འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๖๑ · หน้า 240a

ཐམས་ཅད་ཕྱིར་འཕྲོས་པ་དང་བཅས་པས་འཁྲུག་ལོང་གི་འོག་ཏུ་སྟེ། ཕྱིར་བཅོས་པ་ནི་རྩྭ་བཀྲམ་པའོ། །རྩ་བཀྲམ་ན་རྩྭ་ཐམས་ཅད་ཕན་ཚུན་ནས་རྩེ་སྤྲོད་དུ་ཉལ་བ་དང་འདྲ་བས་འདིའི་མིང་དེ་ཡིན་ནོ། །འདི་ལ་མང་པོ་དག་གི་དོན་དུ་དགེ་འདུན་མ་ཡིན་པ་ལ་

བཤགས་པར་བྱ་བ་དག་ནི་གཅིག་གིས་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི་ཉེས་པ་སྦོམ་པོ་དང་། དགེ་འདུན་ལྷག་མར་གཏོགས་པའི་ཉེས་པ་སྦོམ་པོར་དོར་ནས་དགེ་འདུན་ལ་བཤགས་པར་བྱ་བ་ཉིད་དོ། །དེའི་ཕྱིར་ལྟུང་བ་གཞན་རྣམས་ལ་འདི་གང་ཟག་མང་པོ་དག་གི་དོན་

གང་ཟག་གི་རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པར་བྱར་རུང་བ་ཞེས་བྱ་བའི་དོན་ཏོ། །དུ་མ་དག་ཅིག་ཅར་དུ་ཡང་ཞེས་བྱ་བ་ནི་འདིར་མང་པོ་དག་གི་དོན་དུ་ལྟུང་བ་དུ་མ་དག་ཅིག་ཅར་དུ་ཕྱིར་འཆོས་སུ་ཡང་རུང་བའོ། །གང་ཡིན་པ་ཞེས་སྨོས་པ་དང་ཤེས་པ་སྣང་བར་བྱས་པས་སོ་ཞེས་བྱ་

བ་ནི་གཞི་འདི་ལས་ཁྱེད་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང་། ཁོ་བོ་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ལྟུང་བའི་མིང་དང་རིགས་སྨོས་པས་གཞན་ལ་ལྟུང་བའི་རིགས་ཤེས་པ་སྣང་བར་བྱ་ཞིང་གོ་བར་བྱས་པས་ཕྱིར་བཅོས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་གཞན་གྱིས་

ཀྱང་མཐུན་པ་དེ་དག་ལའོ་ཞེས་བྱ་བ་ནི་གཞན་གྱིས་ཀྱང་བློ་གཅིག་ཏུ་གྱུར་པ་དེ་དག་ལ་དེ་ཕྱིར་བཅོས་པར་བྱའི་གཞན་གང་ལ་ཡང་མ་ཡིན་ནོ། །ཁས་མི་ལེན་པ་དང་དོན་མེད་པ་ལ་ནི་བཤགས་པའི་མི་འཆགས་སོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ཁས་མི་ལེན་པ་དང་དོན་མེད་པར་ཁས་བླངས་པས་

འཆགས་པ་གང་ཡིན་པ་དེ་ལ་ནི་བཤགས་པ་མི་འཆགས་ཏེ། གང་ཞིག་ལྟུང་བ་བྱུང་བ་དག་ལ་ལྟུང་བ་མ་བྱུང་ངོ་ཞེས་ཁས་མི་ལེན་པ་དང་། ལྟུང་བ་མ་བྱུང་བ་དག་ལ་ལྟུང་བ་བྱུང་ངོ་ཞེས་ཁས་ལེན་པར་བྱེད་པ་ནི་ཆོས་མ་ཡིན་པའོ་ཞེས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །ལྷན་

ཅིག་གི་དངོས་པོས་གླེང་བ་ཉིད་དུ་རུང་ངོ་ཞེས་བྱ་བ་ནི་གང་ཟག་གིས་གང་ཟག་ལ་གླེང་བར་བྱེད་པ་དང་། གང་ཟག་གིས་གང་ཟག་གཉིས་ལ་དང་། གང་ཟག་གིས་གང་ཟག་མང་པོ་ལ་དང་། གང་ཟག་གིས་དགེ་འདུན་ལ་དང་། གང་ཟག་གཉིས་ཀྱིས་གང་ཟག་ལ་དང་། ཇི་སྲིད་

เล่ม ๑๖๑ · หน้า 240b

དགེ་འདུན་གྱིས་གང་ཟག་མང་པོ་ལ་དང་། དགེ་འདུན་གྱིས་དགེ་འདུན་ལ་གླེང་བར་བྱེད་ན་ཞེས་བྱ་བའི་བར་དུ་གླེང་བར་བྱེད་པའི་སྐབས་ལྷན་ཅིག་གི་དངོས་པོར་བསྟན་པ་དེ་དག་བསྡུའོ། །གླེང་བ་པོ་ཉིད་ཀྱང་དེ་བཞིན་ནོ། །འདི་ལ་གྲངས་ཀྱི་བྱེ་བྲག་ནི་ངེས་པ་མེད་དོ་ཞེས་བྱ་བ་

ནི་གླེང་བར་བྱ་བ་དང་གླེང་བ་པོ་གཉིས་ལ་གླེང་བར་བྱ་བ་ཇི་སྙེད་པ་དེ་སྙེད་པ་ཁོ་ནའི་གླེང་བ་པོ་དག་གིས་བྱ་བར་མ་ངེས་པའོ། །གླེང་བ་པོ་ལུས་དང་ངག་དག་གིས་བསྡམས་པ་ཉིད་དང་། སྡེ་སྣོད་དག་ཤེས་པ་ཉིད་དང་། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཆོས་དང་འདུལ་བ་ལོག་པ་དང་།

དེ་བཟློག་པ་དག་མི་སྟོན་པ་ཉིད་ཅེས་བྱ་བ་གསུམ་དང་ལྡན་པ་ལ་གུས་པར་བྱའོ་ཞེས་བྱ་བ་ལ། དེ་ལས་བཟློག་པར་ཞེས་བྱ་བ་ནི་ཆོས་དང་འདུལ་བ་མ་ཡིན་པ་ལས་ཏེ། ཆོས་ཀྱང་ཤེས་བྱ་རྣམ་པར་གཞག་པ་ལས་རིག་པར་བྱའོ། །འདུལ་བ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་

ཆོ་གའོ། །གླེང་བ་པོ་གང་ཞིག་ལུས་དང་ངག་དག་གིས་བསྡམས་པ་ཉིད་དང་། སྡེ་སྣོད་དག་ལ་མཁས་པ་ཉིད་དང་། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཆོས་དང་ཆོས་མ་ཡིན་པར་མི་སྟོན། ཆོས་མ་ཡིན་པ་ཆོས་སུ་མི་སྟོན་པ་དང་། འདུལ་བ་འདུལ་བ་མ་ཡིན་པར་མི་

སྟོན་པ་དང་། འདུལ་བ་མ་ཡིན་པ་འདུལ་བར་མི་སྟོན་པའི་གླེང་བ་པོ་འདི་ལྟ་བུ་ལ་གུས་པར་བྱའོ། །ཚུལ་ཁྲིམས་འཆལ་པ་དང་ལོག་པར་སྟོན་པ་ལ་མི་བྱའོ་ཞེས་བྱ་བ་ནི་གླེང་བ་པོ་ཚུལ་ཁྲིམས་འཆལ་པ་དང་། ཆོས་དང་འདུལ་བ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་

ལོག་པར་སྟོན་པ་ལ་ནི་མཐུན་པར་མི་བྱ་སྟེ། མི་བགྲང་ཞིང་སྨད་པ་དང་ཚིག་གིས་ཅུང་ཟད་ཀྱང་བསྒྲུབ་པར་མི་བྱའོ། །དགོས་པ་དང་ལྡན་པ་ཉིད་ཀྱིས་གླེང་བ་ལ་རྣམ་པ་གཞན་གྱིས་དེར་འདི་ལ་གླེང་བ་ལ་འཇུག་པ་ཞེས་བྱ་བ་ངེས་པར་ཤེས་པ་ལ་མཐུན་པར་བྱ་བའོ། །ངེས་པར་

ཤེས་པ་མེད་པ་ལ་འདི་ལ་གུས་པར་མི་བྱ་བ་ཉིད་དོ། །ཁ་ཅིག་ནི་ལོག་པར་སྟོན་པ་ལ་སྣང་བ་དང་། རབ་ཏུ་སྣང་བ་དེ་དཔྱད་པར་བྱ་ཞེས་ཟེར་བ་སྟེ། འཇོམས་པ་དང་རབ་ཏུ་འཇོམས་པ་མ་ཡིན་པར་ཞེས་བྱ་བར་སྨྲ་སྟེ་དེ་ནི་མི་རིགས་སོ། །འདི་ལྟ་བུའི་དོན་རྣམས་ལ་ཚུལ་

เล่ม ๑๖๑ · หน้า 241a

ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་ལས་གུས་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་མ་ཡིན་པ་སྡེ་སྣོད་དག་འཛིན་ཅིང་མི་ཤེས་པ་ལ་ནི་བློན་གདབ་པར་བྱའོ་ཞེས་བྱ་བ་ནི་གླེང་བ་པོ་ལོག་པར་སྟོན་པའི་རྣམ་པ་དེ་ལྟ་བུ་མ་ཡིན་པ་ལུས་

དང་ངག་དག་གིས་བསྡམས་པ་དེ་ལ་སྡེ་སྣོད་འཛིན་པ་པོ་སྟེ་མི་ཤེས་པ་ལ་བློན་གདབ་པར་བྱའོ། །མི་ཤེས་པ་ཉིད་ཀྱིས་གླེང་བར་བྱེད་པ་ལ་ཞེས་བྱ་བ་གང་དུ་ངེས་པར་ཤེས་པར་བྱ་བ་ལ་དེར་ལན་གདབ་པ་ངེས་པར་བྱའི་ཤེས་པ་ལ་གུས་པར་མི་བྱ་བ་ཉིད་དོ། །གང་ཞིག་གླེང་བ་པོ་

ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱའོ་ཞེས་ཇི་སྐད་བསྟན་པ་དེ་ལ་བརྟག་པ་ཙམ་ཡང་མི་བྱའམ་ཞེ་ན། དེའི་ཕྱིར། དེ་ལ་བསམ་པ་རྟོགས་པར་བྱ་བའི་ཕྱིར་བརྒལ་ཞིང་བརྟག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། སེམས་ཀྱི་སྤྱོད་པ་ནི་གཡོ་བ་ཡིན་པས་སྔར་སྡིག་པ་ལ་མ་ཞུགས་

སུ་ཟིན་ཀྱང་ཕྱིས་འཇུག་སྲིད་པས་དེའི་ཕྱིར་སེམས་ཀྱི་སྤྱོད་པ་བསྒོམ་པའི་ཕྱིར་བརྒལ་ཞིང་བརྟག་པར་བྱའོ། །བསམ་པ་རྟོགས་པར་བྱ་བ་ནི་འདིར་བསམ་པ་རྟོགས་པར་བྱ་བ་སྟེ། འདིའི་བསམ་པ་ཇི་ལྟ་བུས་ཞེས་བྱ་བ་དེའི་དོན་དུའོ། །ཇི་ལྟར་བརྒལ་ཞིང་བརྟག་པར་བྱ་ཞེ་ན། དེའི་

ཕྱིར་གནས་སུ་མི་གཞག་པས་སོ་ཞེས་བྱ་བ་སྨོས་ཏེ། འདི་ནི་ལོག་པའི་བསམ་པ་རྗེས་སུ་བརྩལ་བ་ཡིན་གྱི། ཡང་དག་པའི་བསམ་པ་རྗེས་སུ་བརྩལ་བར་བྱ་བ་ནི་མ་ཡིན་ནོ། །དུས་ལ་སོགས་པའི་གནས་སུ་གླེང་བའི་ཚིག་གིས་འཇོག་པར་མི་བྱེད་ན་ལོག་པར་གླེང་བ་ལ་ཞུགས་པར་ངེས་པ་ཡིན་

པས་དེའི་ཕྱིར། གནས་སུ་མི་འཇོག་ན་བསམ་པ་ལོག་པར་ཤེས་པར་བྱའོ། །གལ་ཏེ་གང་ཟག་དེ་ལ་བརྒལ་ཞིང་བརྟགས་པ་ན་དུས་ལ་སོགས་པའི་གླེང་བའི་ཚིག་འཇིག་པར་མི་བྱེད་ན་ཞེས་བྱ་བའོ། །གང་དུ་མི་འཇོག་ན་བསམ་པ་ལོག་པར་མཚོན་པར་བྱ་བའི་གནས་དེ་དག་

གང་ཞེ་ན་དེའི་ཕྱིར། གནས་སུ་ནི་དུས་དང་ཡུལ་དང་སྤྱོད་ལམ་དང་རྗེས་སུ་སྒྲུབ་པ་དག་གོ་ཞེས་བྱ་བ་སྨོས་ཏེ། དུས་ཞེས་སྨོས་པས་ནི་མཚན་མོ་བྱས་པས་གླེང་བ་དང་ཉིན་མོ་བྱས་པས་གླེང་བ་ལ་སོགས་པ་བསྡུས་སོ། །ཡུལ་ཞེས་སྨོས་པས་ནི་ལྐོག་ཏུ་བྱས་པ་དང་གསལ་

เล่ม ๑๖๑ · หน้า 241b

བར་བྱས་པ་དང་ལམ་དུ་བྱས་པ་དང་ལམ་གོལ་བར་བྱས་པ་དང་གྲོང་དུ་བྱས་པ་དང་དགོན་པར་བྱས་པ་ལ་སོགས་པ་བསྡུས་སོ། །སྤྱོད་ལམ་ཞེས་སྨོས་པ་ནི་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་ཉལ་བས་བྱས་པས་གླེང་བ་བསྡུས་སོ། །རྗེས་སུ་བསྒྲུབ་པ་ཞེས་སྨོས་པས་ནི་

ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་ཉེས་བྱས་སུ་བསྒྲུབ་པས་གླེང་བ་བསྡུས་སོ། །གནས་གཞན་དུ་འཕོ་བ་དང་། རྙོག་པ་ཅན་དུ་གྱུར་ན་གླེང་བ་མི་འཆགས་སོ་ཞེས་བྱ་བ་ནི་གལ་ཏེ་གླེང་བ་པོ་དེ་ལ་གལ་ཏེ་དེ་ལྟར་བརྒལ་ཞིང་བརྟགས་

པ་ན་གནས་ནས་གཞན་དུ་འཕོ་བ་དང་འཁྲུག་པའི་རྙོག་པ་ཅན་དུ་གྱུར་ན་དེའི་ཚེ། དེ་ལ་གླེང་བ་མི་འཆགས་པ་ཉིད་ཡིན་ཏེ། གླེང་བའི་བྱ་བ་མ་བྱས་པ་ཉིད་དང་། མ་བྱུང་བ་ཉིད་དང་མི་སྐྱེད་པ་ཉིད་ཡིན་ནོ། །དེ་ཡོད་པ་ན་གླེང་བ་ཉིད་དང་གླེང་བ་པོ་མེད་པ་ཉིད་ཡིན་ཏེ། དེ་ཉིད་ཀྱིས་འདིར་

དགོས་པ་འགྲུབ་པར་འགྱུར་ཏེ། དེ་ཡོད་ན་རྩོད་པ་ཉེ་བར་ཞི་བ་ཉིད་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་བས་ན་དེ་ལ་གླེང་བ་ལ་མི་འཆགས་སོ་ཞེས་སྨོས་སོ། །གླེང་བས་ཁས་བླངས་ན་མཐར་ཐུག་པ་ཡིན་ནོ་ཞེས་བྱ་བ་ནི། གང་ཟག་གང་ལ་གླེངས་པ་དེས་ལྟུང་བ་དེ་ཁས་བླངས་ན་དེ་

ནི་འདིར་རྩོད་པའི་མཐར་ཐུག་པ་ཡིན་ཏེ། ཁས་བླངས་ན་རྩོད་པ་དེ་ཉེ་བར་ཞི་བར་འགྱུར་རོ། །སྨྲ་བ་པོ་བདེན་པ་མཐོང་བ་ཉིད་དང་། ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ་ཁྱིམ་པ་ཡང་རུང་བ་གཞན་ཚད་མར་བྱའོ་ཞེས་བྱ་བ་ནི་འདིར་ཐམས་ཅད་ཉིད་དེ་དོན་ཚོལ་བ་དང་དོན་བརྗོད་པའི་

དབང་པོ་གླེང་བར་བྱ་བ་དང་། གླེང་བར་བྱེད་པ་སྨྲ་བ་པོ་ཉིད་ཀྱིས་གཟུང་བར་རིག་པར་བྱའི་ཆེ་བཞིར་གྱུར་པ་ཉིད་ཀྱིས་ནི་མ་ཡིན་ནོ། །རབ་ཏུ་བྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྨྲ་བ་པོ་བདེན་པ་མཐོང་བ་ཉིད་དམ་ཁྱིམ་པ་ཡང་རུང་བ་གཞན་དག་ཚད་མར་བྱས་ཏེ། འདི་ནི་མི་གཡོ་བའི་ཆོས་དང་ལྡན་

པ་ཉིད་ལ་དཔེ་ཙམ་དུ་རིག་པར་བྱ་སྟེ། ཡོན་ཏན་གཞན་གྱིས་ཀྱང་གང་ཞིག་བདེན་པ་ལས་མི་གཡོ་བ་དེ་ཡང་འདིར་བསྡུས་པ་ཉིད་དོ། །མི་གཡོ་བའི་ཆོས་བྱེད་པ་ལས་གཞན་གང་ཡིན་པ་དེ་ལ་ཡོན་ཏན་ལས་ཆོས་མཆོག་ཏུ་གྱུར་པ་ཉིད་ཚད་མར་བྱ་སྟེ། དེ་དག་ཆེ་བཞིར་དྲིའོ་ཞེས་བྱ་བའི་དོན་

เล่ม ๑๖๑ · หน้า 242a

ཏོ། །འདིར་གཞུང་ནི་སིལ་བུ་དག་ལས་བཙུན་པ་རེ་ཞིག་དགེ་སློང་གཉིས་ལ་ཐ་དད་པར་སྨྲ་བ་དང་འགལ་བར་སྨྲ་བ་དང་མི་མཐུན་པར་སྨྲ་བ་དག་བྱུང་བ་ན། གང་གི་ཚིག་གཟུང་བར་བགྱི། གང་ཚུལ་ཁྲིམས་དང་ལྡན་པའི་འོ། །གཉིས་ཀ་ཚུལ་ཁྲིམས་དང་ལྡན་ན་

གང་མང་དུ་ཐོས་པའི་འོ། །གཉིས་ཀ་མང་དུ་ཐོས་པ་ལགས་ན་གང་ཡང་དག་པར་བསྡམས་པའི་འོ། །གཉིས་ཀ་ཡང་དག་པར་བསྡམས་པ་ལགས་ན་གང་ཆེས་ཡང་དག་པར་བསྡམས་པའི་འོ། །གཉིས་ཀ་ཆེས་ཡང་དག་པར་བསྡམས་པ་ལགས་ན་དེ་ནི་གནས་མ་

ཡིན་སྐབས་མ་ཡིན་ཏེ། གལ་ཏེ་གཉིས་ཀ་ཆེས་ཡང་དག་པར་བསྡམས་པ་ལ་ཐ་དད་པར་སྨྲ་བ་དང་འགལ་བར་སྨྲ་བ་དང་མི་མཐུན་པར་སྨྲ་བ་དག་འབྱུང་བ་དེ་ནི་གནས་མེད་དོ་ཞེས་གསུངས་པ་ཡིན་ནོ། །གཞན་དང་བཅས་པ་ཉིད་ན་ཚིག་བསྟུན་པར་བྱའོ་ཞེས་བྱ་བ་ནི་ཆེ་བཞི་དེ་ལ་

གལ་ཏེ་གཞན་ཕ་རོལ་པོ་ཉེ་བར་གནས་པར་གྱུར་ན་གཞན་དེ་ལ་དྲི་བར་བྱ་བ་ཡིན་ཞིང་དེ་དང་ལྷན་ཅིག་དེའི་ཚིག་གོ་བར་བྱའོ། །མི་གཡོ་བ་རྙེད་པ་འདི་དག་གིས་འཁྲུལ་བ་མེད་པ་ཤེས་པར་བྱ་བའི་ཕྱིར་དེ་བསྐོའོ། །མ་རྙེད་པ་མི་གཡོ་བའི་ཆོས་དང་ལྡན་པ་ལ་མ་ཤེས་པ་ཤེས་པའི་དོན་

དུ་བསྐོ་བ་འདིའོ། །འདིར་གཞུང་ནི་བཙུན་པ་དགེ་བསྙེན་མ་དད་པ་ཅན་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ཏེ། འདི་སྐད་ཅེས་བཙུན་པ་དག་བདག་གིས་དགེ་སློང་ཞིག་རྒྱལ་རིགས་མོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པས་ཉམས་པར་བགྱིད་པ་མཐོང་ངོ་ཞེས་མཆི་ན། བགྱིད་

དུ་སྩལ་ཅིང་དེ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་བསྩལ་བར་བགྱིའམ་ཉེ་བ་འཁོར་མི་བྱ་སྟེ། དྲི་བར་བྱ་ཞིང་གལ་ཏེ་དེ་ན་སྲིང་མོ་གཞན་གང་ཞིག་ཀྱང་ཡོད་དོ་ཞེས་ཟེར་ན་གཉིས་ཀ་དྲི་བར་བྱའོ། །གལ་ཏེ་མཐུན་ན་དགེ་བསྙེན་མ་དད་པ་ཅན་གྱི་ཚིག་གིས་བྱེད་དུ་གཞུག་ཅིང་དེ་ལ་དེའི་ངོ་

བོ་ཉིད་ཚོལ་བ་དང་མཐུན་པ་ཡང་སྦྱིན་པར་བྱའོ། །གལ་ཏེ་འདིས་རྒྱལ་རིགས་མོ་དང་མི་ཚངས་པར་སྤྱོད་པ་མ་བྱས་ཀྱི། འདིས་བྲམ་ཟེ་མོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་བྱས་སོ་ཞེས་ཟེར་ན་དགེ་སློང་གིས་དམ་བཅས་པས་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །

เล่ม ๑๖๑ · หน้า 242b

ཐེ་ཚོམ་ཉིད་དུ་གྱུར་ན་ཤེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་འདི་དོན་གང་ལ་ཐེ་ཚོམ་ཉིད་དུ་གྱུར་པ་དེས་དོན་དེ་ཤེས་པ་ཉིད་མ་ཡིན་ཏེ། འདི་ལྟར་ངེས་པའི་ཤེས་པ་མ་བསྐྱེད་པའི་ཕྱིར་རོ། །གང་ལ་བརྗོད་པ་གཞན་ལ་གླེང་བར་བྱས་པ་ལ་དུས་མ་ཡིན་པར་ལི་ཁ་རའི་ཆུ་འཐུང་བ་ལ་སོགས་

པ་མཐོང་ནས་དཔང་པོ་དང་གླེང་བ་པོ་དག་གིས་ཅིག་ཤོས་བྱས་པར་ཐེ་ཚོམ་ཟ་བ་ཉིད་དུ་ཐོབ་པར་གྱུར་པ་ལ་དེས་བརྗོད་པར་གྱུར་པ་ལ་དེས་ཤེས་པ་དང་བྲལ་བ་ཉིད་སྐྱེ་བར་འགྱུར་རོ། །དེས་རྩོད་པ་དེ་ལ་རྣམ་པར་གཞག་པ་མེད་པར་དེ་བས་ན་འདི་ལ་དོན་གྱིས་བྱས་པའོ། །འདིར་ཐེ་

ཚོམ་ཟ་བར་གྱུར་པ་ཉིད་འདི་ནི་དཔེ་ཡིན་ཏེ་གཡོ་བའི་དབང་གིས་བརྗོད་པ་ལའོ། །ངག་གི་རྣམ་པར་འགྱུར་བ་ནི་རྙོག་པ་ལ་སོགས་པའོ། །ལུས་ཀྱི་རྣམ་པར་འགྱུར་བ་ངལ་བ་ནི་རྨྱ་བ་ཉིད་ལས་སོ། །དུ་མའི་རྣམ་པར་འགྱུར་བ་ངལ་བ་ནི་གླགས་རྙེད་ཅིང་གནས་པ་ལ་རྩོད་

པའོ་ཞེས་བྱ་བ་སུ་ཞིག་གིས་གླེང་བ་ལ་རང་ཉིད་ཀྱིས་གཡོ་བར་གྱུར་པ་ཁས་ལེན་པ་བསྒྲུབ་པ་དེ་ལ་ཡང་དེ་ཤེས་པ་ཉིད་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་དགེ་བསྙེན་མ་དད་པ་ཅན་གྱིས་དགེ་སློང་དུས་མ་ཡིན་པར་ལི་ཁ་རའི་ཆུ་འཐུང་བ་མཐོང་ནས། དེས་དགེ་སློང་

རྣམས་ལ་འདི་སྐད་ཅེས་བདག་གིས་དགེ་སློང་དུས་མ་ལགས་པར་སྐྱོ་མ་འཐུང་བ་མཐོང་ངོ་ཞེས་མཆི་ན། ཆོས་བཞིན་དུ་བགྱིད་དུ་སྩལ་ཅིང་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པར་བསྩལ་པར་བགྱིའམ་ཉེ་བ་འཁོར་མི་བྱ་སྟེ། ཇེ་དགེ་སློང་ལ་དྲི་བར་བྱ་ཞིང་གལ་ཏེ་འདི་སྐད་ཅེས་བདག་གིས་

ལི་ཁ་རའི་ཆུ་འཐུངས་སོ་ཞེས་ཟེར་ན་དགེ་སློང་གིས་དམ་བཅས་པས་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ངེས་པར་གྱུར་པ་ནི་ཁས་བླངས་པ་དང་འདྲའོ་ཞེས་བྱ་བ་ནི་དེ་ལྟར་རང་གིས་ཁས་བླངས་པ་དང་འདྲ་སྟེ། དེ་ལས་ཆོ་ག་ངེས་པར་བལྟ་བར་བྱའོ། །དེའི་ངོ་བོ་

ཉིད་ཚོལ་བ་ནི་གང་ལ་སྒྲུབ་པ་དེ་ལ་སྦྱིན་པར་བྱ་བ་ཉིད་མ་ཡིན་ནོ། །དེའི་རྒྱུ་མཚན་བརྗོད་པས་བསྟན་པར་བྱ་སྟེ། དེའི་ཕྱིར། ལྟུང་བའི་ཕྱིར་རྩོད་པ་འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་ལ་ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་

เล่ม ๑๖๑ · หน้า 243a

བྱེད་ན་དེ་ནི་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པའི་རྒྱུ་ཡིན་ཏེ། དེ་ལ་ཁས་བླངས་པས་ནི་ཡོད་པ་བསྟན་པ་ཡིན་ལ་ཁྱད་དུ་གསོད་པ་ནི་མེད་པ་སྟོན་པ་ཡིན་པའི་ཕྱིར་ངེས་པ་དང་བྲལ་བ་ནི་ཁྱད་དུ་གསོད་པ་ཡིན་ནོ་ཞེས་བྱ་བ་ལ། ཁྱད་དུ་གསོད་པ་ཞེས་བྱ་བ་ནི་གུས་པ་མ་

ཡིན་པའི་ཚིག་གིས་ཁྱད་པར་རྣམ་པ་གཞན་གྱིས་ཉེ་བར་བསྡུ་བ་བརྗོད་པ་ནི་ཉེ་བར་བསྡུ་བ་བརྗོད་པའོ། །འདི་ནི་མ་མཐོང་བ་ལ་བརྗོད་པ་ཡིན་ཏེ། དེ་ལ་ཡང་གནས་ནས་དབྱུང་བའི་ལས་བྱེད་པ་སྟེ་འོན་ཀྱང་ངེས་པའོ། །འདི་ལ་རྩོད་པ་སྒྲུབ་པ་ནི་ཁྱད་དུ་གསོད་པའོ། །དེ་ལྟ་ན་འདི་

ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་བྱེད་ན་རྒྱུ་ཡོད་པའི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་འགྱུར་རོ། །དགེ་འདུན་ལ་ཁས་བླངས་ནས་ཁྱད་དུ་གསོད་ན་ངེས་པར་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་ནོ་ཞེས་བྱ་བ་ནི་གང་ཞིག་དགེ་འདུན་ལ་ལྟུང་བ་ཁས་བླངས་ནས་

ཡང་ཁྱད་དུ་གསོད་པར་བྱེད་ན་དེ་ངེས་པར་ལྟུང་བ་དེ་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་པར་བྱ་སྟེ་འཛིན་དུ་གཞུག་གོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་དུ་དགེ་འདུན་མཐུན་པ་ལ་དེ་རང་གིས་ཁས་བླངས་པའི་དབང་གིས་རང་བཞིན་ཉམས་པ་ལ་ཞུགས་པ་སྐྱེས་པ་ཞེས་བྱ་བ་དེའི་

ངོ་བོ་ཚོལ་བ་ཉིད་ལས་རྒྱུ་རིག་པར་བྱའོ། །ཅིའི་ཕྱིར། འདིའི་མིང་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཞེས་བྱ་ཞེ་ན། དེའི་ཕྱིར། དེ་ནི་དེའི་ངོ་བོ་ཉིད་ཚོལ་བ་ལ་ཕན་པ་ཡིན་པའི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཚོལ་བར་བྱེད་པས་ན་ཚོལ་བའོ། །ལྟུང་

བ་དེས་དེའི་ངོ་བོ་ཉིད་ཚོལ་བ་ནི་དེའི་ངོ་བོ་ཉིད་ཚོལ་བའོ། །དེ་ལ་ཕན་པ་ཉིད་ནི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་ཉིད་དོ། །དེ་ནི་བསླབ་པ་བྱིན་པ་དང་ཡོངས་སུ་གནས་པ་དང་མགུ་བ་སྦྱིན་པ་ལ་སོགས་པས་ས་གཞན་ན་གནས་པ་ཁས་བླངས་པའི་ཚུལ་ཡང་ཡིན་པར་

བལྟ་བར་བྱ་སྟེ། གང་གི་ཕྱིར་འདི་བླངས་པས་དེའི་ངོ་བོ་ཉིད་ཚོལ་བར་བྱེད་པ། ལྟུང་བ་དེའི་ངོ་བོ་ཉིད་ཡོངས་སུ་ཤེས་ན་དགེ་འདུན་གྱིས་དེ་ལ་བཟོད་པར་བྱས་ཤིང་དེའི་འོག་ཏུ་རང་བཞིན་དུ་གནས་པ་ཉིད་དུ་འགྱུར་བ་ཡིན་ནོ། །ཁ་ཅིག་གིས་འདི་ནན་ཏུར་གྱི་ཚུལ་དུ་བསྟན་ཏོ་ཞེས་བྱ་བ་

เล่ม ๑๖๑ · หน้า 243b

ནི་ཇི་ལྟར་བསྡིགས་པ་ལ་སོགས་པའི་ནན་ཏུར་གྱི་ལས་མི་འདོད་བཞིན་དུ་དགེ་འདུན་གྱིས་བྱེད་པ་དེ་བཞིན་དུ་འདི་ཡང་དགེ་འདུན་གྱིས་སྦྱིན་པ་ཡིན་པས། ཁ་ཅིག་གིས་ནན་ཏུར་གྱི་ལས་ཀྱི་ངོ་བོ་འདི་སྟོན་ཅིང་འདོད་པ་ལ་སོགས་པའི་ངོ་བོས་ནི་མ་ཡིན་ནོ་ཞེས་ཟེར་ཏེ། དགེ་འདུན་ཐམས་

ཅད་འདུག་ཅིང་མཐུན་པར་གྲུབ་པའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱ་བ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགེ་སློང་ཤི་རི་ཀ་འདི་དགེ་འདུན་གྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་གྱི། དགེ་སློང་ཤི་རི་ཀ་ཉིད་ཀྱིས་རྒན་པའི་

མཐར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ཤི་རི་ཀ་དགེ་འདུན་གྱི་དབུས་སུ་ཞེས་བྱ་བ་ནས། ཐུགས་བརྩེ་བའི་སླད་དུ་བདག་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་ཡང་གསོལ་བ་བྱའོ་ཞེས་

བྱ་བའི་འོག་ཏུ་དེ་དག་བྱས་ནས་སོ། །སྔགས་འདི་ལས་སྔར་ཁྱད་དུ་གསོད་ན་ཞེས་བྱ་བ་ནས། གལ་ཏེ་དེའི་འོག་ཏུ་དགེ་འདུན་ལ་གནང་བ་ཐོབ་པ་ཞེས་བྱ་བ་དགེ་སློང་ཤི་རི་ཀ་འདི་དགེ་འདུན་ལས་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྩལ་དུ་གསོལ་ཞེས་བྱ་བ་གསུངས་པའི་ཕྱིར་རོ་ཞེས་

ཟེར་རོ། །དེ་ནི་མི་བཟང་སྟེ་མདོ་སྡེ་དང་འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི་མདོ་སྡེ་ལས་ཀུན་དགའ་བོ་འདི་ནི་དགེ་སློང་གི་དགེ་འདུན་གྱི་དབུས་སུ་ལྟུང་བ་ཁྱད་དུ་གསོད་པར་བྱེད་ཅིང་། ཅི་ཁྱད་དུ་བསད་ནས་ཁས་ལེན་པར་བྱེད་པ་དེ་ནི་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་

དང་ལྡན་པ་ཁྱོད་དགེ་འདུན་གྱི་དབུས་སུ་ལྟུང་བ་ཁྱད་དུ་གསོད་པར་བྱེད་ཅིང་། ཁྱད་དུ་བསད་ནས་ཁས་ལེན་པར་བྱེད་ལ། ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་བྱེད་པ་གང་ཡིན་པ་དེ་ནི་ཁྱོད་ཀྱིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱིས་ལེགས་པ་རྙེད་པ་མ་ཡིན་གྱི་ཚེ་དང་

ལྡན་པ་ཁྱོད་དགེ་འདུན་གྱི་གན་དུ་སོང་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ལེགས་པར་ཚོལ་ཅིག །དེས་དགེ་འདུན་གྱི་གན་དུ་སོང་སྟེ། དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་གསོལ་བར་བྱའོ། །དགེ་འདུན་གྱིས་ཀྱང་ཆོས་དང་འདུལ་བས་དེ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་

เล่ม ๑๖๑ · หน้า 244a

པར་བྱའོ་ཞེས་གསུངས་པའི་མདོ་སྡེ་འདི་དང་འགལ་བས་ཁ་ཅིག་འདི་ནན་ཏུར་གྱི་ཚུལ་དུ་སྟོན་པ་དེ་ནི་མི་བཟང་སྟེ། འདི་ལྟར་གང་གསོལ་བ་བྱེད་པ་དེ་ནི་བདག་ཉིད་དག་པར་བྱེད་པའི་ཕྱིར་ཡིན་གྱི་ནན་ཏུར་གྱི་ལས་ནི་མ་ཡིན་ནོ། །ཉེ་བར་ཞི་བ་ཉིད་ཀྱི་སྡེ་ཚན་ལས་

ལོགས་ཤིག་ཏུ་མཛད་པ་ནི་མི་བཞེད་དོ་ཞེས་བྱ་བ་ནི་གང་འདི་ནན་ཏུར་གྱི་ལས་ཀྱི་སྡེ་ཚན་ལས་ལོགས་ཤིག་ཏུ་མཛད་ཅིང་དེ་དག་གི་ནང་དུ་མ་གསུངས་སོ་ཞེ་ན་དེ་ནི་དེ་ལྟར་མི་རུང་སྟེ། འདི་ལྟར་དེ་ནན་ཏུར་གྱི་ལས་ཉིད་ཡིན་ན་ནན་ཏུར་གྱི་ལས་ཀྱི་སྡེ་ཚན་གྱི་ནང་དུ་གསུང་བར་འགྱུར་བར་

རིགས་པ་ལས་དེ་མ་གསུངས་པའི་ཕྱིར་རོ། །ཉེ་བར་མ་ཞི་བ་ཉིད་ཡིན་པའི་ཕྱིར་ནི་ལོགས་ཤིག་ཏུ་བཞག་སྟེ། ནན་ཏུར་གྱི་ལས་ཀྱི་ནང་དུ་མ་བཞག་པས་དེའི་ཕྱིར་འདི་ནི་ནན་ཏུར་གྱི་ཚུལ་དུ་བསྟན་པ་མ་ཡིན་ནོ། །དེ་ལ་ཡང་འདིར་མེད་པ་རུང་བ་ཡིན་ཏེ། ཉེ་བར་ཞི་བ་ཉིད་ཀྱིས་ནན་

ཏུར་གྱི་ལས་ལས་དེའི་ནང་ནས་ཐ་དད་པར་བྱེད་པ་མི་རིགས་པའི་ཕྱིར་རོ། །འདི་ལྟར་མི་བཞེད་པ་དེ་གང་ལས་ཤེས་ཤེ་ན། དེའི་ཕྱིར། བསྡིགས་པ་ལ་སོགས་པ་ནི་དེ་ཉིད་ཡིན་པས་རྣམ་པར་མ་བཞག་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བསྡིགས་པ་ལ་སོགས་པའི་ནི་འཐབ་མོ་ལ་

སོགས་པ་ཉེ་བར་གྱུར་པ་ཉིད་ཀྱི་ཕྱིར་ཉེ་བར་ཞི་བ་ཉིད་ཡོད་མོད་ཀྱི་དེ་དག་ནི་དེ་ཉིད་ཀྱིས་ནན་ཏུར་གྱི་ལས་ཀྱི་སྡེ་ཚན་དག་ལས་ལོགས་ཤིག་ཏུ་རྣམ་པར་མ་བཞག་པའི་ཕྱིར་ཏེ། དེས་ན་ཉེ་བར་ཞི་བ་ཉིད་ཀྱིས་ནན་ཏུར་གྱི་ལས་ཀྱི་སྡེ་ཚན་ལས་ལོགས་ཤིག་ཏུ་མཛད་པར་མི་བཞེད་དོ། །དེ་

ཤེས་བཞིན་དུ་ཁྱད་དུ་གསོད་དོ་སྙམ་ན། ཡོད་བཞིན་དུ་མ་མཐོང་བ་ཉིད་ཀྱིས་ཤེས་པ་སྐྱེ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དེ་ཤེས་བཞིན་དུ་ཁྱད་དུ་གསོད་དོ་སྙམ་ན་ཞེས་བྱ་བ་ཡོད་པར་གྱུར་པ་ལ་ནན་ཏུར་གྱི་ལས་ཉིད་ཀྱིས་འདི་བྱས་པ་ཉིད་དོ། །དེ་ཡོད་བཞིན་དུ་མ་མཐོང་ངོ་ཞེས་ཟེར་བ་དེ་ལྟ་བུའི་

བློ་དགེ་སློང་རྣམས་ལ་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ལ་ལྟུང་བ་མ་མཐོང་བ་ལ་ནན་ཏུར་གྱི་ལས་བཅའ་བ་མཛད་ཟིན་པས་དེ་བས་ན་མ་མཐོང་བས་གནས་ནས་དབྱུང་བ་ཞེས་བྱ་བ་འདིའི་གནང་བའི་སྐབས་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ཁ་ཅིག་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་དེ་

เล่ม ๑๖๑ · หน้า 244b

ནན་ཏུར་གྱི་ལས་ཀྱི་ཚུལ་དུ་སྟོན་པ་དེ་མི་བཟང་ངོ་། །ཉེ་བར་ཞི་བར་བྱ་བའི་ཕྱིར་འབད་པ་མི་སྐྱེད་པར་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་དགེ་སློང་དག་བྱ་བའི་ཕྱིར་རྩོད་པ་དགེ་འདུན་མཐུན་པས་ཉེ་བར་ཞི་བར་བྱའོ་ཞེས་གང་གསུངས་པ་དེ་མདོ་འདིར་བསྡུས་པ་ཡིན་ནོ། །

མཐུན་པ་སྦྱིན་པར་མི་བྱེད་ན་དེའི་ཚེ་སྦྱིན་པ་ལས་འབད་པར་བྱ་བ་སྟེ། ཐམས་ཅད་དུ་རུང་བའི་ཕྱིར་སྤྱིར་མདོར་བྱས་པར་གནས་པ་ཡིན་ནོ། །རྩོད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་འབད་པ་འདི་ཞེས་བྱ་བ་དེ་ལྟར་འདི་གསུངས་སོ། །རྩོད་པ་ཐམས་ཅད་ལ་འདི་རུང་བ་ཉིད་ཅེས་བྱ་བ་ཐམས་ཅད་

ཀྱི་དབང་དུ་བྱས་ནས་ཉེ་བར་ཞི་བར་སྦྱར་བའོ། །རྩོད་པའི་གཞིའོ།། །།ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པར་འཇུག་གོ་ཞེས་བྱ་བ་ནི་རྩོད་པ་ཞི་བར་བྱ་བ་བདུན་པོ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པར་འཇུག་གོ། །གསོལ་བ་ལ་སོགས་པའི་ལས་ལ་མཐུན་པ་མི་སྦྱིན་པ་ནི་བྱ་བའི་ཕྱིར་

རྩོད་པ་ཡིན་པས་སྤོང་བ་ཉིད་ལ་བརྟེན་ཏེ་མཐུན་པ་མི་སྦྱིན་པ་དང་བཅས་པ་ཉིད་ཀྱང་ངོ་། །རྣམ་པར་ངེས་པར་བྱ་བ་སྤོང་བ་དང་ལྟུང་བ་དང་བཅས་པ་འདི་གཉིས་དང་ལྟ་བ་ངན་པ་ཉིད་ཀྱིས་ཀྱང་རྣམ་པར་ངེས་པར་བྱ་བ་ནི་རྒྱུའི་སྒོ་ནས་ཏེ། རྒྱུ་གང་གིས་རྩོད་པ་ཞི་བར་བྱ་བ་བདུན་པོ་དག་འཇུག་

པར་འགྱུར་བའི་རྒྱུ་དེ་ནི་བྱ་བའི་ཕྱིར་རྩོད་པ་ལ་ཡོད་དེ་འདི་ལྟར་སྤོང་བ་ལ་སོགས་པ་ནི་མཐུན་པ་མི་སྦྱིན་པའི་རྒྱུ་ཡིན་པ་དེའི་ཕྱིར་རྩོད་པའི་མཐུན་པ་མི་སྦྱིན་པ་ཞེས་བྱ་བ་གང་ཡིན་པ་དེའི་སྒོ་ནས་འདིར་ཞི་བར་བྱ་བ་ཐམས་ཅད་དུ་འཇུག་གོ། །གསོལ་བ་ལ་སོགས་པའི་ལས་ལ་མཐུན་པ་མི་སྦྱིན་

པ་ནི་བྱ་བའི་ཕྱིར་རྩོད་པ་ཡིན་པས་དེ་ལ་ཇི་ལྟར་སྤོང་བ་ཉིད་ལ་བརྟེན་ཏེ་མཐུན་པ་མི་སྦྱིན་པ་དེ་བཞིན་དུ་མི་གདམས་པའི་ཕྱིར་རྩོད་པ་ཞི་བར་བྱ་བའི་དྲན་པ་དང་མ་སྨྱོས་པས་འདུལ་བ་གཉིས་ཀྱང་འདིར་འཇུག་གོ། །ཇི་ལྟར་ལྟུང་བ་དང་བཅས་པ་ཉིད་ཀྱིས་དེ་བཞིན་དུ་ལྟུང་བའི་ཕྱིར་རྩོད་པ་ཞི་བར་

བྱེད་པ་ཁས་བླང་བའི་བྱ་བ་དང་། མངོན་སུམ་གྱིས་འདུལ་བ་དག་དང་། རྩྭ་བཀྲམ་པ་ལྟ་བུ་དག་ཀྱང་འཇུག་གོ། །ཁས་ལེན་ཅིང་ཁྱད་དུ་གསོད་པ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཡང་ངོ་། །ཇི་ལྟར་རྣམ་པར་ངེས་པར་བྱ་བ་སྤོང་བ་དང་ལྟུང་བ་དང་བཅས་པ་འདི་གཉིས་ཀྱི་མཐུན་པ་

เล่ม ๑๖๑ · หน้า 245a

མི་སྦྱིན་པ་དེ་བཞིན་དུ་འགྱེད་པའི་ཕྱིར་རྩོད་པ་ཉེ་བར་ཞི་བར་བྱེད་པའི་གང་མང་བ་བསྩལ་བ་དང་མངོན་སུམ་གྱིས་འདུལ་བ་ཡང་འདིར་འཇུག་གོ། །འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་རྩོད་པ་བཞི་པོ་གང་དག་གསུངས་པ་དང་རྩོད་པ་ཞི་བ་བདུན་པོ་གང་དག་

གསུངས་པ་དེ་དག་ལ་བཙུན་པ་དགེ་སློང་གིས་རྩོད་པ་བཞི་པོ་དག་རྩོད་པ་ཞི་བར་བགྱིད་པ་བདུན་པོ་གང་ཡང་རུང་བས་ཉེ་བར་ཞི་བར་བགྱིད་པ་དང་ཉེ་བར་ཞི་བར་བྱར་རུང་ངམ། ཉེ་བ་འཁོར་ཞི་བར་བྱ་བའི་ཕྱིར་རྩོད་པ་མ་གཏོགས་པ་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །ཁ་སྐོང་བར་འོས་པ་མ་

ཡིན་པ་ནི་དགེ་འདུན་གྱི་ཐ་སྙད་ལ་ཚོགས་པར་དབྱུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་དང་། ཉམས་པ་ལ་སོགས་པ་གང་དགེ་འདུན་གྱི་ཁ་སྐོང་བར་འོས་པ་མ་ཡིན་པ་དེ་ནི་གཟུ་བོ་ལ་སོགས་པ་དགེ་འདུན་གྱི་ཐ་སྙད་ལ་ཡང་ཚོགས་པར་དབྱུང་བ་ཉིད་མ་ཡིན་པའོ་ཞེས་བྱ་

བའི་དོན་ཏོ། །གཞན་གྱི་དག་ལ་ནི་བསྙེན་པར་རྫོགས་པ་དང་བཅས་པ་རྣམས་ཀྱི་དབང་དུ་བྱའོ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་དགེ་འདུན་ལ་སོགས་པ་གཞན་གྱི་རྩོད་པ་དག་ལ་ནི་བསྙེན་པར་རྫོགས་པ་དང་བཅས་པ་རྣམས་ཀྱི་དབང་དུ་བྱ་སྟེ་དེ་དག་གི་དེ་ཉེ་བར་ཞི་བར་བྱའོ། །བུད་མེད་

རྣམས་ཀྱི་ནི་སྐྱེས་པས་རིགས་པ་ཉིད་དོ་ཞེས་བྱ་བ་ནི་བུད་མེད་རྣམས་ཀྱི་རྩོད་པ་གང་ཡིན་པ་དེ་ནི་དེ་ཉིད་དུ་ཉེ་བར་ཞི་བར་བྱ་བའི་རིགས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་རྣམས་ཀྱི་རྩོད་པ་གང་ཡིན་པ་དེ་དག་དགེ་སློང་མ་རྣམས་ཀྱིས་སྤང་དུ་རུང་ངམ་ཉེ་བ་འཁོར་མི་རུང་སྟེ། དགེ་སློང་རྣམས་

ཀྱི་རྩོད་པ་ནི་དགེ་སློང་རྣམས་ཀྱིས་ཉེ་བར་ཞི་བར་བྱའོ། །དེ་བཞིན་དུ་དགེ་སློང་མ་རྣམས་ཀྱི་རྩོད་པ་ཡང་དགེ་སློང་རྣམས་ཀྱིས་ཉེ་བར་ཞི་བར་བྱའོ། །དེ་བཞིན་དུ་དགེ་སློབ་མ་རྣམས་དང་། དགེ་ཚུལ་དང་དགེ་ཚུལ་མ་རྣམས་ཀྱི་རྩོད་པ་ཡང་དགེ་སློང་རྣམས་ཀྱིས་ཉེ་བར་ཞི་བར་བྱའོ་ཞེས་

གསུངས་པ་ཡིན་ནོ། །སྲོག་གམ་བསྙེན་པར་རྫོགས་པ་ལས་ཉམས་ན་ཉེ་བར་ཞི་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྲོག་ལས་ཉམས་སམ་བསྙེན་པར་རྫོགས་པ་ལས་ཉམས་ན་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་པའོ། །སྤང་བ་ཉིད་ནས་གཞན་གྱི་ཕྱོགས་ཉིད་ཀྱི་བར་དུ་གྱུར་ན་ཡང་ངོ་ཞེས་བྱ་བ་ནི་

เล่ม ๑๖๑ · หน้า 245b

འདིར་བར་དུའི་སྒྲ་བྲི་བར་བྱའོ། །སྤང་བར་བྱ་བ་ཉིད་ནས་ཕྱོགས་ནས་ཕྱོགས་མ་ཡིན་པ་ཐ་དད་པར་གནས་པའི་བར་དུ་གྱུར་ན་དེ་དག་ཐམས་ཅད་ལ་ཡང་ལྟུང་བ་དང་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་པའོ། །དགེ་འདུན་དུ་གྱུར་པ་དང་འབྲེལ་པ་དག་ལ་འཁྲུག་ལོང་གི་རྩོད་པ་དག་གིས་རྣམ་པར་

གཞག་པའི་ལྟུང་བ་ཉིད་ནི་དགེ་འདུན་དུ་གྱུར་པ་གསལ་བ་ཉིད་དོ། །གཞན་དུ་སོང་ངམ་ནད་ཀྱི་རྣམ་པས་ཡུན་རིང་པོར་བཏབ་ན་ཡང་ངོ་ཞེས་བྱ་བ་ཡང་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་པའོ། །གང་ཞིག་སྲོག་ལས་འདས་པ་ནས་ནད་ཀྱི་རྣམ་པས་ཡུན་རིང་པོར་བཏབ་པའི་བར་དུ་གྱུར་ན་

རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་ནོ། །དེའི་ཕྱིར། དོན་སྦྱིན་པར་བྱེད་པའམ་མངོན་པར་བརྩོན་པའོ་ཞེས་བྱ་བ་སྨོས་ཏེ་དོན་སྦྱིན་པར་བྱེད་པ་ནི་གླེང་བའོ། །འདིར་ཉམས་པ་ལ་སོགས་པའི་གཞུང་ནི་བཙུན་པ་རྩོད་པ་བཞི་པོ་དག་ལས་རྩོད་པ་གང་ཡང་རུང་བ་བྱུང་བ་རྩོད་པ་ཞི་བར་བགྱིད་པའི་

ཆོས་བདུན་པོ་དག་ལས་གང་ཡང་རུང་བར་ཉེ་བར་ཞི་བར་མི་འགྱིད་ཅིང་། ཉེ་བར་ཞི་བར་ཡང་བརྗོད་པར་བགྱི་བ་མཆིས་སམ། ཡོད་དེ་སྦྱིན་པར་བྱེད་པའི་དགེ་སློང་དུས་བྱེད་དམ་བྱིན་པའི་དགེ་སློང་དུས་བྱེད་དམ་དགེ་སློང་སྦྱིན་པར་བྱེད་པའི་དགེ་སློང་ཁྱིམ་པ་ཉིད་དུ་དམ་འཆའ་འམ། །

དགེ་ཚུལ་ཉིད་དམ་དགེ་སློང་མ་སུན་ཕྱུང་བ་ཉིད་དམ། རྐུ་ཐབས་སུ་གནས་པ་ཉིད་དམ་མ་ནིང་ཉིད་དམ། མུ་སྟེགས་ཅན་ཞུགས་པ་ཉིད་དམ་མ་བསད་པ་ཉིད་དམ། ཕ་བསད་པ་ཉིད་དམ། དགྲ་བཅོམ་པ་བསད་པ་ཉིད་དམ། དགེ་འདུན་གྱི་དབྱེན་བྱས་པ་ཉིད་དམ། དེ་

བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཉིད་དམ། གནས་པར་མི་བྱ་བ་ཉིད་དམ། ཐ་དད་དུ་གནས་པ་ཉིད་དུ་དམ་འཆའ་བར་བྱེད་དམ། དེ་བཞིན་དུ་བྱིན་པའི་དགེ་སློང་དེ་དག་ཏུ་དམ་འཆའ་བར་བྱེད་དམ། སྦྱིན་པར་བྱེད་པའི་དགེ་སློང་ནད་ཀྱི་རྣམ་པས་ཡུན་རིང་དུ་ཐེབས་

སམ་གཞན་དུ་སོང་ངམ། དེ་བཞིན་དུ་བྱིན་པའི་དགེ་སློང་དེ་ལྟར་གྱུར་ན་རྩོད་པ་དེ་ཉེ་བར་ཞི་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྩོད་པའི་གཞི་ཞུ་བའི་སྐབས་སོ། །རྩོད་པའི་གཞི་རྫོགས་སོ།། །།སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ་

เล่ม ๑๖๑ · หน้า 246a

ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པས་མཆོག་ཏུ་གྱུར་པ་དགེ་སློང་གང་ཡིན་པ་དེ་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །དགེ་ཚུལ་གྱིས་དགེ་སློང་ལ་ཕྱག་བྱའོ། །དགེ་ཚུལ་མས་དགེ་སློབ་མ་ལ་ཕྱག་བྱའོ། །དགེ་སློབ་མས་དགེ་སློང་མ་ལ་ཕྱག་བྱའོ་ཞེས་བྱ་བ་དེ་ལ་དེ་བྱེད་

པའོ། །མཉམ་ན་རྒན་པ་ལའོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པས་མཉམ་པ་ཉིད་ན་སོ་སོར་ཐར་པའི་སྡོམ་པ་དེས་རྒན་པ་དེ་ལ་གཞོན་པས་ཕྱག་བྱའི་ན་ཚོད་ཀྱིས་ནི་མ་ཡིན་ནོ། །བསྙེན་པར་རྫོགས་པའི་སྡོམ་པ་སྔར་བླངས་པ་ལ་ཕྱིས་བླངས་པས་ཕྱག་བྱའོ་ཞེས་བྱ་བའི་དོན་ཏོ། །དང་

པོར་བསྙེན་པར་རྫོགས་ཟིན་པ་ལ་བསྙེན་པར་རྫོགས་པས་ཕྱག་བྱའོ། །དགེ་སློང་གིས་དགེ་སློང་ལ་ཕྱག་བྱའོ། །དགེ་སློང་མས་དགེ་སློང་མ་ལ་ཕྱག་བྱའོ། །དང་པོར་དགེ་སློང་མའི་སྡོམ་པ་དང་ལྡན་ཟིན་པ་ལ་དགེ་སློང་མས་ཕྱག་བྱའོ། །དང་པོར་རབ་ཏུ་བྱུང་བའི་སྡོམ་པ་དང་ལྡན་

ཟིན་པ་ལ་དགེ་སློང་མས་ཕྱག་བྱའོ། །དང་པོར་རབ་ཏུ་བྱུང་བའི་སྡོམ་པ་དང་ལྡན་པར་གྱུར་ཟིན་པའི་དགེ་སློང་ལ་དགེ་ཚུལ་གྱིས་ཕྱག་བྱའོ། །དགེ་ཚུལ་མས་ཀྱང་དགེ་ཚུལ་མ་ལ་ཕྱག་བྱའོ་ཞེས་གསུངས་པ་དེ་བས་ན་དེ་ལ་དེ་བྱེད་པའོ། །མདོ་སྔ་མས་ནི་སོ་སོར་ཐར་པའི་སྡོམ་

པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ་ཞེས་བསྟན་པ་ལ་དགེ་ཚུལ་ཕས་དགེ་སློབ་མ་དང་དགེ་སློང་མ་ལ་ཕྱག་བྱ་བར་ཐལ་བར་འགྱུར་བ་དང་། མདོ་འདིས་ནི་མཉམ་ན་རྒན་པ་ལའོ་ཞེས་བྱ་སྟན་པས་དགེ་སློང་དང་དགེ་སློང་མ་ཡང་སོ་སོར་ཐར་པའི་སྡོམ་པས་མཉམ་པ་ཡིན་པས། དགེ་སློང་

མ་ལ་དགེ་སློང་གིས་ཕྱག་བྱ་བར་ཐལ་བར་འགྱུར་བ་དང་། དགེ་ཚུལ་དང་དགེ་ཚུལ་མ་ཡང་སོ་སོར་ཐར་པའི་སྡོམ་པས་མཉམ་པ་ཡིན་པས་དགེ་ཚུལ་མ་རྒན་པ་ལ་དགེ་ཚུལ་གྱིས་ཕྱག་བྱ་བར་ཐལ་བར་འགྱུར་བས་དེ་བསལ་བའི་ཕྱིར་མདོ་དེ་གཉིས་ཀྱི་བྱེ་བྲག་བསྟན་པར་བྱ་སྟེ། དེའི་ཕྱིར།

མཚན་ཐ་མི་དད་པ་ལའོ་ཞེས་བྱ་བ་སྨོས་ཏེ། མཚན་མཐུན་པ་དག་ལ་ཆོ་ག་འདི་ཡིན་གྱི་མཚན་མི་མཐུན་པ་དག་གི་ནི་མ་ཡིན་ནོ། །ཇི་ལྟར་སྐྱེས་པས་བུད་མེད་ལ་ཕྱག་མི་བྱ་བ་དེ་བཞིན་དུ་བུད་མེད་ཀྱིས་ཀྱང་སྐྱེས་པ་ལ་ཕྱག་མི་བྱ་བར་ཐར་བར་འགྱུར་བ་དེ་དམིགས་ཀྱིས་བསལ་བའི་ཕྱིར།

เล่ม ๑๖๑ · หน้า 246b

སྐྱེས་པ་མི་དམན་པ་ལ་བུད་མེད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་སོ་སོར་ཐར་པའི་སྡོམ་པས་བུད་མེད་པས་མི་དམན་ན་གསར་བུ་ལ་ཡང་བུད་མེད་ཀྱིས་ཕྱག་བྱ་ན་དུས་མཉམ་པའམ་རྒན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཆོ་ག་དེ་དག་ཐམས་ཅད་ཀྱི་དམིགས་

ཀྱིས་བསལ་བའི་ཕྱིར། ས་གཞན་ན་གནས་པ་དང་ཉམས་པ་དང་དགེ་སློང་མ་སུན་ཕྱུང་བ་དང་། ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དང་། ཐ་དད་པར་གནས་པ་དང་། མཚམས་མེད་པ་བྱས་པ་དང་། ཉལ་བ་དང་སྙོམས་པར་ཞུགས་པ་དང་བྲེལ་བ་དང་སེམས་གཞན་དུ་

སོང་བ་དང་རྒྱབ་ཀྱིས་ཕྱོགས་པ་དང་ཁྱིམ་གཞན་ན་འདུག་པ་དང་ཟས་ཀྱི་གྲལ་ན་འདུག་པ་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། ས་གཞན་ན་གནས་པ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་ལ་སོགས་པ་བསླབ་པ་བྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པ་ལ་སོགས་

པའོ། །ཉམས་པ་ཞེས་བྱ་བ་ནི་གནས་པར་མི་བྱ་བའོ། །དགེ་སློང་མ་སུན་ཕྱུང་བ་དང་མཚམས་མེད་པ་བྱས་པ་ཞེས་བྱ་བ་ནི། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཟ་མ་དང་། མ་ནིང་དང་ཞེས་བྱ་བ་ལ་སོགས་པ་སྡོམ་པའི་ཞིང་མ་ཡིན་པར་གྱུར་པ་

དག་བསྡུས་སོ། །ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཞེས་བྱ་བ་སྨོས་པས་ནི་ཐ་དད་པས་གནས་པའི་བྱེ་བྲག་གོ། །ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པའི་ཐ་དད་པ་གནས་པ་གང་ཡིན་པ་ཞེས་བྱ་བ་དེས་ནི་ཆོས་ཀྱི་ཕྱོགས་དང་མཐུན་པ་གནས་པའི་ཐ་དད་པ་ལ་ཕྱག་

བྱ་བ་ཉིད་ཡིན་ནོ། །ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཞེས་སྨོས་པས་ནི་རང་གི་ཕྱོགས་ཀྱིས་ཀྱང་ཕྱག་མི་བྱ་བར་ཐལ་བར་འགྱུར་བ་ཞེས་བྱ་བས་འདིར་ཐ་དད་པར་གནས་པར་བསྡུས་སོ། །ཉལ་བ་ཞེས་བྱ་བ་ནི་གློས་ཕབ་སྟེ་ཉལ་བའོ། །སྙོམས་པར་ཞུགས་པ་ཞེས་

བྱ་བ་ནི་ཏིང་ངེ་འཛིན་ལའོ། །བྲེལ་བ་ཞེས་བྱ་བ་ནི་བྱ་བ་རྗེས་སུ་བསྒྲུབ་པ་ལ་སེམས་གཞོལ་བའོ། །སེམས་གཞན་དུ་སོང་ཞེས་བྱ་བ་ནི་ཕྱག་འཚལ་བ་ལ་སེམས་གཏོད་པ་མི་སྦྱིན་པའོ། །རྒྱབ་ཀྱིས་ཕྱོགས་པ་ཞེས་བྱ་བ་ནི་མདུན་ཕར་པ་ལྟས་པའོ། །ཁྱིམ་གཞན་ན་

เล่ม ๑๖๑ · หน้า 247a

འདུག་པ་ཞེས་བྱ་བའི་སྒྲ་ལས་ཁྱིམ་གྱི་ནང་ན་འདུག་པ་ཞེས་བྱ་བ་དང་སྦྱར་ཏེ་ཁྱིམ་པའི་ཁྱིམ་ན་འདུག་པ་ཞེས་བྱ་བའི་དོན་ཏོ། །ཁྱིམ་པས་རབ་ཏུ་བྱུང་བ་ལའོ་ཞེས་བྱ་བ་ནི་མ་གཏོགས་པའི་ཇི་སྐད་བསྟན་པ་དེ་དག་ལས་གཞན་པ་ཐམས་ཅད་ལ་ཕྱག་བྱའོ། །ཁྱིམ་

གཞན་ན་འདུག་པ་ལ་ཡང་མ་གཏོགས་པར་མི་རིགས་ཏེ། ཁྱིམ་གཞན་ནི་ཁྱིམ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འདིར་གཞུང་ནི་ཁྱིམ་བདག་གི་ཆུང་མ་བདེ་ཆེན་མ་དད་པ་སྐྱེས་པ་གནས་ནས་ཕྱིར་བྱུང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་སོ་

ཞེས་གྲགས་པ་ཡིན་ནོ། །ཆུས་བཏབ་པས་སྲོག་ཕྱིར་བཟློག་པའི་ཕྱིར་ཚེ་དང་ལྡན་པ་ལམ་ཕྲན་གྱི་ཞབས་ལ་ཕྱག་བྱས་ནས་བཟོད་པ་གསོལ་བ་ཞེས་ཐོས་པ་ཡིན་ནོ། །མ་གཏོགས་པ་གཞན་ཐམས་ཅད་ལ་ནི་ཁྱིམ་པས་ཀྱང་ཕྱག་མི་བྱ་བར་རིགས་ཏེ། འདི་ལྟར་ཡོངས་སུ་གནས་

པ་ལ་སོགས་པ་དག་ལ་ཡང་དེ་དང་མི་འབྱུང་བ་ཉིད་ལ་སོགས་པ་སྨོས་ཏེ། ཁྱིམ་པ་དག་གིས་ཀྱང་ཕྱག་བྱ་བར་མི་རིགས་ཏེ། ནན་ཏུར་བྱས་པ་དག་ཀྱང་སྤངས་པ་ཡིན་པའི་ཕྱིར་རོ། །དེ་ལ་ཁྱིམ་པའི་སྙོམས་པར་ཞུགས་པ་སྤང་བ་ནི་འདི་ཡིན་ཏེ། གང་ཞིག་ལྷ་ལ་མཆོད་པའི་

རྣམ་པ་ནི་མ་ཡིན་པ་ནི་འདི་ལྟ་སྟེ། མེའི་ཁང་པ་ལ་སོགས་པར་སྙོམས་པར་ཞུགས་པ་ཁ་ཅིག་རྣམས་ལ་ནི་ཁ་ཅིག་ཏུ་ལྷ་རྣམས་ཀྱིས་ཕྱག་འཚལ་བ་ཁོ་ན་ཡིན་ནོ། །འདིར་དེ་དག་གི་གཞུང་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་

ཕྱག་མི་བྱ་བ་དུ་མཆིས་ཉེ་བ་འཁོར་སུམ་ཅུ་རྩ་གཉིས་ཏེ། བསྡིགས་པའི་ལས་བྱས་པ་དང་། སྨད་པའི་ལས་བྱས་པ་དང་། བསྐྲད་པའི་ལས་བྱས་པ་དང་། ཕྱིར་འགྱེད་པའི་ལས་བྱས་པ་དང་། མ་མཐོང་བས་གནས་ནས་ཕྱུང་བ་དང་། ཕྱིར་མ་འཆོས་པས་གནས་ནས་ཕྱུང་བ་

དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་ཕྱུང་བ་དང་། ཡོངས་སུ་གནས་པར་བྱེད་པ་དང་། མགུ་བ་སྤྱོད་པ་དང་གཞི་ནས་མགུ་བ་སྤྱོད་པ་དང་། བསླབ་པ་བྱིན་པ་དང་། ཟ་མ་དང་མ་ནིང་དང་དགེ་སློང་མ་སུན་ཕྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་གནས་

เล่ม ๑๖๑ · หน้า 247b

པར་མི་བྱ་བ་དང་། མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། གཅེར་བུ་དང་ཆོས་གོས་གཅིག་པ་དང་ཉལ་བ་དང་། སྙོམས་པར་ཞུགས་པ་དང་། རྒྱབ་ཀྱིས་

ཕྱོགས་པ་དང་། སོ་ཤིང་ཟ་བ་དང་། བཤང་བ་བྱེད་པ་དང་། གཅི་བ་བྱེད་པ་དང་། ཁྱིམ་གཞན་ན་འདུག་པའོ། །བཙུན་པ་ཕྱག་བགྱི་བ་དུ་མཆིས། ཉེ་བ་འཁོར་ལྔ་སྟེ། ཁྱིམ་པས་རབ་ཏུ་བྱུང་བ་ལ་དང་། བསྙེན་པར་མ་རྫོགས་པས་བསྙེན་པར་རྫོགས་པ་ལ་དང་། གཞོན་པས་རྒན་པ་ལ་དང་། དགེ་སློང་

མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་ལ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཁ་ཅིག་ཏུ་བྲེལ་བ་དང་

སེམས་གཞན་དུ་སོང་བ་དང་ཟས་ཀྱི་གྲལ་ན་འདུག་པ་དག་ནི་གཞུང་གཞན་ནས་བསྡུས་སོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ་ཞེས་བྱ་བ་ནི་ཁྱིམ་པ་ཡང་རུང་རབ་ཏུ་བྱུང་བ་ཡང་རུང་བུད་མེད་ཀྱང་རུང་སྐྱེས་པ་ཡང་རུང་རྒན་པ་ཡང་རུང་གཞོན་པ་ཡང་རུང་བ་ཐམས་ཅད་ཀྱིས་སངས་རྒྱས་

བཅོམ་ལྡན་འདས་ལ་ཕྱག་བྱའོ། །གཙུག་ལག་ཁང་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་གཙུག་ལག་ཁང་བྱ་བ་ལ་མི་རུང་བ་མེད་པའོ། །དེ་ལྟར་ཡང་འདིར་གཞུང་ནི་འདི་ལྟ་སྟེ། དགེ་སློང་ཀུན་དགའ་ར་བ་དེ་ཉིད་དུ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཁ་སྲོ་

བར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ངོས་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་བ་ཉིད་དོ་ཞེས་བྱ་བ་ལ། འདིར་ངོས་ཞེས་བྱ་བ་ནི་ཕྱོགས་ཏེ། ཤར་ལ་སོགས་པའི་ཕྱོགས་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་བ་ཉིད་ཡིན་པའོ། །དེའི་མདུན་དུ་སྒོ་ཁང་ངོ་ཞེས་བྱ་བ་ནི་དྲི་གཙང་ཁང་དེའི་

མདུན་གྱི་བྱང་གཏད་ཀྱི་ངོས་སུ་སྒོ་ཁང་བརྩིག་པར་བྱའོ། །གཙུག་ལག་ཁང་གི་དབྱིབས་ནི་གྲུ་བཞི་བཟང་བ་ཉིད་དེ་རྣམ་པ་གཞན་ཡང་བཀག་པ་ནི་མེད་པར་ཤེས་པར་བྱའོ། །ཁྱམས་གསུམ་པ་ཡང་ངོ་ཞེས་བྱ་བ་ནི་གྲུ་བཞི་པ་བཟང་ངོ་ཞེས་བྱ་བ་རྗེས་སུ་སྦྱར་ཏེ། གྲུ་བཞི་ལ་ངོས་

เล่ม ๑๖๑ · หน้า 248a

གསུམ་ལས་ཁྱམས་བཏགས་པ་བཟང་ངོ་། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རྗེས་སུ་གནང་གིས་བྱེད་དུ་ཆུག་ཅིག །དེ་ཇི་ལྟ་བུར་བྱེད་དུ་གཞུག་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གནས་

ཁང་གསུམ་པ་བྱེད་དུ་འཇུག་ན། དབུས་སུ་དྲི་གཙང་ཁང་བྱེད་དུ་གཞུག་ཅིང་གཉིས་སུ་གནས་ཁང་གཉིས་སོ། །ཁྱམས་གསུམ་ལ་ནི་དེ་བཞིན་དུ་གནས་ཁང་དགུ་དག་གོ། །ཁྱམས་བཞི་ལ་ནི་དབུས་སུ་སྒོ་ཁང་གི་བྱང་གཏད་དུ་དྲི་གཙང་ཁང་ངོ་། །སྒོ་ཁང་གི་ངོས་གཉིས་སུ་གནས་

ཁང་གཉིས་སོ་ཞེས་གསུངས་པ་ཡིན་ནོ། །མནོད་པར་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་ཞེས་བྱ་བར་སྦྱར་ཏེ། འདིས་ནི་དོན་གྱིས་དེའི་ས་གཞི་ཉེན་ཀོར་དང་བཅས་པ་མནོད་པར་རིགས་པར་བྱའོ། །གཙུག་ལག་ཁང་དུ་གནས་པར་བྱའོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བ་དང་མནོད་པར་

བྱའོ་ཞེས་བྱ་བ་དེ་གཉིས་ཀྱིས་གནས་པར་བྱ་བ་མ་བསྡུས་ཏེ། དེ་གཉིས་ཀྱིས་གཞན་གྱི་དོན་དུ་བྱ་བ་དང་། མནོད་པར་བྱ་བ་ཡང་སྲིད་པས་རྩོམ་པ་འདིའོ། །གཞན་དག་དགེ་འདུན་གྱི་གཞིར་དགེ་འདུན་གྱི་ཕྱིར་རམ་གང་ཟག་དགེ་སློང་གི་ཕྱིར་གནས་ཀྱི་གཞི་བྱེད་པ་རྗེས་སུ་གནང་བར་བྱའོ། །

གལ་ཏེ་སྦྱིན་བདག་ཡོད་ན་དེས་རྗེས་སུ་གནང་བ་ནའོ་ཞེས་བྱ་བ་ནི་གལ་ཏེ་དགེ་འདུན་གྱི་གཞི་དེ་ལ་སྦྱིན་བདག་ཡོད་ན་དེས་རྗེས་སུ་གནང་ན་དགེ་འདུན་གྱི་ཕྱིར་རམ་གང་ཟག་གི་ཕྱིར། གནས་ཀྱི་གཞི་བྱེད་པ་རྗེས་སུ་གནང་བར་བྱའོ། །གྲོང་ཁྱེར་གྱི་ཕྱི་རོལ་ལམ་ནང་དུ་བསྟི་བའི་གནས་དག་རུང་

ངོ་ཞེས་བྱ་བ་ནི་གང་དུ་དགེ་སློང་དག་བསོད་སྙོམས་པའི་དོན་དུ་འཇུག་པ་རྣམས་ཀྱི་ཚ་བ་དང་། ངལ་བ་རྣམས་ལ་སོགས་པ་བསལ་བའི་ཕྱིར་བསྟི་བའི་གནས་མི་འོང་བའི་གནས་ཞེས་བྱ་བ་དེ་བྱེད་དུ་གཞུག་པར་རུང་ངོ་། །འདིར་གཞུང་ནི་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་བདག་

གྲོང་ཁྱེར་གྱི་སླད་རོལ་དུ་བསྟི་བའི་གནས་བགྱིད་དུ་སྩལ་ཏེ་ཞེས་བྱ་བ་ནས། ཁྱིམ་བདག་རྗེས་སུ་གནང་གིས་རྩིགས་ཤིག་ཅེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །འདིར་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཞེས་གསུངས་པ་ནི། བྱུང་བའི་དབང་གིས་སྨོས་པ་ཡིན་གྱི། གྲོང་ཁྱེར་གྱི་ནང་དུ་ཡང་

เล่ม ๑๖๑ · หน้า 248b

འགལ་བ་མེད་པས་འདིར་གཉིས་ཀ་མདོར་བསྡུས་སོ། །རང་གི་ཁྲོན་པ་བར་དུ་བཅད་པའི་ཕྱིར་རྩིག་གུ་བྱས་པས་ཀུན་དུ་ཆགས་པའི་ཤེས་པ་བསལ་བར་བྱའོ་ཞེས་བྱ་བ་ནི་བར་དུ་བཅད་པའི་ཕྱིར་རྩིག་གུ་བྱ་བ་གང་ཡིན་པ་དེ་བྱེད་པས་བུད་མེད་ཀྱི་ཚོགས་ལ་བལྟ་བར་བྱ་བ་གསལ་བར་བྱ་སྟེ།

ཁྲོན་པ་གཞན་ལ་ཆོ་ག་འདི་བྱེད་པ་མ་ཡིན་ཏེ་དེ་བས་ན་རང་གི་ཁྲོན་པའི་ཚིག་གོ། །དེར་བུད་མེད་ཆུ་ཆུར་འོངས་པ་མཐོང་བ་ན་ཀུན་དུ་ཆགས་པའི་རྐྱེན་ཡིན་ཏེ། རྩིག་པས་བར་དུ་ཆོད་པ་མེད་པ་ཉིད་ལ་ནི་མཐོང་བ་མེད་པ་ཉིད་ཀྱི་ཕྱིར་ཆགས་པ་སྐྱེ་བའི་རྐྱེན་དུ་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་དེ་

ཉིད་མེད་པ་ཉིད་དོ། །སྙིམ་པ་བཀང་ཞིང་བླུད་པས་བུད་མེད་རྗེས་སུ་གཟུང་བར་བྱ་ཞིང་ཆུ་རྒྱུན་མ་ཆད་པས་བླུགས་པར་མི་བྱའོ་ཞེས་བྱ་བ་ནི་བུད་མེད་ཀྱིས་ཆུ་སྙིམ་པ་གང་འཐུངས་ཟིན་ནས་སྙིམ་པ་གཉིས་པ་དགང་ཞིང་བླུད་པར་བྱའི། སྙིམ་པ་ནས་འཐུང་བཞིན་དུ་ཆུའི་རྒྱུན་ཕྱི་མ་ཡང་

རྒྱུན་མི་འཆད་པར་བླུགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །བུད་མེད་གང་ཞིག་དགེ་སློང་གི་མདུན་དུ་སེམས་རབ་ཏུ་གཏད་པ་དེ་ལ་རང་གིས་སྦྱིན་པར་མི་བྱའོ་ཞེས་བྱ་བ། འདིར་ཁ་ཅིག་བྱེད་པ་དེ་ནི་གཞན་གྱི་སེམས་ཤེས་པར་དཀའ་བ་ཉིད་ཀྱི་ཕྱིར་ཏེ། ཤིན་ཏུ་བྲེལ་བའི་ངོ་བོ་མ་ཡིན་ནོ། །

བར་བར་དུ་ཡང་ཆུའི་རྒྱུན་གཅད་པར་བྱའོ་ཞེས་བྱ་བ་ལ། གཞན་དེ་རྣམས་ཆུ་སྟེར་བ་ལ་རྣམ་པར་རྟོག་པ་བྱེད་པ་དེ་ལ་ཡང་ཐོ་འཚམ་པ་ཉིད་དུ་འགྱུར་བའི་ཕྱིར་མི་རིགས་པ་ཉིད་དོ། །དེའི་དུས་ཉིད་ཀྱི་དབྱར་གྱི་ནང་དུ་འོངས་པ་ནི་རྙེད་པ་དབང་ངོ་ཞེས་བྱ་བ་ནི་འདིར་རྙེད་པ་ལ་དེའི་སྒྲ་ལ་ལྟོས་

པ་ཉིད་དེ་དུས་གང་ལ་ཡོད་པ་ཞེས་བྱ་བ་དེ་བསྡུས་པའོ། །འདིར་དབྱར་གྱི་རྙེད་པས་དབྱར་གྱི་ནང་དུ་འོངས་ཤིང་ཞེས་བྱ་བ་འདི་ལས་ཤེས་པའོ། །དབྱར་གྱི་དུས་ལ་ཤིན་ཏུ་མང་བ་ཉིད་ནི་དེའི་རྙེད་པའི་དུས་སོ། །གལ་ཏེ་དབྱར་གྱི་ནང་དུ་འོངས་པ་ལ་ཤིན་ཏུ་མང་བར་དབྱར་གནས་ལ་དེར་

གནས་པ་གྲུབ་པར་འགྱུར་ན་དེ་འོས་པ་ཡིན་ནོ། །དབྱར་རལ་བ་ལ་ཡང་དབྱར་གྱི་རྙེད་པའི་སྐལ་བ་དབང་བའོ་ཞེས་བྱ་བའི་དོན་ཏོ། །འདིར་རྙེད་པ་དབང་བའི་རྒྱུ་ནི་གནས་པ་ཡིན་ཏེ། གནས་པར་ཁས་བླངས་པ་ནི་མ་ཡིན་ཏེ། ཇི་ལྟར་ཡང་དེ་ལྟར་ཁས་བླངས་ཀྱང་ཞེས་བྱ་བ་དེ་ལྟར་

เล่ม ๑๖๑ · หน้า 249a

རྣམ་པར་གཞག་པ་འདིའོ། །ཟ་ཞིང་རྙེད་པ་མ་ཡིན་པ་ལ་ནི་ལས་མི་རིགས་སོ་ཞེས་བྱ་བ་ནི་ཟས་ཙམ་གྱིས་འཚོ་ཞིང་རྙེད་པ་མ་ཡིན་པ་ལ་ནི་དེ་ལ་སུས་ཀྱང་བསྐོ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཁ་ཅིག་ལས་དབྱར་གྱི་ནང་དུ་འོངས་པ་དག་གི་དབང་

དུ་བྱས་ཏེ་གསུངས་པ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་དག་གི་རྙེད་པ་མ་ཐོབ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ལས་སུ་བསྐོས་པ་བྱེད་ན་ནི་རྙེད་པ་ཡང་སྦྱིན་པར་བྱའོ། །ཇི་སྟེ་མི་བྱེད་ན་ནི་ཟན་ལ་བལྟས་པ་ཙམ་གྱིས་གནས་པར་བྱ་སྟེ་ལས་དང་རྙེད་

པ་ཡང་ངོ་ཞེས་གསུངས་པ་འདི་ལ་རིགས་པས་བྱེ་བྲག་ཉེ་བར་བསྡུས་ནས་མདོ་འདི་གཉིས་ཀྱིས་འདི་བསྡུས་སོ། །གཞུང་གཞན་ལས་ཀྱང་དགེ་སློང་དག་ཟས་ཀྱི་རྙེད་པ་དེ་ཡང་མི་ནོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་ཟས་ཀྱི་རྙེད་པ་དེ་དག་སྦྱིན་པར་བྱའོ་

ཞེས་གསུངས་པ་དེ་དག་འདིར་བསྡུས་པ་ཡིན་ནོ། །ལས་སུ་ནི་གཞོན་རིམས་ནས་མཐར་གྱིས་བསྐོའོ་ཞེས་བྱ་བ་ནི་གཞོན་རིམས་ནས་མཐར་གྱིས་བྱའོ། །རྙེད་པ་མི་འཐོབ་པ་ལ་ཟས་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གང་ལ་དབྱར་རམ་དུས་གཞན་ལ་དབྱར་གྱི་དུས་བཞིན་དུ་ངེས་

པ་ཉིད་ཀྱི་ཕྱིར། །བྱ་བས་རྙེད་པ་མི་འཐོབ་པ་དེ་ལ་ཟས་ནི་སྦྱིན་པར་བྱ་བ་ཉིད་ཡིན་པའོ། །གཞན་གྱི་རྙེད་པ་ལ་འདུ་བར་མི་བྱའོ་ཞེས་བྱ་བ་ནི་གང་ཞིག་དེའི་ཚེ་མ་སྦྱིན་པར་ལེན་པ་སྐྱེད་པ་ནི་འདི་ལྟ་སྟེ། གནས་གཞན་མངོན་སུམ་དུ་རྙེད་པའི་ཕྱིར་ནང་དུ་གཏོགས་པའི་ཁྲོད་དུ་ཞུགས་

ནས་ཟོས་ན་ཉེས་པར་འགྱུར་ལ། ཉེས་པ་མེད་པ་དེའི་དོན་ཁོ་ནར་དེར་སོང་བ་མ་ཡིན་པ་གཙུག་ལག་ཁང་གཞན་དུ་སོང་ནས་ཟོས་པ་ལའོ། །གལ་ཏེ་ཟས་ཀྱི་དོན་ཁོ་ནར་དེར་སོང་བ་མ་ཡིན་པ་དེ་ལ་ནི་ཉེས་པ་མེད་པའོ། །མུ་གེའི་ཚེ་རང་གིས་མ་ཁྱེར་བ་ལ་ཡང་ངོ་ཞེས་བྱ་བ་མུ་གེའི་

དུས་ཀྱི་ཚེ་རང་གིས་གཙུག་ལག་ཁང་ནས་བརྒྱགས་མ་ཁྱེར་བར་གཙུག་ལག་ཁང་གཞན་དུ་ཟན་ཟོས་ན་ཉེས་པ་མེད་པའོ། །དགེ་སློང་གི་ཚད་ཉིད་ལས་ལྷག་མ་ཉིད་བླངས་པ་ཡང་ངོ་ཞེས་བྱ་བ་ནི་གཙུག་ལག་ཁང་ན་གནས་ནས་དགེ་སློང་ཇི་སྙེད་པ་འཁོད་པའི་ཟས་ཀྱི་ཚོད་ལས་ལྷག་པའི་

เล่ม ๑๖๑ · หน้า 249b

ཐོབ་པ་ཡོད་པ་ཉིད་ཡིན་ན་གཙུག་ལག་ཁང་ན་གནས་ནས་ཟས་བླངས་ན་ཉེས་པ་མེད་པའོ། །གཙུག་ལག་ཁང་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི་འདི་ནི་སིལ་བུ་དག་ལས་སོ། །རང་གིས་ཞེས་བྱ་བ་དེ་ཡང་ངོ་། །སྦྱིན་པའི་བདག་པོ་ཞེས་བྱ་བ་དེ་ནི་འདིར་ཡང་ངོ་། །ཕྱིར་བཅོས་པའི་

ཕྱིར་སྦྱིན་བདག་སྤྲོ་བར་བྱའོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་མ་སྨོས་པས་གནས་པའི་གཞི་ཉི་ཚེར་མ་ཟད་ཀྱི་དགེ་འདུན་གྱི་གཙུག་ལག་ཁང་ཐམས་ཅད་ཀྱང་དགེ་འདུན་གྱི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བ་འདིའི་འོག་ནས་སྟོན་པ་ལས་ཤེས་པར་བྱའོ། །མ་གྲུབ་ན་དགེ་འདུན་གྱི་ལས་ཇི་ཙམ་

གྱིས་ནུས་པ་ངེས་པར་སྦྱར་རོ་ཞེས་བྱ་བ་ནི་སྦྱིན་བདག་མ་གྲུབ་ན་ཕྱིར་བཅོས་པའི་ཕྱིར་དགེ་འདུན་གྱི་རྫས་ལས་ཇི་ཙམ་གྱིས་ཆོག་པར་ཕྱིར་བཅོས་པར་བྱའོ། །རང་གིས་ཀྱང་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི་ལག་གི་ལས་ཀྱི་ཚུལ་གྱིས་ཅི་ནུས་པས་ཀྱང་ངོ་། །རྙེད་པ་མནོད་པས་གཙུག་ལག་

ཁང་གི་བྱི་དོར་བྱའོ་ཞེས་བྱ་བ་ནི་དེ་ནས་གང་རྙེད་པ་ནོད་པ་དེས་ལས་དེ་བྱའོ། །དད་པའི་རྙེད་པ་ནི་གཙུག་ལག་ཁང་ཉིད་ཀྱིས་མ་ཡིན་ནོ་ཞེས་བྱ་བ་ནི་དད་པའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པ་སྦྱིན་བདག་དད་པས་དུས་ངེས་པ་མེད་པར་གང་ཟག་འགའ་ཞིག་ལ་འབུལ་བར་བྱེད་པ་དེ་ནི་གཙུག་

ལག་ཁང་ཉིད་ལ་རྙེད་པ་མ་ཡིན་ནོ། །གཙུག་ལག་ཁང་ནས་སྒོ་བཅད་དེ་འགྲོ་བར་བྱའོ། །སྲུང་མ་ཡང་གཞག་སྟེའོ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ཞེས་བྱ་བའི་ལྷག་མའོ། །དེ་ལ་ཟན་མེད་ན་སྦྱིན་ནོ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་སྲུང་མ་དེ་ལ་ཟན་མེད་ན་སྦྱིན་པར་བྱའོ། །

དེས་ཆོམ་རྐུན་པའི་རང་དབང་ཉིད་མེད་པར་མི་ཤེས་པར་སྒོ་དབྱེ་བར་མི་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་སྲུང་མ་དེས་གཞན་དག་གཙུག་ལག་ཁང་གི་སྒོ་ཕྱེ་ཤིག་ཅེས་ཟེར་ན། ཆོམ་རྐུན་པའི་རང་དབང་ཉིད་མེད་པ་ངེས་པར་མི་ཤེས་པར་སྒོ་དབྱེ་བར་མི་བྱའོ། །འདིར་ངེས་པར་ཤེས་པར་བྱ་

བའི་ཐབས་གང་ཞེ་ན། དེའི་ཕྱིར་ཁང་སྟེང་དུ་འཛེགས་ལ་བལྟ་སྟེ། ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་བརྗོད་པ་ནི་འདིར་ཐབས་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་བརྡ་སྐད་བརྗོད་པ་ནི་སྨྲར་གཞུག་པའོ། །གནས་དང་མིང་དང་ཕ་མ་ལ་སོགས་པ་སོ་སོར་

เล่ม ๑๖๑ · หน้า 250a

ཤེས་པར་བྱེད་དུ་གཞུག་པ་ཡང་ངོ་ཞེས་བྱ་བ་ཡང་བརྗོད་པ་ནི་ཐབས་ཡིན་ནོ། །འདི་རྗོད་པར་བྱེད་དུ་གཞུག་པའོ། །ཡིད་མ་ཆེས་ཤིང་འཇིགས་པ་དང་བཅས་པ་ཉིད་ལ་སྒོ་དབྱེ་བར་མི་བྱའོ། །དགོན་པ་བས་ཁྱི་བཅང་བར་བྱའོ། །དེས་ནང་པར་སྔར་ལངས་

མ་ཐག་ཁོ་ནར་གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་ས་བལྟ་བར་བྱའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་ཁྱི་འཆང་བ་པོས་སོ། །ལངས་མ་ཐག་ཅེས་བྱ་བ་ལ་ལངས་མ་ཐག་ཁོ་ནར་ཞེས་བྱ་བའི་སྒྲས་ནི་བྱ་བ་གཞན་དག་མ་བྱས་པའི་མདུན་རོལ་དུ་བལྟ་བར་བྱའོ་ཞེས་བསྟན་པས་ནི་ཉི་མ་ཤར་

བར་ལངས་པ་འདིས་བཀག་པ་ཡིན་ནོ། །གལ་ཏེ་དེས་བཤང་བ་བྱས་ན་དོར་བར་བྱ་ཞིང་གཅི་བ་བྱས་ན་ཕྱི་བར་བྱ། གལ་ཏེ་སྡེར་མོ་དག་གིས་བྲད་ན་མཉམ་པར་བྱའོ། །དེ་དག་གི་གནས་དག་ཏུ་དཀྱིལ་འཁོར་བྱའོ་ཞེས་བྱ་བ་ནི་བཤང་བ་ལ་སོགས་པ་དེ་དག་གི་གནས་དག་ཏུ་བྱའོ། །

ཞེས་བྱ་བར་སྦྱར་རོ། །དེ་ཇི་ལྟར་གསོ་བར་བྱ་ཞེ་ན། དེའི་ཕྱིར་དེ་ལ་ལྷུང་བཟེད་ཀྱི་ལྷག་རོལ་སྦྱིན་ནོ་ཞེས་བྱ་བ་སྨོས་ཏེ་ཁྱི་དེ་ལའོ། །གང་དུ་དེ་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་མཆོད་རྟེན་དང་གཙུག་ལག་ཁང་གི་ཉེན་ཀོར་གྱི་ཕྱི་རོལ་དུའོ། །སྤྱོད་ལམ་ཅི་འདོད་པས་ལུང་དབོག་གོ་ཞེས་

བྱ་བ་ལ། ལུང་དབོག་པ་ནི་སྤྱོད་ལམ་བཞི་པོ་དག་ལས་ཅི་འདོད་པས་དབོག་ན་ཡང་དེ་ལ་ཉེས་པ་མེད་པའོ་ཞེས་བྱ་བའི་དོན་ཏོ། །གསར་བུས་མནོད་པའི་ཕྱིར་ཁམས་སྙོམས་པ་ཉིད་དྲི་སྟེ། ཕྱག་བྱ་བ་སྔར་བཏང་བའི་སྤྱོད་ལམ་བསྟེན་པར་བྱའོ་ཞེས་བྱ་བ་ནི་གསར་བུས་བླ་མ་ལ་

ཀླག་པའི་ལུང་མནོད་པའི་ཕྱིར། སྔར་ཕྱག་བྱ་སྟེ་བསྙུན་གསོལ་ནས་བྱ་བའི་སྤྱོད་ལམ་བསྟེན་པར་བྱའོ། །རྒན་པས་ནི་ཕྱག་མི་བྱ་བར་བསྙུན་གསོལ་ནས་སོ། །ཐལ་མོ་བསྣོལ་ཏེ་བཅང་ངོ་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་ཐལ་མོ་བསྣོལ་ཏེ་བཅང་བའི་སྤྱོད་ལམ་བསྟེན་པར་

བྱའོ། །ལུས་དང་སེམས་བཏུད་དོ་ཞེས་བྱ་བ་ནི་ལུས་བཏུད་པ་དང་སེམས་བཏུད་པར་བྱ་བ་སྟེ། ང་རྒྱལ་གྱིས་སེམས་ཁེངས་པའི་ཡན་ལག་ཀྱང་སེམས་དམའ་བ་ཉིད་ཡིན་ལ་གུས་པ་དང་བཅས་པ་ཉིད་ཀྱང་སེམས་དམའ་བ་ཉིད་ཡིན་པར་རིག་པར་བྱའོ། །དྲང་པོར་རོ་ཞེས་བྱ་བ་ནི་གྱ་གྱུ་མེད་པ་

เล่ม ๑๖๑ · หน้า 250b

དང་སྒྱུ་དང་གཡོ་མེད་པར་བྱའོ། །ལུང་འབོགས་པར་བྱེད་པ་གནས་ཇི་ལྟ་བུ་དེ་ལྟ་བུར་གྱུར་པའི་སྤྱོད་ལམ་བསྟེན་པར་བྱ་ཞེ་ན། དེའི་ཕྱིར་འཆག་པ་ན་གོམ་པ་སྲི་བས་བཅག་པའིའོ་ཞེས་བྱ་བ་སྨོས་ཏེ། ལུང་འབོགས་པར་བྱེད་པ་འཆག་པ་ན་ལུང་ནོད་པར་བྱེད་པས་གོམ་པ་སྲི་བར་བཅག་པའི་

སྤྱོད་ལམ་བསྟེན་པར་བྱའོ། །འགྲེང་བ་དང་འགྲེང་བའི་འོ་ཞེས་བྱ་བ་ནི་ལུང་འབོགས་པར་བྱེད་པ་འགྲེང་བ་ན་ལུང་ནོད་པར་བྱེད་པས་ཀྱང་འགྲེང་བའི་སྤྱོད་ལམ་བསྟེན་པར་བྱའོ། །འདུག་པ་དང་ཉལ་བ་ན་འདུག་པའི་འོ་ཞེས་བྱ་བ་ནི་བསྟེན་པར་བྱའོ། །གང་དུ་འདུག་པའི་སྤྱོད་ལམ་བསྟེན་

པར་བྱ་ཞེ་ན། དེའི་ཕྱིར་སྟན་ཆེས་དམའ་བ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་ཆེས་རྒན་པ་ནི། རྗེས་སུ་གནང་བ་ལ་མི་ལྟོས་པ་ཉིད་ཀྱིས་རང་འདུག་པར་བྱའོ། །གསར་བུས་རྗེས་སུ་གནང་བ་ལ་ལྟོས་ཏེ་འདུག་པར་བྱ་བ་བསྟན་པའི་ཕྱིར་གསར་བུས་ནི་བསྒོ་ནའོ་ཞེས་བྱ་བ་སྨོས་ཏེ་ལུང་

འབོགས་པར་བྱེད་པས་བསྒོ་ཞིང་རྗེས་སུ་གནང་ན་འདུག་པར་བྱའོ། །མ་བསྒོ་བའི་ཆོ་ག་བསྟན་པའི་ཕྱིར། མ་བསྒོ་ན་ཙོག་པུས་སོ་ཞེས་བྱ་བ་སྨོས་ཏེ། འདུག་པ་བསྟེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །མནོད་པར་བྱ་བ་མང་བ་ཉིད་ཡིན་ན་ཞུ་བར་བྱའོ་ཞེས་བྱ་བ་ནི་ལུང་མནོད་པར་བྱ་

བའི་གཞུང་མང་བ་ཉིད་ཡིན་ན་འདུག་པའི་ཕྱིར་ལུང་འབོགས་པར་བྱེད་པ་ལ་ཞུ་བར་བྱའོ། །འདིར་གཞུང་ནི་གལ་ཏེ་གསར་བུས་ཡིན་ལ། མང་དུ་ནོད་ན་སློབ་དཔོན་ལ་ཞུས་ཏེ་སྟན་ཆེས་དམའ་བ་ལ་འདུག་ནས་ལུང་མནོད་པར་བྱའོ། །ཇི་སྟེ་ཉུང་དུ་ནོད་ན་ནི་ཙོག་བུས་འདུག་སྟེའོ་ཞེས་

གསུངས་པ་ཡིན་ནོ། །ཐོས་པའི་ཉེན་ཀོར་མ་གཏོགས་པ་སྣང་བའི་ཉེན་ཀོར་དུ་འདུག་སྟེ་ཁ་ཏོན་བྱའོ་ཞེས་བྱ་བ་ནི་མཐོང་བའི་ཉེན་ཀོར་དུ་གནས་ནས་སོ། །གདམས་ངག་ནི་མཐའ་གཅིག་ཏུ་སོང་སྟེ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་སྒོམ་པའི་གདམས་ངག་གོ། །ལུང་འབོགས་

པ་དང་མནོད་པའི་ཤིན་ཏུ་ལེགས་པར་བསླབས་པ་དང་། ཤིན་ཏུ་ཡོངས་སུ་བྱང་བ་དང་ཐེ་ཚོམ་མེད་པར་བྱས་ཏེའོ། །གནས་ཁང་དང་ཟས་ལ་བསྐོ་བ་དང་ཐུག་པ་དང་བག་ཆོས་དང་ཤིང་ཐོག་འདྲིམ་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི་གནས་ཁང་བསྐོ་བར་བྱའོ་ཞེས་བྱ་བར་སྦྱར་བར་བྱའོ། །

เล่ม ๑๖๑ · หน้า 251a

ཐུག་པ་དང་བག་ཆོས་དང་ཤིང་ཐོག་འདྲིམ་པ་ཡང་བསྐོ་བར་བྱའོ་ཞེས་བྱ་བ་ནི་སྒྲ་དང་སྦྱར་རོ། །བར་བུར་འདྲིམ་པ་ཡང་ངོ་ཞེས་བྱ་བ་ནི་བསྐོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །གཞུང་ཁ་ཅིག་ལས་ནི་བར་བུར་འདྲིམ་པ་ཞེས་བྱ་བ་འདིའི་མིང་ཕྲན་ཚེགས་འདྲིམ་པ་ཞེས་

འབྱུང་ངོ་། །བར་བུར་ཞེས་བྱ་བ་དེ་ཅི་ཡིན་ཞེ་ན་དེའི་ཕྱིར། ལྷག་རོལ་ཕྱི་དེ་ཉིན་པར་བྲིམ་པར་བྱ་བ་ནི་དེ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་བག་ཆོས་ལ་སོགས་པ་བྲིམ་པའི་ལྷག་རོལ་ལུས་པས་སུ་ཡང་བྲིམ་པར་མི་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བར་བུར་བྲིམ་པ་

བསྐོ་བར་བྱ་ཞིང་དེས་དེ་དག་ཕྱི་དེ་ཉིན་པར་བྲིམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྣོད་སྤྱད་འདྲུབ་པའོ་ཞེས་བྱ་བ་ནི་བསྐོ་བར་བྱའོ། །དབྱར་གྱི་རས་ཆེན་ནོ་ཞེས་བྱ་བ་ནི་སྦེད་པ་པོ་བསྐོ་བར་བྱའོ། །སྣམ་སྦྱར་ཞེས་བྱ་བ་ནི་འདི་ལ་དགེ་འདུན་གྱི་བསམ་པར་བྱ་བ་མ་ཡིན་པ་ཉིད་ཤེས་

པའོ། །ཆོས་གོས་བསྟན་པའོ་ཞེས་བྱ་བ་ནི་སྦེད་པ་པོ་བསྐོ་བར་བྱའོ། །གང་ཞིག་འདི་གདིང་བ་པོ་བསྟན་པ་སྟེ། འདིར་སྦེད་པའོ་ཞེས་བྱ་བར་རྗོད་པ་པོ་རྣམ་པར་གནས་པ་ཡིན་ནོ། །གོས་དག་གོ་ཞེས་བྱ་བ་ནི་སྦེད་པ་པོ་བསྐོ་བར་བྱའོ། །འགྱེད་པ་ཡང་ངོ་ཞེས་བྱ་བ་ནི་གོས་

སྦེད་པ་དང་འགྱེད་པ་པོ་དེ་གཉིས་བསྐོ་བར་བྱའོ། །དགེ་སྐོས་དང་མངག་གཞུག་གོ་ཞེས་བྱ་བ་ནི་སྐོས་ཅི་རིགས་པར་སྦྱར་བའི་ཕྱིར་བསྡུས་པའོ། །དགེ་སྐོས་ཀྱི་བྱ་བ་དང་བག་ཡངས་སུ་གྱུར་པ་དང་དེས་བྱ་བ་གང་ཡིན་པ་དེས་དེ་འགྲུབ་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་

རྣམས་ཀྱི་ཟན་གྱི་གྲལ་དང་ཆོས་ཉན་སར་སུ་ཡང་སྟན་ཤོམ་པར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སྐོས་བསྐོ་བར་བྱ་ཞིང་དགེ་སྐོས་ཀྱིས་ཀུན་དུ་སྤྱོད་པ་ཐམས་ཅད་བྱའོ། །དགེ་སྐོས་ལ་བྱ་བ་ཅུང་ཞིག་བྱུང་བ་དེས་སུ་ཡང་མི་བྱེད་ནས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། མངག་གཞུག་བསྐོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྡེར་སྤྱད་འདྲིམ་མོ་ཞེས་བྱ་བ་ནི་བསྐོ་བར་བྱའོ། །དེ་དག་འདྲིམ་པ་དང་ཟན་གྱུ་ནས་སྦ་བ་ནི་དེའི་ལས་ཡིན་ནོ་ཞེས་བྱ་བ་ནི་དགེ་སློང་དེས་ཟན་གྱི་དོན་དུ་སྡེར་སྤྱད་འདྲིམ་པར་བྱའོ། །འདིར་

เล่ม ๑๖๑ · หน้า 251b

གཞུང་ནི་སྡེར་སྤྱད་འདྲིམ་པ་དེས་དགེ་སློང་རྣམས་ཀྱི་ཟན་གྱི་གྲལ་དུ་སྡེར་དག་བྲིམ་པར་བྱ་ཞིང་ཟན་ཟོས་ཟིན་ནས་བྲུབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུའི་ཞལ་ཏ་པའོ་ཞེས་བྱ་བ་ནི་ཆུ་སྦྱིན་པ་ལ་དེའི་བྱ་བ་ལ་བསྐོ་བར་བྱའོ་ཞེས་བྱ་བའི་དོན་གྱིས་ཤེས་པའོ། །མཛེས་ཆོས་སོ་ཞེས་བྱ་བ་

ནི་མཛེས་པར་བྱ་བའི་དོན་དུ་འཆོས་པ་ནི་མཛེས་ཆོས་ཀྱི་དོན་དུ་བསྐོ་བར་བྱའོ། །དེ་བལྟས་ཏེ་རབ་ཏུ་བྱུང་བ་རྣམས་མི་མཛེས་པ་བསྟེན་ན་སེ་གོལ་གྱི་སྒྲ་སྔོན་དུ་བཏང་སྟེ་མཛེས་པ་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་མཛེས་ཆོས་དེས་སོ། །མཛེས་པ་ལ་ངེས་པར་སྦྱར་བའི་ངོ་བོ་ཉིད་བསྟན་པའི་

ཕྱིར་འདི་ལྟ་སྟེ། ཟས་ལ་སྒྲ་བསྐྱུང་བ་ཉིད་དང་ཤིན་ཏུ་བསྡམས་པ་ཉིད་དང་ཤིན་ཏུ་ནོགས་ཐུག་པ་ཉིད་ཀྱིས་སོ། །མཆོད་རྟེན་ལ་ཕྱག་བྱ་བ་ལ་སྒྲ་བསྐྱུང་བ་ཉིད་དང་རྒན་རིམས་ཉིད་ཀྱིས་སོ་ཞེས་བྱ་བ་སྨོས་སོ། །བང་རིམ་གྱི་ཞལ་ཏ་པའོ་ཞེས་བྱ་བ་ནི་བསྐོ་བར་བྱའོ། །དེས་དང་པོར་

ཟན་ཟོས་ཏེ་དབྱི་གུ་བླངས་ནས་ཟན་ཟ་བ་དག་ལ་ཁྭ་ཏ་དང་བྱེའུ་དང་ཕུག་རོན་ལ་སོགས་པ་དག་བཟློག་པར་བྱའོ་ཞེས་བྱ་བ་ནི་བང་རིམ་གྱི་ཞལ་ཏ་བ་དེས་སོ། །ཁྭ་ཏ་ལ་སོགས་པ་དེ་དག་ནི་བང་རིམ་ལ་སོགས་པ་དག་ཏུ་གནས་འཆའ་བས་དེའི་ཕྱིར་དེས་ཤས་ཆེར་དེ་དག་ཟློག་པར་བྱེད་པས་བང་

རིམ་གྱི་ཞལ་ཏ་བ་ཞེས་བྱའོ། །གནས་མལ་དབོག་པ་དང་གནས་མལ་བྱི་བོ་དབོག་པའོ་ཞེས་བྱ་བ་ནི་དེ་གཉིས་དབོག་པ་སྤྲོ་བར་བྱ་སྟེ་གཅིག་གི་དངོས་པོའོ། །གནས་མལ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་ལ་སོགས་པ་ལ་རྟག་པར་གནས་པ་ལའོ། །གནས་མལ་བྱི་བོ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་

དང་། སྟན་ནང་ཚངས་ཅན་དང་མལ་ཆ་དང་སྟན་དང་གནས་མལ་ལ་སོགས་པ་མེད་པ་འདི་ལྟ་སྟེ། ཤིང་ལྗོན་པའི་དྲུང་དང་ནེའུ་གསིང་ལ་སོགས་པ་གཏན་གྱི་གནས་མལ་མ་ཡིན་པའོ། །ཟས་རུང་བ་དང་བཅས་པ་ཉིད་ཡིན་ན་མི་དག་འོང་བ་ལ་སྒེའུ་ཆུང་སྲུང་བའོ་ཞེས་བྱ་བ་ནི་འཇིག་རྟེན་

པ་ཞུགས་ནས་ཟས་རུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ཤ་དང་བཅས་པ་ཉིད་ཡིན་ན། དེར་མི་གཞན་དག་འོང་བ་དགག་པའི་ཕྱིར། སྒེའུ་ཆུང་སྲུང་བ་སྤྲོ་བར་བྱ་སྟེ་བསྐོ་བར་བྱའོ། །འདིར་སྒེའུ་ཆུང་ཞེས་བྱ་བ་ནི་དགག་པ་སྒོ་བ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་དག་

เล่ม ๑๖๑ · หน้า 252a

གྲལ་ན་ཟན་ཟ་བ་ན་མི་དག་འོངས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒེའུ་ཆུང་སྲུང་བ་བསྐོ་བར་བྱའོ། །ཤ་དག་འདྲིམ་པ་ན་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་རུང་བ་ཡོད་པ་དེའི་ཚེ་སྒེའུ་

ཆུང་སྲུང་བ་བསྐོ་བར་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །གནས་མལ་གྱི་གཞིའོ།། །།ཕྱག་བྱ་བའི་གནས་མུན་ཁྲོད་དུ་ཕྱག་དང་བཅས་པའི་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཕྱག་འཚལ་བའི་གནས་མུན་ཁྲོད་དུ་དགེ་སློང་གིས་ཕྱག་མི་བྱ་བར་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་དང་

བཅས་པའི་ཚིག་བརྗོད་པར་བྱ་བ་ཡིན་གྱི་ཞེས་བྱ་བ་འདིར་སྨོས་ན། འདི་ནི་ཕྱག་འཚལ་བའི་ཚེ་མདུད་པ་མེད་པར་འདི་མི་རིགས་སོ་ཞེ་ན། བདེན་མོད་ཀྱི་དེའི་ཕྱིར་འདུད་པ་དང་བཅས་པར་ཞེས་བྱ་བ་སྨོས་སོ། །ཉེན་ཀོར་དུ་གྱུར་པ་གཞན་གྱིས་ཕྱག་བྱ་བར་བརྩམས་པ་ལ་ཕྱག་མི་བྱ་བར་མི་བྱའོ་

ཞེས་བྱ་བ་ནི་གཞན་གྱིས་ཕྱག་བྱ་བར་བརྩམས་པ་ལ་ཉེན་ཀོར་དུ་གྱུར་པ་གཞན་གྱིས་ཕྱག་བྱ་བར་འོས་པ་ལ་གཞན་གྱིས་ཕྱག་མི་བྱ་བ་མ་ཡིན་ནོ། །སིལ་བུ་དག་ལས་འདི་དང་པོར་བྱས་ནས་ཕྱག་འཚལ་བ་ཉིད་དོ་ཞེས་བྱ་བའི་མཐར་ཐུག་པའོ། །འདིར་ཞུ་བ་དག་ལས། མཐའ་དང་བཅས་པ་

ལ་དོར་ནས་མི་བྱ་ཞེས་བྱ་བའི་བར་དུ་གསུངས་སོ། །ཚངས་པའི་ཕྱག་གིས་ནི་དེ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཚངས་པའི་ཕྱག་ཅེས་བྱ་བ་ཐམས་ཅད་ལ་ཁྱབ་པ་ཐམས་ཅད་གནས་གཅིག་ཏུ་ཚོགས་པ་ལ་སྤྱིར་ཕྱག་བྱ་བ་བསྟན་པ་སྟེ་དེ་བྱས་ན་དེ་བྱས་པ་ཉིད་ཡིན་པའོ། །ནང་དང་བཅས་

པ་ལ་ཕྱག་མི་བྱའོ་ཞེས་བྱ་བ་ལ། འདིར་ནང་དང་བཅས་པ་ཞེས་བྱ་བ་ནི་གནོད་པ་བྱ་བའི་བསམ་པས་ཉེ་བར་གནས་པར་བྱ་བ་ཡིན་པར་རིག་པར་བྱའི། རྩོད་དོ་ཅོག་ཐམས་ཅད་ནི་མ་ཡིན་ནོ། །དེ་བས་ན་གནོད་པར་བྱ་བའི་བསམ་པས་ཉེ་བར་གནས་པ་ལ་ཕྱག་བྱར་མི་རུང་གི་རྩོད་པ་གཞན་ལ་

ནི་རུང་ངོ་། །འདིར་གཞུང་ནི་གཉིས་ལ་ཕྱག་བྱ་སྟེ། གློ་བུར་དུ་འོངས་པ་དག་དང་གཉུག་མར་གནས་པ་དག་གིས་ཕན་ཚུན་རྒན་རིམས་བཞིན་དུ་ཕྱག་བྱའོ། །ནང་དང་བཅས་པ་དང་ཡོངས་སུ་གནས་པ་བྱེད་པ་ནི་མ་གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །ཕྱག་འཚལ་བ་ལ་ཨ་རོག་གྱ་ཞེས་

เล่ม ๑๖๑ · หน้า 252b

བྱ་བར་མི་བྱའོ། །འདས་པ་ལ་ཕྱག་བྱ་བ་ཡིན་པ་ལ་ཕྱག་མི་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་འདས་པའི་དུས་ན་དེ་ཕྱག་བྱ་བ་ཉིད་དུ་འགྱུར་བ་ཡིན་ན། ད་ལྟར་ཕྱག་བྱ་བ་ཉིད་མ་ཡིན་དུ་ཟིན་ཀྱང་སྔོན་གྱི་གནས་སྐབས་དེ་ཉིད་མངོན་སུམ་བྱས་ཏེ་ཕྱག་བྱར་རུང་བས་དེའི་ཕྱིར་དེ་ལ་ཕྱག་བྱ་བ་ཉིད་ཡིན་ནོ། །

འདི་ནི་དགེ་སློང་རྒན་པོ་ཁྲོས་པའི་དབང་གིས་སྡོམ་པ་རྒྱུན་ཆད་དེ་སྦྲུལ་དུ་གྱུར་པ་ལ། དགེ་སློང་ཅིག་ཤོས་ཀྱིས་སྔོན་གྱི་རྒྱུད་དེ་མངོན་སུམ་དུ་བྱ་སྟེ་འདུད་པར་བྱའོ་ཞེས་གསུངས་པའི་གླེང་གཞི་ཡིན་ཏེ། ཐམས་ཅད་ལ་བྱེ་བྲག་མེད་པས་བྱར་རུང་བས་འདིར་སྤྱིར་མདོར་བྱས་སོ། །སྦགས་པ་ལ་

ཕྱག་མི་བྱའོ། །སྦགས་པས་ཕྱག་མི་བྱའོ། །དེས་བདག་གིར་མི་བྱའོ་ཞེས་བྱ་བ་ནི་སྦགས་པ་ལ་ཕྱག་མི་བྱ་བ་དང་། སྦགས་པས་གཞན་ལ་ཕྱག་མི་བྱ་བ་དང་། སྦགས་པས་ཕྱག་དེ་བདག་གིར་མི་བྱའོ། །སྦགས་པ་ལས་མི་བྱའོ་ཞེས་བྱ་བ་ནི་སྦགས་པ་གཞན་ལས་ཕྱག་དེ་བདག་གིར་མི་

བྱ་བའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་ནད་པ་བལྟ་བར་བྱའོ་ཞེས་གསུངས་པ་དང་། ནད་པ་བལྟ་བར་བྱ་བའི་དགེ་སློང་རྒན་པོ་དག་དང་གསར་བུ་དག་ཀྱང་དོང་ནས། དེ་ན་གསར་བུ་གང་དག་ཡིན་པ་དེ་དག་ནི་ནད་པ་དེ་ལ་ཕྱག་འཚལ་བར་བྱེད། རྒན་པོ་གང་དག་ཡིན་པ་དེ་དག་

ལ་ནི་ནད་པ་དེས་ཕྱག་དག་འཚལ་བར་བྱེད་པ་ན་དེ་སྐྱོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦགས་པ་ལ་ཕྱག་མི་བྱའོ། །སྦགས་པས་ཕྱག་མི་བྱའོ། །སྦགས་པས་ཕྱག་བདག་གིར་མི་བྱའོ། །སྦགས་པ་ལས་ཕྱག་བདག་གིར་མི་བྱའོ། །སྦགས་པ་ལ་

ཕྱག་འཚལ་ལམ། སྦགས་པས་ཕྱག་འཚལ་ལམ། སྦགས་པས་ཕྱག་བདག་གིར་བྱེད་དམ། སྦགས་པ་ལས་ཕྱག་བདག་གིར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྦགས་པ་ནི་རྣམ་པ་གཉིས་ཏེ། ཐ་ན་སོ་ཤིང་ཡན་ཆད་ཟ་བས་སམ། ཐ་ན་དེའི་ས་

བྱི་དོར་བྱེད་པ་ཡན་ཆད་མི་གཙང་བས་སོ་ཞེས་བྱ་བ་ནི་ཟ་བས་སྦགས་པ་ནི་ཐ་ན་སོ་ཤིང་ཡན་ཆད་ཟ་བས་སྦགས་པ་ཡིན་ནོ། །མི་གཙང་བས་སྦགས་པ་ནི་ཐ་ན་མི་གཙང་བའི་ས་བྱི་དོར་བྱེད་པ་ཡན་ཆད་གྱིས་སྦགས་པ་ཡིན་ནོ། །འདི་ལ་གཅེར་བུ་ཉིད་དང་གོས་གཅིག་པ་ཉིད་ནི་སྦགས་པ་དང་

เล่ม ๑๖๑ · หน้า 253a

འདྲའོ་ཞེས་བྱ་བ་ནི་འདི་ལ་ཞེས་བྱ་བ་ནི་ཕྱག་བྱ་བ་ལ་སྟེ། དེས་གཅེར་བུ་ལ་ཕྱག་མི་བྱའོ། །གཅེར་བུས་ཕྱག་མི་བྱའོ། །གཅེར་བུས་ཕྱག་བདག་གིར་མི་བྱའོ། །གཅེར་བུ་ལས་ཕྱག་བདག་གིར་མི་བྱའོ། །དེ་བཞིན་དུ་གོས་གཅིག་པ་ལ་ཕྱག་མི་བྱའོ། །གོས་

གཅིག་པས་ཕྱག་མི་བྱའོ། །གོས་གཅིག་པས་ཕྱག་བདག་གིར་མི་བྱའོ། །གོས་གཅིག་པ་ལས་ཕྱག་བདག་གིར་མི་བྱའོ། །ཕྱག་ནི་རྣམ་པ་གཉིས་ཏེ། ཡན་ལག་ལྔས་ཕྱག་འཚལ་བ་དང་། སྒྱིད་པ་ལ་འཁྱུད་པས་ཕྱག་འཚལ་བའོ། །སྦྲིད་བ་བྱུང་བ་ལ་སོས་ཞེས་བརྗོད་

པར་མི་བྱ་སྟེ། རྒན་ཞུགས་དང་ཁྱིམ་པ་ལ་ནི་མ་གཏོགས་སོ། །གསར་བུ་དེ་ལ་ཨ་རོག་གྱ་ཞེས་བརྗོད་པར་བྱའོ། །རྒན་པོ་ལ་ནི་ཕྱག་བྱའོ་ཞེས་བྱ་བ་ནི་དེ་ལ་ཞེས་བྱ་ནི་སྦྲིད་པ་བྱུང་བ་དེ་ལ་ནི་གསར་བུས་ཕྱག་བྱའོ། །སྦྲིད་པ་བྱུང་ན་ཡང་ངོ་ཞེས་བྱ་བ་ནི་གསར་བུ་རང་ལ་སྦྲིད་པ་བྱུང་ན་

ཡང་རྒན་པོ་ལ་ཕྱག་བྱའོ། །འདིར་གཞུང་ནི་གསར་བུས་སྦྲིད་པ་བྱུང་ན་ཕྱག་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་དང་མིང་དང་རུས་བརྗོད་པས་ཀུན་དུ་སྤྱད་པར་མི་བྱའོ། །ཉེ་བའི་ཚིག་དང་བྲལ་བར་དེའི་མཚན་ནས་གདུང་སྨོས་པར་མི་བྱའོ་

ཞེས་བྱ་བ་ནི་འོན་ཀྱང་ཉེ་བའི་ཚིག་དང་བཅས་པར་མཚན་ནས་གདུང་སྨོས་པར་བྱའོ། །འདིར་གཞུང་ནི་འདི་ལྟར་ཉེ་བའི་ཚིག་དང་བཅས་ཏེ་སྟོན་པའི་མཚན་སྨོས་པར་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྒན་པའི་

མི་བྱའོ་ཞེས་བྱ་བ་ནི་ཉེ་བའི་ཚིག་དང་བྲལ་བར་མིང་དང་རུས་སྨོས་པར་མི་བྱའོ། །འདི་ལ་གནས་བརྟན་དང་ཚེ་དང་ལྡན་པ་ནི་ཉེ་བའི་ཚིག་ཉིད་ཀྱི་ཚུལ་དང་མཐུན་པ་ཡིན་ནོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་རྒན་པ་ལའོ། །སྔ་མ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་

ལ་སྟེ། སྟོན་པ་ལ་ནི་གནས་བརྟན་དང་ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཉེ་བའི་ཚིག་ཉིད་ཀྱི་ཚུལ་དང་མཐུན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལག་གི་བླས་འགྲོ་བ་དང་འོང་བ་དང་ལྡན་པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་པར་བྱའོ་ཞེས་བྱ་བ་ནི་གང་འགྲོར་ཡང་ནུས་ལ་འོང་ཡང་ནུས་

เล่ม ๑๖๑ · หน้า 253b

པའི་གཞིར་རོ། །འདིར་གཞུང་ནི་མ་མོ་ལས། ཕྱོགས་གང་དུ་དང་པོ་གཙུག་ལག་ཁང་རབ་ཏུ་གནས་པར་བྱེད་པ་དེ་དགེ་སློང་ལག་གི་བླས་དང་པོ་ཁོ་ནར་གཙུག་ལག་ཁང་གི་གཞི་བརྟག་པར་བྱ་སྟེ། འོང་བ་དང་ལྡན་པ་དང་འགྲོ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་

ནོ། །ཤིང་ལྗོན་པ་དང་རྫིང་བུ་དང་འཆག་ས་དག་དང་ངོ་ཞེས་བྱ་བ་ཡང་ལྡན་པ་ཞེས་བྱ་བར་སྦྱར་ཏེ། ཤིང་ལྗོན་པ་དང་ལྡན་པ་དང་རྫིང་བུ་དང་ལྡན་པ་དང་འཆག་ས་དང་ལྡན་པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་པར་བྱའོ། །ཉེན་ཀོར་དང་ངོ་ཞེས་བྱ་བ་ནི་ཉེན་ཀོར་དང་ལྡན་པའི་གཙུག་ལག་

ཁང་རབ་ཏུ་གནས་པར་བྱའོ། །རྒྱུན་ལུགས་དང་ཀླག་ཅོར་དང་སྒྲ་དང་ཏུག་རིང་ཆུང་བར་རོ་ཞེས་བྱ་བ་ནི་རྒྱུན་ལུགས་ཉུང་བ་དང་ཀླག་ཅོར་ཆུང་བ་དང་སྒྲ་ཆུང་བ་དང་ཏུག་རིང་ཆུང་བར་གཙུག་ལག་ཁང་རབ་ཏུ་གནས་པར་བྱའོ། །བྲམ་ཟེའི་ཀློག་པ་དང་འདུན་སའི་ཐ་སྙད་དང་གླང་པོ་ཆེ་དང་རྟ་

ལ་སོགས་པའི་སྒྲ་ནི་སྒྲའོ། །རྫ་རྔ་ལ་སོགས་པའི་སྒྲ་ནི་ཏུག་རིང་སྟེ་དེ་དག་ཆུང་བར་བྱའོ། །སྦྱིན་པ་པོས་རྗེས་སུ་གནང་ན་གཙུག་ལག་ཁང་བྱ་བའི་དངོས་པོ་ལས་དེ་བྱ་བའི་སྤྱད་བྱའོ་ཞེས་བྱ་བ་ནི་སྦྱིན་བདག་གིས་རྗེས་སུ་གནང་ན་གཙུག་ལག་ཁང་བྱ་བའི་རྫས་གང་ཡིན་པ་དེ་ལ་ལག་གི་

བླས་བྱ་བའི་སྤྱད་བྱ་བ་ལ་མི་རིགས་པ་མེད་པའོ། །འདིར་གཞུང་ནི་གལ་ཏེ་ཁྱིམ་བདག་གིས་རྗེས་སུ་སྟེར་ན་དེ་ཉིད་ལས་སྤྱད་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་གཞག་པའི་ཁང་པ་སྦྱིན་ནོ་ཞེས་བྱ་བ་ནི་ལག་གི་བླས་བྱ་བའི་སྤྱད་དེ་གཞག་པའི་ཁང་པ་སྦྱིན་པར་བྱ་བ་དེ་

དམིགས་ཀྱིས་བསལ་བའོ། །དེ་ཞེས་བྱ་བ་ནི་སྤྱད་དེའོ། །དེར་དགོས་པའི་འབྲུ་མར་ལ་སོགས་པ་ཚོད་རན་པར་ཉོའོ་ཞེས་བྱ་བ་ནི་འདིར་དེར་གྱི་སྒྲས་ནི་ལག་གི་བླས་ལས་བྱ་བ་དེ་བསྡུས་པའོ། །ལག་གི་བླས་སྤྱི་བུངས་ཇི་འདྲ་བ་དེ་འདྲ་བར་བཟའོ་ཞེས་བྱ་བ་ནི་གང་དུ་དེ་འོས་པ་

ཉིད་དེ་ལ་བསྡུས་པ་དེ་རྣམ་པར་གནས་པ་ཡིན་ནོ། །གང་དུ་དེའི་འོས་པ་ཉིད་ནི་གང་ཞིག་གཙུག་ལག་ཁང་ན་གནས་པ་དེ་ལས་སར་པ་བྱེད་དུ་འཇུག་པ་དེའི་གཙུག་ལག་ཁང་ལའོ། །གནས་དེའི་གཙུག་ལག་ཁང་མེད་པ་ཉིད་ཡིན་ན་ཉེ་འཁོར་གྱི་གཙུག་ལག་ཁང་གིའོ་ཞེས་བྱ་བ་ནི་ཇི་

เล่ม ๑๖๑ · หน้า 254a

ཙམ་པ་དེ་ཙམ་ཞེས་བྱ་བར་སྦྱར་རོ། །སྣུམ་བག་གི་རྙེད་པ་མནོད་དོ་ཞེས་བྱ་བ་ནི་འདིར་བྱ་ན་ཡང་དགེ་སློང་གི་ཐང་བཞིན་དུ་མནོད་པའོ་ཞེས་བྱ་བར་རྣམ་པར་གནས་པ་ཡིན་ནོ། །འདིར་དེ་འདྲ་བར་ཞེས་བྱ་བར་སྦྱར་བར་བྱའོ། །གཙུག་ལག་ཁང་དག་གི་བརྩེགས་མ་ཉིད་

ཀྱི་མཐའ་ནི་ལྔའོ། །དགེ་སློང་མ་རྣམས་ཀྱི་ནི་གསུམ་མོ་ཞེས་བྱ་བ་ནི་མཐའོ། །འདིར་གཞུང་ནི་སིལ་བུ་དག་ལས་དགེ་སློང་རྣམས་ཀྱི་གཙུག་ལག་ཁང་ནི་ལྔ་བརྩེགས་སུ་བྱའོ། །དྲི་གཙང་ཁང་ནི་བདུན་བརྩེགས་སུ་བྱའོ། །སྒོ་ཁང་གི་སྟེང་གི་བསིལ་ཁང་ཡང་བདུན་བརྩེགས་སོ། །དགེ་སློང་མ་

རྣམས་ཀྱི་གཙུག་ལག་ཁང་ནི་སུམ་བརྩེགས་སུ་བྱའོ། །དྲི་གཙང་ཁང་ནི་ལྔ་བརྩེགས་སུ་སོ། །སྒོ་ཁང་ནི་སྟེང་གི་བསིལ་ཁང་ཡང་ལྔ་བརྩེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲི་གཙང་ཁང་དང་སྒོ་ཁང་སྟེང་གི་བསིལ་ཁང་དག་ནི་བརྩེགས་མ་གཉིས་ཀྱིས་ལྷག་པར་བྱའོ། །དེ་དག་

ལྕི་བས་འཇིག་པ་ཉིད་ཡིན་ན་བརྩེགས་མ་བཤིག་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་དགེ་སློང་དང་དགེ་སློང་མའི་གཙུག་ལག་ཁང་དེ་དག་ལྕི་བས་འཇིག་པ་ཉིད་ཡིན་ན། བརྩེགས་པ་བཤིགས་པ་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་ཏེ། བརྩེགས་མ་ཇི་སྙེད་བཤིག་པ་གཅིག་

གམ་དུ་མ་དེ་སྙེད་བཤིག་པར་བྱའོ། །བདུན་སྟོབས་ཉིད་ཀྱིས་སེལ་བ་ཞེས་བྱ་བ་དང་ཁ་ན་མ་ཐོ་བ་མེད་པ་ཉིད་ཅེས་བྱ་བ་ཤུགས་ཀྱིས་རྟོགས་པ་སྟེ་གཙུག་ལག་ཁང་གིས་ཞེས་བྱ་བར་སྦྱར་རོ། །བརྩམས་པ་སྐྱེད་པའམ་བསྐྱུང་བར་བྱ་བའི་ཕྱིར་བཤིག་པ་ཡང་ངོ་ཞེས་བྱ་བ་ཡང་། ཁ་ན་མ་

ཐོ་བ་མེད་དོ་ཞེས་བྱ་བར་སྦྱར་ཏེ། འདིར་གཞུང་ནི་གལ་ཏེ་བྱེད་དུ་འཇུག་མི་ནུས་ན་བཤིག་སྟེ་ཆུང་ངུར་བྱེད་དུ་གཞུག་སྟེ་འདི་ལ་འགྱོད་པ་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མཆོད་རྟེན་དང་སྐུ་གཟུགས་དག་ནི་སྐྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་བརྩམས་པ་བཤིག་པ་ལ་ཁ་ན་མ་ཐོ་བ་མེད་

པ་སྟེ། དེ་གཉིས་བརྩམས་པ་བསྐྱུང་བའི་ཕྱིར་བཤིག་པ་ནི་ཁ་ན་མ་ཐོ་བར་འགྱུར་རོ། །རྙིངས་པ་ཉིད་ཀྱི་ཕྱིར་ནི་ཟིན་ཀྱང་མཉམ་པའི་ཕྱིར་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་ཀྱང་ངོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་སྨོས་སོ། །བརྩམས་པ་མ་ཟིན་པ་དེ་དག་སྐྱེད་པ་འབའ་

เล่ม ๑๖๑ · หน้า 254b

ཞིག་གི་ཕྱིར་བཤིག་པ་ལ་ཁ་ན་མ་ཐོ་བ་མེད་པར་མ་ཟད་ཀྱི་སྔ་མ་དང་མཉམ་པར་བྱ་བའི་ཕྱིར་བཤིག་པ་ལ་ཡང་ཁ་ན་མ་ཐོ་བ་མེད་པའོ། །རྙིངས་པ་ལ་གང་ལ་ཕྱིར་བཅོས་པས་བསྐྱེད་པར་བྱ་མི་ནུས་པ་དེ་ལ་བསྙམས་པ་ལ་ཁ་ན་མ་ཐོ་བ་མེད་པ་འདི་གསུངས་པར་རིག་པར་བྱའོ། །

ཕྱོགས་གཅིག་ཕྱིར་བཅོས་པའི་ཕྱིར་ཡང་ངོ་ཞེས་བྱ་བ་ནི་མཆོད་རྟེན་དང་སྐུ་གཟུགས་ཀྱི་ཕྱོགས་གཅིག་རྙིངས་པ་ཕྱིར་འཆོས་པར་བྱ་བའི་ཕྱིར་བཤིག་པ་ལ་ཡང་ཁ་ན་མ་ཐོ་བ་མེད་པའོ། །འདིར་གཞུང་ནི་མཆོད་རྟེན་དང་སྐུ་གཟུགས་དག་རྙིངས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ་ཕྱིར་བཅོས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མདོ་སྔ་མའི་གཞུང་ནི་སྐྱང་ནུལ་གྱི་སྐུ་གཟུགས་དག་རྙིངས་པར་གྱུར་པ་ན། དགེ་སློང་དག་འགྱོད་པས་ཕྱིར་འཆོས་པར་མི་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷག་མ་འམ་མཉམ་པར་བྱའི་ཆུང་བ་ནི་

མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་མཆོད་རྟེན་དང་སྐུ་གཟུགས་དག་འདྲ་བ་ཉིད་དེ་གང་ཞིག་འདི་དག་གི་དེ་དག་ལས་དེ་ལྟ་བུའི་རིགས་ཅན་གྱི་ཚིག་དེ་ལས་གཞན་དུ་བརྗོད་པ་ཉིད་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་གཉིས་ཀ་ལུང་གཉིས་ལས་ཤེས་པའོ། །གདུགས་ལ་སོགས་

བཅོས་པ་ཡང་ངོ་ཞེས་བྱ་བ་ནི་རྙིངས་པ་ཕྱིར་བཅོས་པའི་ཕྱིར་མཆོད་རྟེན་དང་སྐུ་གཟུགས་དག་ལས་དབོག་པ་ལ་ཁ་ན་མ་ཐོ་བ་མེད་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཆར་ཁབ་ལ་སོགས་པ་དག་ཀྱང་བསྡུའོ། །གཞན་གདགས་པའི་ཕྱིར་ཡང་ངོ་ཞེས་བྱ་བ་ནི་རྙིངས་པ་ཕྱིར་

བཅོས་པར་བྱ་བའི་ཕྱིར་འབོགས་པ་ལ་ཁ་ན་མ་ཐོ་བ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སར་པ་གཞན་གདགས་པའི་ཕྱིར་འབོགས་པ་ལ་ཡང་ཁ་ན་མ་ཐོ་བ་མེད་པའོ། །དེའི་དོན་དུ་ཉེ་བར་མ་བཞག་པར་འགོག་པར་མི་བྱའོ་ཞེས་བྱ་བ་ནི་གཞན་གདགས་པ་དེའི་དོན་དུ་གདུགས་ལ་སོགས་པ་ཉེ་

བར་མ་བཞག་པར་སྔ་མ་དབོག་པར་མི་བྱའོ། །འདིར་གཞུང་ནི་གཞན་དག་གིས་གདུགས་དག་ཕོག་པར་གྱུར་ནས་དེ་དག་རབ་ཏུ་དུས་བྱེད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྲིད་དུ་གཞན་དག་ཉེ་བར་མ་བཞག་པ་དེ་སྲིད་དུ་དབོག་པར་མི་བྱའོ་ཞེས་

เล่ม ๑๖๑ · หน้า 255a

གསུངས་པ་ཡིན་ནོ། །སྐྱེས་པའི་རབས་ལ་སོགས་པའི་རི་མོ་དང་། སངས་རྒྱས་ཀྱི་བཀའི་ཡི་གེ་དག་ཀྱང་ཞེས་བྱ་བ་ནི་དེ་དག་ཀྱང་རྙིངས་པ་བཅོས་པའི་ཕྱིར་ཕྱིས་པ་ལ་ཁ་ན་མ་ཐོ་བ་མེད་པའོ། །ཅི་ཞིག་གི་ཕྱིར་ཕྱིས་པ་ལ་བྱ་ཞེ་ན། དེའི་ཕྱིར་བྱིད་པའི་

བྱེ་བྲག་ཁོ་ན་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བྱིད་པའི་བྱེ་བྲག་གང་ཡིན་པ་དེ་ཁོ་ན་བྲི་བའི་ཕྱིར་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །རྩོམ་པར་བྱེད་པས་མ་བྱས་ན་གཞན་གྱིས་ལྷག་མ་བྱའོ་ཞེས་བྱ་བ་ནི་གང་གིས་མཆོད་རྟེན་དང་གཙུག་ལག་ཁང་དག་རྩོམ་པར་བྱེད་པ་དེ་བརྩམས་ནས་མ་

ཟིན་པར་མ་བྱས་ན་གཞན་གྱིས་དེའི་ལྷག་མ་བྱ་བ་ལ་མི་རིགས་པ་མེད་པའོ། །གལ་ཏེ་དགེ་འདུན་གྱི་ཕྱིར་ཕྱེད་བརྩིགས་ན་འཁར་ལེན་སྦྱིན་པར་བྱའོ་ཞེས་བྱ་བ་ནི་འདི་ལ་ཚུལ་དང་མི་མཐུན་པ་མེད་པར་ཤེས་པར་བྱའོ། །དེ་བས་ན་དེའི་བརྗོད་པ་འདིའོ། །འདིར་ཕྱེད་ཅེས་བྱ་བའི་སྒྲ་ནི་

ཆ་ཤས་ལ་སྙེགས་ཀྱི་ཆ་མཉམ་པའི་ཕྱེད་ཁོ་ན་ནི་མ་ཡིན་ཏེ། ཅུང་ཟད་ཙམ་བརྩིགས་ནས་ཞེས་བྱ་བའི་དོན་ཏོ། །འདིར་རྣམ་པར་འབྱེད་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་མ་ཟིན་པ་ལ་ཞེས་བྱ་བ་ནས་འདི་ལྟར་ལྷན་ཅིག་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་

ཡིན་ནོ། །དེས་བསྟང་བའི་དུས་ནི་གལ་ཏེ་དགུན་ཡིན་ན་ཟས་ཀྱི་འོག་རོལ་དུའོ། །གལ་ཏེ་སོ་ག་ཡིན་ན་ཟས་ཀྱི་མདུན་རོལ་དུའོ་ཞེས་བྱ་བ་ལ། དུས་ནི་མཁར་ལེན་གྱིས་བསྟང་བ་དེའི་དུས་སོ། །འདིར་གཞུང་ནི་དགེ་སློང་དག་སོ་ག་ནི་ཟས་ཀྱི་འོག་རོལ་དུ་ལས་བྱེད་ལ། དགུན་ནི་

ཟས་ཀྱི་མདུན་རོལ་དུ་ལས་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགུན་ནི་ཟས་ཀྱི་འོག་རོལ་དུ་ལས་བྱ་ལ། སོ་གས་ནི་ཟས་ཀྱི་མདུན་རོལ་དུ་ལས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཟས་ཀྱི་བྱ་བའི་དུས་ལུས་པར་རོ་ཞེས་བྱ་བ་ནི་ཇི་སྲིད་དུ་ཟས་ཀྱི་བྱ་བ་

ལྷུང་བཟེད་བཀྲུ་བ་ལ་སོགས་པ་དག་གི་དུས་ལས་ཡོལ་བར་གྱུར་པ་དེ་སྲིད་དུ་ལས་མི་བྱའོ། །དེའི་ལས་བྱི་དོར་མ་བྱས་པར་འཚོ་བ་ལ་འཇུག་པར་མི་བྱའོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་བསྟང་བའི་བྱ་བ་ལས་སོ། །འཚོ་བ་ལས་ཞེས་བྱ་བ་ནི་བསོད་སྙོམས་ཀྱི་ཕྱིར་འགྲོ་བ་ལ་སོགས་

เล่ม ๑๖๑ · หน้า 255b

པའོ། །དེའི་མཐའ་ནི་རྐང་ལག་བཀྲུས་པ་ཉིད་དོ་ཞེས་བྱ་བ་ལ། དེའི་མཐའ་ཞེས་བྱ་བ་ནི་བྱི་དོར་བྱས་པ་དེའི་མཐའོ། །འདིར་མཐའི་སྒྲ་ནི་འདི་ཐམས་ཅད་ལས་ཆུང་བ་ཉིད་ལ་སྨོས་སོ། །ལག་གི་བླས་ཁྱེའུ་སུས་སྦྱོར་དུ་གཞུག་གོ་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་དག་ཟས་ཀྱི་མདུན་རོལ་

དུ་བྱེད་ན་དེའི་ཚེ་ལག་གི་བླས་ཁྱེའུ་སུས་སྦྱོར་དུ་གཞུག་གོ། །ཟས་ཀྱི་འོག་རོལ་དུ་ནི་སྐོམ་དང་རྐང་ལག་བསྐུ་མཉེ་བྱའོ་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་དག་ཟས་ཀྱི་འོག་རོལ་དུ་ལས་བྱེད་ན་དེའི་ཚེ་ལག་གི་བླས་སྐོམ་ལ་སོགས་པ་སྦྱོར་དུ་གཞུག་པའོ། །གནས་ཁང་དག་གི་སྒོ་གདོད་དོ། །

སྒོ་གླེགས་གཞུག་གོ། །ལག་གཟུངས་དང་ཡང་མིག་དང་ཀོ་བའི་དུམ་བུ་དག་གོ་ཞེས་བྱ་བ་ནི་གཞུག་གོ་ཞེས་བྱ་བའི་རྗེས་སུ་སྦྱར་རོ། །སྐར་ཁུང་དག་གདོད་དོ་ཞེས་བྱ་བ་ནི་གནས་ཁང་ལའོ། །ཕྱོགས་གང་དུ་གདོད་པར་བྱ་ཞེ་ན་དེའི་ཕྱིར་དཀྱིལ་དུའོ་ཞེས་བྱ་བ་སྨོས་ཏེ་རྩིག་ངོས་ཀྱིའོ། །

དབྱིབས་ཅི་འདྲ་བ་ཞེ་ན། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། རྒྱ་མཚོ་ལྟར་བྱིན་གྱིས་ཡངས་པའོ། །དྲ་བ་གཞུག་གོ་ཞེས་བྱ་བ་ནི་སྟེགས་བུའི་རྣམ་པ་འདིར་རིག་པར་བྱ་སྟེ་སྐར་ཁུང་ལ་སྟེ། དྲ་བ་ཞེས་བྱ་བ་གང་ཞིག་བསྟན་པ་དེ་ནི་འདིར་སྟེགས་བུ་

དེའོ། །སྒོ་གླེགས་སོ་ཞེས་བྱ་བ་ནི་སྐར་ཁུང་ལ་གཞུག་པར་བྱའོ། །འཁོར་གཏན་དང་གནམ་གཟེར་དང་འཕྲེད་གཏན་དག་གོ་ཞེས་བྱ་བ་ནི་སྒོ་གླེགས་དེ་ལ་གཞུག་པར་བྱ། དབྱུག་གུ་སྐམ་ཁ་བཅང་ངོ་། །གསོར་གྱིས་བཙུགས་པས་རྒྱུའོ་ཞེས་བྱ་བ་ནི་ཐག་མ་རྒྱུ་བ་ཐམས་ཅད་ནི་

གསོར་གྱིས་བཙུགས་པའི་ཐབས་ཀྱིས་བྱ་བའོ། །གནས་ཁང་གི་མདུན་དུ་ཁྱམས་བྱའོ་ཞེས་བྱ་བ་སྨོས་ན། ཕྱོགས་གང་དུ་བྱ་ཞེ་ན་དེའི་ཕྱིར་གནས་ཁང་གི་མདུན་དུའོ་ཞེས་བྱ་བ་སྨོས་སོ། །རིམ་པ་གང་གིས་འདི་བྱ་ཞེ་ན་དེའི་ཕྱིར། སོ་ཕག་གི་གཅལ་བདུན་ནམ་བརྒྱད་གཞུག་

གོ་ཞེས་བྱ་བ་སྨོས་ཏེ། གནས་ཁང་གི་རྩིག་པའི་འོག་གཞིའི་གཅལ་དུ་སོ་ཕག་རིམ་པ་བདུན་ནམ་བརྒྱད་གཞུག་པར་བྱ་བའོ། །དེའི་སྟེང་དུ་ཀ་ཏན་གྱི་སྤང་ལེབ་བོ་ཞེས་བྱ་བ་སྨོས་པས་ཀ་ཏན་གྱི་སྤང་ལེབ་གཞུག་པར་བྱའོ་ཞེས་བྱ་བ་ནི་སོ་ཕག་གི་གཅལ་དེའི་སྟེང་དུ་ཀ་ཏན་གྱི་སྤང་ལེབ་

เล่ม ๑๖๑ · หน้า 256a

གཞུག་པར་བྱའོ། །དེའི་སྟེང་དུ་ཀ་བའི་ཚར་དག་གོ་ཞེས་བྱ་བ་ནི་ཀ་ཏན་གྱི་སྤང་ལེབ་དེའི་སྟེང་དུ་ཀ་བའི་ཚར་དག་གཟུགས་པའོ། །དེ་དག་གི་སྟེང་དུ་ཀ་ཞུའི་འདབ་མ་དག་གོ་ཞེས་བྱ་བ་ལ། དེ་དག་གི་ཞེས་བྱ་བ་ནི་ཀ་བའི་ཚར་དེ་དག་གི་སྟེང་དུ་ཀ་ཞུའི་འདབ་མ་

དག་གཞུག་པའོ། །དེ་དག་གི་སྟེང་དུ་གདུང་མ་དག་གོ། །དེ་དག་གི་སྟེང་དུ་ཕྱམ་དག་གོ། །དེ་དག་གི་སྟེང་དུ་སྤང་ལེབ་དག་གོ། །དེ་དག་གི་སྟེང་དུ་སོ་ཕག་དགྲམ་མོ། །དེ་དག་གི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པའོ་ཞེས་བྱ་བ་ནི་དེ་དག་གི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པ་གླན་པར་བྱ་

བའོ། །མི་ལྟུང་བར་བྱ་བའི་ཕྱིར་ལན་ཀན་བྱའོ། །མི་འགུལ་བར་བྱ་བའི་ཕྱིར་ཤར་བ་གཞུག་གོ། །དེ་ལྕགས་ཀྱི་གཟེར་བུ་དག་གིས་སྦྱར་རོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་དེ་ཤར་བ་དེའོ། །འཛེག་པའི་ཕྱིར་ཐེམ་སྐས་བྱའོ། །འོག་ཏུ་རྡོ་ལས་བྱས་པ་བར་དུ་ས་ལས་བྱས་པ། སྟེང་

དུ་ཤིང་ལས་བྱས་པའོ། །ཡ་གད་ལས་འཛེག་པར་བྱའོ། །ཤིང་དང་སྨྱིག་མ་དང་ཐག་པ་ལས་བྱས་པ་ཡང་ངོ་ཞེས་བྱ་བ་ནི་ཤིང་ལས་བྱས་པ་དང་སྨྱིག་མ་ལས་བྱས་པ་དང་ཐག་པ་ལས་བྱས་པ་རྣམས་སོ། །རྫིང་བུ་དང་སྒོ་ཁང་དུ་རྫབ་མི་འབྱུང་བར་བྱ་བའི་ཕྱིར་སོ་ཕག་གི་གཅལ་

གཞུག་གོ། །དེའི་སྟེང་སོ་ཕག་གི་ཕྱེ་མའི་འཇིམ་པའོ་ཞེས་བྱ་བ་ནི་སོ་ཕག་གི་གཅལ་དེའི་སྟེང་དུའོ། །དེའི་སྟེང་དུ་རྡོ་ཐལ་གྱིས་སོ་ཞེས་བྱ་བ་ནི་སོ་ཕག་གི་སྟེང་མའི་འཇིམ་པ་དེའི་སྟེང་དུ་རྡོ་ཐལ་གྱི་སྐྱང་ནུལ་གྱིས་བསྐུ་བར་བྱ་བའོ། །མེད་ན་རྐང་པ་བསྐྱབ་པའི་ཕྱིར་ཤིང་གི་སྤང་ལེབ་སོ་

ཞེས་བྱ་བ་ནི་གཅལ་ཇི་ལྟར་བསྟན་པའི་རྫས་དེ་དག་མེད་ན་རྐང་པ་བསྐྱབ་པའི་ཕྱིར་སྤང་ལེབ་གཞུག་པར་བྱའོ། །ཡང་ན་བར་བར་དུ་སོ་ཕག་གོ་ཞེས་བྱ་བ་ནི་རྐང་པ་བསྐྱབ་པའི་ཕྱིར་གཞུག་པའོ། །མཆོད་རྟེན་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རྫབ་མི་འབྱུང་བར་བྱ་བའི་ཕྱིར་སོ་ཕག་གི་གཅལ་གཞུག་

གོ་ཞེས་བྱ་བ་ནས་སོ་ཕག་དག་གོ་ཞེས་བྱ་བའི་བར་དེ་དག་དེ་བཞིན་དུ་གཞུག་པའོ། །འདི་ལ་དེ་འདོམ་གང་ཙམ་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་གཅལ་དེའོ། །འདི་ལ་ཞེས་བྱ་བ་ནི་མཆོད་རྟེན་ལའོ། །སེང་གེའི་ཁྲི་གྲུ་བཞི་བྱའོ། །རྐང་པ་དག་ལ་སེང་གེའི་གདོང་

เล่ม ๑๖๑ · หน้า 256b

ཉིད་དོ། །སྤོ་བའི་ཕྱིར་གཟུང་བའི་དོན་དུ་བཞི་པོ་དེ་དག་ལ་ལྕགས་ཀྱི་ཡང་མིག་དག་གདགས་སོ་ཞེས་བྱ་བ་ལ་དེ་དག་ལ་ཞེས་བྱ་བ་ནི་རྐང་པ་བཞི་པོ་དག་ལའོ། །ཐག་གུ་དག་གིས་གདགས་སོ། །དེར་སྟན་ནང་ཚངས་ཅན་གཞག་གོ། །སྟེང་དུ་བླ་རེའོ་ཞེས་བྱ་བ་ནི་གདགས་པའོ། །

དཔྱང་བ་དག་གོ་ཞེས་བྱ་བ་ནི་ཡང་གདགས་པའོ། །བརྟན་པ་ལ་ནི་སོ་ཕག་ལས་བྱས་པའི་ཐེམ་སྐས་བྱའོ་ཞེས་བྱ་བ་ནི་མི་བསྐྱོད་པའི་ཆོས་ཅན་བརྟན་པ་ལའོ། །སྤོ་བ་ལས་ནི་ཤིང་ལས་བྱས་པའོ། །མ་འབྱོར་ན་ཡ་གད་དོ་ཞེས་བྱ་བ་ནི་ཐེམ་སྐས་མ་འབྱོར་ན་འདི་བྱ་བའོ། །རྐང་རྟེན་

ཡང་ངོ་ཞེས་བྱ་བ་ནི་གང་དུ་རྐང་པ་གཉིས་མི་འཕྱང་བ་ནི་འདིར་དགོས་པ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་གང་དུ་རྐང་པ་འཕྱང་བ་དེ་རྟོགས་པར་བྱའོ། །མཆོད་པའོ་ཞེས་བྱ་བ་ནི་རྐང་རྟེན་ལའོ་ཞེས་བྱ་བ་དེ་མ་ཐག་པར་ཤེས་པར་བྱའོ། །སྟེང་དུ་ལོ་མའི་ཆུན་པོ་འམ་རྩྭའི་ཆུན་པོ་

གཞུག་གོ། །འདི་ནི་རྐང་པ་གཉིས་མི་འཕྱང་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་རྐང་པའི་རྟེན་ལའོ། །འདི་ནི་རྡོས་འགྲུབ་པོ་ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་རྐང་པ་གཉིས་མི་འཕྱང་བ་འདིའོ། །ཟན་ཟ་བ་དག་ལ་ཁྲ་དང་བྱེའུ་དང་ཕུག་རོན་དག་གིས་མི་འཚེ་བར་བྱ་

བའི་ཕྱིར་བྱ་རྒྱ་བྱའོ་ཞེས་བྱ་བ་ནི་གང་དུ་ཁྭ་ཏ་ལ་སོགས་པ་འབྱུང་བ་དེར་ཞེས་བྱ་བ་ནི་དོན་གྱིས་ཤེས་པའོ། །འདིར་གཞུང་ནི་དགེ་སློང་དག་ཁྱམས་སུ་ཟན་ཟ་བ་ན། དེ་དག་ཁྭ་དང་བྱེའུ་དང་ཕུག་རོན་དག་གིས་འཚེ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱ་རྒྱ་བྱའོ་ཞེས་

གསུངས་པ་ཡིན་ནོ། །རྣམ་པ་བཞིའོ་ཞེས་བྱ་བ་ནི་བྱ་རྒྱ་དེའོ། །མུཉྫ་ལས་བྱས་པ་དང་། བལ་བ་ཛ་ལས་བྱས་པ་དང་། ཤ་ན་ལས་བྱས་པ་དང་། རས་བལ་ལས་བྱས་པའོ་ཞེས་བྱ་བ་ནི་གླེང་གཞི་དག་ལས་དེ་གསུངས་པ་དང་། འདིར་གཞུང་ནི་ཕྲན་ཚེགས་དག་ལས་ཀྱང་དྲ་བ་

ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ཤ་ན་ལས་བྱས་པ་དང་། མུཉྫ་ལས་བྱས་པ་དང་། བལ་བ་ཛ་ལས་བྱས་པ་དང་། ཀ་ཤ་ལས་བྱས་པ་དང་། ཀུ་ཤ་ལས་བྱས་པའོ་ཞེས་གསུངས་པ་ཡིན་ཏེ། དེ་དག་ནི་འགལ་བར་ཤེས་པར་མི་བྱ་སྟེ། དེ་ནི་གཉིས་ཀ་ལ་ཡང་དཔེ་ཉིད་དུ་

เล่ม ๑๖๑ · หน้า 257a

རྣམ་པར་གཞག་པའི་ཕྱིར་རོ། །བལ་བ་ཛ་སྨོས་པས་ནི་སྔར་གྱི་ཀ་ཤ་ལས་བྱས་པ་དང་། ཀུ་ཤ་ལས་བྱས་པ་དག་ཀྱང་འཕངས་པར་ཤེས་པར་བྱའོ། །ཤ་ན་ལས་བྱས་པ་ཞེས་སྨོས་པས་ནི་ཕྱི་མ་རས་བལ་ལས་བྱས་པ་ཡང་འཕངས་སོ། །གྲུ་བཞི་

དག་ཏུ་གཟུངས་གཟེར་གདབ་བོ། །དེ་དག་ལ་ཡང་གདགས་སོ་ཞེས་བྱ་བ་ནི་གཟུངས་གཟེར་དེ་དག་ལ་བྱ་རྒྱ་གདགས་སོ། །ཤིང་གི་ནི་འཆག་པ་དང་འདྲུལ་བས་དེའི་ཕྱིར་ལྕགས་ལས་བྱས་པ་དག་གོ་ཞེས་བྱ་བ་ནི་གཟུངས་གཟེར་གདགས་པའོ། །དེའི་ཕྱོགས་གཅིག་ཏུ་མཐོངས་

གདོད་དོ་ཞེས་བྱ་བ་ལ་དེའི་འོ་ཞེས་བྱ་བ་དེ་ནི་བྱ་རྒྱ་དེའི་འོ། །དེ་ཅིའི་ཕྱིར་ཞེ་ན། ཟས་ཟོས་ཟིན་ནས་འཇུག་པའི་ཕྱིར་རོ་ཞེས་སྨོས་ཏེ། ཁྭ་ཏ་ལ་སོགས་པ་རྣམས་ཞེས་བྱ་བ་ཤུགས་ཀྱིས་ཤེས་པའོ། །དེ་དྲོ་ཀར་དགབ་བོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་མཐོངས་དེའོ། །དབྱར་དག་

ཁྱམས་སུ་ཆུ་མི་འབྱུང་བར་བྱ་བའི་ཕྱིར་སྤང་ལེབ་དག་གོ་ཞེས་བྱ་བ་ནི་གཞུག་གོ་ཞེས་བྱ་བར་སྦྱར་རོ། །ཕྱོགས་གང་དུ་ཞེ་ན་དེའི་ཕྱིར་ཀ་བའི་བར་དག་ཏུའོ་ཞེས་བྱ་བ་སྨོས་སོ། །ཅི་ཐམས་ཅད་དུའམ་ཞེ་ན་དེའི་ཕྱིར་སྣང་བར་བྱ་བའི་ཕྱོགས་མ་གཏོགས་པར་རོ་ཞེས་བྱ་བ་སྨོས་སོ། །མེད་ན་

སེག་དག་གམ་རེ་ལྡེ་དག་གོ་ཞེས་བྱ་བ་ནི་སྤང་ལེབ་དག་མེད་ན་སེག་དག་གམ་རེ་ལྡེ་དག་གཞུག་པར་བྱའོ། །དབྱར་གྱི་ཟླ་བ་བཞི་པོ་དག་གི་མཐར་དེ་དབྱུང་ངོ་ཞེས་བྱ་བ་ནི་སྤང་ལེབ་ལ་སོགས་པའོ། །འཁོར་གྱི་ཁྱམས་བྱའོ་ཞེས་བྱ་བ་ལ། ཁྱམས་ནི་ཀུན་ནས་ཟླུམ་པ་སྟེ་འཁོར་གང་ལ་

ཡོད་པ་དེ་ནི་ཁྱམས་ཟླུམ་པའོ། །གནས་བསིལ་བར་བྱ་བའི་ཕྱིར་ཕྱི་རོལ་རྩིག་པས་བསྐོར་བར་བྱའོ། །ཀ་བའི་ཚར་དག་གཟུགས་སོ་ཞེས་བྱ་བ་ནི་རྩིག་པའི་ཕྱི་རོལ་དུ་གྱུར་པ་ལ་རིག་པར་བྱའོ། །ཀ་བའི་ཚར་དག་གཟུགས་སོ་ཞེས་བྱ་བར་སྦྱར་རོ། །སྐར་ཁུང་གདོད་དོ་ཞེས་བྱ་བ་ནི་

དེར་སྐར་ཁུང་མང་པོ་དག་གདོད་པར་བྱའོ་ཞེས་བྱ་བ་སྟེ་མང་པོའི་མཐའ་ཅན་ནོ། །མ་མཐའ་དག་སྟན་གྱི་ཡ་མཐའ་དང་ཐད་ཀར་བབ་པར་བྱའོ་ཞེས་བྱ་བ་ནི། སྟན་ཚད་མ་དག་གི་མཐའ་དང་མཉམ་པའི་མ་མཐའ་དང་ཡ་མཐའ་གང་ལ་ཡོད་པ་ཐད་ཀར་བབ་པར་འགྱུར་བ་དེ་ལྟ་བུར་འཁོར་གྱི་ཁང་

เล่ม ๑๖๑ · หน้า 257b

པ་དེར་སྐར་ཁུང་དག་གདོད་པར་བྱའོ། །དྲ་བ་དང་སྒོ་གླེགས་དག་གཞུག་གོ། །ཟས་དང་མེ་དང་དཔོང་ས་དང་འཆག་པའི་ཁང་པ་དག་བྱའོ་ཞེས་བྱ་བ་ནི་ཟས་ལ་སོགས་པ་རྣམས་ལ་ཁང་པའི་སྒྲ་སོ་སོར་སྦྱར་བར་བྱ་བའོ། །མ་མོ་ལས། འདི་དང་བོར་བྱ་སྟེ། རྩིག་ངོས་ཀྱི་ཕྱོགས་ཀྱི་

གསལ་བ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གཡོགས་པའི་རྩིག་ངོས་ཀྱི་ཕྱོགས་སུ་ཀུན་ནས་བསྐོར་བའི་ལྷག་མ་དང་བཅས་པ་ཞེས་བྱ་བ་དེའི་དོན་དུ་མཐོང་བ་ཡིན་ནོ། །དེ་བས་ན་དེ་བྱེད་པ་ནི་གནས་པའི་ཕྱིར་ནི་མ་ཡིན་ཏེ། རྩིག་ངོས་ཀྱི་ཕྱོགས་འཁོར་བར་གློ་འབུར་དག་བྱའོ་

ཞེས་བྱ་བ་ནི་རྩིག་ངོས་ཀྱི་བདག་ཉིད་ངོས་གཅིག་ཏུ་ཀུན་ནས་བསྐོར་བ་གྲུབ་པ་ལ་ཉེ་བར་བརྟེན་ཏེ་ཁང་པ་བྱའོ་ཞེས་བྱ་བར་རིག་པར་བྱའོ། །ས་ཁྱིམ་རུང་ངོ་། །དགྲ་ཁང་ཡང་ངོ་ཞེས་བྱ་བ་ནི་དགེ་སློང་དག་གི་གནས་སུ་རུང་བ་སྟེ། འདིར་དགྲ་ཁང་ཞེས་བྱ་བ་ནི་གཙུག་ལག་ཁང་གི་གྲྭ་

དག་གི་ཡང་ཐོག་ལ་སོགས་པ་སྟེ། ཕ་རོལ་གྱི་མཚོན་རྡུགས་པར་བྱེད་པའི་ཕྱིར་རོ། །འདི་ལ་ལན་ཀན་གྱི་སྐབས་ནི་ཁྱམས་དང་འདྲའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་དགྲ་ཁང་ལའོ། །མི་ལྟུང་བར་བྱ་བའི་ཕྱིར་ལན་ཀན་བྱ་བ་དང་མི་འགུལ་བར་བྱ་བའི་ཕྱིར་ཤར་བ་གཞུག་པ་

དང་། དེ་ལྕགས་ཀྱི་གཟེར་བུ་དག་གིས་སྦྱར་བ་ཞེས་བྱ་བ་གཞན་རྣམས་ལ་ཡང་སྦྱར་བའོ། །རབ་ཏུ་བྱུང་བའི་ཀུན་དགའ་ར་བ་རྩིག་པས་བསྐོར་བ་ཉིད་ཀྱང་ངོ་ཞེས་བྱ་བ་ཡང་རུང་ངོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །རྩིག་པ་ལ་ཆུ་ཁུང་གདོད་པ་ཉིད་ཀྱང་ངོ་

ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཀུན་དགའ་ར་བ་གང་ཡིན་པ་དེ་ལ་ཆུ་ཁུང་གདོད་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་རུང་བའོ། །རྩང་དང་འོབས་དག་ཀྱང་ངོ་ཞེས་བྱ་བ་ཡང་རབ་ཏུ་བྱུང་བའི་ཀུན་དགའ་ར་བ་དེ་དག་གིས་བསྐོར་བ་ཉིད་ཀྱང་རུང་བའོ། །གང་ཟག་གི་གཙུག་ལག་ཁང་ཡོ་བྱད་དང་བཅས་པ་ཡང་

ངོ་ཞེས་བྱ་བ་ཡང་རུང་བའོ་ཞེས་བྱ་བར་སྦྱར་ཏེ། ལན་ཀན་དང་དྲ་བ་དང་ཟས་ཀྱི་ཁང་པ་ལ་སོགས་པ་ཡོ་བྱད་ཡིན་པར་རིག་པར་བྱའོ། །སྔོན་པོ་ལ་སོགས་པ་ཟད་པར་གྱི་མཚན་མ་མངོན་དུ་བྱ་བའི་ཕྱིར་གནས་ཁང་གི་རྩིག་པ་དག་སྔོན་པོ་ལ་སོགས་པ་རྣམ་པ་བཞིར་བྱའོ་ཞེས་བྱ་བ་ནི་ཟད་པར་

เล่ม ๑๖๑ · หน้า 258a

སྔོན་པོ་དང་ཟད་པར་སེར་པོ་དང་ཟད་པར་དམར་པོ་དང་ཟད་པར་དཀར་བའི་སྐྱེ་མཆེད་ཀྱི་མཚན་མ་དག་མངོན་དུ་བྱ་བའི་ཕྱིར། གནས་ཁང་གི་རྩིག་པ་དེ་དག་སྔོན་པོ་ལ་སོགས་པ་ཁ་དོག་རྣམ་པ་བཞིར་བྱ་བའོ། །འདིར་གཞུང་ནི་དགེ་སློང་ཞིག་ཟད་པར་སྔོན་པོའི་སྐྱེ་

མཆེད་ཀྱི་སྙོམས་པར་འཇུག་པ་སྒོམ་པར་བྱེད་པའི་དགེ་སློང་དེ་ལ་རེ་ཞིག་མངོན་དུ་མི་འགྱུར་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་གི་རྩིག་པ་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམ་པ་བཞི་བྱ་སྟེ། དེ་དག་མཐོང་ནས་མངོན་དུ་བྱ་སྟེ། ཟད་པར་སྔོན་པོའི་

སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་བསྒོམ་པར་བྱའོ་ཞེས་གསུངས་སོ། །རབ་ཏུ་བྱུང་བའི་ཀུན་དགའ་ར་བ་ལ་རི་མོ་བྲི་བ་ཉིད་དུ་རུང་ངོ་ཞེས་བྱ་བ་སྨོས་ན། གང་དུ་ཅི་ཞིག་བྲི་བར་བྱ་ཞེ་ན། དེའི་ཕྱིར་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་པ་ལ་སོགས་པ་རྣམས་བྲིའོ། །སྒོ་ཁང་དུ་འཁོར་

བའི་འཁོར་ལོའོ་ཞེས་བྱ་བ་ཡང་རི་མོ་བྲི་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཅི་འདྲ་བ་ཞེ་ན། དེའི་ཕྱིར་ཆ་ལྔ་པར་སྦྱར་ཞེས་བྱ་བ་སྨོས་ཏེ། འདིར་ཆ་ལྔ་པ་ཞེས་བྱ་བའི་སྒྲས་ནི་འགྲོ་བ་ལྔ་པོ་དག་བསྟན་ཏེ། ལྷ་དང་མིའི་ཆ་དག་ཕྱོགས་གང་དུ་བྲི་བར་བྱ་ཞེ་ན། དེའི་ཕྱིར་དེའི་སྟེང་དུ་ལྷ་དང་མི་

རྣམས་སོ་ཞེས་བྱ་བ་སྨོས་ཏེ། དེ་ནས་འོག་གི་ཕྱོགས་དག་ཏུ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཀྱི་འགྲོ་བ་རྣམས་བྲི་བར་ཞར་ལ་ཤེས་པར་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། འདི་དང་པོར་བྱ་སྟེ་གཞག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་

ནོ། །གླིང་བཞི་པོ་དག་གོ་ཞེས་བྱ་བ་ཡང་བྲི་བར་བྱའོ། །རྫུས་ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་རྒྱུད་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་ངོ་ཞེས་བྱ་བ་ཡང་རི་མོར་བྲི་བར་བྱའོ། །དབུས་སུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཕུག་རོན་དང་སྦྲུལ་དང་ཕག་གི་རྣམ་པར་རོ་ཞེས་བྱ་

བ་ནི་དེ་དག་གྲངས་ཇི་ལྟ་བ་བཞིན་དུ་རི་མོར་བྲི་བར་བྱའོ། །སྔ་མ་དེ་གཉིས་གཏི་མུག་གིས་ཟ་བར་རོ་ཞེས་བྱ་བ་ལ། སྔ་མ་དེ་གཉིས་ཞེས་བྱ་བ་ནི་འདོད་ཆགས་ཞེ་སྡང་གི་རྣམ་པ་ཕུག་རོན་དང་སྦྲུལ་གཉིས་ཏེ། གཏི་མུག་གི་རྣམ་པ་ཕག་གིས་ཟ་བ་འདྲ་བ་བྲི་བར་བྱའོ། །ཁོ་ར་ཁོར་ཡུག་ཏུ་

เล่ม ๑๖๑ · หน้า 258b

རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་ཐམས་ཅད་མི་རྟག་པར་གཟུང་བར་རོ། །སྟེང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པའོ། །འོག་ཏུ་བརྩམ་པར་བྱ་ཞིང་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ནི་འདིར་བྲི་

བར་བྱ་ཞེས་ཐམས་ཅད་དུ་དགོངས་པའོ། །དེ་སྟོན་པར་བྱེད་པ་གཞག་པར་བྱའོ་ཞེས་བྱ་བ་ནི་སྐྱེ་བོ་ལྷགས་པ་རྣམས་ལ་འཁོར་བའི་འཁོར་ལོ་དེ་སྟོན་པར་ནུས་པའི་དགེ་སློང་གཙུག་ལག་ཁང་དེར་གཞག་པར་བྱའོ། །དེའི་ཁོ་ར་ཁོར་ཡུག་ཏུ་ཆོ་འཕྲུལ་ཆེན་པོ་དང་བདུད་འཇོམས་པ་དག་

གོ་ཞེས་བྱ་བ་ནི་དེ་ལྟར་སྟོན་བྱེད་ནུས་པ་ཞེས་བྱ་བར་སྦྱར་རོ། །ཁྱམས་སུ་སྐྱེས་པའི་རབས་དག་གོ། །དྲི་གཙང་ཁང་གི་སྒོར་གནོད་སྦྱིན་ཕྲེང་ཐོགས་དག་གོ། །དཔོང་སའི་ཁང་པར་གནས་བརྟན་གྱི་གྲལ་དག་གོ། །མཛོད་ཀྱི་སྒོར་ནི་གནོད་སྦྱིན་ལག་ན་དབྱུ་གུ་ཐོགས་པ་

དག་གོ། །ཟས་ཀྱི་ཁང་པར་ལག་ན་བཅའ་བ་ཐོགས་པ་དག་གོ། །བསྲོ་ཁང་གི་ཁང་པར་ལག་ན་མྱུ་གུ་དང་བུམ་པ་ཐོགས་པ་དག་གོ། །མེའི་ཁང་པར་གྲུལ་བུམ་མེ་སྦར་བར་བྱེད་པ་དག་དང་། གྲུལ་བུམ་གྱི་བུ་མོ་བྱི་དོར་ལ་སོགས་པ་བྱེད་པ་དང་། མེ་སྦར་བར་བྱེད་པ་དང་།

སྦྱིན་བདག་མར་མེ་ཐོགས་པ་དང་ལྷའི་ཕོ་ཉ་དག་གོ། །ཆུའི་ཁང་པར་ཀླུ་ལག་ན་བུམ་པ་ཐོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དག་དང་ཀླུའི་བུ་མོ་ཆུ་འདྲིམ་པར་བྱེད་པ་དག་གོ། །ནད་པའི་རུང་བའི་ཁང་པར་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་མཛད་པའོ། །བཤང་བ་དང་གཅི་

བའི་སྐྱབས་སུ་དུར་ཁྲོད་དག་གམ་མགོ་བོའི་ཐོད་པ་དག་གོ། །གཙུག་ལག་ཁང་བླ་ཁབ་མེད་པ་མ་ཡིན་པར་མེ་དུ་བ་ཅན་དང་བཅས་པ་བུད་པར་ཡང་མི་བྱ། བཅང་བར་ཡང་མི་བྱའོ། །སྤྱིལ་བུར་ནི་ཐམས་ཅད་མི་བྱའོ་ཞེས་བྱ་བ་ནི་མེ་དུ་བ་ཅན་དང་དུ་བ་མེད་པ་ཐམས་ཅད་བུད་པར་མི་བྱ་

བཅང་བར་ཡང་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དེའི་དོན་དུ་ཞུགས་ལིང་བཅང་བར་བྱའོ་ཞེས་བྱ་བ་ལ། དེའི་དོན་ཞེས་བྱ་བ་ནི་མེ་འབུད་པ་དང་བཅང་བ་དེའི་དོན་དུ་ཞུགས་ལིང་བཅང་བར་བྱའོ། །འདིར་གཞུང་ནི་སིལ་བུ་དག་ལས། དགེ་སློང་དག་དགུན་སྨད་ཀྱི་དུས་སུ་ལྷགས་

เล่ม ๑๖๑ · หน้า 259a

པས་ཉེན་ནས་སྤྱིལ་བུར་མེ་བུད་པར་བྱེད་པ་ན་སྤྱིལ་བུ་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱིལ་བུར་མེ་བུད་པར་མི་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཉམ་པར་བཅེར་བའི་ཕྱིར་ལྕགས་ཀྱི་ཕྲ་སྐམ་མོ་ཞེས་བྱ་བ་ནི་བཅང་

བར་བྱའོ་ཞེས་བྱ་བར་སྦྱར་ཏེ། མེའི་ཕྱོགས་ཕན་ཚུན་ནས་བསྐུལ་བ་ནི་མཉམ་པར་བཅེར་བ་ཞེས་བྱའོ། །ལྕགས་ཀྱི་ཕྲ་སྐམ་ཞེས་བྱ་བ་ནི་ལྕགས་ཀྱི་ཐལ་ཕྱགས་སོ། །ཤིང་གི་ཡོག་པས་ཀྱང་ལས་དེ་འགྲུབ་པོ་ཞེས་བྱ་བ་ནི་ཕྲ་སྐམ་གྱི་ལས་དེ་འགྲུབ་བོ། །ཁང་སྐྱོང་གིས་གཙུག་ལག་ཁང་དེ་ཉི་མ་

རེ་རེ་ཞིང་ཕྱག་དར་བྱའོ། །མི་ནུས་ན་མཁོ་བའི་ཕྱོགས་སོ་ཞེས་བྱ་བ་ནི་གཙུག་ལག་ཁང་མཐའ་དག་ཕྱག་དར་བྱེད་མི་ནུས་ན་གཙུག་ལག་ཁང་གི་ཕྱོགས་གང་མཁོ་བ་དེ་ཕྱག་དར་བྱའོ། །ལྷག་མ་ནི་ཚེས་བརྒྱད་དམ་བཅུ་བཞི་ལ་གཎྜཱི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་

སམ། འཕགས་པའི་མི་སྨྲ་བ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་མཁོ་བའི་ཕྱོགས་ཀྱི་ལྷག་མ་ཕྱག་དར་མ་བྱས་པ་གང་ཡིན་པ་དེ་དག་དུས་དེར་དགེ་འདུན་ཐམས་ཅད་ཀྱིས་རིམ་པ་འདིས་ཕྱག་དར་བྱའོ། །ཆོས་ཀྱི་མདུན་སར་ཆག་ཆག་དང་ལྕི་བ་འཇམ་པོའི་བྱུག་པས་བྱུག་གོ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་

ལ་སོགས་པ་ཆོས་ཀྱི་འདུན་སའི་གནས་དེར་རོ། །མཇུག་ཏུ་ཁྲུས་བྱའོ་ཞེས་བྱ་བ་ནི་ཕྱག་དར་ལ་སོགས་པ་ཟིན་པའི་མཇུག་ཏུའོ། །ཡང་ན་རྐང་ལག་བཀྲུའོ། །ཆུས་བརླན་པས་ལུས་ཀྱང་བྱུག་གོ་ཞེས་བྱ་བ་ནི་རྫས་ཀྱི་ངོ་བོ་བསྟན་པས་ལག་པ་ལ་སོགས་པ་རྣམས་གང་ཡང་རུང་བ་དེས་ཞེས་བྱ་བ་

ཤེས་པར་བྱའོ། །སྣུམ་བག་གི་ཉེད་པ་བྱའོ་ཞེས་བྱ་བ་ནི་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལའོ། །དཀོན་མཆོག་གི་དོན་དུ་ཕྱག་དར་བྱས་པ་དང་ཞལ་ཞལ་བྱས་པ་དང་། དྲི་གཙང་ཁང་དང་སྐུ་གཟུགས་དང་མཆོད་རྟེན་དང་སྲོག་ཤིང་གི་གྲིབ་མ་ལ་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་

ཅིང་འགོམ་མོ་ཞེས་བྱ་བ་ལ། འདིར་ཞལ་ཞལ་ཞེས་བྱ་བ་ནི་བྱུག་པ་ལ་རིག་པར་བྱའོ། །ཉི་མ་དེ་ཉིད་ལ་གནས་མལ་ལ་སོ་སོར་བརྟགས་ལ་དེས་བཅོས་པར་བྱའོ་ཞེས་བྱ་བ་ནི་ཚེས་བརྒྱད་དང་བཅུ་བཞིའི་ཉི་མ་དེ་དག་ལའོ། །སུས་དེ་ལ་སོ་སོར་བརྟག་པར་བྱ་ཞེ་ན། དེའི་ཕྱིར་རྡོལ་བ་ལ་སོགས་པ་

เล่ม ๑๖๑ · หน้า 259b

དང་ལྡན་པ་དག་གིས་སོ་ཞེས་བྱ་བ་སྨོས་ཏེ་མལ་ཆ་ལ་སོགས་པའོ། །སུས་བཅོས་པར་བྱ་ཞེ་ན། དེའི་ཕྱིར་གནས་པ་དག་གིས་སོ་ཞེས་བྱ་བ་སྨོས་ཏེ། དེ་དག་ཉིད་ཀྱིས་འདིར་མཁན་པོ་དང་སློབ་དཔོན་དག་གིས་མལ་སྟན་ལ་སོགས་པ་བཅོས་པར་བྱའོ། །གནས་མལ་གྱི་གཞིར་ཆག་ཆག་དང་ཕྱག་

དར་དང་། ལྕི་བ་འཇམ་པོའི་བྱུག་པས་བསྐུ་བར་བྱའོ་ཞེས་བྱ་བ་ནི་མ་མོ་ལས་འདི་དང་པོར་བྱས་ནས་བཀྲུའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །མལ་ཆ་དྲི་མས་གོས་པ་སྤྲུག་པར་བྱའོ། །གལ་ཏེ་ཧ་ཅང་ན་སྤྲུག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ཧ་ཅང་དྲི་མ་ཅན་དུ་གྱུར་ན་འགྱུར་བྱེད་ཀྱི་ཆུ་ལ་སོགས་

པས་བཀྲུ་བར་བྱའོ། །ཆག་ཆག་གདབ་པའི་འོག་ཏུ་ཕྱག་གོ། །དེའི་འོག་ཏུ་བཤམ་མོ་ཞེས་བྱ་བ་ནི་ཕྱག་དར་བྱས་པའི་འོག་ཏུ་མལ་དང་སྟན་བཤམ་པར་བྱའོ། །གཞི་རྡུལ་དང་བཅས་པ་མ་སྤྲུགས་པ་ལ་མི་བྱའོ་ཞེས་བྱ་བ་མལ་དང་སྟན་གྱི་གཞི་ཁྲི་ལ་སོགས་པ་རྡུལ་དང་བཅས་པ་ཉིད་ཡིན་ན་དེ་

མ་སྤྲུགས་པའི་སྟེང་དུ་མལ་དང་སྟན་བཤམ་པར་མི་བྱའོ། །བཤམ་པར་བྱ་བ་དག་ལ་གོས་ཅིག་སྤྲུག་པར་སྤྱད་དོ་ཞེས་བྱ་བ་ནི་མལ་སྟན་བཤམ་པར་བྱ་བ་དེ་དག་གིའོ། །གོས་ཇི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར། ངན་པའོ་ཞེས་བྱ་བ་སྨོས་ཏེ་ཐམས་ཅད་ཀྱི་ཐ་མའོ། །དེ་བཅོས་སོ་ཞེས་བྱ་བ་ལ། དེ་ཞེས་

བྱ་བ་ནི་ཕྱིར་བཅོས་པ་དེའོ། །སྤྲུག་པའི་དོན་དུ་སྤྱད་པའི་དོན་གོས་ངན་པ་དེའོ། །མི་ནུས་པ་ཉིད་ན་རས་མར་བྱས་ཏེ་ཤིང་བུའི་རྩེ་མོ་ལ་བཏགས་ནས་སྤྲུག་གོ་ཞེས་བྱ་བ་ནི་དེས་ཁྲི་ལ་སོགས་པ་དག་སྤྲུག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་མི་རུང་བ་ཉིད་མ་ཡིན་ན། སྦྱིན་པ་པོའི་བསོད་ནམས་

མངོན་པར་སྤེལ་བ་དང་ཡུན་རིང་བ་ཉིད་དུ་བྱ་བའི་ཕྱིར་ལྕི་བ་དང་ས་བསྲེས་ཏེ་ཀ་བ་དང་རྩིག་པའི་སེར་ཀར་གླན་པར་བྱའོ་ཞེས་བྱ་བ་ལ། དེ་ལྟར་ཡང་ཞེས་བྱ་བ་ནི་དེ་ལྟར་བྱས་ཀྱང་མི་རུང་བ་ཉིད་ཡིན་ནའོ་ཞེས་བྱ་བར་སྦྱར་རོ། །སྒོ་ཁང་དང་ཁྱམས་སུ་མལ་བཅའ་བ་དང་བཅས་ན་ཡང་གཟུང་བར་མི་བྱའོ་ཞེས་

བྱ་བ་ནི་དེ་དག་ཏུ་མལ་བཅའ་བར་ཡང་མི་བྱ་གཞན་གྱིས་བཅས་ན་ཡང་རང་གིས་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་བརྟགས་པ་ནི་སྐྱོན་ཡིན་ཏེ་གཟུང་བས་ཀྱང་ངོ་། །གཞན་གྱིས་བཅས་ན་ཡང་གནས་ཁང་ཡོངས་སུ་གྱུར་པ་ལ་སོགས་པ་རང་ལ་རག་ལས་པ་ཉིད་ཐོབ་པ་ལ་ཉེས་པ་སྤང་

เล่ม ๑๖๑ · หน้า 260a

བར་བྱའོ། །སྦྱིན་པ་པོས་མྱ་ངན་བསང་བའི་ཕྱིར་ཕུལ་བ་དེས་མཐོང་བར་གཞག་པར་མི་བྱའོ་ཞེས་བྱ་བ་ནི་རྒྱལ་པོ་གསལ་རྒྱལ་གྱིས་རང་གི་མ་ཤི་བའི་མྱ་ངན་བསང་བའི་ཕྱིར། མའི་མལ་ཁྲི་དགེ་འདུན་ལ་ཕུལ་བ་དགེ་སློང་གིས་སྒོ་ཁང་དང་ཁྱམས་སུ་བཤམས་པ་རྒྱལ་པོས་

མཐོང་ནས། ཡང་མྱ་ངན་ལངས་པ་བྱུང་བའི་མཐའ་ལས་བཅས་པ་ཡིན་ཏེ། དེ་ལྟ་བུའི་རྫས་སྦྱིན་བདག་གིས་མཐོང་བར་མི་བྱའོ། །སྒྲ་མི་སྙན་པའི་གཉེན་པོའི་ཕྱིར་ཚེས་བརྒྱད་དང་བཅུ་བཞི་དག་ལ་ཁྱམས་སུ་བཤམ་པར་བྱའོ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་མལ་ཁྲི་དེ་བཀྲུས་སོ་ཞེས་བྱ་བ་ལ་སོགས་

པའི་སྒྲ་མི་སྙན་པའོ། །དེ་བསལ་བའི་གཉེན་པོའི་ཕྱིར་བཤམ་ཞིང་གཞན་གྱིས་མཐོང་བར་བྱ་བའོ། །ཁྲི་དང་ཁྲིའུ་བཅང་བར་བྱའོ་ཞེས་བྱ་བ་ནི་བྱེ་བྲག་མ་སྨོས་པའི་ཕྱིར་གང་ཟག་གིས་ཀྱང་ངོ་ཞེས་བྱ་བར་རྟོགས་པར་བྱའོ། །མ་མོ་ལས་འདི་ནི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་

ནོ། །སྤྱིལ་བ་མི་ཉམས་པར་བྱ་བའི་ཕྱིར་ཁྲི་རྐང་གི་མཐིལ་མཉམ་པར་སྤྱད་པར་བྱའོ། །ཡང་དེའི་འོག་ཏུ་ཕུབ་མའི་ཕུང་པོ་གཞག་པའམ་དེ་རས་མས་དཀྲི་བར་བྱའོ་ཞེས་བྱ་བ་ལས། དེའི་ཞེས་བྱ་བ་ནི་ཁྲིའུའི་རྐང་པ་དེའི་འོག་ཏུའོ། །དགེ་འདུན་མ་ཡིན་པས་རྐང་པ་དཀྲིས་པའི་ཁྲིའུ་བསྟེན་པ་

བདག་གིར་མི་བྱའོ་ཞེས་བྱ་བ་ནི་སིལ་བུ་དག་ལས་སྒྲོན་མའི་ཤིང་ཤེས་པར་བྱ་བའི་བར་དུ་ཡང་ངོ་། །སྟན་བཟང་པོ་དང་རྒྱབ་རྟེན་དང་བཅས་པའི་སྟན་ཡང་མི་བྱའོ་ཞེས་བྱ་བ་ཡང་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱ་བའོ། །མར་མེའི་སྡོང་བུ་ཡང་མི་བྱའོ་ཞེས་བྱ་བ་ནི་ཤིང་ལྗོན་པའི་

རྣམ་པ་འདྲ་བའི་མར་མེའི་སྡོང་བུ་ཡང་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱ་བའོ། །འདིར་གཞུང་ནི། དགེ་འདུན་ལ་ནི་ཡལ་ག་གཅིག་པའི་མར་མེའི་སྡོང་པོ་རྙེད་ན་ཡང་རྗེས་སུ་གནང་ངོ་། །གང་ཟག་ལ་ནི་རྗེས་སུ་མ་གནང་ངོ་། །ཡལ་ག་གཉིས་པ་དང་མང་པོ་ཡང་དེ་བཞིན་ནོ་ཞེས་

གསུངས་པ་ཡིན་ནོ། །ཁ་ཅིག་ལས་ནི་ཡལ་ག་དུ་མ་པ་ཞེས་སོ་ཞེས་བྱ་བ་ནི་ལུགས་ཁ་ཅིག་ལས་ནི་ཡལ་ག་དུ་མ་དང་ལྡན་པའི་མར་མེའི་སྡོང་པོ་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱའོ། །ཡལ་ག་གཅིག་དང་ལྡན་པ་བདག་གིར་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་འབྱུང་ངོ་། །སྟན་ནང་

เล่ม ๑๖๑ · หน้า 260b

ཚངས་ཅན་གྲུ་བཞི་དང་སྔས་ནང་ཚངས་ཅན་བཅང་བར་བྱའོ་ཞེས་བྱ་བ་ནི་བྱེ་བྲག་མ་གཏོགས་པའི་ཕྱིར་ཐམས་ཅད་ཀྱིས་བཅང་བར་རྟོགས་པར་བྱའོ། །སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་ཤིང་བལ་ཅན་ནོ། །འདིར་གཞུང་ནི་མ་མོ་ལས་སྟན་ནང་ཚངས་ཅན་གྲུ་བཞི་དང་སྔས་ནང་ཚངས་ཅན་བཅང་བར་

བྱའོ་ཞེས་གསུངས་པ་ཡིན་ནོ། །སྔས་ནང་ཚངས་ཅན་གྱི་ངོ་བོ་བསྟན་པའི་ཕྱིར་ཁྲུ་བཞི་པ་དང་དོ་པ་ཉིས་བལྟབ་ཏུ་བྱ་སྟེ། བཙེམ་མོ་ཞེས་བྱ་བ་སྨོས་ཏེ། སྲིད་དུ་ནི་ཁྲུ་བཞི་པ་ཉིས་བལྟབ་དང་ཞེང་དུ་ནི་ཁྲུ་དོ་པ་ཉིས་བལྟབ་ཏུ་བྱས་ཏེ་བཙེམ་མོ། །ཤིང་བལ་གྱིས་བརྫང་ངོ་། །སོ་སོར་བརྟག་པ་མ་

བྱས་པར་ཉལ་བར་མི་བྱའོ་ཞེས་བྱ་བ་ནི་མལ་དང་སྟན་འདི་ལ་སོ་སོར་བརྟག་པ་མ་བྱས་ན་སོ་སོར་བརྟག་པ་མ་བྱས་པ་ཞེས་བྱ་བ་འདིས་བསྡུས་པའོ། །འདིར་གཞུང་ནི་དགེ་སློང་ཉལ་བར་བྱེད་ན་སོ་སོར་བརྟགས་ཏེ་ཉལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དྲན་པ་ཉེ་བར་མ་བཞག་པར་མི་བྱའོ་

ཞེས་བྱ་བ་ནི་དགེ་བ་བརྩམས་པ་དང་འབྲེལ་བ་དང་དགེ་བའི་ཕྱོགས་གཞན་དང་འབྲེལ་བ་དང་། དུས་ཇི་ལྟ་བ་བཞིན་དུ་ལྡང་བ་དང་འབྲེལ་བ་དང་ལུས་དང་གོས་མི་འཕྱར་བ་དང་འབྲེལ་བའི་དྲན་པ་ཡིན་པར་རིག་པར་བྱའོ། །གཞན་དང་ལྷན་ཅིག་ཁྲིའམ་སྟན་ནམ་གཞན་ལ་ཅིག་ཅར་མི་བྱའོ་ཞེས་བྱ་

བ་ནི་ཉལ་བར་མི་བྱ་བ་སྟེ། གཞན་ལ་ཞེས་སྨོས་པ་ནི་སྟེགས་བུ་ལ་སོགས་པའི་ཁྲི་དག་བསྡུའོ། །ངོ་ཚ་ཤེས་པ་མེད་ན་སྟན་སོ་སོར་བཏིང་སྟེ་གཏུར་བུའམ་ལྷུང་བཟེད་ཀྱི་སྣོད་ལ་སོགས་པས་རབ་ཏུ་བཅད་ནས་དྲན་པ་ཉེ་བར་གཞག་སྟེ་ཉལ་བར་བྱའོ་ཞེས་བྱ་བ་ནི་རེག་པའམ་ཀུན་ནས་ཉོན་མོངས་

པའི་གཉེན་པོར་གྱུར་པ་ཞེས་བྱ་བ་ཤུགས་ཀྱིས་ཤེས་པའོ། །གསུམ་ལས་ལྷག་པ་དང་པོ་དང་ལྷན་ཅིག་ཁྲི་ལ་འཛེགས་པ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི་གང་ཟག་གསུམ་ལས་ལྷག་པ་མང་པོ་དང་ལྷན་ཅིག་ཏུ་ཁྲི་གཅིག་གི་སྟེང་དུ་འཛེགས་པ་དང་འདུག་པ་དང་ཉལ་བར་མི་བྱའོ། །གང་

ཞིག་ཁྲི་གཅིག་གི་སྟེང་དུ་གང་ཟག་གཉིས་སམ་གསུམ་ནི་འཛེགས་པ་དང་འདུག་པ་དང་ཉལ་བར་བྱའི་བཞི་ཡན་ཆད་ནི་མི་བྱ་ཞེས་བྱ་བའི་དོན་ཏོ། །ཁྲི་རིང་པོ་ལ་ནི་གཉིས་ལས་མི་བྱའོ་ཞེས་བྱ་བ་ནི། ལྷག་པར་མང་པོ་དང་ལྷན་ཅིག་འཛེག་པ་བསྟེན་པར་མི་བྱ་བའོ། །ཁྲིའུ་ལ་གཅིག་མ་ཡིན་པས་

เล่ม ๑๖๑ · หน้า 261a

མི་བྱའོ་ཞེས་བྱ་བ་ནི་གཅིག་ཁོ་ན་དེ་ལ་འདུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཁྲི་ཐུང་ངུའི་དཔེ་ཡིན་པར་རིག་པར་བྱའོ། །ཤིང་གི་ཁྲིའུ་ལ་ཡང་དེ་ལྟ་བུ་ཡིན་ཏེ། དེ་ལྟར་ཁྲིའུ་མེད་པས་དེ་ལ་ཡང་ཁྱབ་པ་ཉིད་ཀྱིས་ཡང་བ་ཉིད་དུ་རྣམ་པར་གཞག་པས་འདིར་དུ་མས་

འཛེག་པར་མི་འོས་པ་ཉིད་དོ། །ཤིང་གི་སྤང་ལེབ་ལ་ནི་སྟོབས་ཅི་ཡོད་པ་དང་གོ་ཅི་ཡོད་པ་ལས་ཤེས་པར་བྱའོ། །ལོ་གསུམ་ལས་ལྷག་པས་བར་དུ་ཆོད་པ་དང་ལྷན་ཅིག་སྟན་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ནི་ལོ་གསུམ་ལས་ལྷག་པའི་དུས་བསྙེན་པར་རྫོགས་པའི་བར་དུ་གྱུར་པས་བསྙེན་པར་

རྫོགས་པའི་དུས་གཞན་གྱིས་བར་དུ་ཆོད་པ་ཉིད་དེ་དང་ལྷན་ཅིག་སྟན་ཐམས་ཅད་ལ་འཛེག་པ་ཉིད་བསྟེན་པར་བྱ་བ་མ་ཡིན་ནོ། །ཁྱིམ་གཞན་དུ་མེད་ན་མཁན་པོ་དང་ཡང་དྲན་པ་ཉེ་བར་གཞག་སྟེ་སྟན་གཅིག་ལ་འདུག་པར་བྱའོ་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་མམ་གཞན་འགའ་ཞིག་ཏུ་ནི་མ་ཡིན་ནོ། །

ཁྱིམ་པ་དང་གང་དུ་ཡང་མི་བྱའོ་ཞེས་བྱ་བ་ནི་ཁྱིམ་པ་དང་ཁྱིམ་གཞན་ཡང་རུང་གཙུག་ལག་ཁང་ཡང་རུང་བ་སྟེ། གང་ཡང་རུང་བར་སྟན་གཅིག་ལ་འདུག་པར་མི་བྱའོ། །བསྙེན་པར་མ་རྫོགས་པ་དང་ཡང་མི་བྱའོ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་དང་གང་དུ་ཡང་སྟན་གཅིག་ལ་འདུག་པར་མི་

བྱའོ། །ཟ་མ་དང་མ་ནིང་དང་མ་བསད་པ་ལ་སོགས་པ་དང་མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་པར་གནས་པ་དང་། གནས་པར་མི་བྱ་བ་དག་དང་མི་བྱའོ་ཞེས་བྱ་བ་ནི་མ་མོ་ལས་འདི་ལ་སོགས་པ་གསུངས་ཏེ། དེ་དག་གང་དང་གང་དུ་ཡང་རུང་སྟན་གཅིག་ལ་

འདུག་པ་བསྟེན་པར་མི་བྱའོ། །བསླབ་པ་བྱིན་པ་དང་མི་བྱའོ་ཞེས་བྱ་བ་ནི་གང་དུ་ཡང་སྟན་གཅིག་ལ་འདུག་པ་བསྟེན་པར་མི་བྱའོ། །ཨར་མོ་ནིག་ནི་བསྙེན་པར་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པར་སྟན་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཨར་མོ་ནིག་ནི་བསྙེན་པར་རྫོགས་

པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པའི་གནས་སུ་སྟན་ཉིད་ཡིན་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དགེ་འདུན་འདུས་པ་ལས་གཞན་པར་ཡང་ཨར་མོ་ནིག་ནི་དེ་ལ་ལོ་གསུམ་ལས་ལྷག་པའི་བར་དུ་ཆོད་པ་དང་ལྷན་ཅིག་འདུག་པ་བསྟེན་པར་མི་བྱའོ། །འདིར་བསྙེན་

เล่ม ๑๖๑ · หน้า 261b

པར་རྫོགས་པ་དང་བཅས་པ་ཞེས་སྨོས་པ་ནི་བསྙེན་པར་མ་རྫོགས་པ་དག་དང་ལྷན་ཅིག་དགེ་འདུན་ཚོགས་ན་ཡང་འདུག་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་སྨོས་སོ། །སྟེགས་བུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྟེགས་བུ་ནི་སར་གྱུར་པ་ཉིད་ཡིན་པས་སྟན་མ་ཡིན་ནོ། །དོགས་པའི་གནོད་པར་གྱུར་

ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་འདིར་འདུས་པའི་སྐབས་ཀྱི་བསླབ་པའི་གཞི་དེ་དག་ཐམས་ཅད་ལ་འདི་དམིགས་ཀྱིས་བསལ་བ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་དགེ་སློང་ཁྱིམ་པ་དང་ལྷན་ཅིག་སྟན་ནང་ཚངས་ཅན་གཅིག་ལ་མཆིས་སུ་རུང་ངམ། ཉེ་བ་འཁོར་མི་རུང་སྟེ། རྐྱེན་དེ་ལྟ་བུ་དག་ཡོད་ན་རུང་

ངོ་ཞེས་གསུངས་པ་ཡིན་ནོ། །གནས་མལ་སྦེད་པ་ན་གལ་ཏེ་གཉིས་ཡོད་ན་གཅིག་གིས་ཁྲིའམ་ཁྲིའུ་བསྐུར་ཞིང་ཅིག་ཤོས་ཀྱིས་སྟན་ནང་ཚངས་ཅན་ལ་སོགས་པའོ་ཞེས་བྱ་བ་ནི་གལ་ཏེ་གང་ཟག་གཉིས་ཡོད་ན་དེ་ལྟར་བསྐུར་བར་བྱའོ། །འདིར་བྱེ་བྲག་ཏུ་མ་སྨོས་པས་དགེ་འདུན་གྱི་འབའ་

ཞིག་ཏུ་མ་ཟད་ཀྱི་གང་ཟག་གི་ཡང་རུང་ངོ་། །དགེ་འདུན་གྱི་དེ་སྙིང་མི་བརྩེ་བར་མདུན་ནས་དྲང་བ་དང་། གཡས་གཡོན་ནས་དྲང་བར་མི་བྱའོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་གནས་མལ་དེའོ། །ཅི་ནས་ཀྱང་དེ་དུ་བ་དང་རྡུལ་དང་དྲི་མ་དག་གིས་གོས་པར་འགྱུར་བ་དེ་ལྟར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་

དགེ་འདུན་གྱི་དེའོ། །དེ་མི་གཙང་བའི་སྐྱབས་དང་ཉེ་བར་བསྟེན་པར་མི་བྱའོ། །ཉམས་པ་དོར་བར་མི་བྱའོ། །བསྲད་པ་དང་སྐམ་པ་དང་སྤྲུག་པ་དང་བུ་གུ་གླན་པར་བྱའོ། །རལ་བ་ན་ལྷན་རིངས་སོ། །དབུས་ཟེགས་ན་མཐའ་གཉིས་དབུས་སུ་བྱའོ། །དེར་འོས་པ་ཁ་བསྒྱུར་རོ། །ཕྱིར་བཅོས་

མ་ནུས་ན་དཀོན་མཆོག་ལ་ཕུལ་བའི་མར་མེ་གང་ཟག་སྦྱིན་བདག་ཡིན་པ་གང་ཡང་རུང་བ་དག་གི་སྙིང་པོ་ཉིད་དུ་སྤྱད་དོ་ཞེས་བྱ་བ་ནི་དཀོན་མཆོག་ལ་ཕུལ་བའི་མར་མེ་གང་ཟག་སྦྱིན་བདག་མིན་པ་ཡང་རུང་བ་དག་གིས་སྤྱད་པར་བྱ་སྟེ། དགེ་འདུན་སྦྱིན་བདག་ཡིན་པའི་ཡང་རྣམ་པར་སྦྱར་བར་བྱའོ། །དེར་མི་

མཁོ་བ་ཉིད་ཡིན་ན་འཇིམ་པ་དང་བསྲེས་ཏེ་དཀོན་མཆོག་དག་གི་རྩིག་པ་དང་། ཀ་བ་དང་སྒོ་གླེགས་ཀྱི་སེར་ཀ་དག་བྱུག་པའི་ཕྱིར་དེ་ལ་ནན་ཏན་བྱའོ་ཞེས་བྱ་བ་ལ། དེར་མི་མཁོ་བ་ཉིད་ཡིན་ན་ཞེས་བྱ་བ་ནི་མར་མེའི་སྙིང་པོ་དེར་རོ། །དཀོན་མཆོག་དག་གི་ཞེས་བྱ་བ་ནི་དཀོན་མཆོག་དང་འབྲེལ་པ་རྣམས་ལའོ། །

เล่ม ๑๖๑ · หน้า 262a

དེ་ལ་ནན་ཏན་བྱའོ་ཞེས་བྱ་བ་ནི་བསྲད་པ་ལ་སོགས་པ་དེ་རྣམས་ལ་ནན་ཏན་བྱ་བའོ། །གནས་མལ་ཇི་ལྟ་བུར་གྱུར་པ་སུས་བསྲད་པ་ལ་སོགས་པའི་ནན་ཏན་བྱ་ཞེ་ན། དེའི་ཕྱིར་བསྐོས་པ་ནི་མནོས་པས་སོ་ཞེས་བྱ་བ་སྨོས་ཏེ། བསྐོས་པ་གང་ཡིན་པ་དེས་སུ་ཞིག་ལ་སྦྱིན་པ་

སྟེ། བསྐོས་པ་མནོས་པས་བསྲད་པ་ལ་སོགས་པ་རྗེས་སུ་བསྒྲུབ་པར་བྱའོ། །ལྷག་མ་ནི་དགེ་འདུན་གཎྜཱི་བརྡུངས་པས་བསྡུས་ཏེའོ་ཞེས་བྱ་བ་ལ། ལྷག་མ་བསྐོས་པ་ནི་དགེ་འདུན་གྱིས་བསྲད་པ་ལ་སོགས་པ་དེ་དག་བསྡུས་ཏེ་བསྒྲུབ་པར་བྱ་ཇི་ལྟར་བསྡུས་ཏེ་བསྒྲུབ་པར་བྱའོ་ཞེ་ན། དེའི་ཕྱིར་གཎྜཱི་

བརྡུངས་པས་བསྡུས་ཏེའོ་ཞེས་བྱ་བ་སྨོས་ཏེའོ། །དགེ་འདུན་གྱི་རྐུ་འཕྲོག་བྱེད་པ་མཐོང་ལ་ནུས་ན་མི་བཟློག་པར་མི་བྱའོ་ཞེས་བྱ་བ་ལ། རྐུ་འཕྲོག་ནི་དཔེ་ཙམ་དུ་ཟད་དེ། ཆུད་ཟ་བར་འགྱུར་བ་དག་ལ་ཡང་ཆོ་ག་དེ་བཞིན་དུ་བསྒྲུབ་པར་བྱའོ། །བསྐྲད་པ་ན་དགེ་འདུན་གྱིས་ཡལ་བར་མི་དོར་རོ། །གནས་སུ་མ་སོན་

གྱི་བར་དུ་ཁྱེར་བར་བྱེད་པས་ལོངས་སྤྱོད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བསྐྲད་པ་ནི་དགེ་འདུན་གྱི་དངོས་པོ་ཡལ་བར་དོར་ཏེ་བླངས་པ་གང་ཡིན་པ་དེ་ནི་དགེ་སློང་གི་གནས་སུ་མ་སོན་གྱི་བར་དུ་གང་གིས་ཁྱེར་བར་བྱེད་པའི་གང་ཟག་དེ་ཉིད་ཀྱིས་ལོངས་སྤྱད་པར་བྱ་བ་ཉིད་ཡིན་པའོ། །དེར་རང་གི་གནས་སུ་

བསྐུར་བར་མི་འགྲུབ་ན་གནས་གཞན་དུ་ལོངས་སྤྱད་པས་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བ་ནི་གནས་གཞན་དུ་ལོངས་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་ནས་གཞན་དུ་ཡོངས་སུ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི་གནས་གཞན་གྱི་ཟས་ཀྱི་རྙེད་པ་བཟའ་བ་དང་

བཅས་པ་ལ་སོགས་པ་དང་། ཡོ་བྱད་ཀྱི་རྙེད་པ་མར་མེ་དང་འབྲུ་མར་དང་རྐང་པ་བསྐུ་བ་དང་། མཆིལ་ལྷམ་དང་གོས་དང་གདུགས་དང་ཤིང་དང་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་། འབྲས་བུ་དང་སྨན་ལ་སོགས་པ་དག་གནས་དེར་གནས་པར་མི་བརྟེན་པས་གནས་གཞན་དུ་དྲང་

ཞིང་ཡོངས་སུ་སྤྱད་པར་མི་བྱའོ། །དེ་དེ་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི་གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་དེ་གནས་གཞན་དུ་ཟ་བར་བྱེད་པ་དེ་ལ་སྦྱིན་པར་མི་བྱའོ། །ནོད་པ་འབུལ་དུ་གཞུག་པར་བྱའོ་ཞེས་བྱ་བ་ནི་གནས་གཞན་དུ་ཟ་བར་བྱེད་པ་མནོས་པ་སྨོས་པ་གང་ཡིན་པ་དེ་འབུལ་དུ་གཞུག་

เล่ม ๑๖๑ · หน้า 262b

པར་བྱའོ། །མི་ཁུགས་ན་དབྲོག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ནོད་པ་སྟེ་མ་རྙེད་དམ། མཐུ་དང་ལྡན་པ་ལ་བརྟེན་པའི་ཕྱིར་ནོད་པ་དེ་ལ་དབྲོག་པར་མི་ནུས་ན། གང་གིས་དེ་ལ་སྦྱིན་པ་དེ་ལ་འབུལ་དུ་གཞུག་པར་བྱའོ། །འདིར་སིལ་བུ་དག་ལས། དགེ་སློང་གཞན་དུ་གནས་པས་གཞན་དུ་ཁྱེར་

ཏེ་ཅུང་ཟད་ཅི་ཙམ་ཟོས་པ་ཐམས་ཅད་རིན་ཐང་ཚང་བར་བྱ་སྟེ་འབུལ་དུ་གཞུག་པར་བྱའོ་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །ཆ་དབང་བ་དག་གིས་དགེ་འདུན་གྱི་རྩྭ་དང་ཤིང་མི་མཁོ་བ་དང་། རང་གི་དང་འདྲ་བར་སྤྱད་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་གང་དག་དེས་འཐོབ་ཅིང་དེའི་ཆ་

དབང་བ་དག་གིས་དགེ་འདུན་གྱི་རྩྭ་དང་ཤིང་དགེ་འདུན་གྱི་ས་ཁོ་ནར་སྐྱེ་ཞིང་ཡོངས་སུ་མ་བཟུང་བ་དག་ཡིན་ལ་ཡོངས་སུ་བཟུང་བ་དང་འདིར་མི་མཁོ་བ་ཉིད་མ་ཡིན་ནོ། །མ་བསྐོས་པ་འཁོར་ཞིང་སྤྱད་པ་ལ་ཇི་ལྟར་འོངས་པས་ཡིན་གྱི་རྒན་རིམས་ཀྱིས་མ་ཡིན་ནོ་ཞེས་བྱ་བ་ནི་མ་བསྐོས་པ་རེས་ཀྱིས་

འཁོར་ཞིང་སྤྱད་པ་ཟས་ལ་སོགས་པ་ལ་མར་མེ་བཞིན་དུ་ཅིག་ཅར་སྤྱད་པ་མ་ཡིན་པ་ལ་ནི་ཇི་ལྟར་འོས་པས་སྤྱད་པར་བྱའི་རྒན་རིམས་ཀྱིས་སྤྱད་པར་བྱ་བ་ནི་མ་ཡིན་གྱི། གང་ཞིག་མ་བསྐོས་ན་དང་པོ་སུ་འོངས་པ་དེ་ལ་གཡར་པོར་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅིག་ཅར་བརྙས་ན་ནི་དེའོ་ཞེས་བྱ་བ་ནི་

གལ་ཏེ་ཅིག་ཅར་བརྙས་པར་གྱུར་ན་ནི་ཅིག་ཅར་བརྙས་པ་དེ་རྒན་རིམས་ཀྱིས་སྤྱད་པར་བྱ་བའོ། །མ་ཟིན་ན་དེ་ལས་དབྲལ་བར་མི་བྱའོ་ཞེས་བྱ་བ་ལ་དེ་ལས་ཞེས་བྱ་བ་ནི་མ་བསྐོས་པ་དེ་ལ་སྦྱར་ཞིང་སྤྱད་པ་ལས་སོ། །དེ་བཀྲུ་བར་ཆུས་རྐང་པ་འབགས་པ་ཉིད་ན་དེ་ཡིན་ནོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་

མ་ཟིན་པ་ཉིད་དོ། །དེ་བཀྲུ་བར་ཞེས་བྱ་བ་ནི་རྐང་པ་དེ་བཀྲུ་བ་ལའོ། །ཆབ་ཁུང་ས་དེར་ཞུགས་པ་ཉིད་ནའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་ཆབ་ཁུང་ལའོ། །ཞུགས་པ་ཉིད་ན་ཞེས་བྱ་བ་ནི་མ་ཟིན་ནའོ། །སྒོམ་པའི་ཕྱིར་འདུག་པ་བསློང་བར་མི་བྱའོ་ཞེས་བྱ་བ་ལ་འདུག་པ་ཞེས་བྱ་བ་ནི་སྒོམ་པའོ། །

དེ་ལ་རྒན་རིམས་སུ་མི་བྱའོ་ཞེས་བྱ་བ་ནི་འདུག་པ་དེ་ལ་རྒན་རིམས་སུ་མི་བྱའོ། །འོན་ཀྱང་འདི་ལྟར་འོངས་པས་བྱ་བ་སྟེ། འདུག་པ་ལ་ཉེ་བར་མཁོ་བའི་སྟན་ལ་སོགས་པ་རྣམས་ལ་ཇི་ལྟར་འོངས་པ་ཉིད་ཀྱིས་ལོངས་སྤྱད་པ་སྟེ། ཇི་ལྟར་རྒན་རིམས་སུ་ལོངས་སྤྱད་པར་བྱ་བ་མ་ཡིན་ཏེ་དེ་བས་ན་དེའི་འདི་བྱ་

เล่ม ๑๖๑ · หน้า 263a

བའོ། །འདིར་གཞུང་ནི་དགེ་སློང་དག་སྤོང་བའི་ཁང་པ་ན་འཁོད་ཅིང་དགེ་བའི་ཕྱོགས་དག་བྱེད་པ་ན། དྲུག་སྡེ་དག་འོངས་ཏེ་ངེད་ཅག་རྒན་ནོ་ཞེས་བྱ་བས་སློང་བར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་རྒན་རིམས་སུ་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །

དགེ་སློང་ལས་དང་ཟས་ཀྱིས་འབགས་པ་མི་བྱའོ་ཞེས་བྱ་བ་ནི་ལས་དང་ཟས་བརྩམས་པས་འབགས་པ་བསླང་བར་མི་བྱའོ། །བྱུག་རིས་མ་ཡིན་པར་འདུག་པར་མི་བྱའོ་ཞེས་བྱ་བ་ནི་རང་གི་གོ་མ་ཡིན་པ་ནི་བྱུག་རིས་མ་ཡིན་པ་སྟེ་དེར་འདུག་པར་མི་བྱའོ། །བྱ་བ་བྱས་ནས་འཁོར་ཞིང་སྤྱད་པ་འདོད་པ་ཡོད་ན་

བཅང་བར་མི་བྱའོ་ཞེས་བྱ་བ་ལ། འཁོར་ཞིང་སྤྱད་པ་ཞེས་བྱ་བ་ནི་ཇི་ལྟར་འོས་པའི་སྤྱོད་པ་ལ་སྤྱད་པར་བྱ་བའོ། །བར་དུ་དོན་གྱི་ཆེད་ཉིད་དུ་ཁྲིའུ་ལས་ལངས་པ་ནི་བྱ་བ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་བར་མ་བྱ་བ་ཉིད་ཀྱི་དབང་གིས་ཐ་མ་བྱས་པ་ཉིད་ལ་ད་དུང་ལས་སྔ་མ་བརྩམས་པ་གང་ཡིན་པ་དང་།

ཁྲིའུ་ལས་བབས་པ་གང་ཡིན་པ་དེ་ལ་འདི་བྱ་བ་བྱས་པ་ཉིད་དུ་ཤེས་པར་བྱ་བ་མ་ཡིན་ནོ། །དེའི་དུས་ན་དེ་ལ་ཆོས་གོས་སམ་པུས་འཁྱུད་གཞག་པར་བྱའོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་ཁྲིའུའོ། །དེའི་དུས་ན་ཞེས་བྱ་བ་ནི་བར་མ་བྱས་པ་ཉིད་ཀྱི་དབང་གིས་དུས་ལ་བཏང་བའི་དུས་ལའོ། །འདོད་པ་ཡོད་

ལ་གནས་ཡོད་ན་དགེ་འདུན་གྱི་སྦགས་པ་ཉིད་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་བ་གཞན་དག་ཡོད་ན་འགྲོ་བ་ཡང་ཡོད་ན་དེས་དགེ་འདུན་གྱི་ཡོ་བྱད་སྦགས་པ་ཉིད་བསྟེན་པར་མི་བྱའོ། །དོན་ཡོད་ན་རྣམས་པ་དེ་ལྟ་བུ་ལས་བྲལ་བར་བྱས་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི་དོན་ཡོད་པ་

ཉིད་དང་འདོད་པའི་གང་ཟག་གཞན་ཡོད་པ་ལ་གང་ལ་སྦགས་པ་ཡོད་པ་ཉིད་བསྟེན་པའོ། །དེ་ལྟ་བུར་གྱུར་པ་ལས་ཡོ་བྱད་དེ་ལས་བྲལ་བར་བྱ་སྟེ་ཁྱེར་བ་ལ་ཁ་ན་མ་ཐོ་བ་མེད་པའོ། །ཅི་དགོས་པ་མེད་ཀྱང་ཁ་ན་མ་ཐོ་བ་མེད་པ་ཡིན་ནམ་ཞེ་ན། དེའི་ཕྱིར། དོན་ཡོད་ན་ཞེས་བྱ་བ་སྨོས་ཏེ། དགོས་པ་ཡོད་

པ་ལ་ཡིན་གྱི་མེད་ན་ནི་མ་ཡིན་ནོ། །དགེ་འདུན་གྱི་མཆིག་དང་མཆིག་གུ་བཅང་བར་བྱའོ། །འདྲེག་མཁན་གྱི་ལག་ཆ་ཡང་ངོ་ཞེས་བྱ་བ་ཡང་བཅང་བར་བྱའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དགེ་སློང་གི་དགེ་འདུན་གྱི་ཕྱིར་བཅང་བའོ། །སྣོད་དུ་བཅུག་སྟེ་རྩིག་པ་ལ་

เล่ม ๑๖๑ · หน้า 263b

གཞག་གོ་ཞེས་བྱ་བ་ནི་འདྲེག་མཁན་གྱི་ལག་ཆའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས། དགེ་སློང་གིས་དགེ་འདུན་གྱི་ཕྱིར་འདྲེག་མཁན་གྱི་ལག་ཆ་བཅང་བར་བྱ་ཞིང་སྣོད་དུ་བཅུག་སྟེ་རྩིག་པ་ལ་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྟེའུ་དང་སྟ་རེ་དང་གཟོང་ལ་སོགས་པ་དང་དེ་དག་

གི་སྣོད་དང་བཅས་པ་ཡང་ངོ་ཞེས་བྱ་བ་ཡང་དགེ་འདུན་གྱིས་བཅང་བར་བྱའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དེ་དག་གི་སྣོད་དང་བཅས་པ་ཞེས་བྱ་བ་ནི་སྟེའུ་དང་སྟ་རེ་དང་གཟོང་ལ་སོགས་པ་དེ་དག་གི་སྣོད་དོ། །འདིར་གཞུང་ནི་ཤིང་དག་གཤགས་པར་མི་ནུས་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་སྟེའུ་དང་སྟ་རེ་དང་གཟོང་བཅང་བར་བྱའོ། །དགེ་སློང་ཞིག་གི་ཁྲི་ཆག་ནས་དགེ་སློང་དེས་སྨྲས་པ་ན་ཁོ་བོ་ལ་གཟོང་ཡོད་དེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པའི་ཕྱོགས་སུ་བྱའོ། །དགེ་འདུན་

གི་སྟེའུ་དང་སྣོད་ཀྱང་བཅང་བར་བྱའོ། །གང་ཟག་གིས་འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེས་གཡར་པོ་ཉིད་དུ་ས་ལས་བྱས་པ་ཡན་ཆད་སྦྱིན་ནོ་ཞེས་བྱ་བ་ནི་དགེ་འདུན་དེས་དགེ་སློང་དེ་ལ་ལག་ཆའི་སྣོད་ཐ་ན་ས་ལས་བྱས་པ་ཡན་ཆད་ཀྱང་གཡར་པོ་ཉིད་དུ་

སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་མས་མཆིང་བུའི་སྣོད་བཅང་བར་མི་བྱའོ། །ཐམས་ཅད་ཀྱིས་འབྲུ་མར་གྱི་སྣོད་བཅང་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་ཐམས་ཅད་ཀྱིས་སོ། །ཕུལ་གང་མན་ཆད་ནས་ཕུལ་ཕྱེད་ཡན་ཆད་ཤོང་བའོ་ཞེས་བྱ་བ་ནི། འདིར་ཡན་ཆད་

ཀྱི་སྒྲ་བྲི་བར་བྱ་སྟེ་ཕུལ་ཕྱེད་ཡན་ཆད་ཅེས་བྱ་བའི་དོན་ཏོ། །ལྕགས་ཀྱི་དོག་ལེ་ཡང་ངོ་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་བཅང་བར་བྱའོ། །དེའི་ལྕགས་སྒྱེད་ཀྱང་ངོ་ཞེས་བྱ་བ་ནི་ལྕགས་ཀྱི་དོག་ལེའི་ལྕགས་སྒྱེད་རྐང་པ་གསུམ་པའམ། རྐང་པ་བཞི་པ་ཡང་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །

ས་ལས་བྱས་པའི་ཐབ་ཀྱང་ངོ་ཞེས་བྱ་བ་ནི་རྒྱ་ཐབ་དང་སྒྱེད་པོ་ཡང་བཅང་བར་བྱའོ། །གནང་བ་ཐོབ་པས་འཁར་བའོ་ཞེས་བྱ་བ་ནི་གནང་བ་ཐོབ་པ་ཐམས་ཅད་ཀྱིས་བཅང་བར་བྱའོ། །དྲ་བ་ཁ་དོག་གཅིག་པ་ཡང་ངོ་ཞེས་བྱ་བ་ནི་འདིར་དྲ་བ་ཞེས་བྱ་བ་ནི་བྱ་རྒྱའི་རྣམ་པ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ། འདི་

เล่ม ๑๖๑ · หน้า 264a

ཉིད་དུ་དེ་གྲགས་པའི་ཕྱིར་རོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་དྲ་བ་ཉེ་བར་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་དག་གིས་ཚོན་སྣ་ལྔའི་དྲ་བ་དག་ཉེ་བར་བཞག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་སྣ་ལྔའི་དྲ་བ་དག་ཉེ་བར་གཞག་

པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་དྲ་བ་ཁ་དོག་གཅིག་པ་ཡང་ངོ་ཞེས་བྱ་བ་སྨོས་སོ། །གནང་བ་འདི་དག་ལ་སྦྱིན་པར་རིགས་སམ་ཞེ་ན། དེའི་ཕྱིར་དེ་སྦྱིན་པར་བྱའོ་ཞེས་བྱ་བ་སྨོས་སོ། །ཅི་ཐམས་ཅད་ལའམ་ཞེ་ན་དེའི་ཕྱིར་རྒས་པ་དང་ནད་པ་དག་ལའོ་ཞེས་བྱ་བ་སྨོས་སོ། །

དེ་གཉིས་ཚིག་གཅིག་གིས་སྦྱིན་པ་ཡང་སྲིད་དོ་ཞེས་བྱ་བ་ནི་གཅིག་གིས་ཞེས་བྱ་བ་ནི་སྔགས་ཀྱི་ཚིག་གཅིག་གིས་སོ། །སྡིག་སྦྲུལ་ལ་སོགས་པའི་གཉེན་པོའི་ཕྱིར་འཁར་བ་སྒྲ་དང་བཅས་པ་བཅང་ངོ་ཞེས་བྱ་བ་ལ། སྔར་རྒན་པོ་དང་ནད་པ་དག་ལ་གནང་བ་སྦྱིན་པའི་འཁར་བ་ནི་ལུས་རྟེན་པའི་ཕྱིར།

བེ་ཅོན་སྦོམ་པོ་རྗེས་སུ་གནང་བ་ཡིན་ནོ། །དེ་དང་མི་འདྲ་བའི་ཕྱིར་དེ་བས་ན་འདིར་རྗེས་སུ་མཐུན་པར་ངེས་པ་སྟེ་དེ་ལས་གཞན་པའི་སྐབས་ཀྱི་བྱེ་བྲག་མེད་དོ། །དེ་བས་ན་དེ་འཆང་བའི་ཆོ་ག་འདི་དགོས་པ་གཞན་གྱི་བརྗོད་པར་ཤེས་པར་བྱའོ། །མ་མོ་དག་ལས་དེ་དང་པོར་བྱ་སྟེ། དེ་བྱིན་པས་ཞེས་

བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ཡུ་བའི་རྩ་བ་ནས་གས་ན་སྦུ་གུ་བསྐོན་ནོ་ཞེས་བྱ་བ་ལ་འཁར་བའི་ཡུ་བ་དང་། འཁར་གསིལ་གྱི་ཡུ་བ་དང་། གོས་ཀྱི་སྲོག་ཤིང་གི་ཡུ་བ་དག་ཅེས་སྨོས་པས་གཟུང་བའོ། །དེ་དག་གི་རྩ་བ་མ་ཐོག་གས་ན་ལྕགས་ཀྱི་སྦུ་གུ་ངོས་གཅིག་ནས་ཞབས་བཅུག་

པ་བསྐོན་པར་བྱའོ། །ཡ་ཐོག་དཀྲི་བས་སོ་ཞེས་བྱ་བ་ནི་ཡུ་བ་དེ་དག་གི་ཡ་ཐོག་གས་ན་དཀྲི་བ་བསྐོན་པར་བྱ་སྟེ། ལྕགས་ཀྱི་གླེགས་བུས་ཀུན་ནས་འཁོར་བར་དཀྲི་བར་བྱའོ། །འདིར་གཞུང་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་བསིལ་བའི་ཚལ་གྱི་དུར་ཁྲོད་ན་སྡིག་སྦྲུལ་དག་མང་བས་དེ་ན་དགེ་

སློང་དུར་ཁྲོད་དུ་འགྲོ་བ་དག་སྡིག་སྦྲུལ་དག་གིས་ཟིན་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་སྦྲུལ་བཟློག་པའི་ཕྱིར་འཁར་བ་སྒྲ་དང་བཅས་པ་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སྨྱིག་མ་མཁན་གྱིས་བྱས་པའམ་ལོ་མ་ལས་བྱས་པའི་གདུགས་བཅང་

เล่ม ๑๖๑ · หน้า 264b

བར་བྱའོ་ཞེས་བྱ་བ་ལ། སྨྱིག་མས་འཚོ་བ་ནི་སྨྱིག་མ་མཁན་ཏེ། དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་དོན་དུ་གདུགས་ཁྲ་བོ་བཀྲ་བ་དག་བྱེད་པས་དེ་འདིར་ཉེས་པ་མེད་པར་བསྟན་པའི་ཕྱིར་སྨྱིག་མ་མཁན་གྱི་སྒྲས་སྨོས་པར་བྱའོ། །དེ་ལས་གཞན་པ་ཁྲ་བོ་བཀྲ་བ་དག་བརྟག་པར་བྱ་བ་མ་ཡིན་ནོ། །ཡུ་བ་ནི་

ལུས་ཀྱི་ཚད་དོ་ཞེས་བྱ་བ་ནི་ལུས་ཀྱི་ཚད་ཀྱི་ཡུ་བ་འདིར་ཞེས་བསྡུ་བའོ། །དེས་གྲོང་དབུས་སུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ལ་དེས་ཞེས་བྱ་བ་ནི་གདུགས་དེས་སོ། །གལ་ཏེ་ལམ་གྱི་དབང་གིས་ན་གློར་བསྙལ་ཏེའོ། །ཆར་འབབ་པ་ཉིད་ན་བསོད་སྙོམས་ལ་རྒྱུ་བར་བྱའོ་ཞེས་བྱ་བ་ནི་གདུགས་

ཀྱིས་གྲོང་དབུས་སུའོ། །ཡུ་བ་ལ་གཞར་དུ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་དྲི་མ་བཀྲུ་བར་བྱ་བའི་ཕྱིར་ཡུ་བ་ལ་བྱི་དོར་བྱ་བར་རིག་པར་བྱ་སྟེ། །འདིར་དེ་ལྟར་བརྗོད་པར་བྱའོ། །ཆད་ན་ཁྱིམ་དག་ཏུ་གཞག་གོ་ཞེས་བྱ་བ་ནི་ཆར་པ་ཆད་ན་དེའི་དྲུང་དུ་འདུག་པའི་ཁྱིམ་གང་ཡིན་པ་དེར་འདུགས་ཏེ་

བཏགས་ཏེ་གཞག་གོ། །འབྱུང་ཁར་བླང་ངོ་ཞེས་བྱ་བ་ནི་གདུགས་གང་དུ་གཞག་པའི་གྲོང་དེ་ནས་ཕྱིར་འབྱུང་ཁར་དེ་བླང་ངོ་། །གཙུག་ལག་ཁང་ན་གནས་པའི་སྐབས་བཤད་ཟིན་ཏོ།། །།ད་ནི་གནས་གཞན་ན་གནས་པའི་སྐབས་བརྗོད་པར་བྱ་སྟེ། །རོལ་མོ་མཁན་གྱི་གནས་དང་།

སྨད་འཚོང་མའི་གནས་དང་། ཆང་འཚོང་མའི་གནས་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་ཁྱིམ་གྱི་གནས་དག་བསྟེན་པར་མི་བྱའོ་ཞེས་བྱ་བ་ལ། རོལ་མོ་ཞེས་བྱ་བ་ནི་གླུ་མཁན་ལ་སོགས་པ་རྩེ་འཇོའི་གནས་སོ། །གདོལ་པའི་ཁྱིམ་གྱི་གནས་དག་ཞེས་བྱ་བ་ནི་གདོལ་པའི་

གནས་དག་གོ། །དེ་ལྟར་སྤྱོད་ཡུལ་མ་ཡིན་པའི་གནས་ལྔ་པོ་དེ་དག་ཏུ་འཇུག་པར་མི་བྱའོ། །མི་གཙང་བའི་སྐྱབས་དང་ཉེ་བར་འདུག་པར་མི་བྱའོ་ཞེས་བྱ་བ་ནི་འཇུག་པའི་ཕྱིར་སོང་ན་ཡང་དེའི་ཉེན་ཀོར་དུ་བསྡད་པར་མི་བྱའོ། །འདིར་གཞུང་ནི་གླེང་གཞི་དག་ལས་དེ་ལྟ་བས་ན། དགེ་སློང་

གིས་ཆབ་ཁུང་སར་སོང་ན་འདུ་འཛིས་གནས་པར་མི་བྱའོ། །དེའི་ཉེ་འཁོར་དུ་ལུང་དབོག་པར་མི་བྱ་བཀླག་པར་མི་བྱ་ཁ་ཏོན་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གོས་རིན་པོ་ཆེར་གྱུར་པས་དགོན་པར་གནས་པར་མི་བྱའོ་ཞེས་བྱ་བ་ནི་ལ་བ་རིན་པོ་ཆེ་ལ་སོགས་པ་རིན་ཆེ་བས་སོ། །ལྡུམ་བུ་

เล่ม ๑๖๑ · หน้า 265a

ནི་མེ་རུ་ཀའི་ཕྱེ་མས་ལ་བ་ལ་སྲོག་ཆགས་དག་མི་འབྱུང་ངོ་། །ཤིང་ཀུན་གྱིས་ཀྱང་ངོ་ཞེས་བྱ་བ་ལ་ཤིང་ཀུན་གྱི་ཕྱེ་མས་ཀྱང་ལ་བ་ལ་སྲོག་ཆགས་དག་མི་འབྱུང་བའོ། །ཤིང་ནིམ་པ་དང་བ་ཤ་ཀའི་ལོ་མ་དག་གིས་ཀྱང་ངོ་ཞེས་བྱ་བ་ནི་ཤིང་ནིམ་པ་དང་བ་ཤ་ཀའི་ལོ་མ་དག་གིས་ཀྱང་

ངོ་ཞེས་བྱ་བའི་དོན་ནོ། །རིམ་པ་དེར་སོང་ན་དེ་ལ་ཤིན་ཏུ་ཕན་པ་ཉིད་དོ་ཞེས་བྱ་བ་ལ། རིམ་པ་དེར་སོང་ན་ཞེས་བྱ་བ་ནི་རིམ་པ་དེ་ལ་ཤིན་ཏུ་ཕན་པ་ཉིད་དུ་འགྱུར་ཏེ། དེ་ཙམ་གྱི་མཐུས་རིམ་པ་གཞན་ལ་ཡང་ཤིན་ཏུ་ཕན་པའི་དྲི་འབྱུང་ངོ་། །དེ་རྣམས་ལ་ཡང་ཕན་པ་དེ་ཉིད་འབྱུང་བའོ། །སྐམ་པ་ཡང་

དེའི་དོན་ཉིད་ཡིན་ནོ་ཞེས་བྱ་བ་ནི་གོས་སྐམ་པ་ཡང་སྲོག་ཆགས་མི་སྐྱེ་བ་དེའི་དོན་ཉིད་ཡིན་པའོ། །འདིར་གཞུང་ནི་དུས་དུས་སུ་བསྐམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགོན་པ་བས་ཕྱོགས་དང་ལམ་དང་། ཚེས་གྲངས་དང་ཉི་མ་དང་རྒྱུ་སྐར་དག་ལ་མཁས་པར་བྱའོ་ཞེས་བྱ་བ་ནི་དགོན་པ་པས་

དེ་དག་ཤེས་པར་བྱ་བའོ། །རྟག་ཏུ་མེ་དང་ཆུ་ཡོད་པར་རོ། །ཕྱེ་དང་རས་མ་དག་དང་སྦྲང་རྩི་དང་ཞུན་མར་དག་ཅི་འབྱོར་པ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ལ། ཕྱེ་དང་ཞེས་བྱ་བ་ཐམས་ཅད་དུ་ཅི་འབྱོར་པ་ཞེས་བྱ་བ་ལྷག་མ་ཉིད་ལ་ཡང་རིག་པར་བྱའོ། །འདིར་གཞུང་ནི་ཕྱེ་དང་སྦྲང་རྩི་དང་ཞུན་མར་

ཅི་འབྱོར་པ་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཟས་ལས་ལྷག་རོལ་བྱུང་ན་ཡང་ངོ་ཞེས་བྱ་བ་ནི་གལ་ཏེ་ཟས་ལས་ལྷག་རོལ་ལུས་པར་གྱུར་ན་ཡང་ཉེ་བར་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་མས་དགོན་པར་གནས་པར་མི་བྱའོ། །གྲོང་ཁྱེར་གྱི་ནང་དུ་

དབྱར་ཁང་བྱའོ། །དེས་དེའི་ཕྱིར་སྒོར་འདུག་པར་མི་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་དབྱར་ཁང་དེའི་འོ། །དེས་ཞེས་བྱ་བ་ནི་དགེ་སློང་མ་དེས་སོ། །སྣང་གཡེལ་ཅན་དུ་མི་བྱའོ་ཞེས་བྱ་བ་ནི་འདུག་པར་ཏེ། འདིར་སྣང་གཡེལ་ཞེས་བྱ་བ་སྐར་ཁུང་འབའ་ཞིག་ཏུ་མ་ཟད་ཀྱི་གང་དུ་ཕྱི་

རོལ་སྣང་བ་ཐམས་ཅད་ཡང་ཡིན་པར་རོ། །ལམ་བཞི་མདོར་མི་བྱའོ། །གོས་མེད་པ་ཅན་གྱིས་མི་བྱའོ་ཞེས་བྱ་བ་ནི་འདུག་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དབྱར་ཁང་ཞེས་སྨོས་པ་ནི་ལམ་གྱི་བཞི་མདོ་ལས་ལོག་པ་སྟེ། ཐམས་ཅད་དུ་ཆོ་ག་འདི་ཉིད་ཡིན་ནོ། །དེ་ལ་རྔུལ་གཟན་ནི་གོས་

เล่ม ๑๖๑ · หน้า 265b

ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་དེ་ཐོག་མར་གསུངས་པའི་ཆོ་ག་ལའོ། །དཔུང་པ་གཉིས་མ་གཡོགས་པར་ཁྱིམ་པའི་དྲུང་དུ་མི་བྱའོ་ཞེས་བྱ་བ་ནི་རྔུལ་གཟན་གྱི་གོས་ཉིད་གོན་དུ་ཟིན་ཀྱང་དཔུང་པ་གཉིས་མ་གཡོགས་པར་ཁྱིམ་པའི་དྲུང་དུ་འདུག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །

དེའི་སྐྱིལ་མོ་ཀྲུང་གི་གནས་སུ་སྐྱིལ་མོ་ཀྲུང་ཕྱེད་དོ་ཞེས་བྱ་བ་ལ། སྐྱིལ་མོ་ཀྲུང་གི་གནས་སུ་སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདིར་ཏིང་ངེ་འཛིན་ལ་འདུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཟག་བྱེད་ཀྱི་སྒོར་སྲོག་ཆགས་མི་འཇུག་པར་བྱ་བའི་ཕྱིར་གོས་ལ་སོགས་པས་གཡོག་གོ། །དགེ་སློང་དག་གིས་དགེ་

སློང་མ་གཙུག་ལག་ཁང་དུ་འཇུག་པ་བཟློག་པར་མི་བྱའོ། །དེ་དག་གཏམ་མི་འདྲེ་བ་དང་མི་གདམས་པ་དང་གསོ་སྦྱོང་དང་དགག་དབྱེ་གཞག་པ་དག་གིས་ཡོངས་སུ་གདུལ་བར་བྱའོ། །དེས་དགེ་སློང་རྗེས་སུ་གནང་བ་བྱེད་དུ་མ་བཅུག་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་

སྨོས་ན། དགེ་སློང་གིས་དེ་ལ་ཇི་ལྟར་རྗེས་སུ་གནང་བར་བྱ་ཞེ་ན། དེའི་ཕྱིར་ཁྱོད་ནད་དང་བཅས་པ་མ་ཡིན་ན་རྗེས་སུ་གནང་ངོ་ཞེས་སོ་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་རྗེས་སུ་གནང་བར་བྱ་བའམ་ཞེ་ན། དེའི་ཕྱིར་དྲི་བ་ཞེ་འགྲས་པ་མེད་པ་ཉིད་ངེས་པར་ཤེས་པར་བྱས་ཏེའོ་ཞེས་བྱ་བ་སྨོས་ཏེ།

དྲི་བ་གང་གིས་དེ་ལ་ཞེ་འགྲས་པ་མེད་ཅིང་དྲི་བ་དེ་ཤུགས་ཀྱིས་ཤེས་པར་བྱའོ། །གནས་ཀྱི་ཡང་དག་པར་སྦྱོར་བའི་སྐབས་བཤད་ཟིན་ཏོ།། །།ད་ནི་སྦ་བའི་རྣམ་པར་གཞག་པ་དང་ཡོངས་སུ་བསྐྱབ་པའི་སྐབས་བརྗོད་པར་བྱ་སྟེ། འཕྲེད་གཏན་དང་གནམ་གཟེར་དང་། འཁོར་གཏན་

དང་སྒོ་ལྕགས་དང་ལྡེ་མིག་ཀྱོག་པོ་དག་གཙུག་ལག་ཁང་བསྡམས་པའི་ཕྱིར་ཡང་དག་པར་སྦྱར་རོ་ཞེས་བྱ་བ་ལ། འདིར་གཞུང་ནི་སིལ་བུ་དག་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལྔ་པོ་འདི་དག་ནི་སྡོམ་པར་བྱེད་པ་དག་ཡིན་ཏེ་ལྔ་གང་ཞེ་ན། འཕྲེད་གཏན་དང་

གནམ་གཟེར་དང་འཁོར་གཏན་དང་སྒོ་ལྕགས་དང་ལྡེ་མིག་ཀྱོག་པོ་སྟེ། དེ་དག་གཙུག་ལག་ཁང་ན་བདོག་ན་དེ་དག་ཐམས་ཅད་དགེ་སྐོས་ཀྱིས་བཅང་བར་བྱའོ་ཞེས་གསུངས་པ་དང་། རྣམ་པར་འབྱེད་པ་ལས་ཀྱང་དགེ་འདུན་གྱི་གནས་བརྟན་དགེ་སློང་གིས་དགེ་སྐོས་ལ་ཚེ་དང་ལྡན་པ་ཁྱོད་

เล่ม ๑๖๑ · หน้า 266a

ཀྱིས་སྒོ་བཅད་དམ། གཙུག་ལག་ཁང་སོ་སོར་བརྟགས་སམ་ཞེས་བྲི་བར་བྱའོ་ཞེས་གསུངས་པ་དང་མ་མོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གནས་མལ་བསྲུང་བའི་ཕྱིར་ལྡེ་མིག་འཁྱོག་པོ་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །དགེ་

སྐོས་ཀྱིས་དགོངས་ཀར་གཙུག་ལག་ཁང་སོ་སོར་བསྡམས་ནས་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་བསྡམས་ནས་དགོངས་ཀར་སོ་སོར་བརྟག་པར་བྱ་སྟེ། གཙུག་ལག་ཁང་ཞེས་བྱ་བ་དང་སྦྱར་བར་བྱའོ། །སྒོ་བསྡམས་ནས་དེའི་ཞེས་བྱ་བ་རིག་པར་བྱའོ། །འཇིགས་པ་

དང་བཅས་པ་ཉིད་ཡིན་ན་ཐུན་པ་ཉིད་ཀྱིས་མེལ་ཚེ་བྱའོ། །དེར་གྱུར་པས་ཉལ་བ་དང་སྙོམས་པར་ཞུགས་པ་དག་སྤང་ངོ་ཞེས་བྱ་བ་ལ། དེར་གྱུར་པ་ཞེས་བྱ་བ་ནི་མེལ་ཚེའི་ཐུན་པར་གྱུར་པས་གནས་པའོ། །དང་པོར་སྤང་བར་བྱ་བའི་སྒྲ་མི་བྱེད་པ་ངེས་པར་རྟོགས་པར་བྱའོ། །གཞན་དུ་ན་ཡིད་རྟོན་པ་ལ་

འཁུས་པར་འགྱུར་རོ། །དེ་དག་ལ་འཁུ་བ་ཡོད་པ་ཞེས་བྱ་བ་འདིར་ངེས་པར་རྣམ་པར་གཞག་གོ། །དེར་དགེ་འདུན་གྱི་གནས་བརྟན་གྱིས་དགེ་སྐོས་ལ་དམ་གཞག་བྱས་པ་ཉིད་དྲི་བར་བྱའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་གཙུག་ལག་ཁང་བསྡམས་པ་ལ་སོགས་པ་དེར་རོ། །དམ་གཞག་བྱས་པ་ཉིད་

ཅེས་བྱ་བ་ནི་བྱ་བ་དང་བྱེད་པ་ལ་ངེས་པར་སྦྱར་བ་དག་གོ། །གལ་ཏེ་ཡང་དག་པར་སྦྱོར་བ་དག་གིས་མ་བསྡམས་པ་ཉིད་ན་གཙུག་ལག་ཁང་བརླག་ན་དགེ་སྐོས་འཇལ་དུ་གཞུག་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། ཡང་དག་པར་སྦྱར་བ་ཞེས་བྱ་བ་ནི་འཕྲེད་གཏན་ལ་སོགས་པ་རྣམས་ཀྱིས་སོ། །

འཇལ་དུ་གཞུག་པར་བྱ་བ་ནི་བརླག་པའི་དངོས་པོ་དེའོ། །དེ་དག་ཇི་ཙམ་ཉམས་པར་བྱས་པ་དེ་ཙམ་གྱི་ཆ་དག་གོ་ཞེས་བྱ་བ་ནི་བསྡམས་པའི་ཕྱིར་ཡང་དག་པར་སྦྱོར་བ་སུ་དག་ལས་གཅིག་གམ་དུ་མ་འམ་མང་པོས་བསྡམས་པ་མ་བསྒྲུབས་ཤིང་ཉམས་པར་བྱས་ན་ཡང་དག་པར་སྦྱོར་བ་དེ་དག་གི་ཆ་

དག་དགེ་སྐོས་འཇལ་དུ་གཞུག་པར་བྱ་བ་ཉིད་ཡིན་ཏེ། གལ་ཏེ་གཅིག་གིས་མ་བསྡམས་ན་གཅིག་གི་ཆ་འཇལ་དུ་གཞུག་གོ། །ཇི་དེ་གཉིས་ཀྱིས་མ་བསྡམས་ན་གཉིས་ཀྱི་ཆ་འཇལ་དུ་གཞུག་པའོ། །ཇི་སྲིད་དུ་ལྔ་ཆར་གྱིས་མ་བསྡམས་ན་སྐྱིན་པ་རིལ་གྱིས་འཇལ་དུ་གཞུག་གོ། །ལྡེ་

เล่ม ๑๖๑ · หน้า 266b

མིག་འཁྱོག་པོ་དང་སྒོ་ལྕགས་བཅང་བར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་སོ། །སྡོམ་པ་ཇི་སྙེད་ཡོད་པ་དག་གིས་སྒོ་མ་བསྡམས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་འཕྲེད་གཏན་ལ་སོགས་པར་སྡོམ་པར་བྱེད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་སྒོ་མ་བསྡམས་པར་གཞན་དུ་འགྲོ་བར་མི་

བྱའོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་གནས་སྟོང་པར་ཞུགས་པར་གྱུར་ན་དེར་ཆག་ཆག་ལ་སོགས་པ་བྱའོ་ཞེས་བྱ་བ་ནི་འདི་ནི་ཡོངས་སུ་བསྐྱང་བའི་རྣམ་པ་སྟེ་དེས་ན་འདིར་ནི་དེ་ཞུགས་པའོ། །སྣོད་སྤྱད་ཙམ་པ་འཁོས་སུ་དབབ་པར་བྱའོ་ཞེས་བྱ་བ་ནི་གནས་ཇི་ལྟ་བ་བཞིན་དུ་བསྡུ་སྐྱོག་བྱ་ཞིང་

འཁོས་སུ་དབབ་པར་བྱ་བའོ། །གལ་ཏེ་དེ་བཟོད་ན་བྱི་དོར་བྱའོ་ཞེས་བྱ་བ་ནི་གལ་ཏེ་བཀྲུ་བཤལ་ལ་སོགས་པ་བྱི་དོར་བྱ་བ་དེ་བཟོད་ཅིང་འོས་པ་ཡིན་ན་བྱི་དོར་བྱ་སྟེ་འཁོས་སུ་དབབ་པར་བྱའོ། །གལ་ཏེ་རུང་པར་བྱེད་པ་ཡོད་ན་སྔོ་སྲབ་པར་བྱེད་དུ་གཞུག་གོ། །གལ་ཏེ་དེར་ཁྱིམ་པ་དག་ལྷགས་ན་དེ་

དག་ལ་ཆོས་དང་ལྡན་པའི་གཏམ་དང་ནུས་པའི་ཆོས་གཞན་ཡང་བྱའོ་ཞེས་བྱ་བ་ལ། གཞན་ཡང་ཞེས་བྱ་བ་ནི་ཟས་སྐོམ་དང་དབྱར་གཟིགས་ལ་སོགས་པའོ། །གནས་ཀྱི་གཞིའི་ནང་གི་སྐབས་བཤད་ཟིན་ཏོ།། །།ད་ནི་ཕྱིའི་སྐབས་བརྗོད་པར་བྱ་སྟེ། ཤིང་ལྗོན་པ་བསྐྱེད་པ་མི་རུང་བ་ཉིད་མ་ཡིན་

ནོ་ཞེས་བྱ་བ་ལ། འདིར་ཤིང་ལྗོན་པ་ཞེས་བྱ་བ་ནི་ནགས་མ་དང་གེལ་བ་དང་འཁྲི་ཤིང་དང་ཏཱ་ལ་ལ་སོགས་པ་དག་བསྟན་པར་རིག་པར་བྱའོ། །དེ་སྐྱེད་ནས་མི་བསྐྱང་བར་མི་བྱའོ་ཞེས་བྱ་བ་སྨོས་ན། ཤིང་ལྗོན་པ་བསྐྱེད་ནས་དུས་ཇི་སྲིད་དུ་བསྐྱང་བར་བྱ་ཞེ་ན་དེའི་ཕྱིར། དེའི་ཤིང་ལྗོན་པ་ནི་མེ་ཏོག་

ཆགས་ཀྱི་བར་དུའོ་ཞེས་བྱ་བ་སྨོས་ཏེ། མེ་ཏོག་གི་ཤིང་ལྗོན་པ་ནི་མེ་ཏོག་ཆགས་ཀྱི་བར་དུ་བསྐྱང་བར་བྱའོ། །གཞན་ནི་འབྲས་བུའི་བར་དུའོ་ཞེས་བྱ་བ་ནི་འབྲས་བུའི་ཤིང་ལྗོན་པ་ནི་འབྲས་བུ་ཆགས་ཀྱི་བར་དུ་བསྐྱང་བར་བྱའོ། །གང་ལ་མེ་ཏོག་དང་འབྲས་བུ་གཉིས་ཀ་ཡང་གྲུབ་པའི་ཤིང་ལྗོན་པ་དེ་

ལ་ནི་གང་གི་དོན་དང་ལྡན་པ་ཉིད་དུ་ཆེས་གྲགས་པ་དེས་རྣམ་པར་གཞག་གོ། །ཡུན་རིང་པ་ཉིད་ན་ལོ་ལྔར་རོ་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུ་ཆགས་པ་དེ་གཉིས་ནི་ཡུན་རིང་བ་ཉིད་ལོ་ལྔར་བསྐྱང་བར་བྱའོ། །འདི་ལ་དགེ་སློང་བསྐོས་པ་ནི་རང་ཉིད་དང་འདྲའོ་ཞེས་བྱ་བ་ནི་ཤིང་ལྗོན་པ་བསྐྱེད་པ་བསྐྱང་བ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด