འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་བི་བྷཾ་ག་པ་ད་བྱཱ་ཁྱཱ་ན

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๕๗ · หน้า 55b

རྒྱགས་པ་དང་ལྡན་པ་ནི་སྟོབས་དང་སྙེམས་པ་དང་ལྡན་པར་གྱུར་ཅེས་པའོ། །རི་དགས་ཤོར་དུ་ཞེས་བྱ་བ་ནི་རི་དགས་གསོད་དུའོ། །ལས་མེད་པའི་ངང་ཚུལ་ཅན་རྣམས་ཞེས་བྱ་བ་ནི་གང་དག་ལ་ཞིང་ལ་སོགས་པའི་ལས་ཀྱི་ངང་ཚུལ་མེད་པ་སྟེ་ལས་མི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཕའི་ལས་རྗེས་སུ་

སྒྲུབས་ཤིག་ཅེས་བྱ་བ་ནི་རྗེས་སུ་སྐྱོངས་ཤིག་ཅེས་བྱ་བའོ། །བདག་ཅག་གཉིས་མགོ་ལ་གསེར་གྱི་ཕྲེང་བས་བཅིངས་པ་ནི་ངོ་ཚའི་ལས་རྗེས་སུ་བསྒྲུབས་པས་ནི་དེ་ལྟ་མ་ལགས་ཀྱིས་ཞེས་བྱ་བ་ནི་ལ་ལ་ཞིག་གིས་རྒྱུ་འགའ་ཞིག་གི་ཕྱིར་བདག་ཅག་གཉིས་ཀྱི་མགོ་ལ་གསེར་གྱི་ཕྲེང་བས་བཅིངས་པར་གྱུར་

པ་ནི་བདག་ཅག་གཉིས་ངོ་ཚ་བར་གྱུར་ཡང་སྲིད་ཀྱིས་བདག་ཅག་གཉིས་ཕའི་ལས་རྗེས་སུ་བསྒྲུབས་པས་ནི་ངོ་ཚ་བར་མི་འགྱུར་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚིག་ཚིག་མ་ཡིན་པར་བྱས་ཏེ་ཞེས་བྱ་བ་ནི་མ་བགྲངས་པ་སྟེ། དོན་མེད་པར་བྱས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཡུལ་གཞན་དུ་སོང་ན་ཞེས་

བྱ་བ་ནི་དུས་ཉེ་བར་རོ། །ལོ་ལེགས་ཤིང་ཞེས་བྱ་བ་ནི་མཐོ་རིས་ཀྱི་བདེ་བ་ནི་ལོ་ལེགས་པ་དང་ཆོས་མཐུན་པའི་ཕྱིར་རོ། །དར་གྱིས་ཆོད་པ་ཙམ་ཞེས་བྱ་བ་ནི་སྐྱེ་བའི་ལྷག་མ་འདི་ཁོ་ནས་ཆོད་པའི་ཕྱིར་རོ། །ཡོལ་བས་བསྒྲིབས་པ་ཙམ་ཞེས་བྱ་བ་ནི་སྐྱེ་བ་ཉུང་ཤས་ཤིག་གིས་བསྒྲིབས་པའི་ཕྱིར་རོ། །ལུས་

ཞིག་ན་ཞེས་བྱ་བ་ནི་ཤི་བའོ། །གསོད་པར་བྱེད་པ་ཞེས་བྱ་བ་ནི་སྲོག་གཅོད་པར་བྱེད་པའོ། །དྲག་ཤུལ་ཅན་ཞེས་བྱ་བ་ནི་སྙིང་རྗེ་མེད་པའོ། །ལག་པ་དམར་བ་ཞེས་བྱ་བ་ནི་ཁྲག་གིས་གོས་པའི་ལག་པ་ཅན་ནོ། །བསྣུན་པ་དང་རབ་ཏུ་བསྣུན་པ་ལ་ཞུགས་པ་ཞེས་བྱ་བ་ལ། བསྣུན་པ་ཞེས་བྱ་བ་ནི་

གནོད་པའོ། །རབ་ཏུ་བསྣུན་པ་ཞེས་བྱ་བ་ནི་གསོད་པའོ། །དེ་ལ་ཞུགས་པ་ཞེས་བྱ་བ་ནི་དམ་དུ་འཛིན་པ་སྟེ། འདིས་ནི་ཡིད་ཀྱི་འདོད་པ་ཉིད་བསྟན་ཏོ། །གཞན་གྱི་སྲོག་འཕྲོག་པ་ཞེས་བྱ་བ་ནི་རང་ཉིད་ཀྱིས་གསོད་པའོ། །གཞན་གྱིས་སྲོག་གཅོད་དུ་འཇུག་པ་ཞེས་བྱ་བ་ནི་བསྐོས་པས་སྲོག་

གཅོད་དུ་འཇུག་པའོ། །གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་པ་ཞེས་བྱ་བ་ནི་མངོན་པར་ཞེན་པས་རྗེས་སུ་བསྒྲུབ་པར་བསྟན་ཏོ། །འདུ་འཛིའི་རིགས་པ་ཞེས་བྱ་བ་ནི་བསྟེན་པའི་བསླབ་པའོ། །གྲོག་སྦུར་ཕྲ་མོ་ཞེས་བྱ་བ་ནི་གྲོག་སྦུར་ཆུང་ངུའོ། །བདག་ལ་རྩོམ་པར་བྱེད་པའོ་ཞེས་བྱ་བ་ནི་བདག་

เล่ม ๑๕๗ · หน้า 56a

གིས་བདག་གསོད་པར་བྱེད་པའོ། །བགྲོས་པར་གྱུར་ཅེས་བྱ་བ་ནི་བསམས་པའོ། །མཚོན་ཐོགས་པ་ཞེས་བྱ་བ་ནི་མཚོན་ལུས་ལ་འདེབས་པར་བྱེད་པའོ། །མི་མཁས་པ་ཞེས་བྱ་བ་ནི་བླུན་པའོ། །བསྒོ་སྟེ་ཞེས་བྱ་བ་ནི་གོ་བར་བྱས་ཏེའོ། །བཙའ་ཞུགས་

ནས་ཞེས་བྱ་བ་ནི་ལྕགས་ཀྱི་དྲི་མས་ཟོས་པ་གང་ཡིན་པའོ། །རྫའོ་ཞེས་བྱ་བ་ནི་རྫ་མའོ། །ཏིལ་གྱི་ཚིགས་མའོ་ཞེས་བྱ་བ་ནི་ཏིལ་མར་བཙིར་བའི་ཚིགས་མའོ། །འགྲུབ་པར་འགྱུར་རམ་ཞེས་བྱ་བ་ནི་དོན་འགྲུབ་བམ་ཞེས་བྱ་བའོ། །ནད་ཀྱིས་བཏབ་ཅིང་ཞེས་བྱ་བ་ནི་ནད་དང་ལྡན་པའོ། །

སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་ཉིད་ཀྱིས་ཉམ་ཐག་པའོ། །ཚབས་ཆེ་བས་ཞེས་བྱ་བ་ནི་ཏེ་པོར་ན་བས་ཏེ་ཤི་ལ་ཐུག་ཅེས་བྱ་བའི་ཐ་ཚིག་གོ། །རྙིངས་པ་ཞེས་བྱ་བ་ནི་དེངས་པའོ། །རྡོལ་བར་གྱུར་ཅེས་བྱ་བ་ནི་བུ་གུ་བྱུང་བའོ། །པགས་པ་ཞེས་བྱ་བ་ནི་ལུས་ཀྱི་པགས་པའོ། །ཤིང་

དག་བྱས་ནས་ཞེས་བྱ་བ་ནི་དད་པ་ལས་བྱུང་བ་ལ་སོགས་པའི་ཤི་བའི་ལས་དག་བྱས་ནས་སོ། །ཁྱིམ་དབུབ་པར་བྱའོ་ཞེས་བྱ་བ་ནི་བག་མ་བླང་བར་བྱ་བའོ། །དུས་ཀྱི་ཆོས་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ལ། དུས་ཞེས་བྱ་བ་ནི་འཚོ་བའི་མཐའི་དུས་ཏེ་འཆི་བའོ། །ཆོས་ཞེས་བྱ་བ་ནི་ངོ་བོ་

ཉིད་དེ་དུས་ཀྱི་ཆོས་འཆི་བ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །བརྟན་པ་ཞེས་བྱ་བ་ནི་སེམས་བརྟན་པ་སྟེ་རེ་བ་དང་བཅས་པའོ། །སྦུངས་ཞེས་བྱ་བ་ནི་ལུས་མི་ཞན་པའོ། །སྤྲོ་བ་ཆེན་པོ་ཞེས་བྱ་བ་ནི་རྩོམ་པ་ཆེན་པོ་སྟེ། ལས་བརྩམས་པ་རྣམས་ཉམས་པར་མི་བྱེད་པའོ། །

དུས་དང་མཐུན་པའི་དུས་སུ་ཞེས་བྱ་བ་ནི་བྱ་བ་གང་ལ་དུས་སྔ་མ་དང་རྗེས་སུ་འབྲེལ་པའི་དུས་ཕྱི་མ་ཡོད་པ་དེ་ནི་དུས་དང་མཐུན་པའི་རྗེས་སུ་ཞེས་བྱ་སྟེ་བྱ་བའི་བྱེ་བྲག་ཡིན་ནོ། །ཆོས་ཉིད་ཀྱིས་ན་ཞེས་བྱ་བ་ནི་དུས་ཐམས་ཅད་པའི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་ནའོ། །མཚན་མ་སྟོན་པར་བྱེད་ཅེས་

བྱ་བ་ནི་གླེང་བར་བྱེད་པའོ། །དབང་པོ་རྣམས་ཕྱིར་བླན་ཏེ་ཞེས་བྱ་བ་ནི་མིག་ཕྱིར་བསྡུས་ཏེའོ། །མ་བསླབས་པར་མཁས་པ་ཞེས་བྱ་བ་ནི་བུད་མེད་ཀྱི་བྱ་བ་མ་ཡིན་པའི་ལས་དག་ལ་རང་ཉིད་ཀྱིས་མཁས་པ་ཡིན་པའོ། །ཁྲི་ཞིག་པ་ཞེས་བྱ་བ་ནི་ཐགས་མ་རྙོངས་པའི་ཁྲིའོ། །ནང་མི་དག་

เล่ม ๑๕๗ · หน้า 56b

ཅེས་བྱ་བ་ནི་ཁྱིམ་གྱི་མི་དག་གོ། །རིགས་གཉི་ག་ལ་ཞེས་བྱ་བ་ནི་ཕའི་རིགས་དང་གྱོས་པོའི་རིགས་ལའོ། །མི་སྙན་པ་འབྱུང་བར་བྱའོ་ཞེས་བྱ་བ་ནི་སྐྱེས་པ་གཞན་དག་ལ་འགྲོ་བར་བྱའོ་སྙམ་དུ་བསམས་པའོ། །དུས་ལ་བབ་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་བྱའོ་ཞེས་བྱ་བའོ། །གཡེན་སྤྱོ་བ་

ཞེས་བྱ་བ་ནི་འཁྲུག་པའོ། །བྱིས་པ་ནས་བསྐྱེད་པ་ཞེས་བྱ་བ་ནི་བྱིས་པ་ཚུན་ཆད་ནས་གསོས་ཞེས་བྱ་བའི་ཐ་ཚིག་གོ། །དང་དུ་བླངས་པས་ཁས་བླངས་སོ་ཞེས་བྱ་བ་ནི་མི་སྤང་པས་ཁས་བླངས་པ་ཡིན་གྱི་ཚིག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མངལ་ན་གནས་པའི་མཚན་མ་དག་ཅེས་བྱ་

བ་ནི་སྦྲུམ་མའི་རྟགས་དག་སྟེ། ནུ་མ་སྔོ་བ་ལ་སོགས་པའོ། །ན་ཟླ་དག་ཅེས་བྱ་བ་ནི་ན་མཉམ་པའི་གྲོགས་པོ་དག་གོ། །གྲོགས་མོ་ཞེས་བྱ་བ་ནི་མཛའ་བཤེས་མོའོ། །སེམས་ཅན་དང་ལྡན་པར་གྱུར་ཞེས་བྱ་བ་ནི་མངལ་ན་གནས་པ་དང་ལྡན་པར་གྱུར་པའོ། །སྤྲིན་བཞིན་དུ་ཞེས་བྱ་བ་

ནི་ཆར་པ་འདོད་པ་རྣམས་དེ་འདོད་པའི་ཕྱིར་རོ། །ཐ་ཆད་ཅེས་བྱ་བ་ནི་ཆེས་ལྷག་པར་སྨད་པ་ཞེས་བྱ་བའི་ཐ་ཚིག་གོ། །ལོངས་སྤྱོད་དག་ནི་འགྱུར་བ་ཡིན་གྱི་ཞེས་བྱ་བ་ནི་ནོར་དག་གཡོ་བ་ཡིན་པའོ། །ལམ་ལམ་པོར་བྱས་ཞེས་བྱ་བ་ནི་གསལ་བར་བྱས་པའོ། །དུམ་བུ་དུམ་བུར་ཞེས་བྱ་བ་ནི་

དུམ་བུ་དུམ་བུ་སྟེ་བྱ་བའི་བྱེ་བྲག་ཡིན་ནོ། །གྲགས་ཞེས་བྱ་བ་ནི་ཁྱབ་པའོ། །སྤྱོད་ལམ་སྤྱད་ཅེས་བྱ་བ་ནི་འགྲོ་བ་དང་འོང་བ་བཅད་པའོ། །མི་བདེ་བ་ཞེས་བྱ་བ་ནི་མི་དགའ་འམ་ཞེས་བྱ་བའི་ཐ་ཚིག་གོ། །རྐུན་མ་དག་ཅེས་བྱ་བ་ནི་ཆོམ་རྐུན་པ་དག་གོ། །བཀག་བཞིན་དུ་ཞེས་བྱ་བ་ནི་ཕྱིར་བཟློག་

བཞིན་དུའོ། །མཛའ་བཤེས་དང་དགྲ་བོ་དང་བར་མ་ཞེས་བྱ་བ་ནི་སྐྱེ་བོ་དེ་ཉིད་ལན་འགའ་མཛའ་བཤེས་སུ་འགྱུར་ལན་འགའ་དགྲ་བོར་འགྱུར་ལན་འགའ་ཐ་མལ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །སྔ་དྲོ་རྨ་བ་བྲིས་ཏེ་ཞེས་བྱ་བ་ནི་སྤྲིན་ཡིག་གི་ནང་དུའོ། །བག་ཚ་བས་ཡིད་མི་བདེ་ཞིང་

ཞེས་བྱ་བ་ནི་འཇིགས་པའི་བག་ཚ་བས་ཡིད་མི་བདེ་ཞིང་ངོ་། །ཐོས་པ་བརྒྱུད་པས་ཞེས་བྱ་བ་ནི་མི་དག་ལས་གཏམ་གཅིག་ནས་གཅིག་ཏུ་ཐོས་པས་སོ། །གདམས་ངག་ཅེས་བྱ་བ་ནི་བསམ་གཏན་གྱི་ལུང་ངོ་། །བསིལ་བའི་ཚལ་གྱི་དུར་ཁྲོད་ཅེས་བྱ་བ་ནི་སྔོན་ས་ཕྱོགས་དེ་མཆོག་ཏུ་བསིལ་བས་

เล่ม ๑๕๗ · หน้า 57a

གྲོང་ཁྱེར་བ་རྣམས་ཀྱིས་དེར་ཚལ་ཆེན་པོ་བསྐྱེད་པས་བསིལ་ཚལ་ཞེས་བྱ་བའོ། །ཕྱིས་དེར་གནོད་སྦྱིན་ཆེན་པོ་ཞིག་གློ་བུར་དུ་འོངས་ཏེ། དེ་ན་གནས་པས་སྨྲས་པ། ད་ཕྱིན་ཆད་མི་སུ་དག་བསིལ་ཚལ་ན་གནས་པ་ཐམས་ཅད་བཟའ་བའོ་ཞེས་ཟེར་ནས་

གྲོང་ཁྱེར་བ་རྣམས་ཀྱིས་ཚལ་དེ་བོར་ཏེ་དུར་ཁྲོད་དུ་གྱུར་པས་བསིལ་བའི་ཚལ་གྱི་དུར་ཁྲོད་ཅེས་བྱ་བའོ། །བརྩོན་པ་ཞེས་བྱ་བ་ནི་ཡིད་ཀྱིས་མངོན་པར་བརྩོན་པའོ། །འབད་པ་ཞེས་བྱ་བ་ནི་ལུང་ནོད་པ་དང་འཛིན་པ་དང་། ཐེ་ཚོམ་སེལ་བ་ལ་སོགས་པའི་བྱ་བའོ། །བརྩལ་བས་ཞེས་བྱ་བ་ནི་

དེ་བཞིན་དུ་སྒྲུབ་ཅིང་བསྒོམ་པས་ཞེས་བྱ་བའི་ཐ་ཚིག་གོ། །ཆེན་པོར་གྱུར་ཏོ་ཞེས་བྱ་བ་ནི་ལུས་ཀྱི་བོང་ཚོད་དོ། །མཁས་པས་ཞེས་བྱ་བ་ནི་ཐ་སྙད་ལ་མཁས་པའོ། །རྣམ་པར་གནོན་པ་ལས་ཞེས་བྱ་བ་ནི་ལུས་ཀྱི་སྟོབས་ལས་སོ། །ན་ལེ་ཤམ་དཀར་པོ་འབྱུང་བ་དང་འདྲ་བར་ཞེས་བྱ་བ་ནི་གློ་

བུར་བ་ཉིད་ཡིན་པའི་ཕྱིར་དེའི་གནས་ལོགས་ཤིག་ན་མི་དམིགས་པའོ། །སེམས་དག་གསོ་བར་བྱེད་ཅིང་ཞེས་བྱ་བ་ནི་མཐུ་དང་ལྡན་པར་བྱེད་པའོ། །སྒོ་གླེགས་དྲུད་པའི་འོག་ཏུ་ཞེས་བྱ་བ་ནི་སྒོ་གླེགས་བཅད་པ་དང་དབྱེ་བའི་མ་མཐའ་འོག་གཞི་དང་འདྲུད་པའི་གནས་སུའོ། །མ་བསམས་

པར་ཤེས་པ་དང་མཐོང་བ་མི་འཇུག་ཅེས་བྱ་བ་ནི་དོན་ཆུང་བའི་ཕྱིར་ཐམས་ཅད་ལ་སེམས་པར་མི་བྱེད་དོ་ཞེས་བྱ་བར་དགོངས་སོ། །དུག་ཤིན་ཏུ་རྣོ་བ་ཞེས་བྱ་བ་ནི་ཁྲོ་བ་ནི་ཞེ་སྡང་གི་དྲི་མ་ཡིན་པའི་ཕྱིར་དུག་ཀྱང་ཁྲོ་བ་ལ་སོགས་པ་འཕེལ་བར་འགྱུར་རོ། །ལུས་ཤིན་ཏུ་ཕྲ་བས་ཞེས་བྱ་བ་ནི་ཁྲོ་བ་དང་ཞེ་སྡང་

གཉིས་ཀྱིས་ལུས་གནོན་པའི་ཕྱིར་དེ་གཉིས་སྐྱེས་པས་ལུས་བྲི་བའོ། །ཉིང་མཚམས་སྦྱོར་བ་ཞེས་བྱ་བ་ནི་སྐྱེ་བའོ། །སྤང་ལེབ་ཀྱི་བར་དུ་ཞེས་བྱ་བ་ནི་སྟེང་རིམ་དང་སྤང་ལེབ་ཀྱི་བར་དུའོ། །གཅིག་པུ་ཞེས་བྱ་བ་ནི་གྲོགས་མེད་པའོ། །དབེན་པར་སོང་སྟེ་ཞེས་བྱ་བ་ནི་ཁྱིམ་སྟོང་པ་ན་གནས་

པའོ། །འབར་བ་རྣོ་བ་ཞེས་བྱ་བ་ནི་ཚ་བ་གདུང་བ་རྣོ་བའོ། །དུག་དྲག་པོ་ཞེས་བྱ་བ་ནི་ཕྱིར་དབྱུང་དཀའ་བའོ། །ཕྲ་བ་ཞེས་བྱ་བ་ནི་བོང་ཆུང་བའོ། །ཐོན་ཀོར་ནས་ཞེས་བྱ་བ་ནི་ཕྱོགས་བཞི་ནས་སོ། །ཉིན་མོ་གནས་པ་ཞེས་བྱ་བ་ནི་ཉིན་མོ་དགེ་བའི་ཕྱོགས་བྱེད་པའོ། །བཞིན་གཞན་དུ་གྱུར་

เล่ม ๑๕๗ · หน้า 57b

པ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་གཉིས་ཀྱིས་སོ། །དབང་པོ་རྣམས་སྣ་ཚོགས་སུ་གྱུར་པ་ཞེས་བྱ་བ་ནི་འགག་པ་དང་ཞུམ་པ་དང་བརྟད་པ་ལ་སོགས་པའོ། །མིག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ནི་དབང་པོ་དག་ལས་འདོད་ཆགས་དང་བྲལ་བར་བསྟན་ཏོ། །གཟུགས་ཞེས་བྱ་བ་ལ་

སོགས་པ་སྨོས་པ་ནི་ཡུལ་རྣམས་ལས་འདོད་ཆགས་དང་བྲལ་བར་བསྟན་ཏོ། །སའི་ཁམས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ཟིན་པའི་ལུས་ཀྱི་དངོས་གཞི་དག་ལས་འདོད་ཆགས་དང་བྲལ་བར་བསྟན་ཏོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་སྨོས་པ་ནི་འཁོར་བ་ཐམས་ཅད་ལས་འདོད་

ཆགས་དང་བྲལ་བར་བསྟན་ཏོ། །དེ་ལྟར་ན་གང་ལ་བདག་དང་བདག་གིར་འཛིན་པ་སྔོན་དུ་འགྲོ་བའི་སེམས་རྣམ་པར་འགྱུར་བ་སྐྱེ་བ་ལ་ནི་བཞིན་གཞན་དུ་འགྱུར་བ་དང་དབང་པོ་རྣམས་སྣ་ཚོགས་སུ་འགྱུར་བ་ཡོད་ཀྱིས་གང་ལ་དེ་ལྟ་བུའི་སེམས་སྐྱེ་བ་མེད་པ་ལ་ནི་བཞིན་ལ་སོགས་པར་འགྱུར་བ་མེད་དོ་ཞེས་

བྱ་བའི་ཐ་ཚིག་གོ། །ཡུན་རིང་པོ་ནས་ཞེས་བྱ་བ་ནི་དུས་ཡུན་རིང་པོ་ནས་སོ། །བདག་ཏུ་འཛིན་པ་ཞེས་བྱ་བ་ནི་བདག་ཏུ་ལྟ་བའོ། །བདག་གིར་འཛིན་པ་ཞེས་བྱ་བ་ནི་བདག་གིར་ལྟ་བའོ། །ངའོ་སྙམ་པའི་ང་རྒྱལ་ཞེས་བྱ་བ་ནི་བདག་ཏུ་འཛིན་པའི་རྒྱུའི་ང་རྒྱལ་ལོ། །མངོན་པར་ཞེན་པ་ཞེས་བྱ་བ་ནི་

དམན་པ་ལ་མཆོག་ཏུ་འཛིན་པ་སྟེ། ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། །བག་ལ་ཉལ་བ་ཞེས་བྱ་བ་ནི་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པར་ཞེན་པའི་ཉོན་མོངས་པ་དེ་དག་ཉིད་བག་ལ་ཉལ་བ་ཡིན་ནོ། །དེ་ནས་ཚེ་དང་

ལྡན་པ་ཤཱ་རིའི་བུས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ་ཞེས་བྱ་བ་ནི་དེའི་ཚེ་འཕགས་པ་ཤཱ་རིའི་བུས་བྱིས་པའི་སྐྱེ་བོ་དག་དགྲ་བཅོམ་པས་དུག་ཙམ་བཟློག་པར་མི་ནུས་སམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་ཚིགས་སུ་བཅད་པ་སྨྲས་པ་ཡིན་ནོ། །ཚངས་སྤྱོད་ཅེས་བྱ་བ་ནི་འདིར་ཚུལ་ཁྲིམས་ལ་བྱའོ། །

ལམ་ཞེས་བྱ་བ་ནི་འཕགས་པའི་ལམ་མོ། །ལེགས་པར་བསྒོམས་པ་ཞེས་བྱ་བ་ནི་མི་སློབ་པ་ཉིད་རྟོགས་པའོ། །དུས་སྣོད་སྤང་བ་ཞེས་བྱ་བ་ནི་བོར་བར་རོ། །འབར་བའི་ཁྱིམ་ནས་ཐར་པ་ལྟར་ཞེས་བྱ་བ་ལ། ལྟར་ཞེས་བྱ་བའི་སྒྲ་ནི་དཔེའི་ཚིག་ཡིན་ནོ། །འཆི་བའི་མཐར་ཞེས་བྱ་བ་ནི་འཆིར་ཉེ་བ་

เล่ม ๑๕๗ · หน้า 58a

ནའོ། །རྩྭ་དང་ཤིང་འདྲ་བར་མཐོང་བར་འགྱུར་བར་ཞེས་བྱ་བ་ནི་བདག་མེད་པའི་ཕྱིར་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུ་ཉིད་མེད་པའི་ཕྱིར་རྩྭ་དང་ཤིང་དང་འདྲའོ། །ཉིང་མཚམས་སྦྱོར་མེད་ཅེས་བྱ་བ་ནི་ཡང་འབྱུང་བ་མེད་པ་སྟེ། ཡོངས་སུ་མྱ་

ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་འདོད་པ་མེད་པའི་ཕྱིར་དང་གནས་པ་མ་ཡིན་པའི་ཕྱིར་རྩོལ་བ་མེད་པར་ཟད་ཀྱི་དགྲ་བཅོམ་པས་དུག་ཙམ་རྣམ་པར་སྦྱོང་བར་མི་ནུས་པ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ལུས་ཀྱི་མཆོད་པ་ཞེས་བྱ་བ་ནི་ལུས་ཀྱི་བསྙེན་བཀུར་རོ། །སྣང་བར་གྱུར་

ན་ཞེས་བྱ་བ་ནི་མངོན་དུ་གྱུར་ནའོ། །ཚུགས་པར་མི་འགྱུར་ཞིང་ཞེས་བྱ་བ་ནི་འཇུག་པར་མི་འགྱུར་ཞིང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་གསང་སྔགས་ཀྱི་ཚིག་རྣམས་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་

ཚིགས་སུ་བཅད་པ་དང་གསང་སྔགས་ཐོགས་པ་མེད་པ་མཐུ་དང་ལྡན་པ་འདི་བསྟན་པ་དང་མྱོང་བར་འགྱུར་བར་ངེས་པའི་ལས་མངོན་དུ་མ་གྱུར་བའི་མ་འོངས་པའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་བཀའ་སྩལ་པ་ཡིན་ནོ། །ཡུལ་འཁོར་སྲུང་ཞེས་བྱ་བ་ལ་སོགས་པ་ནི་ཀླུ་ཡིན་ནོ། །བྱམས་ཞེས་བྱ་བ་ནི་

མཛའ་བཤེས་དག་ལ་ཀུན་དུ་སྤྱོད་པར་བྱེད་པ་བྱམས་པ་སྟེ་ཁོན་མེད་པ་ཡིན་ནོ། །འགུལ་ཞེས་བྱ་བ་ནི་གཡོ་བའོ། །གནས་པ་ཞེས་བྱ་བ་ནི་བརྟན་པ་སྟེ་སྙོམས་པར་ཞུགས་པ་ལ་སོགས་པའོ། །སེམས་ཅན་ཀུན་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ཏེ་སྙིང་སྟོབས་དང་ལྡན་པའི་ཕྱིར་རོ། །སྲོག་ཆགས་

ཀུན་ཞེས་བྱ་བ་ནི་དུད་འགྲོ་རྣམས་ཏེ་སྲོག་ཙམ་དང་ལྡན་པའི་ཕྱིར་རོ། །འབྱུང་པོ་ཀུན་ཞེས་བྱ་བ་ནི་འདྲེ་ལ་སོགས་པ་སྟེ། ཕལ་ཆེར་འབྱུང་པོའི་དོན་དུ་བསྟན་པའི་ཕྱིར་རོ། །མ་འདྲེས་ཤོག་ཅེས་བྱ་བ་ནི་སྐྱོན་མེད་པར་ཤོག་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ནད་ནི་མེད་གྱུར་ཅིག་ཅེས་བྱ་བ་ནི་ནད་མེད་

པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །བཟང་པོ་མཐོང་གྱུར་ཅིང་ཞེས་བྱ་བ་ནི་འདོད་པའི་དངོས་པོ་ཐོབ་པར་གྱུར་ཅིང་ཞེས་བྱ་བའི་ཐ་ཚིག་གོ། །སྡིག་པར་མ་གྱུར་ཅིག་ཅེས་བྱ་བ་ནི་མི་དགེ་བ་འཕེལ་བར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །སྦྲུལ་གྱིས་གང་བའི་ཞེས་བྱ་བ་ནི་སྦྲུལ་གྱིས་ཆལ་བར་

เล่ม ๑๕๗ · หน้า 58b

གང་བའོ། །བྱ་སྐྱིབས་སུ་ཞེས་བྱ་བ་ནི་ངམ་གྲོག་གི་ཕྱོགས་སུའོ། །བདག་གི་སྲོག་ལ་གནོད་པར་འབྱུར་ཞེས་བྱ་བ་ནི་དེ་ལྟ་བུར་རྟག་ཏུ་གནས་པར་གྱུར་དུ་ཟིན་ཀྱང་བདག་གི་སྲོག་ལ་གནོད་པར་བྱེད་པར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །བདག་གི་བདེན་ཚིག་གང་གིས་ནི་ཞེས་བྱ་བ་ལ་སོགས་

པས་ནི་བདག་གི་བདེན་པའི་ཚིག་མ་ནོར་བ་གང་གིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ན་བླ་ན་མེད་པ་ཡིན་ཏེ། གཞན་དུ་མ་ཡིན་པའི་བདག་གི་བདེན་ཚིག་མ་ནོར་བ་དེས་བདག་གི་ལུས་ལ་དུག་མ་འཇུག་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་བདེན་པས་ཞེས་བྱ་བ་

ནི་སངས་རྒྱས་ཀྱི་མ་ནོར་བ་ཉིད་ཀྱིས་ཏེ་ཆོས་དང་དགེ་འདུན་ལ་ཡང་དེ་བཞིན་ནོ། །བསྲུང་བས་ཡོངས་སུ་གཟུང་བ་བྱས་ཞེས་བྱ་བ་ནི་རིག་སྔགས་ཀྱི་བསྲུང་བས་ཡོངས་སུ་བསྐྱང་བར་བྱས་པའོ། །སངས་རྒྱས་ཐམས་ཅད་དུག་བཅོམ་པས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་དུག་དང་བཟའ་བ་ལ་

སོགས་པའི་དུག་ཕམ་པར་བྱས་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་དུག་གི་ལས་ལའོ། །སྔོན་མ་ཐོས་པས་ཞེས་བྱ་བ་ནི་སྔོན་ཆད་མ་ཐོས་པས་སོ། །མངོན་པར་དགའ་བ་ཞེས་བྱ་བ་ནི་རྗེས་སུ་བསྔགས་པའོ། །རྗེས་སུ་ཡི་རང་བ་ཞེས་བྱ་བ་ནི་དེ་བཞིན་ནོ་ཞེས་ཁས་བླངས་པའོ། །ལས་ཞེས་བྱ་བ་ནི་ལུས་དང་། ངག་དང་།

ཡིད་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། བརྣབ་སེམས་ལ་སོགས་པ་དག་གོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི་འདིར་འབྲས་བུ་ཡིན་ནོ། །གཟེར་བའི་སྙིང་གིས་ཞེས་བྱ་བ་ནི་གནོད་པའི་ལུས་ཀྱིས་སོ། །ཚོགས་རྙེད་པ་ཞེས་བྱ་བ་ནི་ནང་གི་ལྷན་ཅིག་བྱེད་པའི་རྒྱུ་དག་རྙེད་པའོ། །རྐྱེན་ཡོངས་

སུ་བསྒྱུར་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གྲོགས་རྗེས་སུ་མཐུན་པར་འགྱུར་བའོ། །འོད་པ་བཞིན་དུ་ཉེ་བར་གནས་པ་ཞེས་བྱ་བ་ནི་ཆུའི་འོད་པ་བཞིན་དུ་རང་གི་བྱ་བ་བྱེད་པ་ལ་མངོན་དུ་ཕྱོགས་པར་གནས་པའོ། །གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་ཅེས་བྱ་བ་ནི་ངེས་པ་སྟེ་བཅོམ་ལྡན་འདས་ཀྱིས་ཀྱང་

ཟློག་པར་མི་སྤྱོད་པ་དག་གོ། །བྱས་ཤིང་ཞེས་བྱ་བ་ནི་བླངས་ཤིང་ངོ་། །བསྩགས་པས་ཞེས་བྱ་བ་ནི་རིགས་མཐུན་པའི་ཚིགས་ཀྱིས་གསོས་པའམ་འབྲས་བུར་འགྱུར་བར་ངེས་པར་བྱས་པའོ། །བཅོམ་ལྡན་འདས་ནི་ཐུགས་རྗེའི་བདག་ཉིད་ཅན་ཡིན་ནོ། །ཉིད་ཀྱིས་ཅིའི་ཕྱིར་ཞལ་གྱིས་མི་

เล่ม ๑๕๗ · หน้า 59a

བཞེས་ཤེ་ན། དེའི་ཕྱིར་ཉེ་སྡེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་ཞེས་བྱ་བ་གསུངས་ཏེ། འབྲེལ་པ་མེད་པའི་ཕྱིར་གཞན་གྱི་རྒྱུད་ལ་འབྲས་བུ་དག་ཏུ་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྫུ་འཕྲུལ་དང་གསང་

སྔགས་ལ་སོགས་པའི་དབང་གིས་ཕྱི་རོལ་གྱི་དངོས་པོ་དག་ལ་ཅིའི་ཕྱིར་འབྱུང་བར་མི་མཛད་ཅེ་ན། དེའི་ཕྱིར་དགེ་སློང་དག་ལས་བྱས་ཤིང་བསྩགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟིན་པ་ཞེས་བྱ་བ་ནི་སེམས་པས་ཟིན་པ་སྟེ།

ནང་གི་ཞེས་བྱ་བའི་ཐ་ཚིག་གོ། །དུས་འཕོས་པས་ཇི་ལྟར་ཆུད་ཟ་བར་མི་འགྱུར་ཞེ་ན། དེའི་ཕྱིར། །ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འང་ཞེས་བྱ་བའི་སྒྲ་གཉིས་པ་ནི་འདི་ལྟར་ཞེས་བྱ་བའི་སྒྲའི་དོན་ལ་འཇུག་པའི་བྱེ་བྲག་བསྟན་ཏོ། །ཚོགས་

ཞེས་བྱ་བ་ནི་བསྐྱེད་པའི་རྒྱུའི་ཚོགས་པའོ། །དུས་ཞེས་བྱ་བ་ནི་བར་དུ་གཅོད་པའི་རྒྱུ་མེད་པའོ། །ལུས་ཅན་རྣམས་ལ་འང་ཞེས་བྱ་བ་ནི་སེམས་ཅན་རྣམས་ལའོ། །ཉིད་ཅེས་བྱ་བ་ནི་སྒྲའི་ངེས་པར་གཟུང་བའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། ལས་ངེས་པ་རྣམས་ནི་བསྐལ་པ་

བརྒྱ་ཕྲག་འདས་པ་དག་ཏུ་ཡང་ཆུད་མི་ཟ་བ་ཡིན་ཏེ། དེའང་འདི་ལྟར་རྒྱུའི་ཚོགས་པ་དང་བར་དུ་གཅོད་པའི་རྒྱུ་མེད་པའི་དུས་རྙེད་ན་བྱེད་པ་པོ་སེམས་ཅན་ལུས་ཅན་རྣམས་ལ་འདོད་པ་དང་མི་འདོད་པའི་འབྲས་བུ་དག་ཏུ་འགྱུར་བ་ཉིད་ཡིན་ཏེ། འདིར་དོན་ནི་དེ་ཡིན་ནོ། །ཉེ་སྡེས་གང་གི་ཚེ་ཅི་ཞིག་བྱས་ཤེ་

ན། དེའི་ཕྱིར་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་བྱུང་བ་ཞེས་བྱ་བ་ནི་འོག་ནས་འབྱུང་བ་གང་ཡིན་པ་འདི་ནི་སྔོན་བྱུང་བ་ཡིན་གྱི་ད་ལྟར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་ཞེས་བྱ་བ་ནི་ཆོས་ཀྱི་རྒྱལ་

པོ་ནི་འགྲན་ཟླ་མེད་པས་ཕངས་པ་ཡིན་པའི་ཕྱིར་རོ། །རང་སངས་རྒྱས་ཞེས་བྱ་བ་ནི་བདག་ཉིད་གཅིག་པུ་ཁོ་ནའི་ཕྱིར་སངས་རྒྱས་པ་སྟེ། གཞན་ལ་རྗེས་སུ་སྟོན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དམན་པ་ཞེས་བྱ་བ་ནི་རིགས་དམའ་བའོ། །བཀྲེན་པ་ཞེས་བྱ་བ་ནི་དབུལ་བའོ། །

เล่ม ๑๕๗ · หน้า 59b

རབ་མཐའི་གནས་མལ་ལ་དགའ་བ་ཞེས་བྱ་བ་ནི་ཐག་རིང་བའི་གནས་ན་གནས་པའོ། །བསེ་རུ་ལྟ་བུ་ཞེས་བྱ་བ་ནི་གཅིག་པུ་འདུག་པའོ། །གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་ཞེས་བྱ་བ་ནི་གཉིས་སུ་མེད་པས་དེའི་ཚེ་ཉིད་འཇིག་རྟེན་གྱི་ཡོན་གནས་ཡིན་པ་སྟེ། དེ་བཞིན་

གཤེགས་པ་རྣམས་འཇིག་རྟེན་དུ་མ་བྱུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །མཚེའུ་ཞེས་བྱ་བ་ནི་མཚོའོ། །རྙོང་ཞེས་བྱ་བ་ནི་བྱ་འཛིན་པ་སྟེ་ཐང་ཤིང་གི་ཐང་ཆུང་ལ་སོགས་པའོ། །དོན་ཡོད་པ་ཞེས་བྱ་བ་ནི་འབྲས་བུ་ཡོད་པ་ཡིན་ནོ། །བྲང་འགྲོའི་རྒྱལ་པོ་ཞེས་བྱ་བ་ནི་ཀླུ་སྟེ། དེ་ཉལ་

བའི་ལུས་བསྐྱིལ་བ་ཟླུམ་པོར་འདུག་པ་ལྟར་བརླ་གཉིས་ཀྱིས་སྐྱིལ་མོ་ཀྲུང་བྱས་ཏེ་འདུག་པའོ། །ཉོན་མོངས་པ་ཞེས་བྱ་བ་ནི་བཀྲེན་པའོ། །སྨས་པ་ཞེས་བྱ་བ་ནི་ཞེ་སྡང་གིས་སོ། །ཉམས་པ་ཞེས་བྱ་བ་ནི་སྡིག་པས་སོ། །ཡང་ན་སྨས་པ་ནི་དངོས་གཞིའི་སྡིག་པ་བྱེད་པས་སོ། །ཉམས་པ་ནི་རྗེས་ཀྱི་ཉེས་

པའོ། །ལག་ནས་དྲངས་པ་ཞེས་བྱ་བ་ནི་ཕྱིར་བཅོས་པས་ཏེ། འགྱོད་པ་ལ་སོགས་པ་ལ་བྱའོ། །འདབ་མ་བརྐྱང་པ་ཞེས་བྱ་བ་ནི་གཤོག་པ་ཕྱར་བའོ། །ནམ་མཁའ་ཞེས་བྱ་བ་ནི་བར་སྣང་ངོ་། །ཆོ་འཕྲུལ་ཞེས་བྱ་བ་ནི་ཡ་མཚན་ནོ། །སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མ་མཐོང་བའོ། །

སེམས་གཏོད་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་བྱེད་པའོ། །རྨ་ལྷན་ཞེས་བྱ་བ་ནི་རྨ་གླེན་པའོ། །ཞི་བ་ཞེས་བྱ་བ་ནི་ཉེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ། །ཕུང་པོའི་ལྷག་མ་མེད་པར་ཞེས་བྱ་བ་ནི་ཕུང་པོ་ཙམ་དང་ཡང་མི་ལྡན་པའོ། །མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱ་བ་ནི་ཕུང་

པོ་མེད་པའོ། །འཇུག་པ་ཞེས་བྱ་བ་ནི་དེ་དང་མཐུན་པའོ། །མཉེས་པར་བྱེད་ཅེས་བྱ་བ་ནི་མགུ་བའི་རྗེས་སུ་འཇུག་པའོ། །ལས་དེ་ཉིད་ཀྱི་ལྷག་མས་ཞེས་བྱ་བ་ནི་ལས་དེའི་འཁོར་གྱི་ལས་ཡོད་པས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །ལས་གཅིག་ཏུ་གནག་པ་རྣམས་ཞེས་བྱ་བ་ནི་

རྣམ་པ་ཐམས་ཅད་དུ་མི་དགེ་བ་དག་གོ། །ལས་གཅིག་ཏུ་དཀར་བ་རྣམས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་དགེ་བ་དག་གོ། །བརྩམ་པར་བྱ་སྟེ་ཞེས་བྱ་བ་ནི་བསམ་པ་དང་སྤེལ་བར་བྱ་བའོ། །བཙས་པའི་རིམ་གྱིས་ཞེས་བྱ་བ་ནི་བཙས་སྟོན་ལ་སོགས་པའི་གོ་རིམས་ཀྱིས་སོ། །གནང་ཆེན་ལ་ཞེས་

เล่ม ๑๕๗ · หน้า 60a

བྱ་བ་ནི་བྱམས་པའོ། །ཅི་ནས་ཅིར་བསྒྱུར་ཏེ་ཞེས་བྱ་བ་ནི་ཚེགས་ཆེན་པོས་སོ། །ཡང་དག་པར་རབ་ཏུ་དགའ་བ་ཞེས་བྱ་བ་ནི་གཟེངས་བསྟོད་པས་སོ། །དགའ་བ་ཞེས་བྱ་བ་ནི་འདོད་པའི་དོན་ཏོ། །སྙན་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་སྒྲའོ། །འཁྱམས་པ་ཞེས་བྱ་བ་

ནི་གར་སོང་མི་ཤེས་པའོ། །བསིལ་བའི་རོ་དང་ལྡན་པ་ཞེས་བྱ་བ་ནི་གང་དག་བསིལ་བའི་རོ་དང་ལྡན་པའོ། །དེ་དུས་ལགས་པར་དགོངས་སུ་གསོལ་ཞེས་བྱ་བ་ནི་གང་འདོད་པ་དེ་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཚིམ་པར་བྱས་ཞེས་བྱ་བ་ནི་ཟས་འདོད་པས་སོ། །བསྟབས་ཞེས་བྱ་བ་ནི་མི་འདོད་

ན་གཞན་དབུལ་བའོ། །ཁྲོན་པ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་ཆུའི་ཁྲོན་པ་དང་འདྲ་བར་ཐམས་ཅད་འདུ་བའི་རྟེན་དུ་གྱུར་པའོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་ཕན་པ་ཉེ་བར་སྟོན་པའོ། །ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་བསྒྲུབ་

དཀའ་བའོ། །སྦོམ་པོ་ཞེས་བྱ་བ་ནི་ལུས་ལྕི་བའོ། །གླེན་མ་ཞེས་བྱ་བ་ནི་བློ་ངན་པའོ། །དམན་པ་ཞེས་བྱ་བ་ནི་སྤྱོད་པ་ཞན་པའོ། །སྤོབས་པ་ཞེས་བྱ་བ་ནི་ཤེས་པའོ། །བུ་ཟན་མོའི་བུ་ཞེས་བྱ་བ་ལ། བུ་ཟན་མོ་ཞེས་བྱ་བ་ནི་མཁའ་འགྲོ་མ་སྟེ། དེའི་བུ་ནི་བུ་ཟན་མོའི་བུ་སྟེ་མཁའ་འགྲོ་མའི་

བུ་ཞེས་བྱ་བའི་ཐ་ཚིག་གོ། །ཉམ་ང་ནས་ཞེས་བྱ་བ་ནི་ངོ་ཚ་ནས་སོ། །སྒྲོན་ཤིང་གི་ཚལ་ཞེས་བྱ་བ་ནི་སྒྲོན་མ་རྒྱུའི་ཤིང་གི་ཚལ་ལོ། །བསྟེན་ཅིང་གོམས་པས་བྱས་ལན་མང་དུ་བྱས་ཞེས་བྱ་བ་ནི་ཆུང་ངུ་དང་། །འབྲིང་དང་། ཆེན་པོ་ཉིད་ཀྱིས་བསྐྱེད་པའོ། །འབྲས་བུ་ཞེས་བྱ་བ་ནི་བར་དུ་མ་ཆོད་

པའི་འབྲས་བུའོ། །ཕན་ཡོན་ཞེས་བྱ་བ་ནི་བར་ཆོད་པའོ། །མི་སྡུག་པ་སྟོན་པར་མཛད་ཅེས་བྱ་བ་ནི་རུས་པའི་ཀེང་རུས་ལ་སོགས་པའི་རྣམ་པར་བསྒོམ་པ་སྟོན་པར་མཛད་དེའོ། །བསྔགས་པ་བརྗོད་པ་ཡང་མཛད་དོ་ཞེས་བྱ་བ་ནི་ཡོན་ཏན་སྟོད་པར་མཛད་པའོ། །དགེ་སློང་ལ་སྩོལ་བར་བྱེད་དོ་

ཞེས་བྱ་བ་ནི་གསོང་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རི་དགས་ཟློག་དགེ་སྦྱོང་སྦེད་ཅེས་བྱ་བ་ནི་ཀུན་དུ་རྒྱུ་ཞིག་གི་མིང་སྟེ་རི་དགས་ཟློག་ཅེས་བྱ་བ་ནི་རི་དགས་ཕྱིར་ཟློག་པར་བྱེད་པའོ། །དགེ་སྦྱོང་སྦེད་ཅེས་བྱ་བ་ནི་ཀུན་དུ་རྒྱུའི་དགེ་སྦྱོང་ལས་གསང་ཐབས་སུ་སྐྱེས་པའི་ཕྱིར་རོ། །ཡང་ན་ནགས་

เล่ม ๑๕๗ · หน้า 60b

ཁྲོད་ན་གནས་པའི་རབ་ཏུ་བྱུང་བ་དགེ་སྦྱོང་རྣམས་ཆོམ་རྐུན་ལ་སོགས་པ་དག་ལས་སྲུང་བར་བྱེད་པའི་ཕྱིར་རོ། །བདུད་ཀྱི་རིགས་ཞེས་བྱ་བ་ནི་བདུད་ཀྱི་འཁོར་རོ། །རྒྱུན་མ་ཕྱེ་བར་འདུག་ནས་ཞེས་བྱ་བ་ནི་ཆུ་ཀླུང་གི་ཆུའི་རྒྱུན་སོ་སོར་མ་ཕྱེ་བར་འདུག་པ་སྟེ། ཆུའི་སྟེང་ན་འདུག་ཅེས་བྱ་བའི་ཐ་

ཚིག་སྟེ་དེ་ནི་ཡིབ་ཅེས་བྱ་བའི་ཕྱིར་རོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་སྤོང་བ་དང་ལྡན་པའོ། །ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྤོང་བ་དང་ལྡན་པའོ། །རྒལ་བར་བྱེད་ཅེས་བྱ་བ་ནི་ལུས་ཀྱིས་སྡུག་བསྔལ་

གྱི་ཆུ་བོ་ལས་རྒལ་བར་བྱེད་པའོ། །གྲོལ་བར་བྱེད་ཅེས་བྱ་བ་ནི་ལུས་ཀྱི་མདུད་པ་ལས་གྲོལ་བར་བྱེད་པའོ། །དབུགས་འབྱིན་པར་བྱེད་ཅེས་བྱ་བ་ནི་མ་འོངས་པའི་དུས་ཀྱི་སྡུག་བསྔལ་འབྱུང་བར་དོགས་པ་ཟློག་པར་བྱེད་པའོ། །ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་

རྒྱུའི་ལུས་འགོག་པར་བྱེད་པའོ། །དེ་ལྟར་དེ་ལ་ཞེས་བྱ་བ་ལ། འདིར་དེ་ལ་ཞེས་བྱ་བའི་སྒྲས་ནི་དེའི་ཕྱིར་ཞེས་བྱ་བར་བསྟན་ཏོ། །ལྟ་བའི་རྣམ་པ་ཞེས་བྱ་བ་ནི་ལྟ་བའི་རྣམ་གྲངས་སོ། །ཉུང་ངུར་གྱུར་ཅེས་བྱ་བ་ནི་གྲངས་ཀྱིས་སོ། །ཉམས་པར་གྱུར་ཅེས་བྱ་བ་ནི་ཆུད་ཟོས་པས་སོ། །ཡང་ན་

ཉུང་ངུར་གྱུར་ཅེས་བྱ་བ་ནི་གསོན་པོ་དག་གོ། །ཉམས་པར་གྱུར་ཅེས་བྱ་བ་ནི་ཤི་བ་དག་གོ། །རྡ་རྡོར་གྱུར་ཅེས་བྱ་བ་ནི་ཤི་བར་མི་ཤེས་པ་དག་གི་བྱུག་རིས་བཞག་པས་སྐབས་སྐབས་སུ་སྟོང་པར་གྱུར་པའི་ཕྱིར་རོ། །བསྲབས་པར་གྱུར་ཅེས་བྱ་བ་ནི་དགེ་སློང་ཉུང་བས་གོ་བ་སྲབ་མོར་གྱུར་པའི་ཕྱིར་རོ། །

འདི་ལ་ངེས་པར་འཆི་བར་གྱུར་པ་ཉིད་ཡིན་པས་བཅོམ་ལྡན་འདས་ཀྱིས་ཀྱང་བཏང་སྙོམས་སུ་མཛད་དོ། །འཕགས་པའི་ལམ་སྐྱེ་བ་སྒྲིབ་པ་ཡོད་པའི་ཕྱིར་འཕགས་པའི་ལམ་སྟོན་པར་མི་མཛད་དོ། །ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེ་བ་དང་འཆི་བར་ངེས་པ་རྣམས་ལ་འཇིག་རྟེན་ཕ་རོལ་

དུ་ལམ་སྐྱེ་བའི་རྒྱུར་འགྱུར་བའི་ཕྱིར་མི་སྡུག་པ་སྟོན་པ་མཛད་དོ། །དགེ་སློང་ཤི་བར་གྱུར་པ་དེ་དག་ནི་སྔོན་བཅོམ་ལྡན་འདས་འོད་སྲུངས་ཀྱི་རི་ལ་དགེ་སློང་རྣལ་འབྱོར་སྤྱོད་པར་གྱུར་ཏེ། ལོ་ཁྲིའི་བར་དུ་མི་སྡུག་པ་བསྒོམས་པ་འཕགས་པའི་ལམ་མ་མཐོང་བ་དག་སྦྱོར་བ་དེའི་རྒྱུ་བཅོམ་ལྡན་འདས་

เล่ม ๑๕๗ · หน้า 61a

ཀྱི་ཉན་ཐོས་ཀྱི་དགེ་འདུན་དུ་གྱུར་པ་ཡིན་པས་དེ་དག་ལ་མི་སྡུག་པ་བསྒོམ་པ་བསྟན་ན་ཚེ་ཕྱི་མ་ལ་འཕགས་པའི་ལམ་སྐྱེ་བའི་རྒྱུར་འགྱུར་ཞིང་དེ་དག་ཤི་མ་ཐག་ཏུ་ལྷར་སྐྱེས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོང་བའི་ཚེ། བཅོམ་ལྡན་འདས་ཀྱིས་མི་སྡུག་པའི་རྣམ་པར་

བསྒོམ་པ་རྒྱ་ཆེར་བསྟན་པས་ཚེ་དེ་ཉིད་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་འདུལ་བ་བྱེ་བྲག་ཏུ་བཤད་པ་ལས་འབྱུང་ངོ་། །དེ་ཉིད་ཀྱི་ཚེས་བཅོ་ལྔ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཟླ་བ་ཕྱེད་པོའི་བར་དུ་མ་ཆོད་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་ཞེས་བྱ་བ་ནི་ནང་གི་གཙོ་བོའི་རྒྱུའོ། །རྐྱེན་ཅེས་བྱ་བ་ནི་ཕྱི་

རོལ་གྱི་གྲོགས་སུ་གྱུར་པའི་རྐྱེན་ནོ། །མིར་ཆགས་པ་ཞེས་བྱ་བ་ནི་མིའི་རྒྱུའོ། །རང་གི་ལག་དར་ཏེ་ཞེས་བྱ་བ་ནི་འདི་ལ་རང་གི་ལག་མངོན་སུམ་དུ་དར་བ་སྲིད་པའི་ཕྱིར་རོ། །ལག་པས་ལག་པ་ཞེས་བྱ་བ་ནི་བྱེ་བྲག་སྟེ་དེ་ལ་ལག་པས་བསྐྱོད་པའི་ལག་པའོ། །དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི་དེ་ལ་མཚོན་ཕུལ་

བའོ། །ཆུ་གྲི་ཞེས་བྱ་བ་ནི་བླ་དགས་སོ། །ཁ་ཅིག་ན་རེ་རལ་གྲི་སོ་གཅིག་པ་ཞེས་ཟེར་རོ། །འཚོ་བའི་ཡོ་བྱད་ཅེས་བྱ་བ་ནི་འཚོ་བའི་འཚོག་ཆས་སོ། །ཚུལ་ཁྲིམས་འཆལ་པ་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་དག་གིའོ། །སྡིག་པའི་ཆོས་ཅན་ཞེས་བྱ་བ་ནི་བསམ་པ་ལ་སྐྱོན་ཆགས་པའོ། །བདག་

ཉིད་ཐོང་ཤིག་ཅེས་བྱ་བ་ནི་རང་གི་ལག་པའམ་སོས་བདག་ཉིད་བོད་ཅིག་པའོ། །བདག་ཉིད་སོད་ཅིག་ཅེས་བྱ་བ་ནི་རང་གིས་བསྐྱོད་པའི་མཚོན་ལ་སོགས་པས་སོ། །བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཤིག་ཅེས་བྱ་བ་ནི་གཞན་ལ་བཅོལ་བས་སོ། །ལུས་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པ་ཉིད་ཅེས་བྱ་

བ་ལ། ལུས་ཀྱི་ཀུན་དུ་སྤྱོད་པ་ཞེས་བྱ་བ་ལས་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ལུས་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ། ལུས་ཀྱི་ཚུལ་ཁྲིམས་འཆལ་པ་ཞེས་བྱ་བའི་ཐ་ཚིག་གོ། །ངག་དང་ཡིད་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བསླང་སྟེ་ཞེས་བྱ་བ་ནི་བཤགས་པ་ལ་

སོགས་པས་ཕྱུང་སྟེའོ། །འཇོག་པ་ཞེས་བྱ་བ་ནི་ངེས་པར་སྦྱོར་བའོ། །ལུས་ཞིག་ན་ཞེས་བྱ་བ་ནི་ཤི་ནའོ། །བདེ་འགྲོ་ཞེས་བྱ་བ་ནི་བཟང་པོ་རྣམས་ཀྱིས་འགྲོ་བའོ། །མཐོ་རིས་ཀྱི་འཇིག་རྟེན་ཞེས་བྱ་བ་ནི་མིའི་འཇིག་རྟེན་ཡོངས་སུ་སྤང་བ་བསྟན་ཏོ། །ལྷ་རྣམས་ཀྱི་ནང་དུ་ཞེས་བྱ་བ་ནི་དེར་ཡང་དྲི་ཟ་

เล่ม ๑๕๗ · หน้า 61b

ལ་སོགས་པ་ཡོངས་སུ་སྤང་བ་བསྟན་ཏོ། །དགེ་བའི་ཆོས་ཅན་ཞེས་བྱ་བ་ནི་དགེ་བའི་བསམ་པ་ཅན་ནོ། །ལྷུག་པར་གཏོང་བ་ཞེས་བྱ་བ་ནི་བདག་ཉིད་རང་ལ་མི་འགོག་པར་གཏོང་བ་སྟེ། སྦྱིན་པའི་ཆོ་ག་བླངས་པའོ། །ལག་རྐྱོང་བ་ཞེས་བྱ་བ་ནི་གཏོང་བའི་དོན་དུ་ལག་པ་རྐྱོང་བའོ། །རྣམ་པར་གཏོང་བ་

ལ་དགའ་བ་ཞེས་བྱ་བ་ནི་སྦྱིན་པ་ལ་མངོན་པར་དགའ་བའོ། །མཆོད་སྦྱིན་རྒྱུན་དུ་བྱེད་པ་ཞེས་བྱ་བ་ནི་ཡོན་ཏན་དང་ལྡན་པ་རྣམས་ལ་མཆོད་པ་ཡང་དང་ཡང་དུ་བྱེད་པའོ། །གཏོང་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སྦྱིན་པ་བྱས་པའོ། །སྦྱིན་པ་ལ་འགེད་པར་དགའ་བ་ཞེས་བྱ་བ་ནི་གཞན་ལས་ཐོབ་པའི་སྦྱིན་པ་

སྦྱིན་པར་བྱ་བའི་དངོས་པོ་གང་ཡིན་པ་དེ་གཞན་ལ་ཡང་འགེད་པར་དགའ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཚོར་བ་སྡུག་བསྔལ་བ་ཞེས་བྱ་བ་ནི་མི་འདོད་པའོ། །མི་ཟད་པ་ཞེས་བྱ་བ་ནི་རྒྱུན་དུ་འབྱུང་བའོ། །རྩུབ་པར་ཞེས་བྱ་བ་ནི་རབ་ཏུ་འཕེལ་ནས་འབྲིང་ཉིད་དུ་གྱུར་པའོ། །ཚ་བ་ཞེས་བྱ་བ་ནི་ཆེན་པོ་ཉིད་

ཀྱིས་བརྣག་མི་བཟོད་པའོ། །ཡིད་དུ་མི་འོང་བ་ཞེས་བྱ་བ་ནི་ཡིད་སྡུག་བསྔལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །ཟས་སོ་སོར་བསྟེན་པར་བྱ་བ་དག་ཅེས་བྱ་བ་ནི་འདོད་པ་དག་གོ། །ནད་གཡོག་ཚུལ་དང་མཐུན་པ་དག་ཅེས་བྱ་བ་ནི་རྗེས་སུ་མཐུན་པ་དག་གོ། །བོད་པའི་ཚིག་བླ་དགས་ཞེས་བྱ་བ་ནི་གོ་བར་བྱེད་པའི་མིང་ངོ་། །

སྡིག་པ་ཞེས་བྱ་བ་ནི་སྡིག་པའི་འབྲས་བུ་འམ་སྡིག་པའི་རྒྱུའོ། །མི་གཙང་བ་ཞེས་བྱ་བ་ནི་ལུས་ཀྱི་གཞི་མི་གཙང་བའི་ཕྱིར་རོ། །འཚོ་བ་ངན་པ་ཞེས་བྱ་བ་ནི་སྨད་པའོ། །སེམས་ཀྱི་འདོད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །སེམས་ཀྱི་ཀུན་དུ་རྟོག་པ་དག་གི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དག་གིས་སོ། །ཡང་

ན་སྨོས་པ་ཞེས་བྱ་བ་ལ་སོགས་པ་ནི་འཆི་བའི་བསྔགས་པ་བརྗོད་པ་རྒྱུན་མི་གཅོད་པ་ལ་བསྟན་པའི་ཕྱིར་ཡང་ཚིག་ཏུ་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་སྦྱོར་བ་མ་བཏང་བའི་འབྲས་བུ་གྲུབ་ན་དངོས་གཞིར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བར་བསྟན་ཏོ། །བདག་ཉིད་ཀྱིས་ཟིན་པ་ཞེས་བྱ་བ་ནི་ལུས་

ཀྱི་ཁོངས་སུ་གཏོགས་པ་སྟེ། སེམས་པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྩོམ་པ་ཞེས་བྱ་བ་ནི་སྦྱོར་བའོ། །དེས་ཞེས་བྱ་བ་ནི་རྩོམ་པ་དེས་སོ། །དེའི་ཚེ་ཞེས་བྱ་བ་ནི་རྩོམ་པའི་ཚེའོ། །མ་ཡིན་ཡང་ཞེས་བྱ་བ་ནི་དུས་བྱེད་པ་མ་ཡིན་ཡང་ངོ་། །དེའི་འོག་ཏུ་ཞེས་བྱ་བ་ནི་རྩོམ་པའི་དུས་ཀྱི་འོག་ཏུའོ། །

เล่ม ๑๕๗ · หน้า 62a

གྲུ་མོ་ཞེས་བྱ་བ་ནི་ལག་ངར་དང་དཔུང་པའི་བར་གྱི་ཟུར་རོ། །ཕྱི་རོལ་དུ་འཕངས་པ་ཞེས་བྱ་བ་ནི་ལུས་ཀྱིས་མདའ་ལ་སོགས་པ་འཕངས་པའོ། །མདའ་ཞེས་བྱ་བ་ནི་མདའ་རྩེ་མོ་མདེའུ་དང་བཅས་པའོ། །ལྕགས་མདའ་ཞེས་བྱ་བ་ནི་ལྕགས་ཀྱི་མདའོ། །མདའ་ཕྱེད་ལྕགས་

ལས་བྱས་པ་ཞེས་བྱ་བ་ནི་མདའ་ཕྱེད་ལྕགས་ལས་བྱས་པའོ། །ཁ་ཅིག་ན་རེ་སྨྱིག་མའི་མདའ་མདེའུ་འདབ་མ་རིང་པོ་བཅས་པ་ནི་ལྕགས་མདའ་ཡིན་ལ། དེ་ཉིད་ཀྱི་མདེའུ་རྣ་སྦྲང་ཅན་ནི་མདའ་ཕྱེད་ལྕགས་ལས་བྱས་པའོ་ཞེས་ཟེར་རོ། །སྟེའུ་ཁ་མ་ཞེས་བྱ་བ་ནི་མདའི་མདེའུ་དྲ་གྲིའི་དབྱིབས་འདྲ་བའོ། །

མདེའུ་བེའུ་སོ་ལྟ་བུ་ཞེས་བྱ་བ་ནི་མདེའུ་བ་ལང་གི་སོའི་དབྱིབས་འདྲ་བའོ། །མདེའུ་ཟུར་མ་ཞེས་བྱ་བ་ནི་མདེའུ་ཏིལ་གྱི་གང་བུའི་དབྱིབས་དང་འདྲ་བའོ། །མདེའུ་ཀ་ར་བཱི་རའི་ལོ་མའི་དབྱིབས་འདྲ་བའོ། །མདེའུ་བྱེའུ་སྙིང་མའི་ཞེས་བྱ་བ་ནི་མདེའུ་མེ་ཏོག་གཞོན་ནུའི་གནས་སྐབས་ཀྱི་དབྱིབས་འདྲ་བའོ། །རྡོ་རྗེ་

རྩེ་གཅིག་པ་ཞེས་བྱ་བ་ནི་མཚོན་རྡོ་རྗེའི་དབྱིབས་འདྲ་བ་རྩེ་མོ་མི་རྣོ་བའོ། །མདའ་བོ་ཆེ་ཞེས་བྱ་བ་ནི་མདེའུ་ཅན་ཐུང་ལ་ཡུ་བ་སྦོམ་པོའོ། །མཚོན་རྩེ་གཅིག་པ་ཞེས་བྱ་བ་ནི་དབྱུག་པ་མུད་ག་རའོ། །རྒྱུ་ཤུག་གི་འབྲས་བུ་ཞེས་བྱ་བ་ནི་རྒྱ་ཤུག་གི་རུས་པའོ། །རལ་གྲི་ཞེས་བྱ་བ་ནི་རལ་གྲི་ཆེན་པོའོ། །ཤང་ལང་

ཞེས་བྱ་བ་ནི་རལ་གྲི་སོ་གཅིག་པ་སྟེ། གྲི་བོ་ཆེ་ཞེས་བྱ་བའི་ཐ་ཚིག་གོ། །རལ་གྲི་སོ་གཅིག་པ་ཞེས་བྱ་བ་ནི་རལ་གྲི་དགུ་བོའོ། །རལ་གྲི་སོ་གཉིས་པ་ཞེས་བྱ་བ་ནི་རལ་གྲི་རིང་པོའོ། །མདུང་ཞེས་བྱ་བ་ནི་མདུང་རྩེ་དང་བཅས་པ་ཡུ་བ་གཉིས་སམ་གསུམ་གྱི་ཚད་ཙམ་དུ་རིང་བའོ། །མདུང་ཐུང་ཞེས་

བྱ་བ་ནི་ཡུ་བ་ཐུང་བ་མིའི་ཚད་ཙམ་མོ། །འཕང་མདུང་ཞེས་བྱ་བ་ནི་སྲོག་ཤིང་མདུང་རྩེ་ཅན་འཕང་བར་བྱ་བའོ། །ཀྱོ་བ་ཁ་བྲག་ཅེས་བྱ་བ་ནི་མཁའ་འགྲོ་མ་དྲང་བའི་ལྕགས་ཀྱོ་བ་ཁ་བྲག་གོ། །ཚ་ལྕག་ཅེས་བྱ་བ་ནི་གཙག་པའི་ལྕག་ཡུའོ། །ཁ་ཅིག་ན་རེ་འབྲེང་ལྕག་ལ་བྱའོ་ཞེས་ཟེར་རོ། །རྩ་མ་དང་ཞེས་

བྱ་བ་ནི་ཤར་བ་འཕྲ་མའོ། །བལྡག་པ་ཞེས་བྱ་བ་ནི་སྦྲང་རྩི་དང་པི་པི་ལིང་ལ་སོགས་པ་བལྡག་པའོ། །གཞིབ་པ་ཞེས་བྱ་བ་ནི་ཨ་མྲ་ལ་སོགས་པ་དབུགས་རྔུབ་ཅིང་ཟ་བའོ། །དྲིལ་ཕྱི་ཞེས་བྱ་བ་ནི་ལུས་དྲིལ་ཞིང་ཕྱི་བའོ། །ཕྱེ་མ་ཞེས་བྱ་བ་ནི་སྐྲ་དང་རྒྱུ་མ་ལ་སོགས་པ་ལྷག་བག་པའི་དུག་གོ། །འཆིང་

เล่ม ๑๕๗ · หน้า 62b

བ་ཞེས་བྱ་བ་ནི་འཆིང་བར་བྱེད་པའོ། །མཚའ་ཞེས་བྱ་བ་ནི་བ་ལང་ལ་ཟ་བའི་གཅན་གཟན་ནོ། །སྤྱང་ཀི་ཞེས་བྱ་བ་ནི་ཅེ་སྤྱང་ངོ་། །ཡོངས་སུ་སྐམ་པ་ཞེས་བྱ་བ་ནི་པགས་པ་ཉམས་པའོ། །ཡོངས་སུ་ཟད་པ་ཞེས་བྱ་བ་ནི་ཁྲག་སྐམ་པའོ། །ཡོངས་སུ་འདུག་པ་ཞེས་བྱ་བ་ནི་ཤ་སྐམ་པའོ། །དཀྲིས་

པ་ཞེས་བྱ་བ་ནི་ཡོངས་སུ་ཟིན་པས་སོ། །བྲང་དུ་འདེབས་པ་ཞེས་བྱ་བ་ནི་འཁྲུལ་འཁོར་གྱི་མི་སྟེ་དེས་གཞན་གྱི་བྲང་དུ་རྡེག་པར་བྱེད་དོ། །འཁྲུལ་འཁོར་ཞེས་བྱ་བ་ནི་ཤིང་ལྗོན་པ་འགུགས་པ་དང་རྡོ་བསྒྲེང་བ་ལ་སོགས་པའོ། །རྔོན་སྤྱད་ཅེས་བྱ་བ་ནི་རི་དགས་ཀྱི་འཁྲུལ་འཁོར་རོ། །ཟླ་བ་མར་གྱི་ངོའི་ཚེས་

བཅུ་བཞི་ཞེས་བྱ་བ་ནི་ཚེས་ཉི་ཤུ་དགུའོ། །ཤི་བའི་རོ་ཞེས་བྱ་བ་ནི་མིའི་རོའོ། །མ་སྨས་ཞེས་བྱ་བ་ནི་བུ་གུམ་བྱུང་བའོ། །མ་ཉམས་པ་ཞེས་བྱ་བ་ནི་ཡན་ལག་དུམ་བུར་མ་གྱུར་པའོ། །བྱ་རྨྱང་ཞེས་བྱ་བ་ནི་ལུས་གྱེན་དུ་འཆུ་བའོ། །བླག་བླག་ཟེར་ཞིང་ཞེས་བྱ་བ་ནི་སྒྲ་བླག་བླག་ཟེར་ཞིང་ངོ་། །རོ་ལངས་

ཞེས་བྱ་བ་ནི་འདྲེ་ལ་སོགས་པ་མི་མ་ཡིན་པའོ། །ནགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་ནགས་ཚལ་གྱི་ནང་ནས་སྐྱེས་པའི་མེ་ཏོག་དང་འབྲས་བུ་ལ་བྱས་པའི་ཕྲེང་བའོ། །བུམ་པ་གང་བ་ཞེས་བྱ་བའི་ཆུས་བཀང་བའོ། །བ་དང་བེའུར་འདྲ་བ་ཞེས་བྱ་བ་ནི་སྨད་གཉིས་སྤུ་ག་མཐུན་པའོ། །མཆིག་མཆི་གུ་དང་

བཅས་པ་ཞེས་བྱ་བ་ནི་མཆིག་སྨད་ཕྲུགས་སུ་ལྡན་པའོ། །མེ་ཚུགས་སྤར་བ་ཞེས་བྱ་བ་ནི་མེ་བུད་པའོ། །རྒྱལ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །རྒྱལ་བས་བཀའ་སྩལ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཕོ་ཉའམ། བཅོམ་ལྡན་འདས་ཀྱིས་བསྟན་པའོ། །བྱང་ཆུབ་སེམས་དཔའ་ཞེས་

བྱ་བ་ནི་སྲིད་པ་ཐ་མའོ། །སོ་སོར་ཐར་པ་ཞེས་བྱ་བ་ནི་དང་པོར་ཐར་པའོ། །ཁ་ཏོན་པ་ཞེས་བྱ་བ་ནི་ཁ་དོན་དུ་མ་བསླབས་པའོ། །རྒྱ་ཆེར་དབྱངས་ཀྱིས་ཞེས་བྱ་བ་ནི་གཞན་གྱིས་ཐོས་པའི་སྒྲས་སོ། །མདོ་སྡེའི་སྡེ་ཚན་བཞི་པོ་ཞེས་བྱ་བ་ནི་ལུང་རིང་པོ་དང་། ལུང་བར་མ་དང་། ཡང་དག་པར་ལྡན་

པའི་ལུང་དང་། གཅིག་ལས་འཕྲོས་པའི་ལུང་དག་གོ། །མདོ་ཆེན་པོ་ཞེས་བྱ་བ་ནི་ཕས་ཀྱི་རྒོལ་བ་ལས་རྒྱལ་བར་བྱེད་པའི་ཕྱིར་དང་། གནོད་སྦྱིན་གདུག་པ་ལ་སོགས་པ་ལས་རྒྱལ་བར་བྱེད་པའི་ཕྱིར། འབྲས་བུ་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཆེ་བ་ཞེས་བྱ་བ་ནི་དོན་ཟབ་པ་ཉིད་ཀྱིས་དོན་ཆེ་བའོ། །

เล่ม ๑๕๗ · หน้า 63a

དེ་དག་ཀྱང་གང་ཞེ་ན་མདོ་ཆེ་བ་བརྒྱད་དེ། འདི་ལྟ་སྟེ་ཞེས་བྱ་བས་དངོས་སུ་བསྟན་པ་དག་ཡིན་ནོ། །དེ་དག་གི་ལུང་རིང་པོ་ལ་སོགས་པ་དག་གི་རྒྱུད་དུ་གཏོགས་པ་ཡིན་ནོ། །གཏང་ཞེས་བྱ་བ་ནི་གནས་མ་ཡིན་པར་གཏང་བའོ། །དགེ་སློང་བདག་ཉིད་གསོད་པར་

སེམས་པར་འགྱུར་བས་ཞེས་བྱ་བ་ནི་རོ་ལངས་དེས་དགེ་སློང་སྔགས་པ་རང་ཉིད་གསོད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་འགག་པ་ཞེས་བྱ་བ་ནི་ཟད་པའོ། །ཏིལ་དང་ཉུངས་ཀར་བྲེའུ་ཆུང་གང་ལ་མ་ག་དྷཱའི་སྲང་བཅུ་དྲུག་གོ། །གཏུན་བུའི་རྩེ་མོ་ཞེས་བྱ་བ་ནི་གཏུན་བུའི་སྣའོ། །འབྲུ་ཞེས་བྱ་བ་

ནི་འབྲས་བུའོ། །འདྲེས་པར་གྱུར་པ་ཞེས་བྱ་བ་ནི་འདུས་པར་གྱུར་པའོ། །འོ་མ་དང་ཞོ་བྲེའུ་ཆུང་གང་ལ་ནི་མ་ག་དྷཱའི་སྲང་སུམ་ཅུ་རྩ་གཉིས་སོ། །འཕྲོག་པར་བྱེད་ཅེས་བྱ་བ་ནི་དགུག་པའི་སྒྲའོ། །བྱིད་པར་གྱུར་པ་ཞེས་བྱ་བ་ནི་ཡལ་བར་གྱུར་པ་སྟེ་མི་མངོན་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །ལྗན་ལྗིན་

ཅེས་བྱ་བ་ནི་འདམ་རྫབ་པོ། །རྒྱ་ཐབ་ཅེས་བྱ་བ་ནི་བཙོ་བའི་གནས་སོ། །ད་ནུར་ཞེས་བྱ་བ་ནི་བསྲེག་པའི་གནས་སོ། །ཚེས་བརྒྱད་ཀྱི་བར་ཞེས་བྱ་བ་ནི་དགུན་ཟླ་ར་བ་དང་། དགུན་ཟླ་འབྲིང་པོ། །དགུན་ཟླ་ཐ་ཆུངས་རྣམས་ཀྱི་མར་གྱི་ངོའི་ཚེས་བརྒྱད་པོ་དག་གི་བར་ཏེ། དགུན་ཟླ་ར་བ་ཚེས་ཉི་

ཤུ་གསུམ་ནས་དགུན་ཟླ་འབྲིང་པོའི་ཚེས་ཉི་ཤུ་གསུམ་དང་། དགུན་ཟླ་ཐ་ཆུངས་ཚེས་ཉི་ཤུ་གསུམ་གྱི་བར་དག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །སོག་མའི་ཆག་ཆག་ཅེས་བྱ་བ་ནི་སོག་མའི་ཆད་སྤུངས་ཏེ་སྟེང་ཆུ་གྲང་མོས་འདེབས་པའོ། །སྲོག་ཆགས་ཕྲ་མོ་སྐྱེ་བ་ཞེས་བྱ་བ་ནི་དུས་གང་དག་གི་ཚེ་དྲོད་

གཤེར་ལས་སྐྱེས་པའི་སྲོག་ཆགས་ཕྲ་མོ་དག་སྐྱེ་བའི་དུས་དེ་དག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །འབྲོག་གནས་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་མི་སྟེ། འབྲོག་ན་གནས་པ་ཡིན་པའི་ཕྱིར་རོ། །ནགས་ཞེས་བྱ་བ་ནི་ཚང་ཚིང་གི་ཕྱོགས་སོ། །རྫས་ལས་བྱུང་བའི་ཞེས་བྱ་བ་ནི་རྫས་ཀྱི་རྒྱུ་ལས་བྱུང་བའོ། །བསོད་

ནམས་བྱ་བའི་གཞི་ཞེས་བྱ་བ་ནི་དགེ་བ་སྤེལ་བའི་རྒྱུའི་ཆོས་སོ། །བདུན་པོ་དག་ཅེས་བྱ་བ་ནི་ཀུན་དགའ་ར་བའི་སྦྱིན་པ་དང་གཙུག་ལག་ཁང་བརྩེག་ཏུ་གཞུག་པ་ནི་གནས་མལ་གྱི་སྦྱིན་པ་དང་། ཟས་ནར་མ་སྦྱོར་དུ་གཞུག་པ་དང་། གློ་བུར་དུ་འོངས་པ་དང་། འགྲོ་བར་ཆས་པ་ལ་ཕན་འདོགས་པ་དང་།

เล่ม ๑๕๗ · หน้า 63b

ནད་པ་དང་ནད་གཡོག་ལ་ཕན་འདོགས་པ་དང་། ཕོངས་པའི་དུས་སུ་གནས་པའི་དགེ་འདུན་བཤོས་གསོལ་བའོ། །མཁར་ལེན་གྱི་འབྲས་བུ་ཞེས་བྱ་བ་ནི་འབད་པ་དང་རྩོལ་བའི་འབྲས་བུ་སྟེ། གླ་རྔན་ཞེས་བྱ་བའི་ཐ་ཚིག་གོ། །བརྒྱ་ལ་ཞེས་བྱ་བ་ནི་དཔྱིད་ལ་སོགས་པའི་དུས་ཚིགས་ཀྱི་དུས་སོ། །

བརྒྱ་ལམ་ན་ཞེས་བྱ་བ་ནི་དུས་ཚིགས་ཀྱི་བར་སྐབས་ཀྱི་ཟླ་བ་ཡར་གྱི་ངོ་ལ་སོགས་པའོ། །མཁར་ལེན་གྱི་སྟོང་མོ་ཞེས་བྱ་བ་ནི་ལས་ཀྱི་གྲོགས་ཞེས་བྱ་བའི་ཐ་ཚིག་གོ། །གཞི་ཞེས་བྱ་བ་ནི་གནས་སོ། །ཕྱི་དྲོ་ཞེས་བྱ་བ་ནི་གུང་ཚིགས་ཀྱི་འོག་ཅེས་བྱ་བའི་ཐ་ཚིག་གོ། །སྔ་དྲོ་ཞེས་བྱ་བ་ནི་གུང་ཚིགས་ཀྱི་མདུན་

ཞེས་བྱ་བའི་ཐ་ཚིག་གོ། །དུས་རྟིང་ལ་ཐུག་པ་ཞེས་བྱ་བ་ནི་ཉེ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཅོ་འདྲི་བར་བྱེད་ཅེས་བྱ་བ་ནི་ཐོ་འཚམས་པར་བྱེད་པའོ། །ཕྱམ་ཞེས་བྱ་བ་ནི་གདུང་ཕྲན་ནོ། །རྐྱེན་དེ་ལྟ་བུ་ཞེས་བྱ་བ་ནི་གང་ལ་གདོན་མི་ཟ་བར་མི་གདེག་ཏུ་མི་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་པ་གཅིག་

གི་ཁུར་ཞེས་བྱ་བ་ནི་སྲང་ཉིས་སྟོང་ངོ་། །དྲང་སྲོང་གི་གདན་ཞེས་བྱ་བ་ལ། དྲང་སྲོང་ནི་ཤེས་པ་དང་ལྡན་པའོ། །དེའི་ཕྱིར་བཤམས་པའི་གདན་ནི་དྲང་སྲོང་གི་གདན་ནོ། །ཆོས་ཀྱི་ལུས་ཞེས་བྱ་བ་ནི་ཆོས་ཀྱི་བདག་ཉིད་ལུས་སམ། ཆོས་ཀྱི་ཕྱིར་སྒྲུབ་པའི་ལུས་སོ། །ཀུན་ཤེས་པ་བརྡ་སྤྲོད་པ་ཞེས་བྱ་

བ་ལ། ཀུན་ཤེས་པ་ཞེས་བྱ་བ་ནི་ཟག་པ་མེད་པ་མི་སློབ་པའི་ཤེས་པ་བྱང་ཆུབ་རྟོགས་པའོ། །དེ་བརྡ་སྤྲོད་པ་ཞེས་བྱ་བ་ནི་བདག་གི་ཟག་པ་ཟད་དོ་ཞེས་བྱ་བ་ལ་སོགས་པ་སྒྲོགས་པར་བྱེད་ཅེས་བརྗོད་པའི་ཐ་ཚིག་གོ། །ཆོས་ཀྱི་ལོངས་སྤྱོད་ཅེས་བྱ་བ་ནི་ཆོས་མཉན་པ་ལ་སོགས་པའི་ཆོས་ཀྱི་ལོངས་སྤྱོད་དོ། །

ཟང་ཟིང་གི་ལོངས་སྤྱོད་ཅེས་བྱ་བ་ནི་བསོད་སྙོམས་ལ་སོགས་པའི་ཟང་ཟིང་གི་ལོངས་སྤྱོད་དོ། །གནོད་པ་ཉུང་བ་ཞེས་བྱ་བ་ནི་ནད་ཉུང་བ་སྟེ། ཡམས་ཀྱི་ནད་ཉུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཡུན་རིང་དུ་འཚོ་བར་འགྱུར་ཞིང་ཞེས་བྱ་བ་ནི་ངེས་པའི་ཚེའོ། །ཚེ་རིང་དུ་སྐྱོང་བར་འགྱུར་རོ་ཞེས་བྱ་བ་ནི་མ་

ངེས་པའི་ཚེ་སྲུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་སྔ་མ་ནི་བསྒྲུབ་པའོ། །ཕྱི་མ་ནི་སྒྲུབ་པར་བྱེད་པའོ། །ལན་ཚྭའི་སྨན་རྩབས་ཞེས་བྱ་བ་ནི་ལན་ཚྭའི་རྩབ་མོའོ། །ཁ་ཅིག་ན་རེ་པི་པི་ལིང་དཀར་པོའི་རྩབ་མོ་ལན་ཚྭ་ཅན་ཡིན་ནོ་ཞེས་ཟེར་རོ། །སྨན་པ་རབ་ཏུ་བྱུང་བ་ཞེས་བྱ་བ་ནི་སྔོན་སྨན་

เล่ม ๑๕๗ · หน้า 64a

པར་གྱུར་པ་ལས་ཕྱིས་རབ་ཏུ་བྱུང་བའོ། །སྨན་པས་བཀོལ་བ་ཞེས་བྱ་བ་ནི་སྨན་པ་དང་ལྷན་ཅིག་སྤྱོད་སྤྱོད་པའོ། །ནད་ཀྱིས་ཐེབས་པ་ཞེས་བྱ་བ་ནི་ནད་དེ་ཉིད་ཀྱིས་སྔོན་ཉོན་མོངས་པར་གྱུར་པ་གང་ཡིན་པའོ། །མཛོད་ཅེས་བྱ་བ་ནི་གཅས་པའི་མཛོད་དོ། །བང་བ་ཞེས་

བྱ་བ་ནི་འབྲུ་ལ་སོགས་པའི་བང་བའོ། །ས་མཚམས་ཀྱི་བར་ཞེས་བྱ་བ་ནི་ས་མཚམས་ཀྱི་བར་གྱི་ཡུལ་ལོ། །དོན་མཐུན་པ་བསེལ་བ་དང་བཅས་པ་ཞེས་བྱ་བ་ལ། བསེལ་བ་ཞེས་བྱ་བ་ནི་ཡུལ་གཞན་དུ་བསྐྱེལ་བའི་བསེལ་ལོ། །དེའི་དོན་དུ་གནས་པ་ནི་བསེལ་བ་སྟེ། སྲུང་བར་བྱེད་པའི་མི་དག་

གོ། །ཚོང་པ་དོན་མཐུན་གང་དག་བསེལ་བ་དག་དང་ལྷན་ཅིག་འཇུག་པ་དེ་དག་ནི་དོན་མཐུན་བསེལ་བ་དང་བཅས་པ་ཞེས་བྱའོ། །དཔའ་བ་ཞེས་བྱ་བ་ནི་མི་འཇིགས་པའོ། །རྩལ་ཆེ་བ་ཞེས་བྱ་བ་ནི་ནུས་པའོ། །གསོན་པོར་བཟུང་ཞེས་བྱ་བ་ནི་སྲོག་འཛིན་བཞིན་དུ་བཟུང་བ་སྟེ། སྲོག་དང་ལྡན་

པར་བཟུང་ཞེས་བྱ་བའི་ཐ་ཚིག་གོ། །གསོད་པ་ཞེས་བྱ་བ་ནི་གསོད་པའི་གནས་ཏེ་དུར་ཁྲོད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་དང་ཡང་དུ་སོ་སོར་རྟོགས་ཤིག་ཅེས་བྱ་བ་ནི་ཡང་དང་ཡང་དུ་རྣམ་པར་དཔྱོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཅི་ཞིག་གི་ཕྱིར་ཞེས་བྱ་བའི་ཐ་

ཚིག་གོ། །དེ་ནི་སེམས་ཚིམ་པ་དང་ཞུམ་པ་རྣམས་ལས་སུ་རུང་བའི་ཕྱིར་རོ། །དལ་བུས་ཞེས་བྱ་བ་ནི་དམན་པ་སྟེ། ཧ་ཅང་གསང་མི་མཐོ་བར་རོ། །ཁད་ཀྱིས་ཁད་ཀྱིས་ཞས་བྱ་བ་ནི་བསྒྱིངས་པ་དང་བཅས་པ་སྟེ། ཧ་ཅང་བརྟུན་མི་ངེས་པའོ། །རྗེས་སུ་ཡི་རང་བ་ཞེས་བྱ་བ་ནི་སྔོན་ཁས་བླང་བའོ། །

འདུ་ཤེས་ཡོད་ཅེས་བྱ་བ་ནི་འདིར་མ་ཡིན་པར་ཤེས་པ་ནི་འདུ་ཤེས་སོ། །སེམས་པ་ཡང་ཡོད་པས་ཞེས་བྱ་བ་ནི་གསད་པའི་སེམས་ཡོད་པའོ། །ཇི་ནས་ཀྱང་ཞེས་བྱ་བ་ནི་འདོད་པའོ། །འགལ་ཚབས་ཅན་ཞེས་བྱ་བ་ནི་འདིར་ཁ་ཅིག་ཏུ་ནི་སྦོམ་པོའོ། །ཁ་ཅིག་ཏུ་ནི་དངོས་གཞིའོ། །སར་པ་ཞེས་བྱ་

བ་ནི་རྫོགས་པར་བསྙེན་ནས་རིང་པོ་མ་ལོན་པའོ། །སྐྱེས་ཕྲན་ཞེས་བྱ་བ་ནི་སྐྱེས་མ་ཐག་པ་ཉིད་དགག་པ་བསྟན་ཏེ་དབང་པོ་ལས་སུ་རུང་ཞིང་གསལ་བ་ཞེས་བྱ་བའི་ཐ་ཚིག་གོ། །གཞོན་པ་ཞེས་བྱ་བ་ནི་གཞོན་ནུ་ཉིད་དགག་པ་བསྟན་ཏེ་ན་ཚོད་གཉིས་པ་ཞེས་བྱ་བའི་ཐ་ཚིག་གོ། །བཅུ་བདུན་སྡེ་ཞེས་བྱ་

เล่ม ๑๕๗ · หน้า 64b

བ་ནི་བཅུ་བདུན་པོ་དག་གི་ཚོགས་སོ། །ཚོགས་དག་ཅེས་བྱ་བ་ནི་གཅིག་པ་དག་སྟེ་དེ་དག་ལ་ཚོགས་ཀྱི་གྲངས་དང་འབྲེལ་པ་ཡོད་པའི་ཕྱིར་རོ། །ལས་སུ་བསྐོ་བ་ཞེས་བྱ་བ་ནི་ལས་སུ་ཞུགས་པ་སྟེ། ལས་ཀྱི་རེས་ཞེས་བྱ་བའི་ཐ་ཚིག་གོ། །སྟོངས་ཏེ་ཞེས་བྱ་བ་ནི་བྱ་བ་གཅིག་པ་ཉིད་དུའོ། །གག་

ཚིལ་ཞེས་བྱ་བ་ནི་མཆན་ཁུང་ལ་སོགས་པར་སོར་མོ་གཉིས་སམ་གསུམ་དལ་བུས་ཉེད་པར་བྱེད་པའོ། །དད་པ་ཅན་ཞེས་བྱ་བ་ནི་ཡོན་ཏན་རྣམས་དང་ཡོན་ཏན་དང་ལྡན་པ་རྣམས་ལ་ཡིད་ཆེས་པ་དང་ལྡན་པའོ། །བཟང་བ་ཞེས་བྱ་བ་ནི་གནམ་པ་དང་ལྡན་པའོ། །དགེ་བའི་བསམ་པ་ཅན་ཞེས་

བྱ་བ་ནི་བསོད་ནམས་འདོད་པའོ། །བསྔོས་ཏེ་ཞེས་བྱ་བ་ནི་མངོན་པར་བསམས་ཏེའོ། །རྟ་བབས་མཐོན་པོ་ཞེས་བྱ་བ་ལ། རྟ་བབས་ཞེས་བྱ་བ་ནི་ལམ་པོ་ཆེའི་སྒོའོ། །མཐོན་པོ་ཞེས་བྱ་བ་ནི་བསྒྲེང་བའོ། །སྐར་ཁུང་ཞེས་བྱ་བ་ནི་སྣང་བའི་མཐོངས་སོ། །སྐར་ཁུང་དྲ་བ་ཅན་ཞེས་བྱ་བ་ནི་

རླུང་གི་ལམ་དྲ་བ་དང་བཅས་པའོ། །ལན་ཀན་ཞེས་བྱ་བ་ནི་རྒྱུ་བའི་ལམ་གཅད་པའོ། །དེས་ན་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་སྐར་ཁུང་དང་སྐར་ཁུང་དྲ་བ་ཅན་ལན་ཀན་གྱིས་བརྒྱན་པ་དེ་ལྟ་བུ་བྱེད་དུ་བཅུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སྙིང་དང་མིག་འཕྲོག་པ་ཞེས་བྱ་བ་ནི་དབང་དུ་བྱེད་པའོ། །

མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་ཞེས་བྱ་བ་ནི་སྟེགས་སུ་གྱུར་པའོ། །དཔྱང་ཚགས་ཞེས་བྱ་བ་ནི་ཆུ་བཙགས་པའི་ཚགས་སོ། །མཚོ་པདྨས་གང་བ་བཞིན་ཞེས་བྱ་བ་ནི་པདྨ་དང་བཅས་པའི་མཚོ་བཞིན་ནོ། །ས་གཞི་དེ་ནི་དགའ་བྱེད་ཡིན་ཞེས་བྱ་བ་ནི་ས་རྣམས་དགའ་བར་གྱུར་པའོ། །ཡོན་བཤད་པ་ཞེས་བྱ་

བ་ནི་སྦྱིན་པའི་འབྲས་བུ་ཡོངས་སུ་བསྔོ་བའོ། །མི་སྡུག་པ་ཞེས་བྱ་བ་ནི་རུས་གོང་ལ་དམིགས་པ་ལ་སོགས་པའི་ཆགས་པ་མེད་པའི་སེམས་སོ། །བླ་མཁྱེན་ཞེས་བྱ་བ་ནི་བཙུན་མོའི་འཁོར་གྱི་སྤྱན་ནོ། །དད་པས་སྤེལ་བར་བྱ་ཞིང་ཞེས་བྱ་བ་ནི་ཚུལ་དང་མཐུན་པར་རྗེས་སུ་བསྒྲུབས་པས་སོ། །

རྗེས་སུ་སྙིང་བརྩེ་བར་བྱའོ་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་ཆོས་བླང་བ་ལ་སོགས་པའོ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ནི། །རྟ་བརྒྱ་དང་ནི་གསེར་བརྒྱ་དང་། །དྲེའུ་དང་ཤིང་རྟ་བརྒྱ་དག་དང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདོན་པས་སོ། །རྒན་ཞུགས་ཞེས་བྱ་

เล่ม ๑๕๗ · หน้า 65a

བ་ནི་ཡུན་རིང་དུ་ལོན་ནས་རབ་ཏུ་བྱུང་བའོ། །ཤིང་ཤུན་ཞེས་བྱ་བ་ནི་ཤིང་ལྗོན་པའི་ཤུན་པའོ། །གོས་ཞེས་བྱ་བ་ནི་བགོ་བ་ལ་སོགས་པའི་གོས་སོ། །ཕུར་ཤོག་ཅིང་འདུག་པ་ཞེས་བྱ་བ་ནི་གོས་ཀྱི་ཚོགས་དག་སྒྲ་ཕུར་ཤོག་ཕུར་ཤོག་ཟེར་ཞིང་འདུག་པའོ། །

བྱུག་རིས་ཞེས་བྱ་བ་ནི་སའོ། །དངོས་པོ་བདུན་པོ་དག་ཅེས་བྱ་བ་ནི་སྟན་ནང་ཚངས་ཅན་དང་། འོག་གཞི་དང་སྟེང་གཡོགས་དང་། གདིང་བ་དང་། བགོ་བ་དང་། སྔས་དང་། རྟེན་མའོ། །པདྨའི་མིག་ཅན་དག་ཅེས་བྱ་བ་ནི་དགའ་བ་ལ་བོད་པའོ། །གྲུ་བོ་ཆེ་ཞེས་བྱ་བ་ནི་འདེགས་པའི་

སྣོད་དོ། །ཕྲོགས་ཤིག་ཕྲོགས་ཤིག་ཅེས་བྱ་བ་ནི་ཁྱེར་ཅིག་ཅེས་བྱ་བ་སྟེ། གུས་པར་བསྒྲིམ་པའི་ཕྱིར་ལན་གཉིས་སུ་སྨོས་སོ། །འཕོང་གི་སློབ་དཔོན་ཞེས་བྱ་བ་ནི་འཕོང་གི་རིག་བྱེད་ལ་མཁས་པའོ། །བཏོན་ཏེ་ཞེས་བྱ་བ་ནི་སྨྲས་ཏེའོ། །གསོ་སྦྱོང་ཞེས་བྱ་བ་ནི་ཚུལ་ཁྲིམས་གསོ་བའོ། །

མི་མཆོག་འདུལ་བའི་ཁ་ལོ་སྒྱུར་མཛད་པ། །ཀུན་སྦྱོར་འཆིང་བ་གཅོད་པ་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པས་བཀའ་བཞིན་བྱེད་པ་གསུངས། །ཞེས་བྱ་བ་ལ། མི་མཆོག་འདུལ་བ་ཞེས་བྱ་བ་ནི་འཕགས་པ་ཤཱ་རིའི་བུ་ལ་སོགས་

པ་ལྟ་བུ་བདེན་པའི་སྣོད་དུ་རུང་བའི་འདུལ་བ་དག་གོ། །ཁ་ལོ་སྒྱུར་མཛད་ཅེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་ཁྱད་པར་རོ། །ཀུན་སྦྱོར་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་།

ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་ཀུན་དུ་སྦྱོར་བ་དགུ་པོ་དག་གོ། །འཆིང་བ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཆིང་བ་སྟུག་པོ་དག་གོ། །གཅོད་པ་ཞེས་བྱ་བ་ནི་གདུལ་བ་རྣམས་ཀྱི་ཀུན་དུ་སྦྱོར་བ་དང་འཆིང་བ་དེ་དག་གཅོད་པར་མཛད་པའོ། །དབང་པོ་

ཞི་ཞིང་ཞེས་བྱ་བ་ནི་རང་གིའོ། །ཉེར་ཞི་ཞེས་བྱ་བ་ནི་ལམ་མོ། །ཞི་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལའོ། །བཀའ་བཞིན་བྱེད་པ་ཞེས་བྱ་བ་ནི་སློབ་མ་རྣམས་ལའོ། །གསུང་ཞེས་བྱ་བ་ནི་གོ་བར་མཛད་པའོ། །མིང་འདོགས་པར་བྱེད་པ་ནི་ཉམས་སོ་ཞེས་བྱ་བ་ནི་དོན་མེད་ཅིང་ངལ་

เล่ม ๑๕๗ · หน้า 65b

བ་ཞིག་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་དང་བཅས་པར་བཞོ་བར་བྱ་བའོ་ཞེས་བྱ་བ་ནི་འདོད་ཞོའི་ལྷག་མ་དང་བཅས་པར་བཞོ་བ་བཞིན་དུ་ཚོད་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་བཞི་པའི་དགེ་སློང་གི་དགེ་འདུན་ཞེས་བྱ་བ་ནི་ཕྱོགས་བཞིན་གནས་པའོ། །མཚན་མོ་

འགེབས་པ་ཞེས་བྱ་བ་ནི་མཚན་མོ་དེ་དག་འགེབས་ཤིང་མི་སྣང་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གཙུག་ལག་ཁང་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའོ། །འདུག་གནས་ཞེས་བྱ་བ་ནི་གཞན་དང་ཐུན་མོང་བའོ། །དུས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་གཉིས་བཞུར་གྱི་འཁོར་ལོའོ། །བདུན་

པ་ཞེས་བྱ་བ་ནི་ཆོས་གོས་གླེགས་བུ་བདུན་པའོ། །ལྔ་པ་ཞེས་བྱ་བ་ནི་ཆོས་གོས་གླེགས་བུ་ལྔ་པའོ། །རྒྱ་ཅང་ཞེས་བྱ་བ་ནི་སྐ་རགས་སྦྲུལ་གྱི་མགྲིན་པ་ལྟ་བུའོ། །ཤུར་བུ་ཞེས་བྱ་བ་ནི་སྐ་རགས་ལེབ་ལེབ་པའོ། །ལྕག་པོད་ཅེས་བྱ་བ་ནི་སྐ་རགས་རྒྱུན་སྦོམ་པའོ། །ཤུར་བུ་ཕྲེའུ་ཞེས་བྱ་བ་

ནི་སྐ་རགས་རྒྱུན་ཕྲ་མོའོ། །ཚམ་ངམ་ཞེས་བྱ་བ་ནི་རབ་ཏུ་སྡང་བའི་སེམས་མེད་པས་བསྡིགས་པར་བྱ་བའོ། །ཡོ་བྱད་བཅུ་གསུམ་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་

དང་། གདིང་བ་དང་། སྐྲ་བཟེད་དང་། རྣག་གཟན་དང་། གཡན་པ་དགབ་པ་དང་། ཁྲུས་རས་དང་། དབྱར་གྱི་རས་ཆེན་དང་། ཡོ་བྱད་ཀྱི་གོས་སོ། །ལེགས་གསུངས་ཞེས་བྱ་བ་ནི་ལེགས་པར་གསུངས་པ་གསུངས་པའོ། །རྐང་གཉིས་གཙོ་བོ་ཞེས་བྱ་བ་ནི་ལྷ་དང་མིའི་གཙོ་བོའོ། །

གང་བསྟན་པ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །གཡུལ་ལས་སྔར་བ་ཞེས་བྱ་བ་ནི་གཡུལ་ངོར་འཇིགས་པའོ། །རྒན་པའི་མཐའ་ཞེས་བྱ་བ་ནི་རྒན་པའི་ཡུལ་ལོ། །གཞོན་པའི་མཐའ་ཞེས་བྱ་བ་ཡང་གཞོན་པའི་ཡུལ་ལོ། །རྒན་ཞུགས་ཞེས་བྱ་བ་ནི་རྒན་པའོ། །འཕང་ལོས་རློགས་པའི་ས་

ཞེས་བྱ་བ་ནི་ཤིང་རྟའི་འཕོང་ལོ་བཏེག་པའི་སའོ། །མཚམས་མེད་པ་ཞེས་བྱ་བ་ནི་བར་ཆད་མེད་པ་སྟེ་སེམས་ཅན་དམྱལ་བར་སྐྱེ་བའི་ཕྱིར་བར་དུ་གཅོད་པར་མི་ནུས་པ་ནི་བར་མེད་པ་སྟེ། བར་མེད་པར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའི་ལས་ཞེས་བྱ་བའི་ཐ་ཚིག་གོ། །སྤང་ལེབ་ཅེས་བྱ་བ་ནི་

เล่ม ๑๕๗ · หน้า 66a

བཀྲུ་བཤལ་བྱ་བའི་དབྱུག་པའོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བ་ལས་ཕམ་པར་གྱུར་པ་གསུམ་པ་གསོད་པའི་ཕམ་པར་འགྱུར་བའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཡངས་པ་ཅན་

ཞེས་བྱ་བའི་གྲོང་ཁྱེར་དེ་ཁྱིམ་སྤངས་པའི་ཕྱིར་རོ། །སྤྲེའུ་རྫིང་གི་འགྲམ་ཞེས་བྱ་བ་ནི་སྤྲེའུས་བརྐོས་པའི་རྫིང་གི་རྒྱུན་ངོགས་ནའོ། །ཁང་པ་བརྩེགས་པའི་ཁང་བཟངས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་མིང་ངོ་། །ཆུ་སྲིན་ཉའི་རིགས་ཞེས་བྱ་བ་ནི་ཉ་དང་འདྲ་བ་སྟེ་མཇུག་མ་ལ་སོགས་པ་ཉའི་རྣམ་པ་དང་

འདྲ་བའོ། །ལས་མ་མཐོང་བ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྨས་པ་ཞེས་བྱ་བ་ནི་རྨ་ཆུང་ཞིག་བྱུང་བའོ། །རྣམ་པར་སྨས་པ་ཞེས་བྱ་བ་ནི་རྨ་ཆེན་པོ་བྱུང་བའོ། །རལ་བ་ཞེས་བྱ་བ་ནི་ཅུང་ཞིག་རལ་བའོ། །རབ་ཏུ་རལ་བ་ཞེས་བྱ་བ་ནི་

ཆེར་རལ་བའོ། །ལྟད་མོ་ཞེས་བྱ་བ་ནི་ཡ་མཚན་གྱི་བློས་ལྟ་འདོད་པའོ། །སྟོན་པ་དྲུག་པོ་ཞེས་བྱ་བ་ནི་འོད་སྲུངས་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། གཅེར་བུ་པ་གཉེན་

གྱི་བུ་ཞེས་བྱ་བ་མུ་སྟེགས་ཅན་རྣམས་ཀྱི་ལམ་སྟོན་པར་བྱེད་པ་དག་གོ། །རྟོག་པར་བྱེད་ཅེས་བྱ་བ་ནི་རྣམ་པར་དཔྱོད་པར་བྱེད་པའོ། །མཁྱེན་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་སོ། །གཟིགས་པ་ཞེས་བྱ་བ་ནི་སྤྱན་གྱིས་སོ། །རིག་པ་ཞེས་བྱ་བ་ནི་སྙན་གྱིས་སོ། །རྣམ་པར་མཁྱེན་པ་ཞེས་བྱ་བ་ནི་ཡིད་ཀྱིས་

རྣམ་པར་ཤེས་སོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ནི་ཐུགས་རྗེ་བླ་ན་མེད་པས་བསྐྱེད་པའོ། །འཇིག་རྟེན་ལ་ཕན་པར་ཞུགས་པ་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་པས་སོ། །བསྲུང་བ་གཅིག་པུ་གཅིག་པ་ཞེས་བྱ་བ་ནི་རྟག་ཏུ་དྲན་པ་ཉེ་བར་གཞག་པའི་སྒོ་སྲུང་དང་ལྡན་པའོ། །ཉག་གཅིག་དཔའ་བ་ཞེས་བྱ་

བ་ནི་གྲོགས་ལ་མི་ལྟོས་པའོ། །གཉིས་པ་མེད་པ་ཞེས་བྱ་བ་ནི་འདྲ་བ་གཉིས་པ་མེད་པའོ། །གཉིས་སུ་མི་གསུང་བ་ཞེས་བྱ་བ་ནི་ཤིན་ཏུ་ངེས་པར་གསུང་བ་སྟེ། སྔ་ཕྱི་འགལ་བ་མི་གསུང་བའོ། །ཞི་གནས་དང་ལྷག་མཐོང་གིས་ཞུགས་པ་ཞེས་བྱ་བ་ལ། ཞི་གནས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏེ། ཉེས་པ་

เล่ม ๑๕๗ · หน้า 66b

ཞི་བར་བྱེད་པའི་ཕྱིར་རོ། །ལྷག་མཐོང་ཞེས་བྱ་བ་ནི་ཤེས་རབ་མཁས་པ་སྟེ། ལྷག་མཐོང་གི་སྐྱེས་བུ་མཁས་པར་བྱེད་པའི་ཕྱིར་རོ། །རིག་པ་གསུམ་གསལ་བར་མཛད་པ་ཞེས་བྱ་བ་ནི་སྔོན་གྱི་གནས་དང་། ཤི་འཕོ་བ་དང་། སྐྱེ་བ་དང་། ཟག་པ་ཟད་པ་མཁྱེན་པའི་རིག་པ་གསུམ་སྟོན་པར་མཛད་

པའོ། །བསླབ་པ་གསུམ་ལ་ལེགས་པར་བསླབས་པ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་རྗེས་སུ་བསྒྲུབ་པའོ། །དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ་ཞེས་བྱ་བ་ནི་གཅིག་ཏུ་འཇམ་པ་དང་། གཅིག་ཏུ་རྩུབ་པ་

དང་། འཇམ་རྩུབ་འདྲེས་པས་འདུལ་བའི་གནས་གསུམ་ལ་མཁས་པའོ། །ཆུ་བོ་བཞི་ལས་རྒལ་བ་ཞེས་བྱ་བ་ནི་འདོད་པ་དང་། སྲིད་པ་དང་། ལྟ་བ་དང་། མ་རིག་པའི་ཆུ་བོ་ལས་རྒལ་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་ཞེས་བྱ་བ་ནི་འདུན་པའི་ཏིང་ངེ་འཛིན་

སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་དང་། བརྩོན་འགྲུས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ་ཞེས་བྱ་བ་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་།

དོན་མཐུན་པ་དང་། དོན་སྤྱོད་པ་ལ་ཡུན་རིང་པོ་ནས་གོམས་པར་མཛད་པའོ། །མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ཉིད་དང་། གང་ལ་ཟག་བཟང་པ་ཉིད་ངེས་པར་འབྱུང་བའི་ལམ་སྟོན་པ་དང་། བར་དུ་གཅོད་པའི་ཆོས་དེ་བཞིན་དུ་

བསྟན་པ་ལ་བསྙེངས་པ་མི་མངའ་ཞིང་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ལ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་པའོ། །ཡན་ལག་ལྔ་སྤངས་པ་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་གཉིད་དང་། འགྱོད་པ་དང་། རྒོད་པ་

དང་། ཐེ་ཚོམ་ཞེས་བྱ་བའི་འཁོར་བར་བྱེད་པའི་ཡན་ལག་ལྔ་པོ་དག་སྤངས་པའོ། །འགྲོ་བ་ལྔ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ནི་ལྷ་དང་། མི་དང་། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཀྱི་འགྲོ་བ་ལྔ་ལས་སོ། །ཡན་ལག་དྲུག་དང་ལྡན་པ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་

เล่ม ๑๕๗ · หน้า 67a

ཡུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་དག་བརྙེས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་

འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པ་སྟེ། དེ་དག་འཕེལ་བའི་ཕྱིར་རོ། །རྟག་ཏུ་གནས་པ་དྲུག་གིས་གནས་པ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བ་ཡུལ་དྲུག་པོ་དང་རྟག་ཏུ་དྲན་པ་དང་

ཤེས་བཞིན་གྱིས་གནས་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ་ཞེས་བྱ་བ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་

ཀྱི་ཡན་ལག་གོ། །ལམ་གྱི་ཡན་ལག་བརྒྱད་སྟོན་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་

འཛིན་གྱི་ངོ་བོ་ཉིད་ཀྱིས་འཕགས་པའི་ལམ་སྟོན་པར་མཛད་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ལའོ། །སྟོབས་བཅུའི་སྟོབས་དང་ལྡན་པ་ཞེས་བྱ་བ་ནི་གནས་

དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིར་བྱ་བ་མཁྱེན་པ་དང་། བསྟན་པ་དང་། རྣམ་པར་ཐར་པ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་དབང་པོ་མཆོག་དང་། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་

དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་ངོ་། །ཕྱོགས་བཅུར་སྙན་པས་ཡང་དག་པར་

เล่ม ๑๕๗ · หน้า 67b

རྒྱས་པ་ཞེས་བྱ་བ་ལ། ཕྱོགས་བཅུ་ཞེས་བྱ་བ་ནི་ཕྱོགས་བཞི་དང་། ཕྱོགས་མཚམས་བཞི་དང་སྟེང་དང་འོག་གོ། །བརྒྱ་ཕྲག་བཅུར་དབང་བསྒྱུར་བ་ལས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ལ། བརྒྱ་ཕྲག་བཅུ་ཞེས་བྱ་བ་ནི་སྟོང་གི་འཇིག་རྟེན་གྱི་ཁམས་སོ། །དེར་དབང་སྒྱུར་བ་ནི་འཁོར་གྱི་

བདག་པོས་ཏེ། སྟོང་གི་འཇིག་རྟེན་གྱི་ཁམས་སུ་དབང་སྒྱུར་བའི་ཚངས་པའོ། །དེ་ལས་ཁྱད་པར་དུ་འཕགས་པ་ནི་མཐུས་ལྷག་པའོ། །ཉིན་ལན་གསུམ་མཚན་ལན་གསུམ་ཞེས་བྱ་བ་ནི་ཉིན་པར་གྱི་སྔ་དྲོ་དང་། གུང་དང་། ཕྱི་དྲོའི་ཆ་གསུམ། མཚན་མོའི་ཐུན་དང་པོ་དང་། གུང་དང་། ཐ་མ་གསུམ་

མོ། །སངས་རྒྱས་ཀྱི་སྤྱན་གྱིས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སོ། །འཇིག་རྟེན་ལ་ཞེས་བྱ་བ་ནི་ཁམས་གསུམ་པའི་འགྲོ་བ་ལའོ། །རྣམ་པར་གཟིགས་ནས་ཞེས་བྱ་བ་ནི་སོ་སོར་བརྟགས་ནས་སོ། །ཉམས་པར་འགྱུར་ཞེས་བྱ་བ་ནི་དེ་དག་ལས་ལྟུང་བའོ། །འཕེལ་བར་

འགྱུར་ཞེས་བྱ་བ་ནི་དགེ་བ་དག་ཉེ་བར་སོགས་པར་འགྱུར་བའོ། །གནོད་པ་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་བའོ། །ཉམ་ང་བ་ཞེས་བྱ་བ་ནི་སྡུག་པ་དང་བྲལ་བའི་སྡུག་བསྔལ་ལོ། །མི་བདེ་བ་ཞེས་བྱ་བ་ནི་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ལོ། །གཞོལ་བ་དང་བབ་པ་དང་འབབ་པ་ཞེས་བྱ་

བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པས་མངོན་པར་ཕྱོགས་པའོ། །མཐོ་རིས་ཞེས་བྱ་བ་ནི་ལྷའི་འཇིག་རྟེན་ནོ། །ཐར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །འབྲས་བུ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུའོ། །འདོད་པའི་འདམ་ཞེས་བྱ་བ་ནི་དངོས་པོའི་འདོད་པ་དང་ཉོན་མོངས་

པའི་འདོད་པ་སྟེ། འདམ་པ་དང་ཆོས་མཐུན་པའི་ཕྱིར་རོ། །འཕགས་པའི་ནོར་ཞེས་བྱ་བ་ནི་ཟག་པ་མེད་པའི་དད་པ་དང་། །ཚུལ་ཁྲིམས་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཀྱི་ནོར་བདུན་པོ་དག་གོ། །འབྲས་བུ་དང་བཅས་པ་ཞེས་

བྱ་བ་ནི་གནས་ལ་དད་པ་ལ་སོགས་པའི་རིམ་གྱིས་སོ། །དགེ་བའི་རྩ་བ་དག་མ་བསྐྱེད་པ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་དག་མ་འཕགས་པའོ། །ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་མཐུས་བསྐྱེད་ཅིང་སྤེལ་བའོ། །སྨས་པ་ཞེས་བྱ་བ་ནི་བསྟོད་པ་བྱེད་པ་ལ་བསམས་སོ། །ཆུ་སྲིན་གནས་ཀྱི་དུག་

เล่ม ๑๕๗ · หน้า 68a

ཅན་པ། །ཞེས་བྱ་བ་ནི་རྒྱ་མཚོ་སྟེ། དེ་ནི་ཆུ་སྲིན་གྱི་གནས་ཀྱང་ཡིན་ལ་དུག་ཅན་ཡང་ཡིན་པའི་ཕྱིར་རོ། །དུས་ལས་ཞེས་བྱ་བ་ནི་དུས་གསུམ་དུ་རླབས་འབྱུང་བའི་དུས་ལས་སོ། །སྲིད་ཀྱིས་ཞེས་བྱ་བ་ནི་སྲིད་པར་འགྱུར་བའོ། །བྱམས་པ་ཞེས་བྱ་བ་

ནི་སྤྱན་རས་ཀྱིས་འཚོ་བའོ། །རྟོག་ཅིང་ཞེས་བྱ་བ་ནི་ཚོལ་བའོ། །བྱ་བ་ལྷག་པར་བྱས་ཞེས་བྱ་བ་ནི་ཐར་པའི་ལམ་འཕངས་པར་བྱས་པའོ། །གདུལ་བར་གྱུར་པའི་རྒྱ་མཚོ་ཆེན་པོ་ཞེས་བྱ་བ་ནི་གདུལ་བའི་ཚོགས་སོ། །འཛུམ་པ་ཞེས་བྱ་བ་ནི་ཞལ་ཅུང་ཟད་དབྱེ་བའོ། །འོད་ཟེར་ཞེས་བྱ་

བ་ནི་འོད་འཕྲོ་བའོ། །ཡང་སོས་ཞེས་བྱ་བ་ནི་བཅད་ཅིང་ཡང་འཚོ་བ་རྣམས་སོ། །ཐིག་ནག་ཅེས་བྱ་བ་ནི་གཤེགས་པ་ལ་སོགས་པའི་ཕྱིར་ཐིག་ནག་པོ་འདེབས་པའོ། །བསྡུས་གཞོམ་ཞེས་བྱ་བ་ནི་བསྡུས་ཏེ་གཞོམ་པའི་སྡུག་བསྔལ་མང་པོ་དང་ལྡན་པ་དག་གོ། །ངུ་འབོད་ཅེས་བྱ་བ་ནི་རྟག་ཏུ་

ངུ་བའོ། །ངུ་འབོད་ཆེན་པོ་ཞེས་བྱ་བ་ནི་ངུ་འབོད་པས་ཀྱང་ཆེས་རྟག་ཏུ་ངུ་འབོད་དོ། །ཚ་བ་ཞེས་བྱ་བ་ནི་རྟག་ཏུ་མེ་འབར་བས་ཚ་བའོ། །རབ་ཏུ་ཚ་བ་ཞེས་བྱ་བ་ནི་ཚ་བ་བས་ཀྱང་ཆེས་མཆོག་ཏུ་ཚ་བའོ། །མནར་མེད་པ་ཞེས་བྱ་བ་ནི་ཐམས་ཅད་དུ་མེས་ཁྱབ་པས་བདེ་བའི་མཚམས་ཀྱི་བར་སྐབས་

སྟོང་པ་མེད་པ་དང་། སྡུག་བསྔལ་བར་དུ་འཆད་པ་མེད་པའོ། །ཆུ་བུར་ཅན་ཞེས་བྱ་བ་ནི་ཆུ་བུར་འབུས་པའི་རྣམ་པ་ལྟར་ལུས་སྐྲངས་པའོ། །ཆུ་བུར་རྡོལ་ཞེས་བྱ་བ་ནི་ཆུ་བུར་རྣམ་པར་གས་པའི་ཕྱིར་རོ། །སོ་ཐམས་ཐམས་ཞེས་བྱ་བ་ནི་རྟག་ཏུ་ཁ་དང་སོ་དག་ལས་སྒྲ་ཐམས་ཐམས་ཟེར་བ་

འབྱུང་བའི་ཕྱིར་རོ། །ཀྱི་ཧུད་ཟེར་ཞེས་བྱ་བ་ནི་རྟག་ཏུ་ཀྱི་ཧུད་ཅེས་བྱ་བའི་སྒྲ་འབྱིན་པའི་ཕྱིར་རོ། །ཨ་ཆུ་ཟེར་ཞེས་བྱ་བ་ནི་རྟག་ཏུ་ཨ་ཆུ་ཞེས་ཟེར་བའི་སྒྲ་འབྱིན་པའི་ཕྱིར་རོ། །ཨུཏྤལ་ལྟར་གས་པ་ཞེས་བྱ་བ་ལ་སོགས་པ་ཡང་ལུས་དེ་ལྟར་གས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཚ་བ་ཞེས་བྱ་བ་ནི་

ཚ་བའི་སེམས་ཅན་དམྱལ་བ་བརྒྱད་པོ་ལ་སོགས་པའོ། །གྲང་བ་ཞེས་བྱ་བ་ནི་གྲང་བའི་སེམས་ཅན་དམྱལ་བ་ལ་སོགས་པའོ། །གནོད་པའི་བྱེ་བྲག་ཅེས་བྱ་བ་ནི་མྱོང་བར་འགྱུར་བར་མ་ངེས་པའི་ལས་ཀྱི་འབྲས་བུ་ཉམ་ང་བ་དག་གོ། །འདི་ནས་ཤི་འཕོས་ནས་ཞེས་བྱ་བ་ནི་སེམས་ཅན་དམྱལ་

เล่ม ๑๕๗ · หน้า 68b

བའི་འགྲོ་བ་རྣམས་སོ། །གཞན་དུ་སྐྱེས་ཞེས་བྱ་བ་ནི་ཤལ་མ་ལིའི་ཚལ་ལ་སོགས་པ་གནས་གཞན་དུའོ། །རྒྱལ་ཆེན་བཞི་པ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞི་གནས་ན་གནས་པའི་ཕྱིར་རོ། །སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ་ལ། སུམ་ཅུ་རྩ་གསུམ་ཞེས་བྱ་བ་ནི་དབང་པོ་སྟེ། དེ་ལ་

ཉན་པའི་ཕྱིར་སུམ་ཅུ་རྩ་གསུམ་པ་ཞེས་བྱ་བའོ། །འཐབ་བྲལ་ཞེས་བྱ་བ་ནི་སྐབས་འདིར་ཐུན་སྒྲོགས་ཞེས་ཀྱང་བྱ་སྟེ། ཐུན་བརྒྱད་པོ་དག་ཏུ་བསོད་ནམས་ལ་སྤྲོ་བའི་སྒྲ་སྒྲོགས་པའི་ཕྱིར་རོ། །དགའ་བ་ཞེས་བྱ་བ་ནི་ཅི་དགའ་བ་དང་ལྡན་པའི་ཕྱིར་རོ། །འཕྲུལ་དགའ་ཞེས་བྱ་བ་ནི་ཅི་དགར་

སྤྲུལ་པ་དག་གིས་མངོན་པར་དགའ་བར་བྱེད་པའི་ཕྱིར་རོ། །གཞན་འཕྲུལ་དབང་བྱེད་ཅེས་བྱ་བ་ནི་གཞན་དག་གིས་སྤྲུལ་པ་དག་ལ་དབང་བྱེད་པའི་ཕྱིར་རོ། །ཚངས་རིས་ཞེས་བྱ་བ་ནི་ཚངས་པའི་འཁོར་ཡིན་པའི་ཕྱིར་རོ། །ཚངས་པའི་མདུན་ན་འདོན་ཞེས་བྱ་བ་ནི་ཚངས་པ་དང་ཉེ་བའི་ཕྱིར་རོ། །

ཚངས་ཆེན་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་ན་བདག་པོ་ཡིན་པའི་ཕྱིར་རོ། །འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་ཞེས་བྱ་བ་དག་ནི་འོད་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་དང་ལྡན་པའི་བྱེ་བྲག་གིས་གོ་རིམས་བཞིན་ནོ། །དགེ་ཆུང་དང་ཚད་མེད་དགེ་དང་། དགེ་རྒྱས་ཞེས་བྱ་བ་དག་ཀྱང་དགེ་

ཆུང་དང་འབྲིང་དང་ཆེན་པོ་ཉིད་ཀྱི་བྱེ་བྲག་གིས་གོ་རིམས་བཞིན་དུ་ཤེས་པར་བྱའོ། །སྤྲིན་མེད་ཅེས་བྱ་བ་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ལ་སོགས་པའི་བར་ཆད་ཀྱི་སྤྲིན་མེད་པའི་ཕྱིར་རོ། །བསོད་ནམས་སྐྱེས་ཞེས་བྱ་བ་ནི་ཡང་ནས་ཡང་དུ་དགེ་བ་རྩོམ་པའི་ཕྱིར་རོ། །འབྲས་བུ་

ཆེ་བ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་རྒྱ་ཆེ་ཞིང་རབ་ཏུ་ཞི་བའི་ཕྱིར་རོ། །མི་ཆེ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཆོས་རྟོགས་པའི་ཕྱིར་འབད་པ་ཀློག་པས་ཆེད་དུ་སྒྲིམ་པ་མི་ཆེ་བའི་ཕྱིར་རོ། །མི་གདུང་བ་ཞེས་བྱ་བ་ནི་གདུང་བ་མེད་པའི་ཕྱིར་རོ། །གྱ་ནོམ་སྣང་ཞེས་བྱ་བ་ནི་ཤེས་རབ་གྱ་ནོམ་པ་སྣང་བའི་ཕྱིར་

རོ། །ཤིན་ཏུ་མཐོང་བའི་ཞེས་བྱ་བ་ནི་སྲིད་པ་ཐ་མལ་པ་ཉིད་ཀྱིས་ཤེས་པ་མཐོང་བའི་ཕྱིར་རོ། །འོག་མིན་ཞེས་བྱ་བ་ནི་གཟུགས་ཅན་ཐམས་ཅད་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ། །མི་རྟག་པའི་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །སྡུག་བསྔལ་བ་ཞེས་བྱ་བ་ནི་མི་འདོད་

เล่ม ๑๕๗ · หน้า 69a

པ་ཉིད་ཡིན་པའི་ཕྱིར་རོ། །སྟོང་པ་ཞེས་བྱ་བ་ནི་བདག་མེད་པའི་ཕྱིར་རོ། །བདག་མེད་པ་ཞེས་བྱ་བ་ནི་རང་གི་བདག་ཉིད་དང་གཞན་ལ་བདག་པོ་མི་བྱེད་པའི་ཕྱིར་རོ། །བརྩམ་པར་བྱ་ཞིང་ཞེས་བྱ་བ་ནི་བརྩོན་པར་གྱིས་ཤིག་པའོ། །འབྱུང་བར་བྱ་ཞེས་བྱ་བ་ནི་

འཁོར་བ་ལས་ངེས་པར་འབྱུང་བར་གྱིས་ཤིག་པའོ། །སངས་རྒྱས་བསྟན་པ་ཞེས་བྱ་བ་ནི་བདེན་པ་བཞི་བསྟན་པ་ལའོ། །འཇུག་པ་ཞེས་བྱ་བ་ནི་མངོན་པར་བརྩོན་པར་གྱིས་ཤིག་པའོ། །འཆི་བདག་ཅེས་བྱ་བ་ནི་འཆི་བའོ། །སྡེ་ཞེས་བྱ་བ་ནི་སྲིད་པ་ལ་སོགས་པ་འཁོར་རོ། །ཕན་ཡོན་

བསྟན་པའི་ཕྱིར། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་གསུངས་ཏེ། སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་སྐྱེ་བ་དག་ཏུ་འཁོར་བའི་ཕྱིར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའོ། །ཐ་མར་བྱེད་པར་འགྱུར་ཞེས་བྱ་བ་ནི་རྒྱུན་གཅོད་

པར་འགྱུར་བའོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ནི་གཅིག་རྣམས་ཀྱི་སྟོང་དང་། སྟོང་རྣམས་ཀྱི་སྟོང་དང་། སྟོང་གི་སྟོང་རྣམས་ཀྱི་སྟོང་དག་སྟེ། དེ་དག་ནི་གླིང་བཞི་པ་དང་། འདོད་པ་ན་སྤྱོད་པའི་ལྷའི་རིས་དང་། ཚངས་རིས་ཀྱི་འཇིག་རྟེན་སྟོང་ལ་ནི་སྟོང་ཆུང་ངུ་གཅིག་གོ། །

སྟོང་ཆུང་ངུ་སྟོང་ལ་ནི་སྟོང་འབྲིང་པོ་གཅིག་གོ། །སྟོང་འབྲིང་པོ་སྟོང་ལ་ནི་སྟོང་ཆེན་པོ་གཅིག་སྟེ་དེ་ནི་སྟོང་ཡང་ཡིན་ལ་སྟོང་ཆེན་པོ་ཡང་ཡིན་པས་སྟོང་ཆེན་པོའོ། །དེ་ནི་སྟོང་གསུམ་ཡང་ཡིན་ལ་སྟོང་ཆེན་པོ་ཡང་ཡིན་པས་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ། གླིང་བཞི་པ་ཐེར་འབུམ་གྱི་ཚད་ཅེས་

བྱ་བའི་ཐ་ཚིག་གོ། །འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་འདུག་པའི་གནས་སོ། །འདས་པའི་ལས་ལུང་སྟོན་པར་བཞེད་ཅེས་བྱ་བ་ནི་གང་ལ་འབྲས་བུ་ཐམས་ཅད་འདས་པའོ། །མ་འོངས་པའི་ལས་ལུང་སྟོན་པར་ཡང་བཞེད་ཅེས་བྱ་བ་ནི་གང་ལ་འབྲས་བུ་ཉིད་མ་འོངས་པའོ། །ཐལ་མོ་

སྦྱར་ཏེ་ཞེས་བྱ་བ་ནི་ཐལ་མོ་པུག་པུག་པོར་སྦྱར་བའོ། །ཚོགས་རྣམས་ཞེས་བྱ་བ་ནི་འོད་ཟེར་གྱི་ཚོགས་རྣམས་སོ། །ཞལ་གྱི་སྒོ་ནས་ཞེས་བྱ་བ་ནི་ཞལ་གྱི་སྒོ་ནས་སོ། །རྒོད་བྲལ་ཞེས་བྱ་བ་ནི་རྒོད་པ་སྤངས་ནས་སོ། །ཞུམ་པ་ཞེས་བྱ་བ་ནི་སེམས་ཞུམ་པ་ཉིད་དོ། །རྒྱགས་པ་ཞེས་བྱ་བ་ནི་རང་གི་ཡོན་

เล่ม ๑๕๗ · หน้า 69b

ཏན་ལ་ལྟོས་པས་ཁེངས་པའོ། །དེ་གཉིས་ལས་གྲོལ་བ་ནི་ཞུམ་དང་རྒྱགས་པ་རབ་སྤངས་པའོ། །མཆོག་གི་རྒྱུར་གྱུར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་རྒྱུའི་ངོ་བོ་ཉིད་དོ། །དགྲ་ཐུལ་ཞེས་བྱ་བ་ནི་བདུད་བཞིའི་དགྲ་ཐུལ་ལོ། །བྱེད་རྒྱུ་མ་མཆིས་པར་ཞེས་བྱ་བ་ནི་རྒྱུ་མེད་པར་ཏེ། འདི་ལ་

རྒྱུ་གང་ལགས་ཞེས་བྱ་བའི་ཐ་ཚིག་གོ། །རྩ་ལག་ཅེས་བྱ་བ་ནི་པདྨའི་རྩ་ལག་ནི་མྱུ་གུའི་མཚན་ཉིད་གནས་པའོ། །དུང་ཞེས་བྱ་བ་ནི་དུང་ཉིད་དོ། །པདྨའི་རྩ་ལག་དང་དུང་ལྟར་དཀར་བ་ཞེས་བྱ་བ་ནི་ཞལ་བཞད་པའི་ཚེམས་འཛུམ་པ་སྟེ། འཛུམ་ཞེས་བྱ་བ་ནི་ཅུང་ཟད་བཞད་པའོ། །དེ་སླད་

ཅེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་པ་ཞེས་བྱ་བ་ནི་བོད་པའོ། །རང་བློས་ཞེས་བྱ་བ་ནི་རང་གི་ཡེ་ཤེས་ཀྱིས་སོ། །དུས་མཁྱེན་ནས་ཞེས་བྱ་བ་ནི་ལུང་བསྟན་པའི་དུས་མཁྱེན་ནས་སོ། །ཐུབ་པ་ཁྱུ་མཆོག་དགེ་སྦྱོང་སྐྱེ་དབང་པོ། །ཞེས་བྱ་བ་དག་ཀྱང་བོད་པའི་ཚིག་སྟེ།

ཐུབ་པ་ཞེས་བྱ་བ་དང་། ཁྱུ་མཆོག་ཅེས་བྱ་བ་དང་། དགེ་སྦྱོང་སྐྱེ་བོའི་དབང་པོ་འཕགས་པའི་གང་ཟག་གི་གཙོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ཉན་པའི་སྐྱེ་བོ་སོམ་ཉི་ལྡན་རྣམས་ལ། །ཞེས་བྱ་བ་ནི་ཉན་ཐོས་ཐེ་ཚོམ་ཅན་རྣམས་སོ། །དེ་རྣམས་ལ་ཐེ་ཚོམ་སྐྱེས་པ་བསལ་དུ་གསོལ་ཞེས་བྱ་བར་

སྦྱར་རོ། །ཚིག་ཇི་ལྟ་བུ་དག་གིས་བསལ་ཞེ་ན། དེའི་ཕྱིར་གསུང་ཚིག་བསྟན་པ་དང་། དམ་པ་དགེ་བ་དག་གིས་ཞེས་བྱ་བ་གསུངས་ཏེ་བརྟན་པ་ཞེས་བྱ་བ་ནི་མི་གཡོ་བའོ། །དམ་པ་ཞེས་བྱ་བ་ནི་དོན་གྱི་མཆོག་ཡིན་པའི་ཕྱིར་དང་། ཟབ་པའི་ཕྱིར་རོ། །དགེ་བ་ཞེས་བྱ་བ་ནི་བཟང་བའི་ཕྱིར་

དང་། ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ། །ཚ་ཆུ་ཞེས་བྱ་བ་ནི་རྒྱ་མཚོའོ། །རི་རྒྱལ་ཞེས་བྱ་བ་ནི་རིའི་རྒྱལ་པོ་རི་རབ་བོ། །དེ་གཉིས་ལྟ་བུར་བརྟན་པ་གང་དག་ཡིན་པ་དེ་དག་ནི་ཚ་ཆུས་རི་རྒྱལ་ལྟ་བུར་བརྟན་པ་དག་གོ། །དེ་དག་གང་ཞེ་ན། སངས་རྒྱས་མགོན་རྣམས་ཞེས་བྱ་བ་དག་གོ། །དེ་

དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་མཐུན་པར་བཀའ་སྩལ་པ་སྟེ། གུས་པར་མཛད་པའི་སླད་དུ་ལན་གཉིས་སུ་བཟླས་སོ། །རྒྱུ་མེད་ཅེས་བྱ་བ་ནི་རྒྱུ་མེད་པའོ། །རྐྱེན་མེད་པར་ཞེས་བྱ་བ་ནི་རྐྱེན་དང་བྲལ་བའོ། །དུལ་བ་ཞེས་བྱ་བ་ནི་སེམས་ཀྱིས་མཉམ་པར་བཞག་པ་སྟེ། ཉོན་མོངས་

เล่ม ๑๕๗ · หน้า 70a

པ་ཀུན་དུ་འབྱུང་བ་སྤངས་པའོ། །ཞི་བ་ཞེས་བྱ་བ་ནི་ལུས་དང་ངག་གིས་སོ། །གྲོལ་བ་ཞེས་བྱ་བ་ནི་སྲིད་པ་གཞན་སྤངས་པའོ། །དབུགས་ཕྱིན་པ་ཞེས་བྱ་བ་ནི་སྡུག་བསྔལ་མེད་པའི་ཕྱིར་ཤིན་ཏུ་སྦྱངས་པའོ། །ཐུལ་བ་ཞེས་བྱ་བ་ནི་ཚུལ་མ་ཡིན་པར་སྤྱོད་པ་

མེད་པའི་ཕྱིར་རོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་མཆོད་པར་འོས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཞེས་བྱ་བ་ནི་འདོད་པ་ལ་འདོད་ཆགས་མེད་པའི་ཕྱིར་རོ། །མཛེས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་གཟུགས་ཀྱིས་མཛེས་པའོ། །ཁྱུ་མཆོག་ལྟར་ཞེས་བྱ་བ་ནི་གྲོང་མཐའ་དག་

གི་དཔེའོ། །གླང་པོ་ཆེ་ལྟར་ཞེས་བྱ་བ་ནི་དགོན་པ་པ་དག་གི་དཔེའོ། །སེང་གེ་ལྟར་ཞེས་བྱ་བ་ནི་ནགས་ཁྲོད་ན་གནས་པ་དག་གི་དཔའོ། །ངང་པའི་རྒྱལ་པོ་ལྟར་ཞེས་བྱ་བ་ནི་ཆུ་ཀླུང་གི་འགྲམ་ན་གནས་པའི་དཔེའོ། །ནམ་མཁའ་ལྡིང་ལྟར་ཞེས་བྱ་བ་ནི་རྒྱ་མཚོའི་འགྲམ་ན་གནས་པ་དག་གི་

དཔེའོ། །བྲམ་ཟེ་ལྟར་ཞེས་བྱ་བ་ནི་ཀློག་པ་དག་གི་དཔེའོ། །སྨན་པ་མཁས་པ་ལྟར་ཞེས་བྱ་བ་ནི་ནད་པ་དག་གི་དཔེའོ། །དཔའ་བོ་ལྟར་ཞེས་བྱ་བ་ནི་སྡར་མ་དག་གི་དཔེའོ། །ས་མཁན་ལྟར་ཞེས་བྱ་བ་ནི་ལམ་དག་གི་དཔེའོ། །དེད་དཔོན་ལྟར་ཞེས་བྱ་བ་ནི་དོན་མཐུན་དག་གི་དཔེའོ། །ཚོང་དཔོན་

ལྟར་ཞེས་བྱ་བ་ནི་ཚོང་པ་དག་གི་དཔེའོ། །མཁར་གྱི་རྒྱལ་པོ་ལྟར་ཞེས་བྱ་བ་ནི་མཐའ་འཁོབ་པ་དག་གི་དཔེའོ། །འཁོར་ལོས་སྒྱུར་བ་ལྟར་ཞེས་བྱ་བ་ནི་འཛམ་བུའི་གླིང་པ་དག་གི་དཔེའོ། །ཟླ་བ་ལྟར་ཞེས་བྱ་བ་ནི་མངོན་པར་སྐབས་ཡོད་པ་དག་གི་དཔེའོ། །ཉི་མ་ལྟར་ཞེས་བྱ་བ་ནི་ཉི་མ་

ལ་དགའ་བ་དག་གི་དཔེའོ། །ཡུལ་འཁོར་སྲུང་ལྟར་ཞེས་བྱ་བ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་ནི་རི་རབ་ཀྱི་བང་རིམ་དག་ན་གནས་པ་དག་གི་དཔེའོ། །ཐག་བཟངས་རིས་ལྟར་ཞེས་བྱ་བ་ནི་རི་གཉའ་ཤིང་འཛིན་ལ་གནས་པ་དག་གི་དཔེའོ། །བརྒྱ་བྱིན་ལྟར་ཞེས་བྱ་བ་ནི་རི་རབ་ཀྱི་

སྟེང་ན་གནས་པ་དག་གི་དཔེའོ། །ཚངས་པ་ལྟར་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་ན་གནས་པ་དག་གི་དཔེ་སྟེ། དེ་དག་ཐམས་ཅད་ཀྱང་མངའ་མཛད་པ་དང་། འཁོར་གུས་པ་དང་ལྡན་པའི་དོན་དུ་ཤེས་པར་བྱའི་དངོས་སུ་ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་བསྐོར་བ་ལ་

เล่ม ๑๕๗ · หน้า 70b

སོགས་པ་ཉིད་ནི་མ་ཡིན་པར་ཤེས་པར་བྱའོ། །དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་རྒྱུར་གྱུར་པ་དག་གིས་ཤིན་ཏུ་དུལ་ཞིང་ཤིན་ཏུ་དབང་དུ་གྱུར་པའོ། །སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ་ཞེས་བྱ་བ་ནི་འགྲོ་བ་ལ་སོགས་པ་འཁྲུག་ལོང་

མེད་པའོ། །འོ་ན་ཇི་ལྟ་བུ་ཞེ་ན་དེའི་ཕྱིར་ཆུ་གཏེར་ལྟར་ཏིང་ངེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཆུ་གཏེར་ཞེས་བྱ་བ་ནི་རྒྱ་མཚོའོ། །ཏིང་ངེ་བ་ཞེས་བྱ་བ་ནི་བརྟན་ཞིང་མི་གཡོ་བ་སྟེ། དེ་ནི་རྒྱ་མཚོར་འགྲོ་བ་རྣམས་ཀྱི་དཔེའོ། །སྤྲིན་ལྟར་ཆུ་དང་བཅས་པ་ཞེས་བྱ་བ་ནི་ཞིང་པ་རྣམས་ཀྱི་

དཔེའོ། །གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དྲལ་བ་ཞེས་བྱ་བ་ནི་དགོན་པ་པ་རྣམས་ཀྱི་དཔེའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་ཞེས་བྱ་བ་ལ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་

ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་དང་། སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཕྱག་དང་ཞབས་དྲ་བར་འབྲེལ་བ་དང་། ཞབས་འབར་འབུར་མེད་པ་དང་། བྱིན་པ་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་

དང་། སྐུ་མ་བཏུད་པ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། སྐུའི་སྤུ་གྱེན་དུ་ཕྱོགས་པ་དང་། སྤུ་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་བ་དང་། སྐུ་མདོག་གསེར་འདྲ་ཤིང་འོད་འདོམ་གང་བ་དང་ལྡན་པ་དང་། པགས་པ་སྲབ་པ་དང་།

བདུན་མཐོ་བ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། དཔུང་མགོ་ལེགས་པར་གྲུབ་པ་དང་། ཐལ་གོང་རྒྱས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཚེམས་བཞི་བཅུ་མངའ་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། འགྲམ་པ་

སེང་གེ་འདྲ་བ་དང་། ལྗགས་རིང་ཞིང་སྲབ་པ་དང་། རོ་བྲོ་བ་མཁྱེན་པ་དང་། ཚངས་པའི་དབྱངས་དང་། སྤྱན་མཐོན་མཐིང་དང་། རྫི་མ་བའི་ལྟ་བུ་དང་། དབུ་གཙུག་ཏོར་དང་ལྡན་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དུང་གི་མདོག་འདྲ་བ་གཡས་སུ་འཁྱིལ་པ་དང་ལྡན་པའོ། །

เล่ม ๑๕๗ · หน้า 71a

དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་མཛེས་པ་ཞེས་བྱ་བ་ལ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྟེན་གྱི་ཚུལ་གྱིས་འཛིན་ཅིང་། གཟུགས་བཟང་པོ་མཛེས་པར་བྱེད་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ།

དེ་ལ་དཔེ་བྱད་བཟང་པོ་དྲུག་ཅུ་ནི་མགུར་ཡན་ཆད་མ་གཏོགས་པ་སྐུ་མན་ཆད་དུ་གཏོགས་པ་ཡིན་ལ་ཉི་ཤུ་ནི་མགུར་ཡན་ཆད་དུ་གཏོགས་པ་ཡིན་ནོ། །དེ་ལ་ཕྱག་དང་ཞབས་ཀྱི་སོར་མོ་ཉི་ཤུ་ཚིགས་དང་བཅས་སེན་མོ་དང་བཅས་པ་དཔེ་བྱད་བཟང་པོ་ཉི་ཤུ་དང་། ཕྱག་དང་ཞབས་གཉིས་ལ་

མཐིལ་བརྒྱད་བརྒྱད་དེ་ཕྱག་གཉིས་ལ་བཞི་དང་། ཞབས་གཉིས་ལ་བཞི་དཔེ་བྱད་བཟང་པོ་བརྒྱད་དང་། ལོང་བུ་གཉིས་དང་པུས་མོ་གཉིས་དང་། བརླ་གཉིས་ཏེ་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་དང་། ཕྱག་གི་མཁྲིག་མ་གཉིས་དང་། ལག་ངར་གཉིས་དང་། དཔུང་པ་

གཉིས་ཏེ་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་པོ་དང་། སྟ་ཟུར་དཔེ་བྱད་བཟང་པོ་གཅིག་དང་། རྐེད་པ་དཔེ་བྱད་བཟང་པོ་གཅིག་དང་། འབྲས་བུ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། མདོམས་དཔེ་བྱད་བཟང་པོ་གཅིག་དང་། སྣམ་བཙོས་གཉིས་དཔེ་བྱད་བཟང་པོ་

གཉིས་དང་། དཀུ་དོ་དཔེ་བྱད་བཟང་པོ་གཅིག་དང་། ཕྱལ་དཔེ་བྱད་བཟང་པོ་གཅིག་དང་། ལྟེ་བ་དཔེ་བྱད་བཟང་པོ་གཅིག་དང་། རྩིབ་ལོགས་གཉིས་དང་། མཆན་ཁུང་གཉིས་དང་། ནུ་མ་གཉིས་བསྡུས་པ་དཔེ་བྱད་བཟང་པོ་དྲུག་དང་། བྲང་དཔེ་བྱད་བཟང་པོ་གཅིག་དང་། ཐུགས་ཀ་དཔེ་བྱད་བཟང་

པོ་གཅིག་དང་། མགུར་དཔེ་བྱད་བཟང་པོ་གཅིག་དང་། རྒྱབ་དཔེ་བྱད་བཟང་པོ་གཅིག་སྟེ། དཔེ་བྱད་བཟང་པོ་དྲུག་ཅུ་པོ་དེ་རྣམས་ནི་མགུར་ཡན་ཆད་མ་གཏོགས་པ་སྐུ་མན་ཆད་དུ་གཏོགས་པ་ཡིན་ནོ། །ཚེམས་ཕྲེང་ལ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། དཀར་ཐན་ཀོར་དང་བཅས་པ་དཔེ་

བྱད་བཟང་པོ་གཅིག་དང་། སྒྲོས་གཉིས་དཔེ་བྱད་བཟང་པོ་གཉིས་དང་། མཁུར་བ་ཤིན་ཏུ་རྒྱས་པ་དཔེ་བྱད་བཟང་པོ་གཅིག་དང་། འགྲམ་པ་རྒྱས་ཤིང་དབྱིབས་ལེགས་པ་དཔེ་བྱད་བཟང་པོ་གཉིས་ཏེ། སྤྱན་གཉིས་ཐན་ཀོར་དང་བཅས་པ་དཔེ་བྱད་བཟང་པོ་གཉིས་དང་། །སྨིན་

เล่ม ๑๕๗ · หน้า 71b

མ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། ཤངས་ཀྱི་སྦུབས་གཉིས་དཔེ་བྱད་བཟང་པོ་གཉིས་དང་། དཔྲལ་བ་དཔེ་བྱད་བཟང་པོ་གཅིག་དང་། སྤྱན་གྱི་གྲྭ་གཉིས་དང་། སྙན་གཉིས་དཔེ་བྱད་བཟང་པོ་བཞི་དང་། དབུ་སྐྲ་དང་བཅས་པ་དཔེ་བྱད་བཟང་པོ་གཅིག་སྟེ། དཔེ་བྱད་བཟང་པོ་ཉི་ཤུ་

པོ་དེ་དག་ནི་མགུར་ཡན་ཆད་དུ་གཏོགས་པ་ཡིན་ནོ། །གཟུགས་ཅན་ཞེས་བྱ་བ་ནི་གཟུགས་ཀྱི་སྐུའོ། །མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་མཁྱེན་པ་གསུམ་སྟེ། གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པ་དང་། གུས་པར་མི་ཉན་པ་རྣམས་

ལ་སེམས་སྙོམས་པ་དང་། གུས་པར་ཉན་པ་དང་མི་གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པའོ། །ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ནི་ཁམས་གསུམ་པའི་སེམས་ཅན་ལ་དམིགས་པ་སྡུག་བསྔལ་ཉིད་གསུམ་གྱི་རྣམ་པ་མཉམ་པར་འཇུག་པ་དེ་བཞིན་གཤེགས་པའི་རྒྱུད་ལ་མངའ་བ། ཐབས་ཀྱི་

འཇུག་པ་འཕགས་པའི་ལམ་སྐྱེད་པ་མྱ་ངན་ལས་འདས་པ་ཐོབ་པར་མཛད་པ་ཟག་པ་དང་བཅས་པའི་བློའོ། །ལྡན་པར་ཞེས་བྱ་བ་ནི་མངའ་བའོ། །ཉན་ཐོས་ཆེན་པོ་དག་ཅེས་བྱ་བ་ནི་མངོན་པར་ཤེས་པའི་ཡོན་ཏན་གྱི་གཙོ་བོར་གྱུར་པའི་སློབ་མ་དག་གོ། །ལྟད་མོ་ཞེས་བྱ་བ་ནི་མི་སྲིད་དོ་སྙམ་དུ་ཐེ་

ཚོམ་ཟ་ཞིང་ལྟ་འདོད་པའོ། །ངོ་མཚར་ཞེས་བྱ་བ་ནི་བརྒྱ་ལམ་ན་འབྱུང་བའི་ཆོས་སོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་དོན་དང་ལྡན་པའི་ཆོས་སོ། །ཅུང་ཞིག་ཅེས་བྱ་བ་ནི་མི་ཤེས་པའི་རང་བཞིན་ནོ། །ལྟད་མོ་བྲལ་བའི་དགོངས་ལྡན་པ། །ཞེས་བྱ་བ་ནི་ལྟད་མོའི་སེམས་སྤངས་པའོ། །སྐྱེ་ངན་ཞེས་བྱ་བ་ནི་

སྐྱེ་བོ་ངན་པ་དག་སྟེ་སྨད་པའི་ཚིག་གོ། །དོན་མེད་ཅེས་བྱ་བ་ནི་དོན་དང་མི་ལྡན་པའོ། །ངེས་པར་ཞེས་བྱ་བ་ནི་གོར་མ་ཆག་པའོ། །འཕྲལ་ཁོན་ལ་ཞེས་བྱ་བ་ནི་གཟི་བརྗིད་མི་བཟོད་པའི་ཕྱིར་ཐོག་མ་བྱས་པའོ། །གཤེགས་ཏེ་ཞེས་བྱ་བ་ནི་བྱོན་ཏེའོ། །འགྲོ་བ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་

ལས་སྐྱེས་པའི་ཕུང་པོ་དག་གོ། །སྐྱེ་བ་ཞེས་བྱ་བ་ནི་སྲིད་པ་བར་མ་ལ་འབྱུང་བ་ལ་སོགས་པ་དགེ་བ་ཉོན་མོངས་པ་ཅན་དང་། ཉེ་བར་བསགས་པ་ལས་བྱུང་བ་དང་། རྒྱུ་མཐུན་པ་ལས་བྱུང་བ་དག་གོ། །ཚེ་ཕྱི་མ་ཞེས་བྱ་བ་ནི་དུས་དང་པོའི་སྲིད་པའོ། །ཡང་ན་འགྲོ་བ་ནི་བར་མ་དོའི་སྲིད་

เล่ม ๑๕๗ · หน้า 72a

པའོ། །སྐྱེ་བ་ནི་སྐྱེ་བའི་སྲིད་པའོ། །ཚེ་ཕྱི་མའི་དུས་དང་པོའི་སྲིད་པ་ལ་སོགས་པ་དུས་ཕྱི་མའོ། །ཆུ་ཇི་ལྟ་བ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་ཆུའི་རྗེས་སུ་འབྲང་ཞིང་སྟེ། དེ་ནི་ཐད་ཀར་འགྲོ་བ་དགག་པའི་ཕྱིར་རོ། །མི་ཁོམ་པ་ཞེས་

བྱ་བ་ནི་བདེན་པ་མཐོང་བའི་སྐབས་མེད་པའོ། །ཆགས་བྲལ་ཞེས་བྱ་བ་ནི་ཡོངས་སུ་སྤངས་ཏེའོ། །ཞི་བའོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་བའོ། །བསྟེན་པར་དཀའ་བ་ཞེས་བྱ་བ་ནི་ཟིལ་གྱིས་མནན་པར་དཀའ་བའོ། །བཟོད་པར་དཀའ་བ་

ཞེས་བྱ་བ་ནི་བརྣག་པར་མི་ནུས་པའོ། །ལས་ཀྱི་རྒྱུ་བ་ཞེས་བྱ་བ་ནི་ལས་ཀྱི་འགྲོ་བ་སྟེ། ལས་ཀྱི་བྱེ་བྲག་ཅེས་བྱ་བའི་ཐ་ཚིག་གོ། །ཉོན་ལ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །ལེགས་པར་ཡིད་ལ་གྱིས་ཤིག་ཅེས་བྱ་བ་ནི་རྒྱུན་དུ་ཉམས་སུ་མྱོང་བས་སོ། །རབ་ཏུ་ཡིད་ལ་གྱིས་ཤིག་

ཅེས་བྱ་བ་ནི་གསལ་བར་ཉམས་སུ་མྱོང་བས་སོ། །བསྐལ་པ་ཆེན་པོ་བཟང་པོ་ཞེས་བྱ་བ་ནི་བསྐལ་བ་མཛེས་པ་སྟེ། སངས་རྒྱས་ལྔ་བརྒྱ་འབྱུང་བའི་ཕྱིར་རོ། །དྲང་སྲོང་སྨྲ་བ་ཞེས་བྱ་བ་ནི་དྲང་སྲོང་གི་གནས་ཀྱི་མིང་ངོ་། །རི་དགས་ཀྱི་གནས་ཞེས་བྱ་བ་ནི་རི་དགས་ཀྱི་ཚལ་ལོ། །འབྱོར་པ་ཞེས་

བྱ་བ་ནི་དབྱིག་དང་གསེར་ལ་སོགས་པས་སོ། །རྒྱས་པ་ཞེས་བྱ་བ་ནི་གྲོང་དང་གྲོང་ཁྱེར་ལ་སོགས་པས་སོ། །བདེ་བ་ཞེས་བྱ་བ་ནི་གནོད་པ་མེད་པས་སོ། །ལོ་ལེགས་པ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་མང་བས་སོ། །སྐྱེ་བོ་དང་མི་མང་པོས་གང་བ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་

དང་གླང་པོ་ཆེ་དང་རྟ་དང་རྔ་མོ་ལ་སོགས་པས་གང་བའོ། །ཐབ་མོ་ཞེས་བྱ་བ་ནི་ཕ་རོལ་གྱི་ཡུལ་འཁོར་དང་འཁོན་པའོ། །འཐབ་པ་ཞེས་བྱ་བ་ནི་རང་གི་ཡུལ་འཁོར་དང་འཁོན་པའོ། །ཕྱི་དགྲ་ཞེས་བྱ་བ་ནི་ཕ་རོལ་གྱི་དམག་ཚོགས་ཀྱིས་བྱས་པའི་འཁྲུག་པའོ། །ནང་འཁྲུག་ཅེས་བྱ་བ་ནི་རང་

གི་དམག་ཚོགས་ཀྱིས་བྱས་པའི་འཁྲུག་པའོ། །ཆོམ་རྐུན་ཞེས་བྱ་བ་ནི་གཡོན་ཅན་ནོ། །མུ་གེ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་དཀོན་པའོ། །ནད་ཅེས་བྱ་བ་ནི་ཡམས་ཀྱི་ནད་ལ་སོགས་པའོ། །སཱ་ལུའི་ཕྲེང་བ་ཞེས་བྱ་བ་ནི་འབྲས་སཱ་ལུའི་ཞིང་གི་ཚར་རོ། །བུ་རམ་ཤིང་གི་ཕྲེང་

เล่ม ๑๕๗ · หน้า 72b

བ་ཞེས་བྱ་བ་ནི་བུ་རམ་ཤིང་གི་ཞིང་གི་ཚར་རོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཆོས་སྤྱོད་པའི་ཕྱིར་རོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་རིགས་པས་རྒྱལ་སྲིད་ཐོབ་པའི་ཕྱིར་རོ། །ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ་ཞེས་བྱ་བ་ནི་མི་རིགས་པའི་ཆད་

པ་ལ་སོགས་པས་སྐྱེ་བོ་ལ་གནོད་པ་མི་བྱེད་པས་བློན་པོའི་ཚོགས་རྣམས་རྒྱལ་སྲིད་བྱེད་དུ་བཅུག་པ་ཡིན་ནོ། །ཤེད་བུ་ཞེས་བྱ་བ་ནི་བྲམ་ཟེ་གཞོན་ནུའོ། །གསང་ཚིག་འདོད་པ་ཞེས་བྱ་བ་ནི་སེམས་ཀྱིས་ཏེ། གསང་ཚིག་ཅེས་བྱ་བ་ནི་རིག་བྱེད་དང་གསང་སྔགས་སོ། །གསང་ཚིག་ཚོལ་བ་ཞེས་

བྱ་བ་ནི་བྱ་བས་སོ། །རིག་བྱེད་ཅེས་བྱ་བ་ནི་ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དོ། །རིག་བྱེད་ཀྱི་ཡན་ལག་ཅེས་བྱ་བ་ནི་བརྡ་སྤྲོད་པ་དང་སྐར་མའི་བསྟན་བཅོས་ལ་སོགས་པའོ། །ཕ་རོལ་དུ་སོན་པ་ཞེས་བྱ་བ་ནི་

མཁས་པའོ། །སྟོན་པར་གྱུར་པ་ཞེས་བྱ་བ་ནི་རྟེན་དུ་གྱུར་པའོ། །ཞི་བ་ཞེས་བྱ་བ་ནི་མི་རྒོད་པའོ། །སྤྱོད་ལམ་ཞི་བ་ཞེས་བྱ་བ་ནི་ཆ་ལུགས་ཀྱིའོ། །ཞབས་ཀྱི་སྲིད་ཞུ་བགྱིད་ཅེས་བྱ་བ་ནི་མཆོད་པ་བྱེད་པར་རོ། །ཆུ་ངོགས་ཞེས་བྱ་བ་ནི་ཆུ་འགྲམ་མོ། །ཉེ་རེག་ཅེས་བྱ་བ་ནི་ཆུས་ཁྲུས་བྱས་པ་

དང་། སྦྱིན་བླུགས་བྱ་བ་ལ་སོགས་པའི་ལས་སོ། །ཡམ་སྲེག་ཤིང་ཞེས་བྱ་བ་ནི་སྦྱིན་སྲེག་བྱ་བའི་བུད་ཤིང་ངོ་། །ཀུད་སའི་རིགས་ཅེས་བྱ་བ་ལ་སོགས་པ་ནི་བྲམ་ཟེའི་རིགས་ཀྱི་སྒྲ་སྟེ། དྲང་སྲོང་ཀུད་ས་ལ་སོགས་པའི་རིགས་རྒྱུད་ཡིན་པའི་ཕྱིར་རོ། །ཁྱབ་པ་ཞེས་བྱ་བ་ནི་ཆུབ་པའོ། །སྐྱེ་བོ་

མཁས་པ་ཞེས་བྱ་བ་ནི་སྐྱེ་བོ་མཛངས་པའོ། །ཁ་རྗེ་ཞེས་བྱ་བ་ནི་འཇིག་རྟེན་པའི་དོན་འགྲུབ་པའོ། །བསོད་ནམས་ཞེས་བྱ་བ་ནི་དགེ་བ་འགྲུབ་པའོ། །བཀྲ་ཤིས་ཞེས་བྱ་བ་ནི་སྡིག་པ་ཉམས་པར་བྱེད་པའོ། །གཙང་བ་ཞེས་བྱ་བ་ནི་རང་ཉིད་དབེན་པའི་ཕྱིར་རོ། །གཙང་བ་ཉིད་ཀྱི་གནས་སུ་

གྲགས་པ་ཞེས་བྱ་བ་ལ། གཙང་བའི་དངོས་པོ་ནི་གཙང་བ་ཉིད་དེ། དེའི་གནས་ཞེས་བྱ་བ་ནི་དེའི་ཡུལ་དུ་གྲགས་པའོ། །འགྲམ་གཉིས་ན་རླན་འཕྱོ་བ་ཞེས་བྱ་བ་ནི་ངོགས་གཉིས་ཀྱི་མུ་གཉིས་ཀ་ནས་ཆུའི་དབྱིངས་ཀྱིས་གང་བའོ། །ཆུ་དགུར་བཅོ་བརྒྱད་འབབ་པ་ཞེས་བྱ་བ་ནི་གྱ་གྱུར་

เล่ม ๑๕๗ · หน้า 73a

འབེབས་པའི་གླིང་བཅོ་བརྒྱད་ཀྱིས་མཚོན་པའི་ཡུལ་ལོ། །སྙན་པར་སྨྲ་བ་ཞེས་བྱ་བ་ནི་མཉེན་པར་སྨྲ་བའོ། །ས་དང་ས་གཞི་ཞེས་བྱ་བ་ནི་ས་ཉིད་དོ། །མཛེས་པ་མཛེས་པ་དག་ཅེས་བྱ་བ་ནི་བཟང་པོ་དག་གི་རྣམ་གྲངས་སོ། །སློབ་མ་ལ་རྗེས་སུ་ཆགས་

པ་དང་བཅས་པ་ཞེས་བྱ་བ་ནི་སློབ་མ་དགའ་བའོ། །འཁོར་ཉུང་བ་ཞེས་བྱ་བ་ནི་གཡོག་འཁོར་ཉུང་བ་དག་གོ། །གཡང་གཞི་དག་ཅེས་བྱ་བ་ནི་རི་དགས་ལ་སོགས་པའི་པགས་པ་དག་གོ། །བླུགས་གཟར་དག་ཅེས་བྱ་བ་ནི་སྦྱིན་སྲེག་རྒྱུ་ལྡུགས་པར་བྱེད་པའི་གཟར་བུ་ཡུ་བ་རིང་པོའོ། །དགང་

གཟར་ཞེས་བྱ་བ་ནི་སྦྱིན་སྲེག་རྒྱུས་དགང་བར་བྱ་བའི་གཟར་བུ་ཆེན་པོའོ། །རྒོལ་བའི་ཤིང་རྟ་ཞེས་བྱ་བ་ནི་རྒོལ་བ་ཚར་གཅོད་པ་དག་གིས་དྲང་བར་བྱ་བའི་ཤིང་རྟའོ། །དབྱེ་ཚོང་པ་ཞེས་བྱ་བ་ནི་སྐྱེ་བོའི་གནས་མེད་པའི་དབྱེ་བ་སྟོང་པར་ཉོ་ཚོང་བྱེད་པའི་གནས་སོ། །ཚོང་རྡལ་ཞེས་བྱ་བ་ནི་སྐྱེ་བོའི་གནས་

མེད་པ་ཆུ་ཀླུང་གི་འགྲམ་ལ་སོགས་པར་ཉོ་ཚོང་བྱེད་པའི་གནས་སོ། །འདུལ་ཞིང་ཞེས་བྱ་བ་ནི་ཕམ་པར་བྱེད་ཅིང་ངོ་། །ལོ་མ་ཞེས་བྱ་བ་ནི་ཡལ་ག་ཕྲེའུའོ། །རྒྱལ་བ་དང་ཚེ་སྤེལ་བར་བྱས་ཏེ་ཞེས་བྱ་བ་ལ། རྒྱལ་བས་སྤེལ་བར་བྱས་ཏེ་ཞེས་བྱ་བ་ནི་ཁྱོད་རྒྱལ་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པས་

སྤེལ་བར་བྱས་ཏེའོ། །ཚེ་སྤེལ་བར་བྱས་ཏེ་ཞེས་བྱ་བ་ནི་ཁྱོད་ཚེ་རིང་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་པས་སྤེལ་བར་བྱས་ཏེའོ། །བཀའ་མཆིད་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བ་ནི་གཏམ་རྣམ་པར་གཏན་ལ་དབབ་པའོ། །ཞུགས་ལྟ་བུའི་ཤེས་པས་ཞེས་བྱ་བ་ནི་མེ་དང་འདྲ་བའི་ཤེས་པ་སྟེ།

ཐམས་ཅད་དུ་མཐུས་ཐོགས་པ་མེད་པའི་ཕྱིར་རོ། །རང་གི་སྨྲ་བ་གསལ་བར་བགྱིད་པ་ཞེས་བྱ་བ་ནི་རང་གི་གཞུང་ལུགས་རབ་ཏུ་བཞག་པའོ། །གཞན་གྱི་སྨྲ་བ་ཚར་གཅོད་པ་ཞེས་བྱ་བ་ནི་གཞན་གྱི་གཞུང་ལུགས་དགག་པའོ། །ཕྱོགས་ཞེས་བྱ་བ་ནི་རང་གི་གཞུང་ལུགས་དམ་བཅའ་བའོ། །གཞན་

གྱི་ཕྱོགས་ཞེས་བྱ་བ་ནི་གཞན་གྱི་གཞུང་ལུགས་དམ་འཆའ་བའོ། །ཕྱོགས་སྔ་མ་ཞེས་བྱ་བ་ནི་རང་གི་གཞུང་ལུགས་དམ་འཆའ་བ་སྔར་བྱེད་པའོ། །འགྲོན་པོ་ཞེས་བྱ་བ་ནི་མངོན་པར་འོངས་པའོ། །རྒྱུད་ཆགས་ཞེས་བྱ་བ་ནི་རྩོད་པའི་གནས་སོ། །རིགས་པ་མེད་པ་ཞེས་བྱ་བ་ནི་ལུང་དང་

เล่ม ๑๕๗ · หน้า 73b

འགལ་བའོ། །མི་མཐུན་པ་ཞེས་བྱ་བ་ནི་སྔ་ཕྱི་འགལ་བའོ། །མི་འཐད་པ་ཞེས་བྱ་བ་ནི་རིགས་པ་དང་འགལ་བའོ། །ཚར་གཅོད་པའི་གནས་ཞེས་བྱ་བ་ནི་ཕམ་པའི་རྒྱུའོ། །ལན་ལ་མི་སྤོབས་པ་ཞེས་བྱ་བ་ནི་ལན་གྱི་སྐབས་སུ་ཅང་མི་སྨྲ་བར་འདུག་པའོ། །རངས་པ་ཞེས་བྱ་བ་ནི་སྤུ་གྱེན་དུ་

འགྲེང་བའོ། །དགའ་བ་ཞེས་བྱ་བ་ནི་ལུས་ཀྱི་བདེ་བ་དང་ལྡན་པའོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་ཡིད་བདེ་བ་དང་ལྡན་པའོ། །བྲམ་ཟེ་ཞེས་བྱ་བ་ནི་བྲམ་ཟེའི་འབྲེལ་པའོ། །སྤྱོད་ཚུལ་ཞེས་བྱ་བ་ནི་འགྲེང་བ་ལ་སོགས་བྱ་བ་མེད་པའི་རྣམ་པའོ། །སྤྱོད་པ་ཞེས་བྱ་བ་ནི་འགྲོ་བ་ལ་སོགས་པའི་བྱ་བའོ། །

གཙང་སྦྲ་ཞེས་བྱ་བ་ནི་དག་པར་བྱེད་པའོ། །ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་པའོ། །ཐལ་བ་བླངས་པ་ཞེས་བྱ་བ་ནི་བྱུག་རིས་རྒྱུའོ། །བྱ་མ་བུམ་བླངས་པ་ཞེས་བྱ་བ་ནི་ཆུ་སྣོད་དོ། །ས་བླངས་པ་ཞེས་བྱ་བ་ནི་འདག་རྫས་རྒྱུའོ། །ལག་སྟབས་ཞེས་བྱ་བ་ནི་ལག་པ་བཞག་པའི་ཐབས་སོ། །ཐོར་ཚུགས་ཞེས་བྱ་བ་

ནི་སྐྲ་བཅིང་བའི་ཐབས་སོ། །རབ་བསྔགས་བྱ་བ་ཞེས་བྱ་བ་ནི་ཨོཾ་ཞེས་བྱ་བའོ། །ཀྭ་ཞེས་བྱ་བ་ནི་བོད་པའོ། །ངེས་བརྗོད་ཀྱི་རིག་བྱེད་ཅེས་བྱ་བ་ནི་རི་ཙ་ཞེས་ཚིག་སྦྱར་བའི་ཚད་ངེས་པར་བརྗོད་པའི་རིག་བྱེད་དེ། ཤེས་པ་བསྐྱེད་པའི་ཚིག་དག་གོ། །མཆོད་སྦྱིན་གྱི་རིག་བྱེད་ཅེས་བྱ་བ་ནི་ཚིག་སྦྱར་བའི་ཚད་ངེས་པ་མེད་པ་དག་གོ། །

སྙན་ཚིག་གི་རིག་བྱེད་ཅེས་བྱ་བ་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལ་བསྟོད་པའི་ཚིག་གོ། །སྲིད་སྲུང་གི་རིག་བྱེད་ཅེས་བྱ་བ་ནི་སྐྱེ་དགུ་བསྲུང་བའི་ཐབས་སྟོན་པའོ། །འདོན་དུ་བཅུག་གོ་ཞེས་བྱ་བ་ནི་ཀློག་ཏུ་བཅུག་པའོ། །རི་ཙ་ཞེས་བྱ་བ་ནི་སྐད་ཀྱི་དབྱིངས་ཏེ་ཚིག་སྦྱར་བའི་ཚད་ངེས་པའི་དོན་

ཏོ། །ཡུན་རིང་པོ་ནས་བྲལ་བ་དག་སྟེ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་ལུང་རྣམ་པར་འཆད་པའོ། །བླ་མའི་ཚིག་ཤེས་དཀའ་བ་དག་ཅེས་བྱ་བ་ནི་ཡུན་རིང་པོ་ནས་བྲལ་བའི་ཕྱིར་རོ། །ཅི་དགར་འགྲོ་བ་ཞེས་བྱ་བ་ནི་མངོན་པར་འདོད་པའི་གནས་སུ་འགྲོ་བའི་ཕྱིར་རོ། །ཅི་དགར་སྤྱོད་པས་ཞེས་བྱ་བ་ནི་

མངོན་པར་འདོད་པའི་ཉལ་བ་དང་། འཆག་པ་ལ་སོགས་པ་བྱེད་པས་སོ། །འཇིགས་པ་ཞེས་བྱ་བ་ནི་སྐྲག་པ་སྐྱེས་པའོ། །བག་ཚ་བ་ཞེས་བྱ་བ་ནི་འཇིགས་པ་སྐྱེ་བར་དོགས་པའོ། །རྒྱུད་རྒྱ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ནི་ལུང་རྒྱ་ཆེན་པོ་དང་ལྡན་པ་སྟེ། འཁོར་བ་དང་ཐར་པ་གཉིས་ཐབས་

เล่ม ๑๕๗ · หน้า 74a

དང་བཅས་པ་དག་སེམས་པའི་ཕྱིར་རོ། །རྒྱུ་ཟབ་མོ་དང་ལྡན་པ་ཞེས་བྱ་བ་ནི་བདག་མེད་པ་དང་། མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་རྟོགས་པར་དཀའ་བའི་དོན་ལ་སེམས་པའི་ཕྱིར་རོ། །རྒྱུད་བཟང་པོ་དང་ལྡན་པ་ཞེས་བྱ་བ་ནི་གཞི་ལ་གནས་པའི་ལུང་དང་ལྡན་

པའི་ཕྱིར་རོ། །འཇིག་རྟེན་པ་ལ་ཕན་པར་མི་ནུས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་འཇིག་རྟེན་པའི་ལམ་ལ་གཞན་གྱིས་ཕམ་པར་བྱེད་མི་ནུས་པའོ། །འཇིག་རྟེན་ལས་འདས་པ་ལས་གཏིང་མེད་པ་ཞེས་བྱ་བ་ནི་ཐར་པ་དང་། ཐར་པའི་ལམ་ལ་མུ་སྟེགས་ཅན་རྣམས་ཀྱི་འཇུག་

པའི་ལམ་མེད་པའི་ཕྱིར་རོ། །མང་བ་ཞེས་བྱ་བ་ནི་མཐུ་ཟད་པ་མེད་པས་ཕམ་པར་མི་ནུས་པ་བསྟན་ཏོ། །མཐུན་པ་ཞེས་བྱ་བ་ནི་ཐ་དད་པར་དབྱེ་བ་མེད་པས་ཕམ་པར་མི་ནུས་པ་ཉིད་བསྟན་ཏོ། །ལོངས་སྤྱོད་དག་དོན་དུ་མི་གཉེར་བ་ཞེས་བྱ་བ་ནི་བདག་ཉིད་ལ་བསྙེན་བཀུར་བྱེད་པ་མེད་པས་ཕམ་པར་མི་ནུས་པ་ཉིད་བསྟེན་

ཏོ། །ཤེས་རབ་ཀྱི་སྤོབས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཀུན་དུ་སྤྱོད་པའོ། །བྲན་ཞེས་བྱ་བ་ནི་ཁོལ་པོའོ། །མདུན་དུ་བྱས་ཏེ་ཞེས་བྱ་བ་ནི་སྟེན་ཏེའོ། །མཚོ་རྣམས་ཞེས་བྱ་བ་ནི་འབབ་པར་བྱེད་པས་མཚོ་རྣམས་ཏེ། སྲིད་པ་གསུམ་པོ་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའོ། །

ལྡོག་པར་འགྱུར་ཞེས་བྱ་བ་ནི་ཕྲ་རྒྱས་སུ་མི་འགྱུར་བའོ། །ལམ་ཞེས་བྱ་བ་ནི་འཇིག་རྟེན་པའི་འཇུག་པའི་ལམ་སྟེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དག་ལ་སོགས་པ་དག་གོ། །ལྡོག་པ་ཞེས་བྱ་བ་ནི་དེ་ལུགས་ལས་བཟློག་པའོ། །མ་ལུས་པར་ནི་འགག་པར་འགྱུར་ཞེས་བྱ་བ་ནི་

ཡང་མི་འབྱུང་བའོ། །ཚིག་དེ་དག་གིས་མྱ་ངན་ལས་འདས་པ་ལ་བསམ་པ་ཡིན་པས་བྲམ་ཟེ་མི་ཤེས་སོ། །སྤང་བ་ཞེས་བྱ་བ་ནི་གྱ་གྱུ་དང་པོའོ། །གཅེས་པ་ཞེས་བྱ་བ་ནི་ཚིག་བཙན་པའོ། །བསྟབས་པར་འགྱུར་ཞེས་བྱ་བ་ནི་གསལ་བར་འགྱུར་བའོ། །རབ་ཏུ་ཤེས་པའི་བྲམ་ཟེ་ཞེས་བྱ་བ་ནི་གྲགས་

པའོ། །ཐོས་པས་ཐོབ་པར་བྱ་བ་ཞེས་བྱ་བ་ནི་གྲགས་པའོ། །བསྙེན་བཀུར་བ་ཞེས་བྱ་བ་ནི་ལེགས་པར་བསྟེན་པའོ། །ལུང་ཞེས་བྱ་བ་ནི་བསྟན་བཅོས་སོ། །རྟོགས་པ་ཞེས་བྱ་བ་ནི་འབྲས་བུའོ། །ཇི་ཙམ་དེ་ཙམ་ཞེས་བྱ་བ་ནི་ཅུང་ཞིག་གོ། །མདོ་སྡེའི་མཐའ་ཞེས་བྱ་བ་ནི་ངེས་པའི་དོན་གྱི་མདོ་སྡེ་

เล่ม ๑๕๗ · หน้า 74b

དག་སྟེ། མདོ་རྣམས་ཀྱི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །གནོད་པ་ཞེས་བྱ་བ་ནི་འགལ་བའོ། །ཆོས་ཀྱི་ཁྲིད་བྱེད་ཅེས་བྱ་བ་ནི་ཆོས་མངོན་པ་སྟེ། དངོས་པོའི་རྣམ་པར་གཞག་པའི་ཁྲིད་པར་བྱེད་པ་དང་། མཚོན་པར་བྱེད་པ་དང་། གཏན་ལ་འབེབས་པ་ཡིན་པའི་ཕྱིར་རོ། །རྣམ་པར་དཀྲུགས་

པ་ཞེས་བྱ་བ་ནི་དྲུངས་དབྱུང་བ་སྟེ་མི་རུང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་མངལ་ཞེས་བྱ་བ་ནི་འདུལ་བ་སྟེ། འབྲས་བུའི་ཆོས་དེ་ནས་བྱུང་བའི་ཕྱིར་རོ། །ཡང་ན་ཆོས་ཀྱི་མངལ་ཞེས་བྱ་བའི་མདོ་སྡེ་དང་། ཆོས་མངོན་པ་ཉིད་ཡིན་ཏེ། བསྒྲུབ་པའི་ཆོས་དེ་ནས་བྱུང་བའི་ཕྱིར་རོ། །བརྟོལ་

ཞེས་བྱ་བ་ནི་འབྱིན་པའོ། །ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་ནི་འཕགས་པའི་ལམ་སྟེ། ཆོས་ཐམས་ཅད་པས་དེ་ཆེས་ལྷག་པར་མཐོ་བའི་ཕྱིར་རོ། །གཏིབ་ཅེས་བྱ་བ་ནི་དེ་སྨད་པའོ། །བདུད་ཀྱི་རྒྱལ་མཚན་ཞེས་བྱ་བ་ནི་སྲེད་པ་ལ་སོགས་པ་འཇུག་པའི་རྒྱུའོ། །བསྒྲེང་ཞེས་བྱ་བ་ནི་དེ་ཆོས་སུ་སྟོན་པའོ། །

སེམས་ཅན་དམྱལ་བ་ལ་གཞོལ་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་པས་འབྲས་བུ་འགྱུར་བའོ། །ཚིག་གི་མཚོན་ཞེས་བྱ་བ་ནི་ཁ་ཟེར་བའོ། །ཆོས་ཞེས་བྱ་བ་ནི་དངོས་པོ་རྣམ་པར་གཞག་པའོ། །སོ་སོར་རྟོག་པ་ཞེས་བྱ་བ་ནི་བློས་གཉེན་པོ་སེམས་པའོ། །འདི་ཉིད་ཀྱིར་འགྱུར་བར་ཟད་དོ་ཞེས་བྱ་བ་

ནི་ཁོ་བོ་བདག་རང་ལ་རྣམ་པར་སྨིན་པར་འགྱུར་བར་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་བདུན་ནོ། །མི་སློབ་པ་ཞེས་བྱ་བ་ནི་དགྲ་བཅོམ་པའོ། །གསུང་རབ་ཅེས་བྱ་བ་ནི་བསྟན་པའོ། །རྩུབ་པོ་ཞེས་བྱ་བ་ནི་ཞེར་འདེབས་པའོ། །འཇིགས་སུ་རུང་བ་ཞེས་

བྱ་བ་ནི་འཇིགས་པར་བྱེད་པའོ། །རྣ་བའི་སྦུབས་དག་ཅེས་བྱ་བ་ནི་རྣ་བའི་བུ་ག་དག་གོ། །བསམ་པ་ཞེས་བྱ་བ་ནི་སེམས་པའོ། །བག་ལ་ཉལ་ཞེས་བྱ་བ་ནི་སྲེད་པ་ལ་སོགས་པ་སྤྱད་པའི་ཉོན་མོངས་པའོ། །ཁམས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་སོ། །རང་བཞིན་ཞེས་བྱ་བ་

ནི་དབང་པོ་རྟུལ་པོ་ཉིད་ལ་སོགས་པའི་ངོ་བོ་ཉིད་དོ། །དྲོ་བར་གྱུར་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཤེས་པ་སྟེ། འཕགས་པའི་ལམ་གྱི་མེའི་དྲོད་དུ་གྱུར་པ་ཡིན་པའི་ཕྱིར་རོ། །རྩེ་མོ་ཞེས་བྱ་བ་ཡང་འཇིག་རྟེན་པའི་ཤེས་པའི་ངོ་བོ་ཉིད་དེ་འཁོར་བ་པའི་ཤེས་པའི་རིའི་རྩེ་མོར་གྱུར་པ་ཡིན་པའི་ཕྱིར་རོ། །

เล่ม ๑๕๗ · หน้า 75a

བཟོད་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་བློ་ཆུང་ངུ་དང་། འབྲིང་དང་ཆེན་པོ་སྟེ་འཕགས་པའི་བདེན་པ་བཞིའི་རྣམ་པ་ལ་བཟོད་པའི་ཕྱིར་རོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱ་བ་ནི་འཇིག་རྟེན་པའི་ཤེས་པའི་མཆོག་སྟེ། འཕགས་པའི་ལམ་འདྲེན་

པར་བྱེད་པས་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་ལ་གཞོལ་བ་ཞེས་བྱ་བ་ནི་སངས་རྒྱས་ལ་གུས་པ་དང་བཅས་པའི་ཕྱིར་རོ། །དམན་པ་དག་གིས་འདུག་པར་བྱ་བའི་ཐ་ཚིག་གོ། །ཆོས་ལ་འབད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ས་ལ་སེམས་

པ་སྟེ། མྱ་ངན་ལས་འདས་པ་ལ་སྐྱབས་སུ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །དགེ་འདུན་ལ་བབ་པ་ཞེས་བྱ་བ་ནི་དགེ་འདུན་ལ་འདུད་པ་སྟེ། ཆོས་གོས་ལ་སོགས་པའི་འབྲས་བུ་སྦྱིན་པའི་ཕྱིར་རོ། །ཡོངས་སུ་གནས་པ་བསྟེན་ཏེ་ཞེས་བྱ་བ་ནི་ཉིན་མཚན་འདས་ཏེའོ། །རྣ་ཆ་གདུབ་འཁོར་གཡོ་ཞིང་དྲི་

མ་མེད་པ་ཐོགས་ཏེ་ཞེས་བྱ་བ་ལ་རྣ་ཆ་གདུབ་འཁོར་ཞེས་བྱ་བ་ནི་རྣ་ཆ་གདུབ་འཁོར་ཅན་ནོ། །གཡོ་ཞིང་ཞེས་བྱ་བ་ནི་ཡང་བའོ། །དྲི་མ་མེད་པ་ཞེས་བྱ་བ་ནི་འོད་གསལ་བའོ། །ཐོགས་ཏེ་ཞེས་བྱ་བ་ནི་དེས་དེ་ཉིད་དོ། །ཐུ་བ་ཞེས་བྱ་བ་ནི་བླ་གོས་ཀྱི་གྲྭའོ། །ཁ་དོག་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་མི་

ལས་ཤིན་ཏུ་འདས་པའི་ཁ་དོག་དང་ལྡན་པའི་ཕྱིར་རོ། །མཚན་མོ་ལ་བབ་པ་ཞེས་བྱ་བ་ནི་ནམ་སྲོས་པའོ། །འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཞེས་བྱ་བ་ལ་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཡུལ་ལ་བདག་དང་བདག་གིར་ཤེས་པའོ། །རིའི་

རྩེ་མོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དེ་ཉིད་གཞིག་དཀའ་བའི་ཕྱིར་རི་དང་འདྲའོ། །ཉི་ཤུ་ཞེས་བྱ་བ་ནི་བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ་བ་དང་། བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ་བ་དང་། གཟུགས་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང་། གཟུགས་ལ་བདག་གནས་ཏེ་སྣོད་

དང་འདྲ་བ་དང་། བདག་ཚོར་བ་ཡིན་ཏེ་བདག་པོ་དང་འདྲ་བ་དང་། བདག་ཚོར་བ་དང་ལྡན་ཏེ་རྒྱན་དང་འདྲ་བ་དང་། ཚོར་བ་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང་། ཚོར་བ་ལ་བདག་གནས་ཏེ་སྣོད་དང་འདྲ་བ་དང་། བདག་འདུ་ཤེས་ཡིན་ཏེ་བདག་པོ་དང་འདྲ་བ་དང་། བདག་འདུ་ཤེས་དང་ལྡན་ཏེ་

เล่ม ๑๕๗ · หน้า 75b

རྒྱན་དང་འདྲ་བ་དང་། འདུ་ཤེས་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང་། འདུ་ཤེས་ལ་བདག་གནས་ཏེ་སྣོད་དང་འདྲ་བ་དང་། བདག་འདུ་བྱེད་ཡིན་ཏེ་བདག་པོ་དང་འདྲ་བ་དང་། བདག་འདུ་བྱེད་དང་ལྡན་ཏེ་རྒྱན་དང་འདྲ་བ་དང་། འདུ་བྱེད་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང་། འདུ་བྱེད་ལ་བདག་

གནས་ཏེ་སྣོད་དང་འདྲ་བ་དང་། བདག་རྣམ་པར་ཤེས་པ་ཡིན་ཏེ་བདག་པོ་དང་འདྲ་བ་དང་། བདག་རྣམ་པར་ཤེས་པ་དང་ལྡན་ཏེ་རྒྱན་དང་འདྲ་བ་དང་། རྣམ་པར་ཤེས་པ་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང་། རྣམ་པར་ཤེས་པ་ལ་བདག་གནས་ཏེ་སྣོད་དང་འདྲ་བ་ཞེས་བདག་ཏུ་ལྟ་བའི་རྣམ་པ་ཉི་ཤུ་

པོ་དག་གོ། །ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་མཐོང་བའི་ལམ་སྟེ། མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་ཅིག་ཅར་འཇོམས་པའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པ་ཞེས་བྱ་བ་ནི་བདེན་པ་བཞི་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །སྔོན་གྱི་ཕ་

མེས་ཞེས་བྱ་བ་ནི་མེས་པོ་ལ་སོགས་པ་ཉིད་དུ་སྔོན་ཤི་བ་དག་གོ། །མཛའ་བཤེས་ཞེས་བྱ་བ་ནི་གྲོགས་པོ་ལ་སོགས་པའོ། །རྩ་ལག་ཅེས་བྱ་བ་ནི་ཉེ་དུའོ། །སྐབས་ཞེས་བྱ་བ་ནི་ཡང་དག་པར་འགྱུར་བ་མེད་པའི་ཕྱིར་རོ། །བསྒྲལ་བ་ཞེས་བྱ་བ་ནི་ཡང་སྩོགས་པར་འགྱུར་བ་མེད་པའི་ཕྱིར་རོ། །

བཀུམ་ཞེས་བྱ་བ་ཡང་དེར་འཇུག་པ་མེད་པའི་ཕྱིར་རོ། །ཕྱེ་ཞེས་བྱ་བ་ནི་དེར་འགྲོ་བའི་ཕྱིར་རོ། །རབ་གྲག་ཅེས་བྱ་བ་ནི་རབ་ཏུ་འཇིགས་པའོ། །ཉེས་པ་མང་ལྡན་པ་ཞེས་བྱ་བ་ནི་མཚོན་དང་མེ་དང་ཚེར་མ་ལ་སོགས་པའི་ཉེས་པ་དང་ལྡན་པའོ། །ངན་སོང་ཤུལ་ཞེས་བྱ་བ་ནི་ཡང་སོས་ལ་སོགས་

པའི་སྒོའོ། །བསོད་ནམས་རབ་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་བཟང་བའོ། །མཐོ་རིས་འགྲོ་བ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་ལ་སོགས་པའི་མཐོ་རིས་ཀྱི་ལམ་མོ། །མྱ་ངན་ལས་འདས་པའི་ཤུལ་ཞེས་བྱ་བ་ནི་འཕགས་པའི་ལམ་མོ། །ཐོབ་པར་འགྱུར་ཞེས་བྱ་བ་ནི་ཤེས་པར་གྱུར་པའོ། །ཤིན་ཏུ་རྣམ་པར་དག་

ཅེས་བྱ་བ་ནི་བོད་པའི་ཚིག་སྟེ། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །སྐྱོན་བྲལ་ཞེས་བྱ་བ་ནི་ཟག་པ་མེད་པའོ། །དག་པ་ཞེས་བྱ་བ་ནི་མ་ནོར་བའོ། །ཐོབ་ཅིང་ཞེས་བྱ་བ་ནི་རྙེད་ཅིང་ངོ་། །གོ་འཕང་ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །

เล่ม ๑๕๗ · หน้า 76a

འཕགས་པ་དགྱེས་པ་ཞེས་བྱ་བ་ནི་འཕགས་པ་རྣམས་བཞེད་པའོ། །སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ་བར་གྱུར། །ཅེས་བྱ་བ་ནི་འཁོར་བ་ལས་རྒལ་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །འགྲོ་བ་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བའོ། །

སྲིད་པ་སྟོང་དུ་མཐོང་བར་རབ་དཀོན་པ། །ཐུབ་པ་ཞེས་བྱ་བ་དག་ནི་བོད་པའོ། །འདུད་བྱས་ཞེས་བྱ་བ་ནི་ཞབས་གཉིས་ལ་ཕྱག་བྱས་པ་སྟེ། ཞབས་གཉིས་ལ་ཡན་ལག་ལྔས་འདུད་པ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ཞེས་བྱ་བ་ནི་

བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ནས་སོང་བ་སྟེ། གཡས་ཕྱོགས་ནས་བསྐོར་ཞེས་བྱ་བའི་ཐ་ཚིག་གོ། །མཁའ་ལ་སོང་ཞེས་བྱ་བ་ནི་བར་སྣང་ལ་སོང་ཞེས་བྱ་བའི་ཐ་ཚིག་གོ། །མི་མཇེད་ཀྱི་བདག་པོ་ཞེས་བྱ་བ་ནི་ཚངས་པ་སྟེ་སྔོན་བཅོམ་ལྡན་འདས་འོད་སྲུངས་ཀྱི་སློབ་མ་དགེ་སློང་དུ་གྱུར་པའི་

ཚེ་མིང་མི་མཇེད་ཀྱི་བདག་པོ་ཞེས་བྱ་བར་གྱུར་པའི་མིང་དེ་ཉིད་དིང་སོང་ཡང་མིང་དུ་བརྗོད་པའོ། །གཞུང་ཁ་ཅིག་ལས་ཚོགས་ཀྱི་བདག་པོ་ཞེས་ཀྱང་འབྱུང་སྟེ། བདུད་ཀྱི་འཁོར་ལ་སོགས་པ་ཐམས་ཅད་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར་མིང་དེ་སྐད་ཅེས་བྱའོ། །འབྱོར་པ་ཆེ་བ་ཞེས་བྱ་བ་ནི་དབང་ཕྱུག་

གིས་སོ། །མཐུ་ཆེ་བ་ཞེས་བྱ་བ་ནི་ནུས་པས་སོ། །གཞན་ཞེས་བྱ་བ་ནི་རབ་འཐབ་བྲལ་ལམ་ཡོངས་སུ་དགའ་ལྡན་ལ་སོགས་པའོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་ནི་སྐྱེས་པའི་མཇུག་ཐོགས་སུ་ཚེ་གཉིས་པ་ལ་མྱོང་བར་འགྱུར་བ་གང་ཡིན་པའོ། །ལན་གྲངས་གཞན་

ལ་མྱོང་བར་འགྱུར་བའི་ལས་ཞེས་བྱ་བའི་ཚེ་རབས་གསུམ་ལ་སོགས་པའི་ཚེ་རབས་གཞན་གྱི་རིགས་ཀྱིས་མྱོང་བར་འགྱུར་བ་གང་ཡིན་པའོ། །ལུང་ཕོག་པ་ཞེས་བྱ་བ་ནི་གཞན་གྱིས་བདག་ལ་ལུང་ཕོག་པ་དང་བདག་གིས་གཞན་ལ་ལུང་ཕོག་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཤེས་

ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་རྒྱུ་དང་འབྲས་བུའི་དངོས་པོ་ལ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་པ་གོམས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་སྲིད་པ་དང་མི་

เล่ม ๑๕๗ · หน้า 76b

སྲིད་པ་དག་ལ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་པ་ཇི་ལྟ་བ་བཞིན་དུ་རྣམ་པར་འབྱེད་པའོ། །ཚོགས་ཀྱི་དངོས་པོ་ཞེས་བྱ་བ་ནི་རྒྱུ་ཉིད་ཀྱིས་སོ། །ལག་པ་ལ་འགྲམ་པ་གཏད་དེ་ཞེས་བྱ་བ་ནི་མཁུར་ཚོས་བཞག་སྟེའོ། །སྦྱོར་བ་ཞེས་བྱ་བ་ནི་བཞི་སྟེ། འདོད་པ་དང་། སྲིད་པ་དང་། ལྟ་བ་

དང་། མ་རིག་པའི་སྦྱོར་བ་དག་གོ། །ཡང་དག་པར་འདའ་བར་བྱ་བ་ནི་སྤང་བར་བྱ་བའོ། །ཐུབ་པའི་དབང་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །རིགས་གཅེས་པ་མ་ཡིན་ཞེས་བྱ་བ་ནི་རིགས་གཙོ་བོ་མ་ཡིན་པ་སྟེ། བྲམ་ཟེའམ་རྒྱལ་རིགས་ནི་རྣམ་པར་དག་པར་འགྱུར་ལ། གཞན་

ནི་མི་འགྱུར་བ་མ་ཡིན་ནོ། །ཁྱིམ་ཞེས་བྱ་བ་ནི་ཕྱུག་པོ་དང་། དབུལ་པོ་དང་། འབྲིང་གི་ཁྱིམ་མོ། །རུས་ཞེས་བྱ་བ་ནི་ཀཽཎྜི་ནྱའི་རུས་དང་། བ་སིས་ཐའི་རུས་ལ་སོགས་པའོ། །ཁྱིམ་ནི་ཉེ་དུའི་ཚོགས་སོ། །རུས་ནི་རྒྱུད་བརྒྱད་པ་ལ་སོགས་པ་དང་ཉེ་དུ་མ་ཡིན་པའི་ཚོགས་ཏེ། ཁྱིམ་

དང་རིགས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །སྒྲུབ་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་སོགས་པ་རྗེས་སུ་སྒྲུབ་པའོ། །ཐུགས་བརྩེ་བའི་སླད་ཅེས་བྱ་བ་ནི་ཐུགས་རྗེ་ལ་བརྟེན་ནས་སོ། །དགེ་སློང་ཚུར་ཤོག་བྱ་བས་ཞེས་བྱ་བ་ནི་བྱ་བ་གང་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བ་ཡོད་པ་དེ་ནི་དགེ་སློང་ཚུར་ཤོག་པའོ། །

གང་ལ་ཁས་བླང་བར་བྱ་བ་དང་། བྱེད་དུ་འཇུག་པ་ཙམ་ཁོ་ནས་རྫོགས་པར་བསྙེན་པར་འགྱུར་བ་སྟེ། སྨོན་ལམ་བཏབ་པའི་ཕྱིར་སློབ་དཔོན་ལ་སོགས་པ་ལ་མི་ལྟོས་པས་དེ་ཞེས་བྱ་བའི་ཐ་ཚིག་གོ། །བཀའི་མཇུག་ཁོ་ནར་ཞེས་བྱ་བ་ནི་བཀའ་སྩལ་མ་ཐག་ཁོ་ནར་རོ། །སྣམ་སྦྱར་གྱོན་པའི་

ལུས་ལྡན་ཞིང་། །ཞེས་བྱ་བ་ལ་སྣམ་སྦྱར་ཞེས་བྱ་བ་ནི་སྣམ་བུར་དྲས་ཤིང་སྦྱར་བའི་ཆོས་གོས་ཏེ། གང་གི་ལུས་ལ་དེ་གྱོན་པ་དེ་ནི་སྣམ་སྦྱར་གྱོན་པའི་ལུས་དང་ལྡན་པའོ། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་མོད་ལ་དབང་པོ་རྣམས་རབ་ཏུ་ཞི་

བར་གནས་པར་གྱུར་པའོ། །དགོངས་པས་ཞེས་བྱ་བ་ནི་ཐུགས་ལ་དགོངས་པའོ། །དེ་དག་གིས་ཅི་ཞིག་དགོངས་པར་གྱུར་ཅེ་ན། དེའི་ལུས་གཟུགས་བཀབ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། ལུས་གཟུགས་ཞེས་བྱ་བ་རང་བཞིན་དུ་གནས་པའི་ལུས་ཀྱི་གནས་སྐབས་སོ། །

เล่ม ๑๕๗ · หน้า 77a

དེ་བཀབ་པ་ནི་འགེབས་ཤིང་གཡོགས་པར་བྱེད་པ་སྟེ། ཆ་ལུགས་སོ། །ཆ་ལུགས་དེ་དང་ལྡན་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །གྲོང་གི་བྱང་ཕྱོགས་ཞེས་བྱ་བ་ནི་གྲོང་ནས་ཧ་ཅང་མི་རིང་བའི་བྱང་ཕྱོགས་ལོགས་ཀྱི་ངོས་ནའོ། །ཉོན་མོངས་པར་འགྱུར་ཞེས་བྱ་བ་

ནི་ཕོངས་པར་འགྱུར་བའོ། །ཐོས་པ་ཉུང་བ་ཞེས་བྱ་བ་ནི་བསྟན་བཅོས་ཉུང་ངུ་ཐོས་པའོ། །ཐོས་པ་ཉུང་ངུ་དང་ལྡན་པ་ཞེས་བྱ་བ་ནི་བསྟན་བཅོས་ཇི་ལྟར་ཐོས་པ་བཞིན་མ་བསམས་པ་སྟེ། མངོན་པར་བརྩོན་པར་མ་བྱས་ཞེས་བྱ་བའི་ཐ་ཚིག་གོ། །གྲོང་ཚིགས་ཞེས་བྱ་བ་ནི་གྲོང་གི་ཕྱོགས་སོ། །

མི་རྟག་པའི་འདུ་ཤེས་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་བྱ་བར་ཞུགས་པ་བསམ་གཏན་གྱི་དངོས་གཞིའི་ས་པའི་འདུ་ཤེས་སོ། །མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བའོ་ཞེས་བྱ་བ་བསམ་གཏན་གྱི་དངོས་

གཞིའི་སའི་འདུ་ཤེས་སོ། །སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་སྡུག་བསྔལ་གང་ཡིན་པ་དེ་ལ་རང་དབང་མེད་དོ་ཞེས་བྱ་བར་འདུ་ཤེས་པ་བསམ་གཏན་གྱི་དངོས་གཞིའི་སའི་འདུ་ཤེས་སོ། །ཟས་ལ་མི་མཐུན་པའི་འདུ་ཤེས་ཞེས་བྱ་བ་ནི་ཟས་ལ་མི་ཕྱོགས་པའི་འདུ་

ཤེས་སོ། །འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་དག་ལ་མི་ཕྱོགས་པའི་འདུ་ཤེས་སོ། །ཉེས་དམིགས་ཞེས་བྱ་བ་ནི་ཡོངས་སུ་གྱུར་པའི་ཉེས་པའོ། །སྤོང་བ་ཞེས་བྱ་བ་ནི་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་

འགོག་པའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་འགོག་པའོ། །འགོག་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་སྤོང་བའོ། །ཤི་བ་ཞེས་བྱ་བ་ནི་ཚེའི་འདུ་བྱེད་འགག་པའོ། །མི་སྡུག་པ་ཞེས་བྱ་བ་ནི་རུས་པའི་ཀེང་རུས་ལ་དམིགས་པའི་འདུ་ཤེས་སོ། །རྣམ་པར་

བསྔོས་པ་ཞེས་བྱ་བ་ནི་ལུས་རུལ་ཞིང་སྔོན་པོར་གྱུར་པའོ། །རྣམ་པར་རྣགས་པ་ཞེས་བྱ་བ་ནི་རྣག་འཛག་པའོ། །རྣམ་པར་བམ་པ་ཞེས་བྱ་བ་ནི་སྐྲངས་ཤིང་བསྔོས་པའོ། །རྣམ་པར་འབུས་གཞིགས་པ་ཞེས་བྱ་བ་ནི་སྲིན་བུས་གཞིགས་པའོ། །རྣམ་པར་ཟོས་པ་ཞེས་བྱ་བ་ནི་ཤ་བར་

เล่ม ๑๕๗ · หน้า 77b

བར་དུ་ཟོས་པའོ། །རྣམ་པར་དམར་བ་ཞེས་བྱ་བ་ནི་དམར་བའི་རྣམ་པའོ། །རྣམ་པར་འཐོར་བ་ཞེས་བྱ་བ་ནི་ཡན་ལག་རྣམ་པར་འཐོར་བའོ། །རུས་གོང་གི་འདུ་ཤེས་ཞེས་བྱ་བ་ནི་ཐོད་པ་ལ་སོགས་པ་ལ་དམིགས་པའི་འདུ་ཤེས་སོ། །སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཞེས་བྱ་བ་

ནི་འགྲོ་བ་ལ་རྟོག་པའི་ཆོས་ཀྱི་བདག་ཉིད་དང་གང་ཟག་གི་བདག་ཉིད་ཀྱིས་སྟོང་བར་སེམས་པར་བསམ་གཏན་གྱི་དངོས་གཞིའི་སའི་འདུ་ཤེས་སོ། །བསམ་གཏན་དང་པོ་ཞེས་བྱ་བ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའོ། །གཉིས་པ་ཞེས་བྱ་བ་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པའོ། །

གསུམ་པ་ཞེས་བྱ་བ་ནི་དགའ་བ་མེད་ཅིང་བདེ་བའོ། །བཞི་པ་ཞེས་བྱ་བ་ནི་སྡུག་བསྔལ་ཡང་མེད་ཅིང་། བདེ་བ་ཡང་མེད་པའོ། །བྱམས་པ་ཞེས་བྱ་བ་ནི་ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་མོས་པ་ལས་བྱུང་བ་བསམ་གཏན་གྱི་དངོས་གཞིའི་ས་པའི་ཞེ་སྡང་མེད་པ་སྟེ། མཛའ་

བཤེས་དག་ལས་བྱུང་བའི་ཕྱིར་རོ། །སྙིང་རྗེ་ཞེས་བྱ་བ་ནི་ཀྱེ་མ་སེམས་ཅན་རྣམས་ནི་སྡུག་བསྔལ་ལོ་ཞེས་བྱ་བར་མོས་པ་ལས་བྱུང་བ་བསམ་གཏན་གྱི་ས་པའི་ཞེ་སྡང་མེད་པའོ། །དགའ་བ་ཞེས་བྱ་བ་ནི་ཀྱེ་མ་སེམས་ཅན་རྣམས་དགའ་བར་གྱུར་ཅིག་ཅེས་མོས་པ་ལས་བྱུང་བ་བསམ་གཏན་གྱི་ས་

པའི་ཡིད་བདེ་བའོ། །བཏང་སྙོམས་ཞེས་བྱ་བ་ནི་འདི་དག་ནི་སེམས་ཙམ་མོ་ཞེས་བྱ་བར་མོས་པ་ལས་བྱུང་བ་བསམ་གཏན་གྱི་ས་པའི་འདོད་པ་མེད་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱ་བ་ནི་ནམ་མཁའ་

མཐའ་ཡས་སོ། །རྣམ་པར་ཤེས་པ་མཐའ་ཡས་སོ། །བདག་གི་གོང་ན་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་སྦྱར་བ་ལས་བྱུང་བའི་ཕུང་པོ་བཞི་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་ནི་དེ་འདུ་ཤེས་བྱ་བ་མི་བྱེད་པའི་ཕྱིར་འདུ་ཤེས་ཀྱང་མ་ཡིན་ལ། རྫས་སུ་ཡོད་པའི་

ཕྱིར་འདུ་ཤེས་མེད་པའང་མ་ཡིན་པས། འདུ་ཤེས་མེད་འདུ་ཤེས་མེད་མིན་གཙོ་ཆེ་བའི་ཕུང་པོ་བཞི་པའོ། །རྫུ་འཕྲུལ་གྱི་ཡུལ་ཞེས་བྱ་བ་ལ། རྫུ་འཕྲུལ་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་དང་དངོས་པོ་དབྱུང་བ་དང་། བསྒྱུར་བ་དང་བྱིན་གྱིས་བརླབ་པ་དང་། ཀ་བ་ལ་སོགས་པ་

เล่ม ๑๕๗ · หน้า 78a

བསྒྲིབས་པ་ལ་འཇུག་པ་དང་། འབྱུང་བའི་ཡོན་ཏན་ནི་རྫུ་འཕྲུལ་ཡིན་ནོ། །ཤེས་པ་གང་ལ་རྫུ་འཕྲུལ་གྱི་ཡུལ་ཡོད་པ་དེ་ནི་རྫུ་འཕྲུལ་གྱི་ཡུལ་དང་ལྡན་པ་དང་། དངོས་གཞིའི་བསམ་གཏན་གྱི་ས་པའི་ཏིང་ངེ་འཛིན་ཏོ། །ལྷའི་རྣ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་

སྐྱེས་པའི་རྣ་བའོ། །སེམས་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་སྟེ། འདིས་སེམས་ཡོངས་སུ་ཤེས་པར་བྱེད་པའི་ཕྱིར་རོ། །སྔོན་གྱི་གནས་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བ་དྲན་པ་སྟེ། སྔོན་གྱི་གནས་ཤེས་པར་བྱེད་པའི་ཕྱིར་རོ། །འཆི་འཕོ་བ་དང་སྐྱེ་བ་ཞེས་བྱ་བ་ནི་ལྷའི་མིག་

སྟེ། འཆི་འཕོ་དང་སྐྱེ་བ་མཐོང་བར་བྱེད་པའི་ཕྱིར་རོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་ཟད་པ་ཤེས་པ་སྟེ། ཟག་པ་ཟད་པ་ཤེས་པར་བྱེད་པའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཞེས་བྱ་བ་ལ། རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་དང་། ནང་

གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་དང་། སྡུག་པའི་རྣམ་པར་ཐར་པ་དང་། གཟུགས་མེད་པའི་བཞི་དང་། འགོག་པའི་སྙོམས་པར་འཇུག་པའོ། །དེ་དག་ལ་བསམ་གཏན་པ་ཞེས་བྱ་བ་ནི་གང་རྣམ་པར་ཐར་པ་བརྒྱད་པོ་དག་ལ་སྙོམས་པར་འཇུག་པའོ། །

གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་གང་ཡིན་པའོ། །དབྱར་ཟླ་བ་འབྲིང་པོ་ཉ་ལ་ཞེས་བྱ་བ་ནི་དབྱར་ཟླ་བ་འབྲིང་པོ་ཚེས་བཅོ་ལྔ་པའོ། །དབྱར་ཉེ་བར་བསྒྲུབ་པའི་ཚེ་ཞེས་བྱ་བ་ནི་ཚེས་

བཅུ་དྲུག་ལ་དབྱར་གནས་པར་ཁས་བླངས་པ་དང་། ཉེ་བར་གནས་པ་སྟེ་ཚེས་བཅོ་ལྔའི་ཚེའོ། །སྟོན་ཟླ་འབྲིང་པོའི་ཟླ་བ་ཉ་ལ་ཞེས་བྱ་བ་ནི་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལའོ། །བདེ་བ་ལ་རེག་པ་ཞེས་བྱ་བ་ནི་བྱ་བའི་བྱེ་བྲག་སྟེ། དེར་བདེ་བ་དང་ཕྲད་ཅིང་རེག་པའི་ཕྱིར་རོ། །ཟང་ཟིང་ཅུང་

ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་ཟང་ཟིང་ཅུང་ཟད་ཙམ་གྱི་དོན་དུའང་ཟང་ཟིང་ཅུང་ཟད་ཙམ་གྱི་ཆེད་ལས་སོ། །མིའི་ཆོས་བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་ལས་བླ་མ་སྟེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པའི་ཡོན་ཏན་ནོ། །མེད་ལ་ཞེས་བྱ་བ་ནི་མངོན་དུ་མ་

เล่ม ๑๕๗ · หน้า 78b

གྱུར་པའམ་མི་སྲིད་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི། མ་ཐོབ་པའོ། །རུང་ངམ་ཞེས་བྱ་བ་ནི་རིགས་སམ་ཞེས་བྱ་བའོ། །དོན་ཉུང་ངུ་དག་ཅེས་བྱ་བ་ནི་འདོད་པ་ཆུང་བ་དག་གོ། །ཡོད་ཅིང་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ཉིད་དུ་ཡོད་པའོ། །སྲིད་པ་ཞེས་བྱ་བ་ནི་འཇིག་རྟེན་གྱིས་ཉེ་བར་དམིགས་པའོ། །

རྐུན་པོ་ཞེས་བྱ་བ་ནི་མ་གྲགས་པའོ། །རྐུན་པོ་ཆེན་པོ་ཞེས་བྱ་བ་ནི་གྲགས་པ་སྟེ། ཤིན་ཏུ་ཐ་ཆད་པ་ཡིན་པའི་ཕྱིར་རོ། །ཁྱིམ་འབུགས་པ་ཞེས་བྱ་བ་ནི་རྩིག་པ་འབིགས་པའོ། །མདུད་པ་འགྲོལ་བ་ཞེས་བྱ་བ་ནི་གཅན་འདྲལ་བའམ་སྒོ་གཏན་འབྱེད་པ་ལ་སོགས་པས་སྒོ་འབྱེད་པའོ། །རིལ་

གྱིས་འཕྲོག་པ་ཞེས་བྱ་བ་ནི་མ་ལུས་པར་འཕྲོག་པའོ། །ལམ་སྒུགས་ཤིང་འདུག་པ་ཞེས་བྱ་བ་ནི་ལམ་འགོག་པར་བྱེད་པའམ། གསེབ་ལམ་ལ་འཛོམ་པར་བྱེད་པའོ། །མེ་གཏོང་བ་ཞེས་བྱ་བ་ནི་ཁྱིམ་དུ་མེ་གཏོང་བར་བྱེད་པའོ། །ལམ་ལ་འཇོག་པར་བྱེད་པ་ཞེས་བྱ་བ་ནི་འགྲོན་པོ་འཇོག་

པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་པོའི་མཛོད་རྐུ་བ་ཞེས་བྱ་བ་ནི་རྒྱལ་པོའི་ཕྱག་མཛོད་རྐུ་བར་བྱེད་པའོ། །གཞན་ཡང་ཞེས་བྱ་བ་ནི་རྣམ་པ་གཞན་ཡང་ཞེས་བྱ་བའི་ཐ་ཚིག་གོ། །གཞལ་བར་ཞེས་བྱ་བ་ནི་འབྲས་ཐུག་པོ་ཆེ་དང་ཏིལ་དང་གྲོ་ལ་སོགས་པ་བྲེའུ་ཆུང་ལ་སོགས་པས་གཞལ་

བར་བྱ་བའོ། །འཚོ་བར་བྱེད་པ་ཞེས་བྱ་བ་ནི་བདག་ཉིད་འཚོ་བར་བྱེད་པའོ། །ཁྱིམ་མི་གསོ་བར་བྱེད་པ་ཞེས་བྱ་བ་ནི་ཁྱིམ་གྱི་བཟའ་མི་གསོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རྐུན་པོ་ཆེན་པོ་གསུམ་ཞེས་བྱ་བ་ལ། དང་པོ་ནི་འཁོར་མང་པོའི་ཕྱིར་རྐུན་པོ་ཆེན་པོ་ཡིན་ནོ། །གཉིས་པ་ནི་

ཞིང་ཆེན་པོ་ལ་ཉེས་པ་བྱེད་པའི་ཕྱིར་རྐུན་པོ་ཆེན་པོ་ཡིན་ནོ། །གསུམ་པ་ནི་དོན་ཆེན་པོ་ཉམས་པར་བྱེད་པའི་ཕྱིར་རྐུན་པོ་ཆེན་པོ་ཡིན་ནོ། །ལྷ་དང་བཅས་པ་སྟེ་ཞེས་བྱ་བ་ནི་དབང་པོ་དང་བཅས་པ་སུམ་ཅུ་རྩ་གསུམ་པ་མན་ཆད་ན་དབང་པོ་གཙོ་བོ་ཡིན་པའི་ཕྱིར་རོ། །བདུད་དང་བཅས་པ་ཞེས་བྱ་བ་

ནི་བདུད་སྡིག་ཅན་དང་བཅས་པ་སྟེ། འདོད་པའི་ཁམས་ན་བདུད་གཙོ་བོ་ཡིན་པའི་ཕྱིར་རོ། །ཚངས་པ་དང་བཅས་པ་ཞེས་བྱ་བ་ནི་ཚངས་པ་ཆེན་པོ་དང་བཅས་པ་སྟེ། ཚངས་པའི་འཇིག་རྟེན་མན་ཆད་འཁོར་དང་ལྡན་པ་རྣམས་ཀྱི་ནང་ན་ཚངས་པ་གཙོ་བོ་ཡིན་པའི་ཕྱིར་རོ། །དགེ་སྦྱོང་

เล่ม ๑๕๗ · หน้า 79a

དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ཞེས་བྱ་བ་ནི་མི་རྣམས་ཀྱི་ནང་ན་དགེ་སྦྱོང་དང་བྲམ་ཟེ་གཙོ་བོ་ཡིན་པའི་ཕྱིར་རོ། །ལྷ་དང་མིར་བཅས་པ་ཞེས་བྱ་བ་ནི་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ནང་ན་ལྷ་དང་མི་རྣམས་འབའ་ཞིག་བདེན་པ་རྣམས་ཀྱི་སྣོད་ཡིན་གྱི་

གཞན་དག་མ་ཡིན་པའི་ཕྱིར་རོ། །དེ་ནི་ཚངས་བཅས་འཇིག་རྟེན་རྐུན་པོ་སྟེ། །ཞེས་བྱ་བ་ནི་གསུམ་པོ་དེ་ནི་མི་ཆོས་བླ་མ་ཉམས་པར་འདོད་པའི་ཕྱིར་ཆེས་རྐུན་པོ་ཉིད་ཡིན་པའོ། །ཚུལ་ཁྲིམས་འཆལ་པ་ཡིན་པར་བརྗོད་པར་བྱ་ཞེས་བྱ་བ་ནི་ཆོ་ག་ལ་སྐྱོན་ཆགས་པས་ཚུལ་ཁྲིམས་འཆལ་པ་

སྟེ་རྐུན་པོ་དང་འདྲ་བར་བརྗོད་པར་བྱའོ། །མངོན་པར་མི་ཤེས་ཤིང་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་ས་པའི་ཤེས་པ་གང་ཟག་པ་དང་བཅས་པས་སོ། །ཡོངས་སུ་མི་ཤེས་པ་ཞེས་བྱ་བ་ནི་ཟག་པ་མེད་པས་སོ། །མཐའ་ཞེས་བྱ་བ་ནི་མཇུག་གི་མཐར་ཐུག་པ་སྟེ་མྱ་ངན་

ལས་འདས་པའོ། །འཕགས་པའི་བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི་ཟག་པ་ཟད་པ་ཐོབ་པའོ། །ཤེས་པ་ཞེས་བྱ་བ་ནི་རྗེས་སུ་མི་ཚོལ་བའི་ཤེས་རབ་བོ། །མཐོང་བའི་ཞེས་བྱ་བ་ནི་རྗེས་སུ་ཚོལ་བའི་ཤེས་རབ་བོ། །རེག་པར་སྤྱོད་པ་ཞེས་བྱ་བ་ནི་བདེ་བར་གནས་པའོ། །གསོབ་ཅེས་བྱ་བ་ནི་དོན་

དེས་སྟོང་པའོ། །གསོག་ཅེས་བྱ་བ་ནི་དོན་དེ་ས་བོན་གྱིས་སྟོང་པ་སྟེ། གྲིབ་མ་ཙམ་དང་ཡང་བྲལ་བའོ། །བརྫུན་པ་ཞེས་བྱ་བ་ནི་དེས་འདུ་ཤེས་པ་དང་ཡང་བྲལ་བའོ། །ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱ་བ་ནི་ཏིང་ངེ་འཛིན་མ་གྲུབ་པའོ། །རང་གི་མཚན་ཉིད་འཛིན་པ་ཞེས་བྱ་བ་ནི་ཕྱོགས་གཅིག་

པ་སྟེ། ལུས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པའི་ཕྱིར་རོ། །འཇིག་རྟེན་པའི་ཡིད་ལ་བྱེད་པས་ཞེས་བྱ་བ་ནི་འདོད་པས་སྤྱོད་པའི་བསམ་པ་ལས་བྱུང་བས་སོ། །རྣམ་པར་མནན་པས་ཞེས་བྱ་བ་ནི་བགགས་པས་སོ། །མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་གྲིབ་མ་ཙམ་མཐོང་བ་ལ་

ཡོན་ཏན་ཐོབ་པར་ང་རྒྱལ་བྱེད་པའོ། །མ་གཏོགས་སོ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་ཅན་གྱིས་དོན་བརྫུན་པ་ཡང་དག་པའི་འདུ་ཤེས་ཀྱིས་རྗོད་པར་བྱེད་པ་ལ་བརྫུན་དུ་སྨྲ་བ་མེད་པས་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་དེ་མ་གཏོགས་སོ། །བསླབ་པ་འདོད་པ་ཞེས་བྱ་བ་ནི་བསླབ་པ་

เล่ม ๑๕๗ · หน้า 79b

དོན་དུ་གཉེར་བའི་ཡིད་དང་ལྡན་པའོ། །བསླབ་པ་ལ་གུས་པ་ཞེས་བྱ་བ་ནི་བསླབ་པ་དག་ལ་རྫས་ཀྱི་བློ་དང་ལྡན་པའོ། །བསླབ་པ་ལ་ཡོ་བྱད་བསྙུངས་པ་ཞེས་བྱ་བ་ནི་བསླབ་པ་ལ་འདུ་འཛི་གཞན་བསྙུངས་ཏེ་རྗེས་སུ་བསྒྲུབ་པའོ། །དེ་དང་རྗེས་སུ་མཐུན་པ་ཞེས་བྱ་བ་ནི་དེ་དང་རྗེས་སུ་འདྲ་

བའོ། །དེའི་ཤས་ཆེ་བ་ཞེས་བྱ་བ་ནི་དེའི་འབྲས་བུ་དང་ལྡན་པའོ། །དེ་དང་འཚམ་པ་ཞེས་བྱ་བ་ནི་འདྲ་བའོ། །རྗེས་སུ་གནང་བ་མ་གཏོགས་སོ། །མངོན་པར་མི་ཤེས་པ་དང་ཡོངས་སུ་མི་ཤེས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མི་རྟག་པ་དང་སྟོང་པ་ལ་སོགས་པའི་རྣམ་པ་

དག་གིས་མ་རྟོགས་པ་ཡིན་པར་ཤེས་པར་བྱ་བའོ། །སྒྲིབ་པ་ལྔ་པོ་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་སྟེ་སེམས་ཀྱི་སྒྲིབ་པ་ཡིན་པའི་ཕྱིར་རོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་

ཞེས་བྱ་བ་ལ། དགེ་སྦྱོང་གི་ཚུལ་ཞེས་བྱ་བ་ནི་འཕགས་པའི་ལམ་སྟེ་དེ་དག་དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་དག་གིས་སྐྱེས་པ་ཟག་པ་མེད་པའི་ཤེས་པའོ། །

ཀུན་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་། ཀུན་འབྱུང་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་དག་གིས་སྐྱེས་པ་ཟག་པ་མེད་པའི་ཤེས་པའོ། །འགོག་པའི་ཤེས་པ་ཞེས་བྱ་བ་ནི་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པ་དག་གིས་སྐྱེས་པ་ཟག་པ་མེད་

པའི་ཤེས་པའོ། །ལམ་ཤེས་པ་ཞེས་བྱ་བ་ནི་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པ་དག་གིས་སྐྱེས་པ་ཟག་པ་མེད་པའི་ཤེས་པའོ། །སྡུག་བསྔལ་མཐོང་བ་ཞེས་བྱ་བ་ནི་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ། །ཀུན་འབྱུང་བ་

མཐོང་བ་ཞེས་བྱ་བ་ནི་རྒྱུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ། །འགོག་པ་མཐོང་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །ལམ་མཐོང་བ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་མཐོང་བ་ཞེས་བྱ་བ་ལ་སོགས་པས་ནི་འདིར་སྒྲ་ཐོས་པ་དང་ད་ལྟར་འགྲོ་བ་

เล่ม ๑๕๗ · หน้า 80a

ལ་སོགས་པ་དག་ཀྱང་མཐོང་བ་ཉིད་དུ་གསུངས་ཏེ། མངོན་སུམ་དུ་གྱུར་པ་ཉིད་ཀྱིས་མཐོང་བ་དང་འདྲ་བའི་ཕྱིར་རོ། །ལྷ་རྣམས་ཞེས་བྱ་བ་ནི་བརྒྱ་བྱིན་ལ་སོགས་པའོ། །ཀླུ་རྣམས་ཞེས་བྱ་བ་ནི་ཀླུ་ཕྲ་མོ་རྣམས་སོ། །གནོད་སྦྱིན་རྣམས་ཞེས་བྱ་བ་ནི་ལྷའི་གནས་སུ་

མཆོད་པར་བྱ་བ་གཏོར་མ་ལེན་པ་རྣམས་སོ། །ནམ་མཁའ་ལྡིང་རྣམས་ཞེས་བྱ་བ་ནི་འདབ་བཟང་རྣམས་སོ། །དྲི་ཟ་རྣམས་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་གླུ་དང་རོལ་མོ་བྱེད་པ་རྣམས་སོ། །མི་འམ་ཅི་རྣམས་ཞེས་བྱ་བ་ནི་དུད་འགྲོ་མིའི་རྣམ་པ་ཅན་ཤིན་ཏུ་གཟུགས་བཟང་པོ་དང་ལྡན་པ་རྣམས་སོ། །

ལྟོ་འཕྱེ་ཆེན་པོ་རྣམས་ཞེས་བྱ་བ་ནི་ཀླུ་ཆེན་པོ་སྟེ། དགའ་བོ་དང་ཉེ་དགའ་ལ་སོགས་པ་ཀླུའི་བདག་པོ་རྣམས་སོ། །ཡི་དགས་རྣམས་ཞེས་བྱ་བ་ནི་རྐང་པ་ཕྱིར་ལྟ་བ་ལྟོགས་པ་རྣམས་སོ། །ཤ་ཟ་རྣམས་ཞེས་བྱ་བ་ནི་ཡི་དགས་ཀྱི་བྱེ་བྲག་སྟེ་ཤ་དང་ཁྲག་ཟ་བ་ནག་པོ་ཆེན་པོ་ལ་སོགས་པ་དག་

གོ། །གྲུལ་བུམ་རྣམས་ཞེས་བྱ་བ་ནི་ཡི་དགས་ཀྱི་རྣམ་པ་ཉིད་དེ། དེ་དག་གི་ཡན་ལག་གི་རྣམ་པ་འབྲས་བུ་བུམ་པའི་རྣམ་པ་འདྲ་བ་སྟེ་བུམ་རྣ་ལ་སོགས་པ་དག་གོ། །སྲུལ་པོ་རྣམས་ཞེས་བྱ་བ་ནི་ཡི་དགས་ཀྱི་བྱེ་བྲག་གོ། །ལུས་སྲུལ་པོ་རྣམས་ཞེས་བྱ་བ་ཡང་ཡི་དགས་ཀྱི་བྱེ་བྲག་ཉིད་དེ། ཐུང་ངུ་

ལུས་དྲི་ང་བ་སེག་དང་རེ་ལྡེ་ལ་སོགས་པ་གྱོན་པ་དག་གོ། །རྡུལ་ཁྲོད་ཀྱི་ཤ་ཟ་ཞེས་བྱ་བ་ནི་ཕྱག་དར་ཁྲོད་ཀྱི་འདྲེ་འམ་ཚུབ་མའི་ནང་ན་འདུག་པའི་འདྲེའོ། །བདག་ཀྱང་ལྷན་ཅིག་གནས་པར་བྱེད་ཅེས་བྱ་བ་ནི་ལྷན་ཅིག་ན་འདུག་པའོ། །དྲིས་ཞེས་བྱ་བ་ནི་གླེངས་པའོ། །མ་དྲིས་ཞེས་བྱ་བ་ནི་མ་གླེངས་

པའོ། །འདུ་ཤེས་ཞེས་བྱ་བ་ནི་མཚན་མར་འཛིན་པའོ། །བསྒྱུར་ཞེས་བྱ་བ་ནི་སྦས་པའོ། །བཟོད་པ་ཞེས་བྱ་བ་ནི་རང་གི་བསམ་པས་བྱས་པའི་ཡིད་ཆེས་པའོ། །འདོད་པ་ཞེས་བྱ་བ་ནི་གཞན་གྱིས་བསྟན་པས་བྱས་པའི་ཡིད་ཆེས་པའོ། །བློ་གྲོས་ཞེས་བྱ་བ་ནི་སྣ་དང་ལྕེ་དང་ལུས་ཀྱི་རྣམ་

པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་བོ། །རྟོག་པ་ཞེས་བྱ་བ་ནི་རྟགས་ལས་སྐྱེས་པའི་ཤེས་རབ་བོ། །ལྟ་བ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་རྟགས་ཅན་གྱི་ཡུལ་དང་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །ལྷ་རྣམས་མཐོང་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་ཤེས་

เล่ม ๑๕๗ · หน้า 80b

པའི་འབྲས་བུ་ཡིན་པའི་ཕྱིར་དེ་སྨྲ་བ་ཡང་མི་ཆོས་བླ་མ་སྨྲ་བ་ཉིད་ཡིན་ནོ། །རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ནི་ཕལ་ཆེར་ཐ་མལ་པའི་དབང་པོས་གཟུང་བར་བྱ་བ་ཡིན་པའི་ཕྱིར་དེ་དག་མཐོང་བ་ལ་སོགས་པར་སྨྲ་བ་ནི་སྦྱོར་བར་གྱུར་པ་ཡིན་པའི་ཕྱིར་ཉེས་པ་སྦོམ་པོར་འགྱུར་བ་ཉིད་ཡིན་ནོ། །གྲོང་མེད་པ་ཞེས་བྱ་

བ་ནི་གྲོང་དང་བྲལ་བའོ། །འཚེ་བར་མི་བྱེད་པ་ནི་འཕགས་པའི་ཆོས་རྣམས་ཡིན་པའི་ཕྱིར་རོ། །ཁས་ལེན་པ་ཡང་མིའི་ཆོས་ལས་བླ་མ་སྨྲས་པ་ཉིད་ཡིན་ནོ། །སྟན་ཁྲ་བོ་ཉེ་བར་བཀྲ་བ་ཞེས་བྱ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཁྲ་བོ་ཞེས་བྱ་བ་ནི་རྒྱ་ཆེ་བ་ཉིད་ཀྱིས་སོ། །ཉེ་བར་བཀྲ་བ་ཞེས་

བྱ་བ་ནི་ཆུང་ངུ་ཉིད་ཀྱིས་སོ། །ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ནི་འཇིག་རྟེན་པའི་ལམ་ཡིན་པས་མིའི་ཆོས་བླ་མ་མ་ཡིན་པའི་ཕྱིར་དེ་སྨྲ་བ་ནི་སྦྱོར་བ་ཉིད་ཡིན་ནོ། །བདག་ཉིད་ལ་ཉེ་བར་སྟོན་པས་ཞེས་བྱ་བ་ནི་ལུས་ཀྱིས་སམ་ཡིད་ཀྱིས་ཡིན་གྱི་ཚིག་ནི་མ་ཡིན་པར་ཤེས་པར་བྱའོ། །ཚིག་

མེད་པའི་ཕྱིར་ནི་བདག་ཉིད་ཀྱི་ཡུལ་ཡིན་ཏེ། སྨྲ་བ་མེད་པའི་ཕྱིར་ན་སྨད་དོ། །ལིཙྪ་བཱི་ཞེས་བྱ་བ་ནི་གོ་ལའི་རིགས་ལ་སོགས་པ་དང་འདྲ་བར་རིགས་ཀྱི་མིང་ཡིན་ནོ། །མཆོག་གསུམ་པ་ཞེས་བྱ་བ་ལ། མཆོག་གཅིག་ནི་བཅོམ་ལྡན་འདས་སོ། །གཉིས་པ་ནི་འཕགས་པ་ཤཱ་རིའི་བུའོ། །གསུམ་

པ་ནི་འཕགས་པ་མཽད་གལ་གྱི་བུ་ཆེན་པོའོ། །མངོན་དུ་མཆི་ན་ཞེས་བྱ་བ་ནི་མངོན་སུམ་དུ་འགྲོ་བའོ། །བ་སིསྠི་རིའི་རིགས་ཞེས་བྱ་བ་ནི་དྲང་སྲོང་བ་སིསྠི་རིའི་རིགས་རྒྱུད་དོ། །མགུ་བ་ཞེས་བྱ་བ་ནི་འཇིགས་པ་མེད་པའོ། །ཕམ་པ་ཞེས་བྱ་བ་ནི་ཟིལ་གྱིས་མནན་པ་སྟེ་སྙིང་ཚོགས་གཙོ་བོ་དག་

སྐྱེལ་བའི་ཕྱིར་རོ། །སྐྲག་པ་ཞེས་བྱ་བ་ནི་བྲེད་པ་སྟེ་བསྟན་པ་ཉམས་པའི་ཕྱིར་རོ། །བཅོམ་པ་ཞེས་བྱ་བ་ནི་གཡུལ་ངོ་ནས་ཕྱིར་ལོག་པའོ། །གཞན་རྒྱལ་བ་ཞེས་བྱ་བ་ནི་གཡུལ་གྱི་སར་རབ་ཏུ་ཉམས་པའོ། །རྒྱབ་ཀྱིས་ཕྱོགས་པར་བྱ་སྟེ་ཞེས་བྱ་བ་ནི་འབྲོས་པར་བརྩམས་པ་སྟེ། གཡུལ་གྱི་

ས་ནས་ཕྱིར་དེའི་རྒྱབ་བསྟན་ཞེས་བྱ་བའི་ཐ་ཚིག་གོ། །རྒྱ་མོའམ་མཆིལ་པས་དབྱུང་བས་ཞེས་བྱ་བ་ནི་ཁ་ཅིག་ནི་རྒྱ་མོས་འབྱིན་པར་བྱེད། ཁ་ཅིག་ནི་མཆིལ་པས་འབྱིན་ཞེས་བྱ་བའི་ཐ་ཚིག་གོ། །འཆི་བའི་ཤུགས་ཀྱིས་བརྡོས་པ་ཞེས་བྱ་བ་ནི་འཆི་བའི་ཕྱིར་བརྟུལ་བའོ། །སྦྲེངས་ནས་ཞེས་

เล่ม ๑๕๗ · หน้า 81a

བྱ་བ་ནི་བསྐོར་ཏེ་སྲུང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འཚོ་བ་ཞེས་བྱ་བ་ནི་སྟོབས་དང་ལྡན་པའོ། །ཀུན་ཤེས་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་ཤེས་པའོ། །བརྡ་སྤྲོད་པ་ཞེས་བྱ་བ་ནི་དེ་སྟོན་པའོ། །ཆོས་ཀྱི་དབང་དུ་བྱས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབང་དུ་བྱས་

པ་ཡིན་གྱི། ཟང་ཟིང་གི་དབང་དུ་བྱས་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འདྲུམས་པ་ལྟུང་བས་ཞེས་བྱ་བ་ནི་ཆེས་རལ་བ་ལྟུང་བར་བྱེད་པས་སོ། །འདུ་ཤེས་དེ་ལྟ་བུས་ཞེས་བྱ་བ་ནི་དང་པོར་རྒྱལ་བའི་འདུ་ཤེས་སོ། །ཇི་ལྟར་ཡངས་པ་ཅན་དག་གི་ཞེས་བྱ་བ་ལ་སོགས་པ་ནི་ཡངས་པ་ཅན་

དག་ལ་ཇི་ལྟར་འགྱུར་བ་དེ་བཞིན་དུ་བཟློག་པ་སྟེ་རྒྱལ་པོ་ཁབ་པ་ཡང་དེ་ལྟར་གྱུར་པའི་འདྲེས་ཅིག་ཡོང་ཀློག་པར་བྱེད་པ་ཁ་ཅིག་གིས་མདོར་བསྡུས་པའི་ཚིག་ཡིན་ཏེ། གང་གཱ་རྒལ་ན་ཡངས་པ་ཅན་པ་ཕམ་ལ། ཡུལ་སྤོང་བྱེད་དུ་འོངས་ན་མ་སྐྱེས་དགྲ་ཕམ་པ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་

ཕྱུང་ནས་ཞེས་བྱ་བ་ནི་འབྲུ་མི་གསལ་བར་གྲག་པའོ། །ས་རྒྱས་བཏབ་ཅེས་བྱ་བ་ནི་ཆར་པའི་ཐིགས་པས་བཀྲ་བར་གྱུར་པའོ། །ཆར་ཅུང་ཟད་ཀྱང་ཕེབས་པ་ཞེས་བྱ་བ་ནི་ཆར་པ་ཅུང་ཟད་འབེབས་པའོ། །རྒྱུ་ལྔ་དང་རྐྱེན་ལྔ་ཞེས་བྱ་བ་ལ། ཉེ་བའི་བྱེད་རྒྱུ་ནི་རྒྱུའོ། །བརྒྱུད་པའི་བྱེད་རྒྱུ་ནི་རྐྱེན་ནོ། །

མི་མཉམ་པའི་རླུང་ཞེས་བྱ་བ་ནི་འཁྲུག་ལོང་བྱེད་པའི་ཤུགས་དང་ལྡན་པའོ། །དཎྜ་ཀའི་དགོན་པ་དག་ཅེས་བྱ་བ་ནི་ཤིང་ལ་སོགས་པའི་ནགས་དག་གོ། །ཀ་ལིཾ་ཀའི་དགོན་པ་དག་ཅེས་བྱ་བ་ནི་གང་ན་ཀ་ལིཾ་ཀ་ནས་བྱུང་བའི་གླང་པོ་ཆེ་འདུག་པའོ། །མ་ཏང་གའི་དགོན་པ་དག་ཅེས་བྱ་བ་ནི་གང་ན་

གདོལ་པའི་རིགས་མ་ཏང་ཀ་ཞེས་བྱ་བ་རི་ཁྲོད་པ་དག་འདུག་པའོ། །འབེབས་པར་བྱེད་ཅེས་བྱ་བ་ནི་འཛག་པར་བྱེད་པའོ། །ལྷའི་བུ་ཆར་གྱི་ཤུགས་ཅན་དག་ཅེས་བྱ་བ་ནི་ཆར་ལ་དབང་བ་དག་གོ། །རབ་ཏུ་མྱོས་པ་ཞེས་བྱ་བ་ནི་སེམས་ཀྱིས་མི་གཏོང་པའོ། །བག་མེད་པ་ཞེས་བྱ་བ་ནི་ལུས་

དང་ངག་གིས་མི་གཏོད་པའོ། །ལྷ་ཞེས་བྱ་བ་ནི་ལྷའི་ཕྱོགས་སུ་གཏོགས་པ་ཀླུ་ཆེན་པོའོ། །ཆོས་མ་ཡིན་པའི་འདོད་ཆགས་ཞེས་བྱ་བ་ནི་སྤྱད་པར་རུང་བ་མ་ཡིན་པའི་འདོད་ཆགས་ཏེ། ཕ་མ་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ། །འདོད་པ་དཀའ་བ་ཞེས་བྱ་བ་ནི་འདོད་པ་ཆེན་པོ་སྟེ།

เล่ม ๑๕๗ · หน้า 81b

སྲོག་བཏང་བ་ལ་སོགས་པས་ནོར་སྒྲུབ་པའི་ཕྱིར་རོ། །ཆོས་ལོག་པ་ཞེས་བྱ་བ་ནི་ལོག་པར་ལྟ་བའོ། །གཅེར་བུ་པ་ཞེས་བྱ་བ་ནི་མུ་སྟེགས་གཅེར་བུ་པའོ། །རྟོག་གེའི་ཤེས་པ་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་མཚན་མའི་བསྟན་བཅོས་སོ། །ཚར་གཅད་ནས་ཞེས་བྱ་བ་ནི་སྨད་ནས་སོ། །ཤེས་པ་

མཚོ་ལ་འཁྲུལ་པ་ཡོད་ཀྱི་ཞེས་བྱ་བ་ནི་ཤེས་པ་རྒྱ་མཚོ་ལྟ་བུ་ལ་ནོར་པ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །སྐྱོབ་པ་ཞེས་བྱ་བ་ནི་བསྟན་པ་སྟེ། རྗེ་དང་བདེན་པ་གསུངས་པ་ཞེས་བྱ་བའི་ཐ་ཚིག་གོ། །བཞི་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། བསམ་པར་མི་བྱ་བ་དག་ཡིན་ཏེ་ཞེས་བྱ་བ་ནི་ཆོས་

ཉིད་ཀྱིས་མངོན་པར་ཤེས་པར་མི་བྱ་བ་དང་། རྣམ་པར་དཔྱད་པར་མི་བྱ་བ་དག་ཡིན་པའོ། །རྨོངས་པ་ཞེས་བྱ་བ་ནི་ཤེས་པ་མུན་པར་འགྱུར་བའོ། །བདག་ལ་སེམས་པ་ཞེས་བྱ་བ་ནི་བདག་གང་ཡིན་གང་ནས་འོངས་ཞེས་བྱ་བ་ལ་སོགས་པ་གང་ཟག་བདག་ལ་སོ་སོར་རྟོག་པའོ། །འཇིག་

རྟེན་ལ་སེམས་པ་ཞེས་བྱ་བ་ནི་གང་ཟག་གཞན་ལ་སོ་སོར་རྟོག་པའོ། །ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་ཇི་ལྟར་འདི་དག་འགགས་ནས་ལས་ཀྱི་རྣམ་པར་སྨིན་པ་སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ལས་དང་འབྲས་བུ་ལ་སོ་སོར་རྟོག་པའོ། །སངས་རྒྱས་ཀྱི་ཡུལ་ཞེས་བྱ་བ་ནི་བཅོམ་ལྡན་

འདས་ཀྱི་འཇིག་རྟེན་ལས་འདས་པའི་མཁྱེན་པ་ནི་ཅི་འདྲ། ཇི་ལྟར་མ་འོངས་པ་གཟིགས། ཇི་ལྟར་འདས་པ་གཟིགས། ཇི་ལྟར་བཏང་སྙོམས་སུ་མཛད། ཇི་ལྟར་ཐག་རིང་པོར་མྱུར་དུ་གཤེགས་ཞེས་བྱ་བ་ལ་སོགས་པ་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཡུལ་ལ་སོ་སོར་རྟོག་པའོ། །དེ་ལ་

དང་པོ་གཉིས་ནི་བདག་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཉིད་ཡིན་ནོ། །གསུམ་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་དང་། འདས་པ་དང་མ་འོངས་པའི་དུས་ཤིན་ཏུ་ཟབ་པའི་ཕྱིར་རོ། །བཞི་པ་ནི་རིགས་གཞན་གྱིས་སངས་རྒྱས་ཀྱི་ཡུལ་གཞན་

དག་ལ་ཤིན་ཏུ་ཟབ་པའི་ཕྱིར་རོ། །འདུ་ཤེས་དེ་ལྟ་བུས་ཞེས་བྱ་བ་ནི་ཁྱེའུ་ཡོད་པ་ཡིད་ཀྱི་འདུ་ཤེས་ཀྱིས་སོ། །སོ་སོར་རིག་པར་མ་བྱས་པར་ཞེས་བྱ་བ་ནི་སྔར་གོ་བར་མ་བྱས་པར་རོ། །ཞུན་མར་མང་པོ་དང་སྦྱར་བ་ཞེས་བྱ་བ་ནི་ཞུན་མར་མང་པོས་བཏབ་པའོ། །སྒོ་བ་ཞེས་བྱ་བ་ནི་སྒོ་སྲུང་བའོ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด