ตัวบทไม่มีชื่อ — ประโยคแรก: འདུལ་བ་ལུང་བླ་མའི་བྱེ་བྲག་ལུང་ཞུ་བའི་འགྲེལ་པ་བཞུགས

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๕๘ · หน้า 284a

ཞིག་བྱིན་གྱིས་བརླབས་ནས་མཚན་མོ་འདས་པར་བྱས་ཏེ་ཡང་ཉི་མ་གཉིས་པ་ལ་ཆོས་གོས་དེ་གསུམ་ལས་ཕྱུང་ན། དེའི་ཆོས་གོས་ལྷག་མ་རྣམས་རུང་བ་མ་བྱས་པར་འདུག་པ་ཉིད་དོ། །འོན་ཀྱང་ཉི་མ་གཉིས་པ་ལ་རུང་བར་མ་བྱས་པའི་ཆོས་གོས་དེ་དག་གི་ནང་ནས་ཆོས་

གོས་གསུམ་ཞིག་བྱིན་གྱིས་བརླབས་ན་སྔར་བྱིན་གྱིས་བརླབས་ཏེ་ཕྱུང་བའི་ཆོས་གོས་གང་དག་ཡིན་པ་དང་། རུང་བར་མ་བྱས་པ་གང་དག་ཡིན་པ་དེ་དག་ཐམས་ཅད་རུང་བར་མ་བྱས་པ་ཉིད་ཡིན་ནོ། །དེ་ལྟར་ན་ཚུལ་འདིས་འདིའི་ཆོས་གོས་བྱིན་གྱིས་བརླབས་པའི་ཆོས་གོས་དག་གི་ལྷག་མ་

རྣམས་ནི་རུང་བར་མ་བྱས་པ་ཡང་ཡིན་ལ་རྣམ་གྲངས་ཀྱིས་མ་བརླབས་པ་ཡང་ཡིན་ནོ། །སྤུན་ནི་གང་གིས་ན་གོས་འཐག་པར་བྱེད་པའོ། །རྒྱུ་ནི་སྐུད་པ་ཆུར་བྲེས་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ཐགས་སུ་མ་བཏགས་པའི་རྒྱུ་སྤུན་གྱིས་མ་བཏགས་པ་གང་ཡིན་པ་སྟེ། དཔག་བསམ་གྱི་གོས་

ཞེས་བྱ་བའི་ཐ་ཚིག་གོ། །རིན་པོ་ཆེ་ནི་ཀཱར་ཥཱ་པ་ཎ་ཉི་ཤུ་ལ་སོགས་པ་རི་བའོ། །ལྟུང་བ་མེད་ཅེས་བྱ་བའི་ཆོས་གོས་རིན་པོ་ཆེ་འཆང་བའི་ལྟུང་བ་མ་བསྟན་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་བརྒྱ་སྟོང་རི་བ་ཡང་འོས་སོ་ཞེས་

འབྱུང་བས་ཁྱད་པར་དུ་གནང་བའི་ཕྱིར་རོ། །ལྟུང་བར་འགྱུར་རོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་དུ་སྟེ། འདི་ལྟར་དགེ་སློང་མ་རྣམས་ལ་གོས་རིན་པོ་ཆེ་འཆང་ན་སྤང་བའི་ལྟུང་བྱེད་དུ་བསྟན་པའི་ཕྱིར་རོ། །ཞག་བཅུ་ལ་ཞག་བཅུར་འདུ་ཤེས་པ་ལ་སྤང་བའི་ལྟུང་བྱེད་དུ་གསུངས་པ་ནི་སྦྱོར་བ་

ཡོད་པའི་ཕྱིར་དང་། བསམས་པའི་དོན་གྲུབ་པའི་ཕྱིར་རོ། །ཞག་བཅུ་ལ་ཞག་བཅུ་མ་ཡིན་པར་འདུ་ཤེས་པ་ལ་ལྟུང་པ་མེད་པར་གསུངས་པ་ནི་སྦྱོར་བ་མེད་པའི་ཕྱིར་ཏེ། ཞག་བཅུར་འདུ་ཤེས་ཏེ་འཇུག་པ་ནི་སྦྱོར་བ་ཡིན་ལ་ཞག་བཅུ་མ་ཡིན་པ་ལ་ཤེས་པས་ནི་མ་ཡིན་ཏེ། སྦྱར་བ་ལ་ནི་

འདུ་ཤེས་ཡན་ལག་ཡིན་ན་དེ་ཡང་དེ་ལ་མེད་པའི་ཕྱིར་རོ། །དངོས་གཞི་ལ་ནི་ལྟུང་བ་མེད་དེ་བསམས་པའི་དོན་མ་གྲུབ་པའི་ཕྱིར་རོ། །ཞག་བཅུ་མ་ཡིན་པ་ལ་ཞག་བཅུར་འདུ་ཤེས་པ་ལ་ཉེས་བྱས་སུ་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་ཏེ། ཞག་བཅུ་མ་ཡིན་པ་ལ་ཞག་བཅུར་འདུ་

เล่ม ๑๕๘ · หน้า 284b

ཤེས་པས་འཇུག་པ་ནི་སྦྱོར་བ་ཡིན་ལ་དེ་ཡང་དེ་ལ་ཡོད་པས་སོ། །དགུང་བཅུ་མ་ལགས་པ་ལ་དགུང་བཅུར་ལགས་པར་འདུ་ཤེས་ན་ཞེས་བྱ་བ་ལ་སོགས་པས་ལྟུང་བ་མེད་པར་གསུངས་པ་ནི་བསམས་པའི་དོན་མ་གྲུབ་པའི་ཕྱིར་དང་། སྦྱོར་བ་མེད་པའི་ཕྱིར་ཏེ། དེ་བཞི་ཚན་འོག་

མ་དག་ལའང་ཅི་རིགས་པར་ཤེས་པར་བྱའོ། །འདི་ལ་ལྟུང་བ་མེད་པར་འགྱུར་རོ་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ནོ། །སྤང་བ་ནི་ལྟུང་བ་བཤགས་པའི་དུས་མི་ལྟ་བར་བསམ་པ་ཐག་པ་ནས་རང་བཞིན་དུ་གནས་པའི་དགེ་སློང་ལ་ཡོངས་སུ་གཏོང་བའོ། །བྲལ་བ་ལ་ནི་བར་བར་དུ་

ཆད་པར་བྱེད་པ་སྟེ། ཆོས་གོས་དེ་མེད་པར་ནུབ་གཅིག་འདའ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་གོས་གཞན་ཞིག་རྙེད་ནའོ་ཞེས་བྱ་བའི་ཆོས་གོས་སྔ་མ་སྤང་བས་བསྔགས་པའི་དབང་གིས་ཆོས་གོས་ཕྱི་མ་གཞན་ཡང་སྤང་བར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དགེ་སློབ་མ་ཞེས་བྱ་བ་ལ་

སོགས་པས་ལྟུང་བ་མེད་པར་གསུངས་པ་ནི་དགེ་སློབ་མ་ལ་སོགས་པ་ལ་འཆང་བའི་བསླབ་པའི་གཞི་རྣམ་པར་མ་བཞག་པའི་ཕྱིར་རོ། །མདོར་བསྡུས་པ་ནི་འདི་ཡིན་ཏེ། ཆོས་གོས་དང་ལྷུང་བཟེད་ལྷག་པ་འཆང་བ་དང་། འབྲལ་བ་དང་། མེ་ལ་རེག་པ་དང་། བཟློག་པ་ཟ་བ་དང་། ས་

བོན་འཇོམས་པ་དང་། རྩྭ་སྔོན་དང་བཅས་པའི་ཕྱོགས་སུ་མི་གཙང་བ་དོར་བ་དང་། ཤིང་ལ་འཛེག་པ་དང་ཞེས་བྱ་བ་བསླབ་པའི་གཞི་འདི་བརྒྱད་ནི་དགེ་སློབ་མ་ལ་མ་གསུངས་སོ། །དགེ་ཚུལ་དང་དགེ་ཚུལ་མ་དག་ལ་ནི་དེ་རྣམས་ཀྱང་མ་གསུངས་ལ། དེ་བཞིན་དུ་རིན་པོ་ཆེ་ལ་རེག་པ་

དང་། འདུས་ཤིང་ཟ་བ་དང་། བྱིན་ལེན་མ་བྱས་པར་ཟ་བ་དང་། ས་རྐོ་བ་དང་། ཤིང་ལ་འཛེག་པ་ཞེས་བྱ་བ་ཡང་མ་གསུངས་ཏེ། དེ་ལྟར་ན་འདི་ལྟར་བསླབ་པའི་གཞི་བཅུ་གསུམ་པོ་འདི་རྣམས་མ་སྨོས་སོ། །ལྷག་མ་རྣམས་ནི་ཅི་རིགས་པར་ཤེས་པར་བྱ་སྟེ། ཚིག་མངས་པས་ཡང་

བཤད་པར་མི་བྱའོ། །ཞུས་པ་ལ་ལ་ལས་འདི་སྐད་དུ། དགེ་སློང་གི་ཆོས་གོས་འདི་ཉིད་དགུང་བཅུ་འདས་པ་ཡང་ལགས་ལ། དེ་ཉིད་དགུང་གཅིག་བྲལ་བ་ཡང་ལགས་པ་ལྟ་མཆིས་སམ། ཡོད་དེ་འདི་ལྟར་ཆོས་གོས་བདོག་པའི་རྒྱུན་མ་ཆད་པས་ཞག་བཅུ་པ་ལ་ཆོས་གོས་ཤིག་རྙེད་ལ། དེ་ཆོས་

เล่ม ๑๕๘ · หน้า 285a

གོས་བྱིན་གྱིས་བརླབས་ནས་ཆོས་གོས་དེ་མེད་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འདའ་བར་བྱེད་ན་ཆོས་གོས་འདི་ཉིད་ཞག་བཅུ་འདས་པ་ཡང་ཡིན་ལ། དེ་ཉིད་ཞག་བཅུ་བྲལ་བ་ཡང་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། ཆོས་གོས་བདོག་པ་རྒྱུན་མ་ཆད་པར་ཞེས་བྱ་

བྱ་བ་ནི། ཆོས་གོས་ལ་རང་གིར་བྱེད་པ་རྗེས་སུ་འཇུག་པ་གང་ཡིན་པ་སྟེ། རང་གི་ཡིན་པའི་རྒྱུན་དང་མ་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་རྒྱུན་མ་ཆད་ཅིང་མ་བྲལ་བར་ཆོས་གོས་ཤིག་རྙེད་ན་སྟེ། གཞན་ཞིག་ཅེས་བྱ་བའི་ཐ་ཚིག་ཁོ་ནར་དྲང་ངོ་། །དེས་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་དེའི་

ཆོས་གོས་ཕྱིས་རྙེད་པ་གང་ཡིན་པ་སྟེ། སྟོད་གཡོགས་ལ་སོགས་པ་ཉིད་དུ་ཡིད་ཀྱིས་སྦྱོར་བའི་མཚན་ཉིད་ཀྱིས་སློབ་པས་བྱིན་གྱིས་བརླབས་ནས་སོ། །ཆོས་གོས་འདི་ནི་ཞག་བཅུ་འདས་པ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ནི། འདིའི་ཆོས་གོས་བྱིན་གྱིས་མ་བརླབས་པའི་གཞན་བྱིན་གྱིས་བརླབས་

པའི་སྔོན་རོལ་དུ་རང་གིས་བྱས་པའི་ཁྲི་ནི་བྱས་པའི་གང་ཡིན་པ་དེ་ནས་བཟུང་སྟེ། ཞག་བཅུ་རྗེས་སུ་འཇུག་པའི་རང་གི་ཡིན་པར་བྱིན་གྱིས་བརླབས་པའི་ཆོས་གོས་ཀྱི་ཡུལ་ཅན་ཡོད་ན། ཞག་བཅུ་གཉིས་འདས་པ་ཡིན་པར་ཤེས་པར་བྱའི་ཆོས་གོས་བྱིན་གྱིས་བརླབས་པའི་ཁྲི་ནས་བཟུང་སྟེ་མ་

ཡིན་ནོ། །འདི་ལྟར་འདིར་ནི་དེའི་ཚེ་རང་གིར་བྱེད་པ་ཉེས་པ་བྱེད་པ་ཡིན་གྱི་འདི་ནི་མ་ཡིན་གྱི། དེ་ནི་བྱིན་གྱིས་བརླབས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེའི་ཚེ་རང་གིར་བྱེད་པའི་དུས་ཉིད་ཀྱིས་འདིར་ལྟུང་བ་སློང་གི །འདིའི་ཚེ་བས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཞག་གཅིག་

བྲལ་བ་ཡང་ཡིན་པ་ནི་བླ་གོས་ལ་སོགས་པ་ཉིད་དུ་བྱིན་གྱིས་བརླབས་ནས་དེའི་མཚམས་ཀྱི་ནང་དུ་བཞག་སྟེ། མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འདའ་བའི་ཕྱིར་རོ། །ཞུས་པ་ལ་ལ་ལས་ནི་གཞན་ཡང་། དགེ་སློང་གིས་ཆོས་གོས་གང་གི་གདུགས་ཁོ་ན་ལ་རྙེད་པ་དེའི་གདུགས་ཁོ་ན་ལ་སྤོང་

བར་འགྱུར་བ་ལྟ་མཆིས་ལགས་སམ། དེ་ལྟ་ཡིན་ཏེ་རྒྱུན་ཆགས་པར་གྱུར་ཅིང་སྤང་བ་གཞན་ཡོད་བཞིན་དུ་རྙེད་པ་དང་། ལྟུང་བ་མ་བཤགས་པའམ། ཆོས་གོས་བྱིན་གྱིས་བརླབས་པ་གསུམ་དང་ཞག་གཅིག་བྲལ་བ་ན། རྙེད་པ་ནི་སྤང་བར་འགྱུར་རོ། །དེ་ལ་དོན་ནི་འདི་ཡིན་ཏེ། དེ་ལྟར་

เล่ม ๑๕๘ · หน้า 285b

ཞེས་བྱ་བ་འདིས་ནི་ཞུས་པའི་ལན་ཡིན་ནོ། །རྒྱུན་ཆགས་པ་ནི་གྱུར་ཅིང་སྤང་བ་གཞན་གང་ཡིན་པ་སྟེ། དེ་ལྟར་མ་ཡིན་ནོ། །སྤང་བ་གཞན་པ་ཡོད་བཞིན་དུ་རྙེད་པ་ནི་སྔ་མའི་བསྔགས་པའི་དབང་གིས་འདིར་སྤང་བར་བྱ་བ་ཉིད་ཡིན་ནོ། །ལྟུང་བ་མ་བཤགས་པར་ཞེས་བྱ་བ་ནི་སྤང་བའི་ལྟུང་བ་བཅོས་

པར་མ་བྱས་པའོ། །ཆོས་གོས་བྱིན་གྱིས་བརླབས་པ་གསུམ་དང་བྲལ་བ་ན་རྙེད་པ་ནི་སྣམ་སྦྱར་དང་། བླ་གོས་དང་མཐང་གོས་གསུམ་དང་བྲལ་བའི་སྤང་བ་བྱུང་ནའོ། །འཆང་བའི་སྤང་བ་གཏན་ལ་དབབ་པའོ།། །།ནུབ་གཅིག་ནི་ཉིན་ཞག་གཅིག་གོ། །ཀྱང་ཞེས་བྱ་བ་ནི་གཉིས་པ་ལ་

སོགས་པ་ཡང་ངོ་། །གསུམ་ལས་ཞེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་བྱིན་གྱིས་བརླབས་པ་རྣམས་སོ། །གང་ཡང་རུང་བ་དང་ཞེས་གང་ཡང་རུང་བ་སྨོས་པ་ནི་སྤྱིའི་ངོ་བོ་དགག་པའི་ཕྱིར་རོ། །མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཞེས་བྱ་བ་གནས་གང་ལ་ཆོས་གོས་

འདུག་པ་དེ་ནས་ཆོས་གོས་བོར་ཏེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་པའི་ཕྱིར་རོ། །དགེ་འདུན་གྱི་གནང་བ་མ་གཏོགས་པར་ནི་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་མ་གཏོགས་པ་གཞན་ལ་ལྟུང་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་འཕགས་པ་འོད་སྲུངས་ཆེན་

པོ་དང་། ཤཱ་རིའི་བུ་རྒས་ཤིང་ནད་བུ་ཅན་དུ་གྱུར་པ་དག་གི་ཕྱིར་དགེ་འདུན་གྱི་སྣམ་སྦྱར་ལྕི་བ་ཉིད་དང་མི་འབྲལ་བའི་སྦྱོར་བ་འབྱིན་པ་ལྟ་བུའོ། །དེ་ལྟ་བུའི་རྐྱེན་ནི་ཆོམ་རྐུན་པས་ཕྲོགས་པ་ལ་སོགས་པའི་རྐྱེན་ཡོད་ན་བྱིན་གྱིས་བརླབས་པའི་ཆོས་གོས་དང་བྲལ་བའི་སྐྱ་རེངས་འཆར་བའི་ཉེས་

པ་ཡོངས་སུ་སྤོང་བའི་བདག་ཉིད་ཀྱི་རྒྱུའོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི་འདི་ཡིན་ཏེ། དགེ་འདུན་ནི་གང་ཟག་རྣམ་པར་ཆད་པའི་བདག་ཉིད་དང་གང་ཟག་རྣམ་པར་མ་ཆད་པའི་བདག་ཉིད་དང་རྣམ་པ་གཉིས་སོ། །དེ་ལ་རེ་ཞིག་གང་ཟག་རྣམ་པར་

ཆད་པའི་བདག་ཉིད་ཀྱི་དགེ་འདུན་གྱི་ནོར་ལ་ནི་འཆང་བ་དང་། འབྲལ་བ་དང་། འཇོག་པའི་རྒྱུ་ཅན་གྱི་སྤང་བའི་ལྟུང་བ་རྣམས་ཀྱང་སློང་བར་འགྱུར་ལ། ལྟུང་བྱེད་འབའ་ཞིག་པ་རྣམས་ཀྱང་སློང་བར་འགྱུར་རོ། །འདི་ལྟར་གང་ཟག་རྣམ་པར་མ་ཆད་པའི་བདག་ཉིད་ཀྱི་དགེ་འདུན་དུ་

เล่ม ๑๕๘ · หน้า 286a

གཏོགས་པའི་གང་ཟག་དེ་དག་ཐམས་ཅད་ནོར་དེ་ལ་གང་ཟག་རེ་རེ་ཞིག་བདག་གིར་བྱེད་པའི་གནས་སོ། །གང་ཟག་རྣམ་པར་མ་ཆད་པའི་དགེ་འདུན་གྱི་ལ་ནི་འགའ་ཡང་རང་གིར་བྱེད་པ་མེད་པ་ཉིད་དེ་དེའི་ཕྱིར་འཆང་པ་དང་། འཇོག་པའི་རྒྱུ་མཚན་ཅན་གྱི་སྤང་བའི་ལྟུང་

བྱེད་དག་དང་འབྲལ་བའི་རྒྱུ་མཚན་ཅན་ཡང་མི་སྲིད་དོ། །གལ་ཏེ་འབྲལ་བའི་རྒྱུ་མཚན་ཅན་ཅི་ལྟར་མི་སྲིད་ཅེ་ན། གང་ཟག་རྣམ་པར་མ་ཆད་པའི་བདག་ཉིད་ཀྱི་དགེ་འདུན་གྱི་དེ་ལ་བྱིན་གྱིས་རློབ་པ་མི་སྲིད་ལ་བྱིན་གྱིས་མ་བརླབས་པ་དང་འབྲལ་བའི་ཉེས་པ་དང་མི་ལྡན་ཏེ། གང་ཟག་རྣམ་པར་མ་

ཆད་པའི་བདག་ཉིད་ཀྱིས་དགེ་འདུན་གྱི་ཆོས་གོས་ལ་གང་ཟག་གཅིག་ཅིག་གིས་བྱིན་གྱིས་བརླབས་པ་ཉིད་ཡིན་ན་འབྲལ་བར་འགྱུར་ན་འབའ་ཞིག་ཏུ་ཟད་ཀྱི་སྤང་བ་ནི་མ་ཡིན་ནོ། །གལ་ཏེ་ཡང་ཇི་ལྟར་འདིར་སྤང་བ་ཉིད་དུ་མི་འགྱུར་ཞེ་ན། འབྲལ་བ་ནི་རང་གིར་བྱེད་པ་འདོར་བ་ལ་བྱ་ལ། དེ་

ཡང་རང་གི་ཡིན་པ་དམ་པ་ཉིད་དུ་མངོན་པར་ཞེན་པ་ལས་བསྐྱོད་པའི་དོན་དུ་བྱེད་ཀྱང་གང་ལ་རང་གི་ཡིན་པ་དམ་པོ་ཉིད་དུ་མངོན་པར་ཞེན་པ་མེད་པ་དེ་ལ་ནི་སྤང་བའི་ངོ་བོ་ཉིད་ཀྱི་བྲལ་བ་མི་དགོས་པ་ཉིད་པས་འདི་ལ་སྤང་བ་ཉིད་མེད་དོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དོ། །འདི་

ལྟར་རྣམ་པར་ཆད་པའི་དགེ་འདུན་གྱི་ཡང་རུང་། རྣམ་པར་མ་ཆད་པའི་དགེ་འདུན་གྱི་ཡང་རུང་སྟེ། ཤས་ཙམ་ཞིག་དབང་གི་ཕྱིར་ལ། ཤས་ཙམ་ལ་ནི་རང་གིར་བྱེད་པ་འབྱུང་གི་ཐམས་ཅད་ལ་ནི་མ་ཡིན་ནོ། །ཤས་ཙམ་ལ་རང་གིར་བྱེད་པ་ལ་ལྷག་མ་རྣམས་ཀྱང་ལྟུང་བ་སློང་བར་རུང་བ་མ་ཡིན་

ནོ། །དེ་ལ་རང་གིར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཙམ་ཁོ་ནས་ཀྱང་མ་ཡིན་ཏེ། རྣམ་པར་མ་ཆད་པ་ཉིད་ཀྱིས་རང་གིར་བྱེད་པ་ཁྱད་པར་མེད་པར་འབྱུང་བས་དགེ་འདུན་གྱིས་ནི་གཉི་ག་ལས་ཀྱང་སྤང་བ་ཉིད་དུ་མི་འགྱུར་རོ། །དགེ་འདུན་གྱིས་བསྐྱིས་པ་འམ་གཞན་དུའང་རུང་བ་ཅི་ཞིག་ལྟར་དུས་

རེ་ཞིག་པ་ཉིད་དུ་བདག་གིར་བྱས་ནས་འཆང་ངམ། འཇོག་པ་འམ། བྱིན་གྱིས་རློབ་པ་གང་ཡིན་པ་དེ་ལ་ནི་ཐམས་ཅད་དུ་དུས་རེ་ཞིག་པའི་རང་གེར་བྱེད་པའི་ཕྱིར་དེ་ལས་ནི་ལྟུང་བ་ནི་ལྡང་བར་འགྱུར་རོ། །དེ་ལྟ་བས་ན་རྣམ་པར་ཆད་པའི་དགེ་འདུན་གྱིའང་རུང་། །རྣམ་པར་མ་ཆད་པའི་དགེ་

เล่ม ๑๕๘ · หน้า 286b

འདུན་གྱིའང་རུང་། གཅིག་གིས་རང་གིར་བྱས་ནས་འཆང་བ་སྤང་བར་གྱུར་ན་ཡོད་དོ། །འདིར་ནི་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་ན་ཞེས་འཕགས་པ་ཉེ་བ་འཁོར་གྱིས་དགེ་འདུན་གྱི་ཆོས་གོས་ལ་སྤྱིར་རྟེན་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་

གོས་དང་འབྲལ་བ་ཞེས་བྱའོ་ཞེས་སྤྱིར་ལན་གདབ་པར་མཛད་པ་ཡིན་ནོ། །དགེ་འདུན་གྱི་ཞེས་སྨོས་པ་ནི་ཇི་ལྟར་ཆོས་གོས་དང་བྲལ་བ་ཞེས་བྱའོ་ཞེས་ཆོས་གོས་དང་བྲལ་བ་སྨོས་པ་འཆང་བ་ལ་སོགས་པའི་དཔེ་ཡིན་པ་ལྟར་གཞན་གྱི་གོས་གཞན་དག་གི་ཡང་དཔེ་ཡང་ཡིན་ནོ། །དེ་ལྟར་གྱི་ནི་

གཞན་གྱི་ཡིན་པའི་ཕྱིར་ཏེ། དུས་རེ་ཞིག་པ་ཉིད་ཀྱིས་རང་གིར་བྱེད་པ་མི་དམ་པའི་ཕྱིར་དང་། སྤང་བ་ཡང་རང་གིར་བྱེད་པ་དམ་པོ་གཅད་པའི་དོན་དུ་བྱེད་པའི་ཕྱིར་རོ། །འདི་ནི་ཐམས་ཅད་དུ་འདྲ་བས་དགེ་འདུན་གྱི་ཞེས་སྨོས་པ་འདི་ནི་གཞན་གྱི་ཐམས་ཅད་སྨོས་པ་ཉིད་དུ་ཤེས་པར་བྱའོ། །

མནན་པ་ནི་རྐང་པ་གཉིས་སོ། །གཟུང་བ་ནི་ཤིང་ལ་སོགས་པའོ། །འགྲེང་བ་ནི་ལངས་པའོ། །མཆིས་པ་ནི་འགྲོ་བ་ལ་སོགས་པའོ། །མཚམས་ཀྱི་བར་ནི་མཚམས་དག་གི་བར་རོ། །མཚམས་ཀྱི་ནང་ན་མཆིས་ལ་ཞེས་བྱ་བ་ལ་སོགས་པ་ལ། མཚམས་གཅད་པར་བྱས་ལ་ཞེས་བྱ་

བ་ནི་དཔག་ཚད་ཕྱེད་དང་གསུམ་པ་ལ་ཐུག་པའི་མཚམས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་རང་གིར་བྱས་པའོ། །ཆོས་གོས་དང་མི་མཐུན་པའི་སྡོམ་པ་མ་ཕྱིན་ནའོ་ཞེས་བྱས་པ་ནི་ལོགས་ཤིག་ན་གནས་པ་དང་ཆོས་གོས་རྣམས་དང་འབྲལ་བ་སྤང་བར་བྱེད་པའི་ཕྱིར། དེ་ལ་དགེ་འདུན་

གྱིས་ངེས་པ་མ་བྱིན་ནའོ། །དེ་ལ་མཚམས་གཅད་པ་བྱས་པ་ལ་ནི་དཔག་ཚད་ཕྱེད་དང་གསུམ་པའི་མཐར་ཐུག་པའི་མཚམས་ཀྱི་ནང་དང་ལྡན་པ་ཉིད་དུ་འགྱུར་རོ། །མཚམས་ཀྱི་ནང་དང་ལྡན་པ་ཉིད་ལ་ནི་ཆོས་གོས་རྣམས་དང་མི་འབྲལ་བའི་སྡོམ་པ་སྦྱིན་ཏེ། འདིར་སྡོམ་པ་བྱིན་ན་ཆོས་གོས་རྣམས་

དང་མི་འབྲལ་ལོ་ཞེས་འབྱུང་བའི་ཕྱིར་རོ། །མི་འབྲལ་བའི་སྡོམ་པ་འདི་ནི་རྒས་པ་དང་ནད་བུ་ཅན་གྱི་ཆེད་དུ་སྦྱིན་པ་མ་ཡིན་གྱི། འོན་ཀྱང་སྤྱིར་ཏེ་འདི་ལྟར་དགེ་སློང་དེར་ཁྱེར་བས་སྐྱོ་བར་གྱུར་པ་དང་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ལ་ཆོས་གོས་

เล่ม ๑๕๘ · หน้า 287a

དག་དང་མི་འབྲལ་བའི་སྡོམ་པ་སྦྱིན་པས་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་དུ་འབྱུང་བའི་ཕྱིར་རོ། །དེས་ན་མཚམས་གཅད་པ་བྱས་ནས་དཔག་ཚད་ཕྱེད་དང་གསུམ་པའི་མཐར་ཐུག་པའི་མཚམས་ན་དགེ་སློང་དེ་ཡང་མཚམས་ཀྱི་ནང་ན་འདུག་པ་ཡིན་ལ། ཆོས་གོས་ཀྱང་

མཚམས་ཀྱི་ནང་ན་འདུག་པ་ཡིན་ནོ། །མཚམས་གཅད་པ་བྱས་སུ་ཟིན་ཀྱང་ཆོས་གོས་རྣམས་དང་མི་འབྲལ་བའི་སྡོམ་པ་མ་བྱིན་པ་གང་ཡིན་པ་དེའི་འདི་དང་བྲལ་བར་འགྱུར་ཏེ། འདི་ལྟར་མཚམས་གཅད་པ་ནི་མི་འབྲལ་བའི་སྡོམ་པ་རྟེན་དུ་གྱུར་པ་ཡིན་ཏེ། མི་འབྲལ་བའི་སྡོམ་པ་ནི་བརྟེན་པར་གྱུར་པ་

ཡིན་ནོ། །དེའི་ཕྱིར་མཚམས་གཅད་པ་མ་བྱས་པ་གལ་ཏེ་མི་འབྲལ་བའི་སྡོམ་པ་བྱིན་ན་དེའི་ཚེ་མི་འཆགས་ཏེ། ས་གཞི་མཚམས་མ་བཅད་པར་མི་འབྲལ་བའི་སྡོམ་པ་བྱིན་ན་མི་འཆགས་ཏེ་ཞེས་འབྱུང་བའི་ཕྱིར་རོ། །ཉེ་འཁོར་ནི་འཁོར་ཏེ། མཚམས་བཅད་པའི་གཙུག་ལག་ཁང་དུ་

ནི་ཆོས་གོས་གཞག་པའི་མཐའ་ཉེ་འཁོར་དང་བཅས་པའི་མཚམས་ཁོ་ན་ཡིན་ཏེ། མཚམས་བྱས་པ་ནི་གཞག་པའོ། །མཐའ་མཚམས་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །སྒོ་ཁྱམས་ནི་སྒོའི་བང་རིམ་མོ། །ཁང་ཕྲན་ནི་ཁང་པ་ཆུང་ངུའོ། །དགེ་སློང་གིས་ཀུན་དུ་སྤྱད་པས་ནི་དགེ་སློང་ལ་

མཁོ་བའོ། །ར་བ་ནི་རྩིག་པའོ། །འགྲེང་རིབ་ནི་ཡལ་ག་ལ་སོགས་པ་ལས་གཟུགས་པ་བྱས་པའོ། །འོབས་ནི་བརྐོས་པའོ། །སྟེང་གཡོགས་ནི་ཤིང་གླེགས་ལ་སོགས་པའི་གཡོགས་ཏེ། ཤིང་ལེབ་ལ་སོགས་པས་ཐོག་བོར་བའི་ཞེས་བྱ་བའི་ཐ་ཚིག་གོ། །མུ་སྟེགས་ཙམ་སྣ་ཚོགས་

ཞེས་བྱ་བ་ལ་སོགས་པ་ནི་ལྟ་བ་ཐ་དད་པས་དེ་དག་ཐ་དད་པའི་ཕྱིར་གནས་ཐ་དད་པ་ཉིད་དོ། །སྤུན་ནོར་བགོས་པ་རྣམས་ཀྱི་ཞེས་བྱ་བ་ནི་སྒོ་བྱེ་བ་རྣམས་ཏེ། ནོར་ཐ་དད་པ་ཉིད་ཀྱིས་དེ་དག་གི་གནས་ཐ་དད་པ་ཉིད་དོ། །དགེ་སློང་མ་ལ་ནི་ཆོས་གོས་ལྔས་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་

གོས་དང་། མཐང་གོས་དང་། ཤིང་དཔུང་ཆད་དང་། རྔུལ་གཟན་རྣམས་ཞེས་བྱ་བའོ། །ཞུས་པའི་གཞུང་ལ་ལ་ལས་ནི་འདི་སྐད་དུ། དགེ་སློང་མུ་སྟེགས་ཅན་གྱི་གཞིར་ཆོས་གོས་བཞག་ལ། དགེ་འདུན་གྱི་གཞི་ཉེ་འཁོར་གཅིག་པར་གནས་བགྱིད་ལ་ལྟུང་བར་མི་འགྱུར་པ་ལྟ་

เล่ม ๑๕๘ · หน้า 287b

འགའ་མཆིས་ལགས་སམ། དེ་ལྟ་ཡིན་ཏེ་འདི་ལྟར་མུ་སྟེགས་ཅན་དང་ལྷན་ཅིག་དབང་བ་ཡིན་ནའོ། །དེ་བཞིན་དུ་ཤིང་ལ་ཡང་བརྗོད་པར་བྱའོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། མུ་སྟེགས་ཅན་གྱི་གཞི་ནི་མུ་སྟེགས་ཅན་གྱི་གནས་སོ། །དགེ་འདུན་གྱི་གཞི་ནི་དགེ་འདུན་གྱི་གཙུག་

ལག་ཁང་ངོ་། །ཉེ་འཁོར་གཅིག་པ་ནི་ཉེ་འཁོར་འབྲེལ་མ་སྟེ། ཉེ་འཁོར་ཐ་མི་དད་པ་ཞེས་བྱ་བའི་ཐ་ཚིག་གོ། །དབང་བར་གྱུར་ན་ཞེས་བྱ་བ་འདིར་དབང་བ་ནི་དགེ་སློང་རྣམས་དང་། མུ་སྟེགས་ཅན་རྣམས་ཐུན་མོང་པ་ཉིད་དུ་སེམས་པ་ཙམ་གང་ཡིན་པ་ཤེས་པར་བྱའི། ལས་ཀྱི་ངོ་བོ་ནི་མ་ཡིན་ཏེ།

དེ་ནི་དེ་དག་དབང་བ་ལྷན་ཅིག་ཐ་དད་པ་ཉིད་ཀྱིས་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་ཤིང་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་གཞི་མུ་སྟེགས་ཅན་དང་ལྷན་ཅིག་དབང་བ་ལྟར་ཤིང་དབང་བ་དང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ལྟུང་བ་མེད་པར་སྨོས་པའི་གཞི་དེ་མུ་སྟེགས་ཅན་

གཞན་དག་གིས་གཟུང་མོད་ཀྱིས། འོན་ཀྱང་དགེ་སློང་རྣམས་ཀྱི་རང་གི་ཡིན་པ་སྐྱེས་པ་གང་ཡིན་པ་དེ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་འདི་སྤྱད་པ་ཡིན་ནོ། །གལ་ཏེ་དེ་ལ་གཅིག་ཁོ་ན་ཞིག་དབང་གིས་གཉིས་མ་ཡིན་ན་ནི་དེའི་ཚེ་ཐ་དད་པ་ཉིད་དུ་འགྱུར་རོ་ཞེས་དེ་ལྟར་ཤེས་པར་བྱའོ། །ཞུས་

པའི་གཞུང་ལ་ལ་ལས་ནི་གཞན་ཡང་བཙུན་པ་རེ་ཞིག་དང་གཙུག་ལག་ཁང་ཉེ་འཁོར་ཉེ་བར་འབྲེལ་པར་གྱུར་ན་ཇི་ལྟར་དེས་ཆོས་གོས་དང་མི་འབྲལ་བར་འཚལ་བར་བགྱི། ཉེ་བ་འཁོར་གྲོང་གི་ཉེ་འཁོར་མ་གཏོགས་ལྷག་མ་ལས་ཆོས་གོས་དང་མི་འབྲལ་བར་ཤེས་པར་བྱའོ་ཞེས་འབྱུང་ངོ་། །

དེ་ལ་དོན་ནི་འདི་ཡིན་ཏེ། ཉེ་འཁོར་འབྲེལ་པ་ནི་ཉེ་འཁོར་འབྲེལ་མར་འདུག་པའོ། །འཚལ་བར་བགྱི་ཞེས་ཤེས་པར་བྱའོ། །ཉེ་བ་འཁོར་གྲོང་གི་ཉེ་འཁོར་མ་གཏོགས་པ་ཞེས་བྱ་བ་ནི་ཁྱིམ་པ་མི་སྲུན་པ་རྣམས་གནས་པ་ཉིད་ཀྱིས་ཐ་དད་པ་ཉིད་དུ་གྱུར་པའི་ཕྱིར་རོ། །གཞན་དགེ་སློང་གི་གནས་

ནི་རང་གིར་བྱེད་པ་ལ་བརྟེན་པའི་ཕྱིར་གྲོང་གི་ཉེ་འཁོར་ལ་ཇི་ཙམ་རང་གིར་བྱེད་པ་དེ་ཙམ་གནས་གཅིག་པ་ཡིན་ཏེ། འཛིན་པར་བྱེད་པ་གཅིག་པའི་ཕྱིར་རོ། །རང་གིར་བྱེད་པ་མེད་ན་ནི་གནས་ཐ་དད་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །འབྲལ་བའི་སྤང་བའི་ལྟུང་བ་གཏན་ལ་དབབ་

เล่ม ๑๕๘ · หน้า 288a

པའོ།། །།དུས་མ་ཡིན་པའི་གོས་ནི་ཉེས་པར་འགྱུར་བའི་དུས་སུ་རྙེད་པའི་ཕྱིར། དེ་བས་ན་སྲ་བརྐྱང་བཏིང་བའི་གནས་སུ་སྟོན་ཟླ་འབྲིང་པོ་ནས་བཟུང་སྟེ། དགུན་ཟླ་ཐ་ཆུངས་ཀྱི་བར་ནི་ཆོས་གོས་བཅང་བའི་དུས་ཡིན་ཏེ། དེ་འཆང་བ་ལ་སོགས་པའི་ཉེས་པ་མེད་པའི་ཕྱིར་རོ། །

དེ་ཕན་ཆད་ནི་དུས་མ་ཡིན་པའོ། །སྲ་བརྐྱང་མ་་བཏིང་བའི་གནས་སུ་ཐམས་ཅད་དུས་མ་ཡིན་པ་ཁོ་ན་སྟེ། དེས་ཆོས་གོས་ལྷག་པ་རྙེད་པའོ། །རྙེད་ལ་ཞེས་བྱ་བ་ནི་གྲུབ་པའོ། །འདོད་ན་ཞེས་བྱ་བའི་ཆོས་གོས་དོན་དུ་གཉེར་ན་སྟེ། དུས་མ་ཡིན་པར་རྙེད་པའི་ཆོས་གོས་དེ་བླང་བར་བྱའོ་ཞེས་

བྱ་བའི་ཐ་ཚིག་གོ། །ཅི་སྟེ་གལ་ཏེ་འདི་ཆོས་གོས་གྲུབ་པ་ཡིན་ན་ཇི་ལྟར་ཆོས་གོས་དོན་དུ་གཉེར་པ་ཡིན་སྙམ་ན་དེ་ནི་མ་ཡིན་ཏེ། འདི་ལྟར་འགའ་འམ་གཉིས་ཟིན་པ་ཉིད་ལ་དེ་སྐད་ཅེས་བཤད་ཀྱི་ཐམས་ཅད་ནི་མ་ཡིན་པས་འདི་ལ་ཉེས་པ་མེད་དོ། །གལ་ཏེ་ལངས་ན་ཞེས་བྱ་བ་ནི་གལ་ཏེ་དེས་ཆོས་གོས་

ཀྱི་བྱ་བ་བྱེད་ན་སྟེ། གལ་ཏེ་དེས་ཆོས་གོས་གསུམ་ཚང་བར་གྲུབ་ན་ཞེས་བྱ་བའི་ཐ་ཚིག་གོ། །མྱུར་བ་ཁོ་ནར་ཆོས་གོས་སུ་བྱས་ཏེ་བཅང་བར་བྱའོ་ཞེས་བྱ་བ་ནི་ཕྱི་མ་བཤོལ་བར་བྱིན་གྱིས་བརླབ་པ་ཅན་དུ་བྱའོ། །ཟླ་བ་གཅིག་གི་བར་ནི་གཅིག་ཁོ་ནར་རོ། །གཞག་པར་བྱའོ་ཞེས་བྱ་བ་ནི་གཞག་

པར་བྱ་བ་ཡིན་ནོ། །དེའི་ཕྱིར་གང་གི་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་མེད་པ་དེས་དུས་མ་ཡིན་པའི་ཆོས་གོས་རྙེད་པ་དེ་ཟླ་བ་གཅིག་ཁོ་ནར་འཆང་བར་བྱའི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དེ་ཡང་གྱི་ན་འཆང་བར་བྱ་བའམ་ཞེ་ན། གལ་ཏེ་མི་ལངས་ལ་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། བདག་གིས་སློབ་དཔོན་དང་མཁན་པོ་ལ་སོགས་པ་ལས་གདོན་མི་ཟ་བར་ཆོས་གོས་སུ་ལངས་པ་རྙེད་པར་འགྱུར་རོ་སྙམ་པའི་བསམ་པ་འདི་ཡོད་ན་གཞན་གྱི་ན་ནི་མ་ཡིན་ཏེ། གཞན་དུ་ཞག་བཅུ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཁ་མ་ལངས་པའི་ཁ་སྐོང་བ་ཞེས་བྱ་བའི་སྣམ་

སྦྱར་དང་། བླ་གོས་དང་། མཐང་གོས་རྣམས་ཀྱི་ཁ་མ་ལངས་པ་ཁ་སྐོངས་པའི་ཆེད་དུའོ། །ཡང་ཞེས་བྱ་བའི་སྒྲ་ནི་འདིར་འདུལ་བ་འཛིན་པ་ཁ་ཅིག་ན་རེ་སྣོན་པ་ཉིད་དུ་ཤེས་པར་བྱ་སྟེ། འདི་ལྟར་རྣམ་པར་རྟོག་པ་མེད་པའི་ཕྱིར་འདི་ལ་དོན་ནི་འགའ་ཡང་མི་རྨོངས་སོ་ཞེས་ཟེར་རོ། །

เล่ม ๑๕๘ · หน้า 288b

གཞན་དག་ནིའམ་ཞེས་བྱ་བའི་སྒྲ་ངེས་པར་གཟུང་བའི་དོན་ཉིད་དུ་བརྗོད་དེ། ཚིག་གི་ཕྲད་ནི་དུས་མ་ཡིན་པས་སོ། །དེ་བས་ན་ཚིག་གི་དོན་ནི་ཆོས་གོས་གསུམ་ཁ་སྐོང་བ་ཁོ་ནའི་ཕྱིར་གོས་རེ་བ་དེ་གོས་དེ་ཚད་དུ་མི་ལྡང་བ་ཟླ་བ་ཐལ་བར་འཆང་བ་ཉེས་བྱས་སོ་ཞེས་བགྱི་བ་ཆོས་གོས་ཇི་ལྟ་བུ་

ཞིག་གཞག་པར་བགྱི་བ་ལགས། འཁོར་ཕྱེད་ཁེབས་པ་གང་ཡིན་པ་སྟེ། འདི་ནི་ཆོས་གོས་གཞག་པར་བྱ་བའི་ཕྱི་མ་མེད་པ་ཡིན་ནོ་ཞེས་བྱ་བ་དག་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ་འདུལ་བ་འཛིན་པ་ཁ་ཅིག་ན་རེ་གོས་ཀྱི་ཚད་དུ་མི་ལྡང་བ་ནི་ཀུན་ནས་ཁྲུ་གང་བས་ཆུང་བའོ། །ཉེས་བྱས་སོ་

ཞེས་བྱ་བ་འདིར་ཉེས་བྱས་འདི་ཞག་བཅུ་འདས་པ་ཉིད་ཀྱི་ཡིན་པར་ཤེས་པར་བྱའི། ཟླ་བ་འདས་པ་ནི་མ་ཡིན་ནོ། །འདི་ལྟར་ཆོས་གོས་ཀྱི་ཚད་དུ་མི་ལྡང་བ་ལ་ནི་མཚར་གཅིག་ཁ་སྐོང་བའི་རེ་བ་རྫོགས་པ་ཉིད་དུ་མི་གནས་ཏེ། མཆོད་སྦྱིན་གྱི་དོན་དུ་དལ་གྱིས་འགྲོ་བའི་ཡུལ་གཞན་དུ་ཕྱིན་པ་

དང་འདྲ་བས་དེའི་ཕྱིར་དེ་ལྟ་བུར་ཤེས་པར་བྱའོ། །འཁོར་ཕྱེད་ཁེབས་པ་ནི་ལྟེ་བའི་མཚམས་ནས་བཟུང་སྟེ། པུས་མོའི་ལྷ་ང་གཉིས་ཀྱི་བར་དུ་ལས་ཀྱི་ཆ་ནི་འདིར་འཁོར་ཞེས་བྱ་སྟེ། འཁོར་དེ་ལྟ་བུའི་དེ་ཞིང་དུ་བརྐྱང་བ་དང་ཆུར་བརྐྱང་བས་མི་ཁེབས་པའི་ཆོས་གོས་གང་ཡིན་པ་དེ་ལ་དེ་སྐད་

ཅེས་བྱའོ། །འདི་ནི་འཁོར་ཕྱེད་ཁེབས་པ་གང་ཡིན་པ་དེ་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །མི་ཁེབས་པ་གང་ཡིན་པ་དེ་ནི་གཅིག་ཏུ་ཞག་བཅུ་པ་ཉིད་ཡིན་པ་དེ་ལྟར་ཤེས་པར་བྱའི། ཟླ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་བསྟན་པ་ཡིན་ཏེ། ཁ་སྐོངས་སུ་རེ་བ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །

འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དོ། །ཀུན་ནས་ཁྲུ་གང་དུ་མི་ཆོག་པའི་གོས་ཐམས་ཅད་ནི་ལྟུང་བ་མེད་པ་ཉིད་མ་ཡིན་ཏེ། སྤང་བ་རྣམས་ཀྱི་ནང་དུ་ཀུན་ནས་ཁྲུ་གང་བའི་གོས་ནི་ཕྱི་མ་མེད་པའོ་ཞེས་འབྱུང་བའི་ཕྱིར་རོ། །འདི་ནི་ཕྱི་མ་མེད་པས་ཞེས་སྨོས་པས་ནི་ཀུན་ནས་ཁྲུ་གང་བའི་

མན་ཆད་ཀྱི་གོས་གང་ཡིན་པ་དེ་ནི་སྤང་བ་རྣམས་ཀྱི་ནང་དུ་མ་གཏོགས་པ་ཉིད་དུ་བསམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་གྲུབ་ནས་ཁྲུ་གང་དུ་མི་ཆོག་པ་ལ་གོས་ཀྱི་བློ་མི་གནས་པ་སྟེ། རས་རོས་ཉིད་དུ་སྣང་བའི་ཕྱིར་རོ། །ལྟུང་བ་མེད་པ་ཉིད་ནི་གོས་འཆང་བ་དང་འཇོག་

เล่ม ๑๕๘ · หน้า 289a

པ་ཡིན་ཏེ། དེ་ལྟ་བས་ན་ཉེས་བྱས་སུ་བརྗོད་པ་གང་ཡིན་པ་འདི་ནི་རིགས་པ་དང་ལུང་གིས་གནོད་པའི་ཕྱིར་འདོད་པར་མི་བྱའོ། །ཞུས་པ་ལ་ལ་ལས་གཞན་ཡང་ཡོ་བྱད་ཀྱི་གོས་བྱིན་གྱིས་མ་བརླབས་པ་ཞག་བཅུ་འདས་པ་ནི་སྤང་བའོ། །གདོང་ཕྱིས་དང་། ཆུ་ཚགས་

དང་། གདིང་བ་དང་བར་ཅང་དག་བྱིན་གྱིས་མ་རླབ་ན་ལྟུང་བ་མེད་དོ་ཞེས་འབྱུང་ངོ་། །འདི་ལ་དོན་ནི་འདི་ཡིན་ཏེ། ཡོ་བྱད་ཀྱི་གོས་ནི་ཕོངས་པའི་དུས་སུ་མཁོ་བའི་གོས་རིན་པོ་ཆེ་བྱིན་གྱིས་བརླབས་པ་ནི་ཇི་ལྟར་གོས་གསུམ་བྱིན་གྱིས་རློབ་པ་ལྟར་འདིའང་དེ་དང་འདྲ་སྟེ། རང་རང་གི་མིང་གིས་བྱིན་གྱིས་

བརླབ་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །གང་ལ་དེ་མ་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆུ་ཚགས་ནི་ཆུ་བཙགས་པའོ། །གདིང་བ་ནི་གདིང་བར་བྱ་བའོ། །བར་ཅང་གི་གོས་ནི་རིགས་ལྔ་ཁྲ་བོར་འདུག་པ་ཞིག་གོ། །བྱིན་གྱིས་བརླབ་པ་ནི་བཤད་མ་ཐག་པའི་གཞུང་ལྟ་བུར་རང་རང་གི་མིང་གིས་སོ། །

ལྟུང་བ་མེད་པ་ནི་ཞག་བཅུ་འདས་པའི་སྤང་བའི་ལྟུང་བྱེད་མེད་པའི་ཕྱིར་རོ། །གདོད་ཕྱིས་དང་ཆུ་ཚགས་ཀུན་ནས་ཁྲུ་གང་གི་ཚད་དུ་ཤེས་པར་བྱའོ། །བར་ཅང་ཡང་བྱ་བར་འདོད་པའི་ཆོས་གོས་དང་། མཐུན་པའི་ངོ་བོ་ཉིད་ཡིན་གྱི་རིགས་མི་མཐུན་པ་ནི་མ་ཡིན་ཏེ། ཁ་དོག་ལ་སོགས་པའི་རིགས་མི་

མཐུན་པ་ནི་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །དེ་སེང་བ་ལ་སོགས་པའི་ཁ་སྐོངས་པའི་ཕྱིར་མ་ཡིན་ལ། གཞན་གྱི་ཆེད་དུ་ཡང་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལས་འདས་པར་ཞེས་བྱ་བ་ནི་སུམ་ཅུ་རྩ་གཅིག་ལ་སོགས་པར་རོ། །དེ་ལྟ་བས་ན་འདིས་ཚིག་གི་དོན་དུ་འདི་འབྱུང་སྟེ།

དགེ་སློང་གང་ཞིག་དུས་མ་ཡིན་པར་ཆོས་གོས་ཀྱི་བྱ་བ་བྱེད་ནུས་པ་རྙེད་ལ་བྱིན་གྱིས་བརླབས་པའི་ཆོས་གོས་ཀྱང་མེད་ན། ཆོས་གོས་ཁ་བསྐང་བའི་རེ་བ་ཡང་མེད་པ་དེ་ནི་ཆོས་གོས་དེའི་མོད་ཁོ་ན་ལ་བྱིན་གྱིས་བརླབས་པ་ཅན་དུ་བྱས་ནས་བཅང་བར་བྱའི། ཟླ་བ་གཅིག་གི་བར་དུ་བཅང་བར་མི་བྱ་

སྟེ། གལ་ཏེ་འཆང་ན་དེའི་ཚེ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འོན་ཏེ་དེས་ཆོས་གོས་མི་ལྡང་ལ་ཆོས་གོས་ཀྱི་ཁ་སྐོང་བ་རྙེད་པའི་བསམ་པའང་ཡོད་དེ། །ཆོས་གོས་གསུམ་པ་ཡང་མ་ཚང་ན་དེའི་ཆོས་གོས་གསུམ་གྱི་ཆེད་དུ་དེ་ཟླ་བ་གཅིག་གི་བར་དུ་བཅང་བར་བྱའོ། །ཟླ་བ་ལས་ཐལ་བར་

เล่ม ๑๕๘ · หน้า 289b

འཆང་ན་ནི་ཟླ་བའི་སྤང་བ་ཉེ་བར་གནས་སོ། །དེ་ཉིད་ཀྱི་ཕྱིར་ཞུས་པ་ལས། གང་ལ་ཆོས་གོས་གསུམ་ཚང་བར་གྱུར་པ་དེས་ནི་ཆོས་གོས་ཟླ་བ་གཅིག་གི་བར་དུ་གཞག་པར་མི་བྱའོ། །ཅི་སྟེ་འཇོག་ན་སྤང་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་འབྱུང་ངོ་། །བདུན་པོ་དག་ལས་བརྟགས་པ་གང་ཡང་རུང་བར་

ནི་བལ་གོས་དང་། ཤ་ནའི་རས་དང་། ཟར་མའི་རས་དང་། དུ་གུ་ལའི་རས་དང་། རས་གོས་དང་། ཀོ་ཏམ་པའི་རས་དང་། ཉི་འོག་པའི་གོས་ཞེས་བྱ་བ་རྣམས་ཀྱི་ནང་ནས་སོ། །ཆོས་གོས་གསུམ་དུ་མ་ཚང་ན་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་རྣམས་ལས་གང་

ཡང་རུང་བ་ཞིག་མ་ཚང་ནའོ། །ཆོས་གོས་མི་ལངས་པ་ཞིག་རྙེད་ན་ཞེས་བྱ་བ་ནི་འཁོར་གསུམ་ཁེབས་པའི་མཐར་ཕྱིན་པའི་ཚད་དུ་མི་ཆོག་པ་སྟེ། ཀུན་ནས་ཁྲུ་གང་པའི་ཚད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་ཞུས་པ་ལ་ལ་ལས་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་

ཆོས་གོས་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ་ཞེས་གསུངས་པ་གང་ལགས་པ་ཆོས་གོས་ཇི་ལྟ་བུ་ཞིག་ལགས། འཁོར་གསུམ་མི་ཁེབས་པ་གང་ཡིན་པའོ་ཞེས་གསུངས་ཏེ། འཁོར་གསུམ་ཁེབས་པ་ཆོས་གོས་ཀྱི་བྱ་བ་བྱེད་པ་ཉིད་ལས་ཆོས་གོས་ནི་དེ་ཅི་སྟེ་གཞག་ཅིང་དེ་ཉིད་

ཆོས་གོས་སུ་བྱ་བར་མི་སྦྱར། གལ་ཏེ་བྱིན་པས་དེ་འཇོག་པར་བྱེད་ན་ཡང་དེའི་ཚེ་ཞག་བཅུ་པ་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་གལ་ཏེ་ཆོས་གོས་སུ་ལངས་པ་ཞིག་རྙེད་ན་དེ་ཡང་ཞག་བཅུ་པ་ཉིད་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །ཀུན་ནས་ཁྲུ་གང་ཙམ་གྱི་ཚད་དང་ལྡན་པ་གང་ཡིན་པ་དེ་ནི་

གཞག་པ་དང་རིགས་པ་དང་ལྡན་པ་ཡིན་ཏེ། དེ་ཙམ་གྱིས་ཆོས་གོས་ཀྱི་བྱ་བ་མི་འགྲུབ་པའི་ཕྱིར་རོ། །ཉེ་བ་འཁོར་ཆོས་གོས་གསུམ་ཚང་ན་ཞེས་བྱ་བ་ལ་སོགས་པ་ནི་ཆོས་གོས་མ་ཚང་བ་ཚང་བར་བྱ་བའི་ཕྱིར་གཞག་པར་གསུངས་ན་དེ་ཡང་ཚང་བས་དེའི་ཕྱིར་ཞག་བཅུར་གསུངས་ཏེ།

ཁ་མ་ལངས་པ་ཁ་སྐོང་བའི་ཆོས་གོས་ལ་རེ་བ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ལངས་པ་ནི་འཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཚད་དེ་ཙམ་གྱིས་ཆོས་གོས་ཀྱི་བྱ་བ་འགྲུབ་པའི་ཕྱིར་ཏེ། གལ་ཏེ་ལངས་ན་མྱུར་བ་ཁོ་ནར་ཆོས་གོས་སུ་བྱས་ཏེ་བཅང་བར་བྱའོ་ཞེས་

เล่ม ๑๕๘ · หน้า 290a

འབྱུང་བའི་ཕྱིར་རོ། །འོན་ཏེ་མ་ལངས་པ་ཞིག་ཅེས་བྱ་བ་ནི་ཀུན་ནས་ཁྲུ་གང་བའོ། །དེ་ཙམ་འདིའི་ཆོས་གོས་ཀྱི་བྱ་བ་མི་འགྲུབ་པའི་ཕྱིར་ཏེ། གལ་ཏེ་དེ་ལ་མི་ལངས་ན་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཞུས་པ་ལ་ལའི་གཞུང་གི་ནི་རྣམ་

པ་གཞན་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འདི་རྣམས་བྱིན་གྱིས་རློབ་པ་ནི་དཔེ་སྟེ། རུང་བར་བྱ་བ་ལ་ཡང་ཚུལ་འདི་རྣམ་པར་གཞག་པའི་ཕྱིར་རོ། །དེ་བས་ན་ཡོ་བྱད་ཀྱི་གོས་ལ་སོགས་པ་ལ་ཞག་བཅུ་པ་ཉིད་དང་ཟླ་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་རེ་བ་ནི་མེད་ལ་

བྱིན་གྱིས་བརླབས་པ་ཅན་ནི་ཡོད་ན་ཞག་བཅུ་པ་ཉིད་ཡིན་ལ། རེ་བ་ནི་ཡོད་ན་བྱིན་གྱིས་བརླབས་པ་ཅན་མེད་ན་ཟླ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཟླ་བ་སྤང་བ་གཏན་ལ་དབབ་པའོ།། །།ཉེ་དུ་མ་ལགས་པ་ལ་ཞེས་བྱ་བ་ནི་གང་ལ་ཕ་དང་མའི་རིགས་བདུན་རྒྱུད་ཚུན་ཆད་ལས་དེ་དག་

ཁོ་ན་ལས་མ་ཡིན་གྱི། དེ་དག་གང་ཡང་རུང་བ་སྔ་མ་འགའ་ཞིག་སྐྱེས་པ་ལས། མ་ལས་སྐྱེས་པ་ཉིད་དང་ཕ་ལས་སྐྱེས་པ་ཉིད་གང་ལ་ཡོད་པ་དེ་ནི་ཉེ་དུའོ། །དེ་ལས་གཞན་པ་ནི་ཉེ་དུ་མ་ཡིན་པའོ། །ཉེ་དུ་མ་ཡིན་པ་ཉིད་ཉེ་དུ་མ་ཡིན་པ་སྟེ། དེ་ལའོ། །ཡང་དང་ཡང་རེག་པའི་རྐྱེན་གྱིས་

འདོད་ཆགས་སྐྱེ་བར་གྱུར་ན་མི་རུང་བས་ཉེ་དུ་མ་ཡིན་པ་སྨོས་པའོ། །དེ་བས་ན་ཁྱོ་ཤུག་དག་ནི་ཉེ་དུ་མ་ཡིན་ཏེ། ཉེ་དུའི་མཚན་ཉིད་མེད་པའི་ཕྱིར་རོ། །ཆོས་གོས་ནི་བལ་གོས་ལ་སོགས་པ་རུང་བའོ། །རྙིངས་པ་ནི་དུས་ཚིགས་གསུམ་ལས་དུས་ཚིགས་གང་ཡང་རུང་བ་ཞིག་ཏུ་སྤྱད་པའོ། །

འཁྲུར་འཇུག་པ་ནི་ཆུའི་ནང་དུ་སྩོལ་བར་བྱེད་པའོ། །འཚེད་དུ་འཇུག་པ་ནི་ཚོན་གྱི་ནང་དུ་བསྒྲེ་བའོ། །འཆག་ཏུ་འཇུག་པ་ནི་ཆུང་ངུ་ན་ཐལ་མོས་ཀྱང་ངོ་། །དེ་བཞིན་དུ་དགེ་སློང་མ་ཉེ་དུ་མ་ཡིན་པ་སེམས་འཁྲུགས་པ་ཞེས་བྱ་བ་ལ་སོགས་པར་ཁ་ཅིག་ལྐུག་མར་སྨོས་པར་འདོན་ཏོ། །དེ་ནི་

གཞན་དག་མི་འདོད་དེ། གལ་ཏེ་ལྐུག་མ་ལ་འཁྲུར་འཇུག་པ་ལ་ཡང་ཉེས་བྱས་སུ་འདོད་ན་རྒས་པ་དང་འཐེང་བ་ལ་སོགས་པའང་དེ་དང་འདྲ་བར་ཐལ་བར་འགྱུར་བས་དེ་དག་ལ་འཁྲུར་བཅུག་ན་ཡང་ཉེས་བྱས་སུ་ཐལ་བར་འགྱུར་རོ། །དེའང་མི་འདོད་དེ་རྣམ་པར་རིག་པར་བྱ་བ་ལ་

เล่ม ๑๕๘ · หน้า 290b

རྟོགས་པ་ཙམ་ཡན་ལག་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་གདོན་པར་མི་བྱའོ། །ཁས་ལེན་པ་ལ་འཁྲུར་འཇུག་ན་ཉེས་བྱས་སུ་བསྟན་པ་ནི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ཏེ། འདི་ལྟར་གཞན་གྱི་ཕྱོགས་ལ་ལོག་པར་གྲུབ་པ་ནི་རང་གི་ཕྱོགས་ལ་ཇི་ལྟ་བ་དེ་བཞིན་དུ་སྨད་པ་ཉིད་མ་ཡིན་

པས་དེའི་ཕྱིར་འདི་གསུངས་སོ། །བསྒྲུབ་པར་བགྱི་བ་ནི་ཐུན་མོང་གིའོ། །བཀྲུས་པ་ནི་ཅུང་ཟད་བཀྲུས་པའོ། །ཡོངས་སུ་སྤྱད་དེ་དྲི་མ་ཅན་དུ་གྱུར་པ་ཞེས་བྱ་བ་ནི་ཡོངས་སུ་སྤྱད་པ་ནི་གལ་ཏེ་ན་དེ་ཙམ་དུ་ཟད་པས་དེའི་ཕྱིར་དྲི་མ་ཅན་དུ་གྱུར་པས་ཁྱད་པར་ཅན་དུ་སྨོས་སོ། །གནས་མལ་གྱི་དངོས་པོ་

ཞེས་བྱ་བ་ནི་དགེ་འདུན་གྱི་གནས་མལ་དྲི་མ་ཅན་དུ་གྱུར་པ་འདི་བཀྲུའོ་སྙམ་པའི་བསམ་པས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པ་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་འཁྲུར་འཇུག་པར་གཏོགས་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་ལྟུང་བ་ནི་འཕགས་པ་

འཆར་ཀས་སྦེད་མ་ལ་སྨད་གཡོགས་སུ་ཁུ་བས་གོས་པ་འཁྲུར་བཅུག་ལ་དེ་ལས་རྣམ་པར་བཞག་སྟེ། ཀུན་དུ་འདོད་ཆགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དགེ་སློང་མ་དེ་ཡང་ཉེ་དུ་མ་ཡིན་པ་མཚན་མཐུན་པ་ལ་འཁྲུར་འཇུག་ན་མ་བརྟགས་པའི་ཕྱོགས་ལ་བརྟེན་པའི་ཉེས་བྱས་སུ་གསུངས་

སོ། །བཙུན་པ་རེ་ཞིག་དགེ་སློང་མས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་དེ་ཁོ་ན་བཞིན་ཉེས་བྱས་སུ་གསུངས་པ་ནི་མ་བརྟགས་པའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །སྤང་བ་ཞིག་དགེ་སློང་མས་ཉེ་དུ་མ་ལགས་པ་འཁྲུར་སྩོལ་ན་ཞེས་བྱ་བ་ལ་སོགས་པས་སྤང་བའི་ལྟུང་བྱེད་དུ་འགྱུར་བར་གསུངས་

པ་ནི་རང་གི་ཡོད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་སྤངས་པ་ཞིག་འཁྲུར་འཇུག་ན་ཞེས་བྱ་བ་ལ་ཉེས་བྱས་སུ་གསུངས་པ་ནི་སྔར་རང་གི་ཡིན་པ་སྐྱེས་པ་ཉམས་པའི་ཕྱིར་དང་། བྱིན་གྱིས་བརླབས་པ་ཉིད་མེད་པའི་ཕྱིར་རོ། །བཤང་བ་ནི་ཕྱི་སའོ། །གཅི་བ་ནི་གཅིན་ནོ། །འདམ་རྫབ་ནི་རྫབ་བོ། ལྗན་ལྗིན་

ནི་སྟོར་ཁུང་དུ་གཏོགས་པ་མི་གཙང་བའོ། །གཞན་གྱིས་ཞེས་བྱ་བ་ནི་ཁྲག་ལ་སོགས་པས་སོ། །བསྙེན་པར་མ་རྫོགས་པ་འཁྲུར་སྩོལ་བའི་སྦྱོར་བ་བགྱིས་ལ་ཞེས་བྱ་བ་ལ་སོགས་པའི་བསྙེན་པར་མ་རྫོགས་པའི་གནས་སྐབས་ན་བདག་ཉིད་ཀྱིས་འཁྲུར་འཇུག་པའི་སྦྱོར་བ་བྱས་ནས་དུས་

เล่ม ๑๕๘ · หน้า 291a

ཕྱིས་དེའི་སྦྱོར་བའི་དབང་ཁོ་ནས་ཆུད་པ་ཡིན་གྱི། ཕོ་ཉ་ལ་སོགས་པ་ལ་འཆོལ་བའི་དབང་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་བསྙེན་པར་མ་རྫོགས་པ་ནི་འཁྲུར་

འཇུག་པ་ན་ཡང་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །ཉེ་དུར་འདུ་ཤེས་ན་ཞེས་བྱ་བ་ལ་སོགས་པས་ལྟུང་བ་མེད་པར་གསུངས་པ་ནི་ཉེ་དུ་ལ་ལྟུང་བ་མེད་པར་བསྟན་པའི་ཕྱིར་རོ། །ཉེ་དུ་མ་ཡིན་པ་ལ་ཡིན་པ་ནི་སྤེལ་བ་དང་ལྷུང་བཟེད་དག་མ་ཡིན་པ་ཉེ་དུ་ལ་ཉེས་པ་མེད་དོ་ཞེས་འབྱུང་བའི་ཕྱིར་

རོ། །དེ་ལྟ་བས་ན་འདིར་ཉེ་དུ་མ་ཡིན་པ་ལ་འདུ་ཤེས་པ་ལ་སྤང་བར་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་དང་། བསམས་པའི་དོན་གྲུབ་པའི་ཕྱིར་ཏེ། ལུགས་ལས་སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཉིད་དོ་ཞེས་འབྱུང་བའི་ཕྱིར་རོ། །ཉེ་དུ་མ་ཡིན་པ་ལ་ཉེ་དུར་ཤེས་པ་ལ་ལྟུང་བ་མེད་པར་གསུངས་

པ་ནི་སྦྱོར་བ་མེད་པའི་ཕྱིར་རོ། །དངོས་གཞི་ལ་ཡང་ལྟུང་བ་མེད་དེ། བསམས་པའི་དོན་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་ཉེ་དུ་མ་ཡིན་པའི་འདུ་ཤེས་ཀྱིས་འཇུག་པ་ནི་སྦྱོར་བ་ཡིན་གྱི། ཉེ་དུའི་འདུ་ཤེས་ཀྱིས་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཉེ་དུ་མ་ཡིན་པ་ལ་ཉེ་དུར་འདུ་ཤེས་པས་འཁྲུར་འཇུག་

པ་ལ་ལྟུང་བ་མེད་པར་གསུངས་པ་ནི་སྦྱོར་བ་ལ་འདུ་ཤེས་པ་ཡན་ལག་རྣམ་པར་གཞག་ན་དེ་ཡང་དེ་ལ་མེད་པས་སོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་ལ་ཉེས་བྱས་སུ་གསུངས་པ་ནི་སྦྱོར་བ་ཡོད་པའི་ཕྱིར་ཏེ། ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པར་འཇུག་པ་སྦྱོར་བ་ཡིན་གྱི་ཉེ་དུའི་འདུ་ཤེས་

ཀྱིས་ནི་མ་ཡིན་ནོ། །དེ་ཡང་དེ་ལ་ཡོད་པས་ལུང་ལས་སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཉིད་དོ་ཞེས་འབྱུང་བའི་ཕྱིར་རོ། །ཉེ་དུ་ལ་ཉེ་དུར་འདུ་ཤེས་པ་ལ་ལྟུང་བ་མེད་པར་གསུངས་པ་ནི་མ་བསམས་པའི་ཕྱིར་དང་སྦྱོར་བའང་མེད་པའི་ཕྱིར་ཏེ། དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་

ཤེས་པར་བྱའོ། །རྣམ་པར་འབྱེད་པ་ལས་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་ཆོས་གོས་རིང་པ་འཁྲུར་འཇུག་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་མ་ཡིན་ནམ། དེ་ཇི་ལྟ་བུ་ཞེ་ན། འདུལ་བ་འཛིན་པ་རྣམས་ན་རེ་དེར་ཡང་སྦྱོར་བ་ལས་བྱུང་བའི་ཉེས་

เล่ม ๑๕๘ · หน้า 291b

བྱས་ཡིན་པར་སྟོན་པར་ཤེས་པར་བྱའི་གཞན་ནི་མ་ཡིན་ཏེ། འདི་པའི་དོན་མ་གྲུབ་པས་དངོས་གཞི་མི་སློང་བའི་ཕྱིར་རོ། །འདི་ལྟར་ཉེ་དུ་མ་ཡིན་པར་འདུ་ཤེས་ཀྱིས་འཇུག་པ་ནི་སྦྱོར་བ་ཡིན་གྱི་ཉེ་དུའི་འདུ་ཤེས་ཀྱིས་ནི་མ་ཡིན་ནོ། །འདི་ནི་མི་ཤེས་པར་བྱས་པ་ལས་ལྟུང་བ་གང་ཡང་མི་འགྱུར་

ཏེ། འདི་ལྟར་ཆེད་དུ་མ་བསམས་པའི་ཕྱིར་རོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར་འདུ་ཤེས་སྨོས་ཀྱི་ལྟུང་བ་མེད་པ་ལ་གཙོ་བོ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དོན་དུ་འདུ་ཤེས་དང་ལྡན་པ་ལ་ནི་དངོས་གཞིའོ། །གཞན་ཉིད་ལ་ནི་སྦྱོར་

བའོ་ཞེས་བཤད་དོ་ཞེས་ཟེར་རོ། །དོན་འདི་ནི་བཤད་ཟིན་པ་ཡིན་མོད་ཀྱི་ཡང་ཆེས་གསལ་བར་བྱ་བའི་ཕྱིར་བཤད་དོ། །གཞན་མུ་སྟེགས་ཅན་ཞེས་བྱ་བ་ལ་སོགས་པ་བྲམ་ཟེ་ནི་སྡོམ་བརྩོན་ཅན་དུ་གྱུར་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ཏེ་སྡོམ་པ་མེད་པ་ཡིན་ན་ཁྱིམ་པ་མོ་དང་

ཞེས་འབྱུང་བ་དང་ཟློས་པས་ཁྱད་པར་ཡོད་པར་མི་འགྱུར་རོ། །ཁ་ཅིག་ནི་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། སྤྱོད་པ་དང་ཀུན་དུ་རྒྱུ་རྣམས་ལ་ཞེས་དེ་སྐད་དུ་འདོན་པར་བྱེད་དོ། །དེ་ལ་ནི་ལན་གང་ཡང་མེད་ལ་ལན་གདབ་ཀྱང་མི་དགོས་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་ཅི་

རིགས་པར་ཤེས་པར་བྱའོ། །དགེ་སློང་མས་དགེ་སློང་དང་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་གསུངས་པ་ནི་དེར་གཏོགས་པར་གྱུར་པ་ཡིན་པའི་ཕྱིར་རོ། །འོ་ན་ཁ་ཅིག་དགེ་སློང་གི་ཆོས་གོས་འཁྲུར་འཇུག་ན་དགེ་སློང་མ་རྣམས་ལ་སྤང་བར་འགྱུར་བར་འདོད་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་རིགས་པ་མ་

ཡིན་ཏེ། དགེ་སློང་གི་ཆོས་གོས་ཀྱིས་དགེ་སློང་མ་ལ་སྤང་བ་འབྱུང་བར་ནི་རུང་བ་མ་ཡིན་ནོ། །འདི་ལྟར་སྤང་བར་བྱ་བའི་ནོར་ལས་སྤང་བ་བྱུང་ན་གཞན་གྱི་ཡང་རང་གིར་མ་བྱས་པ་ཁོ་ནས་སྤངས་པའི་ཕྱིར་རོ། །གཞན་ཡང་དགེ་སློང་མ་རྣམས་ལ་ནི་གང་ལས་ཀྱང་འཁྲུ་བ་བསྟན་པ་མེད་པས་

འདི་ནི་གྱི་ནའོ། །ཁྱིམ་པ་མོའི་ཁྱིམ་པའི་ཐད་དུ་འགྲོ་ཞིང་ཉན་པ་སྟེ། གུས་པར་ཉན་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཞུས་པ་གཞུང་ལ་ལ་ལས་ནི་འདི་སྐད་དུ། དགེ་འདུན་གྱིས་འཁྲུར་འཇུག་པ་དང་། ལྟང་ལྟོང་དུ་འདུག་པ་འཁྲུར་འཇུག་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་

เล่ม ๑๕๘ · หน้า 292a

ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། དགེ་འདུན་གྱི་ཆོས་གོས་འཁྲུར་འཇུག་ན་ཉེས་བྱས་སུ་འགྱུར་བ་ནི་རང་གི་ཡིན་པ་མེད་པའི་ཕྱིར་རོ། །གཞན་དག་ན་རེ་དགེ་འདུན་གྱི་ལ་ནི་ཐུན་མོང་བ་ཉིད་ཀྱིས་གཞན་གྱི་ཡིན་པའི་ཕྱིར་གྱི་རང་གི་ཡིན་པ་མེད་པའི་ཕྱིར་ཏེ། མ་ཡིན་ཏེ་འདི་

ལྟར་རེས་འགའ་གང་གི་ཚེ་བརྙས་ནས་བྱིན་གྱིས་བརླབས་པ་ཅན་དུ་བྱེད་ན་དགེ་འདུན་གྱི་ལ་ཡང་རང་གི་ཡིན་པ་ཉིད་དུ་ནི་འགྱུར་གྱི། དེའི་ཚེ་ཡང་གཞན་གྱི་ཡིན་པ་ཉིད་མེད་ན་ནི་མ་ཡིན་ནོ་ཟེར་རོ། །རུང་བ་འཁྲུར་འཇུག་པ་ནི་སྔར་ནས་རང་གི་ཡིན་པ་ལ་མི་བརྟེན་པའི་ཕྱིར་རོ། །ལྟོང་ལྟོང་དུ་

འདུག་པ་ནི་བར་བར་ན་ཤོག་ཤིག་ཏུ་འདུག་པ་བརྟགས་པའི་ཕྱིར་རོ། །འཚེད་པ་དང་འཆག་པ་དག་གི་གཞུང་གཞན་ཆོས་གོས་བག་ཙམ་ཁ་བསྒྱུར་བ་འཚེད་དུ་འཇུག །ཆོས་གོས་བག་ཙམ་བཅགས་པ་འཆག་ཏུ་འཇུག་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་

འདི་ཡིན་ཏེ། བག་ཙམ་ཁ་བསྒྱུར་བ་ནི་ཅུང་ཟད་ཁ་བསྒྱུར་བའོ། །བག་ཙམ་བཅགས་པ་ནི་ཅུང་ཟད་བཅགས་པ་སྟེ། ཕྱེད་བྱས་པ་བྱེད་པ་ལ་ཕྱེད་ཉིད་ཡིན་ནོ་ཞེས་འབྱུང་བའི་ཕྱིར་ཉེས་བྱས་སུ་གསུངས་སོ། །དུས་མ་གཏོགས་པ་ནི་ཕོངས་པའི་དུས་མ་གཏོགས་པའོ། །དེ་ལ་ཞེས་བྱ་བ་ནི་ཉེ་དུ་མ་

ཡིན་པ་ལ་སློང་བ་ལའོ། །དུས་ནི་བསླང་དུ་རུང་བའི་དུས་སོ། །ཡང་དུས་ནི་ཚུལ་ཏེ་ཉེས་པ་མི་འབྱུང་བར་གྱུར་པའི་གནས་སྐབས་ནི་འདི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་གཞན་དག་ན་རེ་འདུ་ཤེས་འབྱུང་བའི་ཕྱིར་ཉེས་པ་མི་སློང་བའི་རྒྱུ་མཚན་དུ་གྱུར་པའི་དུས་དང་གནས་སྐབས་གཞན་

གང་ཡིན་པའོ་ཞེས་ཟེར་རོ། །ཆོས་གོས་ཕྲོགས་པ་ནི་ཆོམ་རྐུན་ལ་སོགས་པས་སོ། །ཆོས་གོས་ཉམས་པ་ནི་བརྗེད་པ་ལ་སོགས་པས་སོ། །ཆོས་གོས་ཚིག་པ་ནི་མེས་སོ། །ཆོས་གོས་དེད་པ་ནི་རླུང་གིས་སོ། །ཆོས་གོས་ཁྱེར་བ་ནི་ཆུས་སོ། །དེ་ལ་འདི་ནི་དུས་ཡིན་ནོ་ཞེས་སྨོས་པ་ནི་ངེས་

པར་བཟུང་བ་སྟེ། འདི་ནི་དུས་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་མཇུག་བསྡུ་བའི་ངོ་བོས་བརྩལ་བར་བྱ་བའི་ཕྱིར་རོ་ཞེས་ཟེར་རོ། །བསྙེན་པར་མ་རྫོགས་པར་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ཀྱིས་བསླངས་པའི་རྒྱུ་དུས་ཕྱིས་སྔོན་གྱི་སྦྱོར་བ་ཁོ་ནས་

เล่ม ๑๕๘ · หน้า 292b

གྲུབ་ན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །ཟ་མ་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་འཇིག་རྟེན་གྱི་ཐ་སྙད་ལས་འདས་པའི་ཕྱིར་རོ། །འདི་ལྟར་འདིའི་ལུས་ནི་སེམས་ཅན་གྱི་བློ་ཉམས་པ་ལྟ་བུར་འདུག་གོ། །དེའི་ཕྱིར་

གདོན་གྱིས་ཟིན་པ་དང་འདྲ་བར་མི་མ་ཡིན་པ་ཉིད་དུ་སྣང་སྟེ། མ་ནིང་དང་མ་ནིང་མོ་དང་མཚན་གཉིས་པ་རྣམས་ལ་ཡང་ཚུལ་འདི་ཉིད་ཡིན་ལ། ཁྱིམ་པར་གཏོགས་པའི་ཁ་ན་མ་ཐོ་བ་འོག་མ་དག་ལ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་མ་ནིང་དང་མ་ནིང་མོ་ནས་དགེ་སློང་ཞེས་

བྱ་བ་འདིས་དགེ་སློང་ལ་སོགས་པ་ལ་སློང་བ་ལ་ཉེས་བྱས་སུ་གསུངས་པ་ནི་སློང་བར་གཏོགས་པར་གྱུར་པ་སྟེ། འདི་ལྟར་ཆོས་གོས་ཀྱིས་བགོས་པ་མ་གཏོགས་པར་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སློང་ན་ཡང་མི་མཛེས་སོ། །སློང་བའི་སྤང་བ་གཏན་ལ་དབབ་པའོ།། །།དུས་

ཀྱི་ཞེས་བྱ་བ་ནི་མངོན་པར་ཞེན་པ་བསྟན་པས་སོ། །སྟོབས་པ་ནི་མགྲོན་དུ་བྱེད་པའོ། །སྟོད་གཡོགས་སྨད་གཡོགས་བཅས་པ་ཞེས་བྱ་བ་ལ་སྟོད་གཡོགས་ནི་སྟོད་དུ་བགོ་བའོ། །སྨད་གཡོགས་ནི་ཤམ་ཐབས་སོ། །མཐར་ཐུག་པ་ཞེས་བྱ་བའི་སྒྲ་ནི་མཆོག་ཏུ་བརྗོད་པ་ཡིན་ཏེ།

དེས་ན་དགེ་སློང་སློང་མོ་པ་དེས་པོ་ཟོས་ན་སྟོད་གཡོགས་སྨད་གཡོགས་དང་བཅས་པ་དེ་ཁོ་ན་བསླང་པར་བྱའི་ལྷག་པར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་དུ་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་ཁྱད་པར་ཅི་ཡོད་པའོ། །ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་སྟོད་

གཡོགས་ཁྲུ་བཅུ་གཉིས་པ་དང་། སྨད་གཡོགས་ཁྲུ་བདུན་དང་གཉིས་པའོ། །དེ་ཙམ་གྱི་ཆ་ལུགས་འགྲུབ་པའི་ཕྱིར་ཏེ་འོག་མ་ལ་ཡང་དེ་དང་འདྲའོ། །དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་དུས་སུ་མ་སྤྱད་པའི་གོས་ལ་ནི་སྣམ་སྦྱར་ནི་ཉིས་རིམ་དུ་བྱའོ། །སྨད་

གཡོགས་ནི་ཁྲུ་ལྔ་དང་གཉིས་པར་བྱའོ། །དུས་སུ་སྤྱད་པ་ལས་ནི་སྣམ་སྦྱར་དང་སྨད་གཡོགས་དག་དེའི་ཉིས་འགྱུར་དུ་བྱའོ། །དགེ་སློང་གིས་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པས་གལ་ཏེ་མི་ལྡང་བར་གྱུར་ན་ཡང་བསླང་བར་མི་བྱ་

เล่ม ๑๕๘ · หน้า 293a

བ་ནི་སྦྱིན་པ་པོས་ཁས་བླངས་ལ་ཐོབ་པས་མི་ཆོག་ན་ལྷག་པར་བླང་བར་མི་བྱ་སྟེ། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་བྱིན་ཟིན་པའི་ཕྱིར་རོ། །གལ་ཏེ་ལྷག་ན་ཡང་སྦྱིན་པར་མི་བྱ་སྟེ། སྔར་ལས་བླངས་པ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་

བཅས་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པས་གལ་ཏེ་མི་ལྡང་བར་གྱུར་ན་བསླང་བར་བྱ་བ་ནི་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལ་ཚད་ངེས་པ་ཡོད་དོ། དེ་བས་ན་དགེ་སློང་གི་སྟོད་གཡོགས་

སྨད་གཡོགས་དང་བཅས་པ་ཁས་བླངས་ལ་ཐོབ་པས་ནི་མི་ལྡང་ན་བླང་བར་བྱ་སྟེ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་མ་བྱིན་པའི་ཕྱིར་རོ། །གལ་ཏེ་ལྷག་པར་གྱུར་ན་སྦྱིན་པར་བྱ་བ་ནི་ལྷག་པར་ཐོབ་ན་སྦྱིན་པར་བྱ་སྟེ། ཁས་བླངས་པ་ལས་ལྷག་པའི་ཕྱིར་

རོ། །འདུལ་བ་འཛིན་པ་ཁ་ཅིག་ནི་འདི་གཉིས་ལ་སྤང་བའི་ལྟུང་བྱེད་དུ་འདོད་དེ། དགེ་སློང་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལས་ལྷག་པར་སློང་བ་དང་། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལས་ལྷག་པའི་སྦྱིན་པ་མི་བྱེད་ན་ཐམས་ཅད་

དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་པའོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལྷག་པར་སློང་ན་ཞེས་བྱ་བ་འདི་ལའང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་

ལས་ལྷག་པར་སློང་བ་ནི་སྤང་བའི་སྦྱོར་བ་ཡིན་ན་སྤང་བའི་སྦྱོར་བ་ལ་སྤང་བར་འགྱུར་བ་མི་འཐད་དེ། འདི་ལྟར་དེའི་སྦྱོར་བ་ལ་ནི་ཉེས་བྱས་སུ་བསྟན་པའི་ཕྱིར་རོ། །དེ་ལྟ་བས་ན་གཉི་ག་ལ་ཉེས་བྱས་སུ་འདོན་པ་བཟང་སྟེ་ལྷག་པར་སློང་བའི་ཕྱིར་དང་ལྷག་པར་འཆང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་

ཚིག་གོ། །ལྷག་མ་ནི་ཕོ་ཉའི་ཡི་གེ་ལག་བརྡ་དང་ཞེས་བྱ་བ་ལ་སོགས་པའོ། །བསླབ་པའི་གཞི་སྔ་མ་ཞེས་བྱ་བ་ལ་སློང་བའི་བསླབ་པའི་གཞིའོ། །འདི་ལ་ཞེས་བྱ་བ་ནི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལའོ། །སྟོད་གཡོགས་སྨད་གཡོགས་དང་བཅས་པ་སློང་བའི་

เล่ม ๑๕๘ · หน้า 293b

སྤང་བ་གཏན་ལ་དབབ་པའོ།། །།ཡང་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། གང་ཁོ་ན་དེ་ལས་གྲུབ་པར་བྱ་བའི་དགེ་སློང་དེ་ཁོ་ནའི་ཞེས་བྱ་བའི་དོན་ཏོ། །ཡང་ན་གལ་ཏེ་ཞེས་བྱ་བའི་དོན་ཏོ། །ཕྱིར་ཞེས་བྱ་བས་ནི་ཆེད་དུ་བྱས་ནས་སོ། །ཆོས་གོས་ཀྱི་རིན་དག་ནི་ཆོས་གོས་ཀྱི་ཟོང་དབྱིག་

དང་གསེར་ལ་སོགས་པ་སྟེ། འདི་དག་གིས་ཆོས་གོས་གྲུབ་ཅིང་ཉོ་བར་བྱེད་པའི་ཕྱིར་རོ། །སྤགས་པ་ནི་སོ་སོར་ངེས་པའི་ངོ་བོར་གཞག་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་དང་འདི་ལྟ་བུ་ནི་རྣམ་པ་འདི་ལྟ་བུ་སྟེ་ཚད་དང་ཁ་དོག་ཅེས་བྱ་བའི་ཐ་ཚིག་གོ། །དང་ཞེས་བྱ་བའི་སྒྲ་ནི་གཉི་གའི་ཆོས་

གོས་ཤིག་དང་སྦྱར་བར་བསྟན་པའི་ཕྱིར་རོ། །ཉོས་ལ་ཞེས་བྱ་བ་ནི་ཉོས་ནས་སོ། །རུང་བ་ནི་དགེ་སློང་དང་མཐུན་པ་རྔ་བལ་གྱི་སྣམ་བུ་ལ་སོགས་པ་མ་ཡིན་པའོ། །དུས་སུ་ཞེས་བྱ་བ་ནི་མཁོ་བའི་དུས་སོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བྱས་པས་སོ། །རྣམ་པར་

རྟོག་པ་འགའ་ཞིག་རིག་སྟེ་ཞེས་བྱ་བའི་རྒྱུ་མཚན་འགའ་ཞིག་རིག་ནས་ཏེ། མཐོང་བ་དང་ཐོས་པ་དང་། དོགས་པ་ཉིད་ཀྱི་བསམ་པ་ཁོང་དུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བའི་ཆེས་ཁྱད་པར་དུ་འཕགས་པ་འདོད་པ་རྒྱུར་བྱས་ནས་སོ། །ཐག་པ་ནི་བཟང་པོའོ། །

གྲུབ་ན་ཞེས་བྱ་བ་ནི་ལག་ཏུ་ཐོབ་ནའོ། །དེ་ལས་གཞན་པའི་ཡོ་བྱད་རྣམས་ནི་ལྷུང་བཟེད་ལ་སོགས་པའོ། །ཉེས་བྱས་འདི་ནི་སྤགས་པ་ལས་ལྷག་པར་སློང་བའི་བསླང་བར་གཏོགས་པར་གྱུར་པ་ཡིན་ནོ། །དགེ་སློང་གི་སླད་ཅེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་སུ་གསུངས་པ་འདི་ནི་གཞན་

གྱི་ཆེད་ཡིན་པའི་ཕྱིར་རོ། །སྤགས་པ་ལས་ལྷག་པར་སློང་བའི་སྤང་བ་གཏན་ལ་དབབ་པའོ།། །།གཉི་ག་འདུས་ཏེ་ཞེས་བྱ་བ་ནི་ཆོས་གོས་ཁྱད་པར་དུ་འཕགས་པ་བྱ་བར་སེམས་ཏེའོ། །ལྷག་མ་ནི་ཕོ་ཉ་ལ་སོགས་པའོ། །འདས་མ་ཐག་པ་ནས་ཞེས་བྱ་བ་ནི་སྤགས་པ་ལས་ལྷག་པར་སློང་

བ་ལའོ། །འདི་ལ་ཞེས་བྱ་བ་ནི་སོ་སོ་ནས་སྤགས་པ་ལས་ལྷག་པར་སློང་བའོ། །དེ་ལྟ་བས་ན་ཡང་འདིར་སྨོས་པ་ནི་སྦྱིན་པར་བྱེད་པའི་དུས་མ་ཡིན་པའི་ཕྱིར་ཏེ། འདི་གཉིས་ཀྱི་ཐ་དད་པ་ཉིད་ནི་དེ་ལྟ་བུ་ཡིན་ནོ། །སོ་སོ་ནས་སྤགས་པ་ལས་ལྷག་པར་སློང་བའི་སྤང་བ་གཏན་ལ་དབབ་

เล่ม ๑๕๘ · หน้า 294a

པའོ།། །།ཡང་ཞེས་བྱ་བའི་སྒྲ་ནི་གལ་ཏེ་ཞེས་བྱ་བའི་དོན་ཏོ། །བྲམ་ཟེ་ནི་ཡོན་གནས་སུ་བཀུར་བར་སྟོན་པ་ཡིན་ནོ། །ཁྱིམ་བདག་ནི་རྗེ་རིགས་དང་དམངས་རིགས་ཀྱིས་མཚོན་པའི་སྦྱིན་པ་བསྟེན་པའོ། །རིགས་དང་མཐུན་པའི་ཁྱད་པར་བསྟན་ནས་བསམ་པའི་ཁྱད་པར་

བསྟན་པ་གྲོང་རྡལ་གྱི་མི་ནི་གྲོང་སྣའོ། །ཡུལ་མི་ནི་ཡུལ་དཔོན་ནོ། །རྫས་དང་མཆོད་པའི་ཁྱད་པར་བསྟན་པ། ནོར་ཅན་ནི་བྱེད་པའི་བདག་པོ་སྟེ། རྫས་བསགས་པ་དང་ལྡན་པའི་ཕྱིར་རོ། །ཚོང་དཔོན་ནི་མགོ་རྒྱན་ཐོབ་པ་སྟེ། རྒྱལ་པོས་བཀུར་བའི་ཕྱིར་རོ། །ཞོ་ཤ་བསྟན་པའི་དེད་དཔོན་ནི་

ལན་གཉིས་གསུམ་འགྲོན་པོའི་འདས་པའི་ཕྱིར་ཏེ། འགྲོན་པོའི་ཁང་དཔོན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་འཕགས་པ་མཁྱེན་པར་མཛོད་ཅིག་ཅེས་བྱ་བ་ཡང་ཞེས་བྱ་བའི་སྒྲ་ནི་ཚིག་གི་རྒྱན་གྱི་དོན་ཏོ། །མཁྱེན་པར་མཛོད་ཅིག་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་གྱིས་ཤིག་པའོ། །ཐུགས་བརྩེ་

བའི་སླད་དུ་ཞེས་བྱ་བ་ནི་སྙིང་བརྩེ་བ་རྒྱུར་བྱས་ནས་ཏེ། ལན་སྦྱིན་པའི་བློས་མ་སྦྱིན་པར་ཞེས་བྱ་བའི་དོན་ཏོ། །མི་རུང་བ་ནི་བཅོམ་ལྡན་འདས་ཀྱིས་རང་གིར་བྱེད་པ་བཀག་པའི་ཕྱིར་རོ། །ནི་ཞེས་བྱ་བ་ནི་ཡང་ཞེས་བྱ་བའི་སྒྲའི་དོན་ཏོ། །ཞལ་ཏ་བགྱིད་པ་ནི་ཞལ་ཏ་པའོ། །ཞལ་ཏ་ནི་ལས་སོ། །

ཉམས་སུ་ལེན་པ་ནི་བྱེད་པའོ། །ཆོས་གོས་འདོད་པ་ནི་ཆོས་གོས་རེ་བའོ། །ཀུན་དགའི་ར་བ་པ་ནི་གསུམ་ལ་སྐྱབས་སུ་སོང་ཞིང་རུང་བ་བྱེད་པའོ། །དགེ་བསྙེན་ནི་བསླབ་པའི་གཞི་ལྔ་བ་ཅན་ནོ། །བསྟན་པར་བྱ་བ་ནི་ངོ་བསྟན་པར་བྱ་བའོ། །ལེགས་པར་ཞེས་བྱ་བ་ལ་སོགས་པ་ལ། ཇི་

ལྟར་ཡང་དག་པར་བསྒོ་ན་ལེགས་པར་ཞེས་བྱ་བ་གསུངས་སོ། །ཇི་སྐད་བསྟན་པ་བཞིན་བྱེད་དུ་འཇུག་པའི་ཕྱིར་ཏེ། ཁྱོད་ཀྱིས་འདིའི་ཚད་འདི་ཙམ་དུ་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཡང་དག་པར་བསྟན་ཅེ་ན། ཤིན་ཏུ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྨྲས་པ་བཞིན་

བརྗོད་པའི་ཕྱིར་ཏེ། འདིར་རུང་བར་གྱིས་ཤིག །ཉོ་ཚོང་དག་ལ་ཏེ་པོར་མཁས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །བསྟན་པ་ནི་ངོ་བསྟན་པའོ། །ཡང་དག་པར་བསྟན་པ་ནི་ཕན་པ་ལ་སྦྱར་བ་དང་མི་ཕན་པ་བཟློག་པས་སོ། །ལན་གསུམ་དུ་ཞེས་བྱ་བ་ནི་ལན་གཉིས་ལན་གསུམ་དུ་

เล่ม ๑๕๘ · หน้า 294b

ཞེས་བྱ་བའི་ཐ་ཚིག་གོ། །བསྐུལ་བར་བྱ་བ་ནི་ཆོས་གོས་ཀྱི་ཆེད་དུ་གཞན་གདབ་པར་བྱའོ། །དྲན་པར་བྱའོ་ཞེས་བྱ་བ་ལ། དྲན་པ་ནི་བསྐུལ་བའི་འཁོར་དུ་གྱུར་པ་ཁོ་ན་སྟེ། དེས་ན་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། ལན་གཉིས་ལན་གསུམ་དུ་དྲན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །

དེ་ཉིད་བསྟན་པའི་ཕྱིར་བདག་ཆོས་གོས་འདོད་དོ་ཞེས་བྱ་བ་ལ་སོགས་བ་སྨོས་ཏེ། བཟླས་པའི་དོན་དུ་གཉེར་བ་ཉིད་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་ཅི་སྟེའོ། །གྲུབ་ན་ཞེས་བྱ་བ་ནི་གྲུབ་པར་གྱུར་ནའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཞེས་བྱ་ནི་སྔར་བསྐུལ་བ་གཏོགས་

པར་ལན་བཞི་དང་ལན་ལྔ་དང་ལན་དྲུག་གི་པར་དུ་སྟེ། དེས་ན་རེ་ཞིག་ལན་གསུམ་གྱི་བར་དུ་བསྐུལ་བར་བྱའོ། །དེས་མ་གྲུབ་ན་ལན་གསུམ་གྱི་བར་དུ་ཕྱོགས་སུ་བསྡད་པར་བྱའོ། །དེ་ལས་ཐལ་ན་ལྟུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་ནི་གནས་སོ། །དེའི་དུས་དང་། ཁང་

པ་དང་། ལས་ཀྱི་མཐའ་པ་དང་། ལས་ལ་ངག་གི་བྱེ་བྲག་གིས་རྣམ་པ་བཞི་སྟེ། འཇིག་རྟེན་ནི་ཕལ་ཆེར་འདི་དག་ཏུ་གནས་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེའི་འོག་ཏུ་ཞེས་བྱ་བ་ནི་བསྐུལ་བ་དང་བཅས་པར་ཕྱོགས་སུ་བསྡད་པ་སྟེ། བསླང་བ་ལན་དྲུག་པའི་འོག་རོལ་དུ་

ཞེས་བྱ་བའི་དོན་ཏོ། །འདི་ལ་འདུལ་བ་འཛིན་པ་རྣམས་ཀྱི་བློ་ཐ་དད་པར་འགྱུར་ཏེ། འདུལ་བ་འཛིན་པ་ཁ་ཅིག་ན་རེ་བསྐུལ་བ་ལན་གསུམ་པའི་བསྐུལ་བ་བཞི་པའི་དངོས་གཞི་བྱེད་པ་ཉིད་དོ་ཞེས་ཟེར་རོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། འདི་ལྟར་མཇུག་ཐོགས་

ཁོ་ནར། བཙུན་པ་རེ་ཞིག་དགེ་སློང་གི་ཆོས་གོས་བསྒྲུབ་པའི་སླད་དུ་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་སློང་བར་བགྱིད་ཅིང་ཞེས་སློང་བ་ལ་ལན་དྲུག་པའི་འོག་མ་ལྟུང་བ་བྱེད་པ་ཉིད་དུ་གསུངས་སོ། །གལ་ཏེ་བཞི་པ་ཡང་དངོས་གཞི་བྱེད་པ་ཉིད་ཡིན་ན་དེ་ལྟ་ན་བཙུན་པ་རེ་ཞིག་དགེ་

སློང་གི་ཆོས་གོས་བསྒྲུབ་པའི་སླད་དུ་ལན་གཉིས་ལན་གསུམ་བསྐུལ་བའི་འོག་ཏུ་སློང་བར་བགྱིད་ཅིང་ཞེས་དེ་ནི་འདི་སྐད་དུ་བརྗོད་དགོས་པར་འགྱུར་ཏེ། གཉི་ག་ཡང་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །གང་ཡང་ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན་གལ་ཏེ་ཆོས་གོས་

เล่ม ๑๕๘ · หน้า 295a

དེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ་ཞེས་བསྐུལ་བ་གསུམ་པའི་འོག་ཏུ་ཅང་མི་སྨྲ་བར་སྡོད་དུ་གནང་གི །བསྐུལ་བར་ལྷག་པོར་མ་གསུངས་བ་དེ་ནི་ཡང་དང་ཡང་དུ་བསྐུལ་བར་སྨྲས་ན་སྐྱོ་བ་སྐྱེས་ནས་མི་

རུང་བ་ཡིན་གྱི། བསྐུལ་བ་བཞི་པ་སྤོང་བར་བྱེད་པ་ཉིད་ཀྱི་ལན་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་བསྐུལ་བ་ལན་གསུམ་ལས་ཐལ་བ་ནི་ཉེས་བྱས་བྱེད་པ་ཉིད་ཡིན་ལ། ཕྱོགས་སུ་བསྡད་པ་ལ་ལན་གསུམ་གྱི་འོག་ཏུ་ནི་སྤོང་བར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །ཡིད་བརྟན་

པ་ན་ཡིད་ཆེས་པ་སྟེ། སློབ་མ་ལ་སོགས་པའོ། །དོན་ཅིར་ཡང་མ་གྲུབ་པ་ནི་དགོས་པ་ཅི་ཡང་མི་བྱེད་པའོ། །ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་ལྟོས་ཤིག་པའོ། །རང་གི་ནོར་ནི་བདག་ཉིད་ཀྱི་རྫས་སོ། །བཙུན་པ་རེ་ཞིག་དགེ་སློང་ཆོས་གོས་ལས་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པས་ཉེས་

བྱས་སུ་གསུངས་པ་ནི་སྐུར་བའི་སྤང་བར་གཏོགས་པར་གྱུར་པ་ཡིན་ནོ། །སྐུར་པའི་སྤང་བ་གཏན་ལ་དབབ་པའོ།། །།སྲིན་བལ་ནི་དར་གྱི་སྲིན་བུ་ལས་བྱུང་བའོ། །སྟན་ནི་ནང་ཚངས་ཅན་དང་། བླིངས་པའོ། །ཁ་ཅིག་ན་རེ་སྟན་རྣམ་པ་གཉིས་ཡིན་མོད་ཀྱིས། འོན་ཀྱང་རེ་ཞིག་འདིར་ནི་ནང་ཚངས་ཅན་ལ་

དགོངས་པ་ཡིན་ནོ། །བླིངས་པ་ནི་མ་ཡིན་ཏེ། དེ་ནི་ཕྱིང་པའི་ངོ་བོ་ཡིན་པའི་ཕྱིར་ལ། སྲིན་བལ་ཀྱང་ཕྱིང་པའི་ངོ་བོ་ཉིད་དུ་བླིང་དུ་མི་རུང་བའི་ཕྱིར་རོ་ཞེས་ཟེར་རོ། །འདུལ་བ་འཛིན་པ་རྣམས་ན་རེ་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་སྟན་ནི་གཉིས་ཏེ། ནང་ཚངས་དང་།

བླིངས་པའོ། །དོན་འདི་ལ་ནི་གཉི་ག་ཡིན་པར་དགོངས་སོ་ཞེས་གསུངས་པའི་ཕྱིར་རོ། །བྱེད་ན་ཞེས་བྱ་བ་ནི་རང་ངམ་གཞན་ལ་མངོན་སུམ་དུ་བྱའོ། །འདིར་ནང་ཚངས་ཅན་སྨོས་པས་ནི་གཡོགས་མའི་གོས་དེ་ལྟ་བུ་ཉིད་དུ་འཆང་བ་ནི་སྤང་པར་མི་འགྱུར་ཏེ། གོས་ཉིད་ཡིན་པ་མེད་པའི་ཕྱིར་རོ། །

སྟན་གང་ཞིག་འདིར་སྟན་ཉིད་ཡིན་དུ་ཟིན་ཀྱང་གོས་ཉིད་ཡིན་པ་ཡོད་པ་དེ་ནི་འཆང་ན་འཆང་བའི་སྤང་བར་འགྱུར་བ་ཁོ་ན་སྟེ། གོས་སུ་གྱུར་པའི་ཕྱིར་གདིང་བ་བཞིན་ནོ་ཟེར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་གཞན་ལས་སྲིན་བལ་གྱི་སྟན་སར་པ་བགྱིད་དུ་སྩལ་ན་ཞེས་བྱ་བ་ལ་སོགས་པས་ཉེས་

เล่ม ๑๕๘ · หน้า 295b

བྱས་སུ་གསུངས་པ་ནི་རང་གི་མིག་སྔར་མ་བྱས་པའི་ཕྱིར་ཏེ། རང་གི་མིག་སྔར་མ་བྱས་པས་ནི་རང་གི་མིག་སྔར་བྱས། དེ་འདྲ་བའི་མངོན་པར་ཞེན་པ་དམ་པོའི་འདོད་པ་ཡང་མི་འབྱུང་ལ། དེ་འདྲ་བའི་ལུས་ནི་མི་འབྱུང་བས་དེའི་ཕྱིར་འདི་ཤེས་པར་བྱའོ། །ཁ་ཅིག་མདུན་དུ་ཁྱིམ་པ་ལ་བགྱིད་དུ་སྩལ་

ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་བརྗོད་དོ། །འདི་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་བྱེད་པ་དང་བྱེད་པ་ཉིད་ཡིན་གྱི་ཁྱིམ་པ་ཉིད་ལ་སོགས་པའི་ཁྱད་པར་ནི་མ་ཡིན་ཏེ། དེ་ནི་འདིར་འབྲེལ་པ་ཉིད་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལ་ལྷུང་བཟེད་ཁོ་ན་བཟང་སྟེ། ལོགས་ཤིག་ཏུ་

སྨོས་པ་ནི་གསལ་བ་ཉིད་དུ་བསྟན་པའི་ཕྱིར་གཅོད་པ་ལ་སོགས་པ་ཡང་ཚུལ་ནི་འདི་ཡིན་ནོ། །སྤུན་ཞེས་བྱ་བ་ལ་སོགས་པས་སྤང་བའི་ལྟུང་བྱེད་དུ་སྨྲས་ཏེ། དཀོན་པའི་ཕྱིར་དང་། རིན་ཆེ་བའི་ཕྱིར་ཏེ་དེ་སྐད་དུ་གསུངས་སོ་ཞེས་ཟེར་རོ། །བལ་ལམ་ཞེས་བྱ་བ་ལ་སོགས་པས་འདྲེས་པ་ལས་

བྱས་ན་ཉེས་བྱས་སུ་གསུངས་པ་ནི་རྫས་ཟུང་དང་འབྲེལ་བ་ལ་འདི་ཤེས་པར་བྱའོ། །ཁ་ཅིག་ནི་སྲིན་བལ་ནི་དུལ་མ་དང་ཞེས་བྱ་བ་ལ་སོགས་པ་ལས་འདིར་ཁྱད་པར་རྣམས་ནི་ཡན་ལག་དབྱེ་བ་ཉིད་ཀྱིས་རྒྱུ་དང་སྤུན་དག་ཏུ་རིག་པར་བྱའོ། །གཞན་དག་ནི་དེ་ལྟར་མི་འདོད་དེ། འདི་ལྟར་གལ་ཏེ་

གང་དག་ཆེས་དཀོན་ཞིང་ཆེས་རིན་ཆེ་བ་དེ་སྤོང་བར་བྱེད་པ་ཉིད་དུ་འགྱུར་ཏེ། འདོད་ན་དེ་ལྟ་ན་ནི་དཔག་བསམ་གྱི་གོས་ལ་སོགས་པའི་སྤོང་བ་བྱེད་པ་ཉིད་དུ་ཤིན་ཏུ་དཀོན་པ་དང་། ཤིན་ཏུ་རིན་ཆེ་བའི་ཕྱིར་རོ། །དེ་བས་ན་མཇུག་ཐོགས་ཁོ་ནར་མ་བརྟགས་པ་ལས་བགྱིད་དུ་སྩལ་ན་ཅིར་འགྱུར་

ལགས། ཉེས་བྱས་སོ་ཞེས་ཁྱད་མེད་པར་མ་བརྟགས་པ་ཐམས་ཅད་ཉེས་བྱས་བྱེད་པ་ཉིད་དུ་འཆད་པར་འགྱུར་རོ། །དེ་ལྟ་བས་ན་སྟོན་པས་བཅས་པའི་དབང་ཁོ་ནས་ལྟུང་བ་རྣམ་པར་གཞག་པ་ཡིན་ནོ། །འདི་ལ་སྤང་བའི་ལྟུང་བྱེད་དུ་རྣམ་པར་གཞག་པར་བརྗོད་པར་ཡང་རིགས་པ་མ་ཡིན་ཏེ།

ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདྲེས་པ་འདི་ཐམས་ཅད་ལ་ནི་ཉེས་བྱས་ཁོ་ནར་རིག་པར་བྱའོ། །མ་བརྟགས་པ་ནི་དཔག་བསམ་གྱི་གོས་ལ་སོགས་པའོ། །ཁ་ཅིག་ནི་དགེ་སློང་མ་རྣམས་ལ་སྲིན་བལ་གྱི་སྤང་བ་མི་འདོད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། ཡང་དགེ་

เล่ม ๑๕๘ · หน้า 296a

སློང་མ་གང་ཞིག་སྲིན་བལ་གྱི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་འབྱུང་བས་དགེ་སློང་མའི་རྣམ་པར་འབྱེད་པ་དག་ལས་དེ་རྣམས་ལས་ནི་རྣམ་པར་གཞག་པའི་ཕྱིར་རོ། །བདེ་བར་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་ནི་ཆོས་གོས་གང་ལ་ཆུ་དང་ཞེང་དག་ཏུ་

ཚད་དང་ལྡན་པའི་ཁྲུ་བཅོ་ལྔ་དང་དགུའི་ཚད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚད་དེ་ལ་ལྡན་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་ཡན་ལག་ནི་སྐྱེས་བུ་གསུམ་གྱི་ཚད་ཡིན་པའི་ཕྱིར་རོ། །འདི་ནི་ཚད་ལས་ལྷག་ན་མ་བརྟགས་པ་ཡིན་པའི་ཕྱིར་རོ། །ཞུས་པ་ལ་ལ་ལས་ནི་གཞུང་

འདི་སྐད་དུ། བདེ་བར་གཤེགས་པའི་ཚད་ཀྱིས་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དོ་ཞེས་འབྱུང་སྟེ། དེ་ལྟ་བས་ན་འདིས་ནི་ཆུང་བ་ནི་ན་སྨད་པར་བྱེད་པ་ཉིད་ཡིན་གྱི། ལྷག་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ནི་སྤང་བར་སྨོས་པ་མི་འདོད་དེ། ཇི་ལྟ་ཇི་ལྟར་

བཅོས་པས་ཚད་ཆུང་ངུ་རབ་ཏུ་བྱུང་བའི་རྫས་མ་ཡིན་པའི་ཕྱིར་ལྟུང་བ་ཆུང་ངུ་བྱེད་པ་ཉིད་ཡིན་པ་ལྟར་ཚད་ཆེན་པོ་ཡང་དེ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར་འོག་ནས་བཙུན་པ་དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་ཁྲི་འུ་བཀྲམ་སྟེ་མ་བྱུང་བར་མཆིས་ལ། ལྟུང་བྱེད་དུའང་མི་འགྱུར་བ་ལྟ་མཆིས་ལགས་

སམ། ཉེ་བ་འཁོར་ཡོད་དེ། བདེ་བར་གཤེགས་པའི་སོར་བརྒྱད་པས་ཆུང་བའམ་ཆེ་བར་འགྱུར་ན་ཉེས་བྱས་སུ་འགྱུར་རོ་ཞེས་འཆད་པར་འགྱུར་བས། ཚད་ལས་ལྷག་པ་ཡང་ཉེས་བྱས་སུ་གསུངས་སོ། །དེ་བཞིན་དུ་ཚད་ལས་ལྷག་པའི་ལྷུང་བཟེད་འཆང་པ་ལ་ཡང་ཉེས་བྱས་སུ་གསུངས་ཏེ།

དེ་ལྟ་བས་ན་འདི་ལ་ནི་ཉེས་བྱས་ཁོ་ནར་བཟང་ངོ་། །ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཞེང་གི་ཚད་ནི་འདུལ་བ་འཛིན་པ་རྣམས་གདིང་བ་དང་འདྲ་བར་བརྗོད་དོ། །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོའོ། །ཞེང་དུ་ཕྱེད་དང་དོའོ་ཞེས་འབྱུང་བའི་

ཕྱིར་རོ། །བསྙེན་པར་མ་རྫོགས་པར་ཞེས་བྱ་བ་ལ་སོགས་པ་ལ། སྟན་བགྱི་བར་སྦྱོར་བ་བགྱིས་ལ་ཞེས་བྱ་བ་ནི་མངོན་སུམ་ཁོ་ནར་སྦྱོར་བ་བྱེད་ཀྱི་ཕོ་ཉ་ལ་སོགས་པའི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདི་ལ་སྦྱོར་བའི་དབང་གིས་ཀྱང་ལྟུང་བ་འདྲ་བ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཞུས་པ་

เล่ม ๑๕๘ · หน้า 296b

ལ་ལ་ལས་ནི་འདི་སྐད་དུ་བཙུན་པ་རེ་ཞིག་དགེ་སློང་སྲིན་བལ་ཉམས་པ་ལས་སྟན་བགྱིད་ན་ཅིར་འགྱུར་ལགས་ཉེས་བྱས་སོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། ཉམས་པ་ནི་སྲོག་ཆགས་ཀྱིས་ཟོས་པ་ལ་སོགས་པ་མ་རུང་བར་གྱུར་པའོ། །ཉམས་པ་ཉིད་ལ་ནི་རྫས་ཡོངས་སུ་རྫོགས་པ་མེད་

པས་དེའི་ཕྱིར་ཚུལ་འདི་ཡིན་ནོ། །སྲིན་བལ་གྱི་སྤང་བ་གཏན་ལ་དབབ་པའོ།། །།ལུག་བལ་ནི་ལུག་གི་བལ་ལོ། །ནག་པོ་འབའ་ཞིག་ནི་ནག་པོ་ཉི་ཚེ་སྟེ། ལྡིང་ནག་ཅེས་བྱ་བའི་ཐ་ཚིག་གོ། །འདི་ནི་ཤིན་ཏུ་འཇམ་པའི་ཕྱིར་དང་། དཀོན་པའི་ཕྱིར་རབ་ཏུ་བྱུང་བ་དང་མཐུན་པ་ཉིད་མ་ཡིན་ཏེ།

དེའི་ཕྱིར་འདི་ཡིན་ནོ། །རྒྱས་པར་བརྗོད་པ་ཞེས་བྱ་བ་ནི་གཞན་ལས་བགྱིད་དུ་སྩལ་ན་ཞེས་བྱ་བ་ལ་སོགས་པའོ། །བཞི་ཚན་དུ་ཞེས་བྱ་བ་ནི་ལུག་བལ་ནག་པོ་འབའ་ཞིག་ལ་ནག་པོ་འབའ་ཞིག་པར་འདུ་ཤེས་པས་སྟན་སར་པ་བགྱིད་དུ་སྩལ་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དོ། །ནག་

པོ་འབའ་ཞིག་ལ་ནག་པོ་འབའ་ཞིག་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ནག་པོ་འབའ་ཞིག་མ་ལགས་པ་ལ་ནག་པོ་འབའ་ཞིག་ཏུ་འདུ་ཤེས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །ནག་པོ་འབའ་ཞིག་ལགས་པ་ལ་ནག་པོ་འབའ་ཞིག་མ་ལགས་པར་འདུ་

ཤེས་ན་ཅིར་འགྱུར་ལགས་ལྟུང་བ་མེད་དོ། །ནག་པོ་འབའ་ཞིག་པའི་སྤང་བ་གཏན་ལ་དབབ་པའོ།། །།ཆ་ནི་ཤས་སོ། །གསུམ་པ་ནི་དཀར་པོ་ལས་ཞེས་བྱ་བ་ནི་གཉའ་བ་དང་སྒང་དང་གློ་ནས་སྐྱེས་པ་དཀར་པོ་དག་ལགས་སོ། །བཞི་ནི་འཁོབ་བལ་ལས་ཞེས་བྱ་བ་ནི་མགོ་དང་རྐང་ལག་

དང་ལྟོ་ལས་སྐྱེས་པ་དག་ལས་ཏེ། ཕལ་ཆེར་ས་ལ་འདྲུད་པའི་ཕྱིར་རོ། །གཞུག་པར་བྱ་བ་ནི་གཏང་བར་བྱ་བའོ། །ཆ་གཉིས་ལས་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ལུག་བལ་ནག་པོ་དག་གི་ཆ་གཉིས་པོ་འདི་ལས་ལྷག་པ་ཉིད་ཡིན་ན་ལྟུང་བ་འདིར་འགྱུར་རོ། །གང་

གི་ཚེ་དཀར་པོ་དང་འཁོབ་བལ་དག་ལྷག་པར་བཅུག་པས་ནག་པོ་ཉུང་བའམ་མཉམ་པར་གྱུར་པ་དེའི་ཚེ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མ་བཅུག་པར་ཞེས་བྱ་བ་ནི་མ་བཏབ་པར་ཏེ། གཞན་ལ་བགྱིད་དུ་སྩོལ་ན་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བརྗོད་པར་

เล่ม ๑๕๘ · หน้า 297a

བྱའོ། །བཞི་ཚད་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། ལུག་བལ་དཀར་པོ་དང་འཁོབ་བལ་ཉུང་བ་ལ་ཉུང་བར་འདུ་ཤེས། ལུག་བལ་ནག་པོ་འབའ་ཞིག་མང་བ་ལ་ཡང་མང་བར་འདུ་ཤེས་པས། སྟན་སར་པ་བགྱིད་དུ་སྩལ་ན་ཅིར་འགྱུར་

ལགས། སྤང་བའི་ལྟུང་བྱེད་དོ། །དཀར་པོ་དང་འཁོབ་བལ་ནི་ཉུང་། དཀར་པོ་འབའ་ཞིག་ནི་མང་བ་ལ་མི་མང་བར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །གཉི་གར་ཡང་དགེ་སློང་མ་ལ་ནི། དཀར་པོ་དང་འཁོབ་བལ་ནི་ཉུང་། དཀར་པོ་འབའ་ཞིག་ནི་མང་བ་ལ་

མང་བར་འདུ་ཤེས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དཀར་པོ་དང་འཁོབ་བལ་ནི་ཉུང་། དཀར་པོ་འབའ་ཞིག་མི་ཉུང་བལ་ནི་མི་ཉུང་བར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །གཉིས་ཀར་ཡང་དགེ་སློང་མ་ལ་ཡང་ཉེས་བྱས་སུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་

རྣམས་ལ་ནག་པོ་འབའ་ཞིག་དང་ཆ་གཉིས་ཀྱིས་སྤང་བ་དག་མེད་ཀྱི། རང་གིར་ཤེས་པར་གྱུར་པ་ནི་ཉེས་བྱས་སུ་འགྱུར་བ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བའི་དོན་ཏོ། །ཆ་གཉིས་ཀྱི་སྤང་བ་གཏན་ལ་དབབ་པའོ།། །།སྟན་ཞེས་བྱ་བ་ནི་འདིར་བླིངས་པ་ཡིན་པར་གཟུང་སྟེ། དེ་སྐད་

དུ་བསྟན་པ་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་བླིངས་པའི་དོན་འདི་ལ་ནི་བླིངས་པ་ཡིན་པར་དགོངས་སོ། །མི་འདོད་བཞིན་དུ་ཞེས་བྱ་བ་ནི་འདོད་པ་མེད་བཞིན་དུའོ། །ལོ་དྲུག་ནི་ལོ་དྲུག་གི་བར་ཏེ། འདི་ནི་ལོ་ལྔ་པོ་དག་ལ་དགག་པ་ཡིན་གྱི་དྲུག་པ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་

ཕྱིར་ཚུན་ཆད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚམས་སུ་གྱུར་པ་དྲུག་པའི་སྔོན་རོལ་ལྔ་པོ་དག་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་རྣམ་པར་འབྱེད་པ་ལས། དགེ་སློང་གང་ལ་སྟན་བྱེད་པའི་བློ་དེ་ཁོ་ན་དག་ལ་ཡང་གཉིས་པ་མི་བྱེད་ཅིང་གཉིས་པ་ལ་མ་ཡིན། གསུམ་པ་ལ་ཡང་མ་

ཡིན། བཞི་པ་ལ་ཡང་མ་ཡིན། ལྔ་པ་ལ་ཡང་མ་ཡིན། འོན་ཀྱང་ལོ་དྲུག་པ་ལ་བྱེད་ན་ལྟུང་བ་མེད་དོ་ཞེས་དྲུག་པ་ལྟུང་བ་མེད་པ་ཉིད་ཡིན་པར་གསུངས་སོ། །འདི་ལ་ཚིག་གི་དོན་ནི་འདིར་འགྱུར་ཏེ། བརྒྱ་ལ་དགེ་སློང་གིས་དང་པོ་ཁོ་ནར་སྟན་བླིངས་པ་ཞིག་བྱས་པར་གྱུར་པ་ལ་དེ་ཡང་དེ་མི་འདོད་

เล่ม ๑๕๘ · หน้า 297b

ན་དེའི་ཚེ་འདི་ལ་གལ་ཏེ་ལས་གསར་པ་བྱེད་པ་འབའ་ཞིག་ཡོད་ན་དེས་དེ་དགེ་འདུན་ལ་སྟན་གཞན་བྱ་བའི་ཕྱིར་གནང་བ་ཐོབ་ནས་སྟན་བྱའོ། །ཅི་སྟེ་ལས་གསར་བྱེད་པ་མེད་ན་དེའི་ཚེ་སྟན་དེ་བོར་ཡང་རུང་། ལོ་དྲུག་གི་སྔོན་རོལ་དུ་སྟན་གཞན་མི་བྱའོ། །ལོ་དྲུག་པ་ལ་ནི་ཉེས་པ་མེད་དོ། །དགེ་སློང་

ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་འདི་ནི་མ་བརྟགས་པའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །ལོན་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་ལོ་དྲུག་ལ་སོགས་པར་ལོན་པ་ལ་ལོ་དྲུག་ལ་སོགས་པར་འདུ་ཤེས་པ་སྟེ། དེ་ལ་ནི་ལྟུང་བ་མེད་པར་བཤད་དོ། །མ་ལོན་པར་འདུ་ཤེས་པ་ནི་ལོ་

ལྔ་དང་བཞི་ལ་སོགས་པར་འདུ་ཤེས་པ་སྟེ། དེ་ལ་ནི་ལྟུང་བར་གསུངས་སོ། །ཞུས་པ་ལ་ལ་ལས་ནི་འདི་སྐད་དུ། དགེ་སློང་ལོ་དྲུག་ལོན་ཚུན་ཆད་དུ་སྟན་བགྱིད་ལ་ལྟུང་བར་ཡང་མི་འགྱུར་བ་འགའ་ལྟ་མཆིས་ལགས་སམ། ཡོད་དེ་ལོ་དྲུག་ཚུན་ཆད་དུ་བབས་ཏེ་ཡང་བསྙེན་པར་རྫོགས་ནས་སྟན་

ཞིག་བྱེད་ན་ལྟུང་བ་མེད་དོ། །འཕྲོ་བོར་ཏེ་བབས་ན་ཡང་དེ་དང་འདྲའོ་ཞེས་འབྱུང་སྟེ། བར་སྐབས་སུ་གནས་སྐབས་མི་འདྲ་བས་ཆོད་པའི་ཕྱིར་ལྟུང་བ་མེད་པར་གསུངས་སོ། །ལོ་དྲུག་པའི་སྤང་བ་གཏན་ལ་དབབ་པའོ།། །།གདིང་བ་ནི་འདི་དང་ལྷུང་བྱེད་དག་ལ་ཡང་གདིང་བ་དྲས་པར་ཤེས་པར་བྱའོ། །སར་

པ་ནི་རྫས་གསར་པའི་ཕྱིར་ཏེ། འདི་ལྟར་སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་གསར་པ་དང་། ཐོབ་པས་གསར་པའོ། །དོན་འདི་ལ་ནི་གསར་པས་གསར་པ་ཡིན་པར་དགོངས་སོ་ཞེས་རང་གི་སྒྲས་བསྟན་པའི་ཕྱིར་རོ། །བྱེད་པའི་བདག་ཉིད་དམ་རང་གི་མིག་སྔར་གཞན་ལས་སོ། །གདིང་བ་

རྙིང་པ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་འདི་ལ་ནི་གདིང་བ་རྙིང་པ་བདོག་ན་དེ་ལས་ཀུན་ནས་ཁྲུ་ཕྱེད་དང་དོ་པའི་ཚད་ཙམ་ཞིག་བླངས་ནས་དེ་ལ་གླན་པར་བྱའོ། །གལ་ཏེ་རྙིང་པར་དེངས་པར་གྱུར་ན་དེའི་ཚེ་མ་གླན་ཀྱང་ཉེས་པ་མེད་དེ། དེ་སྐད་དུ་ཡང་གདིང་བ་རྙིང་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་རུང་

བའམ། དེངས་པའམ། བཅོམ་ལེགས་དེར་བྱར་མེད་པ་ཞིག་ཏུ་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་བདེ་བར་གཤེགས་པའི་མཐོ་གང་བས་གླན་པར་བྱ་ཞེ་ན། སར་པ་དག་ཅེས་བྱ་བ་ལ་སོགས་པས་སྨོས་ཏེ། འདུལ་བ་ཤེས་པ་རྣམས་ན་རེ་གདིང་བ་སར་བ་སྲ་བར་བྱ་བའི་ཕྱིར་རོ། །

เล่ม ๑๕๘ · หน้า 298a

དེ་ནི་གདིང་བའི་དཀྱིལ་དུ་གླན་པར་བྱ་སྟེ། གླན་པས་དེ་ཡང་སྲ་བར་གྱུར་ན། གདིང་པ་རྙིངས་པ་ལས་བརྙས་པར་བྱས་པར་མི་འགྱུར་རོ་ཞེས་ཟེར་རོ། །སྤྱོད་ན་ཞེས་བྱ་བ་ནི་ལུས་ཀྱིས་ཉེ་བར་སྤྱོད་ན་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་ཞེས་བྱ་བ་ལ་སོགས་པས་མཚན་

གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མ་བརྟགས་པའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །ཆུང་བ་ཞེས་བྱ་བ་ལ་སོགས་པའི་མི་འཚལ་བ་ནི་བདེ་བར་གཤེགས་པའི་མཐོ་གང་དུའོ། །ལྷག་པ་ནི་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ལས་ཏེ། དེས་ནི་མི་ཆོག་པར་གླན་ན་ལྟུང་བར་གྱུར་ན། ལྷག་

པར་གླན་ན་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གདིང་བའི་གཏན་ལ་དབབ་པའོ།། །།བླང་བར་བྱ་བ་ནི་ཀུན་དུ་བླང་བར་བྱ་བའོ། །ཁྱེར་བ་མེད་ན་ཞེས་བྱ་བ་ནི་ཁུར་ཙ་བ་མེད་ནའོ། །དཔག་ཚད་གསུམ་གྱི་མཐའི་བར་དུ་ཞེས་བྱ་བ་ལ་བར་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེས་ན་དཔག་ཚད་གསུམ་

གྱི་མཐའ་ཁོ་ནར་ཞེས་བྱ་བའི་ཐ་ཚིག་གོ། །བསྐུར་བར་བྱ་བ་ནི་ཁྱེར་བར་བྱ་བའོ། །དེ་ལས་འདས་པར་ཞེས་བྱ་བ་ནི་དཔག་ཚད་གསུམ་པོ་དེ་ལས་འདས་པར་རོ། །དེ་ལ་དོན་ནི་འདི་ཡིན་ནོ། །ཁུར་ཙ་བ་ཡོད་ཀྱང་རུང་མེད་ཀྱང་རུང་དཔག་ཚད་གསུམ་ལས་འདས་པར་ལུག་བལ་ཁྱེར་ཏེ་རྒྱང་གྲགས་ལས་

འདས་ན་སྤང་བར་འགྱུར་རོ། །ཁུར་ཙ་བ་ཡོད་ན་ནི་དང་པོ་ཉིད་ནས་བཟུང་སྟེ། བདག་ཉིད་ཁྱེར་བ་ལས་ཉེས་བྱས་གཞན་དུ་འགྱུར་རོ། །རྫུ་འཕྲུལ་གྱིས་ཁྱེར་ན་ཞེས་བྱ་བ་ལ་རྫུ་འཕྲུལ་སྨོས་པ་ནི་འདིར་གཙོ་བོ་ཡིན་པའི་ཕྱིར་མངོན་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ཁྱེར་བ་ནི་དགེ་བའི་སེམས་

ཡིན་པའི་ཕྱིར་ལྟུང་བ་མེད་པས་དེའི་ཕྱིར་འདི་གསུངས་སོ། །འོན་ཏེ་རྣམ་པ་གཞན་གྱི་ཞེས་བྱ་བ་ནི་གསང་སྔགས་ལ་སོགས་པའི་རྣམ་པས་ཏེ། ཁུར་ཁྱེར་བ་མེད་པའི་ཕྱིར་ཉེས་བྱས་ཡིན་ནོ། །རུང་བར་བགྱིད་པས་སྤྲུལ་པས་ཞེས་བྱ་བ་ལ་སོགས་པ་ལ་རུང་བར་བྱེད་ན་ནི་ཉེ་གནས་ལ་སོགས་པའི་ཁུར་

ཙའོ།། སྤྲུལ་པས་ཞེས་སྨོས་པས་འདི་ནི་རུང་བ་བྱེད་པའི་ཁྱད་པར་ཡིན་ནོ། །རྫུ་འཕྲུལ་གྱིས་ཁྱེར་ན་ལྟུང་བ་མེད་དོ་ཞེས་གསུངས་པས་འདིར་སྨོས་པ་དོན་མེད་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། མངོན་པར་ཤེས་པའི་རང་བཞིན་གྱི་སེམས་མཉམ་པར་གཞག་པ་དགེ་བ་ཁོ་ནས་དེ་ཁྱེར་བའི་ཕྱིར་དང་།

เล่ม ๑๕๘ · หน้า 298b

དགེ་བའི་སེམས་ཀྱིས་ཀྱང་ལྟུང་བ་མི་སློང་བའི་ཕྱིར་རོ། །འདི་ལ་ནི་འདོད་པ་ན་སྤྱོད་པའི་སེམས་མཉམ་པར་གཞག་པ་མ་ཡིན་པ་ལ་ལུང་དུ་མ་བསྟན་པར་སྐབས་སུ་ལུས་ཀྱི་ལས་ཀུན་ནས་བསླང་བའི་ཕྱིར་མངོན་དུ་བྱེད་པས་ཀྱང་ཁྱེར་བ་བསྒྲུབ་པའི་ཕྱིར་དང་། ལུང་དུ་མ་བསྟན་པའི་སེམས་ལ་ཡང་ལྟུང་བ་འབྱུང་

བས་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་དོ། །འདི་ལ་ཡང་སྤྲུལ་པའི་ཕྱིར་སྤྲུལ་པ་པོའི་ལུས་ཀྱི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་མངོན་པར་བརྩོན་པ་རྒྱུན་ཆགས་པ་ཡང་ཡོད་ན་སྐད་ཅིག་པ་ཡང་ཡོད་དོ། །དེས་ན་ཡིད་ཀྱིས་ཡིན་པའི་ཕྱིར། འདིར་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་

ཞེས་བྱ་བ་དེ་ལྟར་ཤེས་པར་བྱ་སྟེ། ཕོ་ཉ་ལ་སོགས་པ་ལས་བསྐུར་བ་ལ་ཡང་ཚུལ་འདི་ཁོ་ན་ཡིན་ནོ། །དེས་ཡང་ལུག་བལ་གཞན་ཅིག་ཅེས་བྱ་བ་ལ་སོགས་པ་ནི་རྩོམ་པ་ཐ་དད་པའི་ཕྱིར་སྤང་བའི་ལྟུང་བྱེད་མི་སློང་གི་སྦྱོར་བར་གཏོགས་པའི་ཉེས་བྱས་སུ་ནི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །

དགེ་སློང་མར་རེད་ནས་ཞེས་བྱ་བ་ལ་སོགས་པ་ལ་མཚམས་ནི་དཔག་ཚད་གསུམ་གྱི་བར་རོ། །མཚན་གྱུར་པ་འདི་ལ་ཉེས་བྱས་སུ་གསུངས་པ་ནི་མ་བརྟགས་པའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །རྒྱང་གྲགས་ཞེས་བྱ་བ་ལ་སོགས་པ་ནི་རྒྱང་གྲགས་ལས་སྤང་བར་གསུངས་པའི་ཕྱིར་རོ། །རྒྱང་

གྲགས་མ་ལགས་པ་ནི་རྒྱང་གྲགས་ཕྱེད་ལ་སོགས་པ་སྟེ། དེ་ལ་ནི་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །ལུག་བལ་ཁྱེར་བའི་སྤང་བ་གཏན་ལ་དབབ་པའོ།། །།རྨེལ་དུ་འཇུག་པ་ནི་བྱེད་དུ་འཇུག་པ་སྟེ། ལྕིག་པར་བྱེད་དུ་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །བལ་རྨེལ་བའི་སྤང་བ་གཏན་ལ་

དབབ་པའོ།། །།རང་གི་ལག་གིས་ཞེས་བྱ་བ་ནི་རང་གི་ལག་པ་སྟེ། འདི་ནི་ལན་བྱེད་ཀྱི་བྱ་བ་འདི་དང་སྦྱར་བར་བྱའོ། །གསེར་ནི་གསེར་ཉིད་དོ། །དངུལ་ནི་དངུལ་ཉིད་དེ། འདི་གཉིས་ཀྱང་ནོར་བུ་ལ་སོགས་པ་རིན་པོ་ཆེ་གཞན་གྱི་དཔེ་ཡིན་ནོ། །ལེན་པ་ནི་རང་གིས་སོ། །འམ་ཞེས་བྱ་

བྱ་བ་ནི་རྣམ་པར་རྟོག་པའོ། །ཡང་ན་ཁྱད་པར་སྟོན་པ་ཡིན་ཏེ། དེས་ན་རང་གི་ལ་རེག་པ་དང་རེག་ཏུ་འཇུག་པ་དག་ལ་སྤང་བ་ཉིད་འདིར་གསུངས་ཀྱི་གཞན་གྱི་ལ་ནི་མ་ཡིན་ཏེ། དེ་ལ་ནི་ལྟུང་བྱེད་འབའ་ཞིག་ཏུ་འཆད་པར་འགྱུར་རོ། །འདི་ལྟར་གཞན་གྱི་རིན་པོ་ཆེ་ནི་སྤང་བར་འོས་པ་ཉིད་དུ་འགྱུར་བའི་

เล่ม ๑๕๘ · หน้า 299a

ཞིང་མ་ཡིན་ཏེ། གཞན་གྱི་ཡིན་པ་ཉིད་ཀྱིས་སྔོན་ཉིད་ནས་སྤང་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཞན་གྱི་ལ་སྤང་བར་བྱེད་པ་ཉིད་མེད་པར་ཤུགས་ཀྱིས་ན་འདི་ལྟུང་བ་འབའ་ཞིག་བྱེད་པར་རྣམ་པར་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ལེན་དུ་འཇུག་པ་ནི་རང་གི་མིག་སྔར་

གཞན་ལའོ། །ལྐོག་གི་ཕྱོགས་ནི་སྨྲ་བ་པོ་ལྐོག་ཏུ་གྱུར་པ་སྟེ། དེ་ལ་ནི་རང་གི་མིག་སྔར་བབ་བ་ཉིད་མེད་པས་ཉེས་བྱས་ཁོ་ནར་རྣམ་པར་གཞག་པའོ། །འམ་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པའི་དོན་ཏེ། དེས་ན་ཡོ་བྱད་གཞན་ཡིན་པར་འདུ་ཤེས་པ་ལ་ནི་ལྟུང་བ་མེད་ལ། ལྐོག་གི་ཕྱོགས་ནས་

ལེན་དུ་འཇུག་པ་ལ་ནི་ཉེས་བྱས་སོ་ཞེས་བྱ་བའི་དོན་འདིར་འགྱུར་བར་ཤེས་པར་བྱའོ། །ཡོ་བྱད་གཞན་དུ་འདུ་ཤེས་ན་ལྟུང་བ་མེད་པ་ཁོ་ན་འདི་ལ་བསམ་པ་ཉམས་པ་མེད་པའི་ཕྱིར་རོ། །གསེར་གྱི་མ་ཤ་ནི་མངོན་མཚན་བཏབ་པ་ཉིད་ཀྱིས་ཉོ་བ་ལ་སོགས་པ་ལས་འཇིག་རྟེན་གྱི་ཐ་སྙད་ཀྱི་རྒྱུ་མཚན་དུ་གྱུར་

པའོ། །ཁར་བའི་མ་ཤ་ཡང་དེ་དང་འདྲ་མོད་ཀྱི་འོན་ཀྱང་རིན་པོ་ཆེ་བས་ངན་པའི་ཕྱིར་ཉེས་བྱས་སུ་གསུངས་སོ། །བསྙེན་པར་མ་རྫོགས་པར་ཞེས་བྱ་བ་ནི་འདི་ལ་བསྙེན་པར་མ་རྫོགས་པ་དགེ་སྦྱོང་ལ་རེག་པ་དང་རེག་ཏུ་འཇུག་པ་དག་གི་ལྟུང་བ་འགའ་ཡང་མེད་མོད་ཀྱི་འོན་ཀྱང་རང་གིར་བྱེད་པ་སྔོན་དུ་འགྲོ་

བའི་རེག་པ་ལ་ཉེས་བྱས་སུ་འགྱུར་བ་ཁོ་ན་སྟེ། ཉེ་བ་འཁོར་ངས་ལེན་པ་ལས་དགོངས་ཏེ་གསུངས་ཀྱི། རང་གིར་བྱེད་པ་ལས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་གཞན་དག་ན་རེ་འདི་ནི་དགེ་སློབ་མའི་དབང་དུ་མཛད་དེ་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །དབེན་པ་ལ་དབེན་པར་འདུ་ཤེས་

པས་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་སྦྱོར་བར་གཏོགས་པ་སྟེ། དེ་བཞིན་དུ་འདི་དང་འདྲ་བ་གཞན་དག་ལའང་ཤེས་པར་བྱའོ། །ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་འདི་དག་ལ་རག་ལུས་པའི་ཕྱིར་འདིར་ན་སྨད་པ་ཉིད་ཡིན་ནོ། །རང་གིར་བྱེད་པའི་

སེམས་ཀྱང་མི་སྐྱེད་ཅིང་ཞེས་བྱ་བ་ལ་སོགས་པ་འདིས་ནི་བྱིན་གྱིས་བརླབ་པའི་དུས་ན་རང་གིར་བྱ་བ་བསྐྱེད་པར་མི་བྱའོ་ཞེས་བསྟན་པ་ཡིན་ནོ། །ཚིག་ཏུ་སྨྲ་ནའོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའི་དོན་དུའོ། །དེ་ཉིད་ཀྱི་ཕྱིར་མི་རུང་བའི་དངོས་པོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཡང་བྲམ་ཟེའི་

เล่ม ๑๕๘ · หน้า 299b

བུ་པའི་གཞུང་ལས། བདག་དགེ་སློང་མིང་འདི་ཞེས་བྱ་བའི་དངོས་པོ་རུང་བ་མ་ཡིན་པ་འདི་གྲུབ་སྟེ། དངོས་པོ་རུང་བ་མ་ཡིན་པ་འདི་ལས་རུང་བ་གྲུབ་པ་གང་ཡིན་པ་དེ་རང་གིར་བྱའོ་ཞེས་བྱིན་གྱིས་བརླབ་པར་གཏོགས་པའི་གཞུང་འགའ་ཞིག་གསལ་རབ་ཏུ་འབྱུང་ངོ་། །རང་གིར་མ་བྱས་ན་ཡང་གཞན་གྱི་ཡིན་པའི་

ཕྱིར་ཇི་ལྟར་བྱིན་གྱིས་བརླབ་ཏུ་རུང་། འོན་ཏེ་རང་གིར་བྱས་ན་ཡང་རུང་བ་མ་བྱས་པའི་ཕྱིར་ཇི་ལྟར་བྱིན་གྱིས་བརླབ་ཏུ་རུང་ཞེ་ན། འདི་ནི་འོག་ནས་བྲམ་ཟེའི་བུ་པ་ལས་རྒྱས་པར་བཤད་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་འདི་ལ་ནི་གཞན་གྱི་རིན་པོ་ཆེ་ལ་རེག་ན་ལྟུང་བྱེད་དུ་བསྟན་པའི་ཕྱིར་རོ། །དགེ་སློབ་མ་

གསེར་དང་དངུལ་འཛིན་པ་ལ་ཉེས་བྱས་སུ་གསུངས་པ་ནི། གསེར་དང་དངུལ་ལ་གཟུང་མི་བྱ། །ཞེས་འབྱུང་བས་རེག་པ་བཀག་པའི་ཕྱིར་རོ། །ཞུས་པ་ལ་ལས་འདི་སྐད་དུ་ནོར་གསེར་དང་དངུལ་རྐང་པའི་དྲུང་དུ་འཇོག་པ་ཉམས་སུ་མྱོང་བར་བྱེད་པ་དང་། ལྐོག་གི་གནས་ན་ཡོད་པ་རང་གིར་བྱེད་ན་

སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། རྐང་པའི་དྲུང་ནི་རྐང་པའི་ཕྱོགས་སོ། །འདིར་ནི་ལག་ཏུ་ཐོབ་པ་ཉིད་སྟོན་པར་བྱེད་དོ། །ཉམས་སུ་མྱོང་བར་བྱེད་པ་ནི་རང་གིར་བྱེད་པ་སྐྱེད་པའི་ཕྱིར་རོ། །དེ་ཅི་ཞིག་ཅེ་ན་ནོར་ཞེས་བྱ་བ་གསུངས་སོ། །ནོར་ཡང་རྣམ་པ་དུ་མ་ཡོད་

པས་གསེར་དང་དངུལ་ཞེས་བྱ་བ་གསུངས་ཏེ། དེའི་ཕྱིར་གསེར་དང་དངུལ་གྱི་ངོ་བོ་ཉིད་ཀྱི་ནོར་གང་དེ་ཞེས་བྱ་བའི་ཐ་ཚིག་གོ། །རང་གིར་བྱེད་པ་ནི་འདུལ་བ་འཛིན་པ་རྣམས་ན་རེ་ལག་པ་ལ་སོགས་པས་རང་གིར་སྒྲུབ་པ་ཡིན་གྱི། ཡིད་ལ་རང་གིར་བྱེད་པས་སྦྱིན་པར་བྱེད་པ་ནི་མ་ཡིན་ཏེ། འགལ་

བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་རང་གིར་བྱེད་པ་ལས་ཀྱང་སྤང་བར་འགྱུར་ན་དེ་ལྟ་ན་ནི་ལྷུང་བཟེད་འཆང་བ་དང་། ལྷུང་བཟེད་ཚོལ་བར་བྱེད་པ་དག་ཡུལ་ལྷུང་བཟེད་མཚུངས་པ་ཉིད་ཡིན་ཡང་སྤྱོད་པའི་བྱེ་བྲག་གིས་ལྟུང་བ་ཐ་དད་པ་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ།

རིན་པོ་ཆེ་རང་གིར་བྱེད་པ་དང་། རིན་པོ་ཆེ་ལ་རེག་པར་བྱེད་པ་ཡང་། ཡུལ་རིན་པོ་ཆེ་མཚུངས་པ་ཉིད་ཡིན་ཡང་སྤྱོད་པའི་བྱེ་བྲག་གིས་ལྟུང་བ་ཐ་དད་པ་བྱེད་པ་ཉིད་དུ་འགྱུར་དགོས་སོ། །དེའི་ཕྱིར་སྤྱོད་པའི་ལྟུང་བྱེད་ཀྱི་ལྟུང་བ་སུམ་ཅུ་རྩ་གཅིག་ཏུ་ཐལ་བར་འགྱུར་ཏེ། སུམ་ཅུ་ཉིད་ནི་ཉམས་པ་

เล่ม ๑๕๘ · หน้า 300a

ཁོ་ནར་འགྱུར་རོ། །ཐུབ་པས་ནི་སོ་སོར་ཐར་པ་དང་། རྣམ་པར་འབྱེད་པ་དང་། ཉེ་བ་འཁོར་གྱིས་ཞུས་པ་ཐམས་ཅད་ལས་རེག་པ་དང་། རེག་ཏུ་འཇུག་པ་དག་ཁོ་ན་སྤང་བའི་ལྟུང་བ་བྱེད་པ་ཉིད་དུ་གསུངས་ཀྱི། རང་གིར་བྱེད་པ་ལས་ཀྱང་འགྱུར་བར་ནི་མ་གསུངས་སོ། །དོན་

འདི་ནི་ལྐོག་གི་ཕྱོགས་སྨོས་པས་དངོས་སུ་ཁོང་དུ་ཆུད་པར་ཟད་དོ་ཞེས་ཟེར་རོ། །གལ་ཏེ་སྤང་བའི་ལྟུང་བ་དང་། གསེར་དང་དངུལ་གྱི་སྤང་བ་དག་ལ་ནི་ཁྱད་པར་ཅི་ཡོད་ཅེ་ན། ཆོས་གོས་ཀྱི་ཆེད་དུ་གསེར་ལ་སོགས་པ་རྙེད་པ་གང་ཡིན་པ་དེ་ལེན་ན་དེར་གཏོགས་པའི་ཁ་ན་མ་ཐོ་བ་ཡིན་ནོ། །དེ་ལས་གཞན་

པ་གང་ཡིན་པ་དེ་ནི་འདིར་གཏོགས་པ་ཡིན་ནོ། །དེ་ལ་ཡང་ཆོས་གོས་ཀྱི་རིན་གསེར་ལ་སོགས་པ་རུང་བར་བྱས་པ་ལ་མི་སྤོང་བར་ལེན་པ་ལ་ནི་ལྟུང་བ་འགར་ཡང་མི་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱ་སྟེ། འདི་སྐད་དུ་ཡང་། བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་བྲམ་ཟེ་དང་ཁྱིམ་བདག་དད་

པ་ཅན་རྣམས་ཀྱང་ཆོས་གོས་ཀྱི་ཟོང་དག་ཀྱང་སྟེར་ལ། ངའི་ཉན་ཐོས་རྣམས་ཀྱང་ཆོས་གོས་ཀྱི་ཟོང་དག་འདོད་པས་མ་ལངས་དགེ་སློང་རྣམས་ལ་རུང་བ་འགའ་ཞིག་གནང་བར་བྱའོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་

བརྟན་པས་བཅང་བར་བྱའོ་ཞེས་ཆོས་གོས་ཀྱི་ཟོང་གསེར་ལ་སོགས་པ་མི་རུང་བར་བྱས་པ་རྣམས་བླང་བར་བཅོམ་ལྡན་འདས་ཀྱིས་གསུངས་པས་འདི་ཉིད་ཀྱི་ཁྱད་པར་ནི་འདི་ཡིན་ནོ། །གསེར་དང་དངུལ་གྱི་སྤང་བ་གཏན་ལ་དབབ་པའོ།། །།མངོན་མཚན་ཅན་ཞེས་བྱ་བ་ནི་འདི་མངོན་མཚན་

ཅན་ཏེ། མཚན་ཉིད་རྟགས་ཡོད་པས་ན་མངོན་མཚན་ཅན་ཏེ། ཀཱར་ཥཱ་པ་ཎ་ལ་སོགས་པའོ། །འདི་ཡང་ནས་དང་འབྲས་ལ་སོགས་པའི་དཔེ་སྟེ། འདི་ལྟར་རྣམ་པར་འབྱེད་པ་ལས་དགེ་སློང་རྙེད་པ་འདོད་པ་ནས་འབྲས་སྐྱེད་འགྱེད་ཅིང་དེ་དེ་ན་བྲེ་བོ་ཆེ་ཚོལ་བར་བྱེད། བྲེའུ་ཆུང་དང་། ཕུལ་དང་།

དབང་པོ་དང་། ཤོག་ཤོག་དང་། རམ་ཕྱིས་དང་། སྨྱུ་གུ་ཚོལ་བར་བྱེད་ན། ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ། །རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་འབྱུང་བས་འབྲས་བུ་སྤྱོད་ན་ཡང་སྤང་བའི་ལྟུང་བྱེད་དུ་གསུངས་པའི་ཕྱིར་རོ། །སྤྱོད་པ་

เล่ม ๑๕๘ · หน้า 300b

ནི་འཕེལ་བར་སྦྱོར་བ་སྟེ། བརྒྱད་དམ་ཕྱེད་ལ་སོགས་པའི་བེད་ཀྱིས་རྙེད་པ་གྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་སྣ་ཚོགས་ནི་ཀུན་དུ་སྦྱོར་བ་དང་། རབ་ཏུ་སྦྱོར་བ་དང་། སྤེལ་བ་བསྐྱེད་པའི་བྱེ་བྲག་གི་རྣམ་པ་སྣ་ཚོགས་པའོ། །དེ་བྱེད་ན་ཞེས་བྱ་བ་ནི་ལྷག་པར་སྤྱོད་ན་སྟེ། བྱེད་པར་

འགྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་རིན་པོ་ཆེ་ལ་སོགས་པའི་ཟོང་ཀུན་དུ་སྦྱོར་བ་ལ་སོགས་པའི་བྱེ་བྲག་གིས་རབ་ཏུ་སྦྱོར་ནས། རྙེད་པ་གྲུབ་ན་ནི་མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བར་འགྱུར་རོ་ཞེས་བྱ་པའི་དོན་ཏོ། །འདི་ལ་ནི་གང་གི་ཚེ་དྲུང་བས་སྔར་རམ་ཕྱིས་བེད་ཐོབ་པ་དེའི་བེད་དུ་གྱུར་

པའི་ནོར་དེ་སྤང་བར་བྱ་བ་ཉིད་ཡིན་ནོ། །གང་གི་ཚེ་བེད་དང་དྲུང་ཅིག་ཅར་དུ་ཐོབ་པ་དེའི་ཚེ་ནི་ནོར་དེ་ཐམས་ཅད་སྤང་བར་བྱ་བ་ཁོ་ན་ཡིན་གྱི། འདི་ལྟར་རྣམ་པར་མ་ཕྱེ་བ་ཉིད་ཀྱིས་ངོ་བོ་གཅིག་པའི་ཕྱིར་རོ། །འདི་ནི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལས་ལྷག་པར་སློང་ན་ཆོས་གོས་དེ་

ཐམས་ཅད་རྣམ་པར་མ་ཕྱེ་བ་ཉིད་ཀྱིས་ངོ་བོ་གཅིག་པའི་ཕྱིར་སྤང་བར་བྱ་བ་ཉིད་ཡིན་པ་དང་འདྲའོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་ཀྱི་སྦྱོར་བ་བགྱིས་ལ་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་དང་། རབ་ཏུ་སྦྱོར་བ་དང་། སྤེལ་བ་ལ་སོགས་པའོ། །ཉེ་དུ་དང་

ཞེས་བྱ་བ་ལ་སོགས་པ་འདི་ནི་མངོན་མཚན་ཅན་གྱི་སྤྱོད་པ་ལ་གནས་པའི་ཕྱིར་གལ་ཏེ་ཟླ་བོ་ཉེ་དུ་མ་ཡིན་པར་གྱུར་ན་ནི་དེ་ལས་དངོས་གཞིའི་ལྟུང་བར་འགྱུར་རོ། །གལ་ཏེ་ཡིན་ན་ནི་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ་ཞེས་བསྟན་པ་ཡིན་ནོ། །འདྲ་བས་འདྲ་བ་ཞེས་བྱ་བ་ནི་མཉམ་པས་མཉམ་པ་སྟེ།

སྐྱེད་མི་འདོད་ན་ནི་བརྗེ་བ་ལ་ལྟུང་བ་མེད་པར་གསུངས་སོ། །སྐྱེད་འདོད་ན་ནི་བརྗེ་ན་ཡང་ལྟུང་བར་འགྱུར་བ་ཁོ་ན་སྟེ། འདི་ལྟར་རྣམ་པར་འབྱེད་པ་ལས། རྙེད་པ་བསྒྲུབ་པའི་ཕྱིར་སྐྱེད་པ་ཞེས་བྱ་བའི་སྦྱོར་བ་རྣམ་གྲངས་གཞན་དུ་ན་བརྗེ་ཞེས་བྱ་བ་གསུངས་པ་དེ་ལ་སྦྱོར་བ་ཡང་སྤང་པར་བཤད་དོ། །

མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བ་གཏན་ལ་དབབ་པའོ།། །།ཉོ་ཚོང་ནི་ཉོ་ནས་འཚོང་ངོ་། །དེས་ན་དོན་ནི་རྙེད་པ་འདོད་པས་ཟོང་རིན་པོ་ཆེ་དང་སཱ་ལུ་དང་གོས་ལ་སོགས་པའི་ནོར་ཉོས་ནས་ཕྱིས་ཁྱིམ་པ་ཉེ་དུ་མ་ཡིན་པ་དང་ལྷན་ཅིག་འཚོང་ཞིང་སྐྱེད་ཕྱིན་ན་ཉོ་ཚོང་གི་སྤང་བར་འགྱུར་

เล่ม ๑๕๘ · หน้า 301a

རོ་ཞེས་བྱ་བ་འདི་ཡིན་ནོ། །ཇི་ལྟ་བ་བཞིན་དུ་བསླབ་པའི་གཞི་འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་རིན་པོ་ཆེ་ལ་སོགས་པའི་ཟོང་རབ་ཏུ་སྦྱར་ནས། རྙེད་པ་གྲུབ་པར་བྱེད་པ་དེ་ལ་ནི་མངོན་མཚན་ཅན་གྱི་ཉོ་ཚོང་གི་ཞིང་སྐྱེད་ཕྱིན་ན་ཉོ་ཚོང་གི་སྤང་བར་འགྱུར་རོ་ཞེས་བྱ་

བ་འདི་ཡིན་ནོ། །ཇི་ལྟ་བ་དེ་བཞིན་དུ་བསླབ་པའི་གཞི་འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་རིན་པོ་ཆེ་ལ་སོགས་པའི་ཟོང་རབ་ཏུ་སྦྱར་ནས་རྙེད་པ་སྒྲུབ་པར་བྱེད་པ་དེ་ལ་ནི་མངོན་མཚན་ཅན་གྱི་སྤང་བར་འགྱུར་རོ། །གང་ཞིག་ཉོས་ནས་འཚོང་བར་བྱེད་པ་རྙེད་པ་སྒྲུབ་པ་དེ་ལ་ནི་ཉོ་ཚོང་གི་སྤང་བར་

འགྱུར་ཏེ། འདི་གཉིས་ཀྱི་ཡུལ་གྱི་ཁྱད་པར་ནི་འདི་ཡིན་ནོ། །གཞུང་ལྷག་མ་རྒྱས་པར་བརྗོད་པར་བྱ་བ་ནི། ཕོ་ཉ་ཡི་གེ་ལག་བརྡ་དང་ཞེས་བྱ་བ་ལ་སོགས་པའོ། །ཉོ་ཚོང་གི་སྤང་བ་གཏན་ལ་དབབ་པའོ།། །།ལྷུང་བཟེད་ལྷག་པ་ནི་བྱིན་གྱིས་བརླབས་པ་ཅན་ལས་ལྷག་པའོ། །ལྟུང་བར་ཡང་

མི་འགྱུར་རོ་ཞེས་ལྟུང་བ་མེད་པར་གསུངས་པ་འདི་ནི་སྤང་བའི་ཡུལ་ཅན་ཡིན་ནོ། །དེ་ལྟ་མ་ཡིན་ན་ཉེས་བྱས་སུ་གསུངས་པ་འཆད་པར་འགྱུར་བ་དང་འགལ་བར་འགྱུར་རོ། །ལྷུང་བཟེད་ཆེན་པོ་ནི་གང་དུ་འབྲས་ཐུག་པོ་ཆེའི་ཆན་ཡུལ་མ་ག་དྷཱའི་བྲེའོ། །སྤང་བ་ཚོད་མ་དང་བཅས་པར་བླུགས་ན་མཐེ་བོའི་

སོར་གཅིག་གི་བར་གྱིས་ལྷུང་བཟེད་ཀྱི་ཁར་མ་སླེབ་པའོ། །དགེ་སློང་མར་རེད་ནས་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་མས་དགེ་སློང་གི་ཆུང་ངུ་ལས་ལྷག་པ་མི་འཆང་ངོ་ཞེས་འབྱུང་བས་དེ་ལས་ལྷུང་བཟེད་ཆུང་ངུ་རྗེས་སུ་གནང་བའི་ཕྱིར་རོ། །དེ་བས་ན་ལྷུང་བཟེད་ཆེན་པོ་ནི་དེ་ལས་ནི་འཆང་ན་ཡང་

ཉེས་བྱས་སུ་གསུངས་སོ། །དེས་ལྷུང་བཟེད་དེ་ཡུན་ཤིན་ཏུ་རིང་པོར་བཅངས་ནས་ཀྱང་ཞེས་བྱ་བ་ནི་དེ་ཡིན་ནོ་སྙམ་ནས་འཆང་བ་སྟེ། བདག་ཉིད་ཀྱིས་རང་གིར་བྱེད་པ་ནི་མ་ཡིན་ནོ། །སྤང་བ་ལ་ནི་རང་གི་ཡིན་པ་གཙོ་བོ་ཡིན་ཏེ། དེ་ལ་དེ་ཡང་མེད་པས་དེའི་ཕྱིར་འདིའི་ཡིན་ནོ། །ཞུས་པ་ལ་ལ་ལས་ནི།

གཞན་འདི་ལྟར་དགེ་སློང་གིས་དགེ་སློང་ལ་ཕོ་ཉ་ལས་བསྐུར་ན་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །གཞན་ལས་ཀྱང་འདི་སྐད་དུ་འདི་ལྟར་དགེ་སློང་གིས་དགེ་སློང་ཞིག་ལ་ལྷུང་བཟེད་ཀྱི་ཕྱིར་ཕོ་ཉ་བཏང་ནས་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། གཉི་ག་ལ་དོན་འདི་འབྱུང་སྟེ། འདི་ལ་ཕོ་ཉ་

เล่ม ๑๕๘ · หน้า 301b

ཞེས་སྨོས་པ་ལྷག་པ་ཁོ་ནར་ཟད་དོ། །མུ་སྟེགས་ཅན་གྱི་སྣོད་ནི་ཐོད་པ་ལ་སོགས་པའི་སྣོད་དོ། །ལྷུང་བཟེད་སོ་མ་བཏང་བ་ནི་མ་བསྲེགས་པའི་ཕྱིར་རོ། །ལྷག་པ་ནི་ཇི་སྐད་བཤད་པའི་ཚད་ལས་ལྷག་པའི་ཕྱིར་རོ། །ཚད་ལས་ལྷག་པའང་མི་རུང་བའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །

དེ་ལྟར་ཡང་སྟན་ལས་ལྷག་པར་བྱེད་ན་ཉེས་བྱས་སུ་བཤད་དོ། །ལྷུང་བཟེད་སྐྱ་བོ་ནི་ཁ་མ་བསྒྱུར་བའི་ཕྱིར་རོ། །གལ་ཏེ་རྣམ་པར་འབྱེད་པ་ལས་ལྷུང་བཟེད་ཆུང་བ་ལ་སོགས་པ་ལ་ལྟུང་བ་མེད་པར་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་འདིར་ཉེས་བྱས་སུ་བཤད་ཅེ་ན། དེ་ནི་ཉེས་པ་མེད་དོ། །

དེ་ནི་སྨན་ཕོར་དུ་སྤྱད་པར་འཆང་བའི་དབང་དུ་མཛད་ནས་ལྟུང་བ་མེད་པར་གསུངས་ལ། འདིར་ནི་ལྷུང་བཟེད་དུ་སྤྱད་པས་ཉེས་བྱས་ཏེ། འདི་གཉིས་ཀྱི་བྱེ་བྲག་ནི་འདི་ཡིན་ནོ། །དགེ་སློང་མར་རེད་ནས་འཆང་ནའོ་ཞེས་བྱ་བ་ནི་དགེ་སློང་མ་ལ་ནི་ལྷུང་བཟེད་ཞག་གཅིག་ལས་འདས་པར་འཆང་ན་

སྤང་བའི་ལྟུང་བྱེད་དུ་བསྟན་པའི་ཕྱིར་ལ། འདིས་ཞག་གཅིག་ཀྱང་ད་རུང་མ་ཡིན་པས་སོ། །དགུན་གཅིག་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་འཆང་བ་ལ་འདིའི་ཞག་བཅུར་ད་དུང་མ་ལོན་པས་དེའི་ཕྱིར་འདི་མ་ཡིན་ནོ། །ཞུས་པ་ལས་ནི་འདི་སྐད་དུ། བཙུན་པ་རེ་ཞིག་དགེ་སློང་གིས་ལྷུང་

བཟེད་རྙེད་པ་ལས་མཚན་གྱུར་ཏེ་དགེ་སློང་མར་རེད་ནས་དགུང་གཅིག་ལས་འདས་པར་འཆང་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ་དགེ་སློང་གིས་ལྷུང་བཟེད་ལྷག་པ་དགུང་གཅིག་ལས་འདས་པར་བཅངས་ན་སྤང་པའི་ལྟུང་བྱེད་དུ་འགྱུར་བ་ལྟ་མཆིས་ལགས་

སམ། ཡོད་དེ་འདི་ལྟར་དགེ་སློང་གིས་ལྷུང་བཟེད་རྙེད་མ་ཐག་ཏུ་མཚན་གྱུར་ཏེ། དགེ་སློང་མར་རེད་ནས་ཞག་གཅིག་ལས་འདས་པར་འཆང་བ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གཞན་དུ་འབྱུང་ངོ་། །དོན་ནི་འདི་ཡིན་ཏེ། རྙེད་མ་ཐག་ཏུ་ཞེས་བྱ་བ་ནི་རྙེད་པའི་མཇུག་ཐོགས་སུའོ། །

དེ་ལས་མཚན་གཞན་ཉིད་ཀྱི་ཚེ་དངོས་གཞིའི་དུས་མ་གཏོགས་པའི་ལྷུང་བཟེད་འཆང་བ་དེ་མཚན་གྱུར་ན་ཉམས་པར་ཤེས་པར་བྱ་སྟེ། འདི་ལྟར་རྟེན་གཉིས་ཉམས་པའི་ཕྱིར་རོ། །འདི་ལྟར་དགེ་སློང་ཞག་དགུའི་བར་དུ་འཆང་བ་ལས་དགེ་སློང་མ་ཉིད་དུ་གྱུར་ན་ཞག་བཅུ་པ་ཉིད་ལས་

เล่ม ๑๕๘ · หน้า 302a

སྤང་བ་རྣམ་པར་གཞག་པའོ། །འདི་དང་སྦྱར་ན་འདི་ལྟ་བུར་ཡང་འགྱུར་ཏེ། དགེ་སློང་མ་ལྷུང་བཟེད་ཞག་གཅིག་འཆང་བ་ལས་སྐྱ་རེངས་འཆར་བའི་སྐད་ཅིག་མ་ལ་དགེ་སློང་ཉིད་དུ་གྱུར་ན་དགེ་སློང་ཉིད་དུ་གྱུར་བའི་ཞག་བཅུ་པས་ལྟུང་བ་སློང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཤེས་

པར་བྱའོ། །ཡུན་ཤིན་ཏུ་རིང་མོ་ཞིག་ཏུ་ཞེས་བྱ་བ་ལ་སོགས་པས་སྔར་ནི་ཞག་བཅུའི་བར་དུ་ཞེས་སྨོས་པས་དུས་ངེས་པར་གསུངས་སོ། །འདི་ལ་ནི་ངེས་པ་མེད་དེ་འདི་གཉིས་ཀྱི་བྱེ་བྲག་ནི་འདི་ཡིན་ནོ། །བདོག་པ་ནི་བདོག་པ་ཙམ་དུ་ཡོད་པའོ། །མཆིས་པ་ནི་བྱ་བ་བྱེད་ནུས་པའོ། །བྱིན་

གྱིས་མ་བརླབས་པར་འཆང་བའོ་ཞེས་བྱ་བ་འདིས་ནི་ཇི་ལྟར་ཆོས་གོས་བྱིན་གྱིས་མ་བརླབས་པ་ཞག་བཅུ་འདས་ན་ཡང་སྤོང་བར་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་ལྷུང་བཟེད་གཅིག་པོ་བྱིན་གྱིས་མ་བརླབས་པ་ཡང་ཞག་བཅུ་འདས་ན་སྤང་བ་ཉིད་དུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །སོ་སོར་ཐར་པ་

དང་དེའི་རྣམ་པར་འབྱེད་པ་དང་ཞུས་པ་ལས་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ལྷག་པ་ཁོ་ན་བྱིན་གྱིས་བརླབས་པ་ནི་སོགས་པར་འཆང་ན་ལྟུང་བྱེད་ཉིད་དུ་གསུངས་པ་མ་ཡིན་ནམ། འདི་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་རྣམ་པར་འབྱེད་པ་ལས་ལྷུང་བཟེད་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་

བརླབས་པ་ཅན་ལས་ལྷག་པའོ་ཞེས་གསུངས་ཀྱི། ལྷུང་བཟེད་གཅིག་ཁོ་ན་བྱིན་གྱིས་མ་བརླབས་པ་སྤང་བ་ཉིད་དུ་ནི་མ་གསུངས་ན་དེ་ཇི་ལྟར་འདིར་ལྷུང་བཟེད་གཅིག་ཁོ་ན་བྱིན་གྱིས་མ་བརླབས་པ་ཞག་བཅུ་འདས་ན་སྤང་བར་བཤད་ཅེ་ན། འདི་ནི་ངེས་པ་མེད་དེ། འདི་ལྟར་གང་ལ་ལྷུང་བཟེད་བྱིན་

གྱིས་བརླབས་པ་ཅན་ཡོད་བཞིན་དུ་ལྷུང་བཟེད་ལྷག་པ་འཆང་བ་དེ་ལ་ནི་ཞག་བཅུ་འདས་ནས་སྤང་བ་ཡིན་ནོ། །གང་ལ་བྱིན་གྱིས་བརླབས་པ་ཅན་མེད་པ་དེ་ལ་ནི་ལྷུང་བཟེད་གྲུབ་ཀྱི་བྱིན་གྱིས་མ་བརླབས་པ་ཡིན་ན་ཞག་བཅུ་འདས་ནས་སྤང་བའི་ལྟུང་བར་འགྱུར་ཏེ། ཆོས་གོས་བྱིན་གྱིས་བརླབས་པ་ཅན་

གསུམ་ཡོད་ཀྱང་རུང་མེད་ཀྱང་རུང་ཞག་བཅུ་འདས་པའི་སྤང་བར་འགྱུར་བ་དང་འདྲའོ། །དེ་ལྟ་བས་ན་འདིར་ཡུལ་གྱི་ཁྱད་པར་ནི་འདི་ཡིན་ནོ། །ལྷུང་བཟེད་ལྷག་པ་འཆང་བའི་སྤང་བ་གཏན་ལ་དབབ་པའོ།། །།ལྷན་པ་ལྔ་མེད་པ་ནི་གང་ལ་ལྷན་རིངས་དང་། ཐམ་ཕྲན་དང་། ལྷན་པ་དང་། ཆུ་

เล่ม ๑๕๘ · หน้า 302b

སྲིན་གྱི་སོ་ལྟ་བུ་དང་། ཕྱེ་མ་ལས་བྱས་པ་ཞེས་བྱ་བའི་ལྷན་པ་ལྔར་མ་ཚང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱད་བཟོད་པ་ནི་སྤྱད་དུ་བཟོད་པ་སྟེ། འདིས་ནི་གལ་ཏེ་ལྷུང་བཟེད་དེ་ལྷན་པ་བཞིས་གླན་ལ་སྤྱད་བཟོད་པ་ཡང་ཡིན་ན་དེའི་ཚེ་ལྷུང་བཟེད་གཞན་བཙལ་བར་མི་བྱའོ། །གང་གི་ཚེ་ལྷན་པ་

ལྔ་གླན་པར་གྱུར་པ་དེའི་ཚེ་ནི་ལྷུང་བཟེད་གཞན་ཚོལ་བ་ལ་ཉེས་པ་མེད་དེ། དེའི་ཚེ་ལྷུང་བཟེད་དེ་ཤིན་ཏུ་མི་རུང་བའི་ཕྱིར་རོ། །ཡོད་བཞིན་དུ་ཞེས་བྱ་བ་ནི་བདོག་བཞིན་དུའོ། །བཟང་པོ་འདོད་པ་ནི་ཚད་དང་ཁ་དོག་དང་རྒྱུ་ལ་སོགས་པས་ཕུལ་དུ་འབྱུང་བ་འདོད་པའོ། །ཕྱིར་ཞེས་བྱ་བ་ནི་རྒྱུར་

བྱས་ནས་ཏེ་ལོངས་སྤྱོད་པའི་སེམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་གི་འཁོར་ལ་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་ལའོ། །དབུལ་བར་བྱ་བ་ནི་ཡོངས་སུ་བཏང་བའོ། །ལྷུང་བཟེད་ཐ་མར་གྱུར་པ་ནི་ལྷུང་བཟེད་ཀྱི་ཐ་ཆད་དུ་གྱུར་པ་སྟེ། ལྷུང་བཟེད་ངན་པ་ཞེས་བྱ་བའི་ཐ་ཚིག་གོ། །

དེ་ལ་ཞེས་བྱ་བ་ལྟུང་བ་འབྱིན་པའི་དགེ་སློང་ལའོ། །ཕྱིས་ཞེས་བྱ་བའི་སྒྲ་ནི་མཇུག་གི་དོན་ཏེ། དེས་ན་བྲིམས་པའི་དུས་སུ་མཇུག་ཏུ་སྦྱིན་བར་བྱ་བ་ཡིན་ནོ། །ཆག་པའི་མཐར་ཐུག་པའི་བར་དུ་ཞེས་བྱ་བ་ནི་གང་ལ་ཆག་པའི་མཐར་ཐུག་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཆག་ནས་ནི་མི་མཁོ་

བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཆག་པའི་མཐར་ཐུག་པ་ཁོ་ན་མཚམ་ཉིད་དུ་ཁས་བླངས་ནས་ལྷུང་བཟེད་དེ་བཅང་བར་བྱ་སྟེ། ཆོ་ག་འདི་ཁོ་ནས་འདི་ལྷུང་བཟེད་ལྷག་པ་འཆང་བར་གཏོགས་པའི་ཉེས་པ་སློང་བར་བྱེད་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང་ཞུས་པ་ལ་ལའི་གཞུང་

ལས། དགེ་སློང་འགའ་ཞིག་ཇི་སྲིད་འཚོའི་བར་དུ་ལྷུང་བཟེད་ལྷག་པ་འཆང་བར་བགྱིད་ལ་ལྟུང་བར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། བཀའ་སྩལ་པ་དེ་ལྟ་ཡིན་ཏེ། དགེ་སློང་གི་འཁོར་ལ་ཕུལ་ནའོ་ཞེས་འབྱུང་ངོ་། །ཁད་ཀྱིས་ཞེས་བྱ་བ་ནི་མི་དྲག་པར་རོ། །སྤྱད་པའི་ཚེ་

དགའ་མགུར་དུས་ཐམས་ཅད་དུ་ཡིན་ནམ་ཞེ་ན། དལ་བུ་དལ་བུས་ཞེས་བྱ་བ་གསུངས་ཏེ། སྐབས་སྐབས་སུ་ཡིན་གྱི་དུས་ཐམས་ཅད་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོ་བྱད་དག་གམ་རིམ་གྱིས་ཞེས་བྱ་བ་ལ་སོགས་པས་ལྟུང་བ་མེད་པར་གསུངས་པ་ནི་སློང་བ་ལྟ་བུའི་ཚོལ་བ་མེད་པའི་

เล่ม ๑๕๘ · หน้า 303a

ཕྱིར་དངོས་གཞི་ལས་ཤེས་བར་བྱ་སྟེ། གཙོ་བོ་ཉིད་ཀྱིས་དེའི་དབང་དུ་མཛད་པའི་ཕྱིར་རོ། །སྦྱོར་བ་ལ་ནི་མ་ཡིན་ཏེ། ལྷུང་བཟེད་ལྷག་མ་རྙེད་པའི་ཆེད་དུ་ཞུགས་པ་ལས་གདོན་མི་ཟ་བར་སྦྱོར་བའི་ཁ་ན་མ་ཐོ་བར་གྱུར་པའི་ཕྱིར་རོ། །དེ་བས་ན་འདི་ལ་ཉེས་བྱས་ཁོ་ནར་འགྱུར་

ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་ཞུས་པ་ལ་ལ་ལས་འདི་ཁོ་ན་སྐད་དུ། རང་གི་ཡོ་བྱད་ཀྱིས་ལྷུང་བཟེད་གཞན་འཚོལ་ན་ཉེས་བྱས་སོ། །རང་གི་ཡོ་བྱད་ཡོད་བཞིན་དུ་ལྷུང་བཟེད་སློང་ན་ཉེས་བྱས་སོ་ཞེས་འབྱུང་ངོ་། །འདི་གཉིས་ཀྱི་དོན་ནི་གོ་རིམས་བཞིན་དུ་འདི་ཡིན་ཏེ། བདག་

ཉིད་ཀྱི་ཟོང་དུ་གྱུར་པའི་ཡོ་བྱད་དག་གིས་ཚོལ་ན་ན་སྨད་པ་ཡིན་ནོ། །བདག་ཉིད་ཀྱི་ཡང་རུང་གཞན་ཐོབ་ཀྱང་རུང་། ལྷུང་བཟེད་ཀྱི་ཟོང་དུ་གྱུར་པ་རུང་བ་བདོག་ལ་ལྷུང་བཟེད་ནི་མེད་ན་ན་སྨད་པ་ཡིན་ནོ། །ཞུས་པ་གཞན་དག་ལས་གཞན་ཡང་དགེ་སློང་འགའ་ཞིག་ལྷུང་བཟེད་མཆིས་བཞིན་དུ་ལྷུང་བཟེད་གཞན་

སློང་བར་བགྱིད་ལ་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། བཀའ་སྩལ་པ་དེ་ལྟ་ཡིན་ཏེ། གལ་ཏེ་སློང་བ་ན་སྔ་མ་ཡང་མེད་ཕྱི་མ་ཡང་མེད་པའི་ལྷུང་བཟེད་ཆག་ན་ལྟུང་བ་མེད་དོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། སྔ་མ་ཡང་མེད་ཕྱི་མ་ཡང་མེད་པ་ནི་འདིའི་ལྷུང་བཟེད་སྔ་མ་གཞན་

ཡང་མེད། ཕྱིས་ཕྱི་མ་གཞན་ཡང་མེད་པ་གཅིག་ཁོ་ནར་ཟད་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་ལྟུང་བ་མེད་པར་གསུངས་བ་ནི་སྤང་བའི་ལྟུང་བ་མེད་པ་ལས་དགོངས་ཏེ་གསུངས་པར་ཤེས་པར་བྱ་སྟེ། དེ་ནི་གཙོ་བོ་ཡིན་པས་དེའི་དབང་དུ་མཛད་པའི་ཕྱིར་རོ། །སྦྱོར་བའི་ལྟུང་བ་ལས་ནི་མ་

ཡིན་ཏེ། དེ་ནི་ཡོད་པའི་བློས་ཞུགས་པ་ལ་གདོན་མི་ཟ་བར་ཡོད་པའི་ཕྱིར་རོ། །དེ་བས་ན་ལྷུང་བཟེད་མེད་པས་ན་བརྩལ་བ་བྱས་པར་གྱུར་བས་དེའི་ཕྱིར་ལྷུང་བཟེད་ལྷག་པ་ཉིད་མེད་པས་ཚིག་འོག་མར་ཤེས་པར་བྱའོ། །ཞུས་བ་ལ་ལ་ལས་གཞན་གྱི་ཕྱིར་སློང་ན་ཉེས་བྱས་སོ་ཞེས་འབྱུང་སྟེ། དེར་

ན་སྨད་པ་གསུངས་པ་འདི་ནི་གཞན་གྱི་དོན་ཡིན་བའི་ཕྱིར་རོ། །ཞུས་པ་ལ་ལ་ལས་གཞན་ཡང་དགེ་སློང་གང་ཞིག་གིས་ལྷུང་བཟེད་རབ་ཏུ་མང་པོ་ཞིག་བཙལ་ལ་ཅི་ལགས་པ་དེ་ཐམས་ཅད་དགེ་སློང་གི་འཁོར་ལ་དབུལ་བར་བགྱི་འམ། ཉེ་བ་འཁོར་མ་ཡིན་ཏེ། འོན་ཀྱང་གཅིག་ཅིག་དབུལ་བར་

เล่ม ๑๕๘ · หน้า 303b

བྱ་སྟེ། ལྷག་མ་རྣམས་ནི་གྲོགས་དང་མཛའ་བ་རྣམས་ལ་བགོ་བར་བྱའོ། །ཅི་ལགས་ལྷུང་བཟེད་རྙེད་པ་ཐམས་ཅད་དགེ་འདུན་ལ་བྲིམ་པར་བགྱི་འམ། ཉེ་བ་འཁོར་མ་ཡིན་ཏེ། འོན་ཀྱང་གཅིག་ཅིག་བྲིམ་པར་བྱའོ། །ཇི་ལྟ་བ་ཞིག་བྲིམ་པར་བགྱི་ལགས། གང་བདག་གི་ཡིད་ལ་བབ་

པའོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། གྲོགས་ནི་ཅུང་ཟད་མཛའ་བའོ། །མཛའ་བ་ནི་ཏེ་པོར་མཛའ་བའོ། །གྲོགས་ཞེས་སྨོས་པས་ནི་ཞུས་པ་གཞན་ལས་འབྱུང་བ་མཐོང་བའི་ཕྱིར་རབ་ཏུ་བྱུང་བ་འདི་པ་རྣམས་གཟུང་བར་ཤེས་པར་བྱ་སྟེ། ལྷུང་བཟེད་ལྷག་མ་རྣམས་ནི་དགེ་སློང་རྣམས་ལ་

བགོ་བར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་ཡང་དགེ་སློང་སྨོས་པ་ནི་དགེ་སློང་དགེ་སློང་མ་ལ་སོགས་པ་རབ་ཏུ་འབྱུང་བ་འདི་པ་རྣམས་ཀྱི་དཔེའོ། །དགེ་འདུན་ལ་བྲིམ་པར་བགྱིའམ་ཞེས་བྱ་བ་ནི་ལྷུང་བཟེད་ངན་པ་བསྙིགས་པའི་ཕྱིར་རོ། །ལྷུང་བཟེད་ཡིད་ལ་བབ་པ་ནི་ཤིན་ཏུ་འདོད་པའོ། །ལྷུང་བཟེད་

ཚོལ་བའི་སྤང་བ་གཏན་ལ་དབབ་པའོ།། །།ཞེང་ཆེ་བ་ནི་རྒྱར་ཆེ་བ་ཉིད་དུ་མཛེས་པར་བཏགས་པའོ། །ཁྲུན་རིང་བ་ནི་སྲིད་དུ་རིང་བ་ཉིད་དུ་བསྲིངས་པའོ། །ཐར་གྱིས་ཞག་པ་ཞེས་བྱ་བ་ནི་འཇུར་མདུད་མེད་པའོ། །དང་ཞེས་བྱ་བའི་སྒྲ་ནི་བསྡུ་བའོ། །ཐག་རན་བཟང་བ་ནི་ལེགས་པར་བཏགས་པའོ། །ཚེ་

དང་ལྡན་པ་ཞེས་བྱ་བ་ནི་ཤིས་པར་བརྗོད་པ་སྨྲ་བས་མངོན་པར་སྤྲོ་བར་བྱེད་པ་ཡིན་ནོ། །འདི་ལྟར་ཞེས་བྱ་བ་ནི་ཅི་ནས་ཀྱང་ངོ་། །གླ་རྔན་ནི་རྔན་པ་སྟེ། གསུག་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྟོན་པའི་ཚིག་གོ། །ཡང་ན་ཁྱད་པར་སྟོན་པ་ཡིན་ནོ། །བཟའ་བ་ནི་བཟའ་བ་ལྔའོ། །བཅའ་བ་ནི་

བཅའ་བ་ལྔ་སྟེ། བཟའ་བ་དང་འདྲ་བའི་ཕྱིར་བློན་པོ་ལྟ་བུའོ། །བཟའ་རྒྱུ་ནི་སྟེ་འབྲས་ཐུག་པོ་ཆེ་དང་ཟོང་ལ་སོགས་པའོ། །བཟའ་བ་ལ་སོགས་པ་སྦྱིན་པ་སྨོས་པ་ནི་བྱུང་བའི་དབང་གིས་གསུངས་ཀྱི། འདིའི་ཡན་ལག་ནི་མ་ཡིན་ནོ། །འོན་ཀྱང་ཚེ་དང་ལྡན་པ་ཐ་ག་པ་ཆོས་གོས་འདི་ཞེང་ཆེ་བ་དང་། ཁྲུན་རིང་བར་

གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ཆུ་ཞེང་གབ་པ་དང་བཟང་པོའི་བདག་ཉིད་དུ་སྦྱོར་བ་ཡིན་ནོ། །ལྷག་པ་འཐག་ཏུ་འཇུག་པ་ནི་ཆོས་གོས་འཐག་པ་ཕུལ་དུ་བྱུང་བར་སྒྲུབ་པའོ། །བརྗོད་པར་བྱ་བ་ནི་ཕོ་ཉ་དང་ཡི་གེ་ལ་སོགས་པའོ། །ཁ་ཅིག་ནི་ཕོ་ཉ་ལ་སོགས་པ་ལས་འཐག་ཏུ་འཇུག་ན་དངོས་གཞིའི་ལྟུང་བར་

เล่ม ๑๕๘ · หน้า 304a

བརྗོད་དེ་འདི་ནི་གླེང་གཞི་ལས་ཤེས་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་འདུལ་བ་འཛིན་པ་གཞན་དག་མི་འདོད་དེ། ཞུས་པའི་གཞུང་འདི་ཉིད་ནི་ཚད་མར་བྱས་པའི་ཕྱིར་རོ། །གང་ཡང་འདི་ནི་གླེང་གཞི་ལས་ཤེས་སོ་ཞེས་བརྗོད་པ་དེ་ཡང་འདིར་ཡན་ལག་མ་ཡིན་པ་ཉིད་དོ། །གླེང་གཞིའི་

དབང་གིས་རང་གིས་བླངས་པའི་དོག་པ་ཡང་ཡན་ལག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡན་ལག་ཉིད་ཡིན་པར་མི་འདོད་དེ། དེ་ལྟ་བས་ན་ཕོ་ཉ་ལ་སོགས་པའི་འཐག་ཏུ་འཇུག་པ་ལ་ཉེས་བྱས་ཁོ་ན་བཟང་ངོ་ཞེས་བྱ་བར་ཤེས་པར་བྱའོ། །ཞུས་པ་ལ་ལ་ལས་ནི་གཞུང་འདི་སྐད་དུ། དགེ་སློང་གི་ཕྱིར་

ཁྱིམ་པ་དག་གི་ཆོས་གོས་འཐག་ཏུ་བཅུག་པ་ལ་དགེ་སློང་དེ་འང་ཉེ་བར་འགྲོ་ཞིང་བྱེ་བྲག་ཏུ་འབྱེད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། བདག་ཉིད་ཀྱིར་སྒྲུབ་པའི་ཆེད་དུ་མ་ཡིན་པར་མཛའ་བ་ཙམ་གྱིས་ཉེ་བར་འགྲོ་བ་གང་ཡིན་པ་དེ་ལས་འདིར་ཉེས་བྱས་སུ་

གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་འདི་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་ཡང་བསམས་པའི་ཕྱིར་ལ། མ་བསམས་པའི་ཕྱིར་ཡང་ལྟུང་བ་མི་སློང་བའི་ཕྱིར་རོ་ཞེས་ཟེར་རོ། །འདིར་ཡང་བྱེ་བྲག་ཏུ་འབྱེད་པ་ཞེས་བྱ་བའི་སྒྲས་ནི་ཁྱད་པར་ཏེ། ཆོས་གོས་ཀྱིས་ཐ་དད་པ་ཡིན་

པར་ཤེས་པར་བྱ་བའི་བདག་གི་ཕྱིར་ཆོས་གོས་འཐག་གོ་སྙམ་པའི་ཀུན་དུ་རྟོག་པ་ནི་མ་ཡིན་ཏེ། དེ་མེད་ན་བསམས་པའི་ཕྱིར་ཉེས་བྱས་སུ་སྨོས་པ་མི་རུང་བའི་ཕྱིར་རོ། །དེ་བས་ན་བྱེ་བྲག་ཏུ་འབྱེད་པ་མི་བྱེད་པ་ཞེས་བྱ་བ་འདིར་བདག་གི་ཕྱིར་ཆོས་གོས་འཐག་གི་ཀྱེ་མ་བདག་དེར་སོན་དང་ཆོས་གོས་དེ་ཤིན་ཏུ་

བཟང་པོར་འགྲུབ་པར་འགྱུར་རོ་སྙམ་ནས། དེའི་དོན་དུ་སོང་ལ་བྱེ་བྲག་ཏུ་འབྱེད་པར་མི་བྱེད་དེ། ཆོས་གོས་ཁྱད་པར་དུ་བྱ་བའི་ཕྱིར་མི་འཇུག་ཅིང་ཆོས་གོས་ཐ་དད་པ་ཉིད་དུ་བྱ་བ་དང་། ཆོས་གོས་ཕུལ་དུ་དབྱུང་བར་བྱ་བའི་ཕྱིར་མི་སློང་ངོ་ཞེས་བྱ་བའི་དོན་འདི་ནི་རྣམ་པར་གནས་པས་ཉེས་བྱས་འདི་

ནི་སྦྱོར་བ་ལས་བྱུང་བར་བཤད་པ་ཡིན་ནོ། །འདི་ནི་དེ་ཁོ་ན་ལྟར་ཡིན་ནོ། །དེ་ལྟ་མ་ཡིན་ན་ལེན་པ་ལྟུང་བ་སློང་བར་ཡང་ཐལ་བར་འགྱུར་ལ་བསོད་སྙོམས་ལ་རྒྱུ་བ་ལ་སོགས་པ་ལ་ལྟུང་བར་ཐལ་བར་འགྱུར་རོ། །ལྷག་པར་སློང་བའི་སྤང་བ་གཏན་ལ་དབབ་པའོ།། །།ཆོས་གོས་བྱིན་ནས་བྱ་བ་ལ་

เล่ม ๑๕๘ · หน้า 304b

སོགས་པ་འདི་ལ་རང་གིས་བྱིན་པ་ཉིད་ནི་ཡན་ལག་མ་ཡིན་ཏེ། འདིར་གལ་ཏེ་རང་གིས་བྱིན་པ་ཡན་ལག་ཉིད་ཡིན་པར་གྱུར་ན་དེའི་ཚེ་རང་གིས་མ་བྱིན་པ་འཕྲོག་ན་ཤིན་ཏུ་ཡང་ཉེས་པ་འདིར་འགྱུར་དགོས་སོ། །དེ་ལྟ་བས་ན་འདི་ལ་རང་གི་བྱིན་པ་ཉིད་ནི་ཡན་ལག་མ་ཡིན་ནོ། །འོན་ཀྱང་གླེང་གཞིའི་

དབང་གིས་གསུངས་ཏེ་ཞག་བདུན་པ་འབྲལ་བའི་སྤང་བ་ལ་དབྱར་གནས་པར་དམ་བཅའ་བ་ཕྱི་མ་ཉིད་ལྟ་བུའོ། །ཁྲོས་པ་ནི་འཁྲུགས་པ་ཆུང་ངུས་སོ། །འཁྲུགས་པ་ནི་འབྲིང་པོས་སོ། །རྔམ་པར་གྱུར་པ་ནི་ཆེན་པོས་སོ། །ཡང་ན་གོ་རིམས་བཞིན་དུ་ཁྲོས་པ་ལས་བྱུང་བའི་ལུས་དང་ཡིད་དང་

ངག་གི་འགྱུར་བ་ཡིན་པར་ཤེས་པར་བྱའོ། །ཡི་མ་རངས་པ་ནི་གནོད་པ་བྱ་བར་ཞུགས་པའོ། །འཕྲོག་གམ་ཞེས་བྱ་བ་ལ་སོགས་པ་འདིས་ནི་རང་གི་ཡིན་པའི་འདུ་ཤེས་ཀྱིས་འཕྲོག་ན་ལྟུང་བ་འདིར་གསུངས་སོ། །དེ་ལྟ་མ་ཡིན་ན་ཕམ་པར་ཐལ་བར་འགྱུར་རོ། །ཁྲོས་ཞེས་སྨོས་པ་ནི་འདིར་

འབྱུང་བའི་དབང་གིས་གསུངས་པ་ཡིན་གྱི་ཡན་ལག་ནི་མ་ཡིན་ཏེ། གཞི་མེད་པར་སྐུར་བ་འདེབས་པ་དང་འདྲའོ། །འོན་ཀྱང་རླུང་སེམས་མེད་པར་རང་གིར་བྱེད་པ་དང་འབྲལ་བར་བྱེད་པ་ལ་ལྟུང་བ་འདི་ཡིན་ནོ། །འམ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །ལུས་ཀྱི་ལས་བྱས་ནས། ངག་གི་ལས་དགེ་སློང་

ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིར་བྱིན་ཅིག་ཅེས་བྱ་བ་ནི་ཁྱེར་ཏེ་ཤོག་ཤིག་པ་སྟེ། འོན་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །བརྒྱ་ཞིག་ལ་འཕྲོག་པར་བྱེད་པའི་དགེ་སློང་དེའི་ཆོས་གོས་དེ་སྤྱད་དེ་ཟད་ན་སྤང་བའི་དུས་སུ་ཇི་ལྟར་སྤང་བར་བྱ་ཞེ་ན། ལྷག་མ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་

ཅེས་བྱ་བའི་སྒྲ་ནི་བདོག་པ་བརྗོད་པ་ཡིན་ནོ། །ན་ཞེས་བྱ་བའི་སྒྲ་ནི་ཡང་ཞེས་བྱ་བ་བརྗོད་པ་ཡིན་ཏེ། དེ་ནི་སྲིན་ལ་སོགས་པས་ཟོས་པ་དང་སྤྱད་དེ་རྙིངས་པའི་ལྷག་རོལ་དུམ་བུར་གྱུར་པ་ཡོད་པ་གང་ཡིན་པ་དེའང་སླར་སྦྱིན་པར་བྱ་སྟེ། མ་བྱིན་ན་ཉེས་བྱས་སོ། །དོན་ནི་འདི་ཡིན་ཏེ། དེ་ལ་ཆོས་གོས་སྤྱད་པའི་ལྷག་

རོལ་ཡོད་པ་གང་ཡིན་པ་དེ་ཡང་དགེ་སློང་དེ་ལ་ཕྱིར་སྦྱིན་པར་བྱ་བ་སྟེ། དེ་ལྟ་བུའི་ཚུལ་དུ་འདིར་སྤང་བར་བྱའི། སྤྱད་དེ་ཟད་པ་དང་འདྲ་བར་སྦྱིན་པར་བྱ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་སྤང་བར་འགྱུར་ཞེ་ན། བཏང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཆོས་གོས་དེ་ལུས་ལས་

เล่ม ๑๕๘ · หน้า 305a

བཏང་ཞིང་བྲལ་བར་གྱུར་པ་དེའི་ཚེ་སྤང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་འབྲལ་བ་ནི་འདི་ལྟར་བྱ་སྟེ། གང་གི་ཚེ་འཕྲོག་པར་བྱེད་པའི་དགེ་སློང་གིས་ཆོས་གོས་དེ་དགེ་སློང་གི་ལུས་ལས་ཕྲལ་བར་གྱུར་ཅིང་ལོགས་ཤིག་ཏུ་བྱས་པ་དེའི་ཚེ་འདི་ལ་འཕྲོག་པའི་ལྟུང་བ་

འབྱུང་ངོ་། །སྤོང་བ་བྱེད་པ་ནི་ཆོས་གོས་སྤྱད་པའི་ལྷག་རོལ་ཇི་ཙམ་ཞིག་ལུས་པ་དེ་ཁོ་ན་སླར་བྱིན་ནས་སྤང་བའི་ལྟུང་བ་སྦྱང་བར་བྱའི། སྤང་བ་གཞན་སྦྱང་བ་ལྟ་བུ་ནི་མ་ཡིན་ནོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་འདི་ནི་མཚན་ཐ་དད་པར་

བྱས་པའི་ཕྱིར་ཏེ། དེ་བཞིན་དུ་དགེ་སློང་མ་མཚན་གྱུར་ན་ཡང་དེ་ཉིད་དུ་ཤེས་པར་བྱའོ། །འཕྲོག་པའི་སྤང་བ་གཏན་ལ་དབབ་པའོ།། །།དགེ་སློང་གིས་ཞེས་བྱ་བ་ནི་ཆོས་གོས་སྦེད་པ་སྟེ། དགེ་འདུན་རྣམས་ཀྱིས་བཏད་པ་ལས་བྱུང་བའི་ཆོས་གོས་གྲུབ་པ་ལ་ཆོས་གོས་སྦེད་པ་ལ་བསྐོས་ན་དེ་ཁོ་ན་

ལྟུང་བར་བྱེད་པ་བསྟན་པའི་ཕྱིར་ཆོས་གོས་སྦེད་པའི་དགེ་སློང་བསྐོས་ནས་ལྟུང་བ་མེད་པར་འགྱུར་རོ། །གང་ལ་ཆོས་གོས་སྦེད་པ་མ་བསྐོས་པ་དེ་ནི་དགེ་འདུན་ཁོ་ན་ལ་ལྟུང་བར་བརྗོད་པའི་ཕྱིར་དེ་དག་གི་ནང་ནས་དམིགས་ཀྱིས་གཅིག་ཁོ་ན་ལྟུང་བར་འགྱུར་བ་ནི་མ་ཡིན་ཏེ། རྙེད་པ་དགེ་འདུན་ཐམས་

ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་བརྟད་པ་ལས་བྱུང་བའི་ཆོས་གོས་གྲུབ་པ་ལ་དགེ་སློང་གིས་ཞེས་སྨོས་པ་ནི་གནས་གཅིག་ན་དགེ་སློང་འགའ་ཞིག་གནས་པའི་དབང་དུ་མཛད་པ་ཡིན་ནོ་ཞེས་ཟེར་རོ། །སྟོན་ཟླ་ཐ་ཆུངས་ཉེར་བཞི་ཞེས་བྱ་བ་ནི་སྟོན་ཟླ་འབྲིང་པོའི་ཚེས་བཅུ་

དྲུག་དང་ཉེ་བར་འདུག་པ་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔར་ཞེས་བྱ་བའི་ཐ་ཚིག་གོ། །ཞག་བཅུ་མ་ཚང་བ་ཞེས་བྱ་བ་ནི་ཞག་བཅུ་མ་ལོན་པ་དེ་ཞག་བཅུས་བར་དུ་ཆོད་པ་ཞེས་བྱ་བའི་དོན་ཏོ། །སྟོན་ཟླ་ཐ་ཆུངས་ཉ་ནི་དབྱར་ཕྱི་མར་གནས་པར་དམ་བཅས་པ་རྣམས་ཀྱི་དགུན་ཟླ་ར་བ་ཉའི་དཔེ་སྟེ། དེ་

སྐད་དུ་ཡང་ཉེལ་འཁོར་ཇི་ལྟར་གནས་བར་དམ་བཅས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །བརྟད་པ་ལས་བྱུང་བའི་གོས་ནི་ཕོངས་པའི་དུས་ཀྱི་གོས་ཏེ་ནད་པ་དང་དེའི་ཆེད་དང་འཆི་བ་དང་དེའི་ཆེད་དང་། འགྲོ་བའི་སྦྱིན་པའི་བྱེ་བྲག་གིས་རྣམ་པ་ལྔ་པོ་ཞེས་བྱ་བའི་

เล่ม ๑๕๘ · หน้า 305b

ཐ་ཚིག་གོ། །བླང་བར་བྱ་བ་ནི་བདག་གིར་བྱ་བ་ཡིན་གྱི་བགོ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བླངས་ནས་ཆོས་གོས་སྦྱིན་པ་དུས་ཀྱི་ཚེའི་བར་དུ་འཆང་ངོ་ཞེས་བྱ་བ་གསུངས་སོ། །གལ་ཏེ་དེ་བགོ་བར་བྱ་བ་ཡིན་ན་ཅི་སྟེ་ཆོས་གོས་སྦྱིན་པའི་དུས་ཀྱི་ཚེའི་བར་དུ་བཅང་བར་གསུངས་ཏེ། བཅང་

བ་ཅུང་ཟད་ཀྱང་མི་དགོས་པའི་ཕྱིར་རོ། །དེ་ལ་ཆོས་གོས་སྦྱིན་པའི་དུས་ཀྱི་ཚེ་ནི་དབྱར་གྱི་དུས་ཟླ་བ་གསུམ་གྱི་ཚད་ཀྱི་དགག་དབྱེའི་རྗེས་སྟོན་ཟླ་འབྲིང་པོའི་མར་གྱི་ཉི་མ་དང་པོ་ཚེས་སུ་གྱུར་པའམ། སྟོན་ཟླ་ཐ་ཆུངས་མར་གྱི་ཉི་མ་དང་པོའི་ཚེས་སུ་གྱུར་པའི་ཚེས་གཅིག་ནི་བགོ་བའི་དུས་སོ། །

དེ་རང་གི་ངོ་བོའི་ཚེའོ། །དེ་ནི་ཆོས་གོས་བྱིན་པའི་དུས་ཏེ་དེ་ཕྱིན་ཆད་ནི་དུས་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དགེ་སློང་གི་ཆོས་གོས་བཙལ་བའི་དུས་གང་ལགས། སྲ་བརྐྱང་མ་་བཏིང་བའི་གནས་སུ་སྟོན་ཟླ་འབྲིང་པོའི་བར་དང་། སྲ་བརྐྱང་བཏིང་བའི་གནས་སུ་སྟོན་ཟླ་འབྲིང་པོ་ནས་བཟུང་སྟེ།

དགུན་ཟླ་ཐ་ཆུངས་ཀྱི་བར་འདི་ནི་དགེ་སློང་གི་ཆོས་གོས་སྦྱིན་པའི་དུས་མ་ཡིན་ནོ། །ལྷག་མ་ནི་དུས་ཡིན་ནོ་ཞེས་གསུངས་སོ། །འདིར་ནི་གནས་པར་ཁས་ལེན་པ་ཕྱི་མ་ངེས་པར་མཛད་ནས་སྟོན་ཟླ་འབྲིང་པོའི་བར་དུས་མ་ཡིན་པར་གསུངས་སོ། །འདིར་གནས་པར་ཁས་ལེན་པ་དང་

པོ་རྣམས་ཀྱི་དུས་ནི་སྟོན་ཟླ་ར་བའི་བར་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱ་སྟེ། འདིར་ནི་རྣམ་པར་དབྱེ་བར་མཛད་པའི་ཕྱིར་རོ། །འདས་པར་འཆང་ན་ཞེས་བྱ་བ་ནི་ཐམས་ཅད་དུ་དུས་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་དགག་དབྱེ་མ་བྱས་པ་དང་། དངོས་གཞིའི་དགག་དབྱེ་ཚུན་ཆད་དབྱར་

གྱི་ནང་ལོགས་སུ་བརྟད་པ་ལས་བྱུང་བའི་ཆོས་གོས་བགོ་བར་མི་བྱའོ་ཞེས་གསུངས་པའི་ཕྱིར། བརྟད་པ་ལས་བྱུང་བའི་ཆོས་གོས་ཀྱི་སྤང་བ་གཏན་ལ་དབབ་པའོ།། །།གནས་མལ་དགོན་པ་ནི་དགོན་པའི་གཙུག་ལག་ཁང་ངོ་། །དོགས་པ་དང་བཅས་པར་གྲགས་པ་ནི་གང་དག་ཏུ་

ཆོམ་རྐུན་ལ་སོགས་པའི་འཇིགས་པ་ནི་མ་བྱུང་ལ་དོགས་ནི་དོགས་པ་སྟེ། དོགས་པ་ཡོད་པ་ནི་དོགས་པ་དང་བཅས་པའོ། །དེ་ལྟ་བུ་ཉིད་དུ་གྲགས་པ་ནི་དོགས་པ་དང་བཅས་པར་གྲགས་པའོ། །དེ་དག་དུས་ཏེ་དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །འཇིགས་པ་དང་བཅས་པར་

เล่ม ๑๕๘ · หน้า 306a

གྲགས་པ་ནི་གང་དག་ཏུ་སེང་གེ་ལ་སོགས་པའི་འཇིགས་པ་ལན་ཅིག་བྱུང་བའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་ཞེས་བྱ་བ་ལ། འཇིགས་པ་ཐ་དད་པ་ནི་གང་དག་ཏུ་འཆི་བའི་རྒྱུ་མཚན་སྦྲུལ་དང་སྡིག་པ་ལ་སོགས་པ་ལན་ཅིག་མ་

ཡིན་པར་འབྱུང་བའོ། །འཇིགས་སུ་རུང་བ་ནི་ཀུན་དུ་འཁྲུག་པའི་རྒྱུ་མཚན་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་སྟེ། སྔ་མ་རྣམས་སྐྲག་པར་བྱེད་པའི་ཕྱིར་རོ། །གང་དག་ལ་འཇིགས་པ་ཐ་དད་པ་དང་འཇིགས་སུ་རུང་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དབྱར་ཕྱི་མར་གྱུར་ལ་ཞེས་བྱ་བ་

ནི་དབྱར་གནས་པར་ཁས་ལེན་པའི་དབྱར་ཕྱི་མར་གྱུར་པ་ལ་གསུངས་མོད་ཀྱི་འོན་ཀྱང་ལྟུང་བ་བསྟན་པ་ལས་འདི་ཡན་ལག་ཉིད་དུ་རྟེན་པ་མེད་པའི་ཕྱིར་འདི་ཡན་ལག་ཉིད་ནི་མ་ཡིན་ནོ། །དེ་སྐད་དུའང་ཇི་ཙམ་དུ་དགེ་སློང་དགོན་པ་པ་ཞག་དྲུག་ལས་འདས་པར་ཆོས་གོས་གསུམ་པོ་དག་ལས་ཆོས་

གོས་གང་ཡང་རུང་བ་ཞིག་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཏེ། འདི་ནི་འདིའི་ཡན་ལག་ཉིད་ཡིན་པ་མེད་དོ་ཞེས་བསྟན་ཏོ། །ཅི་སྟེ་གལ་ཏེ་ལྟུང་བ་བསྟན་པ་ལས་འདི་ལ་བརྟེན་པ་མེད་ན་ཅིའི་ཕྱིར་མདོ་དང་རྣམ་

པར་འབྱེད་པ་དག་ལས་ཞེ་ན་གླེང་གཞིའི་དབང་གི་ཕྱིར་རོ། །གླེང་གཞིའི་དབང་གིས་ནི་ཡན་ལག་ཏུ་མ་གྱུར་པའི་དོན་རྣམས་སྨོས་པར་གྱུར་པ་ཡང་ཡོད་དེ། དཔེར་ན་བླ་མར་གྱུར་པ་སྨྲ་བ་ལ་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །

དབྱར་ཕྱི་མར་གནས་པར་ཁས་བླངས་པ་རྣམས་གནས་བཞིན་དུ་འགྲོར་མི་རུང་གི་གཞན་དག་ནི་ཡིན་པས་དེའི་ཕྱིར་འདི་དག་ཁོ་ན་ལ་ཞག་དྲུག་གི་འབྲལ་བར་རྗེས་སུ་གནང་གི་གཞན་དག་དབྱར་ཕྱི་མར་གྱུར་པ་ཉིད་ཡན་ལག་ཁོ་ན་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྒྱུ་གཞན་པ་ཡོད་པའི་ཕྱིར་རོ། །འདི་

ལྟར་འཇིགས་པ་དང་བཅས་པའི་གནས་ཡོངས་སུ་མི་བཏང་བ་ལ་ནི་རྒྱུ་དབྱར་ཕྱི་མར་གྱུར་པ་ཉིད་འབའ་ཞིག་ཏུ་མ་ཟད་དོ། །འོ་ན་ཅི་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དང་། ལུས་གཟི་མདངས་ཉིད་དང་། ཆོས་ཀྱི་ལོངས་སྤྱོད་དང་ཟང་ཟིང་གི་ལོངས་སྤྱོད་དང་

เล่ม ๑๕๘ · หน้า 306b

གཙུག་ལག་ཁང་བསྐྱང་བ་དང་། གཙུག་ལག་ཁང་སྟོང་པ་ཉིད་ཡོངས་སུ་སྤང་བ་དང་། སྦྱིན་བདག་གི་དད་པ་ཉམས་པ་ཡོངས་སུ་སྤང་བ་ཡིན་ནོ། །འདོད་ན་ཞེས་བྱ་བ་འདིས་ནི་ཅི་དགར་ཟད་པ་སྟོན་པར་བྱེད་དོ། །ཆོས་གོས་གསུམ་ལས་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་མཐང་

གོས་རྣམས་ལས་སོ། །ཁྱིམ་གྱི་ནང་དུ་གཞག་པར་བྱའོ་ཞེས་བྱ་བ་ནི་དགོན་པའི་གཙུག་ལག་ཁང་གི་ཉེ་སྤྱོད་དུ་གྱུར་པའི་གྲོང་ཉེ་བར་གཞག་པར་བྱ་བའི་ཐ་ཚིག་གོ། །དེ་དང་ཞེས་བྱ་བའི་ཁྱིམ་གྱི་ནང་དུ་གཞག་པའི་ཆོས་གོས་དེ་དང་ངོ་། །མཚམས་ཀྱི་ཕྱི་རོལ་ནི་དགོན་པའི་གནས་དང་ཆོས་

གོས་ཀྱི་རྟེན་གྱི་གནས་དེའི་ཉེ་སྤྱོད་འདོམ་གང་ལ་སོགས་པ་གང་ཡིན་པ་དེའི་ཕྱི་རོལ་དུ་གྱུར་པའི་མཚམས་གང་ཡིན་པ་སྟེ་དེར་རོ། །དེ་ལྟ་བུའི་རྐྱེན་ནི་དགེ་འདུན་གྱི་འམ་སངས་རྒྱས་ཀྱི་ཆེད་དོ། །ཞག་དྲུག་གི་མཐའ་ཚུན་ཆད་ནི་ཞག་དྲུག་ཁོ་ན་སྟེ། ཞག་བདུན་བར་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་

གོ། །བར་ཆད་བརྒྱད་ལས་ཞེས་བྱ་བ་ནི་བགེགས་བརྒྱད་ལས་ཏེ། དེ་དག་ཀྱང་རྒྱལ་པོ་དང་། མེ་དང་། ཆུ་དང་། ཆོམ་རྐུན་དང་། སེང་གེ་དང་། མི་མ་ཡིན་པ་དང་། མི་དང་། སྡིག་སྦྲུལ་ཞེས་བྱ་བའི་བར་ཆད་རྣམས་སོ། །འདི་དག་ཀྱང་སྲོག་དང་། ཚངས་པར་སྤྱོད་པའི་བར་ཆད་དུ་

གྱུར་པའི་ནད་ལ་སོགས་པ་གཞན་དག་གི་དཔེ་ཡིན་ནོ། །ཁ་ཅིག་ནི་བདུན་པ་རེ་ཞིག་བསྙེན་པར་མ་རྫོགས་པར་བྱ་བ་ལ་སོགས་པས་བདུན་པ་འདོན་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་བསླབ་པའི་གཞི་འདི་ནི་བསྙེན་པར་རྫོགས་པ་ཁོ་ན་དང་འབྲེལ་པ་ཡིན་གྱི་བསྙེན་པར་མ་རྫོགས་པ་

རྣམས་ནི་བག་ཙམ་ཡང་ཁོངས་སུ་གཏོགས་པ་མེད་དོ། །དེ་ལྟ་བས་ན་འདོན་པ་འདི་ནི་ནོར་བ་བཤད་པས་འཕེན་པའི་དབང་གིས་སྒྲོ་བཏགས་པ་ཡིན་ཏེ། ཞག་བདུན་པའི་སྤང་བ་ལ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་

སུ་གསུངས་པའི་འདུལ་བ་མདོར་བསྡུས་པར་གཏོགས་པ་ཡིན་ནོ། །དངོས་ཀྱི་ཚུལ་དུ་ནི་དགེ་སློང་མ་རྣམས་ལ་ཞག་དྲུག་འབྲལ་བའི་སྤང་བ་ཉིད་རྣམ་པར་མ་བཞག་པའི་ཕྱིར་རོ། །འདི་ལྟར་དགེ་སློང་མ་རྣམས་ལ་ནི་དགོན་པར་གནས་པ་བཅོམ་ལྡན་འདས་ཀྱིས་བཀག་སྟེ། འདི་ལྟར་བུད་མེད་

เล่ม ๑๕๘ · หน้า 307a

རྣམས་ཀྱི་ལུས་ནི་ཟས་དང་སྐོམ་གྲུབ་པ་བཞིན་དུ་སྐྱེས་བུ་འཕྱོན་མ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་དང་། ཉམ་ཆུང་བའི་ཕྱིར་དགོན་པར་གནས་ན་སྐྱེས་པས་གནས་པ་དང་། མངོན་པར་འགྲོ་བ་ལ་སོགས་པ་ཉེས་དམིགས་ཡང་དང་ཡང་དུ་འབྱུང་བ་ཁོ་ནར་འགྱུར་

བ་གང་ཡིན་པ་དེ་འདྲ་བ་ཡིན་ནོ། །དེ་མེད་ན་ཡང་དེར་གཏོགས་པའི་སྤང་བ་ཡང་རྣམ་པར་མི་གཞག་གོ། །གལ་ཏེ་ན་དགེ་སློང་མས་འདས་ཏེ་སྤྱོད་པར་ནི་མི་བྱེད་པས་དེའི་ཕྱིར་འདིར་གཏོགས་པའི་ཉེས་བྱས་སུ་གསུངས་ཏེ། མི་རུང་བའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །ཞག་བདུན་དུ་

འབྲལ་བའི་སྤང་བ་གཏན་ལ་དབབ་པའོ།། །།སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་ན་ཞེས་བྱ་བ་ནི་དབྱར་ཟླ་ར་བའོ། །དབྱར་གྱི་གོས་རས་ཆེན་ནི་དབྱར་རྣམས་སུ་དགོས་པ་ནི་དབྱར་གྱི་རས་ཆེན་ཏེ། དབྱར་བགོ་བའི་གོས་སོ། །གོས་དེ་ཉིད་དུ་རུང་བ་དང་། ཁ་ཚར་གཅད་པ་དང་། ཁ་

དོག་ངན་པར་བྱས་པ་ནི་དབྱར་གྱི་གོས་ཞེས་བྱ་བའི་ཐ་ཚིག་གོ། །བཙལ་བར་བྱ་བ་ནི་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་དག་ལས་བསླང་བའམ་དེའི་རིན་སྦྱིན་དུ་འཇུག་པའམ། དབྱར་གྱི་རས་ཆེན་སྦེད་པ་ལ་བསླང་བ་ལ་སོགས་པས་བཙལ་བར་བྱའོ། །དབྱར་དག་ཟླ་བ་ཕྱེད་ལུས་

པར་བྱས་ནས་བཅང་བར་བྱའོ་ཞེས་བྱ་བ་ནི་ཟླ་བ་བཞིའི་ཚད་གང་དག་ལ་ལྷག་མ་ཟླ་བ་ཕྱེད་དང་སྟོན་ཟླ་ཐ་ཆུངས་ཡར་གྱི་ངོ་ཡོད་པ་དེ་དག་ནི་དབྱར་གྱི་ཟླ་བ་ཕྱེད་ལུས་པ་སྟེ། དེ་དག་བྱས་ན་བཅང་བར་བྱའོ། །དེ་ལ་དོན་ནི་འདི་ཡིན་ཏེ། དབྱར་གྱི་གོས་རས་ཆེན་ནི་བཙལ་ནས་དབྱར་ཟླ་བ་བཞིའི་ཚད་ལས་ཟླ་བ་

ཕྱེད་ལུས་པར་བྱས་པར་གྱུར་པ་ཇི་སྲིད་པ་དེ་སྲིད་དུ་བཅང་བར་བྱའོ། །གཞན་དག་ན་རེ་དབྱར་གྱི་གོས་རས་ཆེན་བཙལ་བའི་ཕྱིར་ཕྱི་མ་ཟླ་བ་བཞིའི་ཚད་དེ་དག་ཟླ་བ་ཕྱེད་ལུས་ནས་བཅང་བར་བྱ་བ་ཡིན་པར་དབྱར་གྱི་ཟླ་བ་བཞིའི་ཚད་ཟླ་བ་ཕྱེད་ལུས་པར་བྱས་ཤིང་ཟླ་བ་ཕྱེད་མ་ཚང་བར་བྱས་པར་གྱུར་པ་ཇི་

སྲིད་པ་དེ་སྲིད་དུ་བཅང་བར་བྱ་སྟེ། ཟླ་བ་ཕྱེད་འབའ་ཞིག་ལུས་པར་གྱུར་གྱི། གཞན་ནི་ཟད་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་འབྱེད་པ་ལས་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་དོ་ཞེས་གསུངས་སོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་དེའི་

เล่ม ๑๕๘ · หน้า 307b

སྔོན་རོལ་དུ་ཞེས་བྱ་བ་ནི་དབྱར་ཟླ་ར་བའི་སྔོན་རོལ་དཔྱིད་ཟླ་ཐ་ཆུངས་ལ་སོགས་པ་ལའོ། །དབྱར་གྱི་ཟླ་བ་དག་ཟླ་བ་ཕྱེད་ལུས་པར་བྱ་བའི་འོག་ཏུ་འཆང་ན་ཞེས་བྱ་བ་ནི་འཇིག་རྟེན་ན་གྲགས་པའི་དབྱར་གྱི་ཟླ་བ་བཞི་པོའི་ཚད་དེ་དག་ལས་སྟོན་ཟླ་ཐ་ཆུངས་ཡར་གྱི་ངོས་མ་ཚང་བ་ཕྱེད་དང་བཞི་པའི་

ཚད་བཟླས་ཏེ། གལ་ཏེ་དུས་ཕྱི་མ་ཟླ་བ་བཞི་པ་སྟོན་ཟླ་ཐ་ཆུངས་ཡར་གྱི་ངོ་དང་བཅས་ཏེ་འདའ་བར་བྱེད་ན་དེའི་ཚེ་འདི་ལས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕོ་ཉ་ལས་ཞེས་བྱ་བ་ནི་བཙལ་ན་ཉེས་བྱས་ཆུང་ངུར་ཤེས་པར་བྱའོ། །ཚོལ་བ་སྔོན་དུ་འགྲོ་བའི་རྙེད་པ་འཆང་ན་ནི་

སྤང་བ་ཁོ་ན་སྟེ། འདི་འཆང་བ་གཙོ་ཆེའི་ཚོལ་བ་ནི་མ་ཡིན་ནོ། །དེའི་འོག་ཏུ་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཇི་ཙམ་དུ་དགེ་སློང་ཅུང་ཟད་ཤིན་ཏུ་རིངས་པར་ཚོལ་ཞིང་ཤིན་ཏུ་རིང་དུ་འཆང་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་འདུལ་བ་འཛིན་པ་རྣམས་ན་རེ་

ཚོལ་བ་དང་བཅས་པའི་འཆང་བ་ལྟུང་བ་བྱེད་པ་ཉིད་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་ཟེར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ནས། ཉེས་བྱས་སུ་གསུངས་པ་ནི་བག་ཙམ་འདྲ་བ་ལ་བརྟེན་པའི་ཕྱིར་དེའི་ཁོངས་སུ་གཏོགས་པར་

གྱུར་པ་སྟེ། འདུལ་བ་མདོར་བསྡུས་པ་ལས་གསུངས་པ་ཡིན་ནོ། །འདི་ལྟར་དགེ་སློང་མ་རྣམས་ལ་ནི་རྙེད་པ་ཆུང་བའི་ཕྱིར་དབྱར་གྱི་རས་ཆེན་གྱི་བསླབ་པ་མ་བཅས་པ་མ་ཚང་བ་ནི་ཚད་དུ་མི་ལྡང་བ་སྟེ། དབྱར་གྱི་རས་ནི་སྲིད་དུ་ཁྲུ་དགུའོ། །ཞེང་དུ་ཁྲུ་གསུམ་དང་སོར་བརྒྱད་ཀྱི་ཚད་

ཡིན་པས་དེའི་ཕྱིར་འདི་ཡིན་ནོ། །ཞུས་པ་ལ་ལ་ལས་ནི་འདི་སྐད་དུ་བཙུན་པ་རེ་ཞིག་དགེ་སློང་གིས་དབྱར་གྱི་རས་ཆེན་རུང་བ་མ་ལགས་པ་ཞིག་ཟླ་བ་ཕྱེད་དང་ལྔའི་འོག་ཏུ་འཆང་ན་ནི་ཅིར་འགྱུར་ལགས། ཉེས་བྱས་སོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། རུང་བ་མ་ལགས་པ་

ཞེས་བྱ་བ་ནི་མ་གཏོགས་པ་ལ་སོགས་པའོ། །ཟླ་བ་ཕྱེད་དང་ལྔའི་འོག་ཅེས་བྱ་བ་ནི་ཟླ་བ་གང་དག་ལ་སྔ་མ་ཟླ་བ་བྱེད་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ཟླ་བ་བཞི་པོ་ཕྱེད་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཚོལ་བའི་དུས་དང་བཅས་པའི་ཟླ་བ་བཞི་པོ་ཕྱེད་དང་བཅས་པའི་འོག་རོལ་

เล่ม ๑๕๘ · หน้า 308a

གྱི་དུས་སུ་འཆང་ན་རུང་བ་མ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལས་ཀྱང་འདི་སྐད་དུ་དབྱར་གྱི་རས་ཆེན་དེངས་པ་ཞིག་ཟླ་བ་ཕྱེད་དང་ལྔའི་འོག་རོལ་དུ་འཆང་ན་ཉེས་བྱས་སོ། །དེ་བཞིན་དུ་དབྱར་གྱི་རས་ཆེན་སེང་རས་ཤིག་ཤིན་ཏུ་རིངས་

བར་ཚོལ་ན་ཉེས་བྱས་སོ་ཞེས་འབྱུང་ངོ་། །དེ་ལ་དོན་ནི་འདི་ཡིན་ཏེ། དེངས་པ་ནི་མི་སྲི་བ་སྟེ་ཟད་ལ་ཐུག་པ་ཞེས་བྱ་བའི་ཐ་ཚིག་གོ། །སེང་རས་ནི་སྲབ་མོར་བཏགས་པའོ། །དབྱར་གྱི་རས་ཆེན་གྱི་སྤང་བ་གཏན་ལ་དབབ་པའོ།། །།བསྔོས་པ་ནི་དགེ་འདུན་

ལ་དབུལ་བའོ་ཞེས་དེ་ལྟར་ངེས་པར་བྱས་པས་སོ། །རྙེད་པ་ནི་གོས་ཀྱི་རྙེད་པའོ། །ཤེས་བཞིན་དུ་བྱ་བ་ནི་བདག་ཉིད་ཀྱིས་རིག་པའམ། གཞན་དག་གིས་བསྟན་པའོ། །གང་ཟག་ལ་བསྒྱུར་དུ་འཇུག་ན་ཞེས་པ་ནི་སྒྲུབ་པར་བྱེད་ནའོ། །གང་ལ་ཞེ་ན་བདག་ལ་ཞེས་བྱ་

བ་གསུངས་ཏེ། བདག་ཉིད་ལ་བསྒྱུར་དུ་འཇུག་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །དེ་ལ་ནི་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །བསྒྱུར་དུ་འཇུག་པ་ནི་ཉེས་བྱས་ཡིན་ལ་ཐོབ་ནས་ནི་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱའོ། །བཙུན་པ་རེ་ཞིག་དགེ་སློང་གིས་

ཞེས་བྱ་བ་ལ་སོགས་པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཚན་ཐ་དད་པའི་དགེ་འདུན་གྱི་རྙེད་པ་ཡིན་པའི་ཕྱིར་འདི་ཡིན་ཏེ། དེ་བཞིན་དུ་དགེ་སློང་མ་མཚན་གྱུར་པ་ལའང་དེ་དང་འདྲ་བ་ཁོ་ནར་ཤེས་པར་བྱའོ། །གཉི་གའི་དགེ་འདུན་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་

དང་དགེ་སློང་མའི་དགེ་འདུན་ནོ། །དེ་ལ་འདིར་གཉིས་སུ་གསུངས་པ་ནི་མཚན་ཐ་དད་པའི་ཕྱིར་དང་། ཐུན་མོང་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་མདོ་དང་རྣམ་པར་འབྱེད་པ་དང་ཞུས་པ་དག་ལས་དགེ་འདུན་ཉིད་ཀྱིས་ཁྱད་པར་མ་སྨོས་པའི་ཕྱིར་བདག་ཉིད་ལ་ཡོངས་སུ་བསྒྱུར་ན་

སྤང་བ་ཁོ་ནར་གསུངས་ཏེ། དེའི་ཕྱིར་འདི་དང་སྔ་མ་བཙུན་པ་རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པས་མཚན་ཐ་དད་པ་ལ་ཡང་སྤང་བ་ཁོ་ནས་བརྗོད་པར་བྱའོ་ཞེས་ཟེར་རོ། །བསྒྱུར་དུ་འཇུག་པའི་སྤང་བ་གཏན་ལ་དབབ་པའོ།། །།ཕན་པ་ནི་མཐུན་པ་དག་སྟེ། ནད་ཀྱི་

เล่ม ๑๕๘ · หน้า 308b

གཉེན་པོར་གྱུར་པ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་རླུང་གི་གཉེན་པོར་གྱུར་པ་ནི་ཏིལ་མར་རོ། །མཁྲིས་པ་ནི་ཞུན་མར་རོ། །བད་ཀན་ནི་སྦྲང་རྩིའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གང་དག་ཅེས་བྱ་བ་འདིས་ནི་སྨན་རྣམས་ལས་གང་གི་ཁོངས་སུ་གཏོགས་

པ་ཉིད་སྟོན་པར་བྱེད་དེ། དེས་ན་སྨན་གང་དག་བཅོམ་ལྡན་འདས་ཀྱིས་འདུལ་བ་ལས་གསུངས་པ་དེ་དག་ཅེས་བྱ་བའི་ཐ་ཚིག་གོ། །བཀའ་སྩལ་པ་ནི་རབ་ཏུ་བསྟན་པའོ། །སྦྲང་རྩི་ནི་སྦྲང་མའི་སྦྲང་རྩིའོ། །བུ་རམ་གྱི་ལྦུ་བ་ནི་བུ་རམ་དང་། ཧྭགས་དང་།

ཤ་ཁ་ར་ལ་སོགས་པའོ། །རང་གིས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི། ལག་པ་བཀྲུས་ཏེ་བྱིན་ལེན་བྱས་ནས་ལག་པ་གཡོན་པར་བཞག་ལ་ལག་པ་གཡས་པས་བཀབ་སྟེ། དགེ་སློང་ཞིག་གི་མདུན་དུ་འདུག་ལ་སྔ་དྲོ་བྱིན་གྱིས་བརླབ་པའི་སྔགས་ཀྱིས་སོ། །ཞག་

བདུན་པར་ཞེས་བྱ་བ་ནི་ཞག་བདུན་པ་ཁོ་ནར་རོ། །གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པས་ཞེས་བྱ་བ་ལ་སོགས་པས་གསོག་འཇོག་ནི་གསོག་པར་བྱེད་པ་སྟེ། འདི་ལྟ་སྟེ། སྦྱིན་པ་དང་། ལེན་པ་དང་། སྦེད་པ་དང་། ཟ་བ་དང་། འཇོག་པ་དང་བྱི་དོར་བྱེད་པའོ། །

འདིས་ཡོངས་སུ་སྤྱོད་པར་བྱེད་པའི་ཕྱིར་དེ་ཉིད་ཡོངས་སུ་སྤྱོད་པ་ཡིན་ནོ། །གསོག་འཇོག་གིས་ཡོངས་སུ་སྤྱོད་པ་སྟེ། རང་གིས་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་ཡོངས་སུ་ལོངས་སྤྱད་པར་བྱ་བ་ནི་རང་གིར་བྱས་ནས་བཅང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་

ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་ཞེས་བྱ་བ་འདིའི་དོན་ནི་འཆང་ན་ཞེས་བྱ་བ་ནི་ཡིན་གྱི། ཟ་ན་ཞེས་བྱ་བ་ནི་མ་ཡིན་ཏེ། སྤང་བ་མི་སྲིད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བཙུན་པ་སྨན་དགུང་བདུན་ལས་ཞེས་བྱ་བ་ལ་སོགས་པ་ལ་སྨན་མི་རུང་བ་ནི་མི་ཚིལ་ལ་

སོགས་པའོ། །མི་རུང་བ་དང་འདྲེས་པ་ནི་མི་ཚིལ་ལ་སོགས་པ་དང་འདྲེས་པའོ། །རུང་བ་ལ་ནི་བྱིན་གྱིས་བརླབས་པ་དང་། སྤང་བ་ཉིད་ཡིན་ན་དེ་ལ་ཡང་རུང་བ་ཉིད་མེད་པའི་ཕྱིར་སྤང་བ་མི་སློང་ངོ་། །འོ་ན་ཇི་ལྟར་ཞག་བདུན་འདས་པ་ཞེས་བྱ་ཞེ་ན། ལ་ལ་མི་ཤེས་བའམ་འདས་ནས་

เล่ม ๑๕๘ · หน้า 309a

ཀྱང་བྱིན་གྱིས་རློབ་པར་བྱེད་པས་དེའི་ཕྱིར་དེའི་དབང་དུ་མཛད་ནས་འདི་གསུངས་པར་རྣམ་པར་གནས་སོ། །སྤང་བར་བགྱིའམ། ཉེ་བ་འཁོར་མ་ཡིན་ནོ་ཞེས་བྱ་བ་ནི་མ་ཤེས་པས་སྨྲས་པར་རིག་པར་བྱའོ། །འདི་ལྟར་མི་ལྟ་བར་སྤངས་པ་ཡང་ཕྱིར་ལེན་པའི་དུས་ན་ལྟ་

བ་དང་བཅས་ནས་ཉེས་བྱས་སུ་བཤད་དེ། མི་ལྟ་བར་ལྟ་བ་ལ་ལྟ་བ་དང་བཅས་ན་ཕྱེད་ཉིད་དོ། །ཤེས་བཞིན་དུ་མི་བླང་ངོ་ཞེས་འབྱུང་བའི་ཕྱིར་རོ། །སོག་འཇོག་བགྱིས་པ་ནི་གསོག་འཇོག་བྱས་པའི་ལྟུང་བྱེད་དུ་གཏོགས་སོ། །དུས་ལས་འདའ་བར་བྱེད་ན་ཞེས་བྱ་བ་ནི་ཉི་མའི་གུང་ལ་

སོགས་པ་ལས་སོ། །དུས་སུ་རུང་བའི་འབྲས་ཆན་ལ་སོགས་པ་སྟེ། ཉི་མ་ཕྱེད་ཀྱི་བར་དུས་སུ་སྤྱད་པར་བྱ་བ་དག་གོ། །ཐུན་ཚོད་དུ་རུང་བ་ནི་རྒུན་ཆུ་ལ་སོགས་པ་སྟེ། ཐུན་ཚོད་ཀྱི་དུས་སུ་སྤང་བར་བྱ་བ་དག་གོ། །དགུང་བདུན་པ་ནི་ཞུན་མར་ལ་སོགས་པ་སྟེ། ཞག་བདུན་གྱི་བར་

གྱི་དུས་སུ་སྤྱད་པར་བྱ་བ་དག་གོ། །ཇི་སྲིད་འཚོའི་བར་དུ་བཅང་བ་ནི་ཨ་རུ་ར་ལ་སོགས་པ་སྟེ། ཇི་སྲིད་འཚོའི་བར་གྱི་དུས་སུ་སྤྱད་པར་བྱ་བ་དག་གོ། །བདག་གིར་བགྱིད་པ་བྱིན་གྱིས་བརླབ་པའི་སྔགས་མེད་པར་རང་གིར་བྱེད་པའོ། །གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པས་

ཞེས་བྱ་བ་ལ་སོགས་པ་ནི་བྱིན་གྱིས་བརླབས་པ་མེད་པའི་ཕྱིར་གསོག་འཇོག་མེད་དེ། འདི་ལྟར་འདི་དག་བྱིན་གྱིས་བརླབས་པ་ལ་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་པ་རྗེས་སུ་གནང་གི་གཞན་དག་ནི་མ་ཡིན་པས་དེའི་ཕྱིར་མི་རུང་ངོ་ཞེས་དེ་སྐད་དུ་གསུངས་སོ། །དེ་ལ་བྱིན་གྱིས་

བརླབས་པ་འབྲས་བུ་མེད་པའི་ཕྱིར་དུས་སུ་རུང་བ་ལ་བྱིན་གྱིས་བརླབས་པ་མེད་མོད་ཀྱིས། འོན་ཀྱང་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་པའི་ཞར་ལ་འདི་དག་གི་ནང་དུ་འདུས་སོ། །རེ་ཞིག་དགེ་སློང་གིས་ཞེས་བྱ་བ་ལ་སོགས་པ་སྤངས་པའི་བྱིན་གྱིས་རློབ་ན་ཉེས་བྱས་སུ་གསུངས་པ་ནི་མི་རུང་

བ་བྱིན་གྱིས་བརླབ་པའི་ཕྱིར་རོ། །བྱིན་གྱིས་བརླབས་ནས་འདས་པར་ཞེས་བྱ་བ་ནི་གང་དང་གང་གིར་རང་གི་དུས་སུ་ཐུན་ཚོད་ཀྱི་བར་གང་ཡིན་པ་དེ་ལས་འདས་པར་རོ། །འདི་ཉིད་བསྟན་པའི་ཕྱིར་དུས་སུ་རུང་བ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཡོངས་སུ་སྤྱད་ན་ཞེས་

เล่ม ๑๕๘ · หน้า 309b

བྱ་བ་ལ་སོགས་པས་ལྟུང་བྱེད་དུ་གསུངས་པ་ནི་སྤྱད་པའི་དུས་ལས་འདས་པའི་ཕྱིར་རོ། །འདིར་ཡང་བྱིན་གྱིས་བརླབས་པ་ལས་འདས་པར་ཞེས་གསུངས་པ་ནི། ཇི་སྲིད་འཚོའི་བར་དུ་བཅད་པ་མ་གཏོགས་པ་རྣམས་ལ་ཤེས་པར་བྱ་སྟེ། དེ་དག་ལ་བྱིན་གྱིས་བརླབས་པ་ལས་འདས་པ་མི་

སྲིད་པའི་ཕྱིར་རོ། །གལ་ཏེ་ཡོངས་སུ་སྤྱད་ན་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་བཅང་བ་མ་གཏོགས་པ་རྣམས་ཁོ་ན་ལ་ཤེས་པར་བྱའོ། །གལ་ཏེ་བྱིན་གྱིས་རློབ་ན་ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སུ་གསུངས་པ་ནི་མི་རུང་བར་བྱིན་གྱིས་རློབ་པར་གཏོགས་པ་ཡིན་ནོ། །དགེ་

སློང་མ་ལ་ཉེས་བྱས་སུ་གསུངས་པ་ནི། གསོག་འཇོག་བྱས་པ་སྤྱོད་པར་གཏོགས་པ་ཡིན་ཏེ། བྱིན་ལེན་མ་བྱས་བཟའ་མི་བྱ། །དེ་བཞིན་གསོག་འཇོག་བཟའ་མི་བྱ། །ཞེས་འབྱུང་བའི་ཕྱིར་རོ། །ཞག་བདུན་པའི་སྤང་བ་གཏན་ལ་དབབ་པའོ། །གཞུང་བླ་མའི་ཚིག་དཀའ་བ་

རྣམ་པར་བཤད་པ་རིགས་པ་དང་། སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་བཀོད་པ་ལས་སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ།། །།ཤེས་བཞིན་དུ་བརྫུན་སྨྲ་ན་ཞེས་བྱ་བ་ལ། ཤེས་བཞིན་ནི་མ་རིག་པའི་འདུ་ཤེས་ཉམས་སུ་མྱོང་བ་ཡིན་ནོ། །བརྫུན་

ནི་དོན་ཕྱིན་ཅི་ལོག་ཉེ་བར་སྟོན་པའོ། །སྨྲ་བ་ནི་བརྗོད་པ་སྟེ། ཤེས་བཞིན་དུ་དོན་གཞན་དུ་རྣམ་པར་གསང་བ་ལ་སླུ་བ་ལ་སོགས་པའི་ཆེད་དུ་གཞན་དུ་བརྗོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་བརྫུན་གྱི་ངོ་བོ་སྨྲ་བ་ནི་བརྫུན་སྨྲ་བའོ། །ཤེས་བཞིན་གྱི་བརྫུན་སྨྲ་བ་ནི་ཤེས་བཞིན་དུ་

བརྫུན་སྨྲ་བ་སྟེ་དྲུག་པར་ཚིག་བསྡུ་བའོ། །དེའི་ཕྱིར་ཞེས་གཏན་གྱི་ལྔ་པ་ཡིན་ནོ། །གཞན་ལ་ཡང་ལྟུང་བྱེད་དུ་གྱུར་པས་དེའི་ཕྱིར་བརྫུན་སྨྲ་ན་ཞེས་ཁྱད་པར་དུ་བྱས་ཏེ་འོག་མ་དག་ལ་ཡང་ཅི་རིགས་པར་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །བསླབ་པ་ཕུལ་བ་ཞེས་བརྗོད་པར་བགྱིའམ།

ཉེ་བ་འཁོར་མ་ཡིན་ནོ་ཞེས་བྱ་བ་ནི། བསླབ་པ་འབུལ་བའི་བསམ་པ་མེད་པའི་ཕྱིར་འདིར་གསུངས་ཏེ། འདི་ལ་ཉམས་པར་རྗོད་པར་བྱེད་པ་དགོས་ཀྱི་ཚིག་གི་ཁྱད་པར་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །མི་སྨྲ་བ་ནི་ཅང་མི་སྨྲ་བའོ། །ཁས་ལེན་ན་ཞེས་བྱ་བ་ནི་ཁས་ལེན་པར་

เล่ม ๑๕๘ · หน้า 310a

བྱེད་ནའོ། །བརྫུན་སྨྲ་བའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།མིའི་སྐྱོན་ནས་སྨྲ་བ་ནི་མིའི་ཡོན་ཏན་རིགས་དང་གཟུགས་ལ་སོགས་པ་བརྗོད་པར་འདོད་པས་དམན་པ་ཉིད་བརྗོད་པར་བགྱིད་ན་ཞེས་བྱ་བ་ནི་ཐ་སྙད་འདོགས་པའོ། །རེ་ཞིག་དགེ་སློང་ཞེས་བྱ་བ་ལ་སོགས་

པས་མཚན་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཚན་ཐ་དད་པའི་སྐྱོན་ནས་སྨྲ་བར་གཏོགས་པ་ཡིན་ནོ། །ཟ་མ་དང་ཞེས་བྱ་བ་ལ་སོགས་པ་ལ་ཁ་ཅིག་ནི་དགེ་སློང་མའི་མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དུ་འདོད་དོ། །དེ་དག་གི་བསམ་པ་འདི་ཡིན་ཏེ། ཟ་མ་དབང་པོ་མེད་པ་ཡིན་ལ། དེའི་

ཡན་ལག་སྐྱེས་ནི་བཅད་པ་ལ་སོགས་པས་ཉམས་པ་བཞིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་འདི་ཇི་སྲིད་ཅིག་ཏུ་འགྱུར་བ་མི་བསྟེན་པ་འདི་སྲིད་དུ་བསྐྲད་པར་མི་བྱའོ། །ནམ་ཞིག་འགྱུར་བ་དེའི་ཚེ་ནི་བསྐྲད་པར་བྱའོ་ཞེས་གསུངས་སོ། །འདིས་ནི་ཇི་སྲིད་དུ་འགྱུར་བ་མི་

བསྟེན་པ་དེ་སྲིད་དུ་དགེ་སློང་ཡིན་ལ་དགེ་སློང་ཉིད་ཡིན་ན་ཡང་ང་འདི་ལ་དགེ་སློང་གཞན་བཞིན་དུ་རིགས་པར་ལྟུང་བ་རྣམས་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །གཞན་དག་ནི་ཁྱད་པར་ཁས་མ་བླངས་པར་སྤྱིར་ཇི་ལྟར་མ་ནིང་དང་མཚན་གཉིས་པ་དག་སྡོམ་པ་དང་སྡོམ་པ་མ་ཡིན་པའི་ཞིང་ཉིད་མ་ཡིན་པ་

ལྟར་འདི་དང་འདྲ་བར་ཁྱིམ་པ་ལྟ་བུར་འདོད་དོ། །དེ་བས་ན་ཇི་ལྟར་འདི་དག་ཞིང་ཉིད་མ་ཡིན་ཞིང་ཐ་སྙད་དུ་རུང་བ་མ་ཡིན་པ་ལྟར་ཟ་མ་ཡང་དེ་དང་འདྲའོ། །དེའི་ཕྱིར་འདི་སྡོམ་པ་མ་སྐྱེས་པ་དང་འདྲ་བར་རྣམ་པར་གཞག་པ་ཤེས་པར་བྱ་སྟེ། ཇི་ལྟར་དགེ་སློང་མ་སུན་འབྱིན་པ་ལ་སོགས་པའི་མིའི་

སྐྱོན་ནས་སྨྲ་ན་ལྟུང་བ་ཆུང་ངུ་བྱེད་པ་ཉིད་ཡིན་པ་ལྟར་འདི་ཡང་དེ་དང་འདྲའོ་སྙམ་དུ་བསམས་པ་ཡིན་ནོ། །མིའི་སྐྱོན་ནས་སྨྲ་བའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།དགེ་སློང་ཕྲ་མ་བྱེད་པ་ནི་དབྱེ་བའི་བསམ་པས་དགེ་སློང་གི་ཡུལ་ལ་ཁྱོད་ལ་དགེ་སློང་ཆེ་གེ་མོ་འདི་ཞེས་བྱ་བས་འདི་དང་

འདི་སྨྲས་སོ་ཞེས་ཟེར་རོ། །གཞུང་རྒྱས་པར་ནི་ཕོ་ཉ་ལས་ཞེས་བྱ་བ་ལ་སོགས་པའོ། །ཕྲ་མའི་ལྟུང་བྱེད་གཏན་ལ་དབབ་པའོ།། །།ཆོས་བཞིན་དུ་ཞེས་བྱ་བ་ནི་ཆོས་དང་མཐུན་པར་རོ། །རྩོད་པར་ནི་འགྱེད་པ་དང་། མི་གདམས་པ་དང་། ལྟུང་བ་དང་བྱ་བའི་རྩོད་པ་ཞེས་བྱ་བ་བཞི་པོ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด