འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๑ · หน้า 159a
ཞེས་བྱ་བ་ནི་ནད་པ་འབའ་ཞག་གིས་སྤྱད་པར་མ་ཟད་ཀྱི་ན་བ་དང་མི་ན་བ་ཐམས་ཅད་ཀྱིས་སྤྱད་དུ་རུང་བའོ། །འདིར་གཞུང་ཁ་ཅིག་ལས་ནི། བཅོམ་ལྡན་འདས་ཀྱིས་བསྲོ་ཁང་བྱའོ་ཞེས་གསུངས་པ་དང་། གནས་པར་བྱ་བའི་དགེ་སློང་དག་ཆུ་དྲོན་བསྐོལ་བས་ངལ་བར་
གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྕགས་ཀྱི་གར་བུ་བསྲེག་པར་བྱ་ཞིང་ལྕགས་ཐག་གིས་གདགས་པར་བྱའོ་ཞེས་གསུངས་པ་དེ་མདོ་འདིར་བསྡུས་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་དོགས་པ་དང་། འོས་པ་དགེ་འདུན་གྱིས་འཆང་བ་ལ་མི་རིགས་པ་མེད་དོ། །དེ་ལྟ་བས་ན་
དགེ་འདུན་གྱིས་ཀྱང་བཅང་དུ་རུང་པར་རིག་པར་བྱའོ། །བསྲེགས་པ་གདགས་པའི་ཕྱིར་དེ་ལ་ལྕགས་ཐག་གདགས་སོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་ལྕགས་ཀྱི་གར་བུ་དེ་ལའོ། །ཚ་བའི་དུས་ནས་གཤེར་བས་དེ་མནན་ནོ་ཞེས་བྱ་བ་ལ། དེ་མནན་ཏོ་ཞེས་བྱ་བ་ནི་ལྕགས་ཐག་དེ་མནན་པའོ། །བསྲེགས་
པ་ནི་ཟས་དང་འབགས་པའི་གནས་མེད་དོ་ཞེས་བྱ་བ་ནི། ལྕགས་ཀྱི་གར་བུ་བསྲེགས་པ་ན་དེ་ལ་ཟས་དང་འབགས་པའི་གནས་མེད་པའོ། །དེ་བས་ན་ལྕགས་ཀྱི་བར་དུ་དེ་རུང་བར་བྱ་བའི་ཕྱིར་འབད་པ་ནི་དོན་མེད་དོ། །དེའི་ཕྱིར་དེ་ལ་འདི་བརྗོད་དོ། །རུང་བ་སྔར་བསྲོ་བའོ། །ལོངས་སྤྱད་པ་ཕྱིས་སོ་ཞེས་བྱ་བ་
ནི་འདི་གཉིས་ནི་གཙང་སྦྲའི་ཕྱིར་དེ་བསྒྲུབ་བོ། །མདོམས་ཀྱི་གསོ་བ་བསྟེན་པར་བྱའོ་ཞེས་བྱ་བ་ནི་ནད་པ་ཞེས་བྱ་བར་དོན་གྱིས་གྱུར་པ་དང་སྦྱར་རོ། །འདིར་གཞུང་ནི་སིལ་བུ་དག་ལས། མས་བཏང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་གྱིས་འཚོ་བར་ནུས་པ་ཉིད་ན་དེ་ལ་སྦོམ་
པོའོ་ཞེས་བྱ་བ་ནི་སྨན་གཞན་བྱ་བའི་ཐབས་ཀྱིས་ནད་དེ་ལས་འཚོ་བར་ནུས་པ་ཉིད་ཡིན་ན་མདོམས་ཀྱི་གསོ་བ་བསྟེན་པ་དེ་ལས་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་མ་མོ་ལས། དེ་ལས་གཞན་པའི་སྨན་དག་གིས་འཚོ་ན་དགེ་སློང་གིས་མདོམས་ཀྱི་ལས་བྱེད་དུ་མི་གཞུག་གོ། །གང་བྱེད་དུ་
འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །མི་འཚོ་བ་ཉིད་ཡིན་ན་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་ཟངས་མའམ་ཁར་བའི་སྦུ་གུ་བཟང་གི་ལྕགས་ཀྱི་ནི་མི་རུང་ངོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་མདོམས་ཀྱི་གསོ་བ་འདི་ལའོ། །མཚོན་གྱིས་གསོ་བ་ཡང་དེ་དང་འདྲའོ་ཞེས་བྱ་བ་ལ།
เล่ม ๑๖๑ · หน้า 159b
དེ་དང་འདྲའོ་ཞེས་བྱ་བ་ནི་མཚོན་གྱིས་གསོ་བ་བསྟེན་པར་བྱ་བ་ལའོ། །གཞན་གྱིས་འཚོ་བར་ནུས་པ་ཉིད་ན་དེ་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་མ་མོ་ལས། རྟུལ་བ་གཞན་ཡོད་ན་དགེ་སློང་གིས་མཚོན་གྱི་ལས་བྱེད་དུ་མི་གཞུག་གོ། །གང་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོའོ། །
རྟུལ་བ་གཞན་མེད་ན་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །གདོང་བུ་རྩའི་རྒྱུན་ལས་གཞན་པར་དེ་མི་བསྟེན་ནོ་ཞེས་བྱ་བ་ནི་གདོང་བུ་རྩའི་རྒྱུན་ལས་གཞན་པར་མཚོན་གྱིས་འཚོ་བ་དེ་མི་བསྟེན་པའོ། །འདིར་གཞུང་ནི། ཕྲན་ཚེགས་དག་ལས། དགེ་སློང་གི་གདོང་ནི་མེ་ལོང་ལྟ་བུ་ཡིན་པས།
དེའི་ཕྱིར་སྨན་པ་གདོང་དུ་མཚོན་གྱི་ལས་བྱེད་དུ་མི་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །གཞང་འབྲུམ་བཅད་པར་མི་བྱའོ་ཞེས་བྱ་བ་ནི་དེ་མི་བསྟེན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་གཅིག་ཏུ་གྱུར་པ་ནི་གདོང་དུ་མཚོན་གྱི་ལས་བྱེད་པ་དང་། གཞང་འབྲུམ་གཅོད་པ་ཡིན་ཏེ་འདི་གཉིས་ཡིན་པས་འདི་
གཉིས་ལ་ཡང་སྦོམ་པོར་རིག་པར་བྱའོ། །མཚོན་ལས་གཞན་པས་ཀྱང་ངོ་ཞེས་བྱ་བ་ལ་གཞན་གྱིས་ཀྱང་ཞེས་བྱ་བ་ནི་སེན་མོ་ལ་སོགས་པས་ཀྱང་ཞེས་བྱ་བའི་དོན་ཏོ། །དེ་གསང་སྔགས་དང་སྨན་དག་གིས་གསོའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་གཞང་འབྲུམ་རྣམས་སོ། །ཞེ་འགྲས་པ་གསོར་
མི་གཞུག་གོ་ཞེས་བྱ་བ་ནི་གཞང་འབྲུམ་རྣམས་སོ། །གསོ་བའི་ཕྱིར་ནུབ་མོ་ཟ་བ་ནི་ཚུལ་དང་མི་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་ནི། སིལ་བུ་དག་ལས་མདོ་འདི་དག་དང་འོག་མ་གཉིས་སོ། །འདི་ལ་བྱིན་ལེན་མ་བྱས་པ་གསོག་འཇོག་བྱས་པ་དག་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི་གསོ་
བ་འདི་ལའོ། །གསོ་བའི་ཕྱིར་རེང་བུའི་དུ་བས་བདུག་པར་བྱའོ་ཞེས་བྱ་བ་ནི་ཕྲན་ཚེགས་དག་ལས། འདི་དང་པོར་བྱས་ཏེ་འདི་བཟའ་བར་བྱ་བ་མ་ཡིན་པ་མ་ཡིན་ཞེས་བྱ་བའི་མཐར་ཐུག་པའོ། །དེ་ནི་སྨན་གཅེའུས་འགྲུབ་པའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དུ་བར་བདུག་པ་དེའོ། །ལྕགས་ལས་བྱས་པའོ་ཞེས་བྱ་བ་ནི་
སྨན་གཅེའུའོ། །སོར་བཅུ་གཉིས་པ་བཟང་ངོ་། །རྣོ་བ་དང་རྩུབ་པ་མི་བྱའོ་ཞེས་བྱ་བ་ནི་སྨན་གཅེའུའི་སྦུབས་སོ། །ཞུན་མར་རམ་བུ་རམ་གྱིས་བསྐུས་ཏེ་ཤུབས་སུ་གཞུག་གོ། །དེ་ནི་ཟུང་ངམ་ཆོས་གོས་ཀྱི་གདང་བུ་ལ་གདགས་སོ་ཞེས་བྱ་བ་ནི་ཤུབས་དེའོ། །དྲི་མ་མེད་པར་བྱ་བའི་ཕྱིར་མེར་གཞུག་
เล่ม ๑๖๑ · หน้า 160a
གོ་ཞེས་བྱ་བ་ནི་སྨན་གཅེའུའོ། །སྣར་བླུགས་པའི་ལས་བྱའོ། །དེ་ནི་སྣར་ལྡུགས་པ་སྤྱད་ཀྱིས་འགྲུབ་པོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་སྣར་ལྡུགས་པའི་ལས་བྱས་པ་དེའོ། །མཆུ་གཉིས་མི་རྣོ་བ་བཟང་ངོ་ཞེས་བྱ་བ་ནི་སྣར་ལྡུགས་པའི་སྤྱད་ནི་ཁ་བྲག་མཆུ་གཉིས་པ་མི་རྣོ་བ་བཟང་
ངོ་། །དེ་བྱའོ་ཞེས་བྱ་བ་ནི་སྣར་ལྡུགས་པའི་སྤྱད་དེའོ། །དེ་ནི་བཟའ་བར་བྱ་བ་མ་ཡིན་པ་མ་ཡིན་ཏེ། བྱིན་ལེན་བྱས་ཏེ། སྣར་བླུགས་པའི་ལས་བྱའོ། །གལ་ཏེ་འཚོ་བའི་བར་དུ་བཅང་བ་སྨིན་པར་འགྱུར་ན། དེས་རང་ཉིད་ཀྱིས་བཟུང་སྟེ། སྦྱངས་ཏེ་སྦྱིན་པར་བྱ་ཞེས་སྨོས་ཏེ། དེ་ལ་དྲི་མ་མེད་
པའི་རིགས་པའི་གནས་ལ་སོགས་པ་དང་ལྷན་ཅིག་ཏུ་དེ་ལྟ་བུས་བསྡུ་བ་འདིའོ། །སྨན་གྱི་གོ་རིམས་ནི་དཔེའོ་ཞེས་སྨོས་ཏེ་དེས་མཚོན་པ་གཞན་བསྟན་པའི་ཕྱིར། སྨན་གྱི་ཕྱིར་ཤ་རློན་པ་བསྟེན་པར་བྱའོ། །དེ་ཟ་མི་ནུས་ན་ཐབས་བྱའོ། །རས་ཀྱིས་མིག་གཉིས་དགབ་པོ། །མི་རྒལ་བར་བྱ་
བའི་ཕྱིར་དྲི་ཞིམ་པོས་བསྒོའོ། །ཤ་མེད་པ་ཉིད་ན་མདུན་དུ་བཟའ་བ་དང་བཅའ་བ་ཡིད་དུ་འོང་བ་གཞག་སྟེ་དགྲོལ་ལོ་ཞེས་བྱ་བ་ལ། དགྲོལ་ལོ་ཞེས་བྱ་བ་ནི་མིག་རས་ཀྱིས་གཡོགས་པ་དེའོ། །གཞན་གྱི་དོན་དེར་ན་སྦོམ་པོའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཤ་རློན་པ་དེ་སྨན་གྱི་དོན་ལས་གཞན་
པར་ཟ་བ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །མིའི་ཤ་ནི་ཐམས་ཅད་དུའོ་ཞེས་བྱ་བ་ནི་སྨན་གྱི་དོན་དུ་ཡང་མི་ཤ་ཟོས་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྨན་གྱི་ཕྱིར་ཟ་བ་ཡང་བཅོམ་ལྡན་འདས་ཀྱིས་སྨད་པས་དེ་དགག་པ་དེའི་ཕྱིར་ཐམས་ཅད་དུའོ་ཞེས་མདོར་བསྡུ་བ་བྱས་སོ། །ཤ་བསྔོས་པར་ཤེས་ན་
བཟའ་བར་མི་བྱའོ་ཞེས་བྱ་བ་ནི། ཟ་བ་པོ་ལ་བརྟེན་ནས་བསྔོས་པར་ཟ་བ་པོས་མཐོང་བ་དང་ཐོས་པ་དང་དོགས་པའི་སྒོ་ནས་ཤེས་ན་དེས་ཤ་ཟ་བར་མི་བྱ་སྟེ། རྣམ་པར་རྟོག་པ་ཡོངས་སུ་སྐྱེས་པས་བཟའ་བར་བྱ་བ་མ་ཡིན་པ་ཉིད་དུ་སྨོས་པ་གང་ཡིན་པ་དེ་འདིས་མ་བསྡུས་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་
པ་དེ་ངེས་ན་ནི་ཤེས་པ་ཁོ་ན་ཡིན་ནོ། །གལ་ཏེ་ཡིད་གཉིས་སུ་གྱུར་ན་འདུ་ཤེས་པ་ལྟར་ཡིད་གཉིས་སོ་སྙམ་དུ་ངེས་པའི་ཕྱིར་དེས་འདི་བསྡུས་པའོ། །སྟག་གི་གོད་མའི་ཤ་མི་བཟའོ་ཞེས་བྱ་བ་ནི། ཤར་ཤེས་ན་ཟ་བར་མི་བྱའོ། །འདི་ནི་ཕྲན་ཚེགས་དག་ལས་དགེ་སློང་དག་སྟག་ནི་རུལ་སྦེད་པ་ཡིན་པས་
เล่ม ๑๖๑ · หน้า 160b
དེའི་ཕྱིར་དགེ་སློང་གིས་སྟག་གི་གོད་མའི་ཤ་བཟའ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །གླང་པོ་ཆེ་དང་། རྟ་དང་། ཀླུ་རྣམས་ཀྱི་མི་བཟའོ། །མིག་གཅིག་པ་དང་། ཝ་དང་། སྤྲེའུ་དང་། ཤིང་རྟ་མོ་དང་། བྱ་རོག་དང་། བྱ་རྒོད་དང་། ཆུ་སྐྱར་དང་། ཁྱི་དང་། བྱ་ཁྲ་དང་། འུག་པ་དང་། དེ་དག་
ལས་གཞན་པའི་བྱ་མི་རོ་ཟ་བ་དག་དང་། བྱ་གར་དང་། ཕ་བང་དང་། སྐྱིན་གོར་དང་། དྲེའུ་སྲིན་དང་། སྲིན་བུ་རྣམས་ཀྱི་ཡང་མི་བཟའོ་ཞེས་བྱ་བ་ནི། དེ་དག་གི་ཤ་ཡང་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལས་གཞན་པའི་ཞེས་བྱ་བ་ནི་གང་དུ་མི་རོ་ཟ་བའི་བྱ་སྔར་བསྟན་པ་དེ་དག་ལས་གཞན་
པའི་ལའོ། །ཞུ་བའི་གཞུང་ཁ་ཅིག་ལས། སྲིན་བུ་རྣམས་ཀྱི་ཚིལ་འཚལ་བར་བགྱིའམ། འཚལ་བར་མི་བགྱི། བཀའ་སྩལ་པ་བཟའ་བར་མི་བྱའོ། །ནད་དང་བྲལ་བའི་ཕྱིར་ལུས་བསྐུ་བར་ནི་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་ངང་སྐྱ་ལ་སོགས་པ་རྣམས་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་
པ་ལས་སོ། །ལྷག་མ་རྣམས་ནི་སིལ་བུ་དག་ལས་སོ། །ཤའི་བྱིན་ལེན་སྟོབས་པ་ལ་བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི་མི་ལ་སོགས་པའི་ཤ་བཅད་པ་གང་ཡིན་པ་དེ་བྱུང་བ་ཉིད་མ་ཡིན་ནམ་ཞེས་བྱ་བ་དང་། བཅས་པར་དྲི་བར་བྱའོ། །དེ་མི་ལ་སོགས་པ་མ་ཡིན་ནམ་ཞེས་
བྱ་བ་ལ་སོགས་པས་སོ། །དུ་མ་ཉིད་ཡིན་ན་དང་པོས་སོ་ཞེས་བྱ་བ་དང་། ཟ་བ་པོ་དུ་མ་ཉིད་ཡོད་ན་དང་པོས་དྲི་བར་བྱ་བ་སྟེ། དགེ་འདུན་གྱི་གནས་བརྟན་གྱི་ཆོས་ཉིད་ཀྱིས་གསུངས་པ་དེ་འདིར་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་དེ་ལྟར་ཉེ་བར་སྦྱར་བའོ། །ཉམས་ན་འོག་མས་སོ་ཞེས་བྱ་བ་ནི་ཤའི་
སྐབས་དྲིའོ་ཞེས་བྱ་བར་སྦྱར་ཏེ། དང་པོས་དྲི་བ་ཉམས་ན་འོག་མས་དྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །གླང་པོ་ཆེ་དང་མིའི་འོ་མ་དག་བཏུང་བར་མི་བྱའོ་ཞེས་བྱ་བ་ནི་གླང་པོ་ཆེ་ཞེས་བྱ་བ་གཞན་དུ་རིགས་ཙམ་པོའི་གཙོ་བོ་ལ་བརྟེན་ནས་མོའི་རྐྱེན་མ་བསྐྱེད་པ་སྟེ། དེ་ལྟ་བུའི་སྦྱོར་བ་ཡང་མཐོང་སྟེ་རིགས་ཀྱིའོ་ཞེས་བྱ་
བ་ལྟ་བུའོ། །ཞུ་བའི་གཞུང་ཁ་ཅིག་ལས། བཙུན་པ་གླང་མོའི་འོ་མ་འམ་ཞོ་ལོངས་སྤྱད་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །གང་ཞིག་ལོངས་སྤྱོད་པར་བྱེད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་མིའི་བུད་མེད་ཀྱི་འོ་མ་བཏུང་དུ་རུང་ངམ་མི་རུང་། བཀའ་
เล่ม ๑๖๑ · หน้า 161a
སྩལ་པ། མི་རུང་ངོ་། འོན་ཀྱང་ལུས་ལ་བསྐུ་བར་བྱའོ་ཞེས་གསུངས་པ་དེ་གཉིས་ཀ་བསྡུས་ནས་སྨོས་པ་ཡིན་ནོ། །པགས་པ་དང་རྨར་བསྐུ་བ་དང་སྣར་བླུགས་པ་དང་། མིག་སྐུད་ཅིང་བཟའ་བཏུང་མི་བྱེད་པ་ལ་ནི་སྐྱོན་ཆགས་པ་མེད་དོ་ཞེས་བྱ་བ་ནི་དེ་དག་གིས་པགས་པ་སྐུད་པ་དང་། རྨ་སྐུད་
པ་དང་། སྣར་བླུགས་པ་དང་མིག་སྐུད་ཅིང་བཟའ་བཏུང་མི་བྱེད་པ་ལ་ནི་སྐྱོན་ཆགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། བཙུན་པ་སྨན་རུང་བ་མ་ལགས་པ་དག་དང་བསྐོལ་བའི་འབྲུ་མར་འཚལ་དུ་རུང་ངམ་ཉེ་བ་འཁོར་མི་རུང་ངོ་། །ལུས་སྐུད་པ་དེ་
དང་། རྨའི་བསྐུ་མཉེ་བྱ་བ་དང་། སྣར་ལྡུགས་པའི་ལས་བྱ་བ་ནི་ལྟུང་བ་མེད་དོ། །བཙུན་པ་བུད་མེད་ཀྱི་འོ་མ་འཚལ་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །མིག་ལ་སྐུད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ལུས་སྐུད་པ་ལ་ལྟུང་བ་མེད་དོ། །སྔར་ཞུ་བ་ལས་གསུངས་སོ། །ནད་པས་
ནི་ཞུན་མར་དང་འབྲུ་མར་ཆང་དང་འདྲེས་པ་བཏུང་བར་བྱ་བ་ཉིད་དོ། །ཆང་མ་ཡིན་པ་ཉིད་ནི་ཉེས་པ་མེད་པ་ཉིད་དོ་ཞེས་བྱ་བ་ལ། ནད་པ་ཞེས་བྱ་བ་ནི་འདིར་བཏུང་བ་པོའི་ཡུལ་ལ་ཞུ་བ་ལས། འདི་ནི་དང་པོ་སྟེ་བསྐོལ་ན་རུང་ངོ་ཞེས་བྱ་བའི་མཐར་ཐུག་པའོ། །ཆང་མ་ཡིན་པ་ཉིད་ན་ཞེས་བྱ་བ་ནི་ཆང་མ་ཡིན་པ་ཉིད་
དུ་གྱུར་ན་ཉེས་པ་མེད་དོ། །བཏུང་དུ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་དྲི་དང་རོ་དག་ཀྱང་གང་དུ་བྲལ་བ་ཉིད་དེ་ནི་འདིར་ཆང་མ་ཡིན་པ་ཉིད་དུ་གསུངས་སོ། །དེའི་ཕྱིར་ཆང་གི་དྲི་དང་རོ་མྱང་བ་མྱོས་པར་མི་བྱེད་པ་དག་ཅེས་གསུངས་པ་ལས་ཤེས་པར་བྱའོ། །དེ་ནི་བསྐོལ་བ་ལས་འགྲུབ་པོ་ཞེས་བྱ་
བ་ལ། དེ་ནི་ཞེས་བྱ་བ་ལ་ནི་ཆང་མ་ཡིན་པ་ཉིད་དེ་ནི་བསྐོལ་བ་ལས་ཆང་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། བཙུན་པ་མྱོས་པར་འགྱུར་བའི་བཏུང་བ་ཞུགས་ཀྱིས་བསྐོལ་ནས་འཚལ་དུ་རུང་ངམ་ཉེ་བ་འཁོར་རུང་ངོ་ཞེས་གསུངས་པ་ཡིན་ནོ། །གོས་ཀྱི་གཞི་ལས་སྨོས་པའི་ཚ་ཉིད་དུ་སྒྲུབ་
པར་བྱེད་པའི་ཆང་གི་ཆོ་ག་བརྗོད་པའི་ཕྱིར། དེ་ནི་ནས་རྔོས་པས་གདབ་ཅིང་སའི་སྟེང་དུ་བཅུག་པ་ཚ་ཉིད་དུ་འགྱུར་རོ། །རྒུན་གྱི་ཁུ་བ་ནི་བསྐོལ་ན་ཆང་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་སྨོས་ཏེ་འདིར་གཞུང་ནི། བསྐོལ་ཏེ་གཞག་པར་བྱ་ཞིང་དགེ་འདུན་གྱི་དུས་མ་ཡིན་པའི་བཏུང་བར་འགྱུར་རོ་ཞེས་གསུངས་
เล่ม ๑๖๑ · หน้า 161b
བའི་དགོངས་པ་ལ་འདི་སྨོས་པ་ཡིན་ནོ། །ཐ་དད་པ་མ་ཡིན་པ་ཉིད་ལ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་ཐ་དད་པ་མ་ཡིན་པ་དེ་ནི་ཐ་མི་དད་པར་གྱུར་པའོ། །དཔེར་ན་ཏིལ་རྣམས་ལ་ཏིལ་མར་དང་། བུ་རམ་ཤིང་ལ་ཁུ་བ་དང་། དེ་ལ་ཡང་བུ་རམ་ཡོད་པ་ཉིད་མ་ཡིན་པ་ལྟ་བུའོ། །དེ་ལྟ་བས་ན་
ཏིལ་ལ་བྱིན་ལེན་བྱས་པས་ཏིལ་མར་ལ་བྱིན་ལེན་བྱས་པར་མི་འགྱུར་ལ། བུ་རམ་ཤིང་ལ་བྱིན་ལེན་བྱས་པས་བུ་རམ་བྱིན་ལེན་བྱས་པར་མི་འགྱུར་བར་ཤེས་པར་བྱའོ། །བག་ཆགས་སུ་གྱུར་པ་ཉིད་ནི་ཡོད་པ་ཉིད་དོ་ཞེས་བྱ་བ་ནི། འདིར་གཞུང་ནི། ཞག་རུང་བ་མ་ལགས་པ་དག་བསྐོལ་བའི་དཔོན་ཚ་འཚལ་
དུ་རུང་ངམ་མི་རུང་བཀའ་སྩལ་པ། ནད་པས་ནི་བཟར་རུང་ལ་མིན་པས་ནི་མི་རུང་ངོ་། །ཤ་ལ་ཡང་དེ་བཞིན་ནོ་ཞེས་གང་ཞིག་ཞུས་པ་ལས་རྫས་རུང་བ་མ་ཡིན་པ་དང་འབགས་པ་བཟའ་བར་བྱ་བ་ཉིད་མ་ཡིན་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །ཆང་གི་སྲིད་པ་དང་བྲལ་བར་བྱ་བའི་ཕྱིར་རྩ་བ་
དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཆང་གི་དྲིས་བསྒོས་པ་ཆུ་དང་སྦྱར་བ་བཏུང་ངོ་ཞེས་བྱ་བ་ནི་ཆང་གི་དྲིས་བསྒོས་པའི་རྩ་བ་ལ་སོགས་པའི་སྨན་རྣམས་ལ་སྐམ་པོའི་ཕྱེ་མ་དང་སྦྱར་བའི་ཆུས་སོ། །འདིར་གཞུང་ནི། སིལ་བུ་དག་ལས། དེ་ལྟ་བས་ན་ཆང་
དུ་རུང་བའི་རྩ་བ་དང་སྡོང་བུ་ལ་སོགས་པའི་རྫས་སྐམ་པོ་གང་དག་ཡིན་པ་དེ་དག་ཕྱེ་མར་བྱས་ཏེ། རས་མ་དཀར་པོས་ཕུལ་ཏེ་ཆང་གི་ཤུགས་དང་བྲལ་བའི་སྣོད་མ་གང་བར་བཅང་བར་བྱ་ཞིང་དེ་ནས་ཕྱུང་སྟེ། བྱི་དོར་བྱས་ནས་ཟས་དང་མ་འབགས་པའི་ཆུ་དང་ལྷན་ཅིག་སྦྱར་ཞིང་བཙགས་ཏེ་བཏུང་བར་རྗེས་
སུ་གནང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆང་དང་བཅས་པའི་སྣོད་དུ་སྦྱངས་ཏེ་གཞག་པར་བསྒོ་བར་བྱའོ། །རེག་པ་བསྲུང་ངོ་ཞེས་བྱ་བ་ནི་ཕྱེ་མའི་ཕུར་མ་དེ་ཆང་དང་རེག་པར་མི་འགྱུར་བར་བྱ་བའི་ཕྱིར་བསྲུང་བར་བྱའོ། །དེའི་ཕྱིར་མ་གང་བ་དང་ཤུགས་དང་བྲལ་བ་ཉིད་དུའོ་ཞེས་བྱ་བ་ནི་
ཆང་གིས་མ་གང་བའི་སྣོད་དང་བཅས་པ་ལ་ཆང་གི་ཤུགས་དང་བྲལ་བ་ཉིད་ནི་དེའི་སྣོད་དུ་གཏོགས་པའི་ཆང་ལའོ། །གཞན་དུ་ན་གྱེན་དུ་བཏུང་བས་རེག་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རོ་མེད་པར་བྱེད་པ་དང་། དུས་མ་ཡིན་པར་བཏུང་བ་ལ་ཟས་དང་ཡང་ངོ་ཞེས་བྱ་བ་ནི་ཇི་ལྟར་ཕྱེ་མ་ཆང་དང་རག་པ་བསྲུང་
เล่ม ๑๖๑ · หน้า 162a
བ་དེ་བཞིན་དུ་རོ་མེད་པར་གྱུར་པའི་རྫས་ཀྱིས་ཀྱང་དུས་མ་ཡིན་པར་བཏུང་བར་འདོད་པའི་ཟས་དང་རེག་པ་བསྲུང་བར་བྱའོ། །མཛེས་པ་ཡང་བཟང་ངོ་ཞེས་བྱ་བ་ནི་ཕྱེ་མ་སྐམ་པོ་ཆང་གི་དྲིས་བསྒོས་པ་དང་སྦྱར་བའི་ཆུ་བཟང་བའོ། །གང་གི་ཕྱིར་དེ་ལྟར་བསྲུང་བར་བྱ་བ་ཉིད་མཛེས་
པ་ཡིན་ཏེ། དེའི་ཕྱིར་རས་མ་དཀར་པོས་བཙགས་པར་བྱའོ། །ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་ཞེས་བྱ་བ་འདི་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་གནང་བའི་ཡུལ་ལ་རྗེས་སུ་གནང་བ་དེ་ནི་དམིགས་ཀྱིས་བསལ་བ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཤཱཀྱ་ན་བར་
གྱུར་པ་དག་ལ་དེ་ཉིད་མ་གནང་བར་གསུངས་པ་ཡིན་ནོ། །དེ་ལྟར་དགེ་སློང་དག་ང་ལ་སྟོན་པ་ཞེས་ཟེར་བ་ཁྱེད་ཅག་གི་ཚང་རྩྭ་མཆོག་གིས་ཀྱང་མི་བླུད་མི་བཏུང་ངོ་ཞེས་གསུངས་པ་དེ་བས་མདོ་འདི་བྱས་སོ། །དགེ་བསྙེན་ཡན་ཆད་ཀྱིས་མི་བླུད་ཅིང་ཞེས་བྱ་བ་ནི་འདིར་ཡན་ཆད་ཀྱི་སྒྲ་བྲིས་པར་རིག་པར་བྱའོ། །
དགེ་བསྙེན་གྱི་མཐའ་ཡན་ཆད་ཆོས་འདི་པ་བསླབ་པ་མ་བླངས་པ་ཐམས་ཅད་ཀྱིས་ཀྱང་ཆང་བླུད་པར་མི་བྱའོ། །དགེ་བསྙེན་གྱིས་མི་བྱ་བའི་ལས་དྲུག་སྟེ། སེམས་ཅན་འཚོང་བ་དང་། ཆང་འཚོང་བ་དང་། མཚོན་ཆ་འཚོང་བ་དང་། དུག་འཚོང་བ་དང་། རྒྱ་སྐྱེགས་ཀྱི་ལས་དང་། ཏིལ་འཚོང་བའི་
ལས་སོ་ཞེས་བྱ་བ་འདིས་བསྡུས་པ་ཡིན་ནོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་པ་ཐམས་ཅད་ལ་གསོ་བའི་དོན་ཉིད་མ་གཏོགས་སོ་ཞེས་བྱ་བའི་ལྷག་མའོ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་བཟའ་བ་ཐམས་ཅད་བཀག་པ་ལས་གཞན་དུ་ཡང་དགག་པའི་ཕྱིར་གང་
ཡིན་པ་དེ་ཐམས་ཅད་ལ་གསོལ་བའི་དོན་ཉིད་དུ་ནི་མ་གཏོགས་སོ་ཞེས་བྱ་བའི་ལྷག་མ་འདི་ཤེས་པར་བྱའོ། །ཕྲན་ཚེགས་དག་ལས་འདི་དང་པོར་བྱས་ཏེ་གཙང་བར་བྱས་པ་དང་སྤོས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བའི་མཐར་ཐུག་པའོ། །སྒོག་སྐྱ་དང་ཀུན་དོང་ཀེའུ་བཟའ་བར་མི་བྱའོ། །ནད་པས་ནི་དབེན་
པའི་ཕྱོགས་སུའོ་ཞེས་བྱ་བ་ནི་བཟའ་བར་བྱ་བའོ། །ཟོས་ནས་སྒོག་སྐྱ་ནི་ཞག་བདུན། ཀུན་དོང་ནི་ཞག་གསུམ། ཀེའུ་ནི་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། ཟོས་ནས་ཞེས་བྱ་བར་སྦྱར་རོ། །སྒོག་སྐྱ་ཟོས་ནས་ནི་ཞག་བདུན་ནོ། །དེ་བཞིན་དུ་ཀུན་དོང་ཟོས་
เล่ม ๑๖๑ · หน้า 162b
ནས་ནི་ཞག་གསུམ་མོ། །ཀེའུ་ཟོས་ནས་ནི་ཞག་གཅིག་གོ། །གནས་མལ་ལ་མི་བྱའོ་ཞེས་བྱ་བ་ནི་ལོངས་སྤྱད་པར་མི་བྱའོ། །བཤང་བའི་སར་འཇུག་པར་མི་བྱའོ། །གཅི་བའི་སར་མི་བྱའོ། །དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱའོ། །མཆོད་རྟེན་གྱི་ཉེན་ཀོར་དུ་མི་བྱའོ། །དེའི་ཐག་ནི་འདོམ་གང་ངོ་ཞེས་
བྱ་བ་ནི་མཆོད་རྟེན་གྱི་ཉེན་ཀོར་དེའི་འོ། །འདིར་གཞུང་ནི། མཆོད་རྟེན་གྱི་ཉེན་ཀོར་འདོམ་གང་སྤང་བར་བྱ་སྟེ། དགེ་སློང་དག་མཆོད་རྟེན་ནི་ལྷ་མངོན་པར་དད་པ་ཅན་དག་གིས་ཀུན་ནས་གང་བ་ཡིན་ལ། ལྷ་རྣམས་ནི་གཙང་སྦྲ་འདོད་པ་ཡིན་པས་དྲི་དེ་ནི་དེ་དག་དང་མི་མཐུན་པའི་ཕྱིར་མཆོད་རྟེན་ལ་ཕྱག་མི་བྱའོ་ཞེས་
གསུངས་པ་ཡིན་ནོ། །འདི་ནི་མི་རིགས་པར་གྱུར་པ་སྟེ། གང་གི་ཕྱིར་དེ་ལྟ་བུར་གྱུར་པའི་གནས་སྐབས་རྣམས་ལ་མཆོད་རྟེན་ལ་ཕྱག་བྱ་བར་མི་རིགས་པ་ཁོ་ན་ཡིན་ནོ། །ཁྱིམ་བདག་དག་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །སྐྱེ་བོས་གང་བའི་ས་ཕྱོགས་སུ་མི་བྱའོ། །
མཇུག་ཏུ་ཁྲུས་བྱའོ། །གོས་དག་གི་དྲི་ནི་བཀྲུ་བ་དང་། དུ་བ་དག་གིས་བསལ་ལོ། །རུང་བ་ཉིད་དུ་བྱིན་གྱིས་བརླབས་པར་བཙོས་པ་དང་གནས་པ་དག་ནི་ཕྱི་རོལ་དང་འདྲའོ་ཞེས་བྱ་བ་ནི་དཔེར་ན་དགེ་སློང་གིས་གནས་ཉེན་ཀོར་འདོམ་གང་དང་བཅས་པ་ནས་ཕྱི་རོལ་དུ་གྱུར་པའི་བཙོས་པ་དང་གནས་པ་དག་གིས་
ཟས་ལ་རྟེན་ཉིད་དུ་འགྲོ་ཞིང་མི་རུང་བ་ཉིད་བྱེད་པ་པོ་མ་ཡིན་པའི་ཟས་དེ་ལ་དེ་བཞིན་དུ་རུང་བ་ཉིད་དུ་བྱིན་གྱིས་བརླབ་པའོ། །དེར་ཡང་ཉེས་པ་དེ་དག་མི་འབྱུང་བ་ཉིད་བྱིན་གྱིས་བརླབས་པ་ལས་གསུངས་སོ། །འདི་བྱེད་པར་རིགས་པ་མ་ཡིན་པའམ། འོན་ཏེ་ཡིན་སྙམ་པ་དེ་བསྟན་པའི་ཕྱིར། བྱིན་གྱིས་བརླབ་
པར་བྱའོ། །ཤིང་དྲུང་དང་གླང་པོ་ཆེའི་ར་བ་དང་། མུ་སྟེགས་ཅན་གྱི་འདུག་གནས་དང་། རྒྱལ་པོའི་ཕོ་བྲང་ས་དང་། དགེ་སློང་མའི་དབྱར་ཁང་དང་། གཙུག་ལག་ཁང་གི་བང་རིམ་དང་། སྒོ་ཁང་དང་། ཁྱམས་དང་། བསྲོ་ཁང་དང་། དཔོང་སའི་ར་བ་དག་ཏུ་མི་བྱའོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་
ཞེས་བྱ་བར་སྦྱར་རོ། །གཏུམ་ཕུག་ཅན་དང་བསྙོན་ཐབས་མཁན་དང་། ཟིལ་གྱིས་གནོན་པར་བྱེད་པ་དང་། ཁང་པ་དང་། ཁྱམས་སུ་མི་བྱེད་པ་དང་། དོན་ཉམས་པ་དང་གུས་པ་ཉམས་པ་ཞེས་བྱ་བ་དེ་རྣམས་ཡོངས་སུ་སྤང་བའི་ཕྱིར་དེ་རྣམས་འདིས་དགག་པ་སྟེ་བསྒྲུབ་པ་ལ་སོགས་པ་ལ་ཡང་ངོ་། །ཁ་
เล่ม ๑๖๑ · หน้า 163a
ཅིག་ལས་བླ་གབ་མེད་པ་དང་། མེ་ཁང་དང་། མཆོད་རྟེན་གྱི་གཞི་དང་། ཁྱིམ་བདག་གི་ས་གཞི་ཡང་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་འདི་རྣམས་དང་སྔར་སྨོས་པ་དག་ཏུ་རུང་བའི་ཁང་པ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་བྱ་བ་ནི་གཞན་གྱི་འདོད་པའོ། །དེར་གཡོས་དང་བཙོ་བ་
ཡང་མི་བྱའོ་ཞེས་བྱ་བ་ལ་དེར་ཞེས་བྱ་བ་ནི་ཤིང་དྲུང་ལ་སོགས་པ་དང་བླ་གབ་མེད་པ་དེར་རོ། །ཀུན་དུ་སྤྱོད་པ་འདི་ནི་ཁྱིམ་པ་དང་འདྲ་བ་སྟེ། གཡོས་དང་བཙོ་བ་བྱེད་པ་དེའི་ཕྱིར་ཤིན་ཏུ་དབེན་པར་འདི་བྱ་བར་རིགས་པ་ཡིན་ནོ། །འདིར་མ་སྦས་པར་གནས་པས་མི་བྱ་བར་རབ་ཏུ་བྱུང་བའི་ཕམ་པར་གྱུར་པའི་དོན་
འདིས་གཞན་རྣམས་ལ་ཡང་འགྱུར་རོ། །ཤིང་དྲུང་ལ་སོགས་པ་རྣམས་ལ་འདི་ཤིན་ཏུ་མ་སྦས་པ་ཉིད་དང་། གུས་པ་ཉམས་པའི་མཐའ་མ་ཅན་གྱི་ཉེས་པ་རྣམས་ལ་འགའ་ཞིག་ཏུ་ཞེས་བྱ་བ་ལས་གཡོས་པ་དང་བཙོ་བ་དག་ལས་འདི་རྣམས་བཀག་པ་དང་། ཚོས་པའི་བྱི་དོར་ཡང་མི་བྱའོ་ཞེས་བྱ་
བ་ལ། ཚོས་པའི་བྱི་དོར་ནི་ཚོས་པའི་བྱི་དོར་རོ། །དེ་མི་བྱ་བ་སུམ་ཆ་བངས་པ་ན་ཚོས་པ་ཡིན་ཏེ། ཚོས་པ་དེ་དག་དགེ་སློང་རང་གིས་བྱི་དོར་བྱ་བ་ནི་ཤིང་དྲུང་ལ་སོགས་པའི་གནས་དེ་རྣམས་སུ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཀློག་པ་མ་ཡིན་ཏེ། ཤིན་ཏུ་སྡིག་པ་བསྲུང་བ་ལ་སོགས་པ་དེ་ལྟ་
བས་ན་ཉེ་བར་བསྡུས་པའོ། །འདི་ལ་དུས་བཞི་ཡོད་དོ་ཞེས་བྱ་བ་ནི་འདིར་རུང་བའི་ཁང་པ་བྱིན་གྱིས་བརླབ་པ་འདི་ལ་དུས་བཞི་ཡོད་པའོ། །དེ་དག་ཀྱང་གང་ཞེ་ན། དང་པོ་སོ་ཕག་འགྲེམས་པའོ། །ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བ་ནི་དང་པོ་སོ་ཕག་བཀྲམ་པའི་འོག་ཏུ་རུང་བའི་ཁང་པ་བྱིན་
གྱིས་བརླབ་པ་ནི་དུས་གཅིག་གོ། །དང་པོ་སོ་ཕག་བཀྲམ་པའི་འོག་ཏུ་དེང་ཕྱིན་ཆད་ནས་ཇི་སྲིད་དུ་ལས་སར་པ་ཡོད་པ་ཉིད་འདི་ནི་གཞན་ནོ། །གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའོ་ཞེས་བྱ་བ་ནི་དགེ་སློང་གནས་པ་ཉིད་དང་མ་བྲལ་བ་འདི་ལ་ཡོད་པས་ན་འདི་ནི་དགེ་སློང་གནས་པ་ཉིད་དང་མ་བྲལ་
བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལས་སར་པ་ཉིད་ཀྱི་ཕྱིར་དུས་གཞན་གྱི་ཚེ་ན་གལ་ཏེ་དགེ་སློང་རྣམས་ཀྱིས་ལྷག་པར་གནས་པ་དང་མི་འབྲལ་བར་འགྱུར་ན། དེ་ནས་བྱིན་གྱིས་བརླབ་པར་བྱ་བ་ཉིད་ཅེས་བྱ་བ་འདི་ནི་དུས་གསུམ་པའོ། །དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པ་ན་
เล่ม ๑๖๑ · หน้า 163b
ཞེས་བྱ་བ་ནི། དེ་ན་དགེ་སློང་སྔར་གནས་པ་གནས་ཁང་ན་མེད་པ་དེ་ནི་དེ་མ་ཡིན་པ་དེ་གང་ཡིན་པ་དེ་ལ་དགེ་སློང་གནས་པ་མེད་པར་གྱུར་པ་ལ་ལྷག་པར་གནས་པའི་ཕྱིར། དགེ་སློང་རྣམས་ཀྱིས་ཕྱིན་པ་གང་ཡིན་པ་དེ་ནི་བྱིན་གྱིས་བརླབ་པའི་དུས་བཞི་པའོ། །ཕྱིན་པའི་དུས་དེ་ཉིད་དུ་བྱིན་གྱིས་བརླབ་
པར་བྱའོ། །བྱ་བ་གཞན་བརྩམས་པ་དང་ངལ་བསོ་བ་མ་བྱས་པ་ཚུན་ཆད་ནི་དེ་ཉིད་དོ་ཞེས་བྱ་བ་ནི་ཇི་སྲིད་དུ་དེ་རྣམས་ཕྱིན་པ་བྱ་བ་གཞན་བརྩམས་པ་མ་བྱས་པ་ཚུན་ཆད་ཞི་བར་མི་འགྱུར་རོ། །འདུག་པ་ལ་སོགས་པ་གནས་པར་གྱུར་པ་རེ་ཞིག་བརྟག་པར་མི་བྱ་སྟེ། དེ་ཉིད་ནི་ཕྱིན་པ་ཉིད་དོ། །ཕྱིན་པའི་གནས་
སྐབས་སུ་རིག་པར་བྱ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ལ་དགེ་འདུན་གྱི་ལས་ཀྱིས་སོ་ཞེས་བྱ་བ་ནི་དུས་བཞི་པོ་དེ་རྣམས་ལ་དགེ་འདུན་གྱི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དང་པོ་གཉིས་ལ་ནི་གང་ཟག་གིས་ཀྱང་ངོ་ཞེས་བྱ་བ་ནི་དང་པོ་སོ་ཕག་འགྲེམས་པར་གྱུར་པ་དང་། ཕྱིས་ལས་སར་པ་དང་
བཅས་པར་གྱུར་པ་ཉིད་ནི་གང་ཟག་གིས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །གང་ཟག་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་ལག་གི་བླས་སོ། །དང་པོ་ཤོས་ལ་ནི་འབའ་ཞིག་གིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། དང་པོའི་དུས་ལ་དང་པོའི་སོ་ཕག་འགྲེམས་པ་ཉིད་ན་ལག་གི་བླ་འབའ་ཞིག་གིས་ཀྱང་བྱིན་གྱིས་
བརླབ་ཏུ་རུང་བའོ། །དགེ་སློང་རབ་ཏུ་མང་པོ་རྣམས་ཀྱིས་སེམས་བསྡུ་བ་འབའ་ཞིག་ཏུ་མ་ཟད་ཀྱི་འདིའི་སྔགས་ནི། ཚེ་དང་ལྡན་པ་དག་སེམས་སྡུས་ཤིག་ཅེས་བྱ་བའི་དོན་ཏོ། །དང་པོར་འབའ་ཞིག་ལ་འདིས་ཇི་ལྟར་བྱིན་གྱིས་བརླབ་པར་བྱ་ཞེ་ན། དེའི་ཕྱིར་བརྗོད་པས་སོ་ཞེས་བྱ་བ་སྨོས་སོ། །
ཇི་ལྟར་ཡང་དེ་དགེ་སློང་ལག་གི་བླས་རྡོ་བརྟེག་པ་ན། དེའི་ཕྱིར་དང་པོར་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པ་འབྱུང་བར་འགྱུར་ཞེས་གསུངས་པ་ཡིན་ནོ། །གཉིས་པ་ལ་ནི་དགེ་
སློང་རབ་ཏུ་མང་པོ་དག་གིས་སེམས་བསྡུས་པས་སོ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའི་དུས་གཉིས་པ་སྟེ། ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བའི་དུས་དེར་ནི་དགེ་སློང་རབ་ཏུ་མང་པོ་དག་གིས་རུང་བའི་ཁང་པར་སེམས་བསྡུས་པར་བྱིན་གྱིས་བརླབ་པར་བྱ་བ་སྟེ། དེའི་ཚེ་ན་ཡང་གཙུག་ལག་
เล่ม ๑๖๑ · หน้า 164a
ཁང་བྱེད་པ་སྲིད་པའི་ཕྱིར་རོ། །གསུམ་པ་ལ་ནི་ལས་ཁོ་ནས་སོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའི་དུས་གསུམ་པ་སྟེ། གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའོ་ཞེས་བྱ་བའི་དུས་ཀྱི་དེའི་ཚེ་ན་དགེ་འདུན་གྱིས་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་བྱིན་གྱིས་བརླབ་
པ་ཁོ་ནར་བྱས་པའོ། །དུས་གསུམ་པར་བྱིན་གྱིས་བརླབ་པའི་རུང་བའི་ཁང་པ་འདིའི་མིང་ནི་ལས་ཀྱི་མཐའ་ལས་བྱུང་བའི་ཞེས་བྱ་བའོ། །བཞི་པ་ལ་ནི་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་པ་ཉིད་དུ་བསྒྲག་པའི་ཚིག་ཅིག་ཅར་བརྗོད་པས་སོ་ཞེས་བྱ་བ་ལ། ཇི་སྙེད་ཕྱིན་པ་ཞེས་བྱ་བ་ནི་བྱེ་བྲག་མ་ཐོབ་པ་
རྣམས་ལ་མང་པོ་ཉིད་དུ་འཇུག་པར་འགྱུར་བས། མཉམ་པ་སྲིད་པ་ལ་བྱིན་གྱིས་བརླབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །བཞི་པ་ལ་ནི་ཞེས་བྱ་བ་ནི་དུས་ལའོ། །དེ་མ་ཡིན་པ་ལ་ལྷག་པར་གནས་པའི་ཕྱིར་དགེ་སློང་རྣམས་ཕྱིན་པ་ཞེས་བྱ་བ་དེ་ལའོ། །ཅིག་ཅར་ཞེས་བྱ་བ་ལ་དགེ་སློང་ཕྱིན་པ་ཐམས་ཅད་ཀྱིས་
གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་རོ་ཞེས་ཚིག་མཐུན་པར་ཅིག་ཅར་བར་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ཆོ་ག་དང་སྔགས་མ་བརྗོད་པ་དེ་བས་ན་འདི་ལྟར་སྨོས་སོ། །འདིའི་མིང་ནི་འཕྲལ་ལ་བྱུང་བའི་གནས་ཞེས་བྱའོ། །དུས་གཞན་གྱི་ཚེ་ན་དགེ་སློང་གནས་པ་ཉིད་དང་མ་བྲལ་
ལོ་ཞེས་བྱ་བའི་དུས་གསུམ་པ་འདི་ལ་ལས་གཅིག་པ་ཉིད་ཀྱིས་ཞེས་བྱ་བ་དེ་གནས་པར་རིག་པར་བྱའོ། །གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པ་ལ་མི་མཛེས་པ་མེད་པ་ཞེས་བྱ་བ་ལ་གཅིག་གིས་ཞེས་བྱ་བ་ནི་རུང་བའི་ཁང་པའོ། །འདིར་གཞུང་ནི། བ་ལང་གི་གནས་པ་ལྟ་བུ་གང་ཞེ་ན། གཙུག་
ལག་ཁང་ཐ་དད་པ་ན་གནས་པའོ་ཞེས་བྱ་བའི་དོན་དེ་འདིས་ཤེས་པའོ། །དེ་ནི་ཐ་དད་པར་གྱུར་པའི་གནས་ཏེ་ཐ་དད་པ་དུ་མ་དག་ཏུ་རུང་བའི་ཁང་པ་གཅིག་ཏུ་གཙུག་ལག་ཁང་དུ་མའི་དེ་གནས་རྣམས་ཀྱིས་བྱ་བ་བྱེད་པ་གང་ཡིན་པ་དེ་ནི་མི་མཛེས་པ་མ་ཡིན་པར་ཤེས་པར་བྱའོ། །དེ་ནི་ཐ་དད་པར་གྱུར་
པའི་རུང་བ་ཉིད་དུ་མ་བསྟན་ཏོ་ཞེས་བྱ་བ་ནི་དོན་གཞན་འདིས་དོགས་པ་ཡིན་ལ་འབྲེལ་བར་གནས་པའི་གཞི་ཐ་དད་པར་གྱུར་པ་གང་ཡིན་པ་དེས་སོ། །བྱིན་གྱིས་མ་བརླབས་པར་ཡང་རུང་བ་ཞེས་བྱ་བ་གཞུང་འདིས་སྨོས་པ་དེ་བས་ན་དེའི་འདི་བཀག་པའོ། །འདིར་ནི་དེ་མ་གསུངས་སོ་ཞེས་བྱ་བ་ཡང་ཅིའི་
เล่ม ๑๖๑ · หน้า 164b
ཕྱིར་ངེས་པ་འདིར་ཡིན་ཞེ་ན། དེའི་ཕྱིར་གལ་ཏེ་གནས་ཀྱི་གཞི་ཡིན་ན། དེའི་ཕྱིར་ཐ་དད་པར་གྱུར་པའོ། །འདི་བྱིན་གྱིས་བརླབ་པ་མེད་པ་རུང་བ་ཉིད་ལ་མི་སྦྱར་རོ། །གལ་ཏེ་མ་ཡིན་ན་འདིར་མི་རུང་བ་ཉིད་དུ་ཐལ་བ་མེད་པའོ། །གསོག་འཇོག་ཏུ་གྱུར་པ་ཟ་བ་དེ་བསལ་བའོ། །གནས་པ་མ་ཡིན་པའི་
གཞི་ལ་མི་སྤྲོ་བ་འདི་མཐོང་བ་མ་ཡིན་ཞེས་བྱ་བའོ། །ཡང་ཁ་ཅིག་ནི་འདི་སྐད་ཅེས་ཟེར་ཏེ། བ་ལང་གི་གནས་ཞེས་བྱ་བ་འདི་ལྟར་བརྗོད་པ་ཡིན་ཏེ། ཇི་ལྟར་ཡང་མཚམས་གཅིག་ཏུ་གཙུག་ལག་ཁང་རབ་ཏུ་མང་པོ་ཐ་དད་པ་དག་ཏུ་བཀོད་པར་གྱུར་ཅིང་། དེ་རུང་བའི་ཁང་པ་གཅིག་ལ་བློ་མཐུན་
པར་བྱས་ནས་གཙུག་ལག་ཁང་དེ་དག་ཐམས་ཅད་ཀྱི་རུང་བའི་ཁང་པ་གཅིག་ཁོ་ན་ཡིན་ཏེ་བ་ལང་གི་གནས་ལྟ་བུ་ཞེས་གསུངས་པ་ནི་ཁང་པ་གཅིག་ཁོ་ན་ཡིན་ནོ། །པད་མའི་ཞེས་བྱ་བ་ཡན་ཆད་མུ་གེའི་ཚེའོ། །མུ་གེའི་ཚེ་དགེ་སློང་གིས་བཙོས་པ་དག་དང་ལག་ཉེར་བླངས་པ་དང་། བྱིན་ལེན་མ་
བྱས་པ་དག་བཟའ་བར་བྱའོ། །ནང་དུ་བཙོས་པ་དང་ཞག་ལོན་པའོ། །སྔ་དྲོ་བའི་ཟས་སོ་ཞེས་བྱ་བ་དེ་དག་ནི་ཟས་སྤངས་ནས་བཟའ་བ་དང་ཡང་ཡང་ཟ་བའི་གནང་བའོ། །བཏུང་བ་ནི་དུས་ཐམས་ཅད་དུའོ་ཞེས་བྱ་བ་ནི་ལོ་ལེགས་པའི་དུས་སུ་ཡང་བཟའ་བར་བྱ་བའོ། །འདིར་གཞུང་ནི་སིལ་བུ་ལས་དེ་
ལྟ་བས་ན་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་ཉི་ཤུ་པ་ལ་བརྟེན་ཏེ། དེ་དགེ་འདུན་ཐམས་ཅད་ཀྱིས་གང་ཞིག་བཏུང་བ་བཏུང་བར་རྫས་སུ་གནང་ངོ་ཞེས་གསུངས་པ་དེ་ཡིས་བསྡུས་པ་འདི་ཡིན་ནོ། །དེ་ཡང་སྤངས་པ་ཟ་བ་དང་ཡང་ཡང་ཟ་བ་བག་ཡངས་སུ་གནང་བར་རྣམ་པར་གནས་པ་ཡིན་ནོ། །སྔར་
བྱིན་ལེན་བྱས་པ་སྤངས་ཏེ་ལངས་པས་སོ་ཞེས་བྱ་བ་ནི་སྔར་བྱིན་ལེན་བྱས་པ་གང་ཡིན་པ་དེ་སྤངས་ཏེ་ལངས་པས་བཟའ་བར་བྱའོ། །དེ་བླང་བར་བྱ་བའི་ཕྱིར་ལྡང་བར་བྱའོ་ཞེས་བྱ་བ་ནི་སྔར་བྱིན་ལེན་བྱས་པ་དེ་བླང་བར་བྱ་བའི་ཕྱིར་རོ། །འདི་ནི་ཟས་བརྩམས་པས་བླང་བར་མི་བྱའོ་ཞེས་བྱ་བ་ནི་དེའི་བག་
ཡངས་སུ་བྱ་བ་ཡིན་ནོ། །ལྷག་མའོ་ཞེས་བྱ་བ་ནི་དེས་བཟའ་བར་བྱ་བའི་ཕྱིར་སྟ་གོན་བྱས་པ་གང་ཡིན་པ་དེ་ལས་ལྷག་མ་ཡོད་པ་དེ་གང་ཡིན་པ་དེ་དགེ་སློང་སྤངས་ཏེ་ལངས་པས་བཟའ་བར་བྱའོ། །མངོན་པར་བསྒྲུབ་པོ་ཞེས་བྱ་བ་ནི་གཞག་པའི་གནས་པས་དྲངས་པ་སྤངས་ཏེ་ལངས་པས་བཟའ་བར་
เล่ม ๑๖๑ · หน้า 165a
བྱའོ། །ལྷག་མ་དེ་འབྱུང་བ་གང་གིས་མི་རིགས་པ་གང་ཞིག་གི་འདོད་པ་དེ་ལ་བརྗོད་པར་བྱ་སྟེ། དེས་བསྒྲུབ་པར་བྱའོ། །གཞན་ཡང་གནང་བ་དེའི་ཕྱིར་ནགས་ཀྱི་རུས་པའོ་ཞེས་བྱ་བ་སྨོས་ཏེ། སྤངས་ཏེ་ལངས་པ་ལས་བཟའ་བར་བྱའོ། །ནགས་ཀྱི་རུས་པ་ཞེས་བྱ་བ་ནི་དཔེར་
ན་ཤའི་རུས་པ་ནི་རུས་པ་དག་ཡིན་པ་དེ་བཞིན་དུ་ནགས་ཀྱི་ཤིང་དག་ནི་རུས་པ་ཅན་དག་ཡིན་པས་དེའི་ཕྱིར་ཤིང་ཐོག་རུས་པ་ཅན་ནི་ནགས་ཀྱི་རུས་པ་ཡིན་ནོ། །ཤ་གན་དྷ་ལ་སོགས་པ་ལྟར་གཞན་གྱི་གཟུགས་སོ། །ཡང་ནགས་ཀྱི་རུས་པ་ཞེས་བྱ་བ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ་རྒུན་
དང་བལ་པོ་སེའུ་དང་། འབྲ་གོ་དང་སྟར་ཀ་དང་པ་ཏ་མ་དང་། ཨུ་རུ་མའི་ཀ་དང་ཀུ་རུ་མའི་ཀ་དང་ཁམ་བུ་དང་རྒྱ་ཤུག་དང་ས་ར་དག་ནི་དེ་ཞེས་བྱ་བའོ། །པདྨའོ་ཞེས་བྱ་བ་སྨོས་ཏེ། དེ་ཡང་ནགས་ཀྱི་རུས་པ་ཡིན་ཏེ། སྤངས་ཏེ་ལངས་པས་བཟའ་བར་བྱའོ། །འདིར་ཐམས་ཅད་དུ་ལྷག་མའོ་ཞེས་བྱ་བ་ལ་
སོགས་པས་སྤངས་ཏེ་ལངས་པས་ཞེས་བྱ་བ་དང་སྦྱར་རོ། །པདྨ་ཞེས་བྱ་བ་དེ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ་པདྨའི་རྩ་བ་དང་། པདྨའི་རྩ་ལག་དང་བེ་ཊ་དང་། ཨུཏྤ་ལའི་རྩ་བ་དང་པདྨའི་སྙིང་པོ་དག་ནི་དེ་ཞེས་བྱའོ་ཞེས་སྨོས་སོ། །གཞིར་གཏོགས་པའི་སྨན་གྱི་གཞིའོ།། །།དེ་ལ་
རེ་ཞིག་འབྲེལ་པ་བསྟན་པར་བྱ་སྟེ། བཀྲེས་པ་དང་སྐོམ་པ་དག་ནི་ནད་དང་འདྲ་བ་མ་ཡིན་ཏེ། དེ་བས་ན་དེ་དག་གི་གཉེན་པོར་གྱུར་པ་འཚོ་བ་ཙམ་སྒྲུབ་པར་བྱེད་པ་བཟའ་བར་བྱ་བ་དང་། བཏུང་བར་བྱ་བ་དུས་སུ་རུང་བའི་སྨན་གྱི་ཆོས་ཁོངས་སུ་གཏོགས་པ་ཉིད་གང་ཡིན་པ་དེ་དག་གི་འདུ་བའི་སྒོ་བསྟན་
པའི་ཕྱིར། རྒྱལ་སྲིད་དང་དེའི་ཕྱེད་ནོད་པར་མི་བྱའོ་ཞེས་བྱ་བ་སྨོས་ཏེ་དེའི་ཞེས་བྱ་བ་ནི་རྒྱལ་སྲིད་དེའོ། །དགེ་འདུན་གྱི་ཆེད་དུ་གྲོང་མནོད་པའོ། །ཞིང་ཡང་ངོ་ཞེས་བྱ་བ་ནི་མནོད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཞིང་ནི་གྲོང་གི་ཕྱོགས་གཅིག་པ་ཡིན་པའི་ཕྱིར་གྲོང་མེད་པའི་ཕྱིར་དགོན་པ་དང་། འབད་
རྩོལ་མེད་པའི་གནས་དང་འབྲེལ་པ་ཞེས་བྱ་བ་ལྷག་མས་ཤེས་པར་བྱའོ། །དེ་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི་ཞིང་དེའོ། །དེའི་འོག་ཤས་མནོད་དོ། །ཐོག་ཤས་བརྩལ་ལོ། །མནོད་པས་དེ་གཙུག་ལག་ཁང་དུ་དབུལ་བར་བྱ་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ནམ་གྱི་ཚེ་གང་ཞེ་ན། དེའི་ཕྱིར་བདག་
เล่ม ๑๖๑ · หน้า 165b
ཉིད་ཀྱི་བས་དང་པོར་རོ། །བསྲུང་བའི་ཕྱིར་དགེ་སློང་དག་བསྐོའོ་ཞེས་བྱ་བ་ནི་ཐོག་ཤས་མནོད་པ་ལ་སོགས་པ་ལའོ། །འདུ་བ་དང་འགོད་པ་དང་གཉིས་ཀ་ལས་གང་ཡང་རུང་བ་མི་མངོན་པས་རྩིས་གདབ་པར་མི་བྱའོ་ཞེས་བྱ་བ་ནི། འདུ་བ་དང་འགོད་པ་དང་། འདུ་འགོད་གཉིས་ལས་གང་ཡང་རུང་
བ་ཞེས་བྱ་བའོ། །འདི་རྣམས་ལས་གཞན་པའི་དག་འདུན་གྱི་གནས་གཅིག་ལས་གདགས་པར་མི་བྱ་སྟེ། དེར་རྩིས་གདབ་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །གཞན་ལ་དྲན་པ་དང་ཤེས་བཞིན་སྔོན་དུ་བཏང་སྟེ་དེ་ལ་འཇུག་པར་བྱའོ་ཞེས་བྱ་བ་ལ། གཞན་ལ་ཞེས་བྱ་བ་ནི་གང་དུ་གཉིས་ཀ་གདགས་
པ་བྱེད་པ་ལ་དེར་རྩིས་བྱེད་པ་ལ་དྲན་པ་དང་། ཤེས་བཞིན་སྔོན་དུ་བཏང་སྟེ་འཇུག་པར་བྱའོ། །དགེ་འདུན་གྱི་ཆེད་དུ་གཡོག་འཁོར་ཉེ་བར་གཞག་གོ་ཞེས་བྱ་བ་ལ་འདིར་གཞུང་ནི་མ་བྱིན་པར་ལེན་པའི་ཕམ་པར་གྱུར་པ་ལས་འདིར་ལས་ཀྱི་མཐར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་
ཆེད་དུ་གཡོག་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ནས་གཙུག་ལག་ཁང་དུ་སྒྲ་མི་འབྱུང་བ་དེར་ལྷ་འབངས་ཀྱི་ཁྱིམ་བྱེད་དུ་གཞུག་གོ། །ཇི་སྙད་དགོས་པར་འཇུག་པར་བྱའོ། །ཟས་དང་གོས་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གཙོ་བོར་དགེ་འདུན་གྱི་གཡོག་དག་ལའོ། །གལ་ཏེ་
གཞན་མེད་ན་དེའི་དོན་དུ་སྦྱིན་པ་ཤུགས་ཀྱིས་རྟོགས་པའོ། །གལ་ཏེ་ལས་བྱེད་པ་ནའོ་ཞེས་བྱ་བ་ནི་གལ་ཏེ་གཡོག་དག་ལས་བྱས་ན་དེ་དག་ལ་ཟས་དང་གོས་སྦྱིན་པར་བྱ་བ་ཉིད་དོ། །ན་བ་རྣམས་ལ་གཡོག་བྱའོ་ཞེས་བྱ་བ་ནི་གཡོག་དག་གལ་ཏེ་ན་ན་དེ་རྣམས་ལ་ཡལ་བར་མི་དོར་དེ་སྨན་ལ་སོགས་པས་
བསྙེན་བཀུར་བྱའོ། །བ་གླང་དང་མ་ཧེ་དང་ར་དང་ལུག་དང་། གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བོང་བུ་དང་། འབྲུ་ཙམ་པ་དང་སྣོད་ཀྱང་ངོ་ཞེས་བྱ་བ་ཡང་དགེ་འདུན་གྱི་ཆེད་དུ་བླང་བར་བྱའོ། །གླེང་གཞི་རྣམས་ལས་འབྲུ་ཙམ་པ་གནང་བ་རྗེས་སུ་གསུངས་པ་ཡིན་ནོ། །ཕྲན་ཚེགས་དག་ལས་ནི་སྣོད་རྣམས་
ལའོ་ཞེས་གསུངས་པ་ཡིན་ནོ། །འདི་ཡང་འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ལོངས་སྤྱོད་དང་། ལོངས་སྤྱོད་མཆོག་བླང་དུ་རུང་ངམ་ཀ་ཏ་ཡ་ན་དགེ་འདུན་གྱི་ཆེད་དུ་བླང་དུ་རུང་ངོ་། །དེ་ལ་ལོངས་སྤྱོད་ནི་གྲོང་དང་ཞིང་དག་གོ། །ལོངས་སྤྱོད་མཆོག་ནི་བ་ལང་དང་ར་དང་ལུག་དང་མ་ཧེའོ། །ཡོ་
เล่ม ๑๖๑ · หน้า 166a
བྱད་མ་ཡིན་པ་དག་གང་ཞེ་ན་གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བ་ལང་དང་། བོང་བུ་དང་ར་དང་ལུག་དང་མ་ཧེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཆོད་རྟེན་གྱི་ཡང་རུང་བ་དག་གོ་ཞེས་བྱ་བ་ནི། མ་མོ་ལས་དེ་བསྡུས་ནས་གསུངས་པ་ཡིན་ནོ། །གང་ཞིག་ཕུལ་ནས་ཁྱིམ་པ་ཤི་
ན་གླང་པོ་ཆེ་ལ་སོགས་པ་རྣམས་རྒྱལ་པོ་ལ་དབུལ་ལོ་ཞེས་གསུངས་སོ། །རྫས་འདི་ཉིད་རྙེད་པ་ལ་ཡང་ཁྱིམ་པས་རྒྱལ་པོ་དབང་བ་ཉིད་ཅེས་བྱ་བ་དེའི་དགོངས་པ་ནི་འདི་ཡིན་གྱི། དེ་བདག་ཏུ་བྱེད་པ་ལ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་རྟེན་རྟོགས་པར་བྱའོ། །དེ་དག་མཆོད་རྟེན་གྱིར་ཡང་མི་རུང་
བ་མ་ཡིན་ནོ་ཞེས་བྱ་བ་ནི། གྲོང་ལ་སོགས་པ་དགེ་འདུན་གྱི་ཆེད་དུ་བླང་དུ་རུང་བ་དེ་དག་མཆོད་རྟེན་གྱི་ཆེད་དུ་ཡང་རུང་། དགེ་འདུན་གྱི་ཆེད་དུ་ཡང་རུང་བ་དེ་དག་གོ་ཞེས་བྱ་བ་མ་མོར་གཏོགས་པ་དེ་བས་ན་མདོ་འདིའོ། །དེའི་རྗེས་སུ་འབྲངས་ནས་འདིར་ལྷག་མ་བསྡུས་པའོ། །ཁ་གཟར་དང་ཚྭ་ཁུག་
བཅང་བར་བྱའོ་ཞེས་བྱ་བ་ལ་དེ་གཉིས་ཞེས་བྱ་བ་ནི་ཁ་གཟར་དང་ཚྭ་ཁུག་དག་གོ། །དེ་གཉིས་དང་ཕུལ་བའི་བཏུང་ཕོར་ལས་གཞན་བའི་ཁར་བའི་སྣོད་གང་ཟག་གིས་བཅང་བར་མི་བྱའོ། །ཀུན་དགའ་ར་བ་པ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ལ། འདིར་མ་མོ་ལས་དགེ་འདུན་གང་གིས་ཀྱང་ངོ་། །
བསྲུང་བའི་ཕྱིར་བྱིས་པ་མཚན་མཐུན་པ་འབུལ་བ་དག་བླང་བར་བྱའོ་ཞེས་བྱ་བ་ནི་དགེ་འདུན་ནམ་གང་ཟག་གིས་ཀྱང་བླང་བར་བྱའོ། །འདིར་གཞུང་ནི། བཅོམ་ལྡན་འདས་ལ་འཕྲོག་མ་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་དག་ལ་བཞག་ནས། དེས་བུ་དེ་དག་གནོད་སྦྱིན་གདུག་པས་འཇིགས་
པ་བསྲུང་བའི་ཕྱིར་དགེ་འདུན་ལ་ཕུལ་བ་ཐོས་ནས། དེ་དག་འདི་སྙམ་དུ་དེས་བསྲུང་བའི་ཕྱིར་དགེ་སློང་རྣམས་ལ་བུ་རེ་ཞིག་འབུལ་བར་བྱེད་ན་བདག་ཅག་གིས་ཀྱང་ཅིའི་ཕྱིར་མི་དབུལ་སྙམ་ནས། དེ་དག་གིས་བུ་དབུལ་བར་བརྩམས་པ་དང་། དགེ་སློང་དག་མི་ལེན་ནས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཚུལ་ནི་རྗེས་སུ་འགྲོ་བ་ནི་དགེ་འདུན་གྱིས་བླངས་ཏེ། ཀུན་དགའ་ར་བའི་གཡོག་ཏུ་རྣམ་པར་གནས་པ་ཡིན་ནོ། །དེ་ལྟ་བས་ན་བྱེ་བྲག་མེད་པར་བརྟེན་པ་ཡིན་ནོ། །དེ་དག་གི་ཆ་ལུགས་ནི་མགུལ་པར་ཆོས་གོས་བཏགས་པ་ཉིད་དོ། །
เล่ม ๑๖๑ · หน้า 166b
སྐྱེད་པར་ཡང་རུང་ངོ་ཞེས་བྱ་བ་ལ། དེ་དག་གི་ཆ་ལུགས་ནི་མགུལ་པར་ཆོས་གོས་ཀྱི་ཚལ་བུ་རེ་རེ་བཏགས་པ་ཡིན་ནོ། །ཕན་གདགས་པའི་སེམས་ཀྱིས་སོ་སོར་བསྐྱང་བར་བྱའོ། །དེའི་ཉེ་དུས་ཕུལ་བ་བླང་བར་བྱའོ། །མཇུག་ཏུ་རིན་ཉིད་དུ་ཡང་ངོ་ཞེས་བྱ་བ་ལ། དེའི་ཉེ་དུ་དག་གིས་མཇུག་ཏུ་བྱིས་པ་
ཕྱིར་ལེན་པའི་ཚེ་དེའི་དུས་ཕུལ་བ་བླང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་དེ་རྣམས་ཀྱིས་ཕུལ་བར་གྱུར་པ་ལ་དད་པའི་དབང་དུ་བྱས་པ་ཉིད་ཡིན་པས་འདི་ལ་ལོག་པས་འཚོ་བ་ཉིད་ཡིན་པར་དོགས་པར་མི་བྱ་སྟེ། དེ་བས་ན་དེ་ལ་འདི་བསྟན་པའོ། །དེ་དག་གིས་བྱས་པ་ཤེས་པས་ཀྱང་ངོ་ཞེས་བྱ་བ་
ནི། བྱིས་པ་དེ་དག་གིས་བྱས་པ་ཤེས་པས་ཕུལ་བ་ཡང་བླང་བར་བྱའོ། །དེའི་རིན་གདབ་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་བྱིས་པ་དེ་དག་ཡོངས་སུ་བསྐྱངས་པའི་རིན་དང་རྔན་པ་བླང་བར་མི་བྱའོ། །ཤིང་ཐོག་གི་རྙེད་པ་བདག་གིར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་
ཏེ། འོག་མ་གསུམ་གྱིས་ཡང་ངོ་། །འདིར་སིལ་བུ་དག་ལས། བཟའ་བར་བྱ་བ་ཉིད་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་ལྦུ་བའི་བུམ་པ་ཡང་ངོ་ཞེས་བྱ་བ་ནི། ཞུན་མར་ལ་སོགས་པས་གང་བའི་བུམ་པ་ནི་བླང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་
གཞུང་ནི། ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི། ལྦུ་བའི་བུམ་པ་དགེ་འདུན་ལ་ཕུལ་ན་བུམ་པའི་ཚད་ཙམ་པོ་དེ་རྣམས་ཞེས་བྱ་བ་ནས། ཇི་སྲིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་པས་དགེ་སློང་དག་གམ་ཁྱིམ་བདག་གིས་བྲིམ་པར་བྱའོ་ཞེས་གསུངས་པ་
ཡིན་ནོ། །དགེ་འདུན་དུ་གཏོགས་པའི་ཚིག་ནི་འདི་ཡིན་ཏེ། འདིར་དགེ་འདུན་ནམ་གང་ཟག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་རྣམ་པར་དཔྱད་པ་ལ་མ་བྱས་ཏེ། འདི་ནི་གང་ཟག་ལ་མི་རིགས་པའི་ངོ་བོ་མ་མཐོང་ངོ་། །དེ་བས་ན་སྐབས་ཀྱི་དབང་གིས་ཚིག་འདིར་བླངས་སོ་སྙམ་དུ་རྣམ་པར་ངེས་ནས་བྱེ་བྲག་ཏུ་
མ་སྨོས་སོ། །དེ་དག་གི་སྣོད་ཀྱང་ངོ་ཞེས་བྱ་བ་ནི། ཞུན་མར་ལ་སོགས་པ་དེ་དག་གི་སྣོད་དེ་བུམ་པ་ནི་བུམ་པའོ། །དེ་དག་གཞག་པར་བྱའོ་ཞེས་བྱ་བ་ནི་ཞུན་མར་ལ་སོགས་པའི་སྣོད་བུམ་པ་དག་གོ། །ཞུན་མར་ལ་སོགས་པས་གང་བའི་བུམ་པ་ཞེས་བྱ་བ་འདིར་ཤུགས་ཀྱིས་ཞུན་མར་གྱི་བུམ་པ་ལ་
เล่ม ๑๖๑ · หน้า 167a
སོགས་པའི་དོན་ཤེས་པའོ། །གང་དུ་གཞག་པར་བྱ་ཞེ་ན། དེའི་ཕྱིར་གཞི་ལའོ་ཞེས་བྱ་བ་སྨོས་སོ། །བཤང་བ་དང་གཅི་བ་དང་ཆང་གི་བུམ་པ་དག་ནི་མི་མཁོ་བ་ཉིད་དོ། །དགེ་འདུན་གྱི་ཕྱིར་ཡང་གཡོས་དང་འཚེད་པ་གང་ཡིན་པ་དག་གི་ཞལ་ཏ་བྱའོ་ཞེས་བྱ་བ་ནི། བྱེད་དུ་འཇུག་པ་ཞལ་
ཏ་བྱེད་པ་སྟེ། རང་གིས་བྱ་བ་ནི་མ་ཡིན་ནོ། །འདིར་གཞུང་ནི་སྨན་གྱི་གཞི་ལས། འདིར་དང་པོར་བྱས་ནས་ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ་ཞེས་བྱ་བའི་མཐར་ཐུག་པ་གསུངས་སོ། །ལྷུང་བཟེད་དུ་བསོད་སྙོམས་མ་བླུགས་པའི་མདུན་རོལ་དུ་མ་བཟུང་བ་ཉིད་ཀྱིས་བསོད་སྙོམས་ལ་འཇུག་
པར་བསྟེན་པར་མི་བྱའོ་ཞེས་བྱ་བ་ལ། མ་བླུགས་པའི་མདུན་རོལ་དུ་ཞེས་བྱ་བ་ནི། མདུན་རོལ་དུ་ལྷུང་བཟེད་བློས་མ་བཟུང་བའི་ཕྱིར་རོ། །ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་ནང་དུ་བསོད་སྙོམས་བླུགས་པ་གང་གིས་གཡོགས་པར་བྱེད་པ་དེ་ནི་ལྷུང་བཟེད་ཀྱི་ཁ་
གཡོགས་ཞེས་བྱའོ། །འདི་དང་འཁར་བའི་སྣོད་བཅང་བ་ལ་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ་ཞེས་བྱ་བ་འདི་དང་འཁར་བའི་སྣོད་བཅང་བ་དག་ལས་དེ་ལ་ཕུལ་བའི་བཏུང་ཕོར་ལས་གཞན་པའི་འཁར་བའི་སྣོད་གང་ཟག་གིས་
བཅང་བར་མི་བྱའོ་ཞེས་བྱ་བ་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱ་སྟེ། གཉིས་པོ་དེ་དགེ་སློང་མ་ལ་མ་ཡིན་སྙམ་དུ་རྟོག་པར་མི་བྱའོ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ནད་པས་ཞྭ་བཅང་བ་ལ་ནི་མི་རུང་བ་ཉིད་དུ་ཡང་ངོ་ཞེས་བྱ་བ་ཡང་དོགས་པར་མི་བྱའོ་ཞེས་སྦྱར་བར་བྱའོ། །ཉེ་བ་འཁོར་རང་བཞིན་
གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་པ་ཞེས་བྱ་བ་གསུངས་པས། ནད་པ་ལ་ཞྭ་བཅང་བར་རྗེས་སུ་གནང་བ་གང་ཡིན་པ་དེ་དགེ་སློང་མ་ལ་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ། །འདིར་གཞུང་ནི་སྐྱེ་དགུའི་བདག་མོ་ཆེན་མོ་གླད་པ་ན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞྭ་བཅང་
བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དོན་འདི་ལ་བུད་མེད་ཀྱིས་ཀྱང་ཞྭ་བཅང་དུ་རུང་ངོ་ཞེས་བྱ་བ་འདིས་བསྟན་པར་འགྱུར་རོ། །དེ་ལྟ་བས་ཆུ་ལ་ཆབ་རོམ་ཆགས་པའི་ཡུལ་དུ་ཡང་དེ་རྗེས་སུ་གནང་བར་ཤེས་པར་བྱ་སྟེ། དེའི་ཕྱིར་མདོ་འདི་ནི་དཔེ་ཙམ་དུ་རིག་པར་བྱའོ། །སིལ་བྱེད་ཀྱི་སྒྲ་
เล่ม ๑๖๑ · หน้า 167b
མ་ཕྱུང་བར་བསོད་སྙོམས་ལ་ཁྱིམ་དུ་འཇུག་པར་མི་བྱའོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ནི་སིལ་བྱེད་དེའོ། །འབྱུང་བ་དང་འཇུག་པ་ལ་མཁས་པར་འབད་པར་བྱའོ་ཞེས་བྱ་བ་ནི་བསོད་སྙོམས་པས་སོ། །ཇི་ལྟར་ཞེ་ན་དེའི་ཕྱིར་མཚན་མར་བྱས་པས་སོ། །མཚན་མ་གདབ་པ་ཅི་ཞིག་གིས་ཤེ་ན།
དེའི་ཕྱིར་བསོད་སྙོམས་ཀྱི་བྲམ་ཟེ་ལ་སོགས་པས་སོ་ཞེས་བྱ་བ་སྨོས་སོ། །ཆོས་བཙོངས་པས་འཚོ་བ་སྦྱར་བར་མི་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་མ་མོ་ལས་དེ་དག་ཆོས་ཀྱི་སྒོ་ནས་རྙེད་པ་ཡོངས་སུ་འཚོལ་ཞིང་ཆོས་འཚོང་བས་འཚོ་བ་སྦྱོར་བར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཆོས་ཀྱི་སྒོ་ནས་རྙེད་པ་ཡོངས་སུ་བཙལ་བར་མི་བྱ་ཞིང་ཆོས་འཚོང་བས་འཚོ་བ་སྦྱར་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་སིལ་བུ་དག་ལས་དེ་བྱེད་པ་ཞེས་བྱ་བ་དང་པོར་བྱས་ཏེ་བཟའ་བར་བྱའོ་ཞེས་བྱ་བའི་མཐར་ཐུག་པར་གསུངས་པ་ཡིན་ནོ། །གླེང་གཞི་རྣམས་ལས་དེ་སྤང་
བ་འདུག་པ་ཞེས་བྱ་བ་དང་པོར་བྱས་ནས་དགེ་སློང་མའི་ཞེས་བྱ་བའི་མཐར་ཐུག་པར་གསུངས་པ་ཡིན་ནོ། །ཆུ་མེད་ན་ཞོ་ག་ཆུ་ལ་སོགས་པའི་ཁུ་བས་རྐང་པ་དག་བཀྲུའོ་ཞེས་བྱ་བ་ནི་འདི་ནི་འོག་ནས་ཟས་རྐང་པས་བརྫི་བར་མི་བྱའོ་ཞེས་འབྱུང་བའི་དམིགས་ཀྱིས་བསལ་བ་ཡིན་ནོ། །རྩྭ་བམ་ལ་
འདུག་པར་བྱའོ་ཞེས་བྱ་བ་ནི་སྟན་གཞན་མེད་པའོ། །བླ་གབ་མེད་པའི་མཐའ་གཅིག་ཏུ་གཞག་གོ། །སྤུངས་ཏེ་ཡང་ངོ་ཞེས་བྱ་བ་ནི་སོ་སོར་གཞག་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྤུངས་ཏེ་གཞག་ཏུ་ཡང་རུང་བའོ། །མཇུག་ཏུ་འདོར་རོ་ཞེས་བྱ་བ་ནི། བྱ་བ་ཟིན་པའི་མཇུག་ཏུ་རྩྭ་བམ་དོར་བར་བྱའོ། །
མང་བ་ཉིད་ཡིན་ན་བྱའོ་ཞེས་བྱ་བ་ནི་དགེ་སློང་མང་བ་ཉིད་ཡིན་ནའོ། །གྲལ་གྱི་ཚར་དུ་མ་ཉིད་ཀྱང་ངོ་ཞེས་བྱ་བ་ནི། ཚར་དུ་དགེ་སློང་མང་བ་ཉིད་ཡིན་ན། གྲལ་གྱི་ཚར་དུ་མ་ཉིད་ཀྱང་བྱར་རུང་བའོ་ཞེས་བྱ་བའི་དོན་ཏོ། །ཚད་ཇི་ཙམ་ཞེ་ན། དེའི་ཕྱིར་ལྔ་བརྒྱའི་ཚར་རོ་ཞེས་བྱ་བ་སྨོས་ཏེ། གྲལ་ཚར་
གཅིག་ལ་དགེ་སློང་ལྔ་བཀོད་པ་མན་ཆད་ཀྱི་ཚར་རིང་པོ་བྱར་རུང་བའོ། །རྒན་པའི་མཐར་རེ་རེར་སྤྱི་བུངས་བྱའོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་རྣམས་ལ་བསྐོའོ་ཞེས་འབྱུང་བ་དང་སྦྱར་རོ། །གང་དུ་བསྐོ་བ་ཡིན་ཞེ་ན། དེའི་ཕྱིར་འདྲིམ་པ་དག་རྐུ་བ་ཉིད་ན་སྤྱན་པ་དག་བསྐོའོ་ཞེས་སྨོས་སོ། །ཟས་
เล่ม ๑๖๑ · หน้า 168a
ཀྱི་ལས་བྱེད་པ་དག་གིས་དང་པོར་བཟའ་བར་བྱའོ། །འདུས་པ་ཆེན་པོའི་ཚེ་རྒན་རིམས་སུ་འཁོད་དུ་གཞུག་པའི་ཕྱིར་དང་། འདྲིམ་དུ་གཞུག་པའི་ཕྱིར་དགེ་སློང་དག་བསྐོའོ། །འདི་ལ་དགེ་སློང་མས་ནི་གཉིས་སམ་གསུམ་གཞག་སྟེ་ཅི་དགར་འཁོད་པར་བྱའོ་ཞེས་བྱ་
བ་ནི་འདུས་པ་ཆེན་པོ་འདི་ལ་དགེ་སློང་མས་ནི་རྒན་པ་གཉིས་སམ་གསུམ་སྤངས་ནས་སོ། །སྒྲ་བསྐྱུངས་ཏེ་ཟན་གྱི་ཆེད་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི། མ་མོ་ལས་འདི་དང་པོར་བྱས་ནས་གནས་པར་བྱའོ་ཞེས་བྱ་བ་ནི་མཐར་ཐུག་པ་དང་། དྲན་པ་ཉེ་བར་བཞག་ནས་ཞེས་བྱ་བ་དང་པོར་བྱ་སྟེ། མངོན་
པར་བསྡུ་བར་བྱའོ་ཞེས་བྱ་བའི་མཐར་ཐུག་པ་དང་། མཐར་ལངས་པས་གཤེགས་པར་མི་བྱ་བ་དང་པོར་བྱས་ནས་ལྟོ་བ་དང་བློ་རྣམས་ཞེས་བྱ་བའི་མཐར་ཐུག་པའོ། །ཁྱིམ་པའི་དྲུང་དུ་འོངས་པ་བོད་པ་ལ་དད་པས་སྦྱིན་པ་ལས་སྦྱིན་པར་བྱའོ་ཞེས་བྱ་བ་འདིས་ཀྱང་ངོ་། །ཟས་རྐང་པས་བརྫི་བར་མི་བྱའོ་
ཞེས་བྱ་བ་འདི་སྨན་གྱི་གཞི་ལས་སོ། །བཞོན་པས་འགྲོ་བར་མི་བྱའོ་ཞེས་བྱ་བ་དང་པོར་བྱས་ནས་བཀག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་མཐར་ཐུག་པ་དང་། ངེས་པར་མ་བྱས་པ་ཞེས་བྱ་བ་དེ་ཡང་འདུལ་བ་ལ་ཞེས་བྱ་བ་གང་ཞིག་བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་པ་ལྷུང་བཟེད་ལྷག་པ་གཞག་པ་
ཞེས་བྱ་བ་རྣམ་པར་འབྱེད་པ་ལས་ཀློག་པ་དང་། སིལ་བུ་རྣམས་ལས་ནི་དེ་ནས་གཅིག་ཏུ་འདོད་པར་བྱ་ཞེས་གསུངས་པ་ཡིན་ནོ། །ཤིན་ཏུ་བསྡམས་པ་དང་སྤྱོད་ལམ་མཛེས་པས་སོ། །མཛེས་པས་སོ་ཞེས་བྱ་བ་ཡང་ཟན་གྱི་ཆེད་དུ་འགྲོ་བར་བྱའོ། །དེ་བཞིན་དུ་འདུག་པར་བྱའོ་ཞེས་བྱ་བ་དང་།
སྒྲ་བསྐྱུངས་པ་དང་། ཤིན་ཏུ་བསྡམས་པ་དང་། སྤྱོད་ལམ་མཛེས་པས་ཟན་གྱི་ཆེད་དུ་འདུག་པར་བྱའོ། །ཟས་རྐང་པས་བརྫི་བར་མི་བྱའོ། །ལྷུང་བཟེད་ཀྱི་གཞི་ལ་རྐང་པས་རེག་པར་མི་བྱའོ། །དྲན་པ་ཉེ་བར་བཞག་སྟེ་བསོད་སྙོམས་བླང་བར་བྱའོ་ཞེས་བྱ་བ་ནི་རྩེ་གཅིག་པའོ། །བྱ་བ་
གཞན་དང་འབྲེལ་བའི་བསམ་པ་ཡང་སེམས་གཏོད་པའི་རྩེ་གཅིག་པ་ལས་གཞག་པར་ཡོད་པར་འགྱུར་བ་དེ་བཟློག་པའི་ཕྱིར། སེམས་རྣམ་པར་མ་གཡེངས་པས་བསོད་སྙོམས་བླང་བར་བྱའོ་ཞེས་བྱ་བ་སྨོས་སོ། །མི་འཕྲོགས་པ་དང་འཚོ་བ་ཙམ་དང་། དེ་མ་འདྲེས་པ་དང་མི་དཀྲུག་པ་དང་། ཤིན་
เล่ม ๑๖๑ · หน้า 168b
ཏུ་དབེན་པ་དང་དུས་ལས་མི་ཡོལ་བར་བསྒྲུབ་པར་བྱའོ། །གང་ལ་མགྲོན་དུ་བོས་པ་དེ་ལས་གཞན་རྙེད་པ་བདག་གིར་བྱེད་པ་མི་རིགས་པ་ཉིད་མེད་དོ་ཞེས་བྱ་བ་ལ། འདིར་གཞུང་ནི་འདྲེག་མཁན་རབ་ཏུ་བྱུང་བས་དགེ་འདུན་ཐུག་པ་ལ་སྤྱན་དྲངས་ནས་རོ་བསོད་པ་སྟ་གོན་བྱས་པ་དང་། དགེ་སློང་དག་
ཟས་གཞན་ལ་མགྲོན་དུ་བོས་པས་དེ་ནི་མི་ལེན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་གཞན་ལ་མགྲོན་དུ་བོས་པས་གཞན་རྙེད་པ་བདག་གིར་བྱེད་པ་ལ་མི་རིགས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རང་གིས་ཟས་ལས་གཞན་མནོས་པ་ལས་ཉེས་པ་མེད་དོ་ཞེས་བྱ་བ་ནི་རང་
གིས་ཟན་ཟ་བའི་ཚེ་གལ་ཏེ་གཞན་གྱིས་སྦྱིན་པར་བྱེད་ན་དེ་མནོས་པ་ལ་ཉེས་པ་མེད་ཅེས་བྱ་བའི་དོན་ཏོ། །གཞན་གྱིས་མགྲོན་དུ་བོས་ནས་འདུག་པ་ལ་དེས་གནང་ན། གཞན་གྱིས་བྱིན་པ་ན་དེའི་ཁོངས་སུ་གཏོགས་པ་དང་འདྲའོ་ཞེས་བྱ་བ་ནི་གང་ཞིག་གཞན་གྱིས་མགྲོན་དུ་བོས་ན་ནི་འདུག་པ་ལ་
སྦྱིན་བདག་དེས་གནང་ན་སྦྱིན་བདག་གཞན་གྱིས་སྦྱིན་པའོ། །འདི་ལྟ་སྟེ་སྡིག་བྱུང་བའི་གྱད་རྣམས་ཀྱིས་མགྲོན་དུ་བོས་པའི་དགེ་སློང་རྣམས་ལ་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་སྣང་བྱེད་ཀྱིས་བཅའ་བ་དང་བཏུང་བ་དག་བྲིམས་པ་སྦྱིན་བདག་གིས་གནང་བ་དེ་ནི་སྦྱིན་བདག་གཞི་བོའི་ཁོངས་
སུ་གཏོགས་པ་དང་འདྲའོ། །དེ་ལ་ནི་དམ་བཅའ་བ་ལས་འདས་པ་དང་ཡང་ཡང་ཟ་བའི་ཉེས་པར་མི་འགྱུར་རོ། །བསམས་པའི་དོན་གྱིས་སྒྲའི་སྦྱོར་བར་རྣམ་པར་གཞག་གི་གྲགས་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སངས་རྒྱས་ཚུར་ཤོག་ཅེས་བྱ་བ་ལ་སོགས་པས་འབོད་ཅིང་ཅིའང་རུང་བ་སྦྱིན་
པར་བྱེད་པ་ན། སྨྲ་བ་པོའི་བསམས་པའི་དོན་གྱིས་དེ་རྣམ་པར་གཞག་གི་གྲགས་པ་ནི་མ་ཡིན་ཏེ། གལ་ཏེ་དེ་སྐད་དུ་འབོད་པ་དེ་སངས་རྒྱས་ཉིད་དུ་བསམས་པ་ཡིན་ན་ནི་དེ་ཉིད་ལ་དེ་ཕུལ་བར་འགྱུར་རོ། །ཇི་སྟེ་གྲགས་པ་ཉིད་དུ་བསམས་པ་ཡིན་ན་ནི་གྲགས་པ་ཉིད་ལ་ཕུལ་བ་ཡིན་ནོ། །བླངས་
བ་སྤང་བར་མི་བྱའོ་ཞེས་བྱ་བ་ལ། བླངས་པ་ནི་བྱིན་ལེན་བྱས་པ་སྟེ་སླར་སྦྱིན་པར་མི་བྱའོ། །འདི་ལྟར་བསོད་སྙོམས་ལ་དེ་སྐད་གསུངས་པ་ཡིན་མོད་ཀྱི་གཞན་ལ་ཡང་དེ་རུང་བར་གནང་བས་དེ་རིགས་པར་བྱའོ། །ལྟ་བ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་ལས་བླངས་པ་གཞན་གོ་རིམས་
เล่ม ๑๖๑ · หน้า 169a
བཞིན་ལ་སྦྱིན་པ་དང་། འཚོ་བར་བྱེད་པ་ལྷག་མ་ཁམ་གཅིག་ཡན་ཆད་ལེན་པ་དང་ཟ་བ་ནི་དད་པས་སྦྱིན་པར་བྱ་བ་ཆུད་གསོན་པ་ཡིན་ནོ་ཞེས་བྱ་བ་ལ། གོ་རིམས་བཞིན་ལ་ཞེས་བྱ་བ་ནི་ལྟ་བ་ཕུན་སུམ་ཚོགས་པ་ལས་བླངས་པ་ལྟ་བ་ཉམས་པ་ལ་སྦྱིན་པ་དང་། ཚུལ་ཁྲིམས་
ཕུན་སུམ་ཚོགས་པ་ལས་བླངས་པ་ཚུལ་ཁྲིམས་འཆལ་པ་ལ་སྦྱིན་པ་ལ་ནི་དཔེ་ཙམ་དུ་ཟད་དེ། མཆོག་ལས་བླངས་པ་མཆོག་མ་ཡིན་པ་ལ་ཡང་སྦྱིན་པ་ཞེས་བྱ་བ་དེ་ལ་འདི་བསྟན་པར་རེག་པར་བྱའོ། །མཆོག་དང་མཆོག་མ་ཡིན་པ་ནི་འདི་ལྟར་ཤེས་པར་བྱ་སྟེ། ཏིང་ངེ་འཛིན་ཐོབ་པ་ནི་མ་ཐོབ་པ་བས་
མཆོག་གོ། །འཕགས་པ་ནི་མ་འཕགས་པ་མ་ཡིན་པས་སོ། །ཆོས་ཀྱི་ཚོགས་རབ་ཏུ་འཕེལ་བའི་བྱང་ཆུབ་སེམས་དཔའི་སོ་སོའི་ཡང་ཉན་ཐོས་ལས་སོ། །དེ་ལྟར་འཛམ་བུའི་གྲིབ་མ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པའི་དབང་དུ་མཛད་ནས་གསུངས་པ་ནི་དེ་ལ་ཕུལ་བས་བསོད་
ནམས་ཆེས་མང་དུ་འཕེལ་བར་འགྱུར་གྱི་དགྲ་བཅོམ་པ་བྱེ་བ་རྣམས་ལ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ་ཞེས་གསུངས་སོ། །ཁམ་གཅིག་ཡན་ཆད་ཅེས་བྱ་བ་ནི་འདིར་ཡན་ཆད་ཀྱི་སྒྲ་དང་རབ་ཏུ་འབྲེལ་བར་རིག་པར་བྱ་སྟེ། ཁམ་གཅིག་ཡན་ཆད་ཅེས་བྱ་བའོ། །ཁམ་གཅིག་ཡན་ཆད་ཟ་བ་ནི་
འཚོ་བར་བྱེད་པ་ཙམ་ལས་ལྷག་པར་ལན་པ་དང་། ཟ་བ་ནི་དད་པས་སྦྱིན་པར་བྱེད་པ་ཆུད་གསོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕ་མ་དང་ནད་པ་དང་རབ་ཏུ་བྱུང་བར་འདོད་པ་དང་སྦྲུམ་པ་དག་དང་། གདུལ་བ་དང་འདོད་པས་བསོད་སྙོམས་ལ་རེག་པ་དང་ཁྱིམ་པ་འོངས་པ་ལ་ནི་དེ་ལས་བགོ་བཤའ་བྱའོ། །
ཞེས་བྱ་བ་ནི་དེ་བསོད་སྙོམས་ཆུད་ཟོས་པར་བྱེད་པ་དེ་ལས་དད་པས་སྦྱིན་པར་བྱ་བ་ཆུན་གསོན་པའི་ཚིག་ཏུ་རིག་པར་མི་བྱའོ། །ཁམ་ཆངས་གཅིག་ཟ་བ་པོ་རྣམ་པར་མི་བཅད་པར་གཞག་པར་བྱའོ་ཞེས་བྱ་བ་ནི། འགའ་ཞིག་ཏུ་མིད་པ་ལ་ཡང་ཁམ་ཆངས་གཅིག་ཟ་བ་པོས་ཞེས་བྱ་བའི་དོན་ཏོ། །འདིར་
གཞུང་ནི་ཅི་ནས་ཀྱང་ལྷག་མར་མ་གྱུར་པའི་ཁམ་ཆངས་གཅིག་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བཟའ་བའི་ཕྱིར་ཉེ་བར་དུད་འགྲོ་ལ་ཡང་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ཁམ་ཆངས་གཅིག་གཞག་པ་དེའོ། །འདིར་གཞུང་ནི་དགེ་སློང་གིས་ཟོས་ནས་དུད་འགྲོ་ལ་ཁམ་གཅིག་མི་གཞག་པར་
เล่ม ๑๖๑ · หน้า 169b
མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བཟའ་བའི་ཕྱིར་ཉེ་བར་གཞག་པ་ལས་མ་རྫོགས་པར་སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ། མ་རྫོགས་པར་ཞེས་བྱ་བ་ནི་ཟས་མ་རྫོགས་པ་ལའོ། །དད་པས་སྦྱིན་པར་བྱ་བ་དེ་ཉིད་ཀྱིས་མགྲོན་དུ་བོས་པ་ལ་ཡང་མི་བྱའོ། །ལྷུང་བཟེད་ཀྱི་གཞི་ནི་ལྷག་མ་ཟ་བ་རྣམས་ལ་
ཅི་བདེར་བྱའོ། །གཉུག་མར་གནས་པ་རྣམས་ལ་གཏོར་མ་སྦྱིན་ནོ་ཞེས་བྱ་བ་ནི་གཙུག་ལག་ཁང་ན་གཉུག་མར་གནས་པ་མི་མ་ཡིན་པའི་གནས་པ་རྣམས་ལ་འབད་པས་དེ་སྦྱིན་པ་བསྒྲུབ་པར་བྱའོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་དག་གི་ཆོ་གའི་རྗེས་སུ་འབྲངས་པས་སྔ་རོལ་ལ་སོགས་པར་རོ་
ཞེས་བྱ་བ་ནི་གང་ཞིག་གཉུག་མར་གནས་པ་དེ་དག་གི་ཆོ་གའི་རྗེས་སུ་འབྲང་བས་སྔ་དྲོ་ལ་སོགས་པས་གཏོར་མ་སྦྱིན་པར་བྱ་བའི་དོན་ཏོ། །ཆོ་ག་ཐ་དད་པ་ཉིད་ཡིན་ན་ཐ་དད་པར་རོ་ཞེས་བྱ་བ་ནི། གང་དུ་ཁ་ཅིག་ཆོ་ག་ཡང་གཞན་ཡིན་ལ། ཁ་ཅིག་གི་ཆོ་ག་ཡང་གཞན་ཡིན་ན་དེར་ཆོ་ག་དེ་རྣམས་ཐམས་
ཅད་སོ་སོར་སྦྱིན་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །ཨ་མྲ་རུས་པ་མ་ཆགས་པ་དག་གི་གནས་སྐབས་སུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི་ཟེ་འབྲུ་ཆགས་པ་ཉིད་ཀྱི་སྨན་པ་རྣམས་ལ་རྗེས་སུ་གནང་བ་གང་ཡིན་པ་དེ་ལ་ནི་འདི་ལས་ལྷག་པར་འགྱུར་བ་མ་ཡིན་ཏེ། དེའི་ཚེ་ཟེ་འབྲུ་ཆགས་པ་ཉིད་ལ་ངེས་པ་ཉིད་
ཀྱི་ཕྱིར་རོ། །དང་པོ་ཉིད་དུ་ཟེ་འབྲུ་ལས་རུས་པ་མ་ཆགས་པ་སྒྲུབ་པའི་ཕྱིར་དེ་བས་ན་མ་སྦྱར་རོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་དང་བཅའ་བར་བྱ་བ་དང་། འབྲས་ཆན་དང་ཟན་དྲོན་དང་འདེ་གུ་དང་ཤ་དང་། སྣུམ་ཁུར་དང་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་སྐམ་དག་ནི་
མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཚོད་མ་ཉིད་དུ་ཡང་ཤ་ལ་སོགས་པས་བཟའ་བའི་དོན་དུ་ཞེས་བྱ་བ་ནི་བསྟན་པའི་ཕྱིར་ཉ་ཤ་དང་ཤ་སྐམ་དག་བཟུང་བའོ། །སྔ་མ་ལ་ནི་ཤའིའོ། །འདིར་འོ་མ་ལ་སོགས་པ་ནི་ཚོད་མ་དག་བསྟན་ཏོ། །འབྲས་ཆན་ལ་སོགས་པས་ནི་བཟའ་བ་དག་བསྟན་ཏོ། །རྩ་
བ་ལ་སོགས་པས་ནི་བཅའ་བ་དག་བསྟན་ཏོ། །གསོ་མ་དང་ཡུངས་ཀར་དང་རྩ་བ་དང་། སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པའི་ཐུག་པ་དག་བསྟེན་པར་བྱ་བ་དག་མ་ཡིན་པར་དོགས་པར་མི་བྱའོ་ཞེས་བྱ་བ་ནི། འདི་དག་སྨན་ཉིད་ཀྱི་སྐབས་ཡིན་མོད་ཀྱི། འཚོ་བ་ཙམ་གྱི་དོན་
เล่ม ๑๖๑ · หน้า 170a
དུ་གཞན་ལ་ཡང་སྦྱར་བ་དེ་བས་ན་བྱེ་བྲག་མེད་པར་སྨོས་སོ། །སིལ་བུ་དག་ལས་རྐྱལ་པར་བླུགས་པ་འདི་ཡང་ཞེས་གསུངས་པ་ཡིན་ནོ། །ཆུས་ཀྱང་སྦངས་ནས་འཚག་ཏུ་འགྱུར་བ་ཉིད་དོ་ཞེས་བྱ་བ་ནི། ལྷག་མར་གྱུར་པ་དེས་འོ་མ་ལ་སོགས་པ་ཚོད་མའི་རྣམ་པ་གང་ཡང་རུང་
བས་སྦངས་ནས་རྣམ་པ་གང་རུང་བས་ན་སྦངས་ནས་ཡང་འཚག་ཏུ་འགྱུར་བ་ཉིད་བསྟན་ཏོ། །རྐྱལ་པར་བླུགས་ན་ནི་མི་རུང་བ་མ་ཡིན་ནོ། །སྣོད་དུ་ཟན་བཟར་རུང་ངོ་། །ཡོལ་གོར་རོ། །རྡོ་ལས་བྱས་པ་ཡང་ངོ་ཞེས་བྱ་བ་ནི། ཟས་བཟར་རུང་བའོ། །ཟས་བྱས་པར་ཡང་ངོ་། །ལྕགས་ཀྱི་ལྷུང་བཟེད་
ལ་སོགས་པ་བཞིན་བཀྲུས་ཏེའོ། །བཀྲུ་བཤལ་ནི་གནས་པའི་ལས་ཡིན་ནོ་ཞེས་བྱ་བ་ནི་འོ་ན་ལྷུང་བཟེད་ལ་དེ་སྨོས་ཏེ། དེ་ཉིད་ལ་ནི་འདི་ལ་དཔེ་གཉིས་ཀྱིས་གྲུབ་པོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། གྲུབ་པ་ལ་ངོས་ཀྱི་ཚིག་ནི་སྐྱོན་ཡིན་ཏེ། འདི་ལ་ཤིན་ཏུ་གསལ་བ་ཉིད་ཀྱི་ཕྱིར་རོ། །ཟོས་ནས་ཀྱང་
ངོ་ཞེས་བྱ་བ་ནི། ལྷག་མ་མ་ཡིན་པ་ལ་ལྷུང་བཟེད་བཀྲུ་བ་ལ་སོགས་པ་རིགས་པ་ཡིན་ཏེ། དེ་ཟློག་པའི་དོན་དུ་འདིའོ། །འདིར་གཞུང་ནི་མཁན་པོ་དང་སློབ་དཔོན་དག་གི་སྣོད་དག་གནས་པ་དག་གིས་བཀྲུས་ཏེ་དབུལ་བར་བྱའོ། །ཟོས་ནས་ཀྱང་གནས་པ་དག་གིས་སྣོད་དང་བྱ་མ་བུམ་བཀྲུས་ཏེ་བསྐུར་བར་བྱའོ་
ཞེས་གསུངས་པ་ཡིན་ནོ། །གཞན་དང་ལྷན་ཅིག་སྣོད་གཅིག་ཏུ་བཟའ་བར་མི་བྱའོ། །ལམ་དུ་སྣོད་དག་མེད་ན་བཟའ་བར་བྱའོ་ཞེས་བྱ་བ་ནི་གང་དུ་ཕོངས་པའི་ཕྱིར་མེད་ན། རིམ་གཅིག་གི་ཕྱིར་ཟ་བ་དེ་ལ་ནི་མེད་པ་མ་ཡིན་ཏེ། ཡོད་པ་དང་མེད་པའི་རྣམ་པར་གཞག་པ་ནི་འབྲས་བུའི་དུས་ལ་
ལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་འདིར་ཡང་དེ་བྱས་པས་ཤེས་པར་མི་བྱའོ། །འདིར་སུ་དང་ལྷན་ཅིག་ཏུ་བཟའ་བར་བྱ་ཞེ་ན། དེའི་ཕྱིར་དགེ་སློང་དང་ངོ་། །གཞན་གྱི་ལག་བཏེག་ནས་རང་གིས་གཞུག་གོ་ཞེས་བྱ་བ་སྨོས་ཏེ་རང་གིས་ཞེས་བྱ་བ་ནི་ལག་པའོ། །དགེ་ཚུལ་དང་ནི་འོག་མ་བཞིན་ནོ། །
མི་ལྡན་ན་ལྷན་ཅིག་ཏུའོ་ཞེས་བྱ་བ་ནི་གཞན་ཉིད་མི་ལྡན་ན་གང་ཞིག་འདིར་རུང་བར་བྱེད་པ་ལ་བྱ་བ་བཅངས་ཏེ་སྦྱིན་པར་གལ་ཏེ་རྐྱེན་གྱི་དབང་གིས་འདིར་བྱ་བར་མི་རིགས་ན། དེ་ནས་ལམ་དུ་སྣོད་གཞན་མེད་ན་དགེ་ཚུལ་དང་ལྷན་ཅིག་ཏུ་བཟའ་བར་བྱ་བའི་དོན་ཏོ། །རབ་ཏུ་བྱུང་བ་ཉིད་ཀྱིས་འདི་ལ་རིགས་མཐུན་
เล่ม ๑๖๑ · หน้า 170b
པར་ཡོད་པ་དེ་བས་ན་ཐམས་ཅད་ཀྱིས་ཐམས་ཅད་དུ་སྨད་པ་མ་ཡིན་ནོ། །འདིར་གཞུང་ནི་དགེ་ཚུལ་དག་ལ་སྣོད་དག་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་བཅངས་ཏེ་ལག་ཏུ་སྦྱིན་པར་བྱའོ། །ལམ་དུ་འཇིགས་པ་དང་བཅས་ཤིང་འགྲོན་པ་དག་ཀྱང་ཐལ་ལམ་ཟས་བཅང་དུ་
མི་རུང་ན་ལྷུང་བཟེད་བྱིན་གྱིས་བརླབས་པ་མི་གཏོང་བར་དེ་དག་དང་ལྷན་ཅིག་བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཡོག་རྣམས་ལ་བཅངས་ཏེ་སྦྱིན་ནོ། །ཉེ་དུ་བཅུགས་པས་གསོལ་ན་ཐམས་ཅད་དུ་དབེན་པའི་ཕྱོགས་སུའོ་ཞེས་བྱ་བ་ནི། བཅུགས་པས་ལྷན་ཅིག་བཟའ་བར་གསོལ་ན་
དེའི་ལམ་འབའ་ཞིག་ཏུ་མ་ཟད་ཀྱི། གནས་ཐམས་ཅད་དུ་ཡང་དབེན་པའི་ཕྱོགས་སུ་ལྷན་ཅིག་བཟའ་བར་བྱའོ། །དེ་གཉིས་ལ་བྱིན་ལེན་བྱས་པ་འཇིག་པ་དང་བྱིན་ལེན་མ་བྱས་པ་དང་འདྲེས་པ་བསྲུང་བ་ཉིད་དོ་ཞེས་བྱ་བ་ལ། དེ་གཉིས་ཞེས་བྱ་བ་ནི་སྣོད་དག་ལའོ། །གང་ཞིག་འདིར་དགེ་ཚུལ་དང་
ཉེ་དུ་ད་གཉིས་དང་དེ་དག་དང་ལྷན་ཅིག་བགོ་བར་བྱ་སྟེ། གང་ཡང་ཉེ་དུ་དང་ལྷན་ཅིག་བྱིན་གྱིས་བརླབས་ཏེའོ། །ལྷུང་བཟེད་བྱིན་གྱིས་བརླབས་ཏེ་ལག་པ་དག་བསྙལ་དུ་བཅུག་ནས་སོ་ཞེས་བྱ་བ་ལ། དེ་ནི་དོན་གྱིས་ཐོབ་པར་རིག་པར་བྱ་སྟེ། དེའི་ཕྱིར་འདི་དོན་གྱིས་བརྗོད་པའོ། །འདིར་ཉེ་དུ་
རྣམས་ལ་ལག་པ་བསྙལ་དུ་བཅུག་པ་འདིར་གཞུང་ནི་ཕྱོགས་དབེན་པར་འདུག་སྟེ། ལག་པ་དག་བསྙལ་དུ་བཅུག་ནས་སྣོད་མི་བཏང་བར་བཟའ་བར་བྱའོ། །འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མཆིལ་ལྷམ་དང་བཅས་བཞིན་དུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི་གསོ་བའི་
དོན་ཉིད་མ་གཏོགས་པར་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་པ་ལྷག་མ་ཐམས་ཅད་ལ་ཞེས་བྱ་བ་འདིས། ནད་པ་མཆིལ་ལྷམ་དང་བཅས་པ་ལ་བཟའ་བ་ཡོངས་སུ་ཐོབ་པ་ལ་བྱེ་བྲག་ཏུ་སྨོས་པ་ནི། ནད་པས་ནི་མནན་ཏེའོ་ཞེས་བྱ་བ་ལ། མཆིལ་ལྷམ་ཕུད་པའི་སྟེང་དུ་མནན་པར་རིག་
པར་བྱའོ། །འདིར་ནད་པ་ཞེས་བྱ་བ་ནི་ནད་པ་གང་ལ་རྐང་པ་ས་ལ་གཞག་ན་མི་འཕྲོད་པ་དེ་ནད་པ་ཡིན་ནོ་སྙམ་དུ་དོན་གྱིས་ཤེས་པར་བྱའོ། །སྒྲེན་མོ་དང་གོས་གཅིག་པས་མི་བྱའོ་ཞེས་བྱ་བ་ནི་མི་ན་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། འདིར་ནད་པའི་ཚད་ནི་མི་ནུས་
เล่ม ๑๖๑ · หน้า 171a
པ་ལ་བྱ་སྟེ། དེ་ལྟ་བས་ན་མི་ནུས་པ་ལ་རྣམ་པར་གཞག་གོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་གཡོག་དག་གིས་སྐྱོར་བར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ནད་པ་དེའོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲེན་མོས་བཟའ་བར་མི་བྱའོ། །ནད་
པས་སྦྱོར་བར་མི་བཟོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་ལྟུང་བ་མེད་དོ། །དེ་གཡོགས་གོས་ཀྱིས་སྐྱོར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ནུས་ན་རྔུལ་གཟན་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི་ནད་པས་ནུས་ན། ཆོས་གོས་སྟེང་མ་མེད་པར་བཟའ་བར་མི་བྱ་སྟེ། འདི་ལ་ཆོ་
ག་འདི་སྙམ་དུ་ཤུགས་ཀྱིས་རྟོགས་པར་བྱའོ། །གསང་བའི་ཕྱོགས་ཀྱང་ངོ་ཞེས་བྱ་བ་ནི་ནད་པས་ནུས་ན་འཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཤམ་ཐབས་ལ་བརྟེན་པར་བྱ་སྟེ། གཉིས་ཀར་གཏོགས་པ་ཡིན་པར་རིག་པར་བྱ་སྟེ། འདིར་གཞུང་ནི་འཁོར་གསུམ་ཁེབས་པའི་ཚད་འདིས་ཕྱག་འཚལ་
བ་ན་འོག་མའི་ཆ་སྦ་བར་བྱ་བའམ་ཉེ་བ་འཁོར་གང་ཞིག་གོས་དག་འཁོར་གསུམ་ཁེབས་པ་ཞེས་བྱ་བ་འདིའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ཟས་ཀྱི་ཕྱིར་འདུག་པས་འདིའམ་འདི་ནས་བྱིན་ཅེས་འདྲི་མ་མཁན་ལ་བསྒོ་བར་མི་བྱའོ། །ནད་པས་འཕྲོད་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ནད་པས་
ནད་པ་ལ་འཕྲོད་པ་ལ་ཁམས་སྙོམས་པར་འགྱུར་བའི་ཟས་འདི་བྱིན་ཅིག་ཅེས་མི་ནུས་པ་ལ། འདིར་རྣམ་པར་གནས་པའོ། །འདིར་གཞུང་ནི་ནད་པ་ལ་གལ་ཏེ་ཁམས་སྙོམས་པར་འགྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །གཞུང་ཁ་ཅིག་ལས་དེའི་དཔེ་
བསྟན་པའི་ཕྱིར། དཔེར་ན་དྲོད་ཆུང་བས་ཚོས་པ་དང་། དྲོད་ཆེ་བས་རློན་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། གོ་བར་བྱ་བ་ལ་ཞེས་བྱ་བ་དེ་གོ་བར་བྱེད་པ་ལ་ཞུ་བར་འགྱུར་བ་ལ་ཐ་དད་དུ་ཉེ་བར་གནས་པའོ། །བདག་ཉིད་ལ་ནད་པའི་འདུ་ཤེས་དང་། ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་གཞག་སྟེ། བཟའ་
བར་བྱའོ་ཞེས་བྱ་བ་ལ། བདག་ཉིད་ལ་ཞེས་བྱ་བ་ནི་རང་ལའོ། །འདི་ནི་མ་མོ་ལས། མར་དང་ཆུ་དང་པོར་བྱས་ཏེ། དེ་མ་ཡིན་ནོ་ཞེས་བྱ་བའི་མཐར་ཐུག་པས་སོ། །དྲན་པ་ཡང་ངོ་ཞེས་བྱ་བ་ཡང་ངོ་། །ཟས་ལ་ཉེ་བར་གཞག་སྟེ་བཟའ་བར་བྱའོ། །ཇི་ལྟར་ཞེ་ན་དེའི་ཕྱིར་འབྱུང་བ་དང་འདྲ་བ་
เล่ม ๑๖๑ · หน้า 171b
དང་འགྱུར་བ་དང་ཕྱིར་རྒོལ་བ་ཉིད་དང་རྒྱུ་མཐུན་པ་དང་བརྟེན་པ་དང་རྣམ་པ་དང་བཙལ་བ་དང་། གཞན་ལ་རག་ལས་པ་ཉིད་དང་། སོ་སོར་འགྲོ་བ་དག་གི་མི་མཐུན་པ་ཉིད་དུ་གཞག་པའོ་ཞེས་བྱ་བ་སྨོས་ཏེ། འབྱུང་བ་ལ་སོགས་པ་རྣམ་པ་བཅུ་པོ་དེ་དག་གི་ཟས་ལས་མི་མཐུན་པའི་དྲན་པ་ཉེ་བར་
གཞག་སྟེ། བཟའ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་འབྱུང་བ་ཞེས་བྱ་བ་ནི་ཟས་ནི་མི་གཙང་བ་དང་། ལུད་པ་ལ་སོགས་པ་དག་ལས་འབྱུང་བའོ། །འདྲ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འབྲས་ཆན་ནི་སྲིན་བུ་དང་འདྲ་ལ། ཕྱེ་དག་ནི་རུས་ཕྱེ་དང་འདྲ་བ་ལ་སོགས་པའོ། །འགྱུར་བ་ཞེས་
བྱ་བ་ནི་ཟས་ཟོས་ན་བད་ཀན་དང་སྣབས་དང་རྣག་དང་ཁྲག་ལ་སོགས་པར་འགྱུར་བའོ། །ཕྱིར་ཞེས་བྱ་བ་ནི་ཟས་ཀྱི་ཕྱིར་རྒོལ་བ་རྣམས་དང་རྗེས་སུ་འབྲེལ་བ་སྟེ། ཟས་ཀྱི་རྒྱུ་ལས། མ་ནི་བུ་དང་ལྷན་ཅིག་འཐབ་པར་བྱེད། བུ་ནི་མ་དང་ལྷན་ཅིག་འཐབ་པར་བྱེད་པ་ལ་སོགས་པའོ། །རྒྱུ་མཐུན་
པ་ཞེས་བྱ་བ་ནི་ཟས་ནི་བཤང་དང་གཅི་ལ་སོགས་པ་ཤིན་ཏུ་སྨད་པ་དག་དང་རྒྱུ་མཐུན་པ་ཡིན་ནོ། །རྟེན་པའི་རྣམ་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། ཟས་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། ཞིང་ལ་སོགས་པ་ལ་བརྟེན་ཏེ་འབྱུང་བ་དང་། དེ་དག་ལ་བརྟེན་ནས་སྲེད་པ་ལ་
སོགས་པའི་ནད་མང་པོ་དུ་མ་འབྱུང་བའི་ཕྱིར་རོ། །བཙལ་བ་ཞེས་བྱ་བ་ནི་དེ་ཚེགས་ཆེན་པོས་བསྒྲུབ་དགོས་པའོ། །གཞན་ལ་རག་ལས་པ་ཉིད་ཅེས་བྱ་བ་ནི་ཚེགས་ཆེན་པོས་འབྲུ་ལ་སོགས་པ་གྲུབ་ཀྱང་དེ་གཡོ་བ་ལ་སོགས་པ་མེད་ན་མི་ལྡན་པའི་ཕྱིར་གཞན་ལ་རག་ལས་པ་ཉིད་དུ་འགྱུར་བའོ།
ནད་དང་བཅས་པ་ཉིད་ཅེས་བྱ་བ་ནི་ཟས་ལོག་པར་ཞུ་བས་རིམས་ལ་སོགས་པའི་ནད་མང་པོ་དུ་མ་དག་འབྱུང་བའི་ཕྱིར་རོ། །སོ་སོར་འགྲོ་བ་ཉིད་ཅེས་བྱ་བ་ནི། ཟས་འདི་རྣམ་བཞིར་འགྲོ་བ་སྟེ། དེའི་ཆ་གཅིག་ནི་ལུས་ཀྱི་མེས་སྲེག་པར་བྱེད་པ་དང་། གཉིས་པ་ནི་བཤང་བ་དང་གཅི་བར་གྱུར་པ་དང་།
གསུམ་པ་ནི་སྲིན་བུ་དག་གིས་བཟའ་བར་འགྱུར་བ་དང་། བཞི་པ་ནི་ལུས་བརྟས་པར་བྱེད་པའོ། །དྲན་པ་ཉེ་བར་གནས་པས་སོ་ཞེས་བྱ་བ་ནི་ཟས་ལ་སེམས་གཏད་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་རྣམ་པར་མ་གཡེངས་པས་སོ་ཞེས་བྱ་བ་ནི་སེམས་ཐམས་ཅད་ཀྱིས་ཟས་ལ་རྩེ་གཅིག་པས་
เล่ม ๑๖๑ · หน้า 172a
གཏད་པ་སྟེ། ཆ་ཤས་ཀྱིས་ནི་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཤེས་བཞིན་གྱིས་སྒྲ་བསྐྱུང་ཞིང་ངོ་། །དེ་མི་སྦྱར་བར་རོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སྒྲ་མི་བྱ་བ་དེའོ། །མི་འབྱུང་བར་ཐུག་པ་དག་གོ་ཞེས་བྱ་བ་ནི་སྒྲ་ཞེས་བྱ་བར་སྦྱར་རོ། །ཁྲུམ་ཁྲུམ་མི་བྱ་བར་རོ་ཞེས་
བྱ་བ་ནི་སྒྲ་ཁྲུམ་ཁྲུམ་མི་བྱ་བར་རོ། །སྒྲ་འབྱུང་བ་དག་ཆུ་ལ་སོགས་པས་སྙེ་བར་བྱའོ་ཞེས་བྱ་བ་ནི་བཟའ་བར་བྱ་བ་རྣམས་ལའོ། །བཟའ་བ་དེའི་དོན་དུ་རོལ་མོ་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི། ཟས་ཟ་བ་དེའི་དོན་དུ་གླུ་གླིང་དང་། སིལ་སྙན་ལ་སོགས་པའི་རོལ་མོ་བྱེད་དུ་གཞུག་ཅིང་བཟའ་
བར་མི་བྱའོ། །འདིར་གཞུང་ནི་ཨ་མྲ་སྐྱོངས་ཀྱིས་རང་གི་མགྲོན་དུ་བོས་པའི་དགེ་འདུན་ཟ་བ་ན་རོལ་མོ་བྱ་བར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་རོལ་མོ་བྱེད་དུ་གཞུག་བཞིན་དུ་བཟའ་བར་མི་བྱའོ། །ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཁང་
པའི་དུས་སྟོན་དང་མཆོད་རྟེན་ལ་རོལ་མོ་བྱས་པ་ལ་ཉེས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཁ་ནས་རོལ་མོ་བྱེད་པ་ལ་ནི་ཡོངས་སུ་མ་རྫོགས་པ་ཉིད་ཀྱི་ཕྱིར་དེ་ལ་བྱས་པ་ལ་ནི་ཤིན་ཏུ་ན་སྨད་པའི་ཕྱིར་ཉེས་བྱས་ཕྲ་མོར་འགྱུར་རོ། །བཤད་པ་བྱེད་པ་ཉིད་ན་མི་བྱའོ་ཞེས་བྱ་བ་ནི་ཆོས་བཤད་པ་དང་
ཡོན་བཤད་པ་ལས་འདིར་ཀློག་པ་ཡིན་ཏེ། ཆོས་བཤད་པ་ལ་ཡང་འདི་ནི་མི་རིགས་པ་ཞེས་གསུངས་པ་དེའི་ཕྱིར་འདིར་བྱེ་བྲག་མི་སྐྱེད་པའོ། །དེ་སོ་སོར་རིག་པར་བྱའོ་ཞེས་བྱ་བ་ནི་ཡོན་བཤད་པ་ལའོ། །འདིར་གཞུང་ནི་དགེ་སློང་རྣམས་ཀྱིས་ཡོན་བཤད་པར་བྱེད་པར་གྱུར་པ་དེ་ན་བཟའ་
བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དུས་ཡོལ་བར་འགྱུར་ན་ཚིགས་སུ་བཅད་པ་གཉིས་སམ་གསུམ་དུ་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི་བཤད་པ་བྱེད་དུ་བཅུག་སྟེ། བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དྲོའི་དུས་ཡོལ་བར་དོགས་པ་ཡོད་ན། དེའི་ཚེ་ཚིགས་སུ་བཅད་པ་གཉིས་
སམ་གསུམ་བཤད་པ་བྱེད་ཀྱི་བར་དུ་བཟའ་བར་མི་བྱའོ། །རྐྱང་པ་འཆད་ན་ཚིག་གཉིས་སམ་གསུམ་འཆད་ཀྱི་བར་དུ་བཟའ་བར་མི་བྱ་བ་ཡང་འདིའི་རྗེས་སུ་འབྲངས་པས་ཤེས་པར་བྱའོ། །གཞན་ལ་ནི་ལྟུང་བ་མེད་དོ། །ཟོས་ན་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ཏོ། །ཟོས་ནས་མགྲོན་དུ་འབོད་པ་ལ་
เล่ม ๑๖๑ · หน้า 172b
ཡོན་བཤད་པ་དང་ཆོས་བཤད་པ་དག་བྱའོ་ཞེས་བྱ་བ་ནི། མདོ་སྡེའི་གཞུང་ལས། ལག་པ་བསྙལ་ལ་ལྷུང་བཟེད་བཞག་ནས་ཞེས་གསུངས་པ་བཞིན་དུ་ཤེས་པར་བྱ་སྟེ། ཁའི་ནང་ཡང་བཀྲུས་ནས་ཞེས་བྱ་བ་དེ་ལྟ་བུས་འདིར་ཚིགས་སུ་བཅད་པ་གདོན་པ་ནི་མཛེས་པ་བསྐྱེད་པའོ། །ཐམས་ཅད་ཀྱིས་ཟོས་
ཟིན་པ་ཉིད་དུ་ངེས་པར་ཤེས་ནས་སོ་ཞེས་བྱ་བ་ནི་ཡོན་བཤད་པ་དང་ཆོས་བཤད་པ་དག་བྱའོ། །ཇི་ལྟར་ངེས་པར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་ཀུན་དུ་ལྟ་བས་སོ་ཞེས་བྱ་བ་སྨོས་སོ། །གང་གིས་དེ་དག་བྱ་ཞེ་ན། དེའི་ཕྱིར་དུ་མ་ཉིད་ཡིན་ན་དང་པོས་སོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དགེ་སློང་དག་དུ་མ་ཉིད་ཡིན་
ན་དེའི་ཚེ་དེ་དག་གི་གྲལ་གྱི་དང་པོ་པས་དེ་དག་བྱའོ། །མི་ནུས་ན་ནུས་པ་གཞན་ལ་བཅོལ་ལོ་ཞེས་བྱ་བ་ནི་གལ་ཏེ་དང་པོས་དེ་དག་མི་ནུས་ན་དུ་མ་ཉིད་ཡོད་པའི་སྟོབས་དང་ལྡན་བ་གཞན་ལ་བཅོལ་བར་བྱའོ། །གལ་ཏེ་མ་བྱས་པར་དགེ་སློང་རྣམས་ལ་འགྲོ་བའི་རྐྱེན་བྱུང་ན་འཁོར་ཐ་ན་བཞི་ཡན་ཆད་སྦྱིན་ནོ་ཞེས་
བྱ་བ་ནི་གལ་ཏེ་ཡོན་བཤད་པ་དང་ཆོས་བཤད་བྱེད་པ་ནའོ། །གལ་ཏེ་འགྲོ་དགོས་པའི་རྐྱེན་བྱུང་ན་དེའི་ཚེ་འཆད་པར་བྱེད་པའི་ཐ་ན་དགེ་སློང་བཞི་ཡན་ཆད་གཞག་སྟེ་འགྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྐྱེན་བྱུང་ན་བྱིན་པ་ལ་ཞུས་ཏེ་བལྟས་ནས་སོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་འཁོར་ལའོ། །བལྟས་
ནས་སོ་ཞེས་བྱ་བ་ནི་ཆོས་བཤད་པ་དང་། ཆོས་བཤད་པར་བྱེད་པའི་བཤད་པ་པོ་གང་ལ་ད་འཁོར་དུ་སྦྱིན་པར་འགྱུར་བ་དེ་ལ་བལྟས་ནས་ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ། །ཡོན་འཆད་པ་ན་དགའ་བོ་དང་ཉེ་དགའ་དག་གི་མིང་སྨོས་པར་བྱའོ་ཞེས་བྱ་བ་ནི། འདིར་རྣམ་པར་འབྱེད་པའི་གཞུང་ཁ་ཅིག་ལས་
ཡོན་འཆད་པའི་ཚེ་ན་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱི་མིང་ཡང་སྨོས་པར་བྱའོ། །སྨོས་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མིད་པ་གཉིས་པས་དུས་མ་ཡིན་པའི་སྒྲེགས་པ་དག་བྱུང་ན། དང་པོར་གཉིས་སམ་གསུམ་བོར་ཏེ་ཁ་བཀྲུས་ནས་མིད་པར་བྱའོ་ཞེས་བྱ་བ་
ནི། ཁ་ཆུ་ལ་སོགས་པ་གནོད་པ་ཉིད་སྒྲེགས་པ་དག་བོར་བའི་རྒྱུས་སྒྲེགས་པ་བོར་བའི་ལྷག་མ་བསལ་བའི་ཕྱིར་བཀྲུས་ནས་བོར་ད་གསུམ་པོ་འདི་དག་ལ་རྣམ་པར་གཞག་པ་དེ་བས་ན་འདི་ལ་མི་རུང་བ་ཉིད་དུ་རིག་པར་བྱའོ། །དེ་ནི་ཟས་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་སྒྲེགས་པ་བྱུང་བའོ། །དེའི་
เล่ม ๑๖๑ · หน้า 173a
ཕྱིར་གཞན་གྱིས་དུས་མ་ཡིན་པ་དང་སྤངས་པའི་ཚེ་སྒྲེགས་པ་བྱུང་ན་ཁ་བཀྲུ་བར་བྱའོ་ཞེས་བྱ་བ་ལ། གཞན་གྱིས་ཞེས་བྱ་བ་ནི་རྩེ་གཅིག་པ་སྒྲེགས་པའོ། །འདི་མན་ཆད་ནི་རྒྱུ་མཐུན་པ་དག་གང་ཡིན་པ་དེ་དག་བརྗོད་པར་བྱ་སྟེ། དེའི་བྱིར་མ་བཤམས་པའི་ཕྱོགས་སུ་མཆིལ་མ་
དོར་བར་མི་བྱའོ། །བྱི་དོར་བྱས་པར་ཡང་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་ཕྱོགས་མ་ཡིན་པ་ཡང་རུང་སྟེ་ཞེས་བྱ་བ་རྩོམ་པའི་ཤུགས་ཀྱིས་ཤེས་པར་བྱའོ། །མ་མོ་ལས། དེའི་སྐབས་ཞེས་བྱ་བའི་མཐར་ཐུག་པ་ཅན་ནོ། །སོས་ལྕེ་བཙིར་ཏེ་ཡང་མི་བྱའོ་ཞེས་བྱ་བ་ནི་སོས་ལྕེ་བཙིར་ཏེ་མཆིལ་མ་བརླན་དེ་ལ་སྒྲ་
ཙིད་ཅེས་ཀྱང་ཕྱོགས་དེར་དོར་བར་མི་བྱའོ། །དེ་དང་དེའི་སྒྲ་གནས་བརྟན་གྱི་མདུན་དུ་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་མཆིལ་མ་དོར་བའོ། །དེའི་སྒྲ་ཞེས་བྱ་བ་ནི་མཆིལ་མ་དོར་བ་དེའི་སྒྲའོ། །ཟ་བའི་དྲུང་དུ་ཡང་མི་བྱའོ་ཞེས་བྱ་བ་ནི་དེ་དང་དེའི་སྒྲ་མི་བྱའོ། །ལྷག་མའི་དྲུང་དུ་ཡང་དང་ཡང་མི་བྱའོ་ཞེས་
བྱ་བ་ནི་གནས་བརྟན་དང་ཟ་བའི་ལྷག་མ་དེའོ། །མི་ནུས་ན་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་གལ་ཏེ་མཆིལ་མ་དོར་བ་དེ་མི་ནུས་ན་ཕྱོགས་གཞན་དུ་འགྲོ་བར་བྱའོ། །གཞན་ལ་མི་བདེ་བ་མི་བྱའོ། །སྔུར་སྒྲ་ཅན་གྱིས་ཉལ་བར་མི་བྱའོ་ཞེས་བྱ་བ་ནི་ལྷག་མ་རྣམས་ཀྱི་མདུན་དུ་ཡང་ཉལ་བར་མི་བྱའོ། །དེས་སྔུར་སྒྲ་སྤང་
བའི་ཕྱིར་ཇི་ལྟ་ཞེ་ན། དེའི་ཕྱིར་ད་བཅག་པའམ་གཞན་དུ་འགྲོ་བར་བྱའོ། །དེའི་སྣོད་གླང་པོ་ཆེའི་རྨིག་མཐིལ་ལྟ་བུའམ་བརྩེགས་མའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་མཆིལ་མ་དེའོ། །དེ་མེད་ན་ཕྱི་མ་ཤོས་སོ། །དེ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ནི་མཆིལ་མའི་སྣོད་དེའོ། །དེར་སོ་ཕག་གི་ཕྱེ་མའམ་
ཐལ་བ་དག་གི་གཅལ་བླུགས་སོ་ཞེས་བྱ་བ་ནི་མཆིལ་མའི་སྣོད་དེར་རོ། །དེར་སྦྲང་བུ་འདུ་བའི་གཉེན་པོ་གང་ཞེ་ན། དེའི་ཕྱིར་སྦྲང་བུ་བསྐྲད་པ་གཉེན་པོ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། སའམ་ལོ་མ་ལ་སོགས་པས་དགབ་པས་སོ། །དྲི་ང་བར་མི་འགྱུར་བ་དང་། སྲོག་ཆགས་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར་དུས་
དུས་སུ་བཀྲུ་བ་དང་བསྐམ་པར་བྱ་བའོ་ཞེས་བྱ་བ་ནི་དྲི་ང་བར་མི་འགྱུར་བའི་ཕྱིར་དང་སྲོག་ཆགས་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །དེའི་དུས་ཀྱི་ཆེད་དུ་གཞན་ཉེ་བར་གཞག་གོ་ཞེས་བྱ་བ་ནི་བཀྲུ་བ་དང་བསྐམ་པ་དེའི་དུས་ཀྱི་ཆེད་དུ་མཆིལ་མའི་སྣོད་འཐེབ་ཉེ་བར་གཞག་པར་བྱའོ། །མི་བྲེལ་བར་བྱ་བའི་ཕྱིར་གཙུག་ལག་
เล่ม ๑๖๑ · หน้า 173b
ཁང་གི་གྲྭའི་ཀ་བ་བཞི་པོ་དག་གི་ངོས་སུ་ཡང་མཆིལ་མའི་སྣོད་དག་གཞག་པར་བྱའོ་ཞེས་བྱ་བ་ལ། བཞི་པོ་དག་གི་ཞེས་བྱ་བ་ནི་གྲྭའི་ཀ་བ་བཞི་པོ་དག་གི་ངོས་ལའོ། །རླུང་ལས་སྒྲ་དང་བཅས་པར་མི་བྱའོ་ཞེས་བྱ་བ་ལ། འདི་ནི་མ་མོ་ལས་གསུངས་པ་ཡིན་ནོ། །དཀོན་མཆོག་དང་བླ་མའི་མདུན་དུ་མི་གཏོང་ངོ་། །
གཞན་གྱི་དྲུང་དུ་ཡང་དང་ཡང་དུ་མི་གཏོང་ངོ་། །ཤིང་ལྗོན་པའི་དྲུང་དུ་བཤང་བ་དང་གཅི་བ་དག་མི་བྱའོ་ཞེས་བྱ་བ་ནི་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དགོན་པར་དེ་དག་གི་སྐབས་མེད་པ་ཉིད་ཡིན་ན་མ་གཏོགས་སོ་ཞེས་བྱ་བ་ནི་ཚེར་མ་ཅན་གྱི་ཡང་ངོ་ཞེས་བྱ་བ་ནི། ཤིང་ཚེར་མ་ཅན་གྱི་དྲུང་ཡང་མ་གཏོགས་ཏེ། དེར་སྐྱེ་བོ་དག་མི་
སྡུག་པའི་ཕྱིར་རོ། །བཤང་བའི་སྐྱབས་བྱའོ། །གལ་ཏེ་གཙུག་ལག་ཁང་དུ་ན་ནུབ་བམ་བྱང་གི་ཕྱོགས་སུའོ་ཞེས་བྱ་བ་ནི། སྒོ་ཤར་ཕྱོགས་ཉིད་དང་ངེས་པ་ལ་སྨོས་པར་རྣམ་པར་གནས་པ་ཡིན་ནོ། །འདིར་ནུབ་དང་བྱང་ཞེས་བྱ་བ་ནི་ཉི་མ་ཤར་ནུབ་ཀྱི་འགྲོས་ཀྱི་ཕྱོགས་ལ་ལྟོས་པ་ནི་མ་ཡིན་ནོ། །ཕྱོགས་
སུའོ་ཞེས་བྱ་བ་ནི། དཔུང་པ་གཅིག་གམ་གཞན་གྱི་མཚམས་ལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོང་ལྡོང་ངམ་ཕུག་རྡུགས་སོ་ཞེས་བྱ་བ་ནི་མི་གཙང་བའི་ལས་ཤོད་དམ་ཁང་སྟེང་ཉིད་དུ་བྱའོ། །འོག་ཏུ་ཤིང་ཚེར་མ་ཅན་དག་བསྐྱེད་པར་བྱའོ། །སྟེང་དུ་བུ་གུའི་ཉེན་ཀོར་དུ་རྐང་རྟེན་དག་གཞུག་གོ་ཞེས་བྱ་
བ་ནི། བུ་གའི་ཉེན་ཀོར་དུ་རྐང་པ་གཉིས་རྟེན་པའི་རྐང་རྟེན་དག་གཞུག་པར་བྱའོ། །རིལ་བ་སྤྱི་བླུགས་གཞག་པར་བྱའོ། །སྒོ་བསྣོལ་མར་གདོད་དོ་ཞེས་བྱ་བ་ནི་གང་གི་རྣམ་པ་ཆབ་ཁུང་སའི་ར་བའི་དེ་ལྟ་བུའི་སྒོ་བྱེད་པ་བསྣོལ་མ་གདོད་དོ། །སྒོ་གླགས་གཞུག་གོ། །ཡང་མིག་དང་སྒོ་གཏན་དག་ཀྱང་ངོ་། །
ཞེས་བྱ་བ་ནི་གཞུག་པའོ། །འཇུག་པར་འདོད་པས་སྒྲ་བྱའོ། །དེར་ཞུགས་པས་ཀྱང་ཐོས་ནའོ་ཞེས་བྱ་བ་ནི། ཆབ་ཁུང་ས་དེར་སྔར་ཞུགས་པའི་སྒྲ་བྱས་པ་དེ་ཐོས་ན་མི་འབྱུང་བའོ། །གོས་ལེགས་པར་བརྫེས་པས་ཤེས་བཞིན་དུ་འདུག་པར་བྱའོ་ཞེས་བྱ་བ་ནི་མ་མོ་ལས། དེའི་དྲུང་ན་གནས་པར་མི་བྱའོ་
ཞེས་བྱ་བའི་མཐར་ཐུག་པའོ། །དཀྱིལ་དུ་འདུག་པར་བྱའོ། །རྐང་རྟེན་གཉིས་ལ་མི་གོས་པར་ཁྱད་ཀྱིས་བྱའོ་ཞེས་བྱ་བ་ནི་བཤང་བས་ཞེས་བྱ་བར་དོན་གྱིས་ཁོང་དུ་ཆུད་པར་བྱའོ། །མི་འོང་ན་བསྡད་པར་མི་བྱའོ་ཞེས་བྱ་བ་ནི་བཤང་བའི་ཤུགས་པར་མི་འབྱུང་ན་མཐུས་བཙིར་བར་མི་བྱའོ། །འོང་ན་དགག་
เล่ม ๑๖๑ · หน้า 174a
པར་མི་བྱའོ་ཞེས་བྱ་བ་ནི་ཤུགས་འབྱུང་ན་དེ་ཕྱིར་དགག་པར་མི་བྱའོ། །དེ་དང་འབྲེལ་བའི་དོན་ལས་གཞན་པས་དེའི་དྲུང་དུ་འདུག་པར་མི་བྱའོ་ཞེས་བྱ་བ་ལ། དེ་དང་འབྲེལ་བའི་ཞེས་བྱ་བ་ནི་ཆབ་ཁུངས་དེ་དང་འབྲེལ་བ་ལས་སོ། །འདིར་གཞུང་ནི་དགེ་སློང་གིས་བཤང་བའི་སའི་ཉེན་
ཀོར་དུ་འགྲེང་བར་མི་བྱ་འདུག་པར་མི་བྱ། བཅག་པར་མི་བྱ་ཁ་ཏོན་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྐང་པ་བཀྲུ་བ་དང་འཐོར་འཐུང་བྱ་བ་དག་ཏུ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། དེ་དང་འབྲེལ་བའི་དོན་ལས་གཞན་པས་དེ་དག་གི་དྲུང་དུ་འདུག་པར་མི་བྱའོ། །འདིར་རྐང་པ་བཀྲུ་བ་ཞེས་བྱ་བ་
ནི་རྐང་ཁྲུས་ཀྱིས་དང་གཅི་བའི་སྐབས་གཉིས་ཀ་བསྟན་ཏོ། །འཐོར་འཐུང་ཞེས་བྱ་བ་ནི་ཁ་གདོང་བཀྲུ་བ་དང་ལག་པ་བསྙལ་བའི་ས་བསྟན་ཏོ། །དགེ་སྒོས་ཀྱིས་ཉི་མ་རེ་རེ་ཞིང་བྱི་དོར་བྱའོ་ཞེས་བྱ་བ་ནི། གང་ཞིག་འདིར་ས་དག་གི་ཕྱོགས་སྦྱང་བར་འོས་པ་དག་སྦྱང་བར་བྱའོ། །ས་དང་ལོ་མ་གཞག་པ་ཡང་
ངོ་ཞེས་བྱ་བ་ནི། དགེ་སྐོས་ཀྱིས་བྱའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ལོ་མ་ནི་ཕྱི་བར་བྱ་བའི་བོང་རྡོག་ལ་སོགས་པའི་དཔེ་ཡིན་ནོ། །ཕྱོགས་མ་ཡིན་པར་གཅི་བར་མི་བྱའོ་ཞེས་བྱ་བ་ནི་མ་མོ་ལས་ཁུང་སྐོར་གཞུག་གོ་ཞེས་བྱ་བའི་མཐར་ཐུག་པ་གསུངས་པ་ཡིན་
ནོ། །དུ་མར་མི་བྱའོ་ཞེས་བྱ་བ་ནི་ཕྱོགས་དུ་མར་གཅི་བ་མི་བྱའོ། །རྒྱུན་གྱི་ཁུང་སྒོར་གཞུག་གོ། །གཅི་བ་རྒྱུན་གྱི་ཞེས་བྱ་བ་ནི་རྒྱུན་ནོ། །གཅི་བའི་སྐྱབས་བྱའོ། །དེའི་གློར་རོ་ཞེས་བྱ་བ་ནི་འཆག་ཁང་དེ་ཞེས་བྱ་བའི་དོན་ཏོ། །ཕུག་རྡུགས་ལ་ཝ་གཞུག་པར་བྱའོ་ཞེས་བྱ་བ་ནི་གཅི་བའི་ཞེས་བྱ་བའི་ཕྱིར་རོ། །གཞན་
ནི་འདྲའོ་ཞེས་བྱ་བ་ནི་འོག་ཏུ་ཤིང་ཚེར་མ་དག་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བཤང་བའི་སྐྱབས་དང་འདྲ་བའོ། །ས་དང་ལོ་མ་གཞག་པ་ཡང་ངོ་ཞེས་བྱ་བ་ནི་འདིར་མི་དགོས་པའི་ཕྱིར་བཟློག་པར་བྱ་བའོ། །འཁྲུ་བའི་ནད་ཅན་ལ་ནི་ཁྲིའུའི་བུ་གུ་བྱའོ་ཞེས་བྱ་བར་སྨོས་ན། དེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་
ཐག་མ་བཤུགས་པས་སོ། །མ་བཏུབ་ན་བཅད་དོ་ཞེས་བྱ་བ་ནི། གལ་ཏེ་བཤུག་ཏུ་མི་བཏུབ་ན་བུ་གུ་སྒྲུབ་པར་མི་ནུས་ནས། དེའི་ཚེ་ཐག་མ་དེ་གཅད་པར་བྱའོ། །གལ་ཏེ་ན་ནི་ཐན་ཀོར་དུ་ལོ་མའི་ཆང་བུ་དག་གཞུག་གོ་ཞེས་བྱ་བ་ནི་གལ་ཏེ་བུ་གའི་ཐན་ཀོར་དུ་ཞུགས་ཤིང་བཤང་བ་བྱ་བའི་ཕྱིར་འདུག་པ་ན་རེག་པས་
เล่ม ๑๖๑ · หน้า 174b
བཤང་བའི་ལམ་གྱི་ཐན་ཀོར་ན་ནི་དེའི་ཚེ་ལོ་མའི་ཆང་བུ་དག་འདིར་གཞུག་པར་བྱའོ། །ས་སྨད་པར་བསྲུང་བར་བྱའོ། །དེའི་ཕྱིར་འོག་གཞིར་གྱོ་མོ་བྱའོ་ཞེས་བྱ་བ་ནི་དེའི་འོག་གཞིར་གྱོ་མོ་གཞུག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཧ་ཅང་མི་མཐོ་བ་བཟང་ངོ་ཞེས་བྱ་བ་ནི་གྱོ་མོའོ། །དྲི་ང་བར་མི་འགྱུར་བར་བྱ་བའི་
ཕྱིར་དུས་སུ་བཀྲུ་བ་དང་སྐམ་པ་དང་ཡུངས་མར་གྱིས་བསྐུ་བར་བྱའོ། །དེའི་དུས་ཀྱི་ཆེད་དུ་གཞན་བསྒྲུབ་པོ་ཞེས་བྱ་བ་ནི་བཀྲུ་བ་དང་བསྐམ་པ་དང་ཡུངས་མར་གྱིས་བསྐུ་བ་དེའི་དུས་ཀྱི་ཆེད་དུ་གྱོ་མོའི་འཐེབ་གཞན་བསྒྲུབ་པར་བྱའོ། །མ་འབྱོར་ན་གཞི་ཉིད་དུ་ལོ་ཆུན་གཞག་པར་བྱའོ་ཞེས་བྱ་བ་ནི། གྱོ་མོ་གཞན་མ་
འབྱོར་ན་དེ་ཉིད་ཀྱི་སྟིང་དུ་ལོ་ཆུན་གཞག་པར་བྱའོ། །དེའི་སྟེང་དུ་བཤང་བ་བྱའོ། །དེ་ཉིད་དང་ལྷན་ཅིག་དོར་བར་བྱ་ཞིང་དུས་གཞན་གྱི་ཚེ་ན་ཡང་ལོ་ཆུན་གཞན་གཞག་པར་བྱའོ། །གྱོ་མོ་དེ་ཉིད་བཀྲུ་བ་ལ་སོགས་པའི་དོན་འགྲུབ་པར་འགྱུར་རོ། །བཤང་བ་བྱས་ནས་དེ་བྱེད་པའི་བཤང་བའི་ལམ་ཕྱི་བར་
བྱའོ་ཞེས་བྱ་བ་ལ། དེ་བྱེད་པའི་ཞེས་བྱ་བ་ནི་བཤང་བ་དེ་བྱེད་པའི་ལམ་མོ། །ཅི་ཞིག་གིས་དེ་ཕྱི་བར་བྱ་ཞེ་ན། དེའི་ཕྱིར་རྣོན་པོ་དང་རྩྭའི་ཆང་བུ་མ་ཡིན་པས་སོ་ཞེས་བྱ་བ་སྨོས་སོ། །འོ་ན་ཅི་བཟང་ཞེ་ན། དེའི་ཕྱིར་འདི་ལ་རས་མ་དང་ལོ་ཆུན་དང་ལོ་མའི་ཆང་བུ་དང་། ཤིང་དང་བོང་རྡོག་དག་བཟང་བ་
ཉིད་དོ་ཞེས་བྱ་བ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་བཀྲུ་བར་བྱ་བ་ལའོ། །ས་གཉིས་ཀྱིས་བཀྲུ་བར་བྱའོ་ཞེས་བྱ་བ་ནི་བཤང་བའི་ལམ་ཞེས་བྱ་བར་སྦྱར་རོ། །སྔར་གཞག་པའི་ས་མ་འདྲེས་པ་དག་གིས་ཕྱིས་བཀྲུ་བར་བྱའོ་ཞེས་བྱ་བ་ལ། སྔར་ཞེས་བྱ་བ་ནི་བཤང་བ་བྱས་པ་ལས་དང་པོ་ཉིད་དུ་འཁྲུ་བ་ཞེས་བྱའོ། །
འཐོར་འཐུང་གི་རྐང་རྟེན་དག་ཟེར་མ་དག་གིས་མི་ཉམས་པ་ཉིད་དུ་ཁད་ཀྱིས་དལ་བུ་དལ་བུས་སོ་ཞེས་བྱ་བ་དེ་ནི་མ་མོ་ལས་སོ། །བདུན་པ་དག་གིས་གཡོན་པའོ་ཞེས་བྱ་བ་ནི། ལག་པ་གཡོན་པ་བཀྲུ་བའོ། །བདུན་གྱིས་ནི་གཉིས་ཀའོ་ཞེས་བྱ་བ་ནི་ལག་པ་གཉིས་ཀ་བཀྲུ་བར་བྱའོ། །ལག་ངར་
གཉིས་ཀྱང་བཀྲུ་བར་བྱའོ་ཞེས་བྱ་བ་ནི་ལག་པ་གཉིས་བཀྲུས་པ་དེའི་རྗེས་ལའོ། །ཡང་ལག་པ་གཉིས་སོ། །གཞན་གྱིས་རིལ་བ་སྤྱི་བླུགས་སོ་ཞེས་བྱ་བ་ལ། གཞན་གྱིས་ཞེས་བྱ་བ་ནི་སས་སོ། རྐང་པ་གཉིས་བཀྲུ་བའོ། །ལྟོ་འཛག་པས་ནི་མདུན་དག་ཏུ་ཕྱི་བ་ཙམ་བྱས་ཏེ་འདུག་པ་ལ་ཉེས་པ་མེད་དོ་
เล่ม ๑๖๑ · หน้า 175a
ཞེས་བྱ་བ་ལ། ཐ་མའི་མདུན་དུ་ཞེས་བྱ་བ་འཛག་པའི་ཐ་མ་ལས་མདུན་རོལ་དུ་བྱའོ། །དེ་ལས་གཞན་པས་ནི་ཆུ་ཡོད་ན་འཐོར་འཐུང་མ་བྱས་པར་ཡང་འདུག་པར་མི་བྱའོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ལྟོས་འཛག་པ་ལས་སོ། །འཐོར་འཐུང་མ་བྱས་པས་ཞེས་བྱ་བ་ནི་ཁྲུང་མ་བྱས་
པས་ཏེ་དེ་ནི་མ་མོ་ལས་སོ། །སྨན་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །སྨན་གྱི་གཞི་རྫོགས་སོ།། །།ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་བྱ་བ་ནི་ཆོ་ག་གང་དག་ལས་གང་ཞིག་བྱེད་པ་ཆོ་ག་ལས་འདས་ན་གཞན་དུ་ན་དེ་མི་བྱེད་པ་ལ་ཕྱི་རོལ་གྱི་དེ་འབད་པ་ཙམ་དེའི་
ཆོས་འདུལ་བར་གཏོགས་པའི་ལས་བྱས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །འདིར་ཆོ་ག་ནི་དགེ་འདུན་ཚང་བ་དང་ལས་བརྗོད་པ་དང་ལས་བྱེད་པ་ཉིད་དོ་ཞེས་བྱ་བ་ནི་ཆོ་གའི་རྣམ་པ་བསྟན་ཏོ། །དགེ་འདུན་ལྷག་མའི་ལྟུང་བ་དབྱུང་བ་ལ་ནི་དགེ་སློང་ཉི་ཤུ་ལ་སོགས་པའོ། །ཡུལ་དབུས་སུ་བསྙེན་པར་
རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཐའ་འཁོབ་ཏུ་ནི་གཞན་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །དགེ་སློང་མ་དགེ་འདུན་ལྷག་མ་ལས་དབྱུང་བ་ལ་ནི་མཚམས་ཀྱི་དགེ་འདུན་གཉིས་ཀ་ཚོགས་པའོ། །དགེ་སློང་མའི་སྡོམ་པ་སྦྱིན་པ་དང་། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་
སྡོམ་པ་སྦྱིན་པ་དང་། འཁོར་ཉེ་བར་འཇོག་པ་དང་། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ་ནི་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་ལ་སོགས་པའོ། །བསྙེན་པར་རྫོགས་པ་ལ་ནི་དགེ་སློང་བཅུ་དང་དགེ་སློང་མ་བཅུ་གཉིས་ལ་སོགས་པའོ། །ལས་གཞན་ཐམས་ཅད་ལ་ནི་བཞི་ལ་སོགས་
པའོ་ཞེས་གསུངས་པའི་གྲངས་དེ་བཞིན་ཚང་བའོ། །ལས་བརྗོད་པ་ཞེས་བྱ་བ་ནི་གསོལ་བ་འབའ་ཞིག་གི་ལས་དང་གསོལ་བ་དང་། གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་བརྗོད་པ་དག་ལས་གང་ལ་གང་བྱ་བར་གསུངས་པ་དེ་ལས་མ་ཆད་པ་སྟེ། ལྷག་མ་ལ་ནི་ཉེས་པ་མེད་དོ། །ལས་བྱེད་པ་ཞེས་
བྱ་བ་ནི་བསྙེན་པར་རྫོགས་པའི་ལས་བྱས་པ་ལ་སོགས་པའོ། །ལས་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་ཐར་པ་འདོན་པ་དང་། དགག་དབྱེའོ་ཞེས་བྱ་བ་ནི་ལས་བརྗོད་པའོ། །སོ་སོར་ཐར་པ་འདོན་པ་ཞེས་བྱ་བ་ནི་གསོ་སྦྱོང་ངོ་། །དགག་དབྱེ་ཞེས་བྱ་བ་ནི་ལས་བརྗོད་པ་ཞེས་བྱ་བའི་དོན་ཏོ། །ཐོས་པར་བྱ་
เล่ม ๑๖๑ · หน้า 175b
བ་མ་ཡིན་པས་ཐོས་པ་ནི་མི་འཆགས་པར་མི་འགྱུར་རོ་ཞེས་བྱ་བ་ནི། གང་ཞིག་དེ་མ་ཡིན་པ་ལ་སོགས་པའི་དབང་དུ་བྱ་སྟེ། སྨོས་པ་དེ་ནི་དེ་དག་གིས་དེ་ཐོས་པར་བྱ་བ་མ་ཡིན་པས་དེ་འདའ་བར་བྱེད་པ་ལ་ལྟུང་བ་ཙམ་དུ་འགྱུར་གྱི་མི་འཆགས་པར་མི་འགྱུར་རོ། །དེ་ལྟར་ཡང་ཀུན་དགའ་བོ་ཁྱོད་ཀྱིས་རྒྱལ་པོ་
གསོ་སྦྱོང་གི་ཕྱིར། སོ་སོར་ཐར་པ་འདོན་པ་ཉན་དུ་མ་བཅུག་པ་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །མི་འཆགས་པ་མི་བྱའོ་ཞེས་བྱ་བ་ནི་ལས་གང་འདི་ལ་འཆགས་པ་མེད་པ་དེ་ནི་མི་འཆགས་པ་སྟེ་ལས་དེ་མི་བྱའོ། །གང་ཞིག་ཆོས་མ་ཡིན་པའི་ལས་རྣམས་ལ་དེས་ནི་དགེ་འདུན་ལ་ཡང་འགལ་
ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་འདོད་པ་བས་ན་མདོ་འདིའོ། །ད་ནི་ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་སྨྲས་པ་གང་ཡིན་པ་འདི་བརྗོད་པར་བྱ་སྟེ། ཆོས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ལ། ཆོས་མ་ཡིན་པ་ཞེས་བྱ་བ་ནི་གླེང་བར་མ་བྱས་དྲན་པར་མ་བྱས་པར་མཐུས་མངོན་སུམ་དུ་མ་གྱུར་པ་ནི་ཆོས་
མ་ཡིན་པར་རིག་པར་བྱའོ། །མ་ཞི་བའི་གཞི་ལ་བརྟེན་ནས་སྐུལ་བ་པོས་དམ་བཅས་པ་ལ་མངོན་སུམ་དུ་རྟོག་པར་བྱེད་དེ། སྨོན་ལམ་གྱི་ལས་བྱེད་པ་ལ་སོགས་པ་ལས་ཀྱི་གཞི་ལས་གཞན་པ་ལ་གསུངས་པའི་ཆོ་ག་དེ་བསྡུས་པའི་མདོ་འདིའོ། །མི་མཐུན་པ་དག་མི་བྱའོ་ཞེས་བྱ་བ་ནི་ལས་རྣམས་མི་
བྱའོ། །ཚོགས་ཀྱི་མི་བྱའོ་ཞེས་བྱ་བ་ནི་ལས་རྣམས་མི་བྱའོ། །བཞི་ལ་སོགས་པའི་ལས་དག་བྱེད་ན་དགེ་འདུན་གྱི་དབྱེན་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདི་སུན་ཕྱུང་བའོ། །དགེ་འདུན་དུ་མ་གྱུར་པ་དག་གིས་མི་བྱའོ་ཞེས་བྱ་བ་ནི་ལས་མི་བྱའོ་ཞེས་བྱ་བར་སྦྱོར་རོ། །ལས་གང་ལ་དུ་དག་དགེ་འདུན་
ཉིད་ཡིན་ཞེ་ན། དེའི་ཕྱིར་དབྱུང་བ་ལ་ནི་ཉི་ཤུ་ལ་སོགས་པ་ཉིད་དགེ་འདུན་ཡིན་ནོ། །བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཐའ་འཁོབ་དག་ཏུ་མེད་ན་ནི་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ་ཞེས་བྱ་བ་ནི་དགེ་འདུན་བཅུ་ལ་སོགས་པ་མ་རྙེད་པ་ལ་ཆོ་ག་འདིའོ་ཞེས་བྱ་བ་ནི་བསྒྲུབ་པ་ནི་དངོས་
གཞིའི་ཆོ་ག་ལ་བརྟེན་པ་ཉིད་རིགས་པ་དང་མཐུན་པའོ། །དགེ་སློང་མ་རྣམས་ལ་ཡང་ཆོ་ག་འདི་ཡིན་ཏེ། དེ་རྣམས་ལ་ནི་ཡུལ་མཐའ་འཁོབ་ཏུ་འདུལ་བ་འཛིན་པར་གཏོགས་པའི་དྲུག་ལ་སོགས་པའི་ཚོགས་ལ་བཅུ་གཉིས་ཀྱི་ཚོགས་མ་རྙེད་ན་ཤེས་པར་བྱ་བ་ཉིད་དོ། །ལྷག་མ་ལ་ནི་བཞི་ལ་སོགས་
เล่ม ๑๖๑ · หน้า 176a
པའོ་ཞེས་བྱ་བ་ནི་དབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བའི་ལས་མ་གཏོགས་པ་དེ་དག་གི་ལྷག་མའི་ལས་ལ་ནི་དགེ་སློང་བཞི་ལ་སོགས་པ་དགེ་འདུན་ཉིད་དོ། །དགེ་སློང་མ་རྣམས་ཀྱི་ལས་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་དེ་ལྟར་ཡང་དགེ་སློང་རྣམས་ཀྱི་ལས་དག་ཀྱང་ཐ་དད་ལ་
དགེ་སློང་མ་རྣམས་ཀྱི་ལས་ཀྱང་ཐ་དད་དོ་ཞེས་བྱ་བ་དེའི་བསྡུ་བ་འདིའོ། །དགག་དབྱེ་ནི་དགེ་སློང་གི་དགེ་འདུན་ལ་ཡང་ངོ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་འབའ་ཞིག་ཏུ་མ་ཟད་ཀྱི། གཉིས་ཀའི་དགེ་འདུན་ཚོགས་པ་དགེ་སློང་དགག་དབྱེ་བྱེད་པ་པོ་མདུན་དུ་གནས་པ་ལ་དགག་དབྱེ་བྱེད་པས་དེ་རྣམས་
ཀྱི་དགག་དབྱེ་ཞེས་བྱ་བ་རྣམ་པར་གཞག་པའོ། །གསོ་སྦྱོང་ནི་དེ་དང་མཐུན་པར་འགྲུབ་པ་རྣམས་ཀྱིས་སོ་ཞེས་བྱ་བ་ལ། དེ་དང་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་དེ་དང་སྟེ། དགེ་སློང་མ་རྣམས་ཀྱི་གསོ་སྦྱོང་ཐ་དད་པ་ཡིན་མོད་ཀྱི་གལ་ཏེ་དགེ་སློང་གི་དགེ་འདུན་དང་མཐུན་པར་གྱུར་པ་རྣམས་ཀྱི་འགྲུབ་ཀྱི་མ་
གྱུར་པ་རྣམས་ཀྱི་ནི་མི་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་མ་རྣམས་ཀྱིས་ནི་གསོ་སྦྱོང་ཐ་དད་པ་བྱའོ། །དགེ་སློང་མ་རྣམས་ཀྱིས་ཀྱང་ཐ་དད་པ་དགེ་སློང་མ་འདུན་པ་དང་གསོ་སྦྱོང་འབུལ་བ་དག་གིས་དབྱུང་བར་བྱ་ཞེས་བྱ་བ་དེ་ཙམ་ཞིག་འདིར་གསུངས་སོ། །འདུན་པ་དང་གསོ་སྦྱོང་འབུལ་བ་དག་གིས་
དབྱུང་བར་བྱ་ཞེས་བྱ་བ་ཚིག་དེ་ལས་ཤེས་པར་གྱུར་པའི་དོན་ལ་མདོ་དེ་བྱས་པ་སྟེ། གང་གི་ཕྱིར་ཚོགས་པ་མི་མཐུན་པ་ལས་གཞན་འདུན་པ་འབུལ་བ་ལས་དགོས་པ་མེད་དེ་གསོ་སྦྱོང་གི་ལས་འདིར་གསོ་སྦྱོང་གིས་གསུངས་པ། གསོ་སྦྱོང་འབུལ་བ་ལ་ཡང་ཚོགས་པ་དེ་ཉིད་མི་མཐུན་པའི་བདག་ཉིད་ཅན་གྱི་དགོས་
པ་ཞེས་བྱ་བར་ཤེས་པར་བྱའོ། །ཇི་ལྟར་དེ་དག་གིས་དགེ་སློང་གི་དགེ་འདུན་དང་གསོ་སྦྱོང་མཐུན་པར་བྱ་ཞེ་ན། དེའི་ཕྱིར་འདུན་པ་དང་གསོ་སྦྱོང་འབུལ་བས་དེ་བསྒྲུབ་པར་བྱའོ་ཞེས་བྱ་བ་སྨོས་ཏེ། འབུལ་བ་ཞེས་བྱ་བ་ནི་སྟོབས་པས་སོ། །འདུན་པ་དང་གསོ་སྦྱོང་དགེ་སློང་མའི་དགེ་འདུན་གྱི་འདུན་པ་དང་། གསོ་
སྦྱོང་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱ་བ་ནི་ཀུན་ནས་ཐོབ་པར་བྱ་སྟེ། དེ་ལྟར་ན་དེའི་ཚོགས་ལ་མཐུན་པ་འགྲུབ་པར་འགྱུར་རོ། །འདི་ལ་གཉིས་ཀྱིས་བྱའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་འདུན་པ་དང་གསོ་སྦྱོང་འབུལ་བ་འདི་ལའོ། །གཉིས་ཀྱིས་ཞེས་བྱ་བ་ནི། དགེ་སློང་མ་གཉིས་ཀྱིས་
เล่ม ๑๖๑ · หน้า 176b
བསྟབས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ནུས་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་འདུན་པ་དང་གསོ་སྦྱོང་འབུལ་བར་བྱེད་པ་དག་ལའོ། །མེད་ན་གཅིག་གོ་ཞེས་བྱ་བ་ནི་དགེ་སློང་མ་གཉིས་ཀས་ནུས་པ་ཉིད་མེད་ན་ནི་གཅིག་གིས་ནུས་པ་ཉིད་ལ་ནི་འབུལ་བར་བརྟེན་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
དགེ་སློང་གིས་དགེ་འདུན་གྱི་ལེན་པའི་དགེ་སློང་བསྐོ་བར་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་འདུན་པ་དང་གསོ་སྦྱོང་དག་ལེན་པར་བྱེད་པ་དེ་བསྐོ་བར་བྱའོ། །དེས་སྒོ་ཁང་དུ་བསྡད་པར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ལེན་པར་བསྐོས་པའི་དགེ་སློང་དེས་སོ། །འབྲོས་པ་ཤད་ཀྱིས་སྦྱང་ངོ་ཞེས་བྱ་བ་ནི་ལེན་པར་
བསྐོས་པའི་དགེ་སློང་དེ་འཇིགས་པ་དང་བཅས་པའི་ཕྱིར་འབྲོས་པར་བྱེད་ན་དེ་ལ་དགེ་སློང་མ་དེ་གཉིས་ཀྱིས་ཤད་ཀྱིས་སྦྱང་བར་བྱའོ། །དེས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་དགེ་སློང་མ་དེ་གཉིས་འབྲོས་ནས་དགེ་སློང་དེས་ཀྱང་དེ་བཞིན་དུ་ཤད་ཀྱིས་སྦྱང་བར་བྱའོ། །འབྲོས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་དེ་
དང་འདུན་པ་དང་གསོ་སྦྱོང་འབུལ་བའི་དགེ་སློང་མ་དེ་གཉིས་ཀྱིས་འབྲོས་པར་མི་བྱའོ། །མི་ཤེས་ན་མིང་རུས་དྲིའི་ཞེས་བྱ་བ་ནི་ལེན་པར་བྱེད་པའི་དགེ་སློང་དེ་མི་ཤེས་ན་འབུལ་བར་བྱེད་པའི་དགེ་སློང་མ་དེ་གཉིས་ཀྱིས་དེའི་མིང་རུས་དྲི་བར་བྱའོ། །མགུ་བ་དང་དབྱུང་བ་ནི་གཉིས་ཀ་ཚོགས་པ་ལའོ་ཞེས་བྱ་བ་
ནི་དགེ་སློང་མ་གཉིས་ཀྱིས་མགུ་བར་བྱ་བ་དང་དབྱུང་བ་ནི་དགེ་སློང་མའི་དགེ་འདུན་འབའ་ཞིག་ལ་བྱ་བར་མ་ཟད་ཀྱི། གཉིས་ཀའི་དགེ་འདུན་ཚོགས་པ་དུས་གཅིག་ཏུ་གནས་གཅིག་ན་འཁོད་པ་དག་ལ་བྱའོ། །བསྙེན་པར་རྫོགས་པར་བྱས་པ་ཡང་ངོ་ཞེས་བྱ་བ་ནི་དེ་ཡང་གཉིས་ཀའི་དགེ་འདུན་ཚོགས་
པ་ལ་བྱའོ། །འདི་ལ་དེ་དག་གི་ཚོགས་ནི་བཅུ་གཉིས་སོ་ཞེས་བྱ་བ་ནི་དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་འདི་ལ་དགེ་སློང་མ་དེ་དག་གི་ཚོགས་བཅུ་གཉིས་ཡན་ཆད་དོ། །སྔོན་རོལ་གྱི་སྡོམ་པ་གཉིས་དང་། འཁོར་དང་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་སྦྱིན་པ་དང་བཅས་པའི་དགེ་འདུན་གྱི་
མཐའོ་ཞེས་བྱ་བ་ནི་དེ་ནི་དགེ་སློང་མ་བསྙེན་པར་རྫོགས་པའི་སྔོན་རོལ་གྱི་སྡོམ་པ་གཉིས་པོ་བསླབ་པའི་སྡོམ་པ་དང་། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའོ། །ཡང་འཁོར་ཉེ་བར་འཇོག་པའི་གནང་བ་དང་ལྷན་ཅིག་ཏུ་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་དང་ལྷན་ཅིག་ཏུ་དེས་འདིར་
เล่ม ๑๖๑ · หน้า 177a
བསྙེན་པར་རྫོགས་པ་དང་བཅས་པའི་དགེ་སློང་མའི་གྲངས་ཀྱི་མཐའ་ཡིན་ནོ། །འདི་ཡང་སྡོམ་པ་བཞི་པོ་སྦྱིན་པ་ལ་དེ་རྣམས་ལ་ཚོགས་བཅུ་གཉིས་ཡན་ཆད་ཁོ་ནས་སོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་དག་གི་ཚོགས་ནི་བཞིའོ་ཞེས་བྱ་བ་ནི་དགེ་སློང་མའི་ལས་ལྔ་པོ་ཇི་སྐད་བསྟན་པ་
དེ་དག་གི་ལྷག་མ་དགེ་སློང་མའི་དགེ་འདུན་གྱི་ལས་གཞན་ཐམས་ཅད་ལ་ནི་དགེ་སློང་མ་བཞིའི་ཚོགས་ཡན་ཆད་ཀྱིས་ལས་བྱར་རུང་ངོ་། །དེ་ལྟར་ཡང་འདིར་གཞུང་ནི། དགེ་སློང་མ་རྣམས་ཀྱི་ཚོགས་བཞིས་ལས་དག་བྱའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ལས་བྱེད་པ་པོས་མ་ནུས་ན་དེས་དགེ་སློང་གིས་
བྱས་པའི་ཚིག་ངེས་པར་བརྟགས་ན་རུང་ངོ་ཞེས་བྱ་བ་ནི་དགེ་སློང་མ་ལས་བྱེད་པ་ལས་བྱེད་མི་ནུས་ན་དེས་དགེ་སློང་གིས་ལས་བྱེད་པའི་ཚིག་ངེས་པར་བརྟགས་ཤིང་ཐོས་ན་དེས་ལས་བྱས་པ་ཉིད་དུ་རུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ཙམ་ཡན་ཆད་ཅེ་ན། དེའི་ཕྱིར་འདི་ལྟར་ཅང་མི་གསུང་བས་ཞེས་བྱ་བའི་
གོང་ཡན་ཆད་དོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས་ཞེས་བྱ་བ་དེ་ནས་ཇི་སྲིད་དུ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུ་དགེ་སློང་མ་ལས་བྱེད་པ་ཉིད་ཀྱིས་ངེས་པ་ཁོ་ནར་བརྗོད་པར་བྱ་དགོས་སོ། །འདིར་གཞུང་ནི། མགུ་བ་དང་དབྱུང་
བར་གཏོགས་པའི་དགེ་སློང་མའི་སོ་སོར་ཐར་པ་དང་། དེའི་རྣམ་པར་འབྱེད་པ་ལས་འཁོར་ཉེ་བར་འཇོག་པ་དང་། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་། དགེ་སློང་མའི་རྣམ་པར་འབྱེད་པ་ལས། སོ་སོའི་དགེ་འདུན་གྱི་ཚད་གཞན་དུ་དེ་ཐ་མའོ་ཞེས་གསུངས་པ་དང་། འདིར་ཕྲན་ཚེགས་ལས་
ཚིག་ངེས་པར་བཏགས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས། བསླབ་པའི་སྡོམ་པ་སྦྱིན་པ་དང་སོ་སོའི་དགེ་འདུན་གྱི་གྲངས་ཀྱང་གསུངས་སོ། །དགག་དབྱེར་གཏོགས་པའི་དགག་དབྱེའི་གཞི་ནི་དགེ་སློང་མའི་སོ་སོར་ཐར་པ་དང་། དེའི་རྣམ་པར་འབྱེད་པ་
དག་ལས་ཀྱང་ངོ་། །གསོ་སྦྱོང་དུ་གཏོགས་པའི་དགེ་སློང་མའི་སོ་སོར་ཐར་པ་དང་། དེའི་རྣམ་པར་འབྱེད་པ་དག་ལས་ཀྱང་ངོ་། །མི་སྡུག་པར་འགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། མི་སྡུག་པར་འགྲེང་བ་གང་ཡིན་པ་དེ་ནི་དགེ་འདུན་ཁ་སྐོང་བར་བྱེད་པ་པོ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །
เล่ม ๑๖๑ · หน้า 177b
གང་ལ་ལས་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། དེ་ཉིད་ཀྱང་ཁང་སྐོང་བ་ཉིད་མ་ཡིན་ནོ། །དེའི་ཕྱིར་འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི། གང་ཞིག་འདུན་པ་དང་ཡོངས་སུ་དག་པར་གཏོགས་པ་འབུལ་བར་བྱེད་པ་དང་། བརྗོད་པའི་ཆོ་ག་ཚོགས་པ་མི་མཐུན་པའི་དོན་
དུ་རྗེས་སུ་གནང་བ་དེའི་དབང་གིས་ཁ་སྐོང་བ་ཉིད་དུ་མ་ཡིན་ནོ། །དེ་འབུལ་བ་པོ་ལས་སྐྱེས་པར་མི་འགྱུར་བ་དེ་ལྟ་བས་ན། གསུམ་གྱིས་འདུན་པ་དང་ཡོངས་སུ་དག་པ་དག་བླངས་ནས་གསོ་སྦྱོང་དང་དགག་དབྱེ་དག་མི་བྱ་སྟེ། ལས་ཀྱི་འདུན་པ་གཞན་མ་བླངས་པར་ཞེས་བྱ་བའི་དོན་ཏོ། །དེ་གཉིས་དབུལ་
བར་བྱ་བ་དག་མ་ཡིན་ནོ་ཞེས་བྱ་བ་ནི་ཁ་སྐོང་བ་ལ་འདུན་པ་ཡོངས་སུ་དག་པ་དེ་གཉིས་འོས་པ་ཉིད་མ་ཡིན་ཏེ། དགེ་འདུན་གྱི་ཁ་སྐོང་བར་བྱེད་པ་པོས་འདུན་པ་དང་ཡོངས་སུ་དག་པ་གཉིས་དབུལ་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགག་དབྱེ་བྱེད་པ་ཉིད་དུ་མི་བསྐོའོ་ཞེས་བྱ་བ་ནི་ཁ་སྐོང་བར་བྱེད་པ་
ཞེས་བྱ་བར་སྦྱར་རོ། །བསྙེན་པར་མ་རྫོགས་པ་དང་ཉམས་པ་དང་མཚམས་མེད་པ་བྱས་པ་དང་། སྡིག་པའི་ལྟ་བ་ཅན་དང་ས་གཞན་ན་གནས་པ་དང་། ཐ་དད་པར་གནས་པ་རྣམས་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་ཀྱང་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་པའོ། །དེ་ལ་ཉམས་པ་ཞེས་བྱ་བ་
ནི་ཕམ་པའོ། །འདི་ལ་བསྙེན་པར་མ་རྫོགས་པ་ཞེས་བྱ་བ་སྨོས་སོ། །ཉམས་པ་ཞེས་བྱ་བ་སྨོས་པ་ཡང་མཚམས་མེད་པ་བྱས་པའི་ཚིག་གོ། །གང་གི་ཕྱིར་མ་ཉམས་པར་འགྱུར་ལ་མཚམས་མེད་པ་བྱས་པ་པོར་ཡང་འགྱུར་བ་དེ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་དྲུང་དུ་ངན་སེམས་ཀྱིས་ཁྲག་
འབྱིན་པ་དང་། དགེ་འདུན་གྱི་དབྱེན་ནོ། །ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ལས་གང་ཡང་རུང་བ་ལྟ་བ་མ་ཡིན་པར་གཏོགས་པ་དེ་ནི་སྡིག་པའི་ལྟ་བ་ཅན་ནོ། །འདིས་ནི་ཐམས་ཅད་ལྟ་བ་མཐུན་པ་ཚུལ་ཁྲིམས་ཡོངས་སུ་དག་པ་འདུས་པ་འཁོད་པ་དག་གིས་གསོ་སྦྱོང་དང་། དགག་དབྱེ་དང་གསོལ་
བ་དང་། གཉིས་དང་གསོལ་བ་དང་བཞིའི་ལས་བྱའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །ས་གཞན་ན་གནས་པ་ཞེས་བྱ་བ་ནི་སྤོ་བ་ལ་སོགས་པ་ཆད་པ་ནི་ལས་བྱེད་པའོ། །འདིས་ནི་བཞིའི་ཚོགས་ཀྱིས་ལས་བྱས་ཏེ། སྤོ་བ་བྱེད་པ་དང་ལས་བཞིས་བྱེད་པ་ཆོས་མ་ཡིན་པས་ལས་བྱེད་པ་ཡིན་ནོ། །
เล่ม ๑๖๑ · หน้า 178a
གཞི་ནས་སྤོ་བ་བྱེད་པ་དང་། མགུ་བ་སྤྱོད་པ་དང་གཞི་ནས་མགུ་བ་སྤྱོད་པ་སྤངས་པ་དང་བཞིས་བྱེད་ན་ཆོས་མ་ཡིན་པ་བྱེད་པ་ཡིན་ན་ཞེས་བསྡུས་པ་ཡིན་ནོ། །འདིར་ཆོས་མ་ཡིན་པའི་ལས་བྱེད་པ་དཔེ་ཙམ་ཡིན་ཏེ། སྤོ་བ་བྱེད་པ་རྣམས་ལ་སྤངས་པའི་ཚིག་ཏུ་རྣམ་པར་གནས་པ་ཡིན་
ནོ། །སྤོ་བ་བྱེད་པ་ལ་སོགས་པ་སྨོས་པ་ནི་བསླབ་པ་བྱིན་པ་ཡང་བཟུང་བར་གྲུབ་སྟེ། བསླབ་པ་བྱིན་པ་ནི་ཆོས་དམན་པ་ཡིན་པའི་ཕྱིར་རོ། །ཐ་དད་པར་གནས་པ་ཞེས་སྨོས་པ་ནི་འདིར་ཆོས་དང་མཐུན་པའི་ཕྱོགས་ཁས་བླངས་པ་ཡིན་པར་ཤེས་པར་བྱ་སྟེ། ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པར་ཁས་
བླངས་པའི་ཐ་དད་པར་གནས་པ་ནི་ཁོངས་སུ་བསྡུ་བ་བསྒྲུབ་པའི་དོན་དུ་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པར་ཁས་བླངས་པའི་ཐ་དད་པར་གནས་པ་ནི་སྡིག་པའི་ལྟ་བ་ཅན་ཞེས་སྨོས་པ་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །འཁྲུལ་པ་དང་བཅས་པ་ཡང་ངོ་ཞེས་བྱ་བ་ཡང་། ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་
བྱ་བ་ནི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲས་སྨོས་ཏེ། ཐམས་ཅད་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་གསུངས་པས་དེའི་ཕྱིར་མདོ་འདི་བྱས་སོ། །འདི་ཚུལ་ཁྲིམས་ཡོངས་སུ་དག་པ་ནི་ལྟུང་བ་ཐམས་ཅད་ཡོངས་སུ་དག་པས་ཡོངས་སུ་དག་པ་ཡིན་གྱི་ཕམ་པར་འགྱུར་བ་ཉིད་ཙམ་གྱིས་ནི་མ་
ཡིན་ནོ། །རང་བཞིན་དུ་གནས་པ་མ་ཡིན་པ་དེ་ཉིད་ཀྱིས་ཁ་སྐོང་བར་འོས་པ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་སིལ་བུ་དག་ལས། བཙུན་པ། ཇི་ཙམ་གྱིས་རང་བཞིན་དུ་གནས་པ་མ་ལགས་པར་འགྱུར། ཉེ་བ་འཁོར་ཇི་ཙམ་གྱིས་ལྷག་པར་སྤྱད་པ་མ་ཡིན་པ་ལྷག་པར་སྤྱོད་ཅིང་དགེ་སློང་གི་བསླབ་པ་
ལ་མི་བསླབ་པ་སྟེ། ཉེ་བ་འཁོར་དེ་ཙམ་གྱིས་རང་བཞིན་དུ་གནས་པ་མ་ཡིན་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིས་ནི་གང་ཡང་རུང་བས་འཁྲུལ་པར་གྱུར་ཅིང་དགེ་སློང་གི་རང་བཞིན་ལས་ཉམས་པར་འགྱུར་བ་ཉིད་ཅེས་བྱ་བའོ། །དེ་ཉིད་ཀྱིས་རང་བཞིན་དུ་གནས་པ་ཡིན་པ་དེ་བསྟན་ཏོ། །
རང་བཞིན་དུ་གནས་པ་མ་ཡིན་པ་དེ་ཉིད་ཀྱིས་ནི་ཕྱིར་ཟློག་པར་འོས་པ་ཉིད་མ་ཡིན་པར་གསུངས་ཏེ། དེ་ལྟར་ཡང་འདིར་གཞུང་ནི། བཙུན་པ། གང་ཟག་དུ་དག་གིས་སླར་བཟློག་པ་མི་ཆགས། ཉེ་བ་འཁོར་བཅུ་གཉིས་ཏེ། བྱིས་པ་དང་རྨོངས་པ་མི་གསལ་བ་དང་། མི་མཁས་པ་དང་ངོ་ཚ་མེད་པ་དང་།
เล่ม ๑๖๑ · หน้า 178b
ནད་དང་བཅས་པ་དང་། མཚམས་ཀྱི་ཕྱི་རོལ་ན་གནས་པ་དང་། གནས་ནས་ཕྱུང་བ་དང་ཚིག་ཡང་དག་པར་མ་བསྡམས་པ་དང་། སྤྱོད་ལམ་ལས་ཉམས་པ་དང་། རང་བཞིན་དུ་གནས་པ་མ་ཡིན་པ་དང་། བསླབ་པ་བྱིན་པས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་དགེ་སློང་ཉམས་པ་ལ་རང་བཞིན་དུ་
གནས་པ་མ་ཡིན་པ་དེའི་དོན་ཏོ། །སུ་ཞིག་འཁྲུལ་པ་མ་ཡིན་པ་ལ་ནི་དགེ་སློང་གི་རང་བཞིན་དུ་གྱུར་པ་ཉིད་མ་ཡིན་ནོ། །གང་གིས་འཁྲུལ་པ་དང་བཅས་པ་ཡིན་ཞེ་ན། དེའི་ཕྱིར་བསྡམས་པར་བྱས་པས་ཀྱང་ཡིན་གྱི་བཤགས་པར་བྱ་བ་འབའ་ཞིག་གིས་ཡིན་པར་མ་ཟད་དོ་ཞེས་བྱ་བ་སྨོས་ཏེ། འདིར་
གཞུང་ནི་དགག་དབྱེའི་གཞི་ལས། གལ་ཏེ་དེས་བསྡམ་པར་བྱ་བ་རྣམས་ཞེ་ན་བསྡམ་པར་བྱ་སྟེ། དགག་དབྱེ་བྱའོ་ཞེས་གསུངས་པ་ཡིན་ཏེ། དེང་དང་པོར་བྱ་སྟེ། དེ་ཉིད་ཀྱི་མཐར་གཞུང་ནི་རང་བཞིན་བྱེད་པ་དང་། རྣམ་པ་དུ་མས་ཞེས་གསུངས་པ་ཡིན་ནོ། །རང་བཞིན་དུ་གནས་ཏེ་སེམས་པ་
ལ་འདུག་པར་བྱའོ་ཞེས་བྱ་བ་འདི་ལ་གཞན་ཕམ་པ་བྱེད་པ་རྣམས་བསྟན་པའི་ཕྱིར་འཁྲུལ་པ་དང་བཅས་པ་ཞེས་བྱའོ། །འདིར་འཁྲུལ་པ་ཡོ་བྱད་འདི་བྱེད་བཞིན་ལ་འཁྲུལ་པ་མ་ཡིན་པ་ལྟར་བལྟ་བར་བྱ་བ་ཉིད་ཅེས་བྱ་བ་དེ་ལ་བརྗོད་པར་བྱ་སྟེ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་སྨོས་ཏེ།
དགེ་འདུན་ལྷག་མ་དང་སྤང་བའི་ལྟུང་བྱེད་ནི་བྱིན་གྱིས་བརླབས་ཏེ་འདུག་པར་བྱའོ། །ལྷག་མ་བསྡམ་པར་བྱ་བ་ལེན་པར་བྱེད་ན་བྱིན་གྱིས་བརླབས་པ་བསྐོ་བ་འདི་ལ་ཁ་སྐོང་བ་མ་ཡིན་པ་ཉིད་ཅེས་བྱ་བ་དེ་མཐུན་པ་ཉིད་དོ། །ནུས་པ་ཉིད་ཡིན་ན་མི་འགྱུར་རོ་ཞེས་བྱ་བ་ནི་འཆགས་ནུས་པ་ཉིད་ཡིན་ན།
བྱིན་གྱིས་བརླབས་པས་དག་པ་ཉིད་དུ་མི་འགྱུར་བའོ། །གང་གི་ཕྱིར་འདི་སྐད་བསྟན་ཏེ། གལ་ཏེ་ཕམ་པར་འགྱུར་བ་དག་ཤེས་ན་བསྙིལ་ཏེ་དགག་དབྱེ་བྱའོ། །གལ་ཏེ་དགེ་འདུན་ལྷག་མ་དག་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །གལ་ཏེ་སྤོང་བ་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་
དབྱེ་བྱའོ། །གལ་ཏེ་ལྟུང་བྱེད་དེ་དག་ཤེས་ན་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་སོ་སོར་བཤགས་པར་བྱ་བ་དག་ཤེས་ན་སོ་སོར་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་བཤགས་པར་བྱ་བའི་ཉེས་བྱས་དག་ཤེས་ན་བཤགས་ཏེ་དགག་དབྱེ་བྱའོ། །གལ་ཏེ་བསྡམ་པར་བྱ་བའི་ཉེས་
เล่ม ๑๖๑ · หน้า 179a
བྱས་དག་ཤེས་ན་བསྡམས་ཏེ་དགག་དབྱེ་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་སྐབས་འདིར་ལྷུང་བཟེད་ལ་སོགས་པ་རྣམས་ཀྱི་ཚིག་འདིས་བྱས་པར་འགྱུར་བར་ནུས་པ་ཉིད་ཡིན་ན་བྱིན་གྱིས་བརླབས་པས་དག་པ་འགྲུབ་པ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །
ཡང་ནུས་པ་ཉིད་གང་ཞེ་ན། དེའི་ཕྱིར། དེའི་ཚེ་ལེན་པ་ཡོད་ན་ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་དང་། སོ་སོར་བཤགས་པར་བྱ་བ་དང་ཕྱིར་བཅོས་པར་བྱ་བའི་ཉེས་བྱས་ནི་ནུས་པ་ཉིད་ཡིན་ཏེ་བཤགས་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་ཚེ་ལེན་པ་ཡོད་ན་ཞེས་བྱ་བ་ནི་ཉི་མ་དེ་ཉིད་ལ་
ལས་བྱེད་པ་དེའི་ཚེ་ཕྱིར་བཅོས་པར་ནུས་པ་ཉིད་དོ། །གང་དག་བཤགས་པ་ལ་ལེན་པ་གང་གི་ཕྱིར་དེ་རྣམས་ལ་དེའི་མདུན་དུ་བཤགས་པ་ཙམ་གྱིས་ཕྱིར་བཅོས་པ་དག་ཡིན་པའི་ཕྱིར་རོ། །ལྟུང་བ་ཆུང་བ་ལ་ནི་འདུ་ཤེས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ལྷག་མ་དང་བཅས་པར་འདུ་
ཤེས་པ་རྣམས་ཀྱིས་ནི་བྱིན་གྱིས་བརླབ་ཏུ་གཞུག་པའམ། ཕྱིར་བཅོས་པ་བྱེད་དུ་བཅུག་ནས་དེ་དང་ལྷན་ཅིག་ལས་བྱའོ། །ལྷག་མ་མེད་པར་འདུ་ཤེས་པ་རྣམས་ཀྱིས་ནི་དེ་མེད་པར་ལས་བྱའོ། །གཅིག་ལ་དེ་ལྟར་བསྙིལ་བ་དང་། མི་བསྙིལ་བ་དང་ཕྱིར་བཅོས་པ་རྣམ་པ་དུ་མ་ནི་རིགས་པ་ཁོ་
ནའོ་ཞེས་བྱ་བ་ནི། ལྷག་མ་མེད་པར་འདུ་ཤེས་པ་རྣམས་ཀྱིས་ནི་དེ་བསྙིལ་བར་བྱའོ། །ལྷག་མ་དང་བཅས་པར་འདུ་ཤེས་པ་རྣམས་ཀྱིས་ནི་བསྡུ་བར་བྱའོ། །བཤགས་པར་བྱ་བ་འདུ་ཤེས་པ་རྣམས་ཀྱིས་ནི། བཤགས་པའི་བདག་ཉིད་ཀྱི་ཕྱིར་བཅོས་པར་བྱེད་དུ་གཞུག་གོ། །བསྡམ་
པར་བྱ་བར་འདུ་ཤེས་པ་རྣམས་ཀྱིས་ནི་བསྡམས་པའི་བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གཅིག་ལ་མི་རིགས་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་ལ་སོགས་པ་རྣམས་ལས་ཀྱི་བྱེད་པ་པོ་མ་ཡིན་ནོ། །འདིར་གཞུང་ནི་
གླེང་གཞི་དག་ལས། བཙུན་པ། བསླབ་པ་བརྩལ་བས་ལས་དག་བགྱིས་ན་བགྱིས་ཞེས་བརྗོད་པར་བགྱིའམ་འོན་ཏེ་མ་བགྱིས་ཞེས་བརྗོད་པར་བགྱི། ཉེ་བ་འཁོར་མ་བྱས་ཞེས་བརྗོད་པར་བྱ་སྟེ། ཡང་བྱ་བ་དག་ཡིན་ནོ། །བཙུན་པ་ཟ་མ་དང་མ་ནིང་དང་དགེ་སློང་མ་སུན་ཕྱུང་བ་དང་། མ་བཀུམ་པ་དང་
เล่ม ๑๖๑ · หน้า 179b
ཕ་བཀུམ་པ་དང་དགྲ་བཅོམ་པ་བཀུམ་པ་དང་། དགེ་འདུན་གྱི་དབྱེན་བགྱིས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་ཐ་དད་པར་གནས་པ་དང་གནས་པར་མི་བགྱི་བས་ལས་དག་
བགྱིས་ན་བགྱིས་ཞེས་བགྱིའམ། འོན་ཏེ་མ་བགྱིས་ཞེས་བརྗོད་པར་བགྱིས། ཉེ་བ་འཁོར་མ་བྱས་ཞེས་བརྗོད་པར་བྱ་བ་སྟེ། ཡང་བྱ་བ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གང་ཚོགས་ཀྱི་ཁ་སྐོང་བར་མི་འོས་པ་དེ་དང་། དེས་ལས་བྱ་བས་ཐག་རིང་དུ་སྤང་བ་ཁོ་ན་ཡིན་ཏེ། ལས་བྱེད་
པ་ནི་ཚོགས་ཀྱིས་ཁ་སྐོང་བ་གཞན་དག་པས་ཆེས་གཅེས་པ་ཡིན་པའི་ཕྱིར་དང་དགེ་འདུན་གྱི་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རོ། །དགེ་འདུན་གྱི་སྒོར་གྱུར་པ་ཉིད་ཀྱིས་ལས་ཀྱི་ཡན་ལག་གཞན་ལས་ལས་ཀྱི་ཡན་ལག་འདི་ལ་གླེང་གཞི་ལས་གསུངས་པའི་བསླབ་པ་བརྩལ་བ་ལ་སོགས་པ་རྣམས་
ལ་གཞན་རྣམས་ནི་ལྷག་མའོ། །འདིར་དེ་རྣམས་ལ་ལས་བྱེད་པ་པོ་ཉིད་བཀག་པ་ལ་ཡོངས་སུ་བསྡུ་བའོ། །ལྷག་མ་དང་བཅས་པའི་ཕྱིར་བཅོས་པ་ལ་ཞུགས་པ་ནི་འདོན་པར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྔར་དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་སྨོས་པ་དེའི་དམིགས་ཀྱིས་བསལ་བ་
ཡིན་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་འཆོས་པ་ལ་ཞུགས་པ་སྤོ་བ་ལ་སོགས་པ་དང་། དབྱུང་བ་ལ་སོགས་པས་གསོ་བར་ཞུགས་པའི་གང་ཟག་གིས་ནི་སོ་སོར་ཐར་པའི་མདོ་འདོན་དུ་རུང་བ་ཉིད་ཡིན་པའོ། །བསྐོ་བ་པོ་གཞན་ཡོད་ན་ཉེས་བྱས་ཙམ་གྱི་མི་འཆགས་པ་ནི་མ་ཡིན་ནོ། །
དེ་ལས་གཞན་དེ་དག་གིས་ནི་ཐོས་པ་དང་བཅས་པར་མི་བྱའོ་ཞེས་བྱ་བ་ལ། དེ་ལས་གཞན་ཞེས་བྱ་བ་ནི་ལྷག་མ་དང་བཅས་པ་ཕྱིར་འཆོས་པ་ལ་ཞུགས་པས་སོ། །གཞན་པ་དེ་དག་གིས་ནི་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་ལ་སོགས་པ་རྣམས་ཀྱིས་སོ། །ཐོས་པ་དང་བཅས་པར་མི་བྱའོ་
ཞེས་བྱ་བ་ནི་ལས་སོ། །དེ་དག་ལས་ཁ་ཅིག་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། མ་སྤངས་པ་དང་མ་ལོག་པ་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། མ་སྤངས་ཞེས་སྨོས་པས་ནི་སྤངས་པ་ཐ་དད་པ་དང་གནས་ནས་ཕྱུང་བ་གཉིས་དམིགས་ཀྱིས་བསལ་བའོ། །ཉམས་པ་དང་མཚམས་
เล่ม ๑๖๑ · หน้า 180a
མེད་པ་བྱེད་པ་གཉིས་བྲལ་བའི་བསྙེན་པར་རྫོགས་པ་རྣམས་སྤོངས་པའི་ཕྱིར་ལོག་པ་ནི་འདིར་ལོག་པར་མངོན་པར་འདོད་པའོ། །ཉམས་པ་དང་མཚམས་མེད་པ་བྱེད་པ་གཉིས་ནི་ལོག་པ་ཡིན་ཏེ། གང་ལས་ཤེ་ན། བདེ་འགྲོར་འགྲོ་བ་དང་རང་བཞིན་དུ་གནས་པའི་རྗེས་
སུ་མཐུན་པ་ཉིད་ལས་སོ། །བསྙེན་པར་རྫོགས་པ་དང་བྲལ་བ་ནི། ཡང་བསྙེན་པར་རྫོགས་པ་ལས་ལོག་པ་ཡིན་ནོ། །མ་སྤངས་པ་དང་མ་ལོག་པ་མ་གཏོགས་པ་དེ་ལས་གཞན་པ་འདི་རྣམས་ཀྱིས་ཐོས་པ་དང་བཅས་པར་ལས་མི་བྱའོ་ཞེས་བྱ་བ་འདིས་ནི་བསླབ་པ་དང་། དེའི་ངོ་བོ་ཉིད་ཚོལ་
བ་བྱིན་པ་དང་། བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་སྤངས་པ་རྣམས་བསྟན་པར་རིག་པར་བྱ་སྟེ། དེ་རྣམས་ཀྱིས་ཐོས་པ་དང་བཅས་པར་ལས་བྱེད་པ་ལ་ཉེས་པ་མེད་དོ། །གནས་ནས་ཕྱུང་བ་ནི་རང་གིས་ལས་ཡང་ངོ་ཞེས་བྱ་བ་ཡང་མ་གཏོགས་སོ་ཞེས་བྱ་བ་རྗེས་སྙེགས་པའི་ཕྱིར་ཡང་ངོ་
ཞེས་བྱ་བའི་སྒྲ་སྨོས་ཏེ། གནས་ནས་བྱུང་བ་དེའི་རང་གིས་བཟོད་པ་གསོལ་བ་དེ་ནི་དེས་ཐོས་པ་དང་བཅས་པར་བྱ་བ་ལས་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཐ་དད་པར་གནས་པ་རྣམས་ཀྱིས་ཞེས་བྱ་བ་བྱེ་བྲག་མེད་པར་འདི་རྣམས་སྤང་བར་སྨོས་སོ་ཞེ་ན། བདེན་མོད་ཀྱི་འོན་
ཀྱང་ཡོངས་སུ་མ་བཟུང་བའི་ཐ་དད་པའི་གནས་ལ་དགོངས་ནས་ངེས་ཞེས་བྱ་བར་ཤེས་པར་བྱ་སྟེ། ཡོངས་སུ་བཟུང་བ་ལ་ཡོངས་སུ་སྤངས་པར་མི་རིགས་པའི་ཕྱིར་རོ། །གནས་ནས་ཕྱུང་བ་དག་ལ་ཐོས་པའི་ཉེན་ཀོར་སྤངས་ཏེ་མཐོང་བའི་ཉེན་ཀོར་དུ་བཞག་ནས། གཞན་འདོན་པས་མ་
ཡིན་པའི་འདིར་ལུང་དུ་རིག་པར་བྱའོ། །ནང་དུ་དྲི་བའི་ཕྱིར་གསོལ་བ་ལ་སོགས་པ་བསྙེན་པར་རྫོགས་པར་བྱ་བ་ལ་ཡང་ངོ་ཞེས་བྱ་བ་ཡང་མ་གཏོགས་སོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ནང་དུ་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུ་བར་ཆད་ཀྱི་ཆོས་གང་དག་དྲི་
བ་སྟེ་དེའི་ཕྱིར་རོ། །གསོལ་བ་ཞེས་བྱ་བ་ནི་དེ་དང་པོའི་ལས་ལ་བསྙེན་པར་རྫོགས་བཞིན་སྤངས་ནས་ཞེས་བྱ་བའི་དོན་ཏོ། །བསྙེན་པར་མ་རྫོགས་པས་ཐོས་པ་དང་བཅས་པའི་ལས་དེ་བྱའོ། །དེ་ལས་གཞན་ཐོས་པའི་ཉན་ཀོར་དོར་བར་བྱས་ནས་མཐོང་བའི་ཉེན་ཀོར་དུ་བཞག་སྟེ་ཞེས་བྱ་བའི་ཚིག་
เล่ม ๑๖๑ · หน้า 180b
ནི་འདིར་ལུང་ལས་སོ། །ཅི་ཐོས་པར་བྱ་བ་མ་ཡིན་པ་ལས་མངོན་སུམ་དུ་བྱས་པ་དང་། རྗེས་སུ་བསྒྲག་པར་བྱ་བ་དང་། དེ་བྱ་བའི་ལས་ལ་བསྙིལ་ལམ་འོན་ཏེ་རྣམ་པ་གང་གིས་གཟུང་བར་བྱ་ཞེ་ན། དེའི་ཕྱིར་དེ་དག་བྱ་བ་ལ་ལྟ་བའི་ཉེན་ཀོར་དུ་གཞག་པས་ནི་མངོན་སུམ་དུ་བསྒྲུབ་བོ། །གོ་བར་བྱ་བས་
ནི་རྗེས་སུ་བསྒྲག་པའོ་ཞེས་བྱ་བ་སྨོས་ཏེ། དེ་དག་བྱ་བ་ལས་ཞེས་བྱ་བ་ནི་མངོན་སུམ་དུ་བྱ་བ་དང་རྗེས་སུ་བསྒྲག་པར་བྱ་བ་ལའོ། །མངོན་སུམ་དུ་བྱ་བ་ནི་གང་ཞིག་ཐོས་པར་བྱ་བ་ཡིན་པའི་ལས་བྱེད་པ་དེར་ལྟ་བའི་ཉེན་ཀོར་དུ་གཞག་པས་མངོན་སུམ་དུ་བསྒྲུབ་པར་བྱའོ། །རྗེས་སུ་བསྒྲག་པ་ནི་ཐོས་
པར་བྱ་བ་མ་ཡིན་པའི་ལས་བྱ་བ་ལ་སོགས་པའི་བྱ་བས་རྫས་སུ་བསྒྲག་པར་བསྒྲུབ་པར་བྱ་སྟེ། ཁྱོད་ལ་གསོལ་བ་དང་བཞིའི་ལས་བྱ་བ་ལས་གསོལ་བ་ནི་བྱས་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་གོ་བར་བྱ་བས་སོ། །སྨྱོས་པའི་གནང་བ་དང་ཕྱག་མི་བྱ་བ་དང་མི་སྨྲ་བ་དང་། ལོངས་མི་སྤྱོད་པ་དང་
གཙུག་ལག་ཁང་གི་སྡོམ་པ་དག་ནི་མངོན་སུམ་དུ་མ་གྱུར་པར་རོ་ཞེས་བྱ་བ་ནི། གཙུག་ལག་ཁང་ལ་སོགས་པ་རེ་རེ་ལ་སྡོམ་པའི་སྒྲ་སྦྱར་བར་བྱ་སྟེ། གཙུག་ལག་ཁང་གི་སྡོམ་པ་དང་སྨྱོས་པའི་སྡོམ་པ་དང་ཕྱག་མི་བྱ་བའི་སྡོམ་པ་དང་། ལོངས་མི་སྤྱོད་པའི་སྡོམ་པ་ཞེས་བྱ་བའོ། །འདིར་
གཞུང་ནི་མ་མོ་ལས། མངོན་སུམ་དུ་མ་གྱུར་པར་བྱ་བའི་ལས་བཅུ་གང་ཞེ་ན། ལྷུང་བཟེད་ཁ་སྦུབ་པ་དང་། ལྷུང་བཟེད་ཁ་སྦུབ་བག་ཡངས་སུ་བྱ་བ་དང་། བསླབ་པའི་སྡོམ་པ་དང་བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་དང་། གཙུག་ལག་ཁང་གི་སྡོམ་པ་དང་། དགེ་ཚུལ་གྱི་སྡོམ་པ་དང་།
སྨྱོས་པའི་སྡོམ་པ་དང་། ཕྱག་མི་བྱ་བའི་སྡོམ་པ་དང་། མི་སྨྲ་བའི་སྡོམ་པ་དང་། ལོངས་མི་སྤྱོད་པའི་སྡོམ་པའོ་ཞེས་གསུངས་པ་ཡིན་ནོ། །ཅི་སྟེ་ཅིའི་ཕྱིར་ལྷུང་བཟེད་ཁ་སྦུབ་པ་ལ་སོགས་པ་ནས་དགེ་ཚུལ་གྱི་སྡོམ་པའི་བར་གྱི་སྡོམ་པ་ལྔ་པོ་རྣམས་འདིར་ཅིའི་ཕྱིར་འདིར་མ་བསྡུས་ཤེ་ན། དེ་རྣམས་
ནི་བསྙེན་པར་མ་རྫོགས་པའི་ཡུལ་ཡིན་པས་དེ་དག་ལ་མངོན་སུམ་དུ་གྱུར་པའི་དོགས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་མདོ་འདིར་མ་སྨོས་སོ། །འདི་ན་རང་ལ་ངེས་པ་བྱེད་པ་སྟེ། གཞན་དག་བསྐྲད་པས་ནི་མ་ཡིན་ནོ། །དེ་བས་ན་དེ་རྣམས་ལ་མངོན་སུམ་དུ་མ་གྱུར་པ་ཉིད་ལ་བྱ་བ་ཉིད་དོ། །འདི་ནི་སྨྲ་
เล่ม ๑๖๑ · หน้า 181a
བར་མི་བྱ་བ་དང་། དེ་ནི་ལོངས་སྤྱོད་པར་བྱ་བ་མ་ཡིན་པ་དང་། དེའི་གཙུག་ལག་ཁང་དུ་འགྲོ་བ་མ་ཡིན་པ་ཞེས་བྱ་བའི་དོན་དེ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་མི་སྨྲ་བ་དང་། ལོངས་སྤྱད་པར་མི་བྱ་བ་དང་། གཙུག་ལག་ཁང་གི་སྡོམ་པ་རྣམས་རིག་པར་བྱའོ། །སྨྱོས་
པའི་སྡོམ་པ་ནི་སྨྱོས་པ་དང་རྩེ་གཅིག་པ་དང་། སྨྱོས་པ་དང་རྩེ་གཅིག་པ་མ་ཡིན་པའི་གྲུབ་པའི་དོན་དུ་སྦྱིན་པ་ཡིན་ནོ། །ཕྱག་མི་བྱ་བའི་སྡོམ་པ་ནི་དགེ་སློང་བསྙིལ་བ་ལ། དགེ་སློང་མ་རྣམས་ཀྱིས་བྱ་བའོ། །སྡོམ་པ་འདི་རྣམས་ནི་བསྙེན་པར་རྫོགས་པ་མངོན་སུམ་དུ་མ་གྱུར་པ་མ་ཡིན་པ་རྣམས་
ལ་བྱེད་པ་ཡིན་གྱི། ལས་གཞན་ཐམས་ཅད་ནི་མངོན་སུམ་དུ་གྱུར་པ་རྣམས་ལའོ། །གསོལ་བ་མ་བྱས་པར་དེའི་དོན་དུ་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་གང་གི་དོན་དུ་ལས་བརྗོད་པ་དེ་མ་ཤེས་པ་ལ་ལས་བརྗོད་པར་མི་བྱའོ། །སྔར་མི་མཐུན་པ་དག་མི་བྱའོ་ཞེས་སྨོས་པ་དེའི་མི་མཐུན་པའི་ངོ་བོ་
ཉིད་བསྟན་པའི་ཕྱིར། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པའི་ཁ་སྐོང་བར་འོས་པ་ལུས་སམ་དེ་ལ་འདུན་པས་རྗེས་སུ་མ་ཞུགས་པ་ཉིད་དང་། ཕྱིར་ཟློག་པར་བྱེད་པ་ཡང་གང་ལ་ལས་དེ་བྱེད་པ་དེ་ལས་གཞན་པས་གལ་ཏེ་མི་མཐུན་པ་དང་ཆོས་དང་ལྡན་ན་སྤྱོད་ལམ་མ་ཉམས་པ་དང་། རང་
བཞིན་དུ་གནས་པ་དང་། ངག་ཡང་དག་པར་བསྡམས་པས་མངོན་པར་མི་ཤེས་པ་དང་། ནད་དང་བཅས་པ་མ་གཏོགས་པས་ནི་མི་མཐུན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། མི་མཐུན་པ་ཉིད་ནི་རྣམ་པ་གཉིས་ཏེ། འདུས་པར་རྗེས་སུ་ཞུགས་པ་ཉིད་དང་། ཕྱིར་ཟློག་པར་བྱེད་པའོ། །གང་
དུ་བྱེ་བྲག་གང་དང་ལྷན་ཅིག་པའི་འདུག་པ་ལ་རྗེས་སུ་མ་ཞུགས་པ་ཉིད་ཅེས་བྱ་བ་དེ་དང་པོར་བསྟན་པའི་ཕྱིར། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བ་སྨོས་ཏེ། མཚམས་གང་དུ་ལས་དེ་བྱེད་པ་དེའི་ཁོངས་སུ་གཏོགས་པའི་དགེ་སློང་ངོ་ཞེས་བྱ་བའི་དོན་ཏོ། །ཁ་སྐོང་བར་འོས་པ་
ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་དང་། ཉམས་པ་ལ་སོགས་པ་གཞན་ལ་ཞེས་བྱ་བའི་དོན་ཏོ། །འདིར་ལུང་ནི་ཇི་སྲིད་དུ་དགེ་སློང་དག་མཚམས་ཐོབ་པ་དང་བྱ་བ་ཐོབ་པ་ཞེས་བྱ་བའོ། །དེ་བས་ན་བྱ་བ་ཐོབ་པའི་ཚིག་གོ། །གང་གི་ཕྱིར་དེ་ནི་བྱ་བ་ཐོབ་པ་ཉིད་ཡིན་ཏེ། གང་ཞིག་བསྐང་བའི་ཕྱིར་
เล่ม ๑๖๑ · หน้า 181b
འོས་པ་ཉིད་དོ། །རྣམ་པ་གང་གིས་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་ཅེ་ན། དེའི་ཕྱིར་ལུས་སམ་དེ་ལ་འདུན་པ་ཞེས་བྱ་བ་སྨོས་ཏེ། ཕྱིར་ཟློག་པར་བྱེད་པའི་མཐའ་མ་ཅན་མི་མཐུན་པ་ཉིད་ཅེས་བྱ་བ་འདི་དང་འདི་འབྲེལ་བའོ། །གང་དུ་དེ་རྗེས་སུ་མ་ཞུགས་པ་ཉིད་སྨོས་པ་དེའི་མཚམས་ཀྱི་
ཁོངས་སུ་གཏོགས་པ་ཁ་སྐོང་བའི་ཕྱིར་འོས་པ་དེ་ཉིད་ལ་ཆོས་དེ་བཞིན་ནོ་སྙམ་དུ་ཤེས་པར་བྱ་བའི་ཕྱིར་ཡང་གི་སྒྲའོ། །ཕྱི་རོལ་གྱི་མཚམས་སུ་གནས་པ་ལ་ནི་ཕྱིར་ཟློག་པར་བྱེད་པ་སྐྱེ་བ་མ་ཡིན་ཏེ། ཕྱིར་ཟློག་པར་བྱེད་པ་ཞེས་བྱ་བ་ནི་ཕྱིར་ཟློག་པར་བྱེད་པས་ཡང་ཞེས་བྱ་བ་སྟོན་ཏེ། དེ་ལ་
མི་མཐུན་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གང་གི་ཕྱིར་ཟློག་པར་བྱེད་ཅེ་ན། དེའི་ཕྱིར་གང་ལ་ལས་དེ་བྱེད་པ་དེ་ལས་གཞན་ནི་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་བཟློག་པ་འཆགས་ཀྱི་གང་ལ་ལས་དེ་བྱེད་པ་ཉིད་ཀྱིས་ཕྱིར་བཟློག་པ་ནི་མི་འཆགས་སོ། །ཅི་ལས་ཐམས་ཅད་ལ་གང་ལ་བྱེད་པ་
བརྩལ་བར་བྱ་བའམ་ཞེ་ན། དེའི་ཕྱིར་གལ་ཏེ་མི་མཐུན་པ་དང་ཆོས་དང་ལྡན་ན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ལས་དེ་ལྟ་བུ་ཡིན་ན་ལས་དེ་ལྟ་བུ་དེ་ལ་བརྩལ་བའོ། །གཞན་མི་མཐུན་པའི་དེ་འཆགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཆད་པ་ལས་གསོལ་བའི་གྲངས་སུ་གཞུག་པ་དག་ནི་གང་ལ་བྱེད་པ་
དེས་ཕྱིར་བཟློག་པ་ནི་མི་འཆགས་སོ། །སྦྱིན་པ་དང་དབྱུང་བ་དང་བཟོད་པ་དང་བསྐོ་བ་དག་ལ་ནི་དེ་བས་ན་དེ་བྱེད་པའོ། །འདིར་གཞུང་ནི་གླེང་གཞི་དག་ལས། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ལ་ལས་བྱེད་པ་དེས་ཕྱིར་བཟློག་པ་མི་འཆགས་སོ་ཞེས་གསུངས་པ་དེ་ལ། བཙུན་པ་གང་ལ་
ཚོགས་མ་ལགས་པས་ལས་བགྱིས་པ་དེས་སླར་ཟློག་པ་ནི་མི་འཆགས་སམ། ཉེ་བ་འཁོར་འཆགས་སོ། །བཙུན་པ། རེ་ཞིག་གང་ཟག་བཅུ་གཉིས་པོ་དེ་དག་བསྐོ་བ་ན། དེ་དག་འདི་སྐད་ཅེས་བདག་ཅག་མ་བསྐོ་ཅིག་ཅེས་མཆི་ན། དེ་དག་གིས་སླར་བཟློག་པ་ཡང་མི་འཆགས་སམ། ཉེ་
བ་འཁོར་འཆགས་ཏེ། མི་འཆགས་སོ་ཞེས་བྱ་བ་དེ་ནི་ངས་ཆད་པའི་ལས་ལ་དགོངས་ཏེ་གསུངས་པ་ཡིན་ནོ། །གང་ཟག་གི་རྣམ་པ་ཇི་ལྟ་བུས་ཕྱིར་བཟློག་པ་འཆགས་ཤེ་ན། དེ་བསྟན་པའི་ཕྱིར་སྤྱོད་ལམ་ལས་མ་ཉམས་པ་དང་། རང་བཞིན་དུ་གནས་པ་དང་། ངག་ཡང་དག་པར་བསྡམས་པ་
เล่ม ๑๖๑ · หน้า 182a
མངོན་པར་མི་ཤེས་པ་དང་ནང་དང་བཅས་པ་མ་གཏོགས་སོ་ཞེས་སྨོས་ཏེ། དེ་ལྟ་བུའི་རྣམ་པ་ཐམས་ཅད་ལས་འཆགས་པར་འོས་པ་ཉིད་དུ་ཐལ་བ་བསྟན་པའི་ཕྱིར། མངོན་པར་མི་ཤེས་པ་དང་ནང་དང་བཅས་པ་མ་གཏོགས་པ་ཞེས་བྱ་བ་སྨོས་ཏེ། འདིས་མངོན་པར་མི་ཤེས་
པ་ཞེས་བྱ་བ་འདིས་ནི་བྱིས་པ་དང་རྨོངས་པ་དང་མི་མཁས་པ་དང་། རིགས་ངན་པའོ་ཞེས་གསུངས་པ་གང་ཡིན་པ་དེའི་འདི་བསྡུས་པ་ཡིན་ནོ། །དེ་ནི་འདིར་མི་ཤེས་པ་སྟེ། འདི་ལ་ཕྱིར་བཟློག་པ་དེ་ལ་གཏོགས་པའི་རིགས་པས་སྨྲ་བ་ཉིད་འབྱུང་བར་འགྱུར་ཞེས་བྱ་བ་གཟུང་བར་བྱ་བ་མ་ཡིན་པའི་ཚིག་
སྤངས་པ་འདི་ཉིད་ལ་གང་ཞིག་དེ་རྣམས་འཆགས་པའོ། །ནང་དང་བཅས་པ་ཞེས་བྱ་བ་ནི་ཞེ་འགྲས་པའི་དངོས་པོར་རིགས་པ་རྗེས་སུ་གཟུང་བར་བྱ་བ་མ་ཡིན་པས། དེ་རྗེས་སུ་བཟུང་བ་འདི་ལ་ཡང་རིགས་པ་དོགས་པར་བྱ་བ་མ་ཡིན་ཏེ། ཡིད་ཆེས་པ་ལ་བརྟེན་པ་མ་ཡིན་པ་ཉིད་དེ་བས་ན་འདི་ལ་
ཚིག་ཏུ་མ་བསྡུས་པ་ཉིད་དོ། །གཞུང་ལས་བཙུན་པ་དུ་དག་གིས་སླར་ཟློག་པ་འཆགས། ཉེ་བ་འཁོར་བཞི་སྟེ། རང་བཞིན་དུ་གནས་པ་དང་། དེའི་མཚམས་ན་གནས་པ་དང་། སྤྱོད་ལམ་ལས་མ་ཉམས་པ་དང་། ངག་ཡང་དག་པར་བསྡམས་པས་སོ་ཞེས་གསུངས་པ་ལ། འདིར་ངག་ཡང་དག་
པར་བསྡམས་པ་ཉིད་ཀྱིས་གནོང་བར་མི་ཤེས་པ་དང་། ནང་དང་བཅས་པ་གཉིས་གསལ་བར་རིག་པར་བྱའོ། །ནང་དང་བཅས་པ་ལ་དུ་མ་ཡིན་པ་ཉིད་ཀྱི་ཕྱིར་བརྗོད་པ་མི་རིགས་པ་ཡིན་ནོ། །མངོན་པར་མི་ཤེས་པ་ལ་ནི་མི་རུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་ཚིག་འདི་དག་ལ་བསྡམས་པའི་
དབང་གིས་སོ། །དེ་ཞེས་བྱ་བ་ནི་མ་བསྡམས་པ་ཉིད་དེ་དག་ལ་འདི་སྨོས་སོ། །འོ་ན་མདོ་ལས་ཅིའི་ཕྱིར་འདི་དག་བཏང་བར་བྱས་པ་ཡིན་ཞེ་ན། དེའི་ཕྱིར་ཤིན་ཏུ་གསལ་བར་བསྟན་པ་ཞེས་གསུངས་པ་ཡིན་ནོ། །མ་ཉམས་པ་ཞེས་བྱ་བ་ལ། འདིར་ཉམས་པ་ནི་གང་ཡིན། གང་ཞིག་
མེད་པས་མ་ཉམས་པ་ཉིད་དོ། །ཅི་རང་བཞིན་དུ་མི་གནས་པ་ཉིད་དམ། མ་བསྡམས་པ་ནི་གང་ཡིན། གང་ཞིག་ཟློག་པ་དང་ལྡན་པས་བསྡམས་པ་ཉིད་ནི་རང་བཞིན་དུ་གནས་པ་ཉིད་དོ་སྙམ་པ་ལ། སིལ་བུ་དག་ལས། བཙུན་པ་ཇི་ཙམ་གྱིས་ན་ངག་ཡང་དག་པར་མ་བསྡམས་པ་ལགས་ཉེ་བ་
เล่ม ๑๖๑ · หน้า 182b
འཁོར་གང་ཚུན་ཆད་བརྫུན་དུ་སྨྲ་བའམ། ཕྲ་མ་ཅན་ནམ། ངག་རྩུབ་པོ་ཅན་ནམ། ཚིག་འཁྱལ་པ་ཅན་ཡིན་ནའོ་ཞེས་བྱ་བ་ལ་སོགས་པ་དག་བསྡུ་བའི་ཕྱིར། བརྫུན་དུ་སྨྲ་བའི་རྗེས་སུ་མཐུན་པ་ཉིད་ནི་ངག་ཡང་དག་པར་མ་བསྡམས་པའོ་ཞེས་བྱ་བ་སྨོས་ཏེ། བརྫུན་དུ་སྨྲ་བའི་རྗེས་སུ་མཐུན་པ་ཉིད་ཅེས་
བྱ་བ་ནི། བརྫུན་དུ་སྨྲ་བ་ལས་སེམས་ཕྱིར་མ་བསྡམས་པ་ཉིད་དེ། དེ་ནི་ངག་ཡང་དག་པར་མ་བསྡམས་པ་ཡིན་གྱི། དྲན་པ་ཉམས་པ་གང་ཡང་རུང་བས་བརྫུན་དུ་གྱུར་པ་ནི་མ་ཡིན་ནོ། །ཅི་དེ་འབའ་ཞིག་གིས་ངག་ཡང་དག་པར་མ་བསྡམས་པ་ཡིན་ནམ་ཞེ་ན། དེའི་ཕྱིར་ཕྲ་མ་དང་། ངག་རྩུབ་མོ་
དང་ཚིག་འཁྱལ་པའི་ཡང་ངོ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་མཐུན་པ་ཉིད་ནི་ངག་ཡང་དག་པར་མ་བསྡམས་པའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དེ་དག་རེ་རེའི་རྗེས་སུ་མཐུན་པ་ཉིད་ཀྱང་འདིར་ངག་ཡང་དག་པར་མ་བསྡམས་པ་ཡིན་པར་བལྟ་བར་བྱའོ། །རང་བཞིན་དུ་
གནས་པ་མ་ཡིན་པ་ཉིད་ཀྱང་དེ་དག་གིའོ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་དེ་དག་གི་རྗེས་སུ་མཐུན་པ་ཉིད་ཡིན་ཏེ་དེ་བས་ན་ངག་ཡང་དག་པར་མ་བསྡམས་པ་དེ་ནི་རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་ཀྱང་བྱའོ། །གཞན་ཡང་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ནི་ལྟུང་བར་འགྱུར་བ་དག་ལྷག་པར་སྤྱོད་
པའི་རྗེས་སུ་མཐུན་པ་ཉིད་ཀྱང་རང་བཞིན་དུ་གནས་པ་མ་ཡིན་པ་ཞེས་བྱའོ། །བྱ་བ་མི་བྱེད་པ་ཞེས་བྱ་བ་ནི་གང་ཞིག་བྱ་བ་གང་ཡིན་པ་དེ་མི་བྱེད་པ་ལ་ལྟུང་བ་བསྐྱེད་པ་ནི་མི་མཐུན་པ་ཉིད་དེ། བསླབ་པ་ཐམས་ཅད་ལ་བརྩོན་པ་བཏང་ཞིང་སྤྲོ་བ་བོར་བ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བརྩམས་པ་འགྲོ་བའི་
སེམས་ཀྱིས་བཏང་བ་ནི་སྤྱོད་ལམ་ལས་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི་འདུག་པ་ཞེས་བྱ་བའི་སྤྱོད་ལམ་དེ་བརྩམས་ཤིང་སྔར་འདུག་པར་གྱུར་པ་གཞན་དུ་འགྲོ་བའི་སེམས་ཀྱིས་བཏང་བ་ནི་སྤྱོད་ལམ་ལས་ཉམས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ལ་འཇུག་པ་ཞེ་ན། དེའི་སྤྱོད་ལམ་འདི་ལ་ཞེས་བྱ་བའི་
དོན་ཏོ། །དགེ་འདུན་གྱི་ནང་ནས་སྟན་ལས་ལངས་པ་ནི་སྤྱོད་ལམ་ལས་ཉམས་པ་ཡིན་གྱི། དེ་ནས་གཞན་དུ་མ་ཡིན་ནོ། །འདིར་གཞུང་ནི་ཉེ་བ་འཁོར་གང་ཚུན་ཆད་དགེ་འདུན་གྱི་ནང་ནས་ལངས་པར་གྱུར་པའོ་ཞེས་བྱ་བ་འདི་གསུངས་པ་ཡིན་ཏེ། སྟན་ལས་ལངས་པ་ཉིད་དང་དགེ་འདུན་གྱི་ནང་
เล่ม ๑๖๑ · หน้า 183a
ནས་ལངས་པ་ཉིད་མ་སོང་བ་ཉིད་ཅེས་བྱ་བ་འདི་ལ་འདིར་དོན་རྣམ་པར་གཞག་པ་དང་འདྲ་བ་དེ་ནི་འདིའི་དོན་ཏོ། །གནས་སུ་སོང་བ་དོན་གཞན་གཙོ་བོ་ལ་ཞུགས་པ་ཞེས་བྱ་བ་ནི་ཆགས་པའོ། །ལྟ་བ་དགེ་འདུན་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་བྱ་བ་དོགས་པ་ལ་ལྟ་བའི་བློ་ནི་
ལྟ་བ་ཞེས་བྱ་བའི་སྒྲ་བརྗོད་པ་ཡིན་ནོ། །གཞན་ལ་ནི་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་ལས་གཞན་པའི་ཚོགས་དགེ་འདུན་མ་ཡིན་པ་ལ་ལྟ་བ་བརྗོད་པར་མི་བྱ་ན། གང་ཟག་ལ་ལྟ་སྨོས་ཀྱང་ཅི་དགོས། བསྙེན་པར་མ་རྫོགས་པ་ལ་མི་བྱའོ་ཞེས་བྱ་བ་ནི་དགེ་ཚུལ་གྱི་དགེ་འདུན་ལ་ཡང་མ་ཡིན་ཞེས་བྱ་བའི་
དོན་ཏོ། །ཁ་སྐོང་བར་འོས་པ་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པ་ཡིན་ཡང་དགེ་འདུན་གྱི་ཁ་སྐོང་བའི་འོས་མ་ཡིན་པ་རྣམས་ལ་ཡང་ལྟ་བ་བརྗོད་པར་མི་བྱའོ། །ལྷག་མ་མ་ལུས་པ་ཉིད་མི་བྱའོ་ཞེས་བྱ་བ་ནི་བསྡུས་པའི་གང་ཟག་ཏུ་གཏོགས་པའི་གཞི་ལ་མ་བསྡུས་པའི་གང་
ཟག་ལས། དེའི་རྒྱུས་གནོད་པ་འབྱུང་བ་སྤང་བའི་ཕྱིར། ལྟ་བ་བརྗོད་པ་ཉིད་མི་བྱའོ། །འདིར་གཞུང་ནི་མ་མོ་ལས། ཆོས་དང་ལྡན་པ་མ་ཡིན་པའི་ལྟ་བ་བརྗོད་པ་ལྔ་གང་ཞེ་ན། གནས་པར་མི་བྱ་བ་ལ་ལྟ་བ་བརྗོད་པ་དང་། ཐ་དད་པར་གནས་པ་ལ་ལྟ་བ་བརྗོད་པ་དང་། བསྙེན་པར་མ་རྫོགས་པ་ལ་
ལྟ་བ་བརྗོད་པ་དང་། ཚོགས་ལ་ལྟ་བ་བརྗོད་པ་དང་། ལྷག་མ་མ་ལུས་པའི་དངོས་པོའི་ལྟ་བ་བརྗོད་པ་སྟེ། ལྔ་པོ་དེ་དག་ནི་ཆོས་དང་ལྡན་པ་མ་ཡིན་པའི་ལྟ་བ་བརྗོད་པ་དང་། དེ་ལས་བཟློག་པ་ལྔ་ནི་ཆོས་དང་ལྡན་པའི་ལྟ་བ་བརྗོད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འདིར་ཚོགས་ཞེས་སྨོས་
པ་ནི་དགེ་འདུན་དུ་མར་གྱུར་པ་རྣམས་བཟུང་ངོ་། །གང་རྣམས་ཀྱི་མདུན་དུ་ཆོས་དང་ལྡན་པ་འབྱུང་བ་སྨོས་པ་དེ་རྣམས་ནི་དགེ་འདུན་དུ་གྱུར་པ་རྣམས་ལ་ཞེས་བྱ་བར་ཤེས་པར་བྱའོ། །ལྷག་མ་མ་ལུས་པའི་དངོས་པོའི་ལྟ་བ་བརྗོད་པ་བཀག་པ་ནི་དེའི་ཕྱིར། གང་ཟག་དེ་ལས་དེའི་རྒྱུས་གནོད་པ་
འབྱུང་བ་སྤང་བའི་ཕྱིར། འདིར་གཞུང་ནི་ཞུ་བ་ལས། སྔོན་ལྟུང་བ་བྱུང་བ་ལས་ལྟ་བ་བརྗོད་ན་ཉེས་བྱས་སོ། །རྐུ་ཐབས་སུ་གནས་པ་དང་། དང་པོ་འཁྲུག་པ་དང་བསླབ་པ་བྱིན་པ་དང་། དགེ་ཚུལ་ལ་ལྟ་བ་བརྗོད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་གནས་ནས་ཕྱུང་བ་ལ་ལྟ་བ་བརྗོད་ན་
เล่ม ๑๖๑ · หน้า 183b
ཡང་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་འདིར་བསྡུས་ནས་སྨོས་པ་གང་རྗེས་སུ་གནང་བ་ལ་དབང་བ་དེ་ལ་ནི་འབྱུང་བ་འདི་རིགས་པ་ཡིན་ནོ་ཞེས་བྱ་བ་འདི། གནས་པར་མི་བྱ་བ་ལ་སོགས་པ་རྣམས་ཀྱི་མདུན་དུ་འབྱུང་བ་དགག་པ་འདི་ཡིན་ཏེ། དེ་བས་ན་ཐམས་ཅད་དུ་ཡང་ཁ་སྐོང་བར་འོས་པ་
མ་ཡིན་པ་བཀག་པར་ཤེས་པར་བྱའོ། །བསྐོས་པ་རྗེས་ནས་ཆེས་ལེགས་པ་དང་ཆེས་མང་དུ་བྱེད་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། སྔར་བསྐོས་པའི་གང་ཟག་རྗེས་ནས་བྱ་བ་དེ་ལ་འདི་འབྱུང་བ་འདི་གང་ཞིག་ཆེས་ལེགས་པར་བྱེད་པ་དང་། ཆེས་མང་དུ་བྱེད་པའི་གང་ཟག་གཞན་ཡང་ཡིན་པ་དེ་བསྐོ་བར་
བྱའོ། །འདིར་གཞུང་ནི་མ་མོ་ལས་དེ་དང་པོར་བྱས་ཏེ། དེ་སྤང་བར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དུས་ངེས་པར་བྱ་སྟེ་མི་བྱའོ་ཞེས་བྱ་བ་ནི་བསྐོ་བར་རོ། །གང་ལ་དུས་ངེས་པར་བྱ་སྟེ་བསྐོ་བར་མི་བྱ་ཞེ་ན། དེའི་ཕྱིར་ཡང་དང་ཡང་དུའམ་གཞན་ལའོ་ཞེས་བྱ་བ་སྨོས་ཏེ།
དེའི་གཞན་དུ་ཡང་དགོས་པ་འབྱུང་ངོ་ཅོག་ཏུ་ཁྱོད་འབའ་ཞིག་བསྐོའོ་ཞེས་དེ་ལྟར་དུས་ངེས་པར་བྱ་སྟེ། མི་བསྐོའོ། །གཞན་ལའོ་ཞེས་བྱ་བ་ནི་དགོས་པ་གཞན་དག་ལ་ཁྱོད་ཁོ་ན་བསྐོའོ་ཞེས་དེ་ལྟར་དུས་ངེས་པར་བྱ་སྟེ། ཡང་མི་བསྐོའོ། །གཞན་ལ་ཡང་ཇི་ཙམ་གྱིས་ཆོག་པ་ན་སྤང་བ་སྦྱིན་ནོ་
ཞེས་བྱ་བ་ལས་མཐུན་པ་གཅིག་ལ་ཇི་སྲིད་དུ་དགོས་པ་སྤོང་བར་བྱེད་པ་དེ་ལས་བསྐྲད་པར་མི་བྱའོ་ཞེས་བྱ་བའོ། །བསྐོས་པ་མེད་ན་མདུང་དོར་བར་བགོའོ་ཞེས་བྱ་བ་ནི་གང་ཟག་རེ་རེ་ལ་བྱེ་བྲག་གཞན་དང་གཞན་ནི་མདུང་དོར་བའི་གང་ཟག་བསྐོ་བ་པས་མཚན་མའི་བྱེ་བྲག་མི་ཤེས་པས་སོ། །འདིར་
མཚན་མའི་ཞེས་ཀྱང་གཅིག་ཏུ་བྱ་སྟེ། དེས་མིག་བཀབ་སྟེ། མདུང་རེ་རྫས་རེའི་སྟེང་དུ་གཞག་པར་བྱའོ། །བསྐོ་བ་པོ་མེད་ན་གང་ཟག་རེ་རེ་ལ་ཆ་རེ་རེའི་ཕྱིར་ཐ་དད་པར་བྱེ་བྲག་གཞན་དང་གཞན་བྱ་སྟེ། བྱེ་བྲག་ཏུ་མཚན་མའི་དབྱེ་བ་ཤེས་པ་རྣམས་ཀྱིས་ཤེས་པ་ལ་འདིར་གཅིག་ཏུ་བྱ་སྟེ། བཀབ་
སྟེ་བཞག་ནས་ལག་ཏུ་བྱིན་ནས་གཟུང་བར་བྱ་བ་དེ་བཞིན་དུ་གང་ལ་གང་ཞིག་མཚན་མ་གཞག་པ་དེ་ནི་དེའི་སྐལ་བ་ཡིན་ནོ། །གང་ཞིག་འཇིག་རྟེན་ན་རྒྱན་འགྱེད་པའི་ཆོ་གར་གྲགས་པ་དེ་འདིར་རྣམ་པ་གཞན་གྱིས་སྨོས་པ་སྟེ། མི་མཐུན་པ་ལ་རྣམ་པར་གཞག་པ་འདིའོ། །ཡོད་པར་གྱུར་པ་གང་ཞིག་
เล่ม ๑๖๑ · หน้า 184a
དེས་སྐལ་བ་སྦྱིན་པ་དེའི་ཞེས་བྱ་བར་རྣམ་པར་གཞག་པར་བྱའོ། །བསྐོས་པ་མེད་ན་སྣོད་སྤྱད་འགྱེད་པའི་རྣམ་པར་གཞག་པ་འདི་ལྟ་སྟེ། ཆ་གང་ཞིག་དེས་གང་ལ་སྟེར་བ་དེ་དེའི་ཞེས་བྱ་བར་རྣམ་པར་གཞག་གོ། །བགོའོ་ཞེས་བྱ་བ་ནི་གོས་ཀྱི་གཞི་ལས་གསུངས་སོ། །
གོས་དེ་དག་ཇི་ལྟར་བགོ་བར་བྱ་ཞེ་ན། ཉེ་བ་འཁོར་མདུང་དོར་བས་སོ་ཞེས་བྱ་བ་སྨོས་སོ། །འདྲ་བ་ཉིད་དོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཤེས་པར་བྱ་སྟེ། འདི་གོས་ཀྱི་གཞི་ཞུ་བ་ལས་གསུངས་པ་ཡིན་ནོ། །གང་ཁ་སྐོང་བར་མི་འོས་པ་དེ་མདུང་དོར་བར་ཡང་ཞེས་བྱ་བ་ལ། དེ་ཡང་ངོ་ཞེས་བྱ་བ་
ནི་དེ་ཡང་ལས་བྱེད་པའི་ཆོ་ག་ཁོ་ན་རྗེས་སུ་འཇུག་པ་ཞེས་བྱ་བ་འདིར་རྣམ་པར་གཞག་སྟེ། གླེང་གཞི་དག་ལས་སོ། །དགེ་འདུན་གྱི་དབྱེན་ལ་ཡང་འོས་པ་མ་ཡིན་པས་ཚུལ་ཤིང་བྲིམ་པ་མི་འཆགས་སོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གདུལ་བྱ་དང་ལྡན་པའི་ལས་ཀྱི་ལྡང་བར་རྣམ་པར་གཞག་གོ། །
སངས་རྒྱས་ཀྱི་གདུལ་བྱ་ལས་ཉམས་པར་ཤེས་པར་མི་བྱའོ། །དེ་བས་ན་འདི་སངས་རྒྱས་ཀྱི་གདུལ་བྱ་དང་ལྡན་པའི་ལས་ཀྱི་ཆོ་ག་ལ་ཡན་ལག་ཉིད་མ་ཡིན་ནོ་ཞེས་བྱ་བ་བསྟན་པའི་དོན་དུ་འདི་རྩོམ་པའོ། །སངས་རྒྱས་དང་དགེ་འདུན་དུ་གཏོགས་པ་ལ་ཚུལ་འདིའོ། །གཞན་དུ་སངས་རྒྱས་དང་
ཆོས་ཀྱི་རྣམ་པར་གཞག་པ་མི་གནས་སོ་ཞེས་བྱ་བ་ལས་ཆོ་ག་འདི་ནི་སིལ་བུ་དག་ལས་གསུངས་པ་ཡིན་ནོ། །ལས་ཀྱི་གཞིར་གཏོགས་པའོ།། །།བརྗོད་པ་ལྷག་པ་དག་གིས་ནི་མ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ལ་ལས་བརྗོད་པ་དག་ལྷག་པར་བྱེད་པ་དེ་ལ་ཆོ་ག་ལས་འདས་ནས་
ལས་མི་འཆགས་སོ་ཞེས་བྱ་བའི་ཉེས་པར་འགྱུར་བའི་དོགས་པར་མི་བྱའོ། །རང་གི་དོན་ནི་བྲལ་བ་དང་སྟོང་པ་དང་ལྡན་པར་སྨོས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་འདིར་ལས་བརྗོད་པའི་ཚིག་གིས་བསྡུས་པར་རིག་པར་བྱའོ། །མ་མོ་ལས། འདིར་དང་པོར་བྱས་ཏེ། རྗེས་སུ་བསྒྲགས་པ་
ཞེས་བྱ་བའི་བར་དུ་གསུངས་པའོ། །ཉམས་ན་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་གང་ལ་ལས་བརྗོད་པ་ཇི་སྙེད་གསུངས་པ་དེ་ལས་ཉམས་ན་ནི་ལས་དེ་མ་བྱས་པ་ཉིད་དོ། །བྱེད་པ་ཉིད་ནི་སོང་ན་ཚིག་མ་རྫོགས་པ་རྣམ་པར་འཁྲུགས་པ་ཉིད་དོ་ཞེས་བྱ་བ་ནི་ལས་བྱེད་པ་དག་སོང་ན་གང་དེའི་ཚེ་གསོལ་བའི་
เล่ม ๑๖๑ · หน้า 184b
བདག་ཉིད་ཀྱི་ཚིག་མ་རྫོགས་པ་གང་ཡིན་པ་དེ་རྣམ་པར་འཁྲུགས་པ་ཉིད་ཡིན་ཏེ། གང་ཞིག་ཡོངས་སུ་རྫོགས་པར་བྱེད་པ་དེ་ལ་ནི་མ་ཡིན་པ་བྱས་པ་ཉིད་མ་ཡིན་གྱི། རྫོགས་པར་བྱས་པ་གང་ཡིན་པ་དེ་ནི་བྱས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལས་དེ་ལ་དགེ་འདུན་གྱི་ཚད་དག་ཏུ་མ་ལངས་པ་རྣམས་
མ་ལུས་པ་ཉིད་ན་རྫོགས་པའོ་ཞེས་བྱ་བ་ནི་རྩོམ་པར་བྱས་པར་གྱུར་པ་ཉིད་ལ་ནི་བྱེད་པར་འགྱུར་བའོ། །ལས་དེ་དགེ་འདུན་གྱི་མཐའ་བཅུའི་ཚོགས་ལ་སོགས་པ་དེའི་ཚད་དག་ཏུ་དེ་ནས་མ་ལངས་པ་རྣམས་མ་ལུས་པ་ཉིད་ཡིན་ན་ནི། ཚིག་རྫོགས་པ་དག་ཀྱང་རྣམ་པར་འཁྲུགས་པ་ཉིད་ཡིན་ནོ། །འདིར་
ལངས་པ་ནི་སྟན་ལས་འཕགས་པར་རིག་པར་བྱའོ། །ལུས་པ་ཉིད་ན་མི་འགྱུར་རོ་ཞེས་བྱ་བ་ནི་ལུས་པ་ཉིད་ན་དེའི་ལས་དང་དགེ་འདུན་གྱི་ཚད་མ་ལངས་པ་དག་དེའི་ཚེ། ལས་ཀྱི་ཚིག་སྔར་བརྗོད་པ་རྣམ་པར་འཁྲུགས་པར་མི་འགྱུར་བ་དག་གོ། །གལ་ཏེ་དེ་ཡང་བྱེད་པར་འདོད་ན་ཚིག་གིས་རྣམ་
པར་དཀྲུག་ཅིང་གསོལ་བས་དགེ་འདུན་ལ་བཙུན་པ་དག་ཡང་གསོལ་བར་བགྱིའོ། །ཞི་འམ། རྗེས་སུ་བསྒྲག་གོ་ཞེས་བྱ་བས་སོ་ཞེས་བྱ་བ་ལ། དེ་ཡང་བྱེད་པར་འདོད་ན་ཞེས་བྱ་བ་ནི་ཚིག་རྣམ་པར་མ་འཁྲུགས་པ་དེ་ལའོ། །ཇི་ལྟར་ཚིག་གིས་རྣམ་པར་དཀྲུག་པར་བྱ་ཞེ་ན། གསོལ་བས་སོ། །
འདིས་སུ་ལ་གསོལ་བར་བྱེད་ན། དགེ་འདུན་ལ་གསོལ་བས་སོ། །རྣམ་པ་གང་གིས་ཤེ་ན། དེའི་ཕྱིར་བཙུན་པ་དག་ཡང་གསོལ་བར་བགྱིའོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་དཀྲུག་ཅིང་ལས་དེ་སླར་བྱ་སྟེ། རྣམ་པར་མ་དཀྲུགས་པས་ནི་མ་ཡིན་ཏེ། དེ་བས་ན་དེ་བྱེད་པའོ། །འདི་ནི་བསྟན་
པ་ཡིན་ཏེ་དེ་ལུས་པའི་ཚིག་གཉིས་རྫོགས་ཟིན་པའི་དབང་དུ་བྱས་ཏེའོ། །གསོལ་བ་ཙམ་རྫོགས་ཟིན་པ་དེ་ལས་གསོལ་བར་བགྱིའོ་ཞེས་བྱ་བའི་བར་བརྗོད་པར་བྱ་བ་ཉིད་དུ་རིག་པར་བྱའོ། །གསོལ་བ་མ་བྱས་པའི་ཚིག་དག་ལ་དེ་སྤངས་ཏེ། དེས་ན་གང་ཟག་ལ་ལྷུང་བཟེད་ལ་སོགས་
པ་བྱིན་གྱིས་བརླབ་པའི་ཚིག་དེ་ཡང་རང་བཞིན་དང་བྲལ་བ་ཉིད་ལ་ཉམས་པར་འགྱུར་རོ། །དེ་ལྟ་བས་ན་འདིར་དགེ་འདུན་ལ་ཞེས་བྱ་བ་སྨོས་པ་དེ་ནི་དཔེ་ཙམ་དུ་ཟད་དེ། བཟློག་པའི་ཕྱིར་བསྒོ་བ་དང་། བསྙིལ་བ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། བསླབ་པ་དང་མཐུན་པ་དང་། དེའི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด