟེད་དང་ཆོས་གོས་གྲོང་དུ་གཏམས་པ་ལ་མེ་ཐར་ཏེ། ཆོས་གོས་དག་མེས་ཚིག་པར་གྱུར་ཏེ། དགེ་སློང་བྲེལ་བ་དང་། དགེ་སློང་ནད་པ་དག་སྨན་གྲོང་དུ་མི་ལེན་པ་དང་། དགེ་འདུན་གྱི་འཚོ་བའི་ཡོ་བྱད་གྲོང་དུ་མི་ཚོལ་བ་ལས་ཐུགས་རྗེར་དགོངས་ཏེ་དེ་ལྟ་བུའི་ཕྱིར་གནང་
ནས་གཞན་ནི་ལྟུང་བར་འགྱུར་རོ་ཞེའོ། །ཉེས་པ་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་བཞིན་དུ་འགྲོ་ན་ལྟུང་བར་འགྱུར་རོ། །ཐེ་ཚོམ་ན་ཡང་ངོ་། །དུས་ཡིན་པ་ལ་མ་ཡིན་པར་འདུ་ཤེས་སམ་ཐེ་ཚོམ་ན་ཡང་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་བརྒྱད་ཅུ་པ་རྫོགས་སོ།། །།ཟས་
དང་བཅས་པའི་སྔ་རོལ་དུ་གུད་དུ་འགྲོར་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་བསྙེན་དགའ་བོས་ཁྱིམ་བདག་གཞན་ཞིག་ལ་ཆོས་བཤད་ནས་དད་པར་བྱས་ཏེ། ཁྱིམ་བདག་དེས་བསྙེན་དགའ་བོའི་ཕྱིར་བཅོམ་ལྡན་འདས་ལ་བཤོས་གསོལ་བར་ཁས་བླངས་ནས། དགེ་འདུན་
བསྙེན་དགའ་བོས་སྤྱན་དྲངས་ནས་ནང་པར་ཁྱིམ་དུ་ཞལ་ཏ་བྱེད་དུ་སོང་བ་དང་། བསྙེན་དགའ་བོས་ཁྱིམ་བདག་ལ་ང་མ་འོངས་ཀྱི་བར་དུ་བཤོས་མ་འདྲིམ་པར་སྡོད་ཅིག་ཅེས་བྱས་ནས་གྲོང་གཞན་དུ་འཕྱིན་དུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཁྱིམ་དེར་གཤེགས་ནས་གདན་
ལ་བཞུགས་ཏེ། ཟན་བྲིམས་ཤིག་ཅེས་བྱས་ན་བསྙེན་དགའ་བོ་འོངས་སམ་ཞེས་སོ། །ལན་དུ་མར་བྱས་ཀྱང་འདྲིམ་དུ་མ་བཏུབ་ནས་ཀུན་དགའ་བོ་ལ་བྲིམས་ཤིག་ཅེས་བཀའ་སྩལ་ནས་ཀུན་དགའ་བོས་བྲིམས་ནས་གདུགས་ཚོད་ཡོལ་ནས། དགེ་སློང་གནས་བརྟན་ཁ་ཅིག་ནི་ཟན་ཆད་དོ། །ཁ་ཅིག་ནི་འདྲིམ་
བཞིན་དུ་བཅད་དེ་ཟད་པ་དང་བསྙེན་དགའ་བོ་ཡང་འོངས་ནས། དགེ་འདུན་རྣམས་ཀྱིས་འགྱོད་པ་དང་། དེས་ཀྱང་ཁྱིམ་བདག་ལ་སྔར་འདྲིམ་ན་ཅི་ཉེས་ཞེས་བསྒོ་བ་དང་། ཁྱིམ་བདག་གིས་ཀྱང་ཁྱོད་ན་རེ་མ་འོངས་ཀྱི་བར་དུ་མ་འདྲིམ་ཤིག་ཅེས་མི་ཟེར་རམ་ཞེས་བྱས་པ་དང་། བསྙེན་དགའ་བོ་ཡང་
སྐྱེངས་ནས། དགེ་སློང་གཞན་དོང་ཡང་ཕྱི་ན་ཁྱིམ་བདག་གི་ཁྱིམ་ན་ཐལ་བྱུང་འདུག་གོ། །དེའི་ཚེ་གསོ་སྦྱོང་གི་དུས་ལ་བབ་ནས་བསྙེན་དགའ་བོ་དད་པ་མ་བླངས་པར་གྱུར་ཏེ། དགེ་འདུན་རྣམས་ཀྱིས་དེ་སྡོད་སྡོད་ནས་དགེ་འདུན་རྣམས་ཀྱང་མི་དགའ་བར་གྱུར་ཏེ་བསྙེན་དགའ་བོས་སྔ་དྲོ་ནི་ཟས་ཀྱིས་མནར་
เล่ม ๑๕๕ · หน้า 129b
ཏོ་ཞེས་དགེ་སློང་དག་མི་སྙེན་པར་ཟེར་བ་སྙེན་དུ་བདས་ནས། ཕྱིན་ཆད་ཟས་ཀྱི་སྔ་རོལ་དང་། ཟས་ཟོས་ཀྱི་འོག་ཏུ་གྲོང་རྒྱུ་ཞིང་འགྲོར་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ། གཞན་ཡང་དེ་དང་འདྲ་བའོ། །ཟས་དང་བཅས་པ་ཞེས་བྱ་བ་ནི་
གར་བོས་པའོ། །ཁྱིམ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་མོ། །མགྲོན་དུ་བོས་ཞེས་བྱ་བ་ནི་ཟས་ལའོ། །ཟས་ཀྱི་སྔ་རོལ་ཞེས་བྱ་བ་ནི་སྔ་དྲོ་སྟེ་ཁྱིམ་གཉིས་ལས་འདས་ན་ལྟུང་བར་འགྱུར་རོ། །ཟས་ཟོས་ཀྱི་འོག་ཅེས་བྱ་བ་ནི་ཕྱི་དྲོ་སྟེ། ཁྱིམ་གསུམ་ལས་འདས་པར་གྱུར་ན་ལྟུང་བར་འགྱུར་
རོ། །རྒྱུ་ཞེས་བྱ་བ་ནི་འགྲོ་བའོ། །ཁྱིམ་པ་འདུག་པ་ལ་མ་སྒོ་ཞེས་བྱ་བ་ནི་ཁྱིམ་དེ་ན་ཁྱིམ་པ་གང་འཁོད་པའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །རྐྱེན་མ་གཏོགས་ཞེས་བྱ་བ་ནི་དགེ་སློང་ནད་པ་དང་ནད་གཡོག་དང་ཞལ་ཏ་བ་རྣམས་མ་འབྱོར་པར་གྱུར་པ་ལས་སྙན་དུ་བདས་ནས། དེ་ལྟ་བུའི་རྐྱེན་བྱུང་བ་ནི་དུས་ཏེ་
གནང་ངོ་། །ཉེས་པ་ནི་ཟས་ཀྱི་སྔོན་རོལ་དུ་ཁྱིམ་གཉིས་པ་ལས་འདས་སམ་ཟས་ཟོས་ཀྱི་འོག་ཏུ་ཁྱིམ་གསུམ་ལས་འདས་ཤིང་རྒྱུ་ན་ལྟུང་བར་འགྱུར་རོ། །མགྲོན་དུ་མ་བོས་པ་ནི་ཉེས་མེད་དོ། །དགེ་སློང་སྐྱ་རེངས་མ་ཤར་བར་རིན་པོ་ཆེ་མ་བསྡུས་པར་རྒྱལ་པོའི་སྒོ་གཏན་ལས་འདར་མི་གནང་བའི་གླེང་གཞི་ནི་
མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་གྱི་ནུ་བོ་ནག་པོ་དང་། ཁྱིམ་བདག་བཟང་སྦྱིན་ལ་སངས་རྒྱས་ཀྱིས་ཆོས་བཤད་པའི་ཚེ་དེ་དག་ནི་ཆོས་མཁས་པས་ཡང་ནས་ཡང་དུ་འདྲི་ཞིང་ལན་གསོལ་ཏོ། །རྒྱལ་པོ་གསལ་རྒྱལ་ཀྱང་དེར་འདུས་ཏེ་འདུག་གོ། །རྒྱལ་པོ་ནི་ཆོས་མི་ཤེས་པས་འདྲི་
རྟོག་ཀྱང་མ་ནུས་ནས་འདུག་གོ། །ཁྱིམ་བདག་གཉིས་ཆོས་འདྲི་རྟོག་པ་ལ་རྒྱལ་པོ་ཡི་རངས་ནས་བཙུན་མོ་ལ་བཟླས་པ་དང་། རྒྱལ་པོས་ཀྱང་གསན་པར་རིགས་སོ་ཞེས་བྱས་པ་དང་། ང་ནི་ཉིན་པར་རྒྱལ་སྲིད་ཀྱི་བྱ་བས་བྲེལ་གྱི་ནུབ་མོ་ཞིང་ཁྱེད་ལ་ཉན་ཏོ། །ཞེས་ནས་བཙུན་མོ་ན་རེ་བདག་ཅག་གིས་མཉན་ཏེ། རྒྱལ་པོ་
ལ་གསོལ་ཏོ་ཞེས་ནས། ཕྲེང་ལྡན་མའི་སློབ་དཔོན་དུ་ནི་འཆར་ཀ། བཙུན་མོ་དབྱར་བྱེད་ཀྱི་ནི་ཤཱ་རིའི་བུ་ཡིས་གསོལ་ནས་དེ་གཉིས་ཀྱང་སློབ་དཔོན་དུ་གནང་ངོ་། །དེར་ཤཱ་རིའི་བུ་ནི་དུས་དུས་སུ་འགྲོའོ། །འཆར་ཀ་ནི་བབ་བབ་ཏུ་འགྲོའོ། །དུས་གཅིག་ན་རྒྱལ་པོ་ཡུལ་གཞན་ཞིག་ཏུ་འགྲོ་སྟེ། ནམ་མ་ལངས་པར་རྟ་དང་
เล่ม ๑๕๕ · หน้า 130a
གླང་པོ་ཆེའི་སྒྲ་དང་སྐྱེ་བོ་མང་པོའི་ཅ་ཅོ་ཐོན་པ་དང་། ཚེ་དང་ལྡན་པ་འཆར་ཀ་ནི་རྨི་ལམ་ན་ནམ་ལངས་སྙམ་ནས་བཙུན་མོའི་གན་དུ་ནང་དུ་སོང་བ་དང་། བཙུན་མོ་ཉལ་ཞིང་རིན་པོ་ཆེའི་སྒྲོན་མ་དང་བཅས་པའི་གན་དུ་ཕྱིན་ནས་སེ་གོལ་གྱིས་བསླངས་པ་དང་། བཙུན་མོ་ཡང་བརྟབས་བཞིན་དུ་ལངས་ཏེ་
གོས་བརྗེས་བཞིན་དུ་ཞུ་བ་དང་། ལུང་འབོགས་པ་བྱས་ནས་འཆར་ཀའི་ལྷུང་བཟེད་ཟས་ཀྱིས་བཀང་སྟེ་བྱིན་ནས་འཆར་ཀ་སླར་སོང་བ་དང་། ཤཱ་རིའི་བུ་ཚུར་འོངས་པ་དང་གཉིས་ལམ་དུ་ཕྲད་ནས། ཤཱ་རིའི་བུས་འཆར་ཀ་ལ་དེ་ལྟ་བུས་ཀྱང་ཟག་པ་ཟད་དམ་ཞེས་བྱས་ནས་འཆར་ཀ་ལྷ་ཁང་དུ་ཕྱིན་ནས་གར་ཕྱིན་ཅེས་དགེ་སློང་
གཞན་དག་གིས་དྲིས་ན་རྒྱལ་པོའི་ཕོ་བྲང་དུའོ། །ཅི་ཙམ་ན་ཕྱིན་ཅེས་བྱས་ནས་ནམ་མ་ལོངས་པར་རོ། །འོ་ན་དེ་ལྟར་དབང་ངམ་ཞེས་བྱས་པ་དང་། མི་དབང་ཡང་རུང་སྟེ། ལྷུང་བཟེད་གང་བ་ལྟོས་ཞེས་བྱས་པ་དང་། དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ཏེ། ཕྱིན་ཆད་ནམ་མ་ལངས་རིན་པོ་ཆེའི་སྒྲོན་མ་དང་། སྐུ་
སྲུང་གི་མཚོན་ཆ་མ་བསྡུས་པར་རྒྱལ་པོའི་སྒོ་གཏན་ལས་འདར་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་ཞེས་བྱ་བ་ནི་འཆར་ཀ་སྟེ་གཞན་ཡང་དེ་དང་འདྲ་བའོ། །ནམ་མ་ལངས་ཞེས་བྱ་བ་ནི་ནམ་མ་ཟད་པའོ། །སྐྱ་རེངས་མ་ཤར་ཞེས་བྱ་བ་ནི་མ་བྱུང་བ་སྟེ། སྐྱ་རེངས་རྣམ་པ་གསུམ་ཡོད་དེ་སྔོན་པོ་དང་སེར་པོ་དང་
དམར་པོའོ། །སྐྱ་རེངས་སྔོན་པོ་ཞེས་བྱ་བ་ནི་དང་པོ་སྔོ་བར་སྣང་བའོ། །དེའི་འོག་ཏུ་སེར་བར་སྣང་བ་ནི་སྐྱ་རེངས་སེར་པོའོ། །དེའི་འོག་ཏུ་ཡུད་ཙམ་དམར་བར་སྣང་བ་ནི་སྐྱ་རེངས་དམར་པོ་སྟེ། སྐབས་དེར་ནི་དམར་པོ་ཉིད་མཚན་མར་བཟུང་ངོ་། །རིན་པོ་ཆེ་ཞེས་བྱ་བ་ནི་ནོར་རིན་པོ་ཆེ་དང་བཻ་ཌཱུརྱ་དང་། མུ་
ཏིག་ལ་སོགས་པ་ཉལ་བ་ལ་འོད་སྣང་བར་བྱེད་པ་ནི་རིན་པོ་ཆེ་ཞེས་བྱའོ། །རིན་པོ་ཆེ་ལྟ་བུ་ཞེས་བྱ་བ་ནི་རལ་གྲི་དང་མདའ་དང་། མདུང་དང་། རོལ་མོའི་ཆ་སྤྱད་ཐམས་ཅད་དང་། དགྲ་ཆའི་མཚོན་ཆ་ཐམས་ཅད་ནི་རིན་པོ་ཆེ་ལྟ་བུ་ཞེས་བྱའོ། །མ་བསྡུས་ཞེས་བྱ་བ་ནི་དེ་དག་བཙུན་སྲུངས་རྣམས་ཀྱིས་མ་
བསྡུས་པའོ། །རྒྱལ་པོ་རྒྱ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་རྒྱལ་རིགས་དང་། དམངས་རིགས་དང་། རྗེའུ་རིགས་དང་། བུད་མེད་གང་ཡང་རུང་སྟེ། རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའོ། །སྒོ་གཏན་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། རྒྱལ་པོའི་སྒོའི་གཏན་པ་དང་། བཙུན་མོའི་སྒོའི་གཏན་
เล่ม ๑๕๕ · หน้า 130b
པ་དང་གྲོང་ཁྱེར་གྱི་སྒོའི་གཏན་པའོ། །རྒྱལ་པོ་དང་བཙུན་མོའི་སྒོའི་གཏན་པ་ལས་འདས་ན་ལྟུང་བར་འགྱུར་རོ། །རྒྱལ་པོ་དང་བཙུན་མོའི་གནས་སུ་འགྲོ་བ་ལས་གྲོང་ཁྱེར་གྱི་སྒོའི་གཏན་པ་ལས་ཕར་འདས་ན་ཉེས་བྱས་སུ་འགྱུར་རོ། །རྐྱེན་མ་གཏོགས་ཞེས་བྱ་བ་ནི་རྒྱལ་པོ་མ་དད་པ་དང་། བཙུན་མོ་མ་
དད་པ་འདུལ་བའམ། བཙུན་མོ་དང་བློན་པོས་བཀུག་པ་ནི་མ་གཏོགས་སོ། །དགེ་སློང་ནམ་མ་ལངས་པ་ལ་ལངས་པར་འདུ་ཤེས་པ་དང་། ཐེ་ཚོམ་བཞིན་དུ་རྒྱལ་པོ་དང་བཙུན་མོའི་སྒོ་གཏན་ལ་སྐྱ་རེངས་མ་ཤར་བར་འདས་ན་ལྟུང་བ་རེ་རེར་འགྱུར་རོ། །ནམ་ལངས་པ་ལ་མ་ལངས་པར་འདུ་ཤེས་པ་དང་།
ཐེ་ཚོམ་བཞིན་དུ་འདས་ན་ཉེས་བྱས་སུ་འགྱུར་རོ། །བར་ཆད་ཆེན་པོ་བརྒྱད་ཀྱིས་བསྐལ་ཏེ་སྒོའི་གཏན་པ་ལས་འདས་པ་ནི་ལྟུང་བ་མེད་དོ། །སོ་སོར་ཐར་པའི་མདོ་འདོན་པའི་ཚེ་ད་གདོད་ཐོས་སོ་ཞེས་ཟེར་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་
ལ་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པ་བཤད་པར་ཐོན་ཅིག་ཅེས་བཀའ་སྩལ་པས་ན། དགེ་སློང་དྲུག་སྡེ་རྣམས་སོ་སོར་ཐར་པའི་མདོ་འདོན་པའི་ཚེ། རི་མོར་བྱས་ཤིང་ཆོས་མི་ཉན་བླ་མར་མི་བྱེད་སེམས་བཏུད་ཅིང་རྣ་བ་བླགས་ཏེ་མི་ཉན་པས། སླད་ཀྱིས་སོ་སོར་ཐར་པ་འདོན་པའི་ཚེ་དྲུག་སྡེ་དག་ན་རེ་
ཚིག་འདི་དག་སོ་སོ་ཐར་པ་ལས་འབྱུང་བར་གདོད་ཤེས་ཞེས་སྔན་ཆད་མ་ཐོས་པ་སྐད་ཟེར་ན། དགེ་སློང་དག་ན་རེ་སྔོན་ཆད་ཀྱང་གསོ་སྦྱོང་གི་སར་ལན་གཉིས་ལན་གསུམ་གྱི་བར་དུ་འདུག་ན་འདི་དག་མ་ཐོས་ཞེས་བྱ་བ་ཡང་གུས་པར་ཉན་པའི་ཕྱིར་རོ་ཞེས་དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ཏེ། བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་དག་མ་རྙེད་པའོ། །ལེགས་པར་མ་རྙེད་པའོ་ཞེས་རྣམ་གྲངས་དུ་མས་སྨད་ནས་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་སྟེ་གཞན་ཡང་དེ་དང་འདྲ་བའོ། །ཟླ་བ་ཕྱེད་ཕྱེད་ཅེས་བྱ་བ་ནི་གསོ་སྦྱོང་གི་དུས་ཀྱི་ཚེའོ། །སོ་སོར་ཐར་པའི་མདོ་
ཞེས་བྱ་བ་ནི་ཕས་ཕམ་པའི་ཆོས་བཞི་ནས། རྩོད་པ་ཞི་བའི་བར་དུ་ལྟུང་བ་རིས་ལྔ་རྣམས་ལ་བྱའོ། །མདོ་བཤད་པ་ཞེས་བྱ་བ་ནི་ཡང་དག་པར་བཀོད་པའམ་མདོ་བཤད་པ་ལ་བྱའོ། །འདོན་པའི་ཚེ་ཞེས་བྱ་བ་ནི་རབ་ཏུ་བསྒྲགས་པའོ། །འདི་སྐད་ཟེར་ཅེས་བྱ་བ་ནི་སྨྲས་པའོ། །ཚེ་དང་ལྡན་པ་བདག་གིས་ད་གདོད་ཤེས་སོ་
เล่ม ๑๕๕ · หน้า 131a
ཞེས་བྱ་བ་ནི་ད་ལྟ་ལ་བྱའོ། །ཇི་ལྟར་ཆོས་འདི་མདོའི་ནང་དུ་ཆུད་ཅེས་བྱ་བ་ནི་ཇི་ལྟར་ཆོས་འདི་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོའི་ནང་དུ་ཀླག་པར་བྱའོ། །དེ་སྟེ་དེ་དགེ་སློང་གིས་ཞེས་བྱ་བ་ནི་དགེ་སློང་གང་དེ་ན་འཁོད་པའོ། །ཚེ་དང་ལྡན་པ་སྔོན་འདི་ན་འདུག་ཅེས་བྱ་བ་ནི་དེ་དག་གང་ཡིན་པའོ། །གསོ་
སྦྱོང་གི་ལས་ལན་གཉིས་ལན་གསུམ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ལས་ལན་གཉིས་ལན་གསུམ་དུ་སྟོན་པའི་ཚེ་ཡོད་པའོ། །མི་ཤེས་པས་ཐར་པར་མི་འགྱུར་ཞེས་བྱ་བ་ནི་མི་ཤེས་པས་མི་གྲོལ་ཐར་པ་མེད་པས་ན་མི་ཤེས་སུ་མི་རུང་བའི་དོན་ཏོ། །ལྟུང་བ་ནི་སེམས་ཅན་དམྱལ་བ་བར་རོ། །ཆོས་ལ་བསྟི་སྟང་དང་རི་མོ་དང་
གུས་པར་མི་བྱེད་ནས། སོ་སོར་ཐར་པའི་མདོ་ལན་གཉིས་ལན་གསུམ་དུ་ཐོས་པ་ལས་ཕས་ཕམ་པ་ནས་རྩོད་པ་ཞི་བའི་བར་དུ་ད་གདོད་ཐོས་སོ། །ཞེས་སྨྲ་ན་ཐམས་ཅད་དུ་ལྟུང་བ་རེ་རེར་འགྱུར་རོ། །མི་ཤེས་ཡང་དག་པ་ལ་ལྟུང་བ་མེད་དོ། །རྭ་དང་རུས་པ་ལས་ཁབ་རལ་བྱེད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་
ཡོད་པ་ན་སྟེ། དེའི་ཚེ་ན་བ་སོ་དང་རྭ་འདུས་པའི་ཁབ་རལ་མང་དུ་བྱས་ནས་འཆང་བ་དགེ་སློང་ཀུན་གྱིས་ཀྱང་གླ་རྔན་ནམ་ཟན་བྱིན་པ་ནི་མེད་དེ། ཀུན་གྱིས་ཀྱང་བསླངས་པ་ཟད་པར་གྱུར་ཏེ། རྒྱགས་ཟོང་མེད་པས་ན་དབུལ་པོར་གྱུར་པས་མུ་སྟེགས་ཅན་རྣམས་བ་སོ་མཁན་སྔོན་ངེད་ལ་དད་པའི་ཚེ་ནི་ཕྱུག་ད་ནི་ཤཱཀྱའི་དགེ་
སྦྱོང་རྣམས་ལ་དད་པས་དབུལ་པོར་གྱུར་ཏོ་ཞེས་འཕྱ་བ་ལས་སྙན་དུ་བདས་ནས། མགུ་མི་མྱོང་བ་ཆོག་མི་ཤེས་པའོ་ཞེས་བཀས་སྨད་དོ། །རྭ་ལས་ཁབ་རལ་བྱེད་དུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་མང་པོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །བ་སོ་ཞེས་བྱ་
བ་ནི་སོ་ཉིད་དོ། །ཁབ་རལ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཁ་གབ་ཅན་དང་དོང་བུར་ཅན་ནོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །བཅག་ནས་ཞེས་བྱ་བ་ནི་བཅག་པའི་འོག་ཏུ་གདོད་ལྟུང་བ་བཤགས་པའོ། །ལྟུང་བ་ནི་སེམས་ཅན་དམྱལ་བར་རོ། །གང་གི་མདུན་དུ་ལྟུང་བ་བཤགས་པ་དེས་
ཀྱང་ཁབ་རལ་ཁྱོད་ཀྱིས་བཅག་གམ་མ་བཅག་ཅེས་དྲིས་ཤིག་མ་དྲིས་པར་དངོས་པོ་དེ་བཤགས་ན་བཤགས་པ་དང་ཉན་པ་གཉིས་ཀ་ཉེས་བྱས་སུ་འགྱུར་རོ། །ལྟུང་བ་དེ་ཡང་བཤགས་པར་མི་འགྱུར་རོ། །ཁྲིའི་རྐང་པ་ཐུང་ངུ་དང་ཧ་ཅང་རིང་པོ་ལ་ཉལ་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་
เล่ม ๑๕๕ · หน้า 131b
པ་ན་སྟེ། དེའི་ཚེ་དགེ་སློང་བསོད་སྙོམས་པ་ཞིག་ཁྲི་རྐང་པ་ཐུང་ངུ་ཞིག་གི་སྟེང་ན་འདུག་སྟེ། རྐང་པ་བཀྲུས་ནས་སྒོ་ཁང་གི་གྲིབ་མ་ལ་ཁྲིའི་སྟེང་ན་བསམ་གཏན་བྱེད་ཅིང་འདུག་པ་དང་། སྦྲུལ་ཚ་བས་གདུངས་པ་ཞིག་ཉེ་བར་འོངས་ཏེ། ཆུའི་ནང་ན་འཁྱིལ་ཞིང་ཉལ་བ་དང་དགེ་སློང་ལམ་གྱིས་ངལ་
བས་ཁྲིའི་སྟེང་ན་འཆག་པ་དང་། ཁྲི་འཚིགས་པའི་སྒྲས་སྦྲུལ་ཁྲོས་ཏེ། དགེ་སློང་དེའི་དཔྲལ་བར་ཟིན་ནས་དགེ་སློང་དེ་ཡང་དུས་ལས་འདས་ཏེ་སུམ་ཅུ་རྩ་གསུམ་ལྷའི་ཁམས་སུ་སྐྱེས་སོ། །དེ་ལྟ་བུའི་ཉེས་པའི་དམིགས་སུ་གྱུར་པ་དང་། ཁྲིའི་རྐང་པ་ཐུང་ངུ་ལ་མ་ཉལ་ཅིག་ཅེས་བཀའ་སྩལ་
པ་དང་། དྲུག་སྡེ་རྣམས་ཁྲི་རྐང་པ་བཅུ་གཉིས་པ་བྱས་ནས་སྐས་བཙུགས་ཏེ་ཉལ་བ་དང་། དེ་ཉིད་ཉེས་པའི་དམིགས་སུ་གྱུར་ཏེ་སླན་ཆད་ཁྲུ་གང་ལས་རིང་བར་བྱེད་དུ་མི་གནང་བར་བཅས་སོ། །ཕྱིས་འཆར་ཀ་ལུས་རིང་བས་ཁྲི་ལ་དཀུ་རྟེན་བཅས་པ་དང་པུས་མོ་དང་ཀོ་སྐོར་རེག་པས་བུ་གར་
གཞུག་པ་མ་གཏོགས་ཏེ། བདེ་བར་གཤེགས་པའི་སོར་བརྒྱད་ཅེས་བྱ་བ་ནི་ཁྲུ་ཚད་མ་གང་ངོ་། །ཁྲུ་གང་གཞུག་པ་མ་གཏོགས་ཞེས་བྱ་བ་ནི་གནང་བའོ། །དེ་ལས་ཞེས་བྱ་བ་ནི་འདས་པའོ། །བཅད་ནས་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་རིང་བ་དེ་བཅད་ནས་ལྟུང་བ་བཤགས་པར་བྱའོ། །ལྟུང་བ་ནི་ངན་
སོང་གསུམ་དུའོ། །གང་གི་མདུན་དུ་བཤགས་པ་དེས་ཁྱོད་ཀྱིས་དངོས་པོ་དེ་བཅད་དམ་མ་བཅད་ཅེས་དྲིས་ཤིག་མ་དྲིས་པར་བྱས་ན་གཉི་ག་ལ་ཉེས་བྱས་སོ། །ལྟུང་བ་དེ་ཡང་བཤགས་པར་མི་འགྱུར་རོ། །དགེ་འདུན་གྱི་ཁྲི་ལ་ཤིང་བལ་བརྡལ་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་
འདུན་གྱི་མལ་སྟན་བགོས་ཟིན་པའི་འོག་ཏུ་དེའི་ནུབ་མོ་དགེ་སློང་བསོད་སྙོམས་པ་རྒན་པ་ཞིག་གློ་བུར་དུ་འོངས་པ་དེས་མལ་མ་ཐོབ་ནས། དགེ་འདུན་རྣམས་ཀྱི་ནང་ན་བསྙེན་དགའ་བོ་གཞོན་པས་ན་དེའི་མལ་སྟན་བསོད་སྙོམས་པ་ལ་བྱིན་ཅིག་ཅེས་བྱས་པ་དང་། དེས་ཀུ་རེ་སྦྱར་ཏེ་ཁྲི་གཡོགས་ཀྱི་
ནང་ཚངས་ཤིང་བལ་བཏོན་ཏེ། ཁྲི་ལ་བརྡལ་ནས་རས་ཀྱིས་གཡོགས་ཏེ་བཞག་གོ། །ནམ་སྲོས་པ་དང་རས་བཤུས་ཏེ། ཉལ་དུ་བཅུག་པས། ནང་པར་ལུས་ཀུན་ཤིང་བལ་གྱིས་གོས་པ་ལས་དགེ་སློང་གཞན་རྣམས་ཀྱིས་ཁྱོད་ཅི་འབྲས་ཀྱི་ཡུལ་ན་ཉལ་ཉལ་ལམ་ཞེས་བྱས་པ་དང་། བསྙེན་དགའ་བོས་དེ་ལྟར་
เล่ม ๑๕๕ · หน้า 132a
ཀུ་རེ་བྱས་སོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་དག་འཕྱ་སྟེ། ཅིའི་ཕྱིར་དགེ་འདུན་གྱི་ཁྲི་ལ་ཤིང་བལ་བརྡལ་ཞེས་མི་སྙན་པར་འཛེར་བ་སྙན་དུ་བདས་ནས་དགེ་སློང་གི་བྱ་བ་མ་ཡིན་ཞེས་སྨད་དེ། ཁྲི་ལ་ཤིང་བལ་བརྡལ་དུ་མི་གནང་བར་འདུལ་བ་ལ་བསླབ་པ་བཅས་སོ། །ཡང་དགེ་
སློང་གང་ཞེས་བྱ་བ་ནི་བསྙན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །དགེ་འདུན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་སོ། །ཁྲི་དང་ཁྲིའུ་ནི་དངོས་སུ་ཟད་དོ། །ཤིང་བལ་ནི་རྣམ་པ་ལྔ་པོ་ལས་གང་རུང་སྟེ་ཀ་ཤ་དང་། བུ་ཀ་དང་ཤ་མ་ལི་དང་། ཀ་ཤ་དང་། བལ་ཅེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བཅུག་ཅེས་
བྱ་བ་ནི་གཞན་ལ་བཅོལ་བའོ། །ལྟུང་བ་ནི་སྔ་མ་བཞིན་ནོ། །ཉེས་པ་གང་གི་མདུན་དུ་བཤགས་པ་དེས་ཁྱོད་ཀྱིས་དངོས་པོ་དེ་བསྡུས་སམ་ཞེས་དྲིས་ཤིག །མ་དྲིས་པར་བཤགས་སམ་ཉམས་སུ་བླངས་ན་གཉི་ག་ལ་ཉེས་བྱས་སོ། །ལྟུང་བ་དེ་ཡང་མ་བཤགས་པ་ཡིན་གྱིས་སླར་ཤོགས་ཤིག །གདིང་བ་ཚད་ལས་
ལྷག་པར་བྱེད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གདིང་བ་དགེ་འདུན་གྱི་མལ་སྟན་བཟང་བར་བྱ་བའི་ཕྱིར་གདིང་བ་ཚད་བཞིན་དུ་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་མང་པོ་རྣམས་ཀྱིས་ཚད་ལས་འདས་པར་བྱས་པ་དང་དོན་ཉུང་ངུ་བའི་དགེ་སློང་
དག་འཕྱ་ཞིང་མི་སྙན་པར་ཟེར་བསྙན་དུ་བདས་ནས། ཆོག་མི་ཤེས་པ་མགུ་མི་མྱོང་བ་ཞེས་བཀས་སྨད་དེ་གདིང་བའི་ཚད་སྲིད་དུ་བདེ་བར་གཤེགས་པའི་མཐོ་དོ། །ཞེང་དུ་མཐོ་ཕྱེད་དང་དོའི་ཐད་དུ་གྱིས་ཤིག་ཅེས་བསླབ་པ་བཅས་པ་དང་། ཕྱིས་ཚེ་དང་ལྡན་པ་འཆར་ཀ་པོ་ལུས་རིང་བས་གདིང་བས་མ་སླེབས་ནས་མལ་
སྟེང་ཉེས་པར་མི་འགྱུར་བར་བྱ་བའི་ཕྱིར་རྐང་པ་ལོགས་སུ་ལོ་མས་བཏུད་ཅིང་ཉལ་བ། ཕྱིས་བཅོམ་ལྡན་འདས་གཙུག་ལག་ཁང་ཉུལ་བའི་ཚེ་གཟིགས་ནས། དེ་ཅི་ཡིན་ཞེས་དྲིས་པ་དང་། བཅོམ་ལྡན་འདས་ཀྱིས་གདིང་བའི་ཚད་སྔར་གནང་བས་འཆར་ཀའི་ལུས་རིང་སྟེ་མ་སླེབས་སོ་ཞེས་གསོལ་པ་དང་། དེ་
ལྟར་ན་སྲིད་དུ་བདེ་བར་གཤེགས་པའི་མཐོ་གང་གིས་སྲིངས་ཤིག་པར་གནང་ངོ་། །གདིང་བ་ཞེས་བྱ་བ་ནི་སྟན་ནོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་མང་པོ་དང་འཆར་ཀ་སྟེ་གཞན་ཡང་དེ་དང་འདྲ་བའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གང་གིས་བྱས་ཀྱང་རུང་སྟེའོ། །ཚད་བཞིན་དུ་བྱོས་ཤིག་ཅེས་བྱ་བ་ནི་གདིང་
เล่ม ๑๕๕ · หน้า 132b
བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་དོ། ཞེང་དུ་མཐོ་ཕྱེད་དང་དོའོ། །སྲིད་དུ་ཡང་མཐོ་གང་གིས་སྣོན་ཅིག །འདི་ནི་གདིང་བའི་ཚད་དོ། །བདེ་བར་གཤེགས་པའི་མཐོ་ཞེས་བྱ་བ་ནི་སྟོན་པ་ལ་བྱ་སྟེ། དེའི་མཐོ་དོ་ལ་ཁྲུ་ཚད་གསུམ་མོ། །ཕྱིས་མཐོ་གང་བསྣན་པས་ན་དེ་ལྟར་སྲིད་དུ་ཁྲུ་ཕྱེད་དང་
ལྔའོ། །ཞེང་ཞེས་བྱ་བ་ནི་ཐད་ཀར་རོ། །མཐོ་ཕྱེད་དང་དོ་ཞེས་བྱ་བ་ནི་ཁྲུ་ཚད་མ་དོ་དང་། སོར་དྲུག་གོ། །དེ་ལས་ལྷག་པར་བྱེད་ཅེས་བྱ་བ་ནི་ཚད་ལས་འདས་པའོ། །བཅད་ནས་ལྟུང་བ་ཞེས་བྱ་བ་ནི་དངོས་པོ་བཅད་ནས་ལྟུང་བ་ཕྱིས་བཤགས་པར་བྱའོ། །གང་གི་མདུན་དུ་ལྟུང་བ་བཤགས་པ་དེས་ཀྱང་ཁྱོད་
ཀྱིས་དངོས་པོ་དེ་བཅད་དམ་མ་བཅད་དྲིས་ཤིག །མ་དྲིས་པར་བཤགས་པ་བྱས་སམ་ཉམས་སུ་བླངས་ན་ཉེས་བྱས་སོ། །ལྟུང་བ་དེ་ཡང་སླར་བཤགས་པར་བྱའོ། །ལྟུང་བ་ནི་ངན་སོང་གསུམ་དུ་ལྟུང་བའོ། །ཉེས་པ་ནི་དགེ་སློང་གིས་གདིང་བ་སྲིད་དུ་ཁྲུ་ཕྱེད་དང་ལྔ་དང་། ཞེང་དུ་ཁྲུ་དོ་སོར་དྲུག་ལས་ལྷག་
པར་བྱས་ན་ཅི་ཙམ་གྱིས་ལྷག་པར་བྱས་པ་ལྟུང་བར་འགྱུར་རོ། །དགེ་སློང་གི་གཡན་པ་དགབ་པ་ཚད་ལས་འདས་པར་བྱེད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་དག་ལ་གཡན་པ་བྱུང་ནས་ཆོས་གོས་ལ་རེག་པས་ན་ཆོས་གོས་ཀྱང་མ་རུང་སྦྲང་མ་དག་འདུ་བས། སྐྱེ་བོ་དག་འཕྱ་
བ་ལས་གཡན་པ་དགབ་པ་ཆོངས་ཤིག་ཅེས་བཀའ་སྩལ་ཏེ། གཡན་པ་དགབ་པ་ཡང་མ་བཀྲུས་པས་སྦྲང་མ་དག་ཀྱང་འདུ་ཤིང་མནམ་པ་ལས་ཁྲུས་ཤིག་འབུད་པའི་ཚེ་ན་གཤེར་བར་བྱོས་ལ་ཕུད་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཧ་ཅང་མ་འོས་པར་ཚད་ལས་འདས་པར་བྱས་
པ་དང་། དོན་ཉུང་བའི་དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ནས། དགེ་སློང་རྣམས་ལ་མང་དུ་འདོད་པ་མགུ་མི་མྱོང་བ་ཞེས་སྨད་ནས་གཡན་པ་དགབ་པ་ཚད་ལས་འདར་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །གཡན་པ་དགབ་པ་ཞེས་བྱ་བ་ནི་ནད་ཀྱི་གོས་སོ། །དགེ་སློང་ཞེས་
བྱ་བ་ནི་ཆོས་འདི་ལ་ཞུགས་པའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །ཚད་བཞིན་དུ་གྱིས་ཤིག་ཅེས་བྱ་བ་ནི་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཞིའོ། །ཞེང་དུ་མཐོ་དོའོ། །སྲིད་དུ་བདེ་བར་གཤེགས་པའི་མཐོ་བཞི་ལ་ཁྲུ་དྲུག་གོ། །ཞེང་དུ་
เล่ม ๑๕๕ · หน้า 133a
མཐོ་དོ་ལ་ཁྲུ་ཚད་མ་གསུམ་མོ། །དེ་ལས་ལྷག་པར་བྱས་ཞེས་བྱ་བ་ནི་དེ་ལས་འདས་པར་བྱས་པའོ། །བཅད་ནས་ལྟུང་བའོ་ཞེས་བྱ་བ་ནི་དངོས་པོ་སྔར་བཅད་ནས་ལྟུང་བ་བཤགས་པར་བྱ་བའོ། །ལྟུང་བ་ནི་ངན་སོང་གསུམ་དུ་ལྟུང་བའོ། །ཉེས་པ་ནི་ཆུར་ཁྲུ་དྲུག་ཞེང་དུ་ཁྲུ་གསུམ་ལས་ལྷག་
པར་བྱས་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །གང་གི་མདུན་དུ་ལྟུང་བ་བཤགས་པ་དེས་བཅད་དམ་མ་བཅད་ཅེས་དྲིས་ཤིག །མ་དྲིས་པར་བཤགས་ན་ཉེས་བྱས་སོ། །རས་ཆེན་ཚད་ལས་ལྷག་པར་བྱེད་དུ་མི་གནང་བའི་གླེང་བཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་སྦྲེན་མོར་སྐྱབས་མེད་པ་ན་ཁྲུས་
བྱེད་པ་རི་དགས་དགྲའི་མ་ས་གས་མཐོང་ནས། སྐྱེ་བོ་མ་དད་པ་རྣམས་འཕྱར་དོགས་ནས། སླན་ཆད་སྐྱབས་མེད་པར་ཁྲུས་མི་བྱེད་པར་བསླབ་པའི་གཞི་བཅའ་བར་གསོལ་ལོ་སྙམ་ནས། དགེ་བསྙེན་མས་གཉིད་ཀྱིས་དགེ་སློང་ཁྲུས་ཀྱི་ཚེ་ནི་ཡོལ་བ་དབྱར་གྱི་རས་ཆེན་དུ་ཕུལ་ནས་ཕྱིན་ཆད་རས་ཆེན་འཆང་བར་
བཅོམ་ལྡན་འདས་ལ་གསོལ་བར་བཀས་གནང་བ་དང་། དགེ་སློང་དག་གིས་ཧ་ཅང་མ་འོས་པར་ཆེན་པོར་བྱས་པ་དང་། དོན་ཉུང་ངུ་བའི་དགེ་སློང་དག་འཕྱ་བ་ལས་སྙན་དུ་བདས་ནས། གསོ་དཀའ་བ་དགང་དཀའ་བ་ཞེས་སྨད་ནས་ཚད་ལས་འདས་པར་བྱེད་དུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་
སོ། །དབྱར་གྱི་རས་ཆེན་ཞེས་བྱ་བ་ནི་ཆར་འབབ་པའི་གོས་དང་ཁྲུས་ཀྱི་སྐྱབས་སོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་མང་པོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །ཚད་བཞིན་དུ་ཞེས་བྱ་བ་ནི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་དྲུག་གོ། །ཞེང་དུ་
མཐོ་ཕྱེད་དང་གསུམ་མོ། །བདེ་བར་གཤེགས་པའི་མཐོ་དྲུག་ལ་ཁྲུ་དགུའོ། །བདེ་བར་གཤེགས་པའི་མཐོ་ཕྱེད་དང་གསུམ་ལ་ཁྲུ་ཚད་གསུམ་དང་སོར་བཅོ་བརྒྱད་དོ། །ལྷག་པ་ཞེས་བྱ་བ་ནི་དེ་ལས་འདས་པའོ། །བཅད་ནས་ལྟུང་བ་ཞེས་པ་ནི་དངོས་པོ་བཅད་ནས་ལྟུང་བ་བཤགས་པར་བྱའོ། །ལྟུང་བ་ནི་
ངན་སོང་གསུམ་དུའོ། །ཉེས་པ་ནི་དགེ་སློང་གིས་སྲིད་དུ་ཁྲུ་དགུ། ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ལས་ལྷག་པར་བྱས་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །གང་གི་མདུན་དུ་བཤགས་པ་དེས་ཀྱང་དངོས་པོ་བཅད་དམ་མ་བཅད་དྲིས་ཤིག་མ་དྲིས་པར་བཤགས་ན་ཉེས་བྱས་སོ། །དགེ་སློང་གིས་ཆོས་གོས་
เล่ม ๑๕๕ · หน้า 133b
བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དང་དེ་ལས་ལྷག་པར་བྱེད་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་བསྙེན་དགའ་བོས་བཟོ་མཁན་ཞིག་ལ་བདག་གི་ཆོས་གོས་བཅོམ་ལྡན་འདས་ཀྱི་ཆོས་གོས་ཀྱི་ཚད་དུ་གྱིས་ཤིག་ཅེས་བཅོལ་བ་དང་། དེ་ལྟ་བུའི་ཆེན་པོས་ཅི་བྱ་ཞེས་བྱས་ན། ཁྱོད་ལ་ནི་
གླ་རྔན་དང་ཟས་དགོས་སུ་ཟད་མདོ། །ཚད་དྲི་ཅི་དགོས་ཞེས་བྱས་པ་དང་། བཟོ་མཁན་གྱིས་བསམས་པ་དེ་ནི་ཁོ་ཟེར་བ་བདེན་ནོ་སྙམ་ནས་དྲུབས་ཏེ་བྱིན་པ་དང་། བསྙེན་དགའ་བོ་ཡང་ཆོས་གོས་དེ་གྱོན་ཏེ་ཇི་སྙེད་མ་རྫོགས་པ་ཕྲག་པ་ལ་བཀལ་ནས། གཙུག་ལག་ཁང་གཅིག་ནས་གཅིག་ཏུ་བྱུང་བ་དང་དགེ་སློང་
གཞན་དག་གིས་མཐོང་སྟེ། ཕྲག་པ་ལ་བཀལ་བ་འདི་ཅི་ཞིག་དྲིས་ན། བདེ་བར་གཤེགས་པའི་ན་བཟའི་ཚད་དོ་ཞེས་བྱས་པ་དང་། དེ་དག་ན་རེ་ཅི་ཁྱོད་དེ་ལྟ་བུ་གྱོན་དུ་དབང་ངམ་ཞེས་བྱས་པ་དང་། དབང་ཡང་རུང་མི་དབང་ཡང་རུང་དགྲའི་ཕྲག་པར་རྡོག་པས་བརྫིས་ཏེ་དབང་ངོ་ཞེས་བྱས་པ་དང་། དགྲ་
སུ་ཞེས་བྱས་ན་དེ་སྐད་ཟེར་བས་ཁྱོད་ཉིད་ངའི་དགྲའོ་ཞེས་ཟེར་བ་ལས་སྙན་དུ་བདས་ནས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བགྱིད་དུ་མི་གནང་བར་བཅས་པ་དང་། བསྙེན་དགའ་བོ་དེ་བས་ཀྱང་ལྷག་པར་བྱས་ཏེ་གྱོན་པ་ལས་དོན་ཉུང་བའི་དགེ་སློང་རྣམས་འཕྱ་སྟེ། བཅོམ་ལྡན་འདས་
ཀྱིས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་མ་བྱེད་ཅིག་ཅེས་བཀའ་སྩལ་ནས། ང་དགེ་སློང་གིས་ཅིའི་ཕྱིར་དེ་བས་ཀྱང་ལྷག་པར་བྱེད་ཅེས་མི་སྙན་པར་ཟེར་བ་ལས་སྙན་དུ་བདས་ཏེ། བཀས་རྣམ་གྲངས་དུ་མའི་སྒོ་ནས་སྨད་ནས། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དང་དེ་ལས་ལྷག་པར་
བྱེད་དུ་མི་གནང་བར་འདུལ་བ་ལ་བསླབ་པའི་གནས་བཅས་སོ། །དགེ་སློང་གང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །བདེ་བར་གཤེགས་པའི་ཆོས་གོས་ཞེས་བྱ་བ་ལ། བདེ་བར་གཤེགས་པ་ནི་སྟོན་པ་ལ་བྱ་སྟེ། དེའི་ཆོས་གོས་ཀྱི་སྲིད་དུ་ནི་བདེ་བར་གཤེགས་པའི་མཐོ་
བཅུ་ལ་ཁྲུ་ཚད་མ་བཅོ་ལྔའོ་ཞེང་དུ་མཐོ་དྲུག་ནི་ཁྲུ་ཚད་མ་དགུའོ། །ཆོས་གོས་ཞེས་བྱ་བ་ནི་རྒྱུ་རྣམ་པ་བདུན་པོའི་ནང་དུ་གང་ཡང་རུང་སྟེ། གསོ་མ་དང་བལ་དང་ཟར་མ་དང་དུ་གུ་ལ་དང་ཀོ་ཏམ་པ་དང་། ཤིང་བལ་དང་། སྲིན་བལ་གྱིའོ། །བྱེད་ཅེས་བྱ་བ་ནི་བདག་དང་གཞན་གྱིས་སོ། །ལྷག་ཅེས་བྱ་བ་ནི་དེ་
เล่ม ๑๕๕ · หน้า 134a
ལས་འདས་པའོ། །ལྟུང་བ་ནི་ངན་སོང་གསུམ་དུ་ལྟུང་བ་ལ་བྱའོ། །ཉེས་པ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱས་སམ། དེ་ལས་ལྷག་པར་བྱས་ན་ཐམས་ཅད་དུ་ལྟུང་བར་འགྱུར་རོ། །ལྟུང་བ་དགུ་བཅུ་པ་མི་བརྗེད་པའི་ཚིག་རྫོགས་སོ།། །།སོ་སོར་བཤགས་
པ་དང་པོ་སྟེ་གྲོང་དུ་དགེ་སློང་མའི་ལག་ནས་ཟས་སློང་དུ་མི་གནང་བའི་གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་དགེ་སློང་མ་ཨུཏྤ་ལའི་མདོག་བསོད་སྙོམས་སྔ་མ་ནི་སྤངས་ཤིང་དགེ་འདུན་ལ་ཕུལ་བར་གྱུར་ཏོ། །ཕྱི་མ་བླངས་པ་ནི་དགེ་སློང་བསོད་སྙོམས་པ་ཟན་མ་རྙེད་པ་ཞིག་དང་ལམ་དུ་ཕྲད་ནས་དེ་ལ་བྱིན་ཏེ་དེའི་ཉིན་མོ་
དགེ་སློང་མ་དེའི་ཟན་ཆད་དོ། །བསོད་སྙོམས་པའི་ལག་ན་ཨུཏྤ་ལའི་མདོག་གིས་ཟས་བྱིན་པ་བཟང་པོ་ཞིག་ཁྱེར་བ་བསྙེན་དགའ་བོས་མཐོང་ནས་ཁྱོད་ལ་འདི་སུས་བྱིན་ཞེས་དྲིས་ན་ཨུཏྤ་ལའི་མདོག་གིས་བྱིན་ནོ་ཞེས་སྨྲས་སོ། །དེའི་ཕྱི་དེ་ཉིན་ཡང་བསོད་སྙོམས་བླངས་ནས་སྔ་མ་དགེ་འདུན་ལ་ཕུལ་ཕྱི་ནས་བླངས་པ་
དག་བཟའ་ཞེས་བྱས་ན་བསྙེན་དགའ་བོས་ལམ་དུ་བསྒུགས་ཏེ་ཟན་བསླངས་པས་ན། དེ་ཉི་མ་གཉིས་སུ་ཟན་ཆད་པ་ལ་ཉི་ཚན་གྱིས་ཕོག་པས་ལུས་རྨྱ་སྟེ། འགྲོ་མ་ནུས་ན་སྲང་དུ་འགྱེལ་བ་དང་། འཇིག་རྟེན་པ་དག་ན་རེ་དགེ་སློང་མ་ཤཱཀྱ་གཞོན་ནུ་དག་མཐོང་བས་འདོད་ཆགས་ཀྱིས་བརྒྱལ་ལོ་ཞེས་འཕྱ་བ་ལས། ཕྱིན་
ཆད་དགེ་སློང་མ་གྲོང་དུ་འགྲོ་བ་ལ་བསོད་སྙོམས་སློང་དུ་མི་གནང་བར་བསླབ་པ་བཅས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་བསྙེན་དགའ་བོ་སྟེ་གཞན་ཡང་དེ་དང་འདྲ་བའོ། །གཉེན་མ་ཡིན་པ་ཞེས་བྱ་བ་ནི་ཕ་མའི་ཟུང་བདུན་རྒྱུད་ཚུན་ཆད་དོ། །དགེ་སློང་མ་ཞེས་བྱ་བ་ནི་ཨུཏྤ་ལའི་མདོག་སྟེ་གཞན་ཡང་དེ་དང་འདྲ་བའོ། །
མལ་ཞེས་བྱ་བ་ནི་སྲང་ངོ་། །གྲོང་དུ་བསོད་སྙོམས་སྤྱོད་ཅེས་བྱ་བ་ནི་གང་ན་སྲང་དང་། སུམ་མདོ་དང་། བཞི་མདོ་ཡོད་པའི་གྲོང་ངོ་། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་ནས་ལག་ཏུ་ལེན་པའོ། །བཅའ་བ་དང་བཟའ་ཞེས་བྱ་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔ་ལ་བྱའོ། །བླངས་ཞེས་བྱ་བ་ནི་བྱིན་ལེན་བྱས་པའོ། །
འཆོས་སམ་ཟོས་ཞེས་བྱ་བ་ནི་མགྲིན་པར་མིད་པའོ། །དགེ་སློང་དེས་ཞེས་བྱ་བ་ནི་གང་ཡིན་པའོ། །ཕྱི་རོལ་གྱི་ཀུན་དགའ་ར་བ་ཞེས་བྱ་བ་ལ། ཕྱི་རོལ་དུ་གྱུར་པ་ནི་གཙུག་ལག་ཁང་སྟེ། གཙུག་ལག་ཁང་དུ་སོང་ཤིག་པའོ། །དགེ་སློང་རྣམས་ཀྱི་གན་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་དེ་ན་དགེ་སློང་དུ་འཁོད་པའོ། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด