འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་བི་བྷཾ་ག་པ་ད་བྱཱ་ཁྱཱ་ན
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๕๗ · หน้า 186b
ཁྱེད་ཀྱང་དུང་སྟེ་ངེད་ཀྱང་རུང་། །ཞེས་བྱ་བ་ནི་ཁྱོད་གསོན་པར་གྱུར་ཀྱང་རུང་ངེད་གསོན་པར་གྱུར་ཀྱང་རུང་ཞེས་བྱ་བའི་ཐ་ཚིག་གོ། །བེ་རེག་ཅེས་བྱ་བ་ནི་སྣུམ་ཁུར་ནང་ཚངས་ཅན་ནོ། །རི་ལུ་ཞེས་བྱ་བ་ནི་མོན་སྲན་གྲེའུ་ལ་སོགས་པ་ལས་བྱས་པའི་རི་ལུ་ཁ་ར་ར་བཙོས་པའོ། །ཚོང་དུས་ཞེས་བྱ་བ་ནི་བཙོང་
བའི་གནས་ཀྱི་ཚར་རོ། །ཞལ་ཏ་པ་ཞེས་བྱ་བ་ནི་ལས་བྱེད་པའོ། །བག་མ་བཏང་བ་ཞེས་བྱ་བ་ནི་བུ་མོ་སྦྱིན་པའོ། །བག་མ་ལེན་པ་ཞེས་བྱ་བ་ནི་བུ་མོ་བསུ་བའོ། །གྲོང་དཔོན་ཞེས་བྱ་བ་ནི་མིའི་གཙོ་བོའོ། །རྫིང་བུ་འབུ་ཞེས་བྱ་བ་ནི་ལྟེང་ཀ་ཁ་བསྲོ་བའོ། །གནད་གཅོད་ཁ་ཞེས་བྱ་བ་ནི་འཆི་བའི་རྒྱུར་འགྱུར་
བའི་ལུས་ཀྱི་ཕྱོགས་ཀྱི་གནད་དེ་དག་ཏུ་སེམས་མེད་པའི་འགྱུར་བའི་ཚེ་ཞེས་བྱ་བའི་ཐ་ཚིག་གོ། །གནས་སྐབས་དེ་ལྟར་བྱས་ན་ཞེས་བྱ་བ་ནི་ངེས་པར་བྱས་པས་ཏེ་ཁྲིམས་བཅས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་བྱང་ཞེས་བྱ་བ་ནི་ཁྱིམ་ཁོལ་གྱི་མིང་བྱང་ངོ་། །དཔྱངས་ཏེ་བཞག་ཅེས་བྱ་བ་ནི་འཕྱང་དུ་གཞུག་
པའོ། །བདག་ཉིད་དང་མཉམ་པའི་སྔག་པ་ཞེས་བྱ་བ་ནི་བདག་ཉིད་ཕངས་པ་དང་འདྲ་བའི་ཕངས་པ་གཞན་ཞེས་བྱ་བའི་ཐ་ཚིག་གོ། །གསོལ་བ་གདབ་པར་བརྩམས་པ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་ན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ནའོ། །དགེ་བ་རྣམས་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་
རྣམས་སོ། །དུལ་བ་རྣམས་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་རྣམས་སོ། །ཞི་བ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་བསམ་གཏན་པ་རྣམས་སོ། །དབང་ཐུལ་རྣམས་ཀྱིས་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་བསྲུངས་ཤིང་ཐུལ་བ་རྣམས་ཀྱིས་སོ། །མི་སྟོང་བས་ཞེས་བྱ་བ་ནི་འཇིག་རྟེན་ན་
དེ་ལྟ་བུ་ཡོད་པས་ཞེས་བྱ་བའི་ཐ་ཚིག་གོ། །བུའི་དོན་དུ་ཞེས་བྱ་བ་ནི་བུ་བསྐྱབ་པའི་དོན་དུའོ། །དེར་འདུད་ཀྱིས་ཞེས་བྱ་བ་ནི་དེ་དག་ལ་སྐྱབས་སུ་གསོལ་གྱི་ཞེས་བྱ་བའི་ཐ་ཚིག་གོ། །བདག་གི་བྱིས་པ་བསྐྱབ་ཏུ་གསོལ་ཞེས་བྱ་བ་ནི་བྱིས་པ་སྐྱོབ་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཆུ་ཀླུང་སྐལ་ལྡན་
ཤིང་རྟ་པ། །ཞེས་བྱ་བ་ནི་གང་བའོ། །ཚིགས་སུ་བཅད་པ་གསོལ་བ་ལ་སོགས་པ་ལ་ནོར་ཞེས་བྱ་བ་ནི་རྫས་སོ། །ལེགས་སྤྱད་ཅེས་བྱ་བ་ནི་ཤིན་ཏུ་གོམས་པའོ། །བདེ་སྤྱོད་ཅེས་བྱ་བ་ནི་བདེ་བ་སྐྱེ་བའོ། །རོ་རྣམས་ནང་ན་མངར་མཆོག་ཅེས་བྱ་བ་ནི་རོ་དག་པས་ཆེས་མངར་བའོ། །ཇི་ལྟར་འཚོ་ན་ཞེས་བྱ་
เล่ม ๑๕๗ · หน้า 187a
བ་ནི་རྣམ་པ་གང་གིས་འཚོ་ནའོ། །དད་པ་སྐྱེས་བུའི་ནོར་མཆོག་ཡིན། །ཞེས་བྱ་བ་ནི་དད་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ། །ཆོས་ལ་ལེགས་སྤྱད་བདེ་སྤྱོད་འགྱུར། །ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་སྒོམ་པ་ལ་སོགས་པ་དག་གིས་འཇིག་རྟེན་པ་
དང་འཇིག་རྟེན་ལས་འདས་པའི་བདེ་བ་གྲུབ་པའི་ཕྱིར་རོ། །བདེན་པ་རོ་རྣམས་མངར་མཆོག་ཡིན། །ཞེས་བྱ་བ་ནི་བདེན་པར་སྨྲ་བ་དག་གིས་འདི་དང་ཕྱི་མའི་འབྲས་བུ་འདོད་པ་མངོན་པར་འགྲུབ་པའི་ཕྱིར་སྐྱེས་བུ་དམ་པ་རྣམས་ཡོངས་སུ་དགའ་བའི་ཕྱིར་རོ། །ཤེས་པས་འཚོ་ན་ཞེས་བྱ་བ་ནི་འཕགས་
པའི་བདེན་པ་བཞི་ཡུལ་དུ་གྱུར་པ་མི་སློབ་པའི་ཤེས་རབ་ཀྱིས་འཚོ་ན་སྟེ། ཟག་པ་ཟད་ན་ཞེས་བྱ་བའི་ཐ་ཚིག་གོ། །འཚོ་མཆོག་བསྟན་ཞེས་བྱ་བ་ནི་དགོས་པ་ཐམས་ཅད་གྲུབ་པའི་ཕྱིར་རོ། །གྲགས་པ་དང་ལྡན་པ་ཞེས་བྱ་བ་ནི་འཚོ་བ་གང་ལ་ཡོན་ཏན་བརྗོད་པའི་མཚན་ཉིད་ཀྱི་གྲགས་པ་ཡོད་
པའོ། །སྙན་པ་ཞེས་བྱ་བ་ནི་མིའི་ཡོན་ཏན་གྲགས་པའོ། །མཛའ་བཤེས་ཇི་ལྟར་རྙེད་པར་འགྱུར་ཞེས་བྱ་བ་ནི་འཐོབ་པར་འགྱུར་བའོ། །ཚུལ་ཁྲིམས་ཀྱིས་ནི་གྲགས་ལྡན་འགྱུར། །ཞེས་བྱ་བ་ནི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྒྲས་ཁྱབ་པའི་ཕྱིར་རོ། །བདེན་པ་སྙན་པ་འཐོབ་
འགྱུར་ཏེ། །ཞེས་བྱ་བ་ནི་མ་ལོག་པར་ཞུགས་པའི་ཕྱིར་རོ། །འདྲིས་པ་ཞེས་བྱ་བ་ནི་གོམས་པ་སྟེ་བྱམས་པའོ། །བཀུར་ཞེས་བྱ་བ་ནི་ཡང་དག་པར་གཟུང་བར་འོས་པའོ། །ཟིལ་གནོན་ཞེས་བྱ་བ་ནི་སྨས་ཤིང་ཉམས་པའོ། །དྲུག་གིས་འཇིག་རྟེན་འབྱུང་སྟེ་ཞེས་བྱ་བ་ནི་མངལ་ན་གནས་པའི་ཚེ་
འབྱུང་བ་དྲུག་གིས་ཏེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཀྱིས་སོ། །དྲུག་གིས་འདྲིས་པ་འཐོབ་པར་འགྱུར། །ཞེས་བྱ་བ་ནི་མིག་ལ་སོགས་པ་དབང་པོ་དྲུག་གི་ཐ་སྙད་གདགས་པའི་དོན་དུ་དེ་དག་ལ་སྦྱོར་བའི་ཕྱིར་རོ། །དྲུག་གིས་འཇིག་རྟེན་
བཀུར་འགྱུར་ཏེ། །ཞེས་བྱ་བ་ནི་ཡང་དག་པར་མགུ་བར་འགྱུར་བའི་གཞི་དྲུག་གིས་ཏེ། བྱམས་པའི་ལུས་དང་། ངག་དང་། ཡིད་ཀྱི་ལས་དང་། ཚུལ་ཁྲིམས་དང་། རྙེད་པ་དང་། ལྟ་བ་མཐུན་པ་ཉིད་ཀྱིས་སོ། །དྲུག་གིས་འཇིག་རྟེན་ཟིལ་གནོན་འགྱུར། །ཞེས་བྱ་བ་ནི་གཟུགས་དང་། སྒྲ་དང་། དྲི་དང་།
เล่ม ๑๕๗ · หน้า 187b
རོ་དང་། རེག་བྱ་དང་། ཆོས་ཞེས་བྱ་བའི་ཡུལ་དྲུག་གིས་དེ་ཡིད་དུ་འོང་བ་དང་། མི་འོང་བ་དག་གིས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་སྐྱེད་པའི་ཕྱིར་རོ། །གདུགས་མཚན་གཡེང་བ་མ་མཆིས་པ། །གང་ཞིག་འདོད་པ་འདི་ལས་རྒལ། །ཞེས་བྱ་བ་ནི་ཞུ་བ་གཅིག་སྟེ། སེམས་ཅན་གང་ཞིག་ཉིན་མཚན་
དུ་གཡེལ་བ་མེད་པར་བརྩོན་པས་ནང་གིར་བརྗོད་པར་འདོད་པའི་འདོད་པ་བཞི་པོ་འདོད་པ་དང་། སྲིད་པ་དང་། ལྟ་བ་དང་། མ་རིག་པའི་མཚན་ཉིད་འདི་ལས་བརྒལ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་ན་བརྟེན་པ་མ་མཆིས་པ། །ཟབ་མོར་གང་ཞིག་འབྱིང་མི་འགྱུར། །ཞེས་བྱ་བ་ནི་ཞུ་བ་
གཉིས་ཏེ་སེམས་ཅན་གང་ཞིག་དམིགས་པ་མེད་པ་དང་རྟེན་མེད་པའི་འཁོར་བའི་སྡུག་བསྔལ་ཟབ་མོར་འབྱིང་བར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དམིགས་པ་མེད་པ་ཞེས་བྱ་བ་ནི་སྲིད་པའི་རྩེ་མོ་སྟེ། དེའི་གོང་ན་དམིགས་པའི་ཡུལ་གཞན་མེད་པའི་ཕྱིར་རོ། །རྟེན་མེད་པ་ཞེས་བྱ་བ་ནི་ངན་
སོང་སེམས་ཅན་དམྱལ་བ་ཆེན་པོའི་གནས་ཏེ། དེའི་འོག་ཏུ་ནི་མི་མཐུན་པའི་ཕྱོགས་ཀྱི་རྟེན་གཞན་མེད་པའི་ཕྱིར་རོ། །ཟབ་མོ་ཞེས་བྱ་བ་ནི་རང་གི་དུས་ཀྱི་སྡུག་བསྔལ་ཟད་པའི་མཐའ་མེད་པའི་ཕྱིར་རོ། །རྣམ་ཀུན་ཚུལ་ཁྲིམས་ལྡན་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། རྣམ་ཀུན་ཞེས་བྱ་བ་ནི་ལུས་
དང་ངག་དང་ཡིད་ཀྱི་སྒོ་རྣམ་པ་ཐམས་ཅད་ནས་ཚུལ་ཁྲིམས་དང་ལྡན་པའོ། །ལེགས་མཉམ་གཞག་ཅེས་བྱ་བ་ནི་བསམ་གཏན་བཞི་ཐོབ་པའོ། །ཤེས་རབ་ལྡན་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་མཐོང་བ་དང་ལྡན་པའོ། །ནང་དུ་སེམས་ཞེས་བྱ་བ་ནི་ཉོན་མོངས་པ་ལྷག་མ་སྤང་བའི་ཕྱིར་
མངོན་པར་བརྩོན་པ་སྟེ་བསྒོམ་པའི་ལམ་ལ་གནས་པའོ། །དྲན་ལྡན་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་སྟེ། ཡོངས་སུ་ཉམས་པའི་རྐྱེན་ལས་རྣམ་པར་གྲོལ་བའོ། །འདོད་པའི་འདུ་ཤེས་ཆགས་བྲལ་ཞིང་། །ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པར་གྲོལ་བའོ། །གཟུགས་
ཀྱི་ཀུན་སྦྱོར་མཐར་གྱུར་པ། །ཞེས་བྱ་བ་ནི་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ལས་རྣམ་པར་གྲོལ་བས་ཏེ། མཉམ་པར་གཞག་པའི་ས་ཉིད་ཡིན་པས་གཅིག་ཏུ་བསྟན་ཏོ། །ཇི་ཡིས་འོད་པ་རྒལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། འདིར་འོད་པ་ཞེས་བྱ་བ་ནི་ཁྱིམ་གྱི་འཆིང་བའོ། །
เล่ม ๑๕๗ · หน้า 188a
རྒྱ་མཚོ་ཞེས་བྱ་བ་ནི་ཁམས་གསུམ་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་དག་གོ། །སྡུག་བསྔལ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བའི་ཕུང་པོ་ལྔའོ། །ཡོངས་དག་ཅེས་བྱ་བ་ནི་འདིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པས་བསྒོམ་པས་
སྤང་བར་བྱ་བའི་ཕུང་པོ་ལྔ་སྤོང་བའོ། །དད་པས་འོད་པ་རྒལ་བར་འགྱུར། །ཞེས་བྱ་བ་ནི་དད་པས་རབ་ཏུ་བྱུང་བ་ལ་བརྟེན་པས་དེའི་ཁྱིམ་གྱི་འོད་པ་གཏོང་བའི་ཕྱིར་རོ། །བག་ཡོད་པས་ནི་རྒྱ་མཚོ་རྒལ། །ཞེས་བྱ་བ་ནི་འདིར་བག་ཡོད་པ་ལྷུར་ལེན་པ་ལ་མཐོང་བའི་ལམ་སྐྱེ་བའི་སྒོ་ནས་མཐོང་བས་སྤང་བར་བྱ་
བ་སྤོང་བར་འགྲུབ་པའི་ཕྱིར་རོ། །བརྩོན་པར་སྡུག་བསྔལ་བར་འགྱུར་ཏེ། །ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་ལ་བདུད་འཁོར་དང་བཅས་པ་ཕམ་པས། འདོད་པའི་ཁམས་ན་སྤྱོད་པ་ལས་ཡང་དག་པར་འདའ་བར་འགྲུབ་པའི་ཕྱིར་རོ། །ཤེས་རབ་ཀྱིས་ནི་ཡོངས་དག་འགྱུར། །ཞེས་བྱ་བ་ནི་
ཤེས་རབ་སྒྲོན་མས་མཉམ་པར་གཞག་པའི་སའི་ཉོན་མོངས་པའི་ཚེར་མ་ཕྲ་མོའི་རང་བཞིན་འབྱིན་པར་འགྲུབ་པའི་ཕྱིར་རོ། །མི་འཇིགས་པ་བསྐྱེད་པའི་ཕྱིར་དང་། ཡིད་ཆེས་པར་བྱ་བའི་ཕྱིར། བདེ་འདུལ་གཏོང་བ་མ་གཏོགས་པའི། །ཆོས་གཞན་འབའ་ཞིག་ཡོད་དམ་ཞེས། །དགེ་སློང་བྲམ་
ཟེ་སོ་སོ་ལ། །གཞན་དང་གཞན་དུ་ཁྱོད་དྲིས་ཤིག །ཅེས་བྱ་བ་བཀའ་སྩལ་ཏེ། བདེན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་སོ། །དུལ་བ་ཞེས་བྱ་བ་ནི་བསམ་གཏན་ནོ། །གཏོང་བ་ཞེས་བྱ་བ་ནི་ཤེས་རབ་འདིར་འཁོར་བ་གཏོང་བའི་ཕྱིར་ཏེ། དེ་གསུམ་གྱིས་ནི་བསླབ་པ་གསུམ་བསྟན་པར་ཤེས་པར་
བྱའོ། །སོ་སོ་ལ་ཞེས་བྱ་བ་ནི་ཐ་དད་པ་ལའོ། །ལེགས་པར་རབ་ཏུ་བཤད་ཅེས་བྱ་བ་ནི་མ་ནོར་བར་བཀའ་སྩལ་པའོ། །ཀྱེ་མ་གནོད་སྦྱིན་བོང་བུ་བ། །ཞེས་བྱ་བའི་སྒྲ་ནི་བོད་པའི་ཚིག་སྟེ། ཐག་རིང་པོ་ནས་བོད་པའི་ཕྱིར་ཀྱེ་མ་ཞེས་སྐད་ཀྱི་གསང་བསྟོད་དེ་བརྗོད་པའོ། །ཀྱེ་མ་སྟོན་པ་བདག་དོན་དུ་
ཞེས་བྱ་བ་ལ། ཀྱེ་མ་ཞེས་བྱ་བའི་སྒྲ་ནི་རབ་ཏུ་རངས་པའི་ཚིག་ཡིན་ནོ། །ཕྱི་མ་ཡིན་ཞེས་བྱ་བ་འཇིག་རྟེན་ཕ་རོལ་གྱིའོ། །གནོད་སྦྱིན་ཞེས་བྱ་བ་ནི་གསང་བའོ། །རང་གི་གནས་ཚོལ་ཞེས་བྱ་བ་ནི་བདག་ཉིད་ཁྱོད་འདམ་པའོ། །སེམས་བསྡུས་ཏེ་ཞེས་བྱ་བ་ནི་དེར་གཞོལ་བའོ། །བག་ཡོད་པར་ཞེས་བྱ་བ་
เล่ม ๑๕๗ · หน้า 188b
ནི་ལས་གཞན་མི་བྱེད་པར་རོ། །ཕྱིར་ཕྱོགས་ཏེ་ཞེས་བྱ་བ་ནི་ཡིད་བསད་དེའོ། །བག་ཚ་ཞིང་ཞེས་བྱ་བ་ནི་རྒྱལ་པོ་བཤེས་འཇིགས་པའོ། །ཡིད་མི་བདེ་ནས་ཞེས་བྱ་བ་ནི་སྡུག་པ་དང་བྲལ་བ་ནས་སོ། །མཚན་མོ་བ་ལང་གི་ལམ་དུ་རྩྭ་བཏིང་བ་ལ་གནས་པར་ཞལ་གྱིས་བཞེས་སོ་ཞེས་བྱ་བ་ནི་བ་ལང་ནི་འཇིག་
རྟེན་པས་གཙང་བར་བཀུར་བ་དང་། སྣང་ཡལ་ཆེ་བའི་ཕྱིར་ཏེ། དེས་ན་ལག་བརྒྱུད་འབྲོག་གནས་ཀྱིས་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་ཐོས་ཤིང་སངས་རྒྱས་ལ་དམིགས་པའི་དྲན་པས་གུས་པ་དང་བཅས་པས་མཚན་མོ་གནས་པ་ན་རྒྱུད་ཡོངས་སུ་སྨིན་ཅིང་གཞན་ལ་གཡེང་བ་མེད་པས་སྔ་དྲོ་མཐོང་ན་
བདེན་པ་དག་མཐོང་བར་འགྱུར་རོ་སྙམ་པས་དེའི་དོན་དུ་མཚན་མོ་བ་ལང་གི་ལམ་དུ་གནས་པར་ཞལ་གྱིས་བཞེས་ཀྱི་ཕྱིར་ནི་མ་ཡིན་ནོ། །ཁྱིམ་བདག་གིས་སོ་སོར་ཀུན་ནས་དགའ་བར་བྱས་ཞེས་བྱ་བ་ནི་ཇི་ལྟར་འདོད་པའོ། །ཡོངས་སུ་གདུང་བ་ཞེས་བྱ་བ་ནི་མྱ་ངན་ནོ། །ཚིགས་སུ་བཅད་པ་དག་བཀའ་
སྩལ་པ་ཞེས་བྱ་བ་ལ་སོགས་པ་ལ། བྲམ་ཟེ་སྐྱེས་བུ་སྡིག་པ་མེད་པ་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པའི་ཡོན་ཏན་དག་གིས་མ་གོས་པ་ཁམས་གསུམ་གྱི་ཕུང་པོ་དག་ལས་རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་རྣམ་པ་ཀུན་དུ་བདེ་བར་ཉལ་བ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཡོངས་སུ་གདུང་
བ་དག་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཇི་ལྟར་བདེ་བར་ཉལ་བ་ཡིན་ཞེ་ན། དེའི་ཕྱིར། འདི་ལ་འདོད་པ་ཀུན་བཅད་ཅིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སྲེད་པ་ཐམས་ཅད་བཅད་ཅིང་སེམས་ཀྱི་ཡོངས་སུ་གདུང་བ་བསལ་བ་ལུས་དང་ངག་གཉིས་ཀྱིས་ཉེ་བར་ཞི་བའི་སྐྱེས་
བུ་ནི་ལེགས་པར་མཉམ་པར་གཞག་པ་ནི་ཞི་བ་ཐོབ་པའི་སེམས་ཟག་པ་མེད་པའི་སྒྲུབ་པ་མེད་པས་བདེ་བར་ཉལ་བ་ཡིན་ཏེ། གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཆུང་མ་ལ་ཟས་དང་། གོས་ཀྱིས་མཁོ་བ་སྟོབས་པ་གང་ཡིན་པ་དེ་ནི་
འཇིག་རྟེན་གྱི་རྣམ་པར་གཞག་པ་ཡིན་ནོ། །ལུས་རགས་པར་མངོན་པར་སྤྲུལ་ལ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་རེག་པར་རོ། །སའི་འདུ་ཤེས་སྐྱེད་དེ་ཞེས་བྱ་བ་ནི་འོག་གཞིའི་བློ་སྟེ་ཉེ་བར་ཞོག་ཤིག་པའོ། །འདུག་པའི་མཚན་མ་ཡིད་ལ་གྱིས་ཤིག་ཅེས་བྱ་བ་ནི་བདག་ཉིད་མི་གཡོ་བའི་བློ་སྔོན་
เล่ม ๑๕๗ · หน้า 189a
དུ་གྱིས་ཤིག་པ་སྟེ། འགྲོ་བའི་བློ་མ་བསྐྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །བདེ་བར་གྱུར་པས་ཞེས་བྱ་བ་ནི་ལུས་དང་སེམས་ལས་སུ་རུང་བས་སོ། །མངོན་པར་བརྗོད་པ་བགྱིད་དོ་ཞེས་བྱ་བ་ནི་ཐོས་པ་ཉམས་སུ་མྱོང་ཞིང་ཚིག་གི་དོན་མངོན་དུ་གྱུར་པ་སྟེ་དྲན་པའི་ཡུལ་དུ་གྱུར་
ཅེས་བྱ་བའི་ཐ་ཚིག་གོ། །མ་ངོམས་ཞེས་བྱ་བ་ནི་དེའི་དུས་ན་ཕྱིར་མ་ཕྱོགས་པའོ། །ཕྱིར་མ་སྤངས་ཞེས་བྱ་བ་ནི་སེམས་གཏན་དུ་ཕྱིར་མ་ལོག་པའོ། །མ་མྱོང་ངོ་ཞེས་བྱ་བ་ནི་མ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །འཕགས་པའི་ཆོས་རྣམས་ཞེས་བྱ་བ་ནི་ཟག་པ་ཟད་པ་མེད་པའི་ཆོས་རྣམས་ཏེ་
བདེན་པ་མཐོང་བ་ལ་སོགས་པའོ། །སེར་སྣ་འདུལ་བ་ཞེས་བྱ་བ་ནི་སེར་སྣ་སྤོང་བས་ཏེ། སྦྱིན་པ་ལ་བརྩོན་པའོ། །བཞིན་བསྒྱུར་ཏེ་ཞེས་བྱ་བ་ནི་མི་སྡུག་པར་རོ། །ལག་པ་གཉིས་བརྐྱང་ནས་ཞེས་བྱ་བ་ནི་བསྲང་ནས་སོ། །མིག་དམར་པོར་བྱས་ནས་ཞེས་བྱ་བ་ནི་མིག་ཁྲག་ཅན་དུ་བྱས་ནས་སོ། །
མིག་གཉིས་བགྲད་དེ་ཞེས་བྱ་བ་ནི་གདངས་ཏེའོ། །འདྲ་བའི་གང་ཟག་ཅེས་བྱ་བ་ནི་མཚུངས་པའོ། །བརྟུལ་ཞུགས་ལྔ་ཞེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པའོ། །རྐང་ལག་དྲ་བ་ཅན་ཞེས་བྱ་བ་ནི་ངང་པ་བཞིན་དུ་རྐང་པ་དྲ་བར་འབྲེལ་པའོ། །ནགས་ན་ཤིང་ཤུན་པའི་གོས་གྱོན་པ་
ཞེས་བྱ་བ་ནི་ནགས་ཁྲོད་ན་གནས་ཤིང་ཤིང་ཤུན་དང་ཤུན་པའི་གོས་གྱོན་པའོ། །འབྲས་བུ་ཟ་ཞེས་བྱ་བ་ནི་ཟས་སུའོ། །རི་དགས་གདུག་པ་རྣམས་དང་ལྷན་ཅིག་གནས་བླའི་ཞེས་བྱ་བ་ནི་སྟག་ལ་སོགས་པ་གཅན་གཟན་ཁྲོ་བོ་དག་དང་ལྷན་ཅིག་གནས་པ་བླའི་ཞེས་བྱ་བའོ། །མཁས་
པ་ཞེས་བྱ་བ་ནི་ཤེས་རབ་ཅན་ནོ། །འཇིག་རྟེན་ཕ་རོལ་འཇིགས་པས་ཞེས་བྱ་བ་ནི་ངན་སོང་གི་འཇིགས་པའོ། །རྒྱལ་སྲིད་ཕྱིར་ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་ཆེད་དུའོ། །མངོན་པར་ཤེས་པ་ལྔ་ཞེས་བྱ་བ་ནི་རྫུ་འཕྲུལ་དང་། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་
པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའོ། །གསོས་ཤེས་ཞེས་བྱ་བ་ནི་བཙོས་པའོ། །ཆོས་ཀྱི་རྒྱུད་ལས་བྱུང་བ་ཞེས་བྱ་བ་ནི། ཆོས་ཀྱི་རྒྱུད་སྐྱེད་པའོ། །ད་ནི་ཇི་ལྟར་སྔོ་བསངས་ཅན་ཤི་ནས་བཙུན་མོ་དཔལ་ལྡན་བྱུང་བ་དེ་ལ་བརྟེན་ནས་བཙུན་མོའི་འཁོར་གྱི་ནང་དུ་འཇུག་པ་རྗེས་སུ་
เล่ม ๑๕๗ · หน้า 189b
གནས་པ་དེ་བསྟན་པར་བྱ་སྟེ། སྣ་ཚོགས་གདུལ་ན་ཀུན་དུ་རྒྱུ་མ་དུ་ཞེས་བྱ་བ་ལ་སོགས་པ་ལ། མཛེས་པ་ཞེས་བྱ་བ་ནི་གཟུགས་ཀྱི་སྐུས་སོ། །དད་པར་འགྱུར་བ་ཞེས་བྱ་བ་ནི་གཟིགས་པ་དང་། བསྐུམ་པ་དང་། བརྐྱང་བ་ལ་སོགས་པའི་བྱ་བས་སོ། །དབང་པོ་ཞི་བ་ཞེས་བྱ་བ་ནི་དབང་པོ་
མཉམ་པར་གཞག་པའོ། །ཐུགས་ཞི་བ་ཞེས་བྱ་བ་ནི་སེམས་མཉམ་པར་གཞག་པའོ། །སེམས་དུལ་བ་ཞེས་བྱ་བ་ནི་བསམ་གཏན་ལ་གནས་པའོ། །ཉེ་བར་ཞི་བ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའོ། །དེས་ཚིགས་སུ་བཅད་པ་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ལ། བྲམ་ཟེ་ཞེས་བྱ་བ་ནི་མ་
དུ་ལ་བོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་ཐབ་ཅེས་བྱ་བ་ཡང་མ་དུ་ལ་བོད་པའི་ཚིག་ཡིན་ནོ། །དེ་ནི་གཞོན་ནུ་མི་བསྟེན་གྱི་ཞེས་བྱ་བ་ནི་དེ་ནི་བུ་མོ་བདག་གིར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླངས་གྱུར་ན། །དེ་ནི་ཕྱིར་ཡང་འདོད་ཡོན་བསྟེན་པར་འགྱུར། །ཞེས་
བྱ་བ་ནི་གལ་ཏེ་སྐྱེས་པ་ཉིད་མ་ཉམས་པ་མ་ཡིན་ཞིང་ཚངས་པར་སྤྱོད་པའི་བརྟུལ་ཞུགས་དགོས་པ་འབའ་ཞིག་གི་དབང་དུ་བྱ་བའི་ཐབས་ཀྱིས་བླངས་པར་གྱུར་ནས་དེས་དཔེ་མེད་པ་མཐོང་ན་ཕྱིར་ཡང་འདོད་པའི་ཡོན་ཏན་དག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཆགས་པར་གྱུར་པའི་མལ་ནི་
འཁྲུག་པར་འགྱུར་ཞེས་བྱ་བ་ནི། འགྱུར་བ་ལ་སོགས་པའི་བྱ་བ་དག་གིས་འཁྲུག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྡང་བའི་མལ་ནི་གྱ་ཚོམ་པར་མ་འགྱུར་ཞེས་བྱ་བ་ནི་ཁྲོ་བའི་དབང་གིས་བར་མར་ལྷགས་པར་འགྱུར་བའོ། །རྨོངས་པའི་མལ་ནི་རྐང་པའི་མཐར་འགྲོར་འགྱུར་ཞེས་བྱ་བ་
ནི་བརྣག་པའི་མི་མངའ་བས་རྟེན་མ་ལོགས་སུ་རྙིལ་བར་འགྱུར་བའོ། །ཤིན་ཏུ་ཆགས་བྲལ་ཞེས་བྱ་བ་ནི་འདོད་ཆགས་སྤངས་པ་ཡིན་གྱི་འདོད་ཆགས་རྣམ་པར་མནན་པའི་ནི་མ་ཡིན་ནོ། །སྐྱེས་བུ་ཆགས་པའི་རྗེས་ནི་གསལ་མི་འགྱུར། །ཞེས་བྱ་བ་ནི་རྩབ་རྟལ་བྱེད་པའི་ཕྱིར་སོར་མོའི་རྗེས་དག་མི་
གསལ་བར་འགྱུར་བའོ། །ཞེ་སྡང་ལྡན་པའི་རྗེས་ནི་ཟབ་པ་ཡིན། །ཞེས་བྱ་བ་ནི་ཁྲོ་བའི་དབང་གིས་ཟབས་ཆེ་བའོ། །རྨོངས་པར་འགྱུར་བའི་རྗེས་ནི་ནོགས་པར་འགྱུར། །ཞེས་བྱ་བ་ནི་གཏི་མུག་ཆེན་པོའི་དབང་གིས་གཟུགས་བརྙན་ཕྱིས་པ་དང་འདྲ་བར་འགྱུར་རོ། །ཆགས་པའི་མི་ཡི་སྐད་ནི་
เล่ม ๑๕๗ · หน้า 190a
ངར་ངར་པོ། །ཞེས་བྱ་བ་ནི་ཀུན་དུ་ཆགས་པར་འགྱུར་བའི་སྐད་ནི་སྔ་མ་པས་རྡོས་ཤིང་འདར་འདར་པོར་འགྱུར་བའི་ཕྱིར་རོ། །སྡང་བའི་མི་ཡི་སྐད་ནི་རྩུབ་པ་ཡིན། །ཞེས་བྱ་བ་ནི་ཞེ་སྡང་གི་སྒྲ་དྲག་པོ་འགྲུབ་པའི་ཕྱིར་རོ། །རྨོངས་པའི་མི་ཡི་སྐད་ནི་འཁྲུགས་པར་འགྱུར། །ཞེས་བྱ་བ་
ནི་གཏི་མུག་གི་དབང་གིས་སྐད་མི་གསལ་བར་འགྱུར་བའོ། །རྔ་སྒྲ་ཞེས་བྱ་བ་ནི་སྐད་གསལ་ཞིང་སྙན་པའོ། །ཆགས་པའི་མིག་ནི་རིག་རིག་ལྟ་བར་བྱེད། །ཅེས་བྱ་བ་ནི་ཆགས་པ་ནི་རྒོད་བག་ཆེ་བའི་ཕྱིར་མི་བརྟན་པར་ལྟ་བར་བྱེད་དོ། །སྡང་བའི་མིག་ནི་དུག་དྲག་སྦྲུལ་བཞིན་ལྟ། །ཞེས་བྱ་བ་ནི་ཞེ་སྡང་གི་འབྲས་བུ་ནི་
དྲག་ཤུལ་ཡིན་པའི་ཕྱིར། སྦྲུལ་གདུག་དྲག་པོ་བཞིན་དུ་དྲག་ཤུལ་དུ་ལྟ་བའོ། །རྨོངས་པའི་མིག་ནི་མུན་ཁྲོད་རྟོག་བཞིན་ལྟ། །ཞེས་བྱ་བ་ནི་གཏི་མུག་གི་མུན་པའི་རང་བཞིན་ཡིན་པའི་ཕྱིར་མུན་ཁྲོད་ནི་འཐོབ་ཅིང་རྟོག་པ་བཞིན་དུ་ལྟ་བའོ། །གཉའ་ཤིང་གང་ཙམ་དུ་ལྟ་ཞེས་བྱ་བ་ནི་འདོམ་གང་ཙམ་དུ་ལྟ་བའོ། །ཇི་ལྟར་འདི་སྤྱན་ཇི་ལྟར་
གཟིགས་པ་དང་། །ཇི་ལྟར་འདི་སྐུ་བརྟན་པར་གཤེགས་པ་དང་། །ཇི་ལྟར་འདི་ཡི་སྒྲོས་དང་ཞལ་དག་ནི། །རྡུལ་དང་བྲལ་བ་ཉིད་དུ་སྣང་བ་ལས། །ཞེས་བྱ་བ་ནི་ཇི་ལྟར་འདིའི་མིག་མི་རྒོད་པ་དང་། ཇི་ལྟར་འདིའི་མིག་ལྟ་སྟངས་ཞི་ཞིང་མ་འཁྲུགས་པ་དང་། ཇི་ལྟར་འདིའི་འགྲོ་བའི་ལུས་མི་གཡོ་བར་བརྟན་པར་འགྲོ་བ་དང་། ཇི་
ལྟར་འདིའི་མཆུ་གཉིས་དང་ཁ་དག་ཆགས་དང་བྲལ་བ་ཉིད་དུ་སྣང་བ་ལས་ན། འདི་གཞོན་ནུ་མི་འདོད་ཀྱི་ཕྱིར་ལོག་ལ་རང་གི་སྡུམ་པར་འདོད་ཞེས་བྱ་བའི་ཐ་ཚིག་གོ། །གནས་འཇོག་གསེར་མདོག་ཨོ་ཏ་ལ་དག་ཀྱང་། །བུ་ཡི་དོན་དུ་འདོད་པས་རྨོངས་འགྱུར་ཏེ། །འདི་ནི་ཆོས་བཞིན་ཕུལ་བས་ཞེས་བྱ་བ་ནི་
གང་གི་ཕྱིར་དྲང་སྲོང་གནས་འཇོག་དང་ཨོ་ཏ་ལ་དག་ཀྱང་བུའི་དོན་དུ་འདོད་པས་རྨོངས་པར་འགྱུར་བ་དེའི་ཕྱིར་བུ་མོ་ཆོས་བཞིན་དུ་ཕུལ་བ་འདི་ལ་དོགས་པར་བྱར་ཅི་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གནས་འཇོག་ལ་སོགས་པ་བུ་དག་གི་བུ་བསྐྱེད་པར་གྱུར་ཅེས་ཏེ་གཞན་དག་ཀྱང་བུ་དག་བསྐྱེད་པར་བྱ་འམ་ཞེ་
ན། དེའི་ཕྱིར་ཐུབ་པ་རྣམས་ཀྱིས་རྟག་པར་རྒྱུན་དུ་བུ་དག་བསྐྱེད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཐུབ་པ་རྣམས་ཀྱིས་རྟག་པར་རྒྱུན་དུ་བུ་དག་བསྐྱེད་པར་འགྱུར་བ་དེའི་ཕྱིར་འདི་ཡང་བུའི་དོན་དུ་ཆུང་མ་ལེན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་གི་བུ་མོ་ཞེས་བྱ་བ་ནི་ཁོ་བོའི་བུ་
เล่ม ๑๕๗ · หน้า 190b
མོའོ། །དམ་པ་ཞེས་བྱ་བ་ནི་བཟང་ཞིང་མཚན་དང་ལྡན་པའོ། །གཟུགས་ལྡན་ཞེས་བྱ་བ་ནི་གཟུགས་མཐོང་བའོ། །དར་བ་ཞེས་བྱ་བ་ནི་དར་ལ་བབ་པའོ། །མཁའ་ལ་དགུང་ཟླ་སྨིན་དྲུག་མཇལ་བ་ལྟར། །འདི་དང་ལྷན་ཅིག་ལེགས་པར་ཁྱོད་དགྱེས་མཛོད། །ཅེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་
གཟའ་ཟླ་བ་དང་། རྒྱུ་སྐར་སྨིན་དྲུག་ཕྲད་པ་མཛེས་པ་ལྟར་ཁྱོད་ཀྱང་བུ་མོ་འདི་དང་ལྷན་ཅིག་ལེགས་པར་དགའ་བར་བྱོས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །བྲམ་ཟེ་ང་ཡིས་བདུད་ཀྱི་བུ་མོ་ནི། །སྲེད་པ་དགའ་བྱེད་དེ་བཞིན་དགའ་མོ་དག །ཕམ་བྱས་འདོད་པ་དག་ལ་ལན་འགའ་ཡང་། །ང་ཡིས་
འདུན་པས་སེམས་བསྐྱེད་མ་གྱུར་པས། །བཤང་དང་གཅི་བས་གང་བ་འདི་ལ་ནི། །རྐང་པས་སྤྲོ་བའང་མི་སྐྱེད་དོ། །ཞེས་བྱ་བ་ནི་གང་གི་ཕྱིར་ངས་བདུད་ཀྱི་བུ་མོ་སྲེད་མ་ལ་སོགས་པ་དག་ཕམ་པར་བྱས་ཤིང་འདོད་པའི་ཡོན་ཏན་དག་ལ་ལན་འགའ་ཡང་འདུན་པའི་སེམས་མ་བསྐྱེད་པ་དེའི་ཕྱིར་
ཁྱོད་ཀྱི་བུ་མོ་བཤང་བ་དང་། གཅི་བས་གང་བ་འདི་ལ་རྐང་པས་རེག་པར་ཡང་མི་སྤྲོ་ན་ལེན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །བདག་གི་བུ་མོ་ཞེས་བྱ་བ་ལ་སོགས་པ་ལ། ཡན་ལག་ཉམས་གྱུར་ཅིང་ཞེས་བྱ་བ་ནི་ཡན་ལག་མ་ཚང་བར་གྱུར་ཅིང་ངོ་། །འདོད་ལྡན་ཡོན་ཏན་བྲལ་
བར་གཟིགས་སམ་ཅི། །ཞེས་བྱ་བ་ནི་བུད་མེད་འདོད་པ་སྤྱོད་པའི་ཡོན་ཏན་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ལ་སོགས་པ་འདོད་པ་སྤྱོད་པ་དང་ལྡན་པའི་རྟགས་དག་དང་། མི་ལྡན་པར་གཟིགས་སམ་ཅི་ཞེས་བྱ་བའོ། །འདུན་དྲག་ཅེས་བྱ་བ་ནི་འདུན་པ་ཤས་ཆེན་པོའི་བྲམ་ཟེ་རྨོངས་བ་གང་
ཞིག་ཡུལ་འདོད་པ་དེ་ནི་ཁྱོད་ཀྱི་བུ་མོ་འདི་སྒྲུབ་ཅིང་ཞེས་བྱ་བ་ནི་སྐྱེ་བོ་རྨོངས་པ་གང་ཞིག་ཡུལ་འདོད་པ་དེ་ནི་ཁྱོད་ཀྱི་བུ་མོ་འདི་སྒྲུབ་ཅིང་འདོད་དེ་ཁྲོ་བ་ལ་སོགས་པའི་ཉེས་པ་དང་ལྡན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡུལ་ལ་ཆགས་ཤིང་ཞེས་བྱ་བ་འདིས་ནི་ཉེ་བར་སྤྱོད་པ་ཉིད་ཡོད་པར་སྟོན་
ཏོ། །ཁྲོ་བར་ཞུགས་གྱུར་པ་ཞེས་བྱ་བ་ནི་འདིས་ནི་ཀུན་ནས་མནར་སེམས་མང་བ་ཉིད་སྟོན་ཏོ། །འདིར་རྒྱུ་བསྟན་པའི་ཕྱིར། འདི་ལ་རབ་རྨོངས་སྐྱེ་བོ་ཆགས་བྲལ་མིན། །ཞེས་བྱ་བ་གསུངས་ཏེ། རབ་རྨོངས་ཞེས་བྱ་བ་ནི་སྐྱོན་ཡོངས་སུ་རྟོགས་པར་མི་ནུས་པའོ། །ང་ནི་སངས་རྒྱས་ཞེས་
เล่ม ๑๕๗ · หน้า 191a
བྱ་བ་ལ་སོགས་པས་ནི་གཞན་དག་ལས་དེ་བཞིན་གཤེགས་པའི་ཁྱད་པར་སྟོན་ཏེ། སངས་རྒྱས་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་ཐུབ་གཙོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུབ་གཙོ་ནི་དྲང་སྲོང་གི་མཆོག་སྟེ་དཀའ་ཐུབ་ཀྱིས་མཆོག་ཏུ་གྱུར་པའོ། །མངའ་བདག་ཅེས་བྱ་བ་
ནི་རང་བྱུང་སྟེ་རང་དབང་ཅན་ནོ། །དེས་ནི་མཐུ་ཐོགས་པ་མེད་པ་ཉིད་བསྟན་ཏོ། །ཇི་ལྟར་ན་ཐུབ་གཙོ་དང་མངའ་བདག་མིན་ཞེ་ན། དེའི་ཕྱིར། ང་ཡིས་བྱང་ཆུབ་བླ་མེད་ཞི་བ་བརྙེས། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །བླ་མེད་ཅེས་བྱ་བ་ནི་རིགས་མཆོག་
གིས་བསྡུས་པའོ། །ཞི་བ་ཞེས་བྱ་བ་ནི་རབ་ཏུ་ཞི་བ་སྟེ། སྐྱོན་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཆགས་པ་མེད་པ་ཉིད་དུ་འཇིག་རྟེན་རྒྱུ། །ཞེས་བྱ་བ་ནི་སྲེད་པ་ལ་སོགས་པའི་སྐྱོན་དང་བྲལ་བས་གཞན་གྱི་དོན་དུ་རྒྱུའོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་དུ་གཟིགས་པ་བུད་མེད་བླངས་
པ་མཛད་དོ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་དུ་གཟིགས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའོ། །ཇི་ནས་རྗེས་སུ་མཐུན་པར་སྤྱད་པར་གྱིས། །ཞེས་བྱ་བ་ནི་རྐྱེན་དུ་འབབ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཟད་གྱུར་ཅིག་ཅེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པ་འདི་དག་ཟད་པར་གྱུར་ཅེས་བྱ་བའོ། །
རིང་བསྲེལ་གཅིག་ཅེས་བྱ་བ་ནི་བདག་ཉིད་སྲུངས་ཞེས་བྱ་བའི་ཐ་ཚིག་གོ། །རོགས་པ་ཞེས་བྱ་བ་ནི་བྲམ་ཟེའི་ཁྱེའུའོ། །ང་རྒྱལ་བཅག་པར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་རློམ་པ་བཅག་པའི་ཕྱིར་རོ། །ཕན་ཚུན་བདེ་བ་ཉིད་ཀྱིས་ཞེས་བྱ་བ་ནི་གཅིག་ལ་གཅིག་བདེ་བ་ཉིད་ཀྱིས་སོ། །ཀུ་བའི་གཟིངས་
ཞེས་བྱ་བ་ནི་ཀུ་བ་བཀྲམ་པའི་སྟེང་དུ་ཤིང་སྦྲེལ་པའོ། །ཁྱིམ་ཐབ་ཅེས་བྱ་བ་ནི་བདག་གིས་བྱེད་པའོ། །བདག་པོ་ཞེས་བྱ་བ་ནི་ཉེ་བར་སྤྱོད་པའོ། །གནས་ཞེས་བྱ་བ་ནི་རླུང་དང་ཉི་མ་ལ་སོགས་པ་གློ་བུར་གྱི་གནོད་པ་ལས་བསྲུངས་པའོ། །གླིང་ཞེས་བྱ་བ་ནི་རྒྱ་མཚོ་ལ་སོགས་པའི་ཆུའི་གནོད་
པ་ལས་བསྲུངས་པའོ། །སྐྱོབ་པ་ཞེས་བྱ་བ་ནི་རིགས་མཐུན་པ་ལས་གྱུར་པའི་གནོད་པ་ལས་བསྲུངས་པའོ། །སྐྱབས་ཞེས་བྱ་བ་ནི་རིགས་མི་མཐུན་པ་ལས་གྱུར་པའི་གནོད་པ་ལས་བསྲུངས་པའོ། །དཔུང་གཉེན་ཞེས་བྱ་བ་ནི་ནང་གི་རིམས་ནད་ལ་སོགས་པའི་གནོད་པ་ལས་བསྲུངས་པའོ། །
เล่ม ๑๕๗ · หน้า 191b
ལྷོ་ལམ་ཞེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་ལམ་མོ། །ཆགས་པར་གྱུར་པ་ཞེས་བྱ་བ་ནི་འདོད་ཆགས་བསྐྱེད་པའི་ཕྱིར་རོ། །རྒྱགས་པར་འགྱུར་བ་ཞེས་བྱ་བ་ནི་དྲེགས་པ་བསྐྱེད་པའི་ཕྱིར་རོ། །འདོད་པར་འགྱུར་བ་ཞེས་བྱ་བ་ནི་འདོད་པ་བསྐྱེད་པའི་ཕྱིར་རོ། །སྡུག་པར་འགྱུར་བ་ཞེས་བྱ་བ་ནི་ཕྲད་པར་
འགྱུར་བའི་མཚན་ཉིད་ཀྱི་འདོད་པ་བསྐྱེད་པའི་ཕྱིར་རོ། །བྱམས་པར་འགྱུར་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་དགའ་བ་བསྐྱེད་པའི་ཕྱིར་རོ། །བརྗོད་པར་འགྱུར་བ་ཞེས་བྱ་བ་ནི་སེར་སྣའི་མཚན་ཉིད་ཀྱི་འབད་པ་བསྐྱེད་པའི་ཕྱིར་རོ། །བརྒྱལ་བར་གྱུར་པ་ཞེས་བྱ་བ་ནི་འདོད་ཆགས་ལས་གྱུར་པའི་
གཡོ་བའི་མཚན་ཉིད་ཀྱི་བརྒྱལ་བ་བསྐྱེད་པའི་ཕྱིར་རོ། །འཆི་བར་འགྱུར་བ་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་བའི་མཚན་ཉིད་ཀྱི་བྱམས་པ་བསྐྱེད་པའི་ཕྱིར་རོ། །བསྒྲུབ་པར་འགྱུར་བ་ཞེས་བྱ་བ་ནི་མ་ཐོབ་པ་ཐོབ་པར་འདོད་པ་བསྐྱེད་པའི་ཕྱིར་རོ། །ཀུན་དུ་སྦྱོར་བར་འགྱུར་ཞེས་བྱ་བ་ནི་ཕན་ཚུན་
སྦྱོར་བ་བསྐྱེད་པའི་ཕྱིར་རོ། །གཉིད་ལོག་པ་ཞེས་བྱ་བ་ནི་གཉིད་ཀྱིས་ནོན་པའོ། །མལ་དུ་ཞུགས་པ་ཞེས་བྱ་བ་ནི་མལ་དུ་སྒྱེལ་བའོ། །འཛམ་བུའི་གླིང་དགའ་བར་འགྱུར་བ་ཁྱོད་ཀྱིས་བདག་ཅག་སྤངས་སམ་ཞེས་བྱ་བ་ནི་ཐག་རིང་པོར་ཡོངས་སུ་སྤངས་སམ་ཞེས་བྱ་བའོ། །འཕང་མཐོ་བ་ཞེས་བྱ་བ་ནི་
གནམ་འཕང་མཐོ་བའོ། །ཐ་གྲུ་ཆེ་བ་ཞེས་བྱ་བ་ནི་རྒྱ་ཆེ་བའོ། །བྱི་ལ་འཛུལ་བ་ཞེས་བྱ་བ་ནི་བྱི་ལ་འགྲོ་བའི་སྒོའོ། །འོངས་ཤིང་འོངས་ཤིང་ཞེས་བྱ་བ་ནི་གཟུང་ཞིང་གཟུང་ཞིང་ངོ་། །རྣམ་པར་རྒྱུ་བ་ཞེས་བྱ་བ་ནི་ཕན་ཚུན་འགྲོ་བའོ། །བདེ་བ་ཞེས་བྱ་བ་ནི་ཚིམ་པའི་བདེ་བ་ཐོབ་པའོ། །ནད་མེད་
པ་ཞེས་བྱ་བ་ནི་བཀྲེས་པའི་ནད་དང་བྲལ་བའོ། །སྟོབས་དང་ལྡན་པ་ཞེས་བྱ་བ་ནི་སྤྲོ་བ་དང་ལྡན་པའོ། །དབང་པོ་ཚིམ་པ་ཞེས་བྱ་བ་ནི་ལུས་ཉེ་བར་བཙགས་པའོ། །ལེགས་པར་ཤིན་ཏུ་བཟུང་སྟེ་ཞེས་བྱ་བ་ནི་བླངས་ཏེའོ། །ཀུན་ཆུབ་པར་བྱས་ནས་ཞེས་བྱ་བ་ནི་ཡང་དང་ཡང་དུ་བསམས་ཤིང་
ཡོངས་སུ་རྫོགས་པར་བྱས་ནས་སོ། །དལ་བུ་དལ་བུས་ཉལ་ལོ་ཞེས་བྱ་བ་ནི་དལ་བུས་རེག་པར་བྱས་ཤིང་འཁྱུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པར་བསྒོ་ཡང་དག་པར་བསྟན་ཞེས་བྱ་བ་ནི་བྱེད་དུ་འཇུད་པའོ། །ལུས་ཀྱི་མཐུ་དང་སྟོབས་བསྐྱེད་ནས། །ཞེས་བྱ་བ་ལ། མཐུ་ཞེས་བྱ་བ་
เล่ม ๑๕๗ · หน้า 192a
ནི་བརྟན་པའོ། །སྟོབས་ཞེས་བྱ་བ་ནི་སྤྲོ་བའི་ནུས་པའོ། །སངས་རྒྱས་བསྟན་ལ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་བསྟན་པ་ལའོ། །མ་དད་ཅེས་བྱ་བ་ནི་ཡིད་མི་ཆེས་པའོ། །སྡུག་བསྔལ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལོ། །
ཕ་རོལ་འགྲོ་བ་ཞི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འགྱུར་བའོ། །ཉོན་མོངས་པ་ཞེས་བྱ་བ་ནི་བཀྲེན་པའོ། །ཐབས་སོམས་ཤིག་ཅེས་བྱ་བ་ནི་ཐབས་ཇི་ལྟར་བྱ་བ་ནི་སོམས་ཤིག་པའོ། །སྙིང་སྟོབས་ཅན་ཞེས་བྱ་བ་ནི་བརྟན་པའོ། །བྱུང་སྟེ་ཞེས་བྱ་བ་ནི་བསྟན་ཏེའོ། །དུས་ཚིགས་སར་
པ་ཞེས་བྱ་བ་ནི་དུས་དང་པོར་འབྱུང་བའི་ལོ་མ་ལ་སོགས་པའོ། །རྒྱུ་མེད་པར་ཡང་ཞེས་བྱ་བ་ནི་བློ་སྔོན་དུ་མ་བཏང་བ་སྟེ་ཞར་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཤིང་བལ་ཞེས་བྱ་བ་ནི་རས་བལ་མར་མེ་ལ་སོགས་པ་ལ་དགོས་པའོ། །ཆོག་གིས་ཞེས་བྱ་བ་ནི་མཐར་ཐུག་གིས་སོ། །ཐོང་ཤིག་
ཅེས་བྱ་བ་ནི་བཟློག་པའོ། །མེ་སྤར་བ་དེས་ཞེས་བྱ་བ་ནི་མཆེད་པ་དེས་སོ། །རྩིག་ངོས་སྐར་ཁུང་ནས་ཞེས་བྱ་བ་ནི་ར་བའི་སྐར་ཁུང་བུ་ག་ནས་སོ། །ཆུའི་སྟོར་ཁུང་ནས་ཞེས་བྱ་བ་ནི་ཆུ་འབབ་པའི་བུ་ག་ནས་སོ། །འབྲས་བུ་མེད་པར་དུས་ལ་བབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྙིང་པོ་བླངས་པ་
སྟེ། དགེ་སྦྱོང་གི་འབྲས་བུ་ལས་སྐྱེ་བའི་འབྲས་བུ་བླངས་པའི་ཕྱིར་རོ། །ཐ་མའི་ཆ་དང་ལྡན་པའི་ཀུན་དུ་སྦྱོར་བ་ལྔ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་སྒྲིབ་པ་ལྔའོ། །རྫུས་ཏེ་སྐྱེ་ཞིང་ཞེས་བྱ་བ་ནི་སྐྱེ་གནས་གཞན་དུ་མི་སྐྱེ་བའི་ཕྱིར་རོ། །དེར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་
གཟུགས་ཀྱི་ཁམས་སོ། །ཀུན་དུ་སྦྱོར་བ་གསུམ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཚོམ་མོ། །ལན་ཅིག་འཇིག་རྟེན་འདིར་འོངས་ནས་ཞེས་བྱ་བ་ནི་མིའི་འཇིག་རྟེན་འདིར་རོ། །ལོག་པར་མི་ལྟུང་བའི་ཆོས་ཅན་ཞེས་བྱ་བ་ནི་སེམས་
ཅན་དམྱལ་བ་ལ་སོགས་པར་མི་ལྟུང་བའི་ཕྱིར་རོ། །རྫོགས་པའི་བྱང་ཆུབ་ལ་ངེས་པར་གཞོལ་བ་ཞེས་བྱ་བ་ནི་གདོན་མི་ཟ་བར་ཉོན་མོངས་པ་ཐམས་ཅད་སྤངས་པས་མྱ་ངན་ལས་འདས་པའི་ཕྱིར་རོ། །རེ་ལྟར་ཐོགས་པ་ནི་སྲིད་པ་ལན་བདུན་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་ནང་དུ་
เล่ม ๑๕๗ · หน้า 192b
སྐྱེ་བ་ལན་བདུན་པ་དང་། དེ་དག་གི་བར་མ་དོའི་སྲིད་པ་སྐྱེ་བ་ལན་བདུན་དང་། མི་རྣམས་ཀྱི་ནང་དུ་སྐྱེ་བ་ལན་བདུན་དང་། དེ་དག་གི་བར་མ་དོའི་སྲིད་པར་ལན་བདུན་ལེན་པའོ། །རང་གི་སྲོག་གི་ཕྱིར་ཡང་བསླབ་པ་དག་ལས་འདའ་བར་མི་བྱེད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པར་དག་པ་
སྟོན་ཏེ། ངལ་སེམས་དད་པ་ཞེས་བྱ་བ་ནི་དད་པ་ཀུན་དུ་སྤྱོད་པ་སྟོན་ཏོ། །གང་ལ་བད་སའི་རྒྱལ་པོ་ཤར་པ་ཞེས་བྱ་བ་ལ་སོགས་པ་ལ། ཆགས་པ་ལ་ཞེས་བྱ་བ་ནི་འདོད་པ་ལ་འདོད་ཆགས་ཀུན་དུ་སྤྱོད་པས་སོ། །ཞེན་པ་ཞེས་བྱ་བ་ནི་དྲུང་དུ་འགྲོ་བས་འདུན་པས་སོ། །ཆུམས་པ་ཞེས་བྱ་བ་ནི་ཡན་
ལག་ནས་འཛིན་པས་སོ། །མདུད་པ་བོར་བ་ཞེས་བྱ་བ་ནི་གཉིས་སྤྲོད་པར་འདུན་པས་སོ། །བརྒྱལ་བ་ཞེས་བྱ་བ་ནི་སེམས་ཆགས་པ་ཉིད་ཀྱིས་སམ་ལུས་འགྱུར་བ་ཉིད་ཀྱིས་སོ། །ལྷག་པར་ཆགས་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་ལས་བྱུང་བ་མེད་པ་ཡོངས་སུ་མ་རྫོགས་པས་ན། བར་མི་
ཆད་པར་འདུན་པས་སོ། །ལྷག་པར་ཆགས་ཤིང་འདུག་པ་ཞེས་བྱ་བ་ནི་གཞན་དག་དེ་ལ་སྤྱོད་པ་ཟློག་པས་འདུག་པས་སོ། །འཇིག་རྟེན་སྙིང་པོ་མེད་བྲེལ་ལ། །ཞེས་བྱ་བ་ནི་ལུས་སྙིང་པོ་མེད་པ་དོན་མེད་པ་འབྲས་བུ་མེད་པ་དང་བྲེལ་བ་ལའོ། །སྐལ་ལྡན་གཟུགས་བཞིན་ལྡན་པར་བྱེད། །ཅེས་
བྱ་བ་ནི་སྙིང་པོ་དང་ལྡན་པའི་གཟུགས་ཉིད་དུ་རྟོག་པར་བྱེད་པའོ། །ཅིའི་ཕྱིར་དེ་ལྟར་ལྟ་ཞེ་ན། དེའི་ཕྱིར། བྱིས་པ་ཉོན་མོངས་བཅིངས་གྱུར་ཅིང་། །མུན་པས་ཡོངས་སུ་བསྐོར་བ་དག །དམ་པ་མིན་ལ་དམ་པར་ལྟ། །ཞེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པའི་འཆིང་བས་
བཅིངས་ཤིང་མི་ཤེས་པའི་མུན་པས་ཡོངས་སུ་བསྐོར་བ་དག་གོ། །མཐོང་བ་རྣམས་ལ་ཅི་ཡང་མེད། །ཅེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བ་རྣམས་ལ་ནི་ལུས་ལ་སྡུག་པར་ལྟ་བ་ཅི་ཡང་མེད་པའོ། །འདི་སྐད་བསྟན་ཏེ་གང་གི་ཕྱིར་བྱིས་པ་དག་འདོད་ཆགས་ལ་སོགས་པས་བཅིངས་ཤིང་མི་ཤེས་
མུན་པས་བྱས་པ་དེའི་ཕྱིར་ལུས་ལ་སོགས་པ་མི་སྡུག་པ་ཉིད་དུ་ལྟུང་བར་བྱེད་དོ། །གང་དག་དེ་ཁོ་ན་མཐོང་བ་དེ་དག་ལ་ནི་ལུས་ལ་སྡུག་བསྔལ་ཉིད་དུ་ལྟ་བ་ཅི་ཡང་མེད་དོ། །ཐམས་ཅད་མི་གཙང་བ་ཉིད་དུ་མཐོང་བའི་ཕྱིར་རོ། །ཕྱོགས་བཅུ་ནས་བསྐོར་རོ་ཞེས་བྱ་བ་ནི་བསྐོར་བའོ། །ཉོན་མོངས་
เล่ม ๑๕๗ · หน้า 193a
པ་ཅན་མ་ཡིན་པ་ཞེས་བྱ་བ་ནི་མདོག་མ་ཉམས་པའོ། །ལུས་མ་རྙིང་བ་ཞེས་བྱ་བ་ནི་ལུས་མ་གོང་བའོ། །སྙུན་གསོལ་ཞེས་བྱ་བ་ནི་ཐུགས་བདེ་བའམ་ཞེས་འདྲི་བའོ། །འདིར་ནི་སྐྱ་རེངས་ཐ་མ་མིན་པར་དགོངས་སོ་ཞེས་བྱ་བ་ནི་སྐྱ་རེངས་ཐ་མ་མ་ཤར་ན་འཇིག་རྟེན་ཕལ་ཆེར་
མཚན་མོའི་ཐ་སྙད་མི་འཆད་པའི་ཕྱིར་རོ། །གྲོང་ཁྱེར་གྱི་སྒོ་གཏན་ལས་འདའ་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་དང་། །རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་ལས་འདའ་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་རྒྱལ་པོའི་བཙུན་མོའི་འཁོར་དང་འབྲེལ་པ་མེད་པར་དགོངས་པའོ། །བཙུན་མོའི་འཁོར་གྱི་སྒོ་
གཏན་ལས་འདའ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་རྒྱལ་པོའི་བཙུན་མོའི་འཁོར་ནི་འཇིགས་པ་ཆེན་པོའི་གནས་ཡིན་པས། ཐག་རིང་པོ་ཉིད་སྤངས་པའི་ཕྱིར་ལྟུང་བྱེད་ཀྱི་རྒྱུ་ཡིན་ནོ། །རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དེ་བརྒྱད་ཅུ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།
གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་གུས་པར་བྱས་ཏེ་ཞེས་བྱ་བའི་དོན་དུ་གཉེར་བ་ཉིད་ཀྱིས་གུས་པས་སོ། །བླ་མར་བྱས་ཏེ་ཞེས་བྱ་བ་ནི་ཆོས་དང་ཆོས་སྨྲ་བ་གཉིས་ལ་བླ་མར་བྱེད་པས་སོ། །རུ་ཤིང་ལྟར་བྱས་ཏེ་ཞེས་བྱ་བ་ནི་རུ་ཤིང་ལྟར་སྙིང་པོ་ཉིད་དུ་ཉེ་བར་འཇོག་པས་
སོ། །ཡིད་ལ་བྱས་ཏེ་ཞེས་བྱ་བ་ནི་མི་བརྗེད་པའི་ཚུལ་གྱིས་ཡིད་ལ་ཞེན་པས་སོ། །སེམས་རྩེ་གཅིག་ཏུ་ཞེས་བྱ་བ་ནི་ཆོས་ལ་དམིགས་པའི་སེམས་ཀྱིས་སོ། །རྣ་བླགས་ཏེ་ཞེས་བྱ་བ་ནི་སྒྲ་གཞན་མི་ཉན་པའི་ཚུལ་གྱིས་ན་གནོད་པའོ། །སེམས་ཅན་ཐམས་ཅད་ཀྱིས་བསམས་ཏེ་ཞེས་བྱ་བ་ནི་བར་
ཆད་མེད་པར་ཆོས་ལ་དམིགས་པའི་སེམས་ཀྱིས་སོ། །ད་གདོད་ཐོས་བསམ་ཅི་ན་ཞེས་བྱ་བ་ནི་ད་བསྟིང་བའི་ཚིག་སྟེ་ད་གདོད་གློ་བུར་དུ་ཐོས་པ་ལྟ་ཞེས་བྱ་བའོ། །མདོའི་ནང་དུ་གཏོགས་པ་ཞེས་བྱ་བ་ནི་མངོན་སུམ་དུ་མདོའི་ནང་དུ་བསྟན་པའོ། །མདོའི་ནང་དུ་འདུས་པ་ཞེས་བྱ་བ་ནི་བརྒྱུད་པའི་
ཚུལ་གྱིས་དོན་གྱི་སྒོ་ནས་བསྟན་པའོ། །དེ་ལ་གལ་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་འགྱོད་པའི་ཡུལ་བསྟན་པའི་ཕྱིར་རོ། །གཉིས་སམ་གསུམ་གྱི་ཚེ་ཞེས་བྱ་བའི་ཚིག་གིས་ནི་རྒྱུན་དུ་ཉན་པ་ན་ཡང་རྣ་མི་གཏོད་པས་མ་གུས་པར་མངོན་ལ། མ་གུས་པ་གུས་པ་བསྐྱེད་པའི་ཕྱིར་འགྱོད་
เล่ม ๑๕๗ · หน้า 193b
དུ་གཞུག་པར་སྟོན་ཏོ། །ཚེ་དང་ལྡན་པ་དེ་མི་ཤེས་འགྲོལ་བས། །ཞེས་བྱ་བ་ནི་དེ་ལ་ཆོས་འདི་ཡང་འདི་ན་ཡོད་དོ་ཞེས་བྱ་བར་ཤེས་པ་མེད་པས་ལྟུང་བ་དང་བཅས་པ་མ་ཡིན་པར་མི་འགྱུར་ཏེ། འདི་ལྟར་བྱའོ་སྙམ་པའི་སེམས་པ་ཡོད་པས་དེ་ནི་ལྟུང་བ་དང་བཅས་པ་ཉིད་ཡིན་པས་ཞེས་བྱ་བའི་ཐ་
ཚིག་གོ། །མ་རྙེད་དེ་རྙེད་པ་མ་ཡིན་ཞེས་བྱ་བ་ནི་དད་པ་ལ་སོགས་པ་ཁྱད་པར་དུ་འཕགས་པ་མ་རྙེད་པའི་ཕྱིར་རོ། །རྙེད་དེ་ཉེས་པ་རྙེད་དེ་ལེགས་པར་རྙེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མིང་ཉིད་ལ་སོགས་པ་ཡོངས་སུ་རྫོགས་པ་མ་རྙེད་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ་གུས་པར་བྱས་ཏེ་ཆོས་
ཉན་པར་མི་བྱེད་ཅིང་། འདི་ལྟར་ཆོས་འདི་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ན་ལན་ཅིག་སྨྲས་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །འདོན་པ་ལན་གསུམ་ཐོས་པ་ཉིད་ཡིན་ན་མ་གུས་པ་འགྱོད་དུ་གཞུག་གོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་བརྒྱད་ཅུ་གསུམ་པའི་
ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཟན་ཡང་སློང་བར་བྱེད་ཅེས་བྱ་བ་ནི། །གཞན་ལ་སློང་བར་བྱེད་པའོ། །སྦུ་བུ་ཅན་ཞེས་བྱ་བ་ནི་འདམ་བུའི་རྣམ་པ་ཡ་ཏོག་ན་ཁ་ཡོད་པའོ། །ཆང་པ་ལྟ་བུ་ཞེས་བྱ་བ་ནི་ཆང་པའི་རྣམ་པ་ལྟ་བུ་གློ་ན་ཁ་ཡོད་པའོ། །གཉི་ག་ཡིན་པར་དགོངས་སོ་ཞེས་
བྱ་བ་ནི་གཉི་ག་ལ་འདོད་ཞེན་ཆེ་བ་ཉིད་དུ་འདྲ་བའི་ཕྱིར་རོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་རང་གིས་སམ་གཞན་ཏེ། བདག་ཉིད་ཀྱིས་བྱེད་དུའམ་གཞན་བྱེད་དུ་འཇུག་ན་ཞེས་བྱ་བའི་ཐ་ཚིག་གོ། །བཅག་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་བྱེད་པ་དང་བྱེད་དུ་འཇུད་པ་གཉི་ག་ལ་ལྟུང་བྱེད་དུ་འགྱུར་བ་དེ་ནི་
བཅག་པའི་འོག་ཏུ་བཤགས་པར་བྱ་སྟེ། དེ་ཡང་རུང་བ་མ་ཡིན་པའི་དངོས་པོ་ལ་ལྷག་པར་ཆགས་ཤིང་ལོངས་སྤྱོད་པ་བཟློག་པའི་ཕྱིར་རོ། །ལྟུང་བ་དེ་ཡང་བཤགས་པ་མ་ཡིན་པས་ཞེས་བྱ་བ་ནི་རྒྱུ་མ་བཟློག་པའི་ཕྱིར་རོ། །ཁབ་རལ་བཅོས་པའི་ལྟུང་བྱེད་དེ་བརྒྱད་ཅུ་བཞི་པའི་ཚིག་རྣམ་པར་བཤད་པ་
རྫོགས་སོ།། །།ཁྲི་དམའ་བ་ཞེས་བྱ་བ་ནི་ཁྲིའི་རྩ་བ་ཐུང་བའོ། །འདོད་པ་དྲི་ང་བ་མེད་པ་ཞེས་བྱ་བ་ནི་འདོད་པ་རྟེན་པ་མེད་པའོ། །རྨོངས་པ་ཞེས་བགྱི་བའི་ཚལ་དེ་ནི་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་རྣམ་པར་རྨོངས་པའི་ཕྱིར་རོ། །ལྷ་མོའི་ཚོགས་ཀྱིས་ཀུན་བསྒྲགས་ཤིང་ཞེས་བྱ་བ་ནི་གླུ་
เล่ม ๑๕๗ · หน้า 194a
དབྱངས་ཀྱི་སྒྲས་ཀུན་དུ་གང་བའོ། །ཤ་ཟ་མོ་བཞིན་ཡོངས་སུ་བསྐོར་ན་ཞེས་བྱ་བ་ནི་ལུས་ཀྱིས་མངོན་པར་ཁྱབ་པའོ། །ཇི་ལྟར་འཆི་བ་འབྱུང་བར་འགྱུར་ཞེས་བྱ་བ་ནི་ཇི་ལྟར་འཁོར་བ་ལས་ངེས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དྲང་པོ་ཞེས་བྱ་བའི་ལམ་དེ་ནས་ཞེས་བྱ་བ་ནི་
འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་རྗེས་སུ་མཐུན་པའི་ཚུལ་ཁྲིམས་མི་ཚངས་པར་སྤྱོད་པ་ལ་སོགས་པ་སྤང་བའི་མཚན་ཉིད་ཀྱིས་ལམ་དེ་ནས་ཏེ། ཤེས་པའི་གཞི་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །འཇིགས་མེད་ཕྱོགས་ཞེས་བྱ་བ་དེར། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་ཏེ་ཉེས་པ་
ཐམས་ཅད་སྤངས་པའི་ཕྱིར་རོ། །སྒྲ་མེད་ཅེས་བྱ་བའི་ཤིང་རྟ་ནི་ཞེས་བྱ་བ་ནི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་ཟག་པ་མེད་པའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་འཆལ་བའི་རྒྱུར་གྱུར་པ་འདོད་ཆགས་ལ་སོགས་པའི་སྒྲ་དེ་ན་མེད་པའི་ཕྱིར་རོ། །ཆོས་ཀྱི་རྟོག་པས་བསྐྱོད་གྱུར་པ། །
ཞེས་བྱ་བ་ནི་ཡང་དག་པའི་རྟོག་པས་བསྐྱོད་གྱུར་ཏེ། དགེ་བའི་རྟོག་པ་ཡིན་པའི་ཕྱིར་རོ། །དེའི་དམིགས་པ་ངོ་ཚ་ཤེས་པ་ནི་འདྲེན་པའི་དམིགས་པ་ནི་ངོ་ཚ་ཤེས་པ་ཡིན་ཏེ། ངོ་ཚ་ཤེས་པའི་ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར་རོ། །དྲན་པ་དེའི་འཁོར་ཡིན་ཏེ་ཞེས་བྱ་བ་ནི་ཚུལ་ཁྲིམས་དེའི་འཁོར་ནི་དྲན་
པ་ཡིན་ཏེ། དྲན་པས་ཡིད་ཀུན་དུ་བསྲུངས་པ་ལ་ཚུལ་ཁྲིམས་འཆལ་བའི་རྒྱུ་འདོད་ཆགས་ལ་སོགས་པ་མི་འབྱུང་བའི་ཕྱིར་རོ། །ཁ་ལོ་སྒྱུར་བ་ཤེས་རབ་ཡིན། །ཞེས་བྱ་བ་ནི་ཚུལ་ཁྲིམས་དེའི་ཁ་ལོ་སྒྱུར་བ་ནི་ཤེས་རབ་སྟེ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་བསྐྱོད་པའི་ལམ་ནི་མྱ་ངན་
ལས་འདས་པར་འགྲོ་བའི་ཕྱིར་རོ། །སྣ་འདྲེན་ཡང་དག་ལྟ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་སྣ་འདྲེན་པ་ནི་ངེས་འབྱེད་ཀྱི་ཆ་དང་མཐུན་པར་རྟོགས་པ་ཡང་དག་པའི་ལྟ་བའི་ཟག་པ་དང་བཅས་པ་ཡིན་པར་ཤེས་པར་བྱ་བའི་ཐ་ཚིག་གོ། །སྐྱེས་པའམ་བུད་མེད་གང་ལ་ཡང་རུང་ཞེས་བྱ་བ་
སྤྱིར་སྨོས་པ་ནི་ཟ་མ་དང་མ་ནིང་ལ་སོགས་པ་ལ་འཕགས་པའི་ལམ་མི་སྐྱེ་བས་འདི་གཉིས་གང་ཡང་རུང་བ་ལ་འཕགས་པའི་ལམ་སྐྱེ་བར་བསྟན་པའི་ཕྱིར་རོ། །མང་སྔར་བསམ་གཏན་བྱེད་པ་ཞེས་བྱ་བ་ནི་བཞི་མདོ་ལ་སོགས་པ་མི་མང་པོ་འདུ་བའི་མིག་སྔ་ན་བསྒོམ་པའོ། །མགོ་ལོགས་དང་
เล่ม ๑๕๗ · หน้า 194b
རྐང་པ་ལོགས་སུ་རྐང་པ་གཉིས་བཀྲུ་བར་བྱས་ཏེ་ཞེས་བྱ་བ་ནི་སྦྲུལ་གྱི་འཇིགས་པ་མེད་པའི་ཕྱིར་དང་། མི་སྣང་བར་ཚུལ་དང་མི་མཐུན་པ་མེད་པའི་ཕྱིར་རོ། །པུས་མོ་གཉིས་ཀོ་སྐོ་ལ་རེག་པའི་ཞེས་བྱ་བ་ནི་ཉལ་ཀར་པུས་མོ་གཉིས་བསྐུམས་པ་ནའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དགེ་འདུན་གྱི་ཡོ་བྱད་ཚུལ་
དང་མཐུན་པ་ལས་ལྟུང་བར་མི་འགྱུར་གྱི་གང་ཟག་གི་ལས་ནི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲི་རྐང་འཆོས་པའི་ལྟུང་བྱེད་དེ་བརྒྱད་ཅུ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བསྡུས་ནས་ཞེས་བྱ་བ་ནི་བརྟུལ་ནས་ཏེ་ཕྱགས་ནས་སོ། །ཤིང་བལ་གྱིས་གོས་པར་བྱས་
པའི་ལྟུང་བྱེད་དེ་བརྒྱད་ཅུ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྲིད་དུ་མཐོ་གང་གིས་སྲིངས་ཤིག་ཅེས་བྱ་བའི་ཚིག་ལོགས་ཤིག་ཏུ་བཀའ་སྩལ་པས། གདིང་བ་དུམ་བུ་གཉིས་སུ་བྱ་བར་གསུངས་ཏེ། རྐང་པའི་མཐའ་ལོགས་སུ་མཐུད་པར་བྱ་ཞིང་གདིང་བ་དུམ་བུ་ཉིད་དུ་མི་བྱའོ་
ཞེས་བྱ་བ་བསྟན་པའི་ཕྱིར་རོ། །གདིང་བ་ལས་གྱུར་པའི་ལྟུང་བྱེད་དེ་བརྒྱད་ཅུ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གཡན་པ་དགབ་པ་སྟེ་གོས་བྱ་བ་ནི། ན་བའི་གོས་སོ་ཞེས་བྱ་བ་ནི་གཡན་པའི་ནད་ཅན་གྱི་ཟག་པ་ན། ཟག་པའི་ཉེས་པ་སྤང་བའི་ཕྱིར་བགོ་བའི་གོས་ཞེས་བྱ་
བའི་ཐ་ཚིག་གོ། །གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དེ་བརྒྱད་ཅུ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དབྱར་གྱི་གོས་རས་ཞེས་བྱ་བའི་ཆར་པ་སྐྱོབ་པའི་གོས་སོ་ཞེས་བྱ་བ་ནི་གང་གིས་ཆར་པའི་ཆུ་མངོན་པར་འཛིན་པར་བྱེད་པའོ། །དབྱར་གྱི་རས་ཆེན་ལས་གྱུར་པའི་
ལྟུང་བྱེད་དེ་བརྒྱད་ཅུ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གཏུར་བུ་གཟིགས་ཤིག་དང་ངལ་བ་སོར་གཞུག་གོ་ཞེས་བྱ་བ་ནི་ཞོག་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །གདིང་བ་ལ་སོགས་པའི་ལྟུང་བྱེད་འདི་དག་ནི་དོན་མེད་པའི་ཕྱིར་བཅའ་བ་མཛད་དེ་འདི་དག་ལས་གཞན་པ་དོན་མེད་པ་
དག་ཉེ་བར་འཇོག་པ་དང་འཆང་བ་ཡང་འདུལ་བ་མདོར་བསྡུས་པ་ལས་འདྲལ་བར་གསུངས་པའི་ཕྱིར་ཞེས་ཉེས་བྱས་སུ་བལྟ་བར་བྱའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དེ་དགུ་བཅུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་
เล่ม ๑๕๗ · หน้า 195a
པའི་ཚིག་རྣམ་པ་དུལ་བའི་ལྷས་ཉེ་བར་སྦྱར་བ་ལས་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་རྣམས་ཀྱི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སོ་སོར་བཤགས་པར་བྱས་ཞེས་བྱ་བ་ནི་སོ་སོར་བཤགས་པར་བྱ་བའི་ཁ་ན་མ་ཐོ་བ་འདི་ལ་ཡོད་པས་སོ་སོར་བཤགས་པར་བྱ་བའོ། །
ཨུཏྤ་ལའི་ཟེ་འབྲུའི་མདོག་འདྲ་བ། །ཞེས་བྱ་བ་ནི་ཁ་ཅིག་ན་ཨུཏྤ་ལའི་ཟེ་བ་དང་འདྲ་བར་མདོག་སེར་བ་ཞེས་ཟེར་བའོ། །ཁ་ཅིག་ན་རེ་མིག་སྨན་སྔོན་པོའི་མདོག་འདྲ་བའོ་ཞེས་ཟེར་རོ། །ཁྱིམ་ན་འདུག་པའི་དམག་པ་ཞེས་བྱ་བ་ནི་གྱོས་སྒྱུག་གི་ཁྱིམ་དེ་ཉིད་ན་འདུག་ཅིང་གཞན་དུ་མི་འགྲོ་བའི་དམག་
པའོ། །ཇོ་བོ་ཁྱོད་ཐུགས་མི་ཆེས་ན་ཞེས་བྱ་བ་ནི་ཡིད་མི་ཆེས་པའོ། །ཕྱི་མོ་ཞེས་བྱ་བ་ནི་མའི་མའོ། །མི་སྡུག་པ་ཐོབ་པ་ཞེས་བྱ་བ་ནི་བསམ་པ་ལས་བྱུང་བ་འདོད་པ་ན་སྤྱོད་པའོ། །རྨ་འབྱེད་ཅེས་བྱ་བ་ནི་གཅི་བའི་ལམ་བགྲོད་པའོ། །ཀུན་དགའ་བར་འགྱུར་བ་ཞེས་བྱ་བ་ནི་བུ་བཙས་པའི་རྒྱུ་ལས་
རངས་པ་སྐྱེས་ཤིང་དགའ་བར་འགྱུར་བའོ། །མངལ་ན་གནས་པ་མི་མངོན་པ་ཞེས་བྱ་བ་ནི་བུ་ཁྱེར་མཁས་པའོ། །མི་རྣམས་ནང་ན་མཆོག་གི་རབ་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པ་ལ། མི་རྣམས་ཀྱི་ནང་མཆོག་ནི་བདེན་པ་མཐོང་བ་རྣམས་སོ། །དེ་རྣམས་ཀྱི་རབ་ཀྱི་མཆོག་ནི་མཚུངས་
མེད་རྒྱལ་བ་སྐྱོབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་མཚུངས་པ་མེད་པ་བདུད་བཞི་ལས་རྒྱལ་བ་འགྲོ་བ་སྐྱོབ་པའོ། །དེའི་ཉན་ཐོས་མ་མེ་ཏོག་མན་དཱ་ར་ཀ་རབ་འདྲ་བ་སྲིང་མོ་ཞེས་བྱ་བ་ནི་བོད་པའི་ཚིག་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་མ་མེ་ཏོག་མན་དཱ་ར་ཀ་རབ་འདྲ་བ་སྲིང་
མོ་ཞེས་བྱ་བ་ནི་བོད་པའོ། །ཁྱེའུ་འདི་ཁྱོད་ཀྱིས་ཅི་ཞིག་ཅེས་བྱ་བ་ནི་ཁྱེའུ་གཞོན་ནུ་འདི་ཁྱོད་ཀྱི་མིང་པོའམ། མིང་པོའི་བུའམ། ཁྱོད་ཀྱི་བུའམ། ཁྱོད་ཀྱི་སྐུད་པོའམ། ཅིར་འོང་བ་ཞེས་བྱ་བའི་ཐ་ཚིག་གོ། །བྲམ་ཟེ་འདི་ནི་བདག་གི་མིང་པོ་དང་། མིང་པོའི་བུ་དང་། བདག་གི་བུ་དང་སྐུད་པོ་ཡིན་
ཞེས་བྱ་བ་ལ། བྲམ་ཟེ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །ཁྱེའུ་འདི་ནི་བདག་གི་མིང་པོ་ཡིན། མིང་པོའི་བུ་ཡང་ཡིན། བདག་གི་བུ་ཡང་ཡིན། བདག་གི་སྐུད་པོ་ཡང་ཡིན་ནོ་ཞེས་སྟོན་ཏོ། །ཇི་ལྟར་བདག་གི་མིང་པོ་ཞེ་ན། དེའི་ཕྱིར་འདིའི་ཕ་གང་ཡིན་པ་དེ་བདག་གི་ཕ་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ།
เล่ม ๑๕๗ · หน้า 195b
ཁྱེའུ་འདིའི་ཕ་གང་ཡིན་པ་དེ་བདག་གི་ཡང་ཕ་ཡིན་པས། འཇིག་རྟེན་གྱི་ཐ་སྙད་ཀྱིས་ཁྱེའུ་འདི་བདག་གི་མིང་པོ་ཡིན་ནོ། །ཁྱེའུ་འདིའི་མ་གང་ཡིན་པ་དེ་བདག་གི་མ་ཡང་ཡིན་པས། ཁྱེའུ་འདི་བདག་གི་མིང་པོ་ཡིན་ནོ་ཞེས་བྱ་བ་ཡང་ཞར་ལ་གྲུབ་པོ། །ཇི་ལྟར་མིང་པོའི་བུ་དང་བདག་གི་བུ་དང་
བདག་གི་སྐུད་པོ་ཡིན་ཞེ་ན། དེའི་ཕྱིར་མིང་པོར་གྱུར་ནས་ད་ལྟར་ཁྱོ་འདི་ཡིན་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཁྱེའུ་འདིའི་ཕ་གང་ཡིན་པ་དེ་བདག་དང་མ་གཅིག་པས་བདག་གི་མིང་པོར་འགྱུར་བ་ཡིན་ལ། དེའི་བུ་འདི་ཡིན་པའི་ཕྱིར་ཁྱེའུ་འདིའི་མིང་པོའི་བུ་ཡང་ཡིན་ནོ། །གང་གི་ཕྱིར་ཁྱེའུ་
འདིའི་ཕ་ད་ལྟར་བདག་གི་ཁྱོ་ཡིན་ལ། དེའི་བུ་འདི་ཡིན་པས་བདག་གི་བུ་ཡར་པོ་ཡིན་པ་འདིའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཁྱེའུ་འདི་བདག་གི་བུ་ཡང་ཡིན་ནོ། །གང་གི་ཕྱིར་ཁྱེའུ་འདིའི་ཕ་ད་ལྟར་བདག་གི་ཁྱོ་ཡིན་ལ། བདག་གི་ཁྱོ་དང་ཁྱེའུ་འདི་གཉིས་མ་གཅིག་པས་ཁྱིམ་ཐབ་ཀྱི་ནུ་བོ་
ནི་འཇིག་རྟེན་གྱི་སྐུད་པོ་ཡིན་པ་དེའི་ཕྱིར་ཁྱེའུ་འདི་བདག་གི་སྐུད་པོ་ཡིན་ནོ་ཞེས་བསྟན་ཏོ། །ཁྱེད་ལ་ཅི་འབབ་ཅེས་བྱ་བ་ནི་ཅི་ཞིག་མཇལ་དུ་གཞུག་ཅེས་བྱ་བའི་ཐ་ཚིག་གོ། །བུད་མེད་ཀྱི་གཡོ་དག་དང་བུད་མེད་ཀྱི་གྱ་གྱུ་དག་དང་བུད་མེད་ཀྱི་ཡ་ཡོ་དག་ཅེས་བྱ་བ་ནི་གཡོས་ཀུན་ནས་བསླང་བའི་ལུས་དང་
ངག་དང་ཡིད་ཀྱི་ལས་དག་ཡིན་པར་ཤེས་པར་བྱའོ། །རུས་པའི་འཁྲུལ་འཁོར་ཞེས་བྱ་བ་ནི་རུས་པའི་བོག་རེའོ། །སྤྱིལ་བུ་ལ་ཞེས་བྱ་བ་ནི་ཁྱིམ་ལའོ། །མི་གཙང་ཞེས་བྱ་བ་ནི་མི་གཙང་བ་སུམ་ཅུ་རྩ་དྲུག་གི་ཚོགས་ཡིན་པའི་ཕྱིར་རོ། །རུལ་པ་ཞེས་བྱ་བ་ནི་ནད་རུལ་བའི་ཕྱིར་རོ། །དྲི་ང་བ་ཞེས་བྱ་བ་ནི་
ཕྱི་ས་ལ་སོགས་པའི་དྲི་དང་ལྡན་པའི་ཕྱིར་རོ། །གཞན་ལ་བརྟེན་ཞེས་བྱ་བ་ནི་གཞན་དང་འབྲེལ་པ་སྟེ། དེ་ལ་གཞན་ལ་བརྟེན་པ་ཡོད་པའི་ཕྱིར་རོ། །བདག་གིར་བྱེད་ཅེས་བྱ་བ་ནི་སྐྱེས་པ་གཞན་དག་ལ་ཁྱིམ་ཐབ་ཏུ་འཛིན་པའི་བློ་སྐྱེད་པའི་ཕྱིར་རོ། །གསོང་ལྡོང་ཕོལ་མིག་ངལ་སྐྱེན་ལྡན། །ཞེས་བྱ་བ་
ལ། གསོང་ལྡོང་ཞེས་བྱ་བ་ནི་སྦུབས་ཀྱི་ནད་དོ། །ཕོལ་མིག་ཅེས་བྱ་བ་ནི་ཁ་ཡངས་པའི་ནད་དོ། །ངལ་སྐྱེན་ཞེས་བྱ་བ་ནི་དུབ་པའི་ནད་དེ། དེས་ན་ཁྱོད་གསོང་ལྡོང་དང་ལྡན་པ་དང་། ཕོ་ལ་མིག་དང་ལྡན་པ་དང་། ངལ་སྐྱེན་པ་དང་ལྡན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུད་ལམ་དགུ་ནས་ཞེས་བྱ་བ་ནི་
เล่ม ๑๕๗ · หน้า 196a
མིག་དང་། རྣ་བ་དང་། སྣ་དང་། ཁ་དང་། བཤང་བའི་ལམ་དང་། གཅི་བའི་ལམ་གྱི་རྒྱུད་ཀྱི་སྒོ་དག་ནས་སོ། །རབ་ཏུ་འཛག་པ་བཞིན་ཞེས་བྱ་བ་ནི་རྟག་ཏུ་མི་གཙང་བའི་རྒྱུན་འཛག་པའོ། །དབྱར་དུས་ཞེས་བྱ་བ་ནི་དབྱར་གྱི་དུས་སོ། །གཏི་མུག་གི་མུན་པས་བསྒྲིབས་པ་ཞེས་བྱ་བ་
ནི་མི་ཤེས་པའི་མུན་པས་བསྒྲིབས་པའོ། །གླང་རྒན་ཞེས་བྱ་བ་ནི་བ་གླང་རྒན་པའོ། །ཁྱོ་ལ་ཆགས་པར་བྱེད་ཅེས་བྱ་བ་ནི་འདོད་ཆགས་སྐྱེད་པར་བྱེད་པའོ། །སྐལ་བ་ཆེན་པོ་ཞེས་བྱ་བ་ནི་བསོད་ནམས་ཆེ་བ་སྟེ་བདག་ཉིད་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལ་བརྟེན་ཞིང་ཞེས་བྱ་བ་ནི་འདིར་སྐྱེས་པ་གཞན་
ལ་གཞོལ་བར་ཞེས་བྱ་བར་རིགས་ཤེས་པར་བྱའོ། །ཨུཏྤ་ལ་དག་གི་ལག་པ་ཞེས་བྱ་བ་ནི་ལག་པ་གང་བའོ། །ཆོལ་བར་གྱུར་ཞེས་བྱ་བ་ནི་བགྲོད་པ་མ་ཡིན་པའི་སྐྱེས་པ་དག་དང་ལྷན་ཅིག་འདྲེས་པར་གྱུར་པའོ། །སྨྱན་བྱེད་པ་ཞེས་བྱ་བ་ནི་འཕྱོན་མ་བྱེད་པའི་བུད་མེད་དང་སྐྱེས་པ་དག་སྡུད་པར་བྱེད་
པའོ། །ལམ་པོ་ཆེ་ན་འདུག་པ་ཞེས་བྱ་བ་ནི་ལམ་པོ་ཆེའི་ནང་ན་རྣམ་པར་གནས་པའོ། །སྨད་པའི་གནས་ཞེས་བྱ་བ་ནི་སྐྱོན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །མི་རིགས་པ་ཞེས་བྱ་བ་ནི་ཚུལ་དང་མི་མཐུན་པ་ཉིད་ཀྱི་ཕྱིར་ཏེ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་བྱུང་བ་ནི་ཟས་
འདོད་པ་དང་མི་མཐུན་པའི་ཕྱིར་རོ། །ཆོས་དེ་སོ་སོར་འཆགས་སོ་ཞེས་བྱ་བ་ནི་མཐོལ་བ་ཙམ་གྱིས་མཐོལ་བ་ལས་ལྟུང་བ་མ་ཡིན་གྱི་མཐོལ་ནས་དེའི་འོག་ཏུ་བཤགས་ན་ལྟུང་བ་ལས་ལྡང་བར་འགྱུར་བའོ། །སོ་སོར་བཤགས་པར་བྱ་སྟེ་ཞེས་བྱ་བ་ནི་དགེ་སློང་མང་པོ་རྣམས་ཀྱི་མདུན་དུ་ལྷན་ཅིག་མཐོལ་
བར་བྱའོ། །དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ་དང་པོའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འཆིང་བ་མཐའ་དག་ཡོད་པ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་མ་བརྩེགས་པའོ། །བསྒོ་ཞིང་འདུག་ན་ཞེས་བྱ་བ་ནི་སྦྱིན་དུ་འཇུག་ཅིང་འདུག་ནའོ། །དགེ་སློང་དེ་རྣམས་
ཀྱིས་འདི་སྐད་ཅེས་སྲིང་མོ་ཁྱོད་དགེ་སློང་རྣམས་ཟ་བའི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་ལ་སོགས་པ་ཐམས་ཅད་ཀྱིས་སོ་སོ་ནས་བཙལ་བར་བྱ་སྟེ། གཅིག་གིས་ཀྱེ་བསྒོ་ན་ཡང་བསྒོ་བ་ཉིད་ཡིན་ལ་གཞན་དུ་ན་སོ་སོར་ཉེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །
เล่ม ๑๕๗ · หน้า 196b
གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་ཅེས་སྨྲ་བ་མ་སྤོབས་ན་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་གཅིག་གིས་ཀྱང་ཚིག་འདི་མངོན་སུམ་དུ་བྱེད་མ་ནུས་ན་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་རྣམས་ཁང་ཐོག་ན་ཟན་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། དེ་ན་ཞེས་བྱ་བ་ནི་ཁང་ཐོག་ནའོ། །དགེ་སློང་
དེ་དག་གིས་ཞེས་བྱ་བ་ནི་ཁང་ཐོག་ན་ཟན་ཟ་ན་ཟན་ཟ་བ་དེ་དག་གིས་སོ། །མ་བསྒོས་པར་ཟ་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་ཁང་ཐོག་ན་ཟན་ཟ་བ་རྣམས་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ་དེ་དག་གི་མདུན་ན་དགེ་སློང་མ་བསྒོ་ཞིང་འདུག་པའི་ཕྱིར་རོ། །དྲི་བར་བྱའོ་ཞེས་བྱ་བ་ནི་ཁང་ཐོག་
ན་ཟན་ཟ་བ་རྣམས་ལའོ། །མ་དྲིས་པར་ཟ་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་དེ་དག་གི་མངོན་སུམ་མ་ཡིན་པའི་ཕྱོགས་ན་དགེ་སློང་མ་དེ་བསྒོ་ཞིང་འདུག་པའི་ཕྱིར་རོ། །དེའི་སྔོན་དུ་བོས་པ་དང་ཡང་དག་པར་འཛིན་དུ་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དེར་དེ་ལ་དང་པོ་ཉིད་ནས་བཅོལ་བའི་ཕྱིར་
རོ། །བྱུག་རིས་སྟོན་པ་དང་མ་བྱིན་པ་ལ་སྦྱིན་དུ་འཇུད་པ་ལ་ལྟུང་བ་མེད་དེ་ཞེས་བྱ་བ་ནི་སྦྱིན་དུ་འཇུད་པའི་གཏོགས་འདོད་མེད་པའི་ཕྱིར་རོ། །སོ་སོར་བཤགས་པར་བྱ་བ་དང་པོ་དང་གཉིས་ནི་གྲོང་པའི་བཤེས་པ་ཡོད་པར་དོགས་པ་ལ་སོགས་པའི་སྐབས་བཟློག་པའི་ཕྱིར་བཅས་པ་མཛད་དོ། །
གྲལ་རིམས་སུ་མ་འཚེམས་པར་འདྲིམ་དུ་འཇུད་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བསླབ་པའི་སྡོམ་པ་ཞེས་བྱ་བ་ལ། བསླབ་པ་ཞེས་བྱ་བ་ནི་དགེ་འདུན་གྱི་རེས་པའོ། །དེས་བསྡམས་ཤིང་ཡོངས་སུ་སྤང་བ་ནི་
བསླབ་པའི་སྡོམ་པའོ། །གསོལ་བ་འབའ་ཞིག་གི་ལས་བྱས་ཏེ་ཞེས་བྱ་བ་ནི་དགེ་འདུན་ལས་གསོལ་བ་ལས་བརྗོད་པ་མེད་པ་འབའ་ཞིག་པ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་དུ་མཁོ་བར་མི་བྱ་ཞེས་བྱ་བ་ལ་སོགས་པ་ནི་བསོད་སྙོམས་ལེན་པ་ལ་སོགས་པ་ཞར་ལ་འབྱུང་བ་དགག་པའི་ཕྱིར་རོ། །
བསླབ་པའི་སྡོམ་པས་བསྡམས་པ་ཞེས་བྱ་བ་ནི་བསླབ་པའི་སྡོམ་པས་བཟློག་པའོ། །ཚུལ་ཤིང་གིས་བཀོལ་གྱི་ཞེས་བྱ་བ་ནི་གྲངས་ཀྱིས་བཀོལ་བས་ཏེ། འཁོར་རྣམ་བཞི་ལས་ཕྱི་རོལ་དུ་བྱས་ཞེས་བྱ་བའི་ཐ་ཚིག་གོ། །བཤོས་ཤིན་ཏུ་བཀག་ཀྱང་ཞེས་བྱ་བ་ནི་ཟན་ནི་བགོད་པའི་ཕྱིར་ཤིན་
เล่ม ๑๕๗ · หน้า 197a
ཏུ་བཀག་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །བུམ་པས་བུམ་པ་འགེངས་ཏེ་ཞེས་བྱ་བ་ནི་ཇི་ལྟར་བུམ་པས་བུམ་པ་འགེངས་པར་བྱེད་པ་དེ་བཞིན་དུ་དགེ་བསྙེན་དག་གིས་ཀྱང་དགེ་སློང་དག་ལ་སྦྱིན་ལ་དགེ་སློང་དག་གིས་ཀྱང་དགེ་བསྙེན་ལ་སྦྱིན་པས་བླ་མ་དང་སློབ་མའི་བྱེ་བྲག་མེད་དོ་ཞེས་བྱ་བར་
བསམས་པའོ། །ཁྱིམ་ནས་བྱུང་ནས་བླང་བར་བྱའོ་ཞེས་བྱ་བ་ནི་ཁྱིམ་ནས་བྱུང་བའི་འབྲས་བུ་དང་རྩ་བ་དང་ལྡམ་ལྡུམ་ལ་སོགས་པ་མོད་པ་བླངས་པ་ལ་འདུ་འགོད་མེད་པས་བླང་བར་གནང་བའོ། །ལོངས་སྤྱོད་འཕེལ་ཞེས་བྱ་བ་ནི་བརྟས་པའོ། །དགེ་སློང་གི་དགེ་འདུན་དོན་བཞེད་པ་ཞེས་བྱ་བ་ནི་ཡོ་བྱད་
འཕེལ་བར་བཞེད་པའོ། །ཕན་པ་བཞེད་པ་ཞེས་བྱ་བ་ནི་ལུས་དང་འཁོར་ཕུན་སུམ་ཚོགས་པར་འདོད་པའོ། །ཐོས་པའི་ཉེ་འཁོར་ནས་བཀར་ཏེ་ཞེས་བྱ་བ་ནི་སྒྲའི་སྤྱོད་ཡུལ་ནས་སྤངས་ཏེའོ། །སྣང་བའི་ཉེ་འཁོར་དུ་བཞག་ནས་ཞེས་བྱ་བ་ནི་གསོལ་བའི་མཚན་མ་བསྟན་པར་བྱ་བའི་ཕྱིར་རོ། །འདིར་
ཁ་ཅིག་གསོལ་བ་དང་གཉིས་ཀྱིས་ལས་སུ་སྨྲ་བ་དེ་ནི་མི་རུང་ངོ་། །སོ་སོར་བཤགས་པར་བྱ་བ་འདི་ནི་ཚོད་མི་ཤེས་པ་དང་། སྐུར་པ་འདེབས་པ་ལ་སོགས་པ་སྤང་བའི་ཕྱིར་བཅའ་བ་མཛད་དོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྟེ་གསུམ་པའི་ཚིག་རྣམ་པར་བཤད་
པ་རྫོགས་སོ།། །།ཟླ་བའི་རྒྱབ་སུས་མཐོང་ཞེས་བྱ་བ་ནི་ཇི་ལྟར་སུས་ཡང་ཟླ་བའི་རྒྱབ་ཀྱི་ཆ་མི་དཔྱོད་ཀྱི་མདུན་གྱི་ཆ་མཐོང་བ་ཉིད་ཀྱིས་དགའ་བར་འགྱུར་བ་དེ་བཞིན་དུ་ནོར་ཉེ་བར་གནས་པ་འདི་ཉིད་བླང་བ་ཡིན་གྱི་ཕྱིས་ཅིར་འགྱུར་བར་དཔྱད་པར་བྱ་མི་དགོས་སོ་སྙམ་དུ་བསམས་པའོ། །ཆུ་དག་
ཅེས་བྱ་བ་ནི་ཤིང་རྟའི་མདའ་དང་གཤོལ་མདའ་གཉའ་ཤིང་ལ་བཅིང་བའི་འབྲེང་བའོ། །ཤིང་རྟའི་མདའ་ཞེས་བྱ་བ་ནི་ཤིང་རྟའི་གདོང་གི་ཤིང་གཉའ་ཤིང་དང་འབྲེལ་པའོ། །བཅོས་པ་ཞེས་བྱ་བ་ནི་སྤྲོས་པ་བརྗོད་པ་ནའོ། །བསེལ་བ་དག་གིས་ཤེས་རབ་མདའ་བ་དག་གིས་སོ། །ནགས་ཉུལ་བ་
ཞེས་བྱ་བ་ནི་ནགས་འཇིགས་པ་དང་བཅས་སམ་འཇིགས་པ་མེད་པ་ཉིད་རྟོག་པ་གང་ཡིན་པའོ། །དཔག་ཚད་ཕྱེད་ནས་བཟུང་སྟེ་ཁོ་ར་ཁོར་ཡུག་ཏུ་ནགས་བྱུལ་བར་བྱའོ་ཞེས་བྱ་བ་ནི་ཕྱོགས་བཞིར་རྒྱང་གྲགས་བཞི་བཞིར་བྱུལ་བར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །འཇིགས་པ་ཐ་དད་པས་འཇིགས་སུ་
เล่ม ๑๕๗ · หน้า 197b
རུང་བ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་འཆི་བའི་རྒྱུར་གྱུར་པ་སྦྲུལ་དང་སྡིག་པ་ལ་སོགས་པ་འཇིགས་པ་ཐ་དད་པ་སྡིག་པ་ལ་སོགས་པ་འཇིགས་པ་དང་འཁྲུག་པའི་རྒྱུར་གྱུར་པ་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པའོ། །
ནགས་ཉུལ་བ་ཤིའམ་བྲོས་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་འདི་ལ་བྱུང་བའི་བློ་ཡོད་ན་ལྟུང་བ་མེད་དོ། །སོ་སོར་བཤགས་པར་བྱ་བ་འདི་ནི་སྦྱིན་བདག་ལ་གནོད་པ་དང་། བདག་ཉིད་འགེངས་པའི་སྐུར་པ་བཟློག་པའི་ཕྱིར་བཅའ་བ་མཛད་དོ། །ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་
བ་སྟེ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བ་ལས་སོ་སོར་བཤགས་པར་བྱ་བ་རྣམས་ཀྱི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྐྱོན་མེད་པ་ལ་འཇུག་པས་དགེ་སློང་ཉིད་ལ་དགོད་པ་ཞེས་བྱ་
བ་ལ། སྐྱོན་མེད་པ་ཞེས་བྱ་བ་ནི་ངན་སོང་མྱོང་བར་འགྱུར་བའི་ལས་མི་བྱེད་པ་དང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཀུན་དུ་མི་འབྱུང་བ་དང་། སྲིད་པ་བརྒྱད་པ་ལ་སོགས་པ་མི་ལེན་པ་ལ་སོགས་པའི་སྐྱོན་མེད་པར་ལུས་ལ་ཁྱབ་པར་བྱེད་པ་སྟེ་མཐོང་བའི་ལམ་མོ། །དེ་སྐྱེ་བ་ནི་སྐྱོན་མེད་
པར་འཇུག་པའོ། །མཐོང་བའི་ལམ་སྐྱེས་པས་དགེ་སློང་ཉིད་ལ་བཀོད་པ་ཞེས་བྱ་བ་ནི་མཐོང་བའི་ལམ་སྐྱེས་པས་དགེ་སློང་གི་སྡོམ་པ་ཉིད་ཐོབ་པ་སྟེ། སྨོན་ལམ་གྱི་དབང་གིས་དགེ་སྦྱོང་གི་ལམ་འཁོར་དང་བཅས་པ་ཐོབ་པས་དགེ་སྦྱོང་གི་དངོས་པོ་རྫོགས་པར་བསྙེན་པ་ཉིད་ལ་བཀོད་དོ་ཞེས་
བྱ་བའི་ཐ་ཚིག་གོ། །ཤམ་ཐབས་ཟླུམ་པོ་ཞེས་བྱ་བ་ནི་མ་མཐའི་ཁ་མཉམ་པར་འདུག་པའོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་ནན་ཏན་བྱའོ། །ཧ་ཅང་རྩེངས་པ་ཞེས་བྱ་བ་ནི་ཟླུམ་པོ་ཡིན་དུ་ཟིན་ཀྱང་པུས་མོ་གཉིས་ལས་གོང་དུ་ཐལ་བ་ཡིན་ནོ། །ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་ཞེས་བྱ་བ་ནི་འདི་ལྟར་བྱས་
ན་བཟང་ངོ་སྙམ་པས་དེ་མི་ཤེས་པ་དང་བྲལ་བ་ཡིན་ནོ། །བསླབ་པར་གྱུར་པ་ཞེས་བྱ་བ་ནི་མཛེས་པའི་ཕྱིར་དེ་ནི་རབ་ཏུ་བྱུང་བ་དག་གིས་རྗེས་སུ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ཁོང་དུ་ཆུད་པར་གྱུར་པའོ། །ཧ་ཅང་འཇོལ་བ་ཞེས་བྱ་བ་ནི་ལོང་བུའི་ཚིགས་ལ་རེག་པ་ཉིད་དུ་ཧ་ཅང་འཇོལ་བའོ། །མདུན་འཕྱང་བ་ཞེས་བྱ་
เล่ม ๑๕๗ · หน้า 198a
བ་ནི་མདུན་ནས་བརླ་དབྲག་ཏུ་གླང་པོ་ཆེའི་སྣ་ལྟར་ནར་བའོ། །གླང་པོ་ཆེའི་སྣ་ལྟར་ཞེས་བྱ་བ་ནི་གླང་པོ་ཆེའི་སྣ་འདྲ་བར་རོ། །གློ་དག་ཏུ་ལྟེབས་པ་ཞེས་བྱ་བ་ནི་གློའི་ཕྱོགས་དག་ཏུ་ནམ་མཁའ་ལྡིང་གི་གཤོག་པ་ལྟ་བུ་གདེངས་ཀ་བྱེད་པའོ། །ཏ་ལའི་ལོ་མ་ལྟར་ལྟབ་པ་ཞེས་བྱ་བ་ནི་ཤིང་ཏ་
ལའི་ལོ་མའི་ཚོགས་ལྟར་བསྡུས་པའོ། །འབྲུའི་ཕུར་མ་ལྟར་ཞེས་བྱ་བ་ནི་ནས་ཆན་གྱི་ཕུར་མའི་རྣམ་པ་ལྟར་བསྡུས་པའོ། །སྦྲུལ་མགོའི་གདེངས་ཀ་ལྟར་ཞེས་བྱ་བ་ནི་མདུན་གྱི་ལྟེ་བའི་འོག་ཏུ་ཤམ་ཐབས་ཀྱི་ནང་འབྲེལ་པའི་རིམ་པ་བསྡུས་ཏེ་སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བར་བྱེད་པའོ། །བསླབ་
པ་བསྡུ་བའི་མདོ་ཞེས་བྱ་བ་ནི་བསླབ་པ་བགྲང་བའི་དོན་དུ་ཡང་དག་པར་སྡུད་པར་བྱེད་པས་མདོ་བྱས་པ་ཡིན་ནོ། །བསྡུས་པའི་མདོ་དང་པོའོ།། །།ཆོས་གོས་ཞེས་བྱ་བ་ནི་བླ་གོས་དང་སྣམ་སྦྱར་རོ། །ཤིན་ཏུ་བསྡམས་ཤིང་ཞེས་བྱ་བ་ནི་ལག་པ་དང་རྐང་པ་བརྐྱོང་བ་ལ་སོགས་པ་མི་བྱ་བར་མཉམ་པར་གཞག་
ཅིང་ངོ་། །ཆོས་གོས་བསྡུས་ཤིང་ཕྲག་པ་ལ་གཟར་ཏེ་ཞེས་བྱ་བ་ནི་མདུན་དང་རྒྱབ་ཏུ་ཕྲེང་བ་བཞིན་དུ་དཔྱངས་ཏེ་གཡས་གཡོས་སུ་བསྡུས་ཤིང་ཕྲག་གོང་དུ་བཀལ་བའོ། །ལེགས་པར་བགོས་ཤིང་ཞེས་བྱ་བ་ནི་ལུས་ལེགས་པར་གཡོགས་ཤིང་ངོ་། །བྱུང་རྒྱལ་སྨྲས་པས་སྒྲ་འབྱིན་ཞིང་ཞེས་བྱ་བ་ནི་དོན་དང་མི་
ལྡན་པའི་ཚིག་རྒོད་བག་གིས་བསྐྱོད་པ་སྨྲ་ཞིང་ངོ་། །སྒྲ་བསྐྱུང་ཞིང་ཞེས་བྱ་བ་ནི་ཅ་ཅོ་བསྐྱུང་ཞིང་ངོ་། །མིག་གཡེངས་ཤིང་ཞེས་བྱ་བ་ནི་མིག་གཞན་དུ་བལྟ་ཞིང་ངོ་། །སྐར་མ་ལ་རྟོག་པ་ཞེས་བྱ་བ་ནི་སྐར་མཁན་དག་གོ། །མིག་གཡེང་བར་མི་བྱ་བ་ཞེས་བྱ་བ་ནི་མིག་འཁྲུལ་པར་མི་བྱའོ། །གཉའ་ཤིང་གང་
ཙམ་དུ་ལྟ་ཞིང་ཞེས་བྱ་བ་ནི་གཉའ་ཤིང་གང་ཙམ་དུ་བལྟ་བའི་ངང་ཚུལ་ཡོད་པའོ། །བསྡུ་བའི་མདོ་གཉིས་པའོ།། །།མགོ་གཡོགས་ཞེས་བྱ་བ་ནི་རས་ལ་སོགས་པས་མགོ་གཡོགས་པའོ། །ཤམ་ཐབས་བརྫེས་ཞེས་བྱ་བ་ནི་མདོམས་ཀྱི་ཕྱོགས་སྣང་བ་ཙམ་དུ་ཤམ་ཐབས་བརྫེས་པའོ། །མ་བརྫེས་
བར་ཞེས་བྱ་བ་ནི་ཤམ་ཐབས་མ་བརྫེས་པར་རོ། །ཆོས་གོས་ཕྲག་པ་ལ་གཟར་ཏེ་ཞེས་བྱ་བ་ནི་ཆོས་གོས་ཟླུམ་པོར་གྱོན་པ་ལས་ཕྲག་པ་གཡོན་ལོགས་ཕྲག་པ་ལ་གཟར་བའོ། །མི་གཟར་བར་ཞེས་བྱ་བ་ནི་ཆོས་གོས་ཕྲག་པ་ལ་མི་གཟར་བའོ། །ལག་པ་གཉའ་གོང་དུ་བསྣོལ་ཞེས་བྱ་བ་ནི་ལག་ངར་གཉིས་
เล่ม ๑๕๗ · หน้า 198b
མདུན་དུ་བསྣོལ་ཏེ་སོར་མོ་གཉའ་གོང་དུ་གཞག་པའོ། །གཉའ་གོང་དུ་མི་བསྣོལ་བར་ཞེས་བྱ་བ་ནི་ལག་པ་གཉིས་སོ། །ལག་པ་ལྟག་པར་བསྣོལ་ཞེས་བྱ་བ་ནི་ལག་པ་ལྟག་པར་སྤྲད་དེ་སོར་མོ་བསྣོལ་བའོ། །ལྟག་པར་མི་བསྣོལ་བར་ཞེས་བྱ་བ་ནི་ལག་པ་གཉིས་ལྟག་པར་མི་བསྣོལ་བའོ། །བསྡུ་བའི་མདོ་གསུམ་པའོ།། །།
མཆོང་ཞེས་བྱ་བ་ནི་མཆོང་ཞིང་འགྲོ་བའོ། །མི་མཆོང་ཞིང་ཞེས་བྱ་བ་ནི་མཆོང་ཞིང་མཆོང་ཞིང་འགྲོ་བར་མི་བྱ་བའོ། །གོམ་པ་ཧ་ཅང་ཆེན་པོ་ཞེས་བྱ་བ་ནི་སྒྱིད་པ་ཧ་ཅང་བརྒྱངས་ཏེ་གོམ་པ་ཆེན་པོར་འདོར་བའོ། །བརྐྱང་བར་ཞེས་བྱ་བ་ནི་སྒྱིད་པ་ཧ་ཅང་བརྐྱང་སྟེ་གོམ་པ་ཆེན་པོར་འདོར་བའོ། །མི་བརྐྱང་བར་ཞེས་བྱ་བ་ནི་སྒྱིད་པ་བརྐྱང་
བསྐུམ་བྱེད་ཅིང་གོམ་པ་ཆེན་པོར་འགྲོ་བར་མི་བྱ་བའོ། །ཙོག་པུར་ཁྱིམ་གཞན་དུ་འདོང་ནས་ཞེས་བྱ་བ་ནི་རྐུབ་ཚོས་ས་ལ་མ་རེག་པར་འདུག་སྟེ་འདོང་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཙོག་པུས་མ་ཡིན་པ་ཞེས་བྱ་བ་ནི་ཙོག་པུར་འགྲོ་བར་མི་བྱ་བའོ། །རྐང་པའི་བྲང་བ་དག་གིས་ཁྱིམ་གཞན་དུ་འདོང་བར་བྱེད་ཅེས་བྱ་བ་ནི་
རྐང་པའི་རྟིང་པ་བཏེག་སྟེ་སོར་མོའི་བྲང་བ་ས་ལ་ཕབ་ཅིང་འགྲོ་བའོ། །བྱིས་པ་ཁྱེའུ་མིག་མ་བཞིན་དུ་བརྩེ་བ་དག་ཅེས་བྱ་བ་ནི་གང་དག་མིག་མ་བཞིན་དུ་ལུས་དྲང་པོར་བརྩེ་བའི་ཕྱིར་རྐང་པའི་སོར་མོ་དག་གིས་རྒྱུག་པ་དག་གོ། །བྲང་བས་མ་ཡིན་པར་ཞེས་བྱ་བ་ནི་རྐང་པའི་རྟིང་པ་བཏེག་སྟེ་སོར་མོའི་བྲང་བ་ས་ལ་ཕབ་ཅིང་
འགྲོ་བར་མི་བྱ་བའོ། །ལག་པ་གཉིས་དཀུར་བརྟེན་ཏེ་ཞེས་བྱ་བ་ནི་ལག་པ་གཉིས་རྐེད་པའི་ཕྱོགས་སུ་གཏད་དེ་གྲུ་མོ་གཉིས་བརྐྱང་བའོ། །དཀུར་མི་བརྟེན་པར་ཞེས་བྱ་བ་ནི་ལག་པ་གཉིས་རྐེད་པའི་ཕྱོགས་སུ་བརྟེན་ཏེ་གྲུ་མོའི་ཕྱོགས་སྨྱུང་སྨྱུང་པོར་བྱས་ཏེ་འགྲོ་བར་མི་བྱ་བའོ། །བསྡུ་བའི་མདོ་བཞི་པའོ།། །།
ལུས་སྒྱུར་ཞིང་ཞེས་བྱ་བ་ནི་རོ་སྟོད་སྒྱུར་ཞིང་ངོ་། །ལུས་མི་སྒྱུར་བར་ཞེས་བྱ་བ་ནི་ལུས་སྒྱུར་བ་ཞེས་བྱ་བ་བྱ་བའི་བྱེ་བྲག་བྱེད་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །ལག་པ་ཀྱོག་ཅིང་ཞེས་བྱ་བ་ནི་ལག་པ་ཀྱོག་པ་ཞེས་བྱ་བ་བྱ་བའི་བྱེ་བྲག་བྱེད་ཅིང་ངོ་། །ལག་པ་མི་ཀྱོག་པ་ཞེས་བྱ་བ་ནི་ལག་པ་ཀྱོག་ཅིང་ཁྱིམ་
གཞན་དུ་འགྲོ་བར་མི་བྱ་བའོ། །མགོ་བསྒྱུར་ཞེས་བྱ་བ་ནི་མགོ་བསྒྱུར་བར་བྱ་བའི་བྱེ་བྲག་བྱེད་ཅིང་ཁྱིམ་གཞན་དུ་འགྲོ་བའོ། །མགོ་མི་སྒྱུར་བར་ཞེས་བྱ་བ་ནི་མགོ་མི་བསྒྱུར་ཞིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །ཕྲག་པ་སྤྲོད་ཅེས་བྱ་བ་ནི་གཞན་དང་ཕྲག་པ་སྤྲོད་པའོ། །ཕྲག་པ་མི་སྤྲོད་པར་ཞེས་བྱ་བ་ནི་གཞན་
เล่ม ๑๕๗ · หน้า 199a
དང་ཕྲག་པ་གཉིས་སྤྲད་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱ་བའོ། །ལག་པ་སྦྲེལ་ཞེས་བྱ་བ་ནི་གཞན་དང་ལག་པ་སྦྲེལ་བའོ། །ལག་པ་མི་སྦྲེལ་བར་ཞེས་བྱ་བ་ནི་གཞན་དག་དང་ལག་པ་སྦྲེལ་ཏེ་ཁྱིམ་གཞན་དུ་འགྲོ་བར་མི་བྱ་བའོ། །ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་
བྱའོ་ཞེས་བྱ་བ་མན་ཆད་འདི་ཡན་ཆད་ཐམས་ཅད་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །བསྡུ་བའི་མདོ་ལྔ་པའོ།། །།མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཁྱིམ་བདག་གིས་མ་བསྒོ་བར་དགེ་སློང་ཁྱིམ་པའི་ཁྱིམ་དུ་སྟན་ལ་འདུག་པར་མི་བྱའོ། །སྟན་ལ་མི་བརྟག་
པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱ་བ་ནི་ཁྱིམ་གཞན་དུ་སྟན་ལ་མ་བརྟགས་པར་གྱ་ཚོམ་འདུག་པར་མི་བྱ་བའོ། །མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཞེས་བྱ་བ་ནི་ཁྱིམ་ནས་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་པར་སངས་རྒྱས་ནས་ལོ་དྲུག་ལོན་ནས་
ཞེས་བྱ་བ་ནི་བཅུ་གཉིས་པོ་དེ་དག་ལས་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་རྫོགས་པར་སངས་རྒྱས་ནས་ལོ་དྲུག་ལོན་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དངོས་པོ་བསྟན་པའི་ཕྱིར་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཅིང་ཞེས་གསུངས་ལ། དེ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་ལོ་ནི་དྲུག་ཡོད་དོ་ཞེས་བྱ་
བའི་ཐ་ཚིག་གོ། །མཐོ་བཙམས་སོ་ཞེས་བྱ་བ་ནི་བརྙས་པའོ། །ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་བྱ་བ་ནི་རོ་སྟོད་རོ་སྨད་ཀྱི་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་དུས་གཅིག་ཏུ་མི་དབབ་པའི་ཐ་ཚིག་གོ། །རྐང་པ་མི་བསྣོལ་བར་ཞེས་བྱ་བ་ནི་རྐང་པའི་སྟེང་དུ་རྐང་པ་གཞག་སྟེ་འདུག་པར་མི་བྱ་བའོ། །བརླ་
མི་བསྣོལ་བར་ཞེས་བྱ་བ་ཡང་བརླའི་སྟེང་དུ་བརླ་གཞག་སྟེ་འདུག་པར་མི་བྱ་བའོ། །ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པར་ཞེས་བྱ་བ་ཡང་ལོང་བུའི་སྟེང་དུ་ལོང་བུ་གཞག་སྟེ་འདུག་པར་མི་བྱ་བའོ། །རྐང་པ་མི་དགུག་པར་བྱ་ཞེས་བྱ་བ་ནི་རྐང་པ་གཉིས་བཀུག་སྟེ་འདུག་པར་མི་བྱ་བའོ། །རྐང་པ་མི་གདངས་པར་
ཞེས་བྱ་བ་ནི་རྐང་པ་གཉིས་ཐད་ཀར་གདངས་ཏེ་འདུག་པར་མི་བྱ་བའོ། །མདོམས་མི་སྣང་བར་ཞེས་བྱ་བ་ནི་འཇུད་པའི་མཚན་གྱི་ཕྱོགས་མི་སྣང་བར་འདུག་པར་བྱའོ། །བསྡུ་བའི་མདོ་དྲུག་པའོ།། །།ཁང་བཟངས་པདྨ་ཅན་ཞེས་བྱ་བ་ནི་ཁང་བཟངས་པདྨའི་རྣམ་པ་འདྲ་བའི་ཕྱིར་དང་། པདྨ་ལྟར་བྲིས་པའི་ཕྱིར་
เล่ม ๑๕๗ · หน้า 199b
རོ། །ཚོན་བརྒྱ་རྩ་གཅིག་གིས་བྲིས་པ་ཞེས་བྱ་བ་ནི་ཚོན་རྩི་བརྒྱ་རྩ་གཅིག་གིས་བྲིས་པའོ། །ལེགས་པར་ཟས་བླང་བར་བསླབ་པར་བྱའོ་ཞེས་བྱ་བ་ནི་བྱིན་ལེན་ལེགས་པར་བྱ་བའོ། །མུ་དང་ཁ་ད་ཆད་དུ་མ་ཡིན་པར་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་ཁའི་མུ་དང་ཁ་ད་ཆད་དུ་གང་བ་མ་ཡིན་པར་ཟས་བླང་བར་བྱ་བའོ། །ཚོད་
མ་དང་མཉམ་པ་མ་ཡིན་པར་ཞེས་བྱ་བ་ནི་བཟའ་བ་གང་ལ་ཚོད་མ་དང་མཉམ་པ་ནི་ཚོད་མ་དང་མཉམ་པ་སྟེ་དེ་ལྟ་བུ་མ་ཡིན་པར་ཟས་བླང་བར་བྱ་བའོ། །མཐར་ཆགས་སུ་ཞེས་བྱ་བ་ནི་སྟན་ལ་འདུག་པའི་གྲལ་གྱི་རིམ་པ་བཞིན་དུ་ཟས་བླང་བར་བྱ་བའོ། །ལྷུང་བཟེད་ལ་བལྟ་ཞིང་ཞེས་བྱ་བ་ནི་ལྷུང་བཟེད་དང་
འབྲེལ་པ་ཡིན་གྱི་ཟས་ལེགས་པར་བླང་བར་བྱ་བའོ། །བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་ཞེས་བྱ་བ་ནི་ཇི་སྲིད་དུ་བཅའ་བ་དང་བཟའ་བ་མངོན་སུམ་དུ་མ་འོངས་པ་དེ་སྲིད་དུ་ལྷུང་བཟེད་མི་བཟེད་པར་བསླབ་པར་བྱ་བའོ། །ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་
མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པ་ཞེས་བྱ་བ་ནི་ཐོབ་པར་བྱའོ་སྙམ་པའི་བསམ་པས་འབྲས་ཆན་གྱི་ས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱ་བའོ། །བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བ་ཞེས་བྱ་བ་ནི་བཅའ་བ་དང་བཟའ་བ་དེའི་
སྟེང་དུ་ལྷུང་བཟེད་གཟུང་བར་མི་བྱ་བའོ། །བསྡུ་བའི་མདོ་བདུན་པའོ།། །།རྣམ་པར་འགྱུར་བ་དག་གིས་ཟས་ཟ་བར་བྱེད་ནས་ཞེས་བྱ་བ་ནི་རྐང་ལག་རྐྱོང་བ་ལ་སོགས་པ་དག་གིས་སོ། །ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བ་ནི་རྐང་ལག་རྐྱོང་བ་དང་ཁམ་ཆེ་ཆུང་
ལ་སོགས་པ་མ་ཡིན་པས་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བ་སྟེ། འདི་ནི་བསླབ་པའི་གཞི་མགོ་མ་ལྔའི་ལུས་ལྟ་བུ་ཡིན་ནོ། །ཁམ་ཧ་ཅང་ཆུང་བ་ཞེས་བྱ་བ་ཡིན་པ་ལ། ཁམ་ཞེས་བྱ་བ་ནི་ཁར་ཁམ་ཚད་དུ་གཞུག་ཅིང་མིད་པའི་ཕྱིར་ཁམ་ཞེས་བྱ་སྟེ། ཧ་ཅང་ཆུང་བ་མ་ཡིན་པར་
ཟས་བཟའ་བར་བསླབ་པར་བྱ་བའོ། །ཁམ་ཧ་ཅང་ཆེན་པོ་མ་ཡིན་པ་ཞེས་བྱ་བ་ནི་ཁམ་ཧ་ཅང་ཆེན་པོ་ཡང་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །ཁམ་རན་པ་ཞེས་བྱ་བ་ནི་རང་དང་མཐུན་པ་དང་འཇིག་རྟེན་དང་མཐུན་པའི་ཁམ་རན་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །ཁམ་
เล่ม ๑๕๗ · หน้า 200a
མ་གཟས་པར་ཁ་མི་གདངས་ཞེས་བྱ་བ་ནི་ཇི་སྲིད་དུ་ཁམ་ཁའི་སྒོར་ཉེ་བར་མ་འོངས་པ་དེ་སྲིད་དུ་ཁའི་སྒོ་གདངས་པར་མི་བྱའོ། །སྐད་ཉམས་པར་གྱུར་ཅེས་བྱ་བ་ནི་སྒྲ་འགགས་པར་གྱུར་པའོ། །ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཁའི་ནང་ཁམ་གྱིས་
གང་བཞིན་དུ་སྨྲ་བར་མི་བྱ་བའོ། །བསྡུ་བའི་མདོ་བརྒྱད་པའོ།། །།ཙུག་ཙུག་མི་བྱ་བ་ལ། ཙུག་ཙུག་ཅེས་བྱ་བ་ཏེ་པོར་སྐྱུར་བར་སྟོན་པའི་སྒྲ་ཙུག་ཙུག་ཅེས་བྱ་བ་མི་གསལ་བར་ཡང་དང་ཡང་དུ་བྱེད་པ་སྟེ། དེ་ལྟ་བུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། །བལྕག་བལྕག་མི་བྱ་བ་ལ།
བལྕག་བལྕག་ཅེས་བྱ་བ་ནི་ཏེ་པོར་མངར་བར་སྟོན་པའི་སྒྲ་ལ་བལྕག་ཟེར་བ་ཡང་དང་ཡང་དུ་བྱེད་པ་སྟེ། དེ་ལྟ་བུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ། །ཧུ་ཧུ་མི་བྱ་ཞེས་བྱ་བ་ལ་ཧུ་ཧུ་ཞེས་བྱ་བ་ནི་ཏེ་པོར་གྲང་བ་བསྲོ་བའི་ཕྱིར་ཁའི་དབུགས་ཧུ་ཞེས་བྱ་བའི་སྒྲ་མི་གསལ་བར་ཡང་དང་ཡང་དུ་བྱེད་
པ་སྟེ། དེ་ལྟ་བུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའོ། །ཕུ་ཕུ་མི་བྱ་ཞེས་བྱ་བ། ཕུ་ཕུ་ཞེས་བྱ་བ་ཏེ་པོར་ཚ་བ་བགྲང་བའི་ཕྱིར་ཕུ་ཞེས་བྱ་བ་ཁའི་དབུགས་ཀྱི་སྒྲ་མི་གསལ་བ་ཡང་དང་ཡང་དུ་བྱེད་པ་སྟེ། དེ་ལྟ་བུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའོ། །ལྕེ་ཕྱུང་སྟེ་ཟས་མི་བཟའ་
བར་བྱའོ་ཞེས་བྱ་བ་ནི་ཟན་ཟ་བ་ན་ལྕེ་ཕྱིར་ཕྱུང་སྟེ་བཟའ་བར་མི་བྱ་བའོ། །བསྡུ་བའི་མདོ་དགུ་པའོ།། །།འབྲུ་གནས་ཐ་དད་དུ་མི་བྱ་ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པའི་འབྲུ་དག་རེ་རེ་ནས་བཏུ་ཞིང་བཟའ་བར་མི་བྱ་བའོ། །འཕྱས་མི་གདགས་ཞེས་བྱ་བ་ནི་ཟས་ལ་འཕྱས་སྨོད་མི་བྱ་བའོ། །མཁུར་
བ་མི་སྤོ་ཞེས་བྱ་བ་ནི་མཁུར་བ་གཉིས་བཀང་སྟེ་གཡས་གཡོས་བསྐྱེད་འབྲིར་སྤོ་བར་མི་བྱ་བའོ། །རྐན་མི་གཏོག་ཅེས་བྱ་བ་ནི་ལྕེས་རྐན་གཏོག་ཅིང་ཟན་བཟའ་བར་མི་བྱ་བའོ། །ཁམ་འཕྲོར་མི་བཅད་ཅེས་བྱ་བ་ནི་ཁམ་འཕྲོར་བཅད་ཅིང་ཟན་བཟའ་བར་མི་བྱ་བའོ། །བསྡུ་བའི་མདོ་བཅུ་པའོ།། །།
ལག་པ་མི་ལྡག་ཅེས་བྱ་བ་ནི་ཟས་གང་ལ་ལག་པ་ལྡག་པ་ཡོད་པ་དེ་ནི་མི་ལྡག་པར་ཟས་བཟའ་བར་བྱ་བའོ། །ལྷུང་བཟེད་མི་བྱོག་ཅེས་བྱ་བ་ཡང་ཟས་གང་ལ་ལྷུང་བཟེད་བྱོག་པ་ཡོད་པ་དེ་སོར་མོས་མི་བྱོག་པར་ཟས་བཟའ་བའོ། །ལག་པ་མི་སྤྲུག་ཅེས་བྱ་བ་ནི་ལག་པ་ལ་ཟས་ཆགས་པ་མི་
เล่ม ๑๕๗ · หน้า 200b
སྤྲུག་པར་ཟས་བཟའ་བར་བྱ་བའོ། །ལྷུང་བཟེད་མི་བསྐྱམ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་ནང་དུ་ཟས་ལ་སོགས་པ་བླུགས་ཏེ་མི་བསྐྱམ་པར་ཟས་བཟའ་བར་བྱ་བའོ། །ངན་འགྲོ་རྫོགས་པར་བྱེད་པ་རྫོགས་པར་བྱེད་ཀྱི་ཞེས་བྱ་བ་ནི་འདྲོ་བ་སྐྱོང་གི་བུ་རྫོགས་བྱེད་ཅེས་བྱ་བ་ངན་འགྲོ་རྫོགས་པར་བྱེད་པ་དེའི་
ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཆོད་རྟེན་འདྲ་བ་བཅོམ་སྟེ་ཞེས་བྱ་བ་ནི་བཤིག་སྟེའོ། །བསྡུ་བའི་མདོ་བཅུ་གཅིག་པའོ།། །།དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་ཞེས་བྱ་བ་ནི་གང་ལ་འཕྱས་གདགས་པའི་ཕྱིར་བལྟ་བའི་ཚུལ་ཡོད་པ་དེ་ནི་འཕྱས་གདགས་
པའི་ཕྱིར་ལྟ་བ་སྟེ། དེས་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བའོ། །ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་བཟུང་ཞེས་བྱ་བ་ནི་ལག་པ་ཟས་དང་འབགས་པས་བཏུང་བའམ་གློར་གཞག་པའི་ཆུ་བྱ་མ་བུམ་ལ་སོགས་པ་ལ་མི་གཟུང་བའོ། །དྲུང་ན་འདུག་
པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་ཞེས་བྱ་བ་ནི་དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ་བ་སྟེ། དྲུང་ན་འདུག་པ་ཞེས་བྱ་བ་དང་། ཟས་དང་འབགས་པ་ཞེས་བྱ་བ་ནི་མཚོན་པ་ཙམ་སྟེ་གཞན་ན་འདུག་པ་དང་། ཟས་དང་མ་འབགས་པ་ཡང་དེ་བཞིན་
ནོ། །ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་ཞེས་བྱ་བ་ནི་ཁྱིམ་བདག་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་དེ་ཁྱིམ་པའི་ཁྱིམ་དུ་མི་དབོ་བར་བསླབ་པར་བྱ་བའོ། །བསྡུ་བའི་མདོ་བཅུ་གཉིས་པའོ།། །།ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་
ཞེས་བྱ་བ་ནི་ཤིང་ཏོག་ལ་སོགས་པ་ཕྱེད་ཕྱེད་ཟོས་པ་ངན་མར་གྱུར་པ་ལྷུང་བཟེད་ཀྱིས་མི་དོར་བར་བྱ་བའོ། །ལྕགས་ཀྱི་བཙའ་ཞེས་བྱ་བ་ནི་ལྕགས་ཀྱི་དྲི་མའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་ཅེས་བྱ་བ་ནི་ལྷུང་བཟེད་ཀྱི་གདུ་བུ་དང་ལོ་མ་ལ་སོགས་པའི་འོག་གཞི་མེད་པའི་ས་ཕྱོགས་
སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱ་བའོ། །གད་ཀ་མ་ཡིན་པ་ཞེས་བྱ་བ་ནི་ངམ་གྲོག་གི་ཁ་མ་ཡིན་པར་རོ། །གཡང་ས་མ་ཡིན་པ་ཞེས་བྱ་བ་ནི་བྱིན་གྱིས་གཞོལ་བའི་གཡང་ས་མ་ཡིན་པར་རོ། །དཀན་གཟར་པོ་མ་ཡིན་པར་ཞེས་བྱ་བ་ནི་བང་རིམ་ལྟར་ཕྱིར་བྱུང་བའི་གཞི་གཟར་པོ་མ་ཡིན་པའོ། །འགྲེང་
เล่ม ๑๕๗ · หน้า 201a
སྟེ་ལྷུང་བཟེད་མི་བཀྲུ་ཞེས་བྱ་བ་དེ་ནི་ས་མཉམ་པར་བཀག་པ་ཡིན་ནོ། །གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་ཞེས་བྱ་བ་ནི། །གད་ཀ་དང་གཡང་ས་དང་དཀན་གཟར་པོར་ནི་འདུག་སྟེ་ལྷུང་བཟེད་བཀྲུ་བ་ཡང་བཀག་པ་ཡིན་ནོ། །འབབ་
ཆུ་དྲག་པོ་ཞེས་བྱ་བ་ནི་ཤུགས་དྲག་ཏུ་འབབ་པ་སྟེ། ཤིང་ལ་སོགས་པ་ཁྱེར་བར་བྱེད་པའི་ཕྱིར་རོ། །རྒྱུན་ལས་བཟློག་པ་སྟེ་ཞེས་བྱ་བ་ནི་འབབ་པའི་རྒྱུན་ཕྱོགས་ལས་བཟློག་སྟེའོ། །འདི་ནི་ཆུའི་ཤུགས་ཀྱི་ས་ལྷུང་བཟེད་ཆག་པ་ལ་སོགས་པར་འགྱུར་བས་དགག་པ་མཛད་དོ། །བསྡུ་བའི་མདོ་བཅུ་གསུམ་
པའོ།། །།མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་ཅེས་བྱ་བ་ནི་ཉན་པ་པོ་མི་ན་བར་འདུག་པ་ལ་དགེ་སློང་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་ཅེས་བྱ་བ་ནི་ཉན་པ་པོ་མི་ན་བར་ཉལ་བ་ལ་དགེ་སློང་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་
བའོ། །མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་ཅེས་བྱ་བ་ནི་ཉན་པ་པོ་མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་དགེ་སློང་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་ཅེས་བྱ་བ་
ནི། ཉན་པ་པོ་མི་ན་བར་མདུན་དུ་འགྲོ་བ་ལ་དགེ་སློང་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་ཅེས་བྱ་བ་ནི་ཉན་པ་པོ་མི་ན་བར་ལམ་ནས་འགྲོ་བ་ལ། དགེ་སློང་ལམ་གོལ་བ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་
པར་བྱ་བའོ། །བསྡུ་བའི་མདོ་བཅུ་བཞི་པའོ།། །།མི་ན་བར་མགོ་གཡོགས་པ་ལ་ཆོས་མི་བཤད་ཅེས་བྱ་བ་ལ་སོགས་པ་ནི་ཉན་པ་པོ་མི་ན་བར་མགོ་གཡོགས་པ་དང་། ཤམ་ཐབས་བརྫེས་པ་དང་། ཆོས་གོས་གཟར་བ་དང་། ལག་པ་གཉའ་གོང་དུ་བསྣོལ་བ་དང་། ལག་པ་ལྟག་པར་བསྣོལ་བ་ལ་
དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱ་སྟེ། འདི་དག་ནི་རྒོད་བག་དང་མ་གུས་པའི་ཕྱིར་དགག་པ་མཛད་དོ། །བསྡུ་བའི་མདོ་བཅོ་ལྔ་པའོ།། །།མི་ན་བར་སྐྲ་དོ་ཀེར་ཅན་ལ་ཆོས་མི་བཤད་ཅེས་བྱ་བ་ལ་སོགས་པ་ནི་རྒོད་བག་དང་མ་གུས་པའི་ཆ་ལུགས་ཡིན་པའི་ཕྱིར་དགག་པ་མཛད་དོ། །སྐྲ་དོ་ཀེར་
เล่ม ๑๕๗ · หน้า 201b
ཅན་ཞེས་བྱ་བ་ནི་སྐྲ་གྱེན་དུ་གཙུག་ཏོར་ལྟར་བཅིངས་པའོ། །མགོ་དཀྲིས་པ་ཞེས་བྱ་བ་ནི་ཐོད་བཅིངས་པའོ། །བསྡུ་བའི་མདོ་བཅུ་དྲུག་པའོ།། །།མི་ན་བར་གླང་པོ་ཆེ་ཞོན་པ་ལ་ཆོས་མི་བཤད་ཅེས་བྱ་བ་ལ་སོགས་པ་ནི་རྒོད་བག་དང་མ་གུས་པ་ཡིན་པའི་ཕྱིར་དགག་པ་མཛད་དོ། །ཁྱོགས་ན་འདུག་
པ་ཞེས་བྱ་བ་ནི་མིས་བཏེག་པའི་ཁྱོགས་ན་འདུག་པའོ། །བཞོན་པའི་སྟེང་ན་འདུག་པ་ཞེས་བྱ་བ་ནི་ཤིང་རྟ་ལ་སོགས་པ་མིས་བཏེག་པ་མ་ཡིན་པའི་སྟེང་ན་འདུག་པའོ། །མཆིལ་ལྷམ་གྱོན་པ་ཞེས་བྱ་བ་ནི་ཤིང་དང་ཀོ་བ་ལ་སོགས་པ་ལས་བྱས་པའི་མཆིལ་ལྷམ་གྱོན་པའོ། །བསྡུ་བའི་མདོ་བཅུ་བདུན་
པའོ།། །།མི་ན་བར་ལག་ན་ཁར་བ་ཐོགས་པ་ལ་ཆོས་མི་བཤད་ཅེས་བྱ་བ་ལ་སོགས་པ་ལ་ནི་རྒོད་བག་དང་མ་ཞི་བ་དང་། མ་གུས་པའི་ཆ་ལུགས་ཡིན་པའི་ཕྱིར་དགག་པ་མཛད་དོ། །མཚོན་ཞེས་བྱ་བ་ནི་མདུང་དང་འཕང་མདུང་ལ་སོགས་པའོ། །དགྲ་ཆ་ཞེས་བྱ་བ་ནི་མདའ་གཞུའོ། །བསླབ་པ་
བསྡུ་བའི་མདོ་བཅོ་བརྒྱད་པའོ།། །།སྔོན་ནི་བདག་ཅག་བསྲུང་བར་བྱས་པར་གྱུར་ཞེས་བྱ་བ་ནི་ཁྱིམ་ཉིད་ན་རྒྱལ་པོའི་ཕོ་བྲང་ལ་བརྟེན་པས་བསྐྱངས་པའི་ཕྱིར་རོ། །རྩྭ་སྔོན་པོ་ཡོད་པའི་ཕྱོགས་ཞེས་བྱ་བ་ནི་སྔོ་སྐྱེས་པ་སྟེ་དེ་ནི་བརྟེན་པ་ཡིན་པའི་ཕྱིར་དགག་པ་མཛད་དོ། །རླུགས་པ་ལ་སོགས་པ་ནི་མཁྲིས་
པ་ལ་སོགས་པ་ཁར་དབྱུང་བ་དང་། མ་ཞུ་བ་ཐུར་དུ་དབྱུང་བའོ། །བསྡུ་བའི་མདོ་བཅུ་དགུ་པའོ།། །།མི་གང་ཙམ་ཞེས་བྱ་བ་ནི་མིའི་ལུས་ཀྱི་སྲིད་ཙམ་མོ། །མཆོངས་པར་བྱས་ཏེ་ཞེས་བྱ་བ་ནི་གྱེན་དུ་མཆོངས་ཏེའོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་
མཛད་པ་ཉེ་བར་སྦྱར་བ་ལས་བསླབ་པའི་ཆོས་མང་པོ་རྣམས་ཀྱི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་ལྟུང་བ་སྡེ་ལྔ་དང་འབྲེལ་བ་ལས་རྩོད་པ་བྱུང་བ་རྣམས་ཇི་ལྟར་ཞི་བར་འགྱུར་བ་དེ་བསྟན་པའི་ཕྱིར་རྩོད་པ་ཉེ་བར་ཞི་བར་བྱ་བའི་ཆོས་བདུན་སྟོན་ཏོ། །མངོན་སུམ་དུ་འདུལ་བ་ལ་མངོན་སུམ་
དུ་འདུལ་བ་སྦྱིན་ནོ་ཞེས་བྱ་བ་ལ། མངོན་སུམ་དུ་ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་མངོན་སུམ་དུ་འདུལ་བའི་ཞི་བ་གང་ལ་ཡོད་པ་དེ་ནི་མངོན་སུམ་དུ་འདུལ་བའོ། །འདུལ་བ་ཞེས་བྱ་བ་ནི་རྩོད་པ་ཞི་ཞིང་འདུལ་བའོ། །དེ་སྦྱིན་པར་འོས་པའི་གང་ཟག་གང་ཡིན་པའམ། རྩོད་པ་གང་ཡིན་
เล่ม ๑๕๗ · หน้า 202a
པ་དེ་ལ་ནི་མངོན་སུམ་དུ་འདུལ་བ་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རྟག་པ་དང་། མི་རྟག་པ་དང་། ཡོད་པ་དང་། མེད་པ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་མ་ཡིན་པ་ལ་སོགས་པ་དངོས་པོའི་ངོ་བོ་ཉིད་ཀྱི་སྐབས་སུ་འགྱེད་པའི་ཕྱིར་རྩོད་པ་བྱུང་ན། མདོ་
སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་དག་གམ་མཁན་པོ་དང་། སློབ་དཔོན་དག་གམ། དགེ་འདུན་ཐམས་ཅད་དམ། གནས་གཞན་གྱི་དགེ་འདུན་ནམ། གནས་བརྟན་གཙོ་བོའི་ངེས་པ་བསྐྱེད་པས་རྩོད་པ་དེ་ཞི་བར་འགྱུར་བས་དེའི་ཕྱིར་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་དུ་འདུལ་བ་བྱས་ཏེ་འདིར་དོན་ནི་འདི་
ཡིན་ནོ། །དྲན་པས་འདུལ་བ་ལ་དྲན་པས་འདུལ་བ་སྦྱིན་ནོ་ཞེས་བྱ་བ་འདི་ནི་འདིས་དྲན་པར་བྱེད་པས་ན་དྲན་པ་སྟེ་ཡུལ་མ་བརྗེད་པ་ལ་དུས་གཞན་ན་ཉམས་སུ་མྱོང་བ་དང་བྱས་པ་ཤེས་པ་སྐྱེ་བ་བསྐུལ་བའི་གང་ཟག་གང་གི་རྒྱུད་ལ་རྣམ་པར་གནས་པའི་དྲན་པ་དེས་རྩོད་པ་ཞི་བར་བྱ་བ་གང་ལས་འདུལ་བ་
ཡོད་པ་དེ་ནི་དྲན་པས་འདུལ་བའོ། །དེ་འོས་པའི་གང་ཟག་གང་ཡིན་པའམ་རྩོད་པ་གང་ཡིན་པ་དེ་ལ་དྲན་པས་འདུལ་བ་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འདི་ལྟུང་བ་འབྱུང་ངོ་ཞེས་བྱ་བ་གདམས་ངག་འཇོག་པའམ། གསོ་སྦྱོང་དང་དགག་དབྱེ་གཞག་པས་མི་གདམས་པའི་ཕྱིར་རྩོད་པ་བྱུང་བ་དེ་ལ་
ནི་ལྟུང་བ་མེད་པའམ། གཞན་བྱས་པའམ་མ་བྱས་པའི་ཕྱིར་བཅོས་ཟིན་པ་ལ་མི་གདམས་པ་བྱས་ན་བསྐུལ་བའི་གང་ཟག་གི་ཚུལ་ཁྲིམས་དང་། ཐོས་པ་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་མཆོག་ཏུ་གྱུར་པ་དེ་ནི་ཚད་མར་གྱུར་པ་ན་དེས་དྲན་པ་གང་ཡིན་པ་དེས་རྩོད་པ་དེ་ཞི་བར་འགྱུར་བས་དེའི་ཕྱིར་
མི་གདམས་པའི་ཕྱིར་རྩོད་པ་ལ་ནི་དྲན་པས་འདུལ་བ་བྱས་ཏེ་འདིར་དོན་ནི་དེ་ཡིན་ནོ། །མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ཞེས་བྱ་བ་ནི་མ་མྱོས་པ་མྱོས་པ་ལ་སོགས་པ་མེད་པ་ཐ་སྙད་དུ་རུང་བ་བདག་ཉིད་དེས་རྩོད་པ་ཞི་བར་བྱ་བ་གང་ལ་འདུལ་བ་གང་ཡོད་པ་དེ་ནི་མ་མྱོས་པས་འདུལ་
བའོ། །དེ་འོས་པས་མ་མྱོས་པས་འདུལ་བ་སྦྱིན་ཏེ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པས་མྱོས་པའི་གནས་སྐབས་ན་བྱ་བ་མ་ཡིན་པ་སྤྱད་པ་དེའི་རྒྱུས་གདམས་ངག་ལ་སོགས་པ་གཞག་པས་མི་གདམས་པའི་ཕྱིར་རྩོད་པ་བྱུང་བ་དེ་ལ་ནི་
เล่ม ๑๕๗ · หน้า 202b
མྱོས་པའི་གནས་སྐབས་ན་ལྟུང་བ་མེད་པས་མ་མྱོས་པའི་བདག་ཉིད་ཀྱིས་གང་བྱས་པ་དེ་ཚད་མ་ཡིན་པས་མ་མྱོས་པས་ཞི་བར་བྱས་ཏེ། དེ་མི་གདམས་པའི་ཕྱིར་རྩོད་པ་ལ་ནི་མ་མྱོས་པ་འདུལ་བ་ཡང་བྱས་ཏེ་འདིར་དོན་ནི་དེ་ཡིན་ནོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་
མོང་པོ་སྦྱིན་ནོ་ཞེས་བྱ་བ་ནི་ཞི་བར་བྱ་བའི་ཕྱིར། ཚུལ་ཤིང་མང་པོ་བྲིམས་པས་རྩོད་པ་ཞི་བར་བྱ་བ་གང་ལ་ཡོད་པ་དེ་ནི་ཚུལ་ཤིང་མང་པོ་སྦྱིན་པར་འོས་པའོ། །དེ་འོས་པ་ལ་ནི་ཚུལ་ཤིང་མང་པོ་སྦྱིན་པ་གང་ཡིན་པའོ། །དེ་ལ་རྟག་པ་དང་མི་རྟག་པ་ལ་སོགས་པའི་རྒྱུ་ལ་འགྱེད་པའི་
ཕྱིར་རྩོད་པ་བྱུང་བ་གང་གི་ཚེ། མཁན་པོ་དང་སློབ་དཔོན་དང་གནས་བརྟན་གྱི་མཐར་ཐུག་པའི་བར་དག་གིས་ངེས་པར་བྱ་བར་མ་ནུས་པ་དེའི་ཚེ་ན་བསམ་པ་བཙལ་བའི་ཕྱིར་ཚུལ་ཤིང་འབྲིམ་པར་བྱེད་ཅིང་། ཕྱོགས་གང་ལ་ཚུལ་ཤིང་མང་བ་དེ་རྒྱལ་ཞིང་ཅིག་ཤོས་ཕམ་པར་གྱུར་པ་དེས་
རྩོད་པ་ཞི་བར་འགྱུར་བ་དེའི་ཕྱིར་རྩོད་པ་ལ་ནི་ཚུལ་ཤིང་མང་པོ་སྦྱིན་པ་ཡང་བྱས་ཏེ་འདིར་དོན་ནི་དེ་ཡིན་ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བ་སྦྱིན་ནོ་ཞེས་བྱ་བ་ནི་བསྐུལ་བའི་གང་ཟག་དེ་ལྟུང་བའི་ངོ་བོ་ཉིད་གང་ཡིན་པ་དང་། རིགས་གང་ཡིན་
པ་དང་། གང་གིས་ཀུན་ནས་བསླང་བ་ལ་སོགས་པའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དེ་དང་མཐུན་པ་རྩོད་པ་ཞི་བར་བྱ་བ་གང་ལ་ཡོད་པ་དེ་ནི་ངོ་བོ་ཉིད་ཚོལ་དུ་གཞུག་པའོ། །དེ་འོས་པ་དེ་ལ་ངོ་བོ་ཉིད་བཙལ་བ་སྦྱིན་ནོ། །དེ་ལ་དགེ་སློང་གང་གིས་ལྟུང་བ་བྱས་ནས་དགེ་འདུན་
གྱི་ནང་དུ་དྲིས་པ་ན་ཤེས་ལ། དེའི་འོག་ཏུ་སྦྱོང་བ་ལ་སོགས་པའི་དུས་ན་བརྗེད་ངས་པའི་ཕྱིར་མི་ཤེས་ན་དེ་ལྟུང་བ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པའི་ཕྱིར་དང་། གུས་པ་བསྐྱེད་པའི་ཕྱིར་དང་། ངོ་བོ་ཉིད་ཚོལ་དུ་གཞུག་པ་ཞེས་བྱ་བ་ནི་ཆད་པའི་ལས་བྱེད་དུ་གཞུག་སྟེ་དེས་ན་ལྟུང་བ་དེའི་
རྒྱུས་མི་གདམས་པའི་ཕྱིར་རྩོད་པ་འབྱུང་བ་དེ་ཞི་བར་འགྱུར་བས། དེའི་ཕྱིར་མི་གདམས་པའི་ཕྱིར་རྩོད་པ་ལ་ནི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ཡང་བྱས་ཏེ་འདིར་དོན་ནི་དེ་ཡིན་ནོ། །གང་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱ་བའོ་ཞེས་བྱ་བ་ནི། བདག་ལ་ལྟུང་བ་བྱུང་ངོ་ཞེས་
เล่ม ๑๕๗ · หน้า 203a
ཁས་ལེན་པ་ནི་ཁས་བླང་བར་བྱ་བ་དེས་རྩོད་པ་ཞི་བར་བྱ་བ་གང་ལ་ཁས་བླངས་པ་ཡོད་པ་དེ་ནི་ཁས་བླང་བར་བྱ་བའོ། །དེ་འོས་པ་དེ་ལ་ནི་ཁས་བླང་བར་བྱ་བའོ། །དེ་ལ་ཁྱོད་ཀྱིས་ལྟུང་བ་བྱས་སོ་ཞེས་བསྐུལ་བ་ལས་རྒོལ་བ་དང་ཕྱིར་རྒོལ་བ་དང་། དེའི་འཁོར་དགེ་སློང་གི་
ཕྱོགས་གཅིག་ཏུ་གྱུར་པ་དག་ལྟུང་བའི་ཕྱིར་རྩོད་པ་བྱུང་ན། གང་གི་ཚེ་བསྐུལ་བའི་གང་ཟག་གིས་བདག་ལ་ལྟུང་བ་བྱུང་ངོ་ཞེས་ཁས་ལེན་པར་བྱེད་པ་དེའི་ཚེ་རྩོད་པ་ཞི་བར་བྱེད་པས་དེའི་ལྟུང་བའི་རྩོད་པ་ལ་ནི་ཁས་བླང་བར་བྱ་སྟེ་འདིར་དོན་ནི་དེ་ཡིན་ནོ། །རྩྭ་བཀྲམ་པ་ལྟ་བུར་འོས་པ་ལ་རྩྭ་
བཀྲམ་པ་ལྟ་བུ་སྦྱིན་ནོ་ཞེས་བྱ་བ་ནི་རྩྭ་བཀྲམ་པ་དང་འདྲ་བར་ཕན་ཚུན་མཐུན་པར་བཀྲམ་ཞིང་འདུད་པར་བྱེད་པས་གླེང་བར་བྱ་བ་དང་། གླེང་བ་པོ་ཕྱོགས་ཀྱི་དགེ་སློང་རྣམས་རྩོད་པ་ཞི་བར་བྱ་བ་གང་ལ་རྩྭ་བཀྲམ་པ་ལྟ་བུར་མཐུན་པར་བྱེད་པ་དེ་ནི་རྩྭ་བཀྲམ་པ་ལྟ་བུའོ། །དེ་འོས་པ་
དེ་ལ་ནི་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ནོ། །དེ་ལ་ཁྱོད་ཀྱིས་ལྟུང་བ་བྱས་སོ་ཞེས་ཕན་ཚུན་གླེངས་པ་ལས་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ཀྱི་རྣམ་པར་གནས་པས་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པར་གྱུར་ན་གང་གི་ཚེ་ཕྱོགས་གཉི་གས་ཀྱང་ཕན་ཚུན་མཐུན་པར་ཁས་ལེན་པར་
བྱེད་པ་དེའི་ཚེ་ན་དེ་དག་གི་རྩོད་པ་དེ་ཞི་བར་འགྱུར་བས་དེའི་ཕྱིར་ལྟུང་བའི་ཕྱིར་རྩོད་པ་ལ་ནི་རྩྭ་བཀྲམ་པ་ལྟ་བུ་ཡང་བྱ་སྟེ་འདིར་དོན་ནི་དེ་ཡིན་ནོ། །ཆོས་ཞེས་བྱ་བ་ནི་ཚུལ་བཞིན་དུའོ། །འདུལ་བ་ཞེས་བྱ་བ་ནི་འདུལ་བའི་ཚུལ་བཞིན་དུའོ། །སྟོན་པའི་བསྟན་པ་བཞིན་དུ་ཞེས་བྱ་བ་ནི་
འཕགས་པའི་བདེན་པ་བཞི་བསྟན་པའི་མདོ་སྡེའི་མཚན་ཉིད་ཀྱི་ཚུལ་བཞིན་དུའོ། །གདུལ་བར་བྱ་ཞེས་བྱ་བ་ནི་སྦྱོར་བས་སོ། །ཞི་བར་བྱ་ཞེས་བྱ་བ་ནི་དངོས་ཀྱིས་སོ། །རྣམ་པར་ཞི་བར་བྱའོ་ཞེས་བྱ་བ་ནི་མཇུག་གིས་སོ། །འགྱེད་པ་མངོན་སུམ་ཚུལ་ཤིང་དང་། །མི་གདམས་
དྲན་དང་མ་མྱོས་དང་། །ལྟུང་བ་ཁས་བླངས་རྩྭ་བཀྲམ་དང་། །དེ་ཉིད་ཚོལ་དུ་གཞུག་པའོ། །ངེས་ཕྱིར་དེ་ཉིད་མེད་ཕྱིར་དང་། །མ་མྱོས་རང་གིས་ཁས་བླངས་དང་། །རོ་གཅིག་ཡོངས་སུ་ཤེས་ཕྱིར་ཏེ། །བྱ་བ་ཀུན་ཡོད་བསྡུ་བ་ཡིན། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་
เล่ม ๑๕๗ · หน้า 203b
པར་བཤད་པ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བ་ལས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་གྱི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་སོ་སོར་ཐར་པའི་མདོ་མདོར་བསྡུས་ཏེ་གདོན་པའི་སྒོ་ནས་དེ་བཞིན་གཤེགས་པ་བདུན་གྱི་འདུལ་བ་བསྟན་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་སློབ་མ་རྣམས་ནི་ཉེས་པ་ཆུང་བར་གྱུར་ཏེ། ཆོས་ལ་དགའ་བའི་འདོད་ཆགས་དང་། །དམ་པ་མ་ཡིན་པའི་ཆོས་ལ་ཞུགས་པའི་མུ་སྟེགས་ཅན་རྣམས་ལ། འཚེ་བ་ལ་མངོན་པར་དགའ་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་
སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། བཟོད་པ་དཀའ་ཐུབ་བཟོད་པ་དམ་པ་ཡི། །མྱ་ངན་འདས་པ་མཆོག་ཅེས་རྒྱལ་བས་གསུངས། །རབ་ཏུ་བྱུང་བས་གཞན་ལ་གནོད་པ་དང་། །གཞན་ལ་
འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་བྱ་བའོ། །དེ་ལ་བཟོད་པ་ཞེས་བྱ་བ་ནི་བཟོད་པར་བྱེད་པ་སྟེ། གཞན་གྱི་ཉེས་པ་དང་དུ་ལེན་པའམ། གཞན་ལ་ཞེ་སྡང་མེད་པའོ། །དེ་ཉིད་དཀའ་ཐུབ་དམ་པ་ཡིན་ཏེ་སེམས་ཀྱི་ཞེ་སྡང་སྦྱོང་བར་བྱེད་པའི་ཕྱིར་དང་། སྙིང་རྗེ་བསྐྱེད་པའི་ཕྱིར་རོ། །
བཟོད་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ། བཟོད་པ་ཞེས་བྱ་བ་ནི་བཟོད་པར་བྱེད་པ་སྟེ་སྡུག་བསྔལ་གྱི་བདེན་པའི་ཡུལ་གྱི་བདེན་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དག་བཟོད་པའི་ཤེས་རབ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །
དེ་སྔོན་དུ་བཏང་བའམ། དེས་ཉེ་བར་བསྟན་པའི་མྱ་ངན་ལས་འདས་པ་ནི་བཟོད་པའི་མྱ་ངན་ལས་འདས་པ་སྟེ་ཟག་པ་མེད་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པའོ། །དེ་མཆོག་ཅེས་སངས་རྒྱས་གསུང་ཞེས་བྱ་བ་ནི་བཟོད་པའི་མྱ་ངན་ལས་འདས་པ་དེ་དངོས་པོ་ཐམས་ཅད་ཀྱི་
མཆོག་ཡིན་ནོ་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་སྟེ། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པ་ནི་གཏན་དུ་བ་མ་ཡིན་ལ། ཟག་པ་མེད་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པ་ནི་གཏན་དུ་བ་ཡིན་ཏེ། ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཇི་
เล่ม ๑๕๗ · หน้า 204a
ལྟར་ན་བཟོད་པ་དཀའ་ཐུབ་དམ་པ་ཡིན་ཏེ། དེའི་ཕྱིར་རབ་ཏུ་བྱུང་བས་གཞན་ལ་གནོད་པ་དང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་ཏེ། གཞན་ལ་གནོད་པ་ཞེས་བྱ་བ་ནི་ཡིད་ཀྱིས་གནོད་པ་བྱེད་པའོ། །གཞན་ལ་འཚེ་བས་ཞེས་བྱ་བ་ནི་ལུས་དང་ངག་དང་གཉིས་
ཀྱིས་འཚེ་བའོ། །དགེ་སྦྱོང་ཞེས་བྱ་བ་ནི་ཞི་བའི་བདག་ཉིད་དོ། །འདི་སྐད་བསྟན་ཏེ། གང་ཕྱིར་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བས་རབ་ཏུ་བྱུང་བའི་དགེ་སྦྱོང་རྫོགས་པ་མ་ཡིན་པ་དེའི་ཕྱིར་བཟོད་པ་ནི་དཀའ་ཐུབ་དམ་པ་ཡིན་ལ། དེའི་འབྲས་བུ་བཟོད་པས་ཐོབ་པའི་མྱ་ངན་ལས་འདས་
པ་ཡང་མཆོག་ཡིན་པས། དེའི་ཕྱིར་རབ་ཏུ་བྱུང་བས་བཟོད་པ་བསྟེན་པར་བྱའོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་སློབ་མ་རྣམས་ནི་ཉེས་པ་ཆུང་བར་གྱུར་ཏེ། གཞན་གྱི་ཉེས་པ་སྒྲོགས་པ་མང་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་
སུ་སྤང་བའི་ཕྱིར། བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ། ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པ་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང་། །སྐུར་པ་མི་གདབ་
གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །རབ་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བའོ། །དེ་ལ། མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ་
དུ། །ཞེས་བྱ་བ་ནི་ཇི་ལྟར་མི་མིག་དང་ལྡན་པ་ལོང་བ་མ་ཡིན་པ་འགྲོ་བ་ཡོད་པ་ཤེས་པས་ངམ་གྲོག་དང་། ཚེར་མ་དང་། སྡིག་སྦྲུལ་ལ་སོགས་པ་ཉམ་ང་བ་སྡུག་བསྔལ་གྱི་རྒྱུར་གྱུར་པའི་གནས་མི་མཉམ་པ་དག་ཡོངས་སུ་སྤོང་བར་བྱེད་པ་དེ་བཞིན་དུ། མཁས་པས་འཚོ་བའི་འཇིག་རྟེན་
འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང་། །ཞེས་བྱ་བ་གསུངས་ཏེ། མཁས་པ་བློ་དང་ལྡན་པ་ཡང་འཚོ་བའི་འཇིག་རྟེན་འཁོར་བ་འདི་ན་སྡིག་པ་གང་དག་ཡིན་པ་དེ་དག་མྱུར་དུ་སྤོང་བར་བྱེད་དོ། །ཇི་ལྟར་སྡིག་པ་དེ་དག་ཡོངས་སུ་སྤང་བར་བྱ་ཞེ་ན། དེའི་ཕྱིར། སྐུར་པ་མི་གདབ་
เล่ม ๑๕๗ · หน้า 204b
གནོད་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུར་པ་མི་གདབ་ཅེས་བྱ་བ་ནི་གཞན་ལ་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་དང་། བྱུང་བས་སྐུར་པ་མི་གདབ་པའོ། །གནོད་མི་བྱ་བ་ནི་གཞན་ལ་རྡེག་པ་དང་ཚིག་རྩུབ་པོ་ལ་སོགས་པས་གནོད་པར་མི་བྱ་བའོ། །སོ་སོར་
ཐར་པའང་བསྡམ་པར་བྱ། །ཞེས་བྱ་བ་ལ། སོ་སོར་ཐར་པ་ཞེས་བྱ་བ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་འཁྱལ་པ་དང་། ངག་རྩུབ་པོ་དག་སྤངས་པའི་སྡོམ་པའི་རིས་བདུན་པོ་དག་གོ། །དེ་བསྡམ་
པར་བྱ་བ་ནི་ཡོངས་སུ་བསྲུང་བར་བྱ་སྟེ། དེ་བཟློག་པའི་མཚན་ཉིད་དང་། སྤྱད་པའི་མཚན་ཉིད་རྣམ་པ་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པའི་ཚུལ་ཁྲིམས་བསྟན་པར་བྱའོ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །ཞེས་བྱ་བ་ནི་འདི་ལྟར་དགེ་སློང་རྣམས་ཀྱིས་ཟས་རུང་བ་འདི་ལ་ཟས་
ཀྱི་ཚོད་ཀྱང་ཤེས་པར་བྱ་སྟེ། ཇི་ཙམ་གྱིས་ལུས་ལྕི་བ་དང་རྨྱ་བར་མི་འགྱུར་བ་དེ་ཙམ་གྱི་ཚོད་ཡོངས་སུ་ཤེས་པར་བྱ་བའོ། །རབ་མཐའི་གནས་སུ་གནས་པར་བྱ། །ཞེས་བྱ་བ་ནི་རབ་ཀྱི་མཐར་གྱུར་པའི་གནས་དབེན་པར་གནས་པར་བྱ་སྟེ། འདིས་ནི་ལུས་དང་ཡུལ་ལེགས་པར་མཐུན་
པ་དག་གི་ལམ་བསྒོམ་པའི་ཚོགས་བསྟན་པར་ཤེས་པར་བྱ་བའོ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །ཞེས་བྱ་བ་ལ། ལྷག་པའི་སེམས་ཞེས་བྱ་བ་ནི་སེམས་ཡོངས་སུ་སྦྱོང་བར་བྱེད་པ་སྟེ། གང་གིས་འདོད་ཆགས་ཀྱི་སྒྲིབ་པ་དང་གཏི་མུག་གི་སྒྲིབ་པ་ལས་སེམས་རྣམ་པར་སྦྱོང་བ་སྟེ།
དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་ནོ། །དེ་ལ་ཡང་དག་པར་སྦྱོར་བ་ནི་ཡང་དག་པའི་རྣལ་འབྱོར་དུ་བྱ་བ་སྟེ། འདིས་ནི་ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་པར་བྱའོ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི་
དེ་བཞིན་གཤེགས་པས་མདོར་བསྟན་པ་འདི་ནི་ཚོགས་དང་བཅས་པའི་ལམ་བསྟན་པ་ཡིན་ཏེ། དེ་ཉིད་སངས་རྒྱས་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱི་སློབ་མ་རྣམས་ནི་ཉེས་བྱས་ཆུང་བ་ཡིན་ཏེ། འདི་ལྟར་ཁྱིམ་པའི་སྐྱེ་བོ་
เล่ม ๑๕๗ · หน้า 205a
དང་འགྲོགས་པར་དགའ་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་བསྡུས་ཏེ། ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་
བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །ཞེས་བྱ་བའོ། །དེ་ལ་སྲོག་ཆགས་བུང་བ་མེ་ཏོག་ལས་ཁ་དོག་དང་དྲི་ལ་མི་གནོད་པར་ཁུ་བ་གཞིབས་ཏེ་འཕུར་བ་དེ་བཞིན་དུ་ཐུབ་པ་རབ་ཏུ་བྱུང་བ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བ་ཡང་གྲོང་ནས་ཁ་དོག་དང་དྲི་ལྟ་བུ་སེམས་དང་ཚུལ་ཁྲིམས་ལ་མི་གནོད་པར་ཁུ་བ་ལྟ་
བུ་ཟས་བླངས་ཏེ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་སློབ་མ་རྣམས་ནི་ཉེས་པ་ཆུང་བར་གྱུར་ཏེ། གཞན་གྱི་སྐྱོན་དང་ཡོན་ཏན་ལ་རྟོག་པ་ཙམ་ཞིག་ཡོད་པས་དེ་དག་གི་སྐྱོན་དེ་ཡོངས་སུ་སྤང་བའི་ཕྱིར། བཅོམ་ལྡན་འདས་དེས་
སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ། ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། བདག་གི་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི །བྱས་དང་མ་བྱས་གཞན་ལ་མིན། །ཞེས་བྱ་བའོ། །དེ་ལ་བདག་གི་རིགས་དང་མི་
རིགས་ལ་བརྟག་པར་བྱ་བ་ཞེས་བྱ་བ་ནི། བདག་ཉིད་ཀྱི་རིགས་དང་མི་རིགས་པ་ལ་སོ་སོར་བརྟག་པར་བྱའོ། །གཞན་རྣམས་ཀྱི་མི་མཐུན་པའི་ཞེས་བྱ་བ་ནི་མི་རིགས་པའོ། །གཞན་དག་གི་བྱས་དང་མ་བྱས་རྣམས་ལ་མིན་ཞེས་བྱ་བ་ནི་གཞན་དག་གི་རྫོགས་པ་དང་མ་རྫོགས་པ་ལ་བརྟག་པར་མི་
བྱ་བའོ། །འདི་སྐད་བསྟན་ཏེ་གཞན་དག་གི་ཡོན་ཏན་དང་སྐྱོན་ལ་རྟོག་པ་ལ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་འབྱུང་བས་དེའི་ཕྱིར་གཞན་ལ་རྟོག་པ་སྤོངས་ཏེ། །བདག་ཉིད་ལ་བརྟག་ཅིང་བདག་ཉིད་ལ་ལེགས་པར་འདོད་པར་བྱས་ནས་ཕྱིས་གཞན་ལ་བརྟག་པའི་སྐབས་ཡོད་པར་འགྱུར་
རོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་སློབ་མ་རྣམས་ནི་ཉེས་པ་ཆུང་བ་ཡིན་ཏེ། སྲེད་པ་དང་བཅས་པས་བསམ་གཏན་སྐྱེད་པར་བྱེད་པ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་
เล่ม ๑๕๗ · หน้า 205b
ལྟར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །ཞེས་བྱ་བ་ཡིན་ནོ། །དེ་ལ་ལྷག་པའི་སེམས་ཞེས་བྱ་བ་ནི་བསམ་གཏན་བཞི་པོ་དག་གོ། །
དེ་ལ་བག་བྱ་སྟེ་ཞེས་བྱ་བ་ནི་སྲིད་པ་དང་ང་རྒྱལ་དང་ལྟ་བ་མཆོག་ཏུ་འཛིན་པ་སྤངས་ཏེ་བག་གྱིས་ཤིག་ཅེས་བྱ་བའོ། །སྤང་བ་བསྟན་ནས་བླང་བ་བསྟན་པའི་ཕྱིར། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཅེས་བྱ་བ་གསུངས་ཏེ། ཐུབ་པ་ཞེས་བྱ་བ་ནི་མཁྱེན་པ་དང་ལྡན་པ་སྟེ། ཡང་
དང་ཡང་དུ་མཛད་པའི་ཕྱིར་ཐུབ་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་སོ། །ཐུབ་པ་དེའི་ཐུབ་གཞི་ནི་འཕགས་པའི་བདེན་པ་བཞི་པོ་དག་སྟེ་གང་དག་གིས་ཐུབ་པ་བསྐྱེད་པའོ། །འདི་རྣམས་ལ་བསླབ་པ་ནི་མཆོག་ཏུ་བསླབ་ཅིང་ནན་ཏན་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་བསླབ་
ན་ཅིར་འགྱུར་ཞེ་ན། འབྲས་བུ་བསྟན་པའི་ཕྱིར། ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། ཉེ་བར་ཞི་བ་དང་རྟག་ཏུ་དྲན་པ་དང་ལྡན་པ་གཉིས་ཀྱིས་སྐྱོབ་པ་ཉིད་དུ་བསྟན་པར་ཤེས་པར་བྱའོ། །དེ་ལ་ཉེ་བར་ཞི་བ་ཞེས་བྱ་བ་ནི་མ་ཉམ་པར་
གཞག་པ་སྟེ་ལུས་དང་ངག་གཉིས་ཀྱིས་བསྡམས་པའོ། །རྟག་ཏུ་དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་རྟག་ཏུ་དྲན་པ་ཉེ་བར་གཞག་པའོ། །སྐྱོབ་པ་ཞེས་བྱ་བ་ནི་རང་གི་སེམས་རྗེས་སུ་སྲུང་བའོ། །མྱ་ངན་མེད་པ་ཡིན་ཞེས་བྱ་བ་འདིས་ནི་སྐྱེ་བ་ཟད་པ་བསྟན་ཏེ་མྱ་ངན་ལས་འདས་པ་ཡིན་པར་ཤེས་པར་བྱའོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་སློབ་མ་རྣམས་ནི་ཉེས་པ་ཆུང་བ་ཡིན་ནོ། །སྦྱིན་པ་ལ་གུས་པ་དང་དགྲ་མང་བར་ལྟ་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར། བཅོམ་ལྡན་འདས་དེས་མཐར་ཐུག་པའི་ཆོས་བསྟན་པས་སོ་སོར་ཐར་པའི་མདོ་འདི་ལྟར་
བསྡུས་པས་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སྩོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོངས། །ཉོན་མོངས་ཟད་པས་མྱ་ངན་འདས། །ཞེས་བྱའོ། །དེ་ལ་སྦྱིན་པ་ཞེས་བྱ་བ་ནི་སྦྱིན་པ་བྱེད་པའི་མི་སྟེ། དེས་ནི་
เล่ม ๑๕๗ · หน้า 206a
ལོངས་སྤྱོད་ཀྱི་འབྲས་བུ་ཅན་གྱི་བསོད་ནམས་ཀྱི་ལས་རབ་ཏུ་འཕེལ་བར་འགྱུར་རོ། །ཚུལ་ཁྲིམས་ལེགས་པར་བསྡམས་པས་ནི་དགྲ་སྩོགས་པར་མི་འགྱུར་ཏེ། ཚུལ་ཁྲིམས་ཀྱི་དགྲའི་རྒྱུ་གསོད་པ་དང་རྐུ་བ་དང་བུད་མེད་ལ་ཆགས་པ་ལ་སྩོགས་པ་མི་སྐྱེད་པའི་ཕྱིར་རོ། །དགེ་
དང་ལྡན་པ་ཞེས་བྱ་བ་ནི་བསམ་གཏན་བཞི་ཐོབ་པས་ཏེ། དེས་ནི་འདོད་པ་ན་སྤྱོད་པའི་སྡིག་པ་ཁོང་ཁྲོ་བ་དང་། ཕྲག་དོག་དང་ཁྲོ་བ་ལ་སོགས་པ་རྣམ་པར་སྨིན་པ་མི་འདོད་པར་གྱུར་པ་དག་ཡོངས་སུ་སྤོང་བར་འགྱུར་རོ། །འཕགས་པའི་ལམ་གྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཟད་པས་ནི་ཕུང་པོའི་
ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདའ་བ་འཐོབ་པར་འགྱུར་རོ། །དེ་ལྟ་བས་ན་སྦྱིན་པ་ནི་འཁོར་བའི་འབྲས་བུ་ཅན་ཡིན་པས་དེ་ལ་གདུང་བར་མི་བྱ་བའི་དགྲ་མང་བ་ནི་སྡོམ་བརྩོན་དང་མི་མཐུན་པ་ཡིན་པས་དེ་མི་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཤཱ་ཀྱ་ཐུབ་པའི་བསྟན་པ་ལ་ཆུ་བུར་མ་བྱུང་བའི་ཚེ་ན་དེའི་སློབ་མ་རྣམས་ཉེས་པ་ཆུང་བར་འགྱུར་བས། བཅོམ་ལྡན་འདས་ཀྱིས་དེ་དག་སོ་སོར་ཐར་པ་འདི་ལྟར་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་གསུམ་གྱིས་སྟོན་པར་གྱུར་ཏེ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་
གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ། །ངག་
རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བྱ་བའོ། །དེ་ལ། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་འདིས་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཏོ། །དགེ་བ་ཕུན་
སུམ་ཚོགས་པར་བྱ། །ཞེས་བྱ་བ་འདིས་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་བསྟན་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་པ་ནི་དོན་དམ་པའི་དགེ་བ་ཡིན་པའི་ཕྱིར་རོ། །རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བ་འདིས་ནི་ལྷག་པ་སེམས་ཀྱི་བསླབ་པ་བསྟན་ཏོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་བྱ་བ་ལ་སོགས་
เล่ม ๑๕๗ · หน้า 206b
པ་རྣམ་པ་བཞིས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏོ། །སྡུག་བསྔལ་ཀུན་ལས་རྣམ་པར་འགྲོལ། །ཞེས་བྱ་བ་འདིས་ནི་ཚུལ་ཁྲིམས་ཀྱི་སྐྱེས་བུ་བྱེད་པའི་འབྲས་བུ་ཐག་རིང་བ་བསྟན་ཏོ། །ཇི་ལྟར་ན་ཚུལ་ཁྲིམས་ཀྱིས་སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ་བར་འགྱུར་ཞེ་ན་དེའི་ཕྱིར། ངག་རྣམས་བསྲུང་ཞིང་ཡིད་
ཀྱིས་རབ་བསྡམས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ངན་སོང་གི་སྒོ་སྦྱོངས་ཤིང་འཕགས་པའི་ལམ་ཐོབ་པ་དེས་སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་འགྲོལ་བ་དེའི་ཕྱིར། འདི་ནི་ཚུལ་ཁྲིམས་ཀྱི་སྐྱེས་བུ་བྱེད་པའི་འབྲས་བུ་ཐག་རིང་བ་ཡིན་ནོ། །དེ་ལྟར་
མདོར་བསྡུས་པ་དང་རྒྱས་པར་བསྟན་པ་དག་གིས་སངས་རྒྱས་བདུན་གྱི་སོ་སོར་ཐར་པ་གདོན་པ་བསྟན་ནས། ད་ནི་མཇུག་བསྡུ་བའི་སྒོ་ནས་ནན་ཏན་བྱ་བ་བསྟན་པའི་ཕྱིར། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་། །ཤཱཀྱ་ཐུབ་པ་གཽ་
ཏམ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །འདི་ལ་གུས་དང་བཅས་གྱུར་པས། །འདུས་མ་བྱས་པ་ཐོབ་པར་གྱིས། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག །སངས་རྒྱས་དཔའ་བོ་བདུན་པོ་དག །གྲགས་ལྡན་རྣམས་ཀྱི་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་སྟོན། །འདི་ལ་
སངས་རྒྱས་རྣམས་དང་གང་། །སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །འདི་ལ་གུས་དང་བཅས་གྱུར་པས། །འདུས་མ་བྱས་པ་ཐོབ་པར་གྱིས། །ཞེས་བྱ་བ་ཚིགས་སུ་བཅད་པ་གསུམ་ཡང་དག་པར་སྡུད་པར་བྱེད་པས་སྨྲས་སོ། །དེ་ལ་རྣམ་གཟིགས་ཞེས་བྱ་བ་ནི་རྣམ་པར་གཟིགས་ཤིང་
རྟོགས་པའི་མཁྱེན་པ་ནི་རྣམ་པར་གཟིགས་པའོ། །དེ་གང་ལ་མངའ་བ་ནི་རྣམ་པར་གཟིགས་པ་དང་ལྡན་པ་སྟེ། མཁྱེན་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྷའི་ལྷ་ཞེས་བྱ་བ་ནི་སྙིགས་མ་ལྔ་ཤས་ཆེ་བའི་དུས་ན་སེམས་ཅན་ལ་ཕན་པ་རྫོགས་པར་མཛད་པའི་ཕྱིར་རོ། །བླ་ན་མེད་པ་ཞེས་བྱ་བ་
ནི་དེ་བཞིན་གཤེགས་པ་སྐར་རྒྱལ་ལ་བསྟོད་པ་ནི་བརྩོན་འགྲུས་ཀྱིས་བསྐལ་པ་དགུ་བཅུ་འདུམས་པར་མཛད་པའི་ཕྱིར་རོ། །འཇིག་རྟེན་མགོན་པོ་ཞེས་བྱ་བ་ནི་ཁམས་གསུམ་པའི་མགོན་པོ་སྟེ་ཕན་པ་དཔག་ཏུ་མེད་པ་མཛད་པས་ཡོངས་སུ་སྐྱོབ་པར་མཛད་པའི་ཕྱིར་རོ། །སྐྱོབ་པ་ཞེས་བྱ་བ་ནི་མངའ་དབང་གི་
เล่ม ๑๕๗ · หน้า 207a
ཆོས་ཐམས་ཅད་ལ་དབང་ཕྱུག་བརྙེས་པའི་ཕྱིར་རམ། གདུལ་བའི་སྐྱེ་བོ་དུས་ལས་མི་ཡོལ་བས་ཡོངས་སུ་སྐྱོབ་པར་མཛད་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་གཙོ་བོ་སྟེ་བླ་ན་མེད་པའི་མཁྱེན་པ་དང་ལྡན་པའི་ཕྱིར་རམ། རྗེས་སུ་མཐུན་པའི་ཕན་པ་མཛད་པ་ཡོངས་སུ་མཁྱེན་པའི་
ཕྱིར་རོ། །སངས་རྒྱས་དཔའ་བོ་ཞེས་བྱ་བ་ནི་ཡེ་ཤེས་ལ་སོགས་པ་མི་དག་གི་འགྲོ་བ་ཐམས་ཅད་པས་དཔའ་བའི་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ། །གྲགས་ལྡན་ཞེས་བྱ་བ་ནི་སྙན་པ་དང་ལྡན་པ་སྟེ། འཇིག་རྟེན་གསུམ་ལས་ཤིན་ཏུ་འདས་པའི་སྙན་པའི་ཚོགས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་
གོ། །རྒྱས་པར་སྟོན་ཞེས་བྱ་བ་ནི་མདོར་བསྡུས་པའི་ཚུལ་རངས་པར་སྟོན་པའོ། །འདུས་མ་བྱས་པ་ཐོབ་པར་གྱིས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་འདུས་མ་བྱས་པ་ཐོབ་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་འདི་ལ་གུས་པ་དང་བཅས་པས་འདུས་མ་བྱས་པ་ཐོབ་པར་བྱ་ཞེ་ན་དེའི་ཕྱིར། །བརྩམ་
པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བོའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་
གསུངས་ཏེ། འབྱུང་བར་བྱ་བ་ནི་དགོན་པ་ལ་སོགས་པ་དབེན་པར་སོང་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱི་སོ་སོར་ཐར་པ་བཏོན་པ་རྫོགས་སོ།། །།འདུལ་བ་
རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་བྱེ་བྲག་ཏུ་སྨྲ་བའི་སློབ་
དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།འདི་ལ་ཤློ་ཀ་ནི་ལྔ་སྟོང་ཆིག་བརྒྱ་ཡོད། བམ་པོ་ནི་བཅུ་བདུན་བྱས་སོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด