འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๖๐ · หน้า 107b

དམ་འོན་ཏེ་མ་ཡིན་སྙམ་དུ་ཡང་དག་པར་སྐྱེས་པ་ཡང་ཤེས་པར་འདོད་པ་ལ་བདག་ལ་ཁུ་བ་ཡང་དག་པར་སྐྱེས་སམ། འོན་ཏེ་མ་ཡིན་ཞེས་བྱ་བ་ལོའི་གནས་སྐབས་སམ། བུད་མེད་ཀྱིས་དུབ་པ་ལ་སོགས་པའི་སོ་སོར་ལྟུང་བའི་གནས་སྐབས་ལ་བདག་གི་ཁུ་བ་ནི་ཇི་ལྟ་བུའི་གནས་སྐབས་སྙམ་དུ་

སྐལ་བ་དང་ལྡན་པ་ཉིད་དམ། བདག་གི་ཁུ་བ་ཇི་ལྟ་བུ་ཞེས་བྱ་བ་བདེ་བའི་རྣམ་པའི་དོན་དུ་ཡང་དག་པར་སྤྱོད་པས་ཤེས་པར་འདོད་པ་ལ་བདག་གི་བདེ་བ་འདི་ལྟ་བུ་ཞེས་ཡོད་པའམ། འདིར་སེམས་ཅན་གྱི་རྒྱུ་ཇི་ལྟ་བུ་ཞེས་བྱ་བ་དང་རང་བཞིན་ཇི་ལྟ་བུ་ཞེས་བྱ་བའི་ནུས་པའམ་རྣམ་པ་འདིས་ཁུ་བ་ཕྱུང་

བས་བདག་གིས་ནུས་སམ་འོན་ཏེ་མིན་ཞེས་བྱ་བའི་བསླབ་པ་བསྒྲུབ་པའམ། བདག་གིས་འདི་ཕྱུང་བའི་རྣམ་པ་བསླབས་སམ་འོན་ཏེ་མ་ཡིན། འདིར་ལ་ལ་ཞིག་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། རྫོགས་པ་དང་མ་རྫོགས་པ་དང་ཤིན་ཏུ་ཆུང་བ་ཉིད་དང་། ཁ་ན་

མ་ཐོ་བ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཅི་ཁྱད་པར་ཡོད་དམ་ཞེ་ན། དེའི་ཕྱིར་བདེ་བ་དང་རིག་སྔགས་དང་ས་བོན་དང་སྨན་དང་བརྟག་པའི་ཕྱིར་བརྟག་པ་ལ་བྱེ་བྲག་མེད་དོ་ཞེས་བྱ་བ་སྨོས་སོ། །རྣམ་པ་གང་གིས་འབྱིན་པ་ཞེ་ན། དེའི་ཕྱིར་རེག་པས་སོ་ཞེས་བྱ་བ་སྨོས་སོ། །རེག་པ་ཇི་ལྟ་བུས་ཤེ་ན།

དེའི་ཕྱིར་བརྩལ་བས་སོ་ཞེས་བྱ་བ་སྨོས་ཏེ། བྱ་བས་དྲུད་པ་ལ་སོགས་པ་ཡིན་གྱི་གནས་པ་ནི་མ་ཡིན་ནོ། །འདིར་ཚིག་ནི་རྩོལ་ན་ཞེས་གསུངས་ལ། འདུལ་བྱེད་དག་ལས་དགེ་སློང་ཡན་ལག་གི་རྣམ་པས་བཟུང་བ་ལ་མི་གཙང་བ་བྱུང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཉེས་པ་སྡོམ་པོར་འགྱུར་ཞེས་གསུངས་སོ། །གང་ལ་རེག་པས་ཤེ་ན། དེའི་ཕྱིར་ཡན་ལག་གི་རྣམ་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཕྱོགས་གཞན་ལ་ནི་མ་ཡིན་ནོ། །གང་གིས་རེག་པ་ཞེ་ན། དེའི་ཕྱིར་ཕྱི་རོལ་གྱིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ནང་གི་བདག་ཉིད་འབའ་ཞིག་གིས་ནི་མ་ཡིན་

ནོ། །སེམས་ཅན་དུ་བགྲང་བས་སོ། །དེ་ནི་རྣམ་པར་གནས་པས་སོ་ཞེས་བྱ་བ་ནི་མི་འཕོ་བ་སྟེ་ལུས་ཀྱི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་རུང་བ་ཅིག་གི་ཆས་རེག་པས་བྱུང་བ་ལ་དགེ་འདུན་གྱི་ལྷག་མའོ། །ལག་པ་ཁོ་ནས་རེག་པར་ཕྱུང་བར་མ་ཟད་དེ། །ལུས་ཀྱི་རྣམ་པ་ལས་ཉམས་

เล่ม ๑๖๐ · หน้า 108a

པར་འཕོ་བ་ལ་ནི་སྦོམ་པོ་སྟེ། ཤའི་དུམ་བུས་ནི་སྦོམ་པོ་ཞེས་གསུངས་པའི་ཕྱིར་རོ། །རྣམ་པ་གང་ཡང་རུང་བ་དང་། དེའི་རྣམ་པ་བརྩལ་བས་རེག་པས་སོ་ཞེས་བྱ་བར་ཤེས་པས་ཆང་བས་བཅང་བའི་བརྩལ་བའི་རང་བཞིན་འབའ་ཞིག་ཏུ་མ་ཟད་དེ། དམ་དུ་བཅང་

བ་དང་བཅས་པས་བྱེ་བྲག་ཡོངས་སུ་མ་བཟུང་བས་ཡང་དག་པར་བསྟན་པའི་དོན་དུ་རྣམ་པར་མཚོན་པར་བྱའོ། །རིལ་གྱིས་བཅད་པ་དང་དམ་དུ་བཅང་བ་གཉིས་མེད་པར་ཡང་ངོ་ཞེས་བྱ་བ་ནི་དེ་གཉིས་མེད་པར་ཡང་དངོས་གཞིར་འགྱུར་བའོ། །བྱེ་བྲག་ངེས་པར་མྱོང་བ་ལ་སོགས་པ་བདེ་བ་སོ་སོར་

ཉམས་སུ་མྱོང་བ་ཡང་འདིར་རེས་འགའ་འབྱུང་སྟེ། དེ་རྣམས་ལ་འདིར་ཆ་ཤས་ཉིད་ཅི་ཞིག་ཡོད་དམ་མ་ཡིན་ཞེ་ན། དེའི་ཕྱིར་བྱེ་བྲག་ངེས་པར་མྱོང་བ་དང་བྱུང་ལ་ཐུག་པ་དང་ངད་ལས་པའི་བདེ་བ་ཉམས་སུ་མྱོང་བ་དག་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཡང་གི་སྒྲས་ནི་ཆོ་ག་བསྡུ་བའི་དོན་དུའོ། །

བདེ་བ་སོ་སོར་ཉམས་སུ་མྱོང་བ་འདི་རྣམས་མེད་པར་ཡོད་ཅེས་བྱ་བ་ནི་འདིར་བྱེ་བྲག་ངེས་པར་མྱོང་བ་ལ་ཐ་དད་པར་བྱས་པ་བཞིན་དུ་ཁྱད་པར་དུ་མྱོང་བར་རོ། །ལུས་དང་དབང་པོ་ཆགས་པ་ཉིད་ལ་ལུས་ཀྱི་རྣམ་པར་ཤེས་པའི་བྱེད་པ་པོས་ཉེད་པས་རེག་པ་འབྱུང་བ་སྟེ་དེ་ཉམས་སུ་མྱོང་ནའོ་ཞེས་བྱ་བའི་

དོན་ཏོ། །བྱུང་ལ་ཐུག་པ་ནི་བརྩལ་བའི་ཁུ་བའི་ཁུ་བ་ལ་ལུས་དང་དབང་པོ་ལས་ཀྱང་ངོ་། །ངད་ལས་པའི་བདེ་བ་ཉམས་སུ་མྱོང་བ་དག་ཀྱང་ངོ་ཞེས་བྱ་བ་ནི་ལུས་དང་དབང་པོ་ལས་བྱུང་མ་ཐག་པ་རྣམ་པར་གྲོལ་བཞིན་པའི་བྱེད་པའི་འཚོ་བ་ལ་མྱུར་དུ་ཉེ་བར་འཚོ་བར་བྱེད་པའི་གང་ཡིན་པ་དེ་ནི་འདིར་བདེ་

བ་སོ་སོར་ཉམས་སུ་མྱོང་བ་དག་ཀྱང་ངོ་། །གང་དུ་ཁུ་བ་འབྱིན་པ་ལ་རྩེ་གཅིག་པ་ཉིད་ཀྱིས་འདི་ལ་ཉེ་བར་འཚོ་བར་བྱེད་པ་དེ་ལ་བྱེ་བྲག་ངེས་པར་མྱོང་བར་བྱེད་པ་ལ་བདེ་བ་སོ་སོར་ཉམས་སུ་མྱོང་བ་ལ་རྩེ་གཅིག་པ་ཉིད་མེད་པར་ཡང་མངོན་པར་གྲོལ་བའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་གིས་བྱེ་

བྲག་ངེས་པར་མྱོང་བའི་བདེ་བ་སོ་སོར་ཉམས་སུ་མྱོང་བར་བྱེད་དེ། ཁུ་བ་འབྱིན་པར་བྱེད་ན་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ། །དེ་བཞིན་དུ་བྱུང་ལ་ཐུག་པའི་བདེ་བ་དང་། ངད་ལས་པའི་བདེ་བ་སོ་སོར་ཉམས་སུ་མྱོང་བར་བྱེད་དེ། ཁུ་བ་འབྱིན་པ་ཡང་སྔ་མ་བཞིན་དུ་འབྱིན་པར་བྱེད་ན་

เล่ม ๑๖๐ · หน้า 108b

ཞེས་བྱའོ། །སྔ་མ་བཞིན་དུ་ཕྱུང་བ་ལ་དེའི་འདུན་པས་རང་གི་ཁུ་བ་དང་པོར་རེག་པས་ཆ་ཤས་ཀྱི་ཚོགས་ལ་བྱ་བ་བྱས་ནས་ཕྱི་རོལ་གྱི་སེམས་ཅན་དུ་བགྲང་བས་ཀྱང་དེའི་རྣམ་པར་གནས་པ་མ་ཡིན་ཞེས་བྱ་བ་ཆ་ཤས་འདི་རྣམས་ཀྱི་གང་ཡང་རུང་བ་ཅིག་མ་ཚང་བས་ལྷག་མ་མེད་པའོ། །སྦུབས་སུ་མ་

འོངས་པའོ་ཞེས་བྱ་བ་ནི་འདི་ལ་དང་པོའི་གནས་ལ་དོར་བར་འབྱུང་བར་འགྱུར་ཏེ། གང་དུ་འཕོ་བ་འདི་ལ་གནས་པར་འགྱུར་བ་དེ་ལས་འཕོ་བར་བྱེད་པས་ན་འདི་ནི་སྐུར་བ་བཏབ་པ་སྟེ་འདིར་སྦོམ་པོ་འཆད་པར་འགྱུར་རོ། །ཤུགས་ཀྱི་གནས་སྐབས་སུ་བཏང་ན་རྫོགས་པར་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་

དེ་མ་ཐག་པར་འཕོ་བཞིན་པ་ནི་འཕོ་བ་སྟེ་ལུས་ཀྱི་བྱ་བ་བཏང་བ་ནི་སྤོང་བའོ། །ཤུགས་ཀྱི་གནས་སྐབས་སུ་སྤོང་བ་ཡོད་པར་འགྱུར་བ་ལ་སྦྱོར་བ་སྔ་མའི་དབང་གིས་རྫོགས་པ་གང་ཡིན་པ་ནི་ཁུ་བ་ཕྱུང་བ་སྟེ། དེ་ལ་མ་བྱས་པ་ཉིད་ནི་སྦོམ་པོའི་ལྟུང་བ་ཉིད་དོ། །དེ་བཞིན་དུ་དེར་

སྦྱར་བ་ཉིད་ཀྱི་ཕྱིར་དགེ་འདུན་ལྷག་མ་ནི་མ་ཡིན་ནོ། །དངོས་གཞི་བསྐྱེད་པ་ཡང་འདི་ལྟར་མཐོང་སྟེ། དཔེར་ན་འདིར་སྲོག་གཅོད་པ་ལ་བརྟེན་པ་ནི་དེ་ལ་ནི་གྲོལ་བ་མ་ཡིན་ཏེ་སྲོག་གཅོད་པ་ལ་ནི་སྲོག་ཆགས་རྣམས་ལ་རྣམ་པར་ལྟུང་བ་ཡིན་ཏེ། དེ་བས་ན་དེ་བཞིན་དུ་འདིར་སྤོང་བ་རྫོགས་པ་ལ་བྱས་པ་

ཉིད་ཅེས་བྱ་བ་དེའི་ཕྱིར་འདི་རྣམ་པར་ཤེས་པའོ། །འདིར་གཞུང་ནི་ཤུགས་བཏང་སྟེ། ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཡིད་ཀྱིས་ཀྱང་སྤོང་བ་ལ་ཚིག་འདི་གནས་པ་ཡིན་ཏེ། འཁྲུལ་པ་མེད་པའི་དོན་དུ་རྣམ་པ་ཐམས་ཅད་ཀྱིས་སྦྱོར་བའོ། །དེ་བས་ན་

གཞན་ལ་མེད་པའི་དབང་དུ་བྱས་ནས་འདི་བྱས་པའོ། །འདིར་ཉེ་བར་བསྡུ་བ་ནི་སྤང་བའོ། །དེ་མ་ཐག་ཏུ་འཕོ་བཞིན་པའི་གནས་སྐབས་ལ་ལུས་ཀྱི་བྱ་བ་བཟློག་པ་ལ་སྦྱོར་བ་སྔ་མའི་དབང་གིས་ཕྱུང་བ་གང་ཡིན་པ་དེ་རོ་མྱང་བ་ལ་སྦོམ་པོའོ། །མ་མྱངས་པ་ལ་ནི་ལྟུང་བ་མེད་དོ། །གར་བྱེད་པ་དང་རབ་

ཏུ་གར་བྱེད་པ་གཉིས་ལ་ནི་ན་སྨད་པ་ཉིད་དོ། །ནམ་མཁའ་ལ་རྐེད་པ་བསྐྱོད་པའོ། །ཕྱོགས་གཞན་དུ་རེག་པའོ། །རྒྱུན་ལས་བཟློག་པའི་ཕྱོགས་སུ་གཏོད་པའོ། །རྫི་ཕྱོགས་མ་ཡིན་པར་ཡང་ངོ་ཞེས་བྱ་བ་ནི་ཡན་ལག་གི་ཚོགས་ལ་རེག་པ་སེམས་ཅན་དུ་བགྲང་བས་ཕྱི་རོལ་པས་ཀྱང་གནས་པའི་དེའི་

เล่ม ๑๖๐ · หน้า 109a

རྣམ་པ་ཞེས་བྱ་བ་གནས་འདི་ལ་གར་བྱེད་པ་ལ་སོགས་པ་རྣམས་བཟུང་བའོ། །སྦྱོར་བ་འདི་རྣམས་ལ་ན་སྨད་པ་ཉིད་དོ། །དེ་ལ་ནི་ཕྱུང་བ་དང་འདུན་པ་དང་རང་གི་ཁུ་བ་དང་པོ་ཞེས་བྱ་བ་འདི་རྣམས་ལ་འདིར་དངོས་གཞིའི་ཆོ་ག་ལ་སོན་པའི་ཡན་ལག་རྣམས་དང་འབྲེལ་ལོ། །

ཡན་ལག་གི་ཚོགས་ལས་ཕྱོགས་གཞན་པར་བྱའོ། །བརླ་དང་གོས་དང་གཞན་གྱིས་རེག་པ་དང་། གཡན་པ་ཕྲུག་པ་དག་གིས་བབ་ཅོལ་དུ་དེའི་དོན་མ་ཡིན་པར་ཞུགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། དེའི་དོན་མ་ཡིན་པ་ནི་མི་འབྱིན་པའི་དོན་དུ་རྒྱུག་ཅིང་འགྲོ་བ་ལ། ཀུན་ནས་འགྲོ་བ་

དང་། རྒོད་བག་དང་། མཆོང་བ་ལ་སོགས་པའི་དོན་དུ་འཇུག་པ་ལ་བརླ་དང་གོས་ཀྱིས་རེག་པའོ། །ཤུ་བ་དང་ཁྱི་རྔོ་དང་འབྲུམ་བུ་དང་། གཡན་པ་ཕྲུག་པ་དང་། བལ་ལྡགས་ཀྱི་ཚོགས་དང་། མེ་དབལ་ལ་སོགས་པའི་སྡུག་བསྔལ་གསོ་བའི་དོན་དུ་གཡན་པ་འཕྲུག་པའི་རྐོ་སྤྱད་འགྲུབ་པའི་

ལས་སོ་སོར་ཉམས་སུ་མྱོང་བའི་དོན་དུ་བསྐུལ་བའི་གཞན་དང་མིས་རེག་པས་བབ་ཅོལ་དུ་སྦྱོར་བ་ལ་སོགས་པ་མེད་པར་བཙན་ཐབས་ཀྱིས་བབ་ཅོལ་དུ་བྱུང་བའི་ཤུགས་ཀྱིས་རྐུ་བཞིན་པ་ལ་འབྱིན་པ་གང་ཡིན་པ་དེ་ལ་ཡོད་པ་ལ་ལྟུང་བ་མེད་པ་ཞེས་བྱ་བའི་དོན་ཏོ། །བརླ་དང་གོས་དང་གཞན་གྱིས་རེག་

པ་དག་ལ་འདིར་ཡན་ལག་གི་ཚོགས་ལ་སྦྱར་བའོ། །གཞན་ལ་འདི་ལྟར་རེག་པར་བྱ་བ་ལ་མི་འགྲུབ་པའི་ཕྱིར་རེག་པ་དང་སྤྲུག་པ་དག་ལ་གཉིས་ཀ་ལ་ལུས་ཀྱི་ལས་ཀྱི་ཡན་ལག་གི་ཚོགས་ལ་ཡང་དག་པར་རེག་པས་བསྒྲུབ་པ་དང་འབྱིན་པར་འགྱུར་བ་ཡིན་ནོ། །རེག་བྱ་མ་ཡིན་པ་ཉམས་སུ་མྱོང་

ནའོ་ཞེས་བྱ་བ་ནི་རེག་བྱའི་ཡུལ་མ་གཏོགས་པ་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ལ་གཟུགས་ཅན་གྱི་དབང་པོས་སོ་སོར་ཉམས་སུ་མྱོང་བ་ལ་དེའི་དོན་མ་ཡིན་པར་འཇུག་པ་ལ་བབ་ཅོལ་དུ་ཕྱུང་བ་ལ་ལྟུང་བ་མེད་དོ། །ཇི་ལྟར་ཡང་འདི་རྣམས་ལས་ཕྱུང་བ་དང་སྦྱར་བའོ་ཞེ་ན། དེའི་ཕྱིར་འདིར་གཞུང་ནི་དེ་

ཉམས་སུ་མྱོང་བ་བཞིན་དུ་དེས་ཆུ་གཏོང་བ་ལ་རྣམ་པར་འགྱུར་བས་བསྒྲུབ་པས་སྣོད་མ་ཡིན་པ་ལས་ཆགས་པར་བྱ་བའི་གཟུགས་རྣམས་མཐོང་ནས་ཞེས་བྱ་བ་གསུངས་པ་ཡིན་ནོ། །དྲན་པས་དེ་ལ་ཡང་ངོ་ཞེས་བྱ་བ་ནི་རེག་པར་བྱ་བ་མ་ཡིན་པའི་སྒྲས་བརྗོད་པའི་ཡུལ་འདི་རྣམས་ལ་རེག་པར་བྱ་བ་དྲང་ཞིང་

เล่ม ๑๖๐ · หน้า 109b

ཉམས་སུ་མྱོང་བ་ལ། དེའི་དོན་མ་ཡིན་པར་ཞུགས་པ་ལ་བབ་ཅོལ་དུ་བྱུང་བ་ལ་ལྟུང་བ་མེད་དོ། །འདིར་དེའི་དོན་དུ་འཇུག་པ་ལ་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་སོ་སོར་ཉམས་སུ་མྱོང་བར་ཉེ་བར་བསྒྲུབ་པའི་ཕྱིར་ཆོ་ག་འདིའོ། །འདིའི་དོན་མ་ཡིན་པར་འཇུག་པ་ལ་ཡང་འདོད་པ་བཞིན་དུ་ཉེ་བར་ལྟུང་བ་

རྗེས་སུ་ཆགས་པར་བྱ་བའི་གཟུགས་མཐོང་བ་ལ་སོགས་པས་འཇུག་པ་དེ་ལ་ཡང་དེའི་རྣམ་པར་ཉེས་བྱས་ཉིད་དུ་རིག་པར་བྱའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་དེང་ཕྱིན་ཆད་མིག་གིས་མིག་ལ་བརྟེན་ཏེ་བུད་མེད་ཀྱི་ཚོགས་ལ་རྣམ་པར་བལྟ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་

འདུན་གྱི་ལྷག་མ་དང་པོའི་རྣམ་པར་འབྱེད་པའོ།། །།འཕོ་བར་འགྱུར་བ་དང་འཕོས་མ་ཐག་པ་ནི་ཤུགས་དང་སྦུབས་སུ་འོངས་པའོ་ཞེས་བྱ་བ་ལ། གང་ཞིག་ཤུགས་ཞེས་བྱ་བ་དེ་མ་ཐག་ཏུ་བརྗོད་པ་དེ་གནས་ལས་འཕོ་བར་འགྱུར་བ་ལ་རིག་པར་བྱའོ། །གང་གི་ཕྱིར་འདིར་

མ་ཞུགས་པ་ནི་ཞུགས་པ་ཞེས་བརྗོད་དོ། །སྦུབས་སུ་འོངས་པའོ་ཞེས་བྱ་བ་སྨྲས་པ་གང་ཡིན་པ་དེ་ནི་དེ་མ་ཐག་ཏུ་གནས་ནས་འཕོ་བའོ། །སྐད་ཅིག་མ་གཉིས་པ་ལ་གང་ལ་འཕོ་བ་དེ་ནི་འདིར་འཕོ་བར་གྱུར་པ་བརྗོད་པར་རིག་པར་བྱའོ། །བརྩམས་པ་ཙམ་ན་སྦྱོར་བ་ཉིད་མ་ཡིན་པ་མ་ཡིན་

ནོ། །མདོ་འདི་ནི་ཤུགས་ཀྱི་གནས་སྐབས་ལ་སྦོམ་པོའི་ལྟུང་བ་བརྗོད་པའི་འོག་ཏུ་གང་ཞིག་ན་སྨད་པར་འདོད་པ་དེའི་བཟློག་པའི་དོན་དུའོ། །དེ་ལྟར་ཡང་གསུངས་པས་དེས་བདུད་འཇོམས་ཤིང་སོ་སོར་སྡུད་པར་བྱེད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་ཞེས་གསུངས་པ་ཡིན་ནོ། །འདིར་

བྱས་པ་ལ་སྦྱར་བ་མ་བྱས་པ་ཉིད་ནི་མ་ཡིན་ཞེས་བྱ་བ་ནི་འདིའི་དོན་ཏོ། །སྦྱོར་བ་མེད་པར་ཕྱུང་བ་ལ་རོ་མྱོང་བར་བྱེད་པ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་དེ་དང་ལྡན་པ་ཉིད་ཅེས་བྱ་བ་ནི་སྦྱོར་བ་མ་ཡིན་པ་ཉིད་ནི་མ་ཡིན་ནོ། །སྦྱོར་བ་མེད་པར་ཞེས་བྱ་བ་ནི་གཉིད་ལོག་པའི་གནས་སྐབས་ན་རྩོམ་པ་

གང་ཡིན་པ་དང་འདབ་ཆགས་སུ་ཕྱུང་བ་གང་ཡིན་པ་སྦྱོར་བ་མེད་པར་གང་ཞིག་ཕྱུང་བ་ལ་རོ་མྱང་བ་ལ་སྦྱོར་བ་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཉལ་བའི་བརྩལ་བ་ལ་དེ་སྐད་ཅེས་བྱ་སྟེ། གལ་ཏེ་རོ་མྱོང་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་

เล่ม ๑๖๐ · หน้า 110a

ནོ། །ཡན་ལག་གི་རྣམ་པ་ཅུང་ཟད་ཉེད་པ་དང་། ཡོངས་སུ་ཉེད་པ་དང་འཚིར་བའོ་ཞེས་བྱ་བ་ལ་དེ་དང་ལྡན་པ་ཉིད་ཅེས་བྱ་བར་སྦྱར་རོ། །ཐམས་ཅད་ཉེད་པ་ནི་ཡོངས་སུ་ཉེད་པའོ། །ཀུན་ནས་ཉེད་པ་ནི་གང་དུ་ཉེད་པའི་སྐད་ཅིག་མ་རྣམས་ལ་ཡུལ་གཅིག་པ་ཉིད་ཅེས་བྱ་བ་ནི་འདི་དག་གི་

ཁྱད་པར་རོ། །འདི་ནི་ཕྱོགས་གཅིག་ཉེད་པའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ཡན་ལག་གི་རྣམ་པ་ལ་ཅུང་ཟད་ཉེད་པ་བདག་གིར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཡོངས་སུ་ཉེད་པ་བདག་གིར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །མངོན་པར་བཙིར་བ་བདག་གིར་བྱེད་ན་ཉེས་པ་སྦོམ་པོར་

འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་སུ་རུང་བ་ལ་ནོམ་པའོ་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པ་དེ་ལས་སུ་རུང་བ་ལ་ནོམ་པ་ནི་ཉེས་པ་སྦོམ་པོའོ། །འདིར་གཞུང་ནི་ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་ནོམ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བ་

ལག་པ་ལ་སོགས་པས་ནོམ་པར་བྱེད་པ་ལ་ལུས་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །སྨན་གྱིས་འབྱིན་ནའོ་ཞེས་བྱ་བ་ནི་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །འདིར་རྣམ་པར་འགྱུར་བ་ཡོད་པར་འགྱུར་བ་ལ་སྦོམ་པོ་སྟེ་མེད་པ་ལ་ནི་མ་ཡིན་ནོ། །འདིར་ཕྱུང་བ་ལ་

གཅི་བ་བྱས་པར་འགྱུར་བའི་ཕྱིར་རོ། །གཞན་གྱི་ལས་ཀྱང་ངོ་ཞེས་བྱ་བ་ལ། གཞན་གྱི་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པ་ལས་སོ། །འབྱིན་ན་ཉེས་པ་སྦོམ་པོའོ། །ངེས་པར་བདག་ཉིད་ལ་གཞན་གྱི་ཡན་ལག་གི་རྣམ་པ་ལས་འབྱིན་ན་རྣམ་པར་འགྱུར་བ་ཡོད་ཀྱང་འདི་རང་ལ་བརྟེན་

པའི་ཕྱོགས་པ་དང་། དེ་ལས་གཞན་པའི་རགས་པ་ཞེས་བྱ་བ་སྟེ་སྦོམ་པོར་རྣམ་པར་གཞག་པའོ། །དགེ་འདུན་གྱི་ལྷག་མ་དང་པོ་ཞུ་བའི་སྐབས་སོ།། །།རྣམ་པར་བསྔོས་པ་ལ་སོགས་པ་དང་། རྣམ་པར་ཞིགས་པ་དང་། ཀེང་རུས་དག་དང་། མགོ་དང་། རྣ་བ་

དང་། སྣ་དག་དང་། མགུལ་པའི་བར་དང་། རྩིབ་ལོགས་དང་། རྒྱབ་དང་། བྲང་དང་། གཉེར་མ་དག་དང་། སྐྲའི་གསེབ་དང་ལག་པ་དང་། ཕྲག་པ་དང་དཔང་པ་དག་དང་། དཔུང་བའི་བར་དང་རྐེད་པ་དང་། བརླ་དང་རྐང་པ་དང་སྒྱིད་པ་དག་དང་སྒྱིད་པའི་བར་དུ་

เล่ม ๑๖๐ · หน้า 110b

འབྱིན་པ་ན་དངོས་གཞིའོ་ཞེས་བྱ་བ་ནི་ཕྱི་རོལ་སེམས་ཅན་དུ་བགྲང་བ་དང་། དེའི་རྣམ་པར་གནས་པ་ཞེས་བྱ་བ་སྨོས་པ་དེ་རྣམས་ཀྱི་སྤྲོས་པ་ནི་འདི་ཡིན་ནོ། །རྣམ་པར་བསྔོས་པ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་ནི་རྣམ་པར་རྣགས་པ་དང་རྣམ་པར་བམ་པ་དང་། རྣམ་པར་

འབུས་གཞིགས་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་དམར་བ་རྣམས་བསྡུའོ། །རྣམ་པར་ཞིགས་པའི་ཚིག་གིས་ནི་རྣམ་པར་འཐོར་བར་བསྡུ་སྟེ། གླན་པ་དག་པོག་པ་དང་ཡན་ལག་དང་བྲལ་བ་ནི་རྣམ་པར་གཞིགས་པ་ཞེས་བྱའོ། །སྦོམ་པོ་ནི་ལ་བ་དང་ཕྱིང་བ་དང་དྲེའུ་

རྔོག་དང་སྔས་ནང་ཚངས་ཅན་དང་ཁྲི་དང་ཁྲིའུ་དང་། སྟན་དང་སྟན་ནང་ཚངས་ཅན་དང་། ཁྲིའི་གསེབ་དང་བུམ་པ་དང་བུམ་བུ་དང་བུམ་པའི་བར་དང་བྱ་མ་བུམ་དང་ཆོལ་ཟངས་དང་། རྡོ་བ་དང་སྐྱང་ནུལ་དང་སྐྱང་ནུལ་གྱི་བར་དང་། སྒོ་གཏན་དང་ཤའི་དུམ་བུ་རྣམས་སོ་ཞེས་བྱ་བ་ནི་ལྟུང་བ་མེད་དོ་ཞེས་

འབྱུང་བ་ཡན་ཆད་སྦོམ་པོའི་དབང་དུ་བྱས་པར་རིག་པར་བྱའོ། །ལ་བ་ལ་སོགས་པར་འབྱིན་ན་སྦོམ་པོའོ། །འདིར་ཤའི་དུམ་བུ་ལུས་ཀྱི་རྣམ་པ་ལས་འཕོ་བ་ཉིད་ཀྱི་ཕྱིར་འབྱིན་པ་ལ་སྦོམ་པོ་སྟེ། གཞན་དུ་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཉིད་ཀྱིས་དོན་གོ་བཞིན་པ་ལ་འདི་ནི་སྤྲོས་པའོ། །རྨ་འཆར་

ནའོ་ཞེས་བྱ་བ་ནི་གཞལ་བའི་དོན་ཉིད་ཀྱིས་ཞེས་བྱ་བ་གང་ཞིག་བརྗོད་པ་དེའི་འདི་ནི་སྤྲོས་པའོ། །འདིར་རང་གི་ཡན་ལག་གི་ཚོགས་ཀྱི་བུ་ག་ནི་རྨ་ཞེས་བྱ་བར་བརྗོད་དོ། །གཞན་གྱིས་འདིར་བཙིར་བ་ལ་དེ་ལས་བྱུང་བ་ལ་སྦོམ་པོ་མཐོང་བ་མ་ཡིན་ནོ། །དེ་བས་ན་ཉེས་བྱས་སུ་རྟོགས་པར་བྱའོ། །རྩོམ་

པ་ན་བུད་མེད་དུ་བྱས་པ་འཚིར་ནའོ་ཞེས་བྱ་བ་ནི་བུད་མེད་ཉིད་དེས་བྱས་པ་ནི་བུད་མེད་དུ་བྱས་པ་སྟེ་མོའི་དབང་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་འཚིར་བ་གང་ཡིན་པ་དེ་ལ་སྦོམ་པོ་སྟེ་དེར་འཇུག་པ་ལ་ནི་མ་ཡིན་ནོ། །དེར་མཐེ་བོ་འཇོག་པའོ་ཞེས་བྱ་བ་ལ་དེར་ཞེས་བྱ་བ་ནི་བུད་མེད་དུ་བྱས་པ་སྟེ་ཚངས་པར་

སྤྱོད་པ་མ་ཡིན་ལ་སྤྱོད་པར་འགྱུར་བའི་སྦོམ་པོའི་ལྟུང་བ་འདི་དག་དེ་ལ་མཉམ་པར་སྦྱར་བ་རྟོགས་པར་བྱའོ། །འདིར་མཐེ་བོའི་ཚིག་ནི་དཔེ་ཡིན་ཏེ། ཡན་ལག་གི་ཚོགས་ལས་གཞན་པའི་འཇུག་པར་བྱ་བ་ནི་བུད་མེད་ཀྱི་དབང་པོ་སྟེ། ལམ་གཞན་ཁ་དང་བཤང་བའི་ལམ་དག་པ་ཡང་

เล่ม ๑๖๐ · หน้า 111a

འདིའི་རྗེས་སུ་འབྲངས་པས་འཁྲིག་པ་སོ་སོར་ཡང་དག་པར་སྦྱོར་བས་ཆགས་པ་དང་བཅས་པས་འཚིར་བ་དང་། མཐེ་བོ་ལ་སོགས་པས་འཇུག་པ་ལ་ནི་སྦོམ་པོའོ། །ཉེ་བར་འགྲོ་བ་ལས་ཤོར་ནའོ་ཞེས་བྱ་བ་ནི་འཁྱུད་པའི་དོན་དང་ཕྱུང་བའི་དོན་དུ་ཞེས་བྱ་བ་

ཤུགས་ཀྱིས་ཤེས་པར་བྱའོ། །འཁྱུད་པ་ནི་དོན་དུའམ་མི་ཚངས་པར་སྤྱོད་པའི་དོན་དུ་ཉེ་བར་འགྲོ་བཞིན་པ་གནས་ནས་གནས་གཞན་དུ་དེའི་དོན་ཉིད་དུ་འཇུག་པའི་ཕྱིར་ཞེས་བྱ་བ་རིག་པར་བྱ་སྟེ། དེའི་དོན་མ་ཡིན་པར་འཇུག་པ་ལ་ལྟུང་བ་མེད་པར་བརྗོད་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་

ཡིད་ལ་བྱེད་པ་ལས་སོ་ཞེས་བྱ་བ་ནི་བྱེ་བྲག་ངེས་པར་མྱོང་བ་ལ་སོགས་པའི་བདེ་བ་སོ་སོར་ཉམས་སུ་མྱོང་བ་ཉེ་བར་བསྒྲུབ་པ་ལ་བརྗོད་པ་ཉིད་ཀྱི་ཕྱིར་ལྟུང་བ་ལ་གཞན་གྱི་རྣམ་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བསྡུས་པའི་དོན་དུ་ནི་མདོ་ཡིན་ནོ། །ཡན་ལག་གི་རྣམ་པ་འཛིན་པ་ལས་སོ་ཞེས་བྱ་བ་

ནི་དོན་གཞན་ཉིད་ལ་སྐྱོན་དང་བྲལ་བ་ཉིད་ལ་རྣམ་པར་གཞག་པས་འབྱུང་བའི་ཕྱིར་ཡིད་ཆེས་པའོ། །བྱ་བ་མེད་པའི་ཕྱིར་འདིར་དགེ་འདུན་ལྷག་མ་མི་བསྐྱེད་པ་སྟེ། བྱ་བ་དང་བྲལ་བའི་ལུས་ཀྱི་བྱ་བ་ལ་ཉེས་བྱས་ཞེས་བྱ་བ་དེའི་ཕྱིར་རིག་པར་བྱའོ། །འཛག་སྣོད་ལ་དྲུད་པ་ལས་ནི་ལྟུང་བ་མེད་དོ་

ཞེས་བྱ་བ་ནི་བབ་ཅོལ་དུ་ཕྱུང་བ་བཞིན་དུ་དེའི་དོན་དུ་འཇུག་པ་ལ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །འཛག་སྣོད་ལ་དྲུད་པ་ལས་ཞེས་བྱ་བ་ནི་ཆོས་གོས་ལ་ཁུ་བས་གོས་པའི་དོན་དུ་བསག་པ་དང་སོག་པའི་འཛག་སྣོད་ཀྱིས་སོ། །སྔོན་གྱི་ཆུང་མས་འཁྱུད་པ་ལས་ཀྱང་ངོ་ཞེས་བྱ་བ་ནི་ཕ་མ་

དང་སྲིང་མོ་དང་བུ་མོས་ཡུན་རིང་བར་བཟུང་བ་ལ་ཉེས་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ལ་ཡང་དག་པར་ལོངས་སྤྱོད་པས་ཀྱང་ངོ་། །རྐང་པ་དང་བྱིན་པ་དང་དཔུང་པ་དང་མཐེ་བོང་ལ་སོགས་པ་ནས་བུད་མེད་ཀྱིས་བཟུང་བ་ལ་ཡང་ངོ་ཞེས་བྱ་བ་ནི་བབ་ཅོལ་དུ་ཕྱུང་བ་ལ་ལྟུང་བ་མེད་དོ་ཞེས་

བྱ་བ་ཡང་གཉིས་ཀ་ལ་སྦྱར་བའོ། །དེའི་ཕྱིར་ཞུགས་པ་མ་ཡིན་པ་ལ་འདི་ཤུགས་ཀྱིས་གོ་བར་བྱའོ། །དགེ་འདུན་གྱི་ལྷག་མ་དང་པོའི་འདུལ་བྱེད་རྣམས་སོ། །འབྱིན་པའི་དགེ་འདུན་ལྷག་མ་རྫོགས་སོ།། །།འདི་ལ་བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་བྱ་བ་ནི་རེག་པའི་བསླབ་པའི་གཞི་

เล่ม ๑๖๐ · หน้า 111b

འདི་ལ་ལྟུང་བའི་བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་བྱ་བའི་དོན་ཏོ། དབེན་པ་ན་འདུག་པ་དང་འགྲེང་བ་གཉིས་ཀྱིའོ་ཞེས་བྱ་བ་ནི་སླར་དགེ་སློང་གང་ཞིག་བུད་མེད་ཀྱི་ཚོགས་དང་ལྷན་ཅིག་ཏུ་གཅིག་པུ་ཉིད་ཀྱིས་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་པར་བྱེད་པ་དང་། སླར་དགེ་སློང་གང་དགེ་སློང་མ་

དང་། ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ་ཞེས་གསུངས་པ་འདི་དག་ལ་ཡང་བྱེད་པ་པོ་ཉིད་ནི་བུད་མེད་དོ། །ཉལ་པོ་བྱེད་པར་ཤོམ་པ་ལ་ཡང་ངོ་ཞེས་བྱ་བའི་སྒྲ་ནི་འདུག་པ་དང་འགྲེང་བ་དག་ལ་ཡང་བྱེད་པ་པོ་ཉིད་བུད་མེད་དོ་ཞེས་བྱ་བའི་རྗེས་སུ་བསྙག་

པའི་ཕྱིར་རོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་དག་ལ་ཡང་བྱེད་པ་པོ་ཉིད་དུ་ནི་བུད་མེད་དོ་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་ཉལ་བ་ལའོ་ཞེས་བྱ་བ་ནི་སླར་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་གཅིག་ན་ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་པ་འདི་ལ་

བུད་མེད་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ། །རིག་པའི་སྐྱེས་པ་མེད་པའི་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་ལའོ་ཞེས་བྱ་བ་ནི་སླར་དགེ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན་ཞེས་བྱ་བའི་འཇུག་པ་འདི་ལ་བུད་མེད་ནི་བྱེད་པ་པོ་ཉིད་དོ། །འདིར་རེག་པའི་སྒྲས་

ནི་ཆོས་སྟོན་པའི་བསླབ་པའི་གཞིའི་རྗེས་སུ་འབྲངས་ནས་བྱས་པའོ། །རིག་པ་དང་རྩོམ་པའི་འདུན་པ་ལ་སྔར་ཉིད་དུ་སྐུར་པ་འདེབས་པ་ལ་བརྟེན་པ་ལ་མ་བསྒྲུབས་པ་ནི་འདིར་སྐྱེས་པའི་དོན་ཏོ། །འདི་ནི་ཀུན་ནས་འགྲོ་བའི་ཁྱེའུ་དང་དུད་འགྲོ་རྨོངས་པས་ཀྱང་བསྒྲུབ་པ་མ་ཡིན་ནོ། །འོག་མ་གཉིས་ལའོ་ཞེས་བྱ་བ་ནི་

འདི་ལས་འོག་མ་གང་ཡིན་པ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་གཉིས་པོ་དག་ལ་ཡང་འདིར་བྱེད་པ་པོ་ནི་བུད་མེད་ཉིད་དོ། །ཁྱིམ་པ་མོ་ལ་སྟོན་པ་ལའོ་ཞེས་བྱ་བ་ནི་ཁྱིམ་པ་མོ་ལ་ཚིག་དྲུག་གམ་ལྔ་ལས་ལྷག་པར་ཆོས་འཆད་པའི་ལྟུང་བྱེད་ལ་ཡང་བྱེད་པ་པོ་ཉིད་བུད་མེད་དོ། །དེ་ལྟར་རབ་

ཏུ་བྱུང་བ་ལ་སློབ་མར་གྱུར་པ་ཉིད་ཀྱི་ཕྱིར་ལྟུང་བ་མི་སྐྱེད་པའོ། །ཕྱི་རོལ་གྱི་རབ་ཏུ་བྱུང་བ་མོ་ལ་ནི་ཉེས་བྱས་ཉིད་དོ། །ཞུ་བའི་ངེས་པར་བྱེད་པ་འཆད་པར་འགྱུར་ཏེ། དེ་བས་ན་བུད་མེད་ཁྱིམ་ན་གནས་པ་ཉིད་བྱེད་པ་པོ་ཞེས་བྱ་བའོ། །ཅི་ཁྱིམ་པ་མོ་ལ་སྟོན་པའི་གནས་སྐབས་ཐམས་ཅད་ཀྱིས་བྱེད་པ་པོ་ཉིད་བུད་མེད་ཡིན་

เล่ม ๑๖๐ · หน้า 112a

ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་སྐྱེས་པ་མེད་པར་རོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། དེའི་ཕྱིར་རིག་པའོ་ཞེས་བྱ་བ་སྨོས་ཏེ། འཁྲིག་པ་དང་ལྡན་པའི་བརྗོད་པ་དང་སྤྱོད་པ་དག་ལ་མངོན་པར་ཤེས་པ་ཉིད་ནི་འདིར་རིག་པ་ཉིད་དུ་ཤེས་པར་བྱའོ། །འདི་ལ་རིག་པ་མ་ཡིན་པ་ཡོད་པ་ནི་

མེད་པ་ཉིད་དེ་དོན་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་ཡོངས་སུ་རྫོགས་པ་ཉིད་ནི་འདི་དག་ལས་རིག་པ་མེད་པར་ཉེ་བར་གྱུར་པ་ལ་སྟོན་པ་དང་། ལམ་དུ་འགྲོ་བ་དག་ལ་ཁ་ན་མ་ཐོ་བ་མི་སྐྱེད་དེ་ན་སྨད་པ་ཡང་ནི་མ་ཡིན་ནོ། །ཡོད་ཀྱང་མི་རུང་བ་ལའོ་ཞེས་བྱ་བ་ནི་སྦྱར་མའི་སྤྱོད་པ་གང་དག་ཡིན་པ་དེ་དག་ཉེ་བར་སྟོན་

པར་བྱེད་པ་སྟེ། དངོས་སུ་ཡོད་པ་ལ་ནི་རིག་པའི་སྐྱེས་པ་ཡོད་ཀྱང་བུད་མེད་ནི་བྱེད་པ་པོ་ཡིན་ནོ། །དེ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་དངོས་སུ་གནས་པ་ལ་ཡང་མི་རུང་བ་ལ་བྱེད་པ་པོ་ཉིད་གང་ཡིན་པ་འདི་ཉེས་བྱས་ལ་སྟེ་དངོས་གཞི་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས། བུད་མེད་མི་རུང་བ་ལས་

སྐྱེས་པ་རུང་བ་དང་ལྷན་ཅིག་ཆོས་སྟོན་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གླིང་གཞན་ནས་སྐྱེས་པ་དང་འགྱུར་བ་བརྟེན་པ་གཉིས་ནི་མ་ཆོག་པ་ཉིད་དོ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་ལ་སོགས་པའི་གླིང་གཞན་ནས་སྐྱེས་པ་དང་། ལུས་སམ་ངག་གིས་བུད་མེད་ཀྱི་སྐབས་སམ་སྐྱེས་པའི་

སྐབས་སུ་འཁྲིག་པ་དང་ལྡན་པའི་རྣམ་པར་འགྱུར་བ་གང་གིས་བསྟེན་པར་འགྱུར་བ་ནི་དཔེར་ན་བསྙོན་ཐབས་མཁན་ནམ་མ་ནིང་ལྟ་བུ་དེ་གཉིས་ནི་སྟོན་པའི་སྐབས་འདིར་རིག་པར་མ་ཆོག་པ་ཉིད་དོ། །འདིར་རུང་བ་ལ་སྟོན་པ་ཡོད་པར་གྱུར་པ་ལ་ནི་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །མི་རུང་བ་ལ་ནི་ཤིན་ཏུ་ལྕི་བ་

འདིའི་རྗེས་སུ་འབྲངས་པས་ཉེས་བྱས་ཤེས་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་རེ་ཞིག་འཛམ་བུའི་གླིང་གི་བུད་མེད་ལ་བྱང་གི་སྒྲ་མི་སྙན་པ་དང་ལྷན་ཅིག་ཆོས་སྟོན་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་གླིང་གཞན་པ་རྣམས་དང་ལྷན་ཅིག་ཆོས་སྟོན་པ་ལ་ཡང་ཉེས་བྱས་

སོ་ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་རིག་པའི་སྐྱེས་པ་མེད་པར་བུད་མེད་ལ་ཆོས་བསྟན་པར་མི་བྱའོ་ཞེས་གང་གསུངས་པ་དེ་ལ་རིག་པའི་སྐྱེས་པ་ཇི་ལྟ་བུ་ཞིག་དང་ལྷན་ཅིག་ཏུ་བུད་མེད་ལ་ཆོས་བསྟན་པར་བྱ་ཞེ་ན། རུང་བ་གང་ཡིན་པའོ། །རུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཁྱིམ་པ་ཡང་རུང་

เล่ม ๑๖๐ · หน้า 112b

རབ་ཏུ་བྱུང་བ་ཡང་རུང་སྟེ། འགྱུར་བ་བསྟེན་པར་མི་བྱེད་པ་གང་ཡིན་པའོ། །རྣམ་པར་འགྱུར་བའི་སྒོ་འབྲེལ་བའི་དོན་དུ་འདིར་རིག་པའི་སྐྱེས་པ་ལ་བརྟེན་པའོ། །འདིར་འདི་དག་ལ་བདག་པོ་ཉིད་ཡོངས་སུ་རྫོགས་པ་མ་ཡིན་ཏེ། གླིང་གཞན་ནས་སྐྱེས་པ་ལ་སྐྱེ་བ་འདི་སུ་ཞིག་ཅེས་བྱ་བ་ཡིན་ལ་བརྟེན་

པ་ཉིད་ཀྱི་གུས་པ་མེད་པས། དེ་བས་ན་འདི་ལྷག་པར་ཤེས་པར་འགྱུར་ཏེ། འདི་དག་ལ་རྩོམ་པ་དང་འདུན་པ་ལ་སོགས་པ་མ་གྲུབ་པའོ། །དེ་བས་ན་འདིར་ལམ་དུ་འགྲོ་བ་ཡིན་གྱི་རྣམ་པར་ཤེས་པ་ལ་ནི་མ་ཡིན་ནོ། །དེ་ནི་བརྡ་ཕྲད་པ་ཉིད་དོ་ཞེས་བྱ་བ་ནི་དཔེར་ན་གོ་བར་བྱ་བ་གཞན་ལ་གོ་བར་གྲུབ་པ་ཁོ་

ནར་འགྱུར་གྱི་མ་གྲུབ་ན་ནི་ཕྱེད་ཉིད་ཡིན་པ་དེ་བཞིན་དུ་རིག་པའི་སྐྱེས་པ་ཡོད་པ་འདི་ལ་བརྡ་ཕྲད་ནའོ་ཞེས་བྱ་བའི་དོན་ཏོ། །ཆོམ་རྐུན་དང་ཀླ་ཀློ་ལ་སོགས་པ་ཉིད་ཀྱིས་སྐད་མ་གོ་བ་དང་གཉིད་ལོག་པ་དང་། སྨྱོས་པ་དང་། བག་མེད་པར་གྱུར་པ་དང་། སྙོམས་པར་ཞུགས་པ་དང་། གླེན་པ་དང་འོན་པར་གྱུར་པ་

རྣམས་ལ་སྟོན་པ་ལ་རིག་པའི་སྐྱེས་པ་དེ་ལ་ཉེས་བྱས་དེ་ལ་འདི་བྱེད་པའོ། །རྣམ་པ་དེ་ལྟ་བུ་ཉིད་ལ་མཚན་ཅིག་ཤོས་དོན་མེད་དོ་ཞེས་བྱ་བ་ལ། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་རྣམ་པ་གཉིས་ཉིད་ཡོད་པར་གྱུར་པ་ལའོ། །དོན་མེད་པ་ནི་འབྲས་བུ་མེད་པ་ཅུང་ཟད་ཀྱང་མི་བྱེད་པའོ། །བུད་མེད་ཉིད་ཉམས་པ་ལ་

བུད་མེད་ཀྱི་མཚན་ལས་གཞན་ནི་སྐྱེས་པའི་མཚན་མ་སྟེ། སྐྱེས་པའི་རྣམ་པ་ཉིད་ཀྱང་ཡོད་པར་གྱུར་པ་ལ་སྐྱེས་པ་ཉིད་ནི་དོན་མེད་པ་སྟེ་སྐྱེས་པའི་མཚན་ཉམས་པ་ལས་གཞན་པ་ནི་བུད་མེད་ཀྱི་མཚན་མའོ། །དེ་བས་ན་འཇུག་པ་འདི་རྣམས་ལ་དགེ་སློང་ལ་བུད་མེད་ཀྱི་རྣམ་པའི་མཚན་མ་བྱེད་དོ། །སྐྱེས་

པའི་རྣམ་པ་ལ་ཡང་ལ་ལར་ནི་ན་སྨད་པའོ། །འདིར་གཞུང་ནི་མཚན་གཉིས་པ་ལ་རེག་ན་གལ་ཏེ་བུད་མེད་ཀྱི་དབང་དུ་གྱུར་པ་ཡིན་ན་དེའི་ཚེ་ན་ནི་དགེ་འདུན་གྱི་ལྷག་མའི་ལྟུང་བར་འགྱུར་རོ། །གལ་ཏེ་སྐྱེས་པའི་དབང་དུ་གྱུར་པ་ཡིན་ན་ནི་དེའི་ཚེ་ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་

ཞིག་ཁྱད་པར་མེད་པར་མཚན་གཉིས་པར་གྱུར་ན་སྦོམ་པོའི་ལྟུང་བར་གློག་པར་གྱུར་ན་དེའི་ཉམས་པར་རིག་པར་བྱའོ། །འདིར་ཕྱེད་ཉིད་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མཚན་ཅིག་ཤོས་མོའི་མཚན་གྱི་སྐབས་འདིར་རིག་པའི་སྐྱེས་པ་ཉིད་ཀྱི་སྐྱེས་པ་དང་བུད་མེད་དང་ལྷན་ཅིག་ཏུ་ལམ་དུ་འགྲོ་བ་དང་བུད་མེད་ལ་ཆོས་སྟོན་པ་

เล่ม ๑๖๐ · หน้า 113a

ནི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོག་མ་གསུམ་ལ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་དག་གིས་དོན་ཀུན་ཤེས་པ་དང་། གཞན་ལ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་ཡིན་ན་དངོས་གཞིའོ་ཞེས་བྱ་བ་ནི་འདི་ལས་འོག་མ་བསླབ་པའི་གཞི་གཉིས་

པོ་དང་སྟོན་པ་གང་ཡིན་པ་གསུམ་པོ་འདི་འདོན་པའི་རིམ་པ་ལས་ཐ་མར་གྱུར་པ་ཉིད་ཀྱི་ཕྱིར་ཐ་མར་བྱུང་བའོ། །འཁྲིག་པ་ཀུན་ནས་སྨྲས་པ་དང་། བསྙེན་བཀུར་བསྔགས་པ་དང་། སྟོན་པ་རྣམས་ལ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་དག་ལ་དོན་ཀུན་ཤེས་པ་དང་། སོ་སོར་སྟོབས་དང་ལྡན་

པ་ཉིད་ལ་བུད་མེད་ལ་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནོ། །གཞན་དུ་བརྗོད་པའི་གསུམ་ལས་འདིར་རེག་པ་དང་དབེན་པའི་གནས་སུ་སྟན་ལ་འདུག་པ་དང་འགྲེང་བ་གཉིས་དང་ཉལ་པོ་བྱེད་པར་ཤོམ་པ་དང་བཅས་པའི་ཁྱིམ་དུ་འདུག་པ་དང་། འགྲེང་བ་གཉིས་དང་ལྷན་ཅིག་ཏུ་ཉལ་བ་དང་རིག་པའི་སྐྱེས་པ་མེད་

པར་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་ལའོ་ཞེས་བྱ་བ་འདིས་འཁྲིག་པ་དགག་པའི་ཕྱིར་བསྟེན་པར་བྱ་བ་ལ་མཐུ་ཡོད་པ་ཉིད་ལ་བུད་མེད་དངོས་གཞིའི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་འདིར་ངག་གི་དོན་ཏོ། །གཞན་དུ་ན་འོག་མའི་འོ་ཞེས་བྱ་བ་ནི་མཐུ་ཡོད་པར་ཇི་ལྟར་བརྗོད་པའི་དོན་འདི་ལ་འདིར་དབེན་པ་ཞེས་བྱ་བ་ལ་སོགས་

པ་ལ་འོག་མའི་ཚིག་ལ་བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་གང་ཞིག་མཐུ་དང་ལྡན་པ་ལས་དགེ་འདུན་ལྷག་མ་གང་ཡིན་པ་དེ་ལ་མཐུ་མེད་ན་ཉེས་པ་སྦོམ་པོའོ། །གང་ཞིག་ཉེས་པ་སྦོམ་པོ་གང་ཡིན་པ་དེ་ནི་མཐུ་མེད་ན་ཉེས་བྱས་སོ། །གང་ཞིག་མཐུ་ཡོད་པ་ལས་ལྟུང་བ་དེ་ནི་མཐུ་མེད་པ་ལ་ཉེས་བྱས་ཏེ་

ཞེས་བྱ་བ་འདི་ལ་འདི་བྱེད་པའོ། །མ་ནིང་མོ་དང་མ་ནིང་ཕོ་དང་སྤྲུལ་པ་མོ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་མཐུ་མེད་པ་བཞིན་དུའོ་ཞེས་བྱ་བའི་དོན་ཏོ། །གསུམ་པོ་འདི་ལ་སྐྱེས་པའོ། །ཞེས་བྱ་བ་ནི་ལུས་ཀྱི་རེག་པ་དང་། ཀུན་ནས་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་རྣམས་ལ་སྐྱེས་པ་ཡང་དག་པར་གྱུར་པ་

ལ་སྤྲུལ་པ་ལ་མཐུ་མེད་པ་ལྟར་བལྟ་བར་བྱའོ། །གལ་ཏེ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པས་ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་འདི་དང་འདི་ཞེས་བྱ་བའི་ཆོ་ག་ཀུན་ནས་བསྡུས་པའི་དོན་དུའོ། །འདི་ཡང་གསུམ་པོ་འདི་རྣམས་ལ་རིག་པར་བྱའོ། །འདིར་ལྟུང་བ་

เล่ม ๑๖๐ · หน้า 113b

རྒྱས་པར་བཤད་པ་འདི་ལ་གསུམ་པོ་གང་ཞིག་འཆད་པར་འགྱུར་བ་ལུས་ཀྱིས་རེག་པ་དང་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་རྣམས་དེ་ལ་འདིར་དེའི་སྒྲས་བརྗོད་པའོ། །གལ་ཏེ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པས་ཀྱང་ངོ་ཞེས་

བྱ་བ་ནི་འདུན་པའི་ཁྱད་པར་རོ། །ཡོངས་སུ་གྱུར་པ་ཉིད་དང་བུད་མེད་དེ་ལ་ལྟོས་པ་དང་ལྡན་པ་ཉིད་དང་། ཀུན་ནས་དཀྲིས་པ་ཉིད་དང་། ཀུན་ནས་གནས་པ་ཉིད་ཅེས་བྱ་བ་གཉིས་པོ་འདི་དང་ལྡན་པའི་ཆགས་པ་གང་ཡིན་པ་དེ་ནི་འདིར་ཀུན་དུ་འདོད་ཆགས་པ་ཞེས་བྱ་བར་བརྗོད་དོ། །གང་གི་འདུན་

པ་འདི་དང་ཡང་དག་པར་ལྡན་ཏེ་གལ་ཏེ་དེས་རེག་པ་དང་། འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དེ་བས་ན་དགེ་འདུན་གྱི་ལྷག་མ་ཞེས་བྱ་བའི་དོན་ཏོ། །ཐུན་མོང་གི་མཚན་ཉིད་བསྟན་ནས། ད་ནི་རེག་པ་ལ་བསྟན་པ་འབའ་ཞིག་བརྗོད་པར་བྱ་སྟེ། རེག་པ་དང་སྤྲོད་པ་ལ་དགེ་

འདུན་གྱི་ལྷག་མ་གང་དུ་ཡིན་ཞེ་ན། དེའི་ཕྱིར་ལུས་ཀྱི་རེག་པ་བདག་གིར་བྱེད་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་བདག་གིར་བྱེད་པའི་དོན་འདོད་པར་གྱུར་པ་ཉིད་དུ་རྣམ་པར་གནས་པ་ཡིན་ཏེ། རོ་མྱང་བ་ནི་མ་ཡིན་ནོ། །འདོད་པར་གྱུར་པ་ཉིད་ཀྱང་སེམས་ལ་ཀུན་ནས་ཆགས་པ་ཉིད་ནི་མ་ཡིན་ཏེ། མ་ལ་

སོགས་པ་རྣམས་ལ་བརྟེན་པ་ལ་སོགས་པ་ལ་ཡོད་པའི་ཕྱིར་ཏེ། དེ་བས་ན་གལ་ཏེ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པས་ཀྱང་ངོ་ཞེས་བྱ་བའི་ཁྱད་འདི་བྱས་སོ། །འདིར་ལན་བུ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ལ། དེ་དང་ལྡན་པ་ཉིད་ནི་ལུས་དང་ལྡན་

པ་ཉིད་དོ། །འདིར་རེག་པའི་དགེ་འདུན་གྱི་ལྷག་མ་ལ་ལན་བུ་ལས་གཞན་པའི་བུད་མེད་ཀྱི་མཚན་མ་ལ་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ནོ། །ཇི་ལྟར་བུད་མེད་ཀྱི་ལུས་ལ་རེག་པ་ལ་དངོས་གཞིའོ། །དེ་བཞིན་དུ་ལན་བུ་ལ་རེག་པ་ཡང་ཞེས་བྱ་བའི་དོན་ཏོ། །སླར་ལུས་མེད་པ་ཉིད་ཡོད་པར་གྱུར་པ་ལ་ཅིའི་

ཕྱིར་ལན་བུ་ལ་དངོས་གཞི་བྱེད་པ་ཉིད་དུ་ཤེས་པ་ཡིན། ལུས་ལ་རེག་པ་ལྟར་འདིར་རེག་པ་ལ་རོ་ལ་སོ་སོར་ཉེ་བར་གནས་པའི་ཕྱིར་རོ། །དེ་དང་འབྲེལ་བའི་གོས་ལ་ཡང་ངོ་ཞེས་བྱ་བ་ནི་ལན་བུ་དང་འབྲེལ་པ་སྐུད་པ་ལ་སོགས་པ་ལ་ལན་བུའི་ཡན་ལག་ཏུ་གྱུར་པ་ནི་དེ་ལ་ལུས་དང་ལྡན་པ་ཉིད་ཅེས་བྱ་བའི་

เล่ม ๑๖๐ · หน้า 114a

དོན་ཏོ། །འདིར་རྣམ་པར་སྤྱོད་པར་བྱེད་པ་རྣམས་ལ་སྐྱེད་པའི་སྡོང་བུ་ལས་རེག་པའི་སྐྲ་བཞིན་དུ་ཅོད་པན་དང་ཁ་ཆུ་ལ་སོགས་པ་ལ་རེག་པ་ནི་དཔེར་ན་སེན་མོ་དང་འདྲ་བར་སྦོམ་པོའོ། །ནོམ་པ་དང་ཉུག་པ་དང་། སྤྲོད་པ་དང་འཛིན་པ་དང་། འདྲེན་པ་དང་ཡོངས་སུ་འདྲེན་པ་

དང་། འོག་ནས་འཁྱུད་པ་དང་། སྟེང་ནས་འཁྱུད་པ་དང་། དམ་དུ་སྦྱོར་བ་རྣམས་ལ་ནི་བྱེ་ཕྲག་མེད་པ་ཉིད་དོ་ཞེས་བྱ་བ་ལ། སྤྲོད་པ་ནི་རེག་པ་ཙམ་མོ། །འདིར་རེག་པ་དང་ལྡན་པ་གང་ཞིག་ལ་བྱེ་བྲག་ཏུ་སྙེགས་པ་ནི་མ་ཡིན་ནོ། །དེ་བས་ན་ཇི་ལྟར་རྣམ་པ་གང་གིས་རེག་པ་བསྒྲུབ་པ་ལ་ཡང་དགེ་འདུན་གྱི་

ལྷག་མ་འདི་རྣམ་པར་གནས་པ་ཡིན་ནོ། །བྱ་བའི་ཁྱད་པར་འགའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ནོམ་པ་ཞེས་བྱ་བ་ནི་དང་པོར་ལན་ཅིག་ལུས་ལ་སྦྱོར་བ་ཉིད་དོ། །ཉུག་པ་ཞེས་བྱ་བ་ནི་ཡང་དང་ཡང་དུ་ལུས་ལ་སྦྱོར་བའོ། །སྤྱོད་པ་ཞེས་བྱ་བ་ནི་མཐར་སྦྱར་བའི་བསམ་པས་རང་གི་ལུས་

བུད་མེད་ཀྱི་ལུས་དང་བར་དུ་མ་བཅད་པར་སྤྲོད་པའོ། །འཛིན་པ་ཞེས་བྱ་བ་ནི་ལག་པ་ལ་སོགས་པ་འཆང་བའོ། །འདྲེན་པས་ཞེས་བྱ་བ་ནི་ཐག་རིང་པོ་ནས་ལག་པ་སོགས་པ་ནས་བཟུང་སྟེ། ཐག་རིང་པོ་རྣམས་ནས་འོངས་པའོ། །རིང་པོ་ནས་དྲངས་པ་ན་འདྲེན་པ་ཞེས་བྱ་བ་བྱས་ནས་སོ། །ཡོངས་

སུ་འདྲེན་པ་ཞེས་བྱ་བ་ནི་ཐག་ཉེ་བ་ནས་ཁོར་ཡུག་ཏུ་བསྐོར་བའོ། །སྟེང་ནས་འཁྱུད་པ་ཞེས་བྱ་བ་ནི་སྟེང་ན་འདུག་པ་ལུས་ཀྱི་འོག་ཏུ་འཇོག་ཅིང་འཁྱུད་པར་བྱེད་པའོ། །འོག་ནས་འཁྱུད་པ་ཞེས་བྱ་བ་ནི་དེ་ནས་ཕབ་སྟེ་འོག་ཏུ་འཇུག་ཅིང་འཁྱུད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དམ་དུ་སྦྱོར་བ་ནི་མཐང་དམ་དུ་སྦྱོར་བ་

ལ་སོགས་པའོ། །བསྟེན་པར་བྱ་བས་བྱས་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་འདིར་བསྟེན་པར་བྱ་བའི་སྒྲ་ནི་བཟུང་བ་ཡིན་གྱི་བུད་མེད་ཀྱི་སྒྲ་ལ་ནི་མ་ཡིན་ནོ། །ན་སྨད་པ་བྱས་པ་ཐམས་ཅད་ལ་ཡང་ཁོངས་སུ་བསྡུ་བ་སྒྲུབ་པའི་དོན་དུ་གང་ཞིག་ནོམ་པ་ལ་སོགས་པ་འདི་ལ་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའི་

རེག་པ་ལ་བསྟེན་པར་བྱ་བ་དང་ལྷན་ཅིག་ཏུ་བུད་མེད་དང་སྐྱེས་པ་ལ་སོགས་པ་རྣམས་ལ་བྱས་པ་ཉིད་དེ་ཁྱད་པར་མེད་པ་ཉིད་དོ། །དེ་ལ་རང་དང་བཅས་པས་དེ་ལ་ཡང་ཀུན་དུ་འདོད་ཆགས་པའི་སེམས་ཀྱིས་བདག་གིར་བྱེད་ན་ལྟུང་བ་དེ་ཉིད་གང་ཞིག་རང་དང་བཅས་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །གོས་ཀྱིས་

เล่ม ๑๖๐ · หน้า 114b

བར་དུ་ཆོད་པ་ལ་ནི་འོག་མར་རོ་ཞེས་བྱ་བ་ནི་གོས་ཀྱིས་བར་དུ་ཆོད་པ་ཉིད་ལ་བསྟེན་པར་བྱ་བ་ལ་རེག་པ་ལ་འོག་མའི་ཚིག་གིས་ཞེས་བྱ་བའི་དོན་ཏོ། །ཁྱད་པར་མ་བཟུང་བའི་ཕྱིར་མི་སྲིད་པ་ལ་ཞེས་བྱ་བར་རྟོགས་པར་བྱའོ། །བར་དུ་ཆོད་པ་ཞེས་བྱ་བའི་སྒྲ་ནི་བར་དུ་ཆོད་པའི་རྣམ་གྲངས་སུ་གྱུར་པར་ཤེས་

པར་བྱའོ། །ཉེས་བྱས་ཀྱི་ན་སྨད་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ལྟུང་བ་གཞན་ལ་ན་སྨད་པར་གསུངས་པ་ལ་ལྟུང་བ་གཞན་དུ་རྣམ་པར་གཞག་པ་ཡིན་པ་དེ་བཞིན་དུ་འདིར་མ་ཡིན་ནོ། །འོན་ཀྱང་ཉེས་བྱས་ཀྱི་ན་སྨད་པ་ལ་བྱ་དཀའ་བ་ཉིད་ཀྱི་ཕྱིར་གཞན་ཉིད་མ་ཡིན་ཏེ། ཉེས་བྱས་ཉིད་དེ་

ཉེས་བྱས་ཕྲ་མོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་མ་ལ་རེག་པར་མི་བྱའོ། །བུད་མེད་ལ་ཡང་མི་བྱའོ་ཞེས་བྱ་བ་ནི་ཡང་རེག་པར་མི་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །རྗེས་སུ་བྱས་པ་ཉིད་ཀྱི་ཕྱིར་བསམ་པའི་ཉེས་པ་མེད་དུ་ཟིན་ཀྱང་བཀག་པར་རིག་པར་བྱ་སྟེ། ཀུན་ནས་ལྷག་མ་ཉིད་ཀྱི་ཕྱིར་

བསྒྲུབ་པའོ། །འདིར་གཉིས་ཀ་ལ་རེག་ན་ཉེས་བྱས་སོ། །དགེ་སློང་མ་ནི་བུད་མེད་ཀྱི་རིགས་ལས་མ་འདས་མོད་ཀྱི་འོན་ཀྱང་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་ཕྱིར་དགེ་སློང་མ་ལ་ཞེས་བྱ་བ་གང་ཞིག་ཁས་ལེན་པར་བྱེད་པ་དེའི་འདོད་པ་བཟློག་པའི་དོན་དུ་དགེ་སློང་མ་ལ་རེག་པར་མི་བྱ་ཞེས་བྱ་བའི་མདོ་

འདི་བརྩམས་སོ། །ཆུར་ཉམ་ཐག་པ་བསྒྲལ་བའི་ཕྱིར་ནི་རེག་པར་བྱའོ་ཞེས་བྱ་བ་ནི་སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་བར་བྱ་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་འདི་ལ་ཕྱོགས་གཅིག་པའི་རྗེས་སུ་བརྗོད་པ་འདི་འོག་མའི་ཆོ་ག་ལ་ཡུལ་བསྟན་པའི་དོན་དུའོ། །ཇི་ལྟར་རིག་པར་བྱ་ཞེ་ན། དེའི་ཕྱིར་མ་དང་

སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་བཞག་སྟེ་ལག་པ་འམ་སྐྲ་དག་ལས་སོ་ཞེས་བྱ་བ་སྨོས་སོ། །དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བདལ་བའི་སྟེང་དུ་ཁ་སྦུབ་ཏུ་གཞག་གོ་ཞེས་བྱ་བ་ནི་དེའི་ཚེ་ན་ཆུ་ཞུགས་པ་འཇག་པར་འགྱུར་ཞིང་དེ་ཟགས་ན་དྲན་པ་ཐོབ་པར་འགྱུར་རོ། །ཁྱེའུ་བཞིན་བསྲུང་བར་བྱའོ་ཞེས་བྱ་བ་

ནི་ཇི་ལྟར་ཁྱིམ་པ་དག་ལ་བྱིན་པའི་ཁྱེའུ་རྣམས་ལ་ཁ་ཏོན་བྱེད་པའམ་ཡིད་ལ་བྱེད་པ་བསྐྱེད་ཅིང་ཕྱོགས་གཅིག་ཏུ་འདུག་སྟེ་སྲུང་བར་བྱེད་པ་དེ་བཞིན་དུ་འདི་ལ་ཡང་ཞེས་བྱ་བའི་དོན་ཏོ། །བ་གླང་རྫིའམ་ཕྱུགས་རྫི་དག་ལ་གཏང་དེ་ཟན་ལ་འགྲོ་བར་བྱའོ་ཞེས་བྱ་བ་ནི་དུས་དེ་ཙམ་དུ་བ་གླང་རྫི་དང་ཕྱུགས་རྫི་རྣམས་

เล่ม ๑๖๐ · หน้า 115a

ཀྱིས་ཁས་བླངས་པ་དང་མི་བསྐྱེད་པ་ལ་རང་གིས་བརྩོན་པར་གྱུར་པ་འམ་མགོན་མེད་པ་སླར་གཏད་པ་དང་། མཚན་མོ་ཡང་འོང་བའི་དོན་དུ་འབད་པར་བྱའོ། །འོང་བ་མ་གྲུབ་པ་དང་མི་ནུས་པ་ཉིད་ཀྱིས་འདི་ལ་བདག་ཉིད་བསྲུང་བ་ལ་དེ་ཉིད་དུ་གནས་པ་ཞེས་བྱ་བའི་དོན་གྱིས་ཤེས་

པར་བྱའོ། །འཚོ་འམ་འོན་ཏེ་མ་ཡིན་ཞེས་ཡང་དང་ཡང་དུ་བརྟག་པར་བྱའོ་ཞེས་བྱ་བ་ནི་འཇིག་པ་དང་མི་འཇིག་པའི་དོན་འབད་པས་སོ་སོར་བརྟག་པའོ། །སེམས་དག་པས་སྙིང་བརྩེ་བས་བུད་མེད་དེ་ལ་འཁྱུད་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི་གང་ཞིག་སྨན་གྱི་གཞི་ལས་བཅོམ་ལྡན་འདས་ཀྱིས་

བུད་མེད་སྐྲ་གྲོལ་བ་ལ་འཁྱུད་པ་གནང་ངོ་ཞེས་འབྱུང་བ་སྟེ། དེ་མདོ་འདིར་བསྡུས་པ་ཡིན་ནོ། །འདིར་དགེ་བའི་སེམས་ཉིད་ཙམ་ནི་དག་པའི་སེམས་ཉིད་དུ་རིག་པར་བྱའི། འདོད་ཆགས་དག་དང་བྲལ་བའི་སེམས་ཉིད་ཁོ་ན་ནི་མ་ཡིན་ནོ། །དགེ་འདུན་གྱི་ལྷག་པ་གཉིས་པའི་རྣམ་པར་འབྱེད་པའོ།། །།

འཇམ་པ་དང་དྲོ་བ་དང་སྙི་བའི་བསམ་པ་ཉིད་ན་སྦོམ་པོའོ་ཞེས་བྱ་བ་ནི་འཇམ་པ་ཡིན་ནམ་འོན་ཏེ་མ་ཡིན་སྙམ་པའི་བསམ་པ་ཉི་ཚེས་བུད་མེད་ལ་ཉམས་སུ་མྱོང་བ་ལ་ཡིན་གྱི། རེག་པ་རྩེ་གཅིག་པ་ཉིད་ཀྱིས་འཁྱུད་པ་དང་སོ་སོ་ཡང་དག་པར་ལྡན་པའི་རོ་མྱང་བའི་བསམ་པ་ཉིད་ཀྱིས་ནི་མ་ཡིན་ཞེས་བྱ་བའི་

དོན་ཏོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་འདུན་གྱིས་དྲོ་བའི་བསམ་པ་དང་ལྡན་པས་ལུས་ལ་རེག་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་འཇམ་པའི་བསམ་པ་དང་ལྡན་པ་དང་། སྙི་བའི་བསམ་པ་དང་ལྡན་པ་ཞེས་བྱ་བའོ། །ཀུན་

དུ་འདོད་ཆགས་པ་མེད་པར་བུད་མེད་དག་གི་ལུས་ལ་རེག་པ་རྣམ་པ་ལྔ་གསུངས་ཏེ་དེ་ནི་ཁྱད་པར་ཅན་གྱི་སྤྱོད་པ་དང་། དེ་དང་འདྲ་བ་དང་། དོན་མེད་པར་རེག་པ་ཁོ་ན་ཡིན་པ་དང་། རྒོད་བག་གིས་རེག་པའི་བྱེ་བྲག་ཉམས་སུ་མྱོང་བར་འདོད་པ་དང་། མི་འདོད་པར་སྐྱེ་བོ་མང་པོ་ལྟོས་པའི་དུས་དག་ཏུ་དབང་མེད་

པར་རེག་པ་གང་ཡིན་པ་རྣམས་སོ། །འདིར་ཁྱད་པར་ཅན་གྱི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྙིང་བརྩེ་བ་དང་ཉེ་དུ་བཤེས་པ་མཐོང་བ་དང་། སྔོན་སྤྱད་པ་ལ་ཀུན་དགའ་བ་ཉམས་སུ་མྱོང་བའོ། །ཁྱད་པར་ཅན་གྱི་སྤྱོད་པ་དང་འདྲ་བ་ནི་གནས་མ་ཡིན་པ་ལ་སྙིང་བརྩེ་བ་ལ་སོགས་པ་རྣམས་ལ་དེའི་ངོ་བོས་མི་

เล่ม ๑๖๐ · หน้า 115b

འཇུག་པའོ། །དཔེར་ན་འགྱེལ་བ་རང་ཉིད་སྔངས་པར་ནུས་པ་སློང་བར་བྱེད་པའོ། །རྣམ་པ་ལྔ་པོ་འདི་རྣམས་ལ་ཞུ་བ་འདི་རྣམས་ཏེ། གང་ཞིག་འདུལ་བྱེད་དག་ལས་ལྟུང་བ་དང་ལྟུང་བ་མེད་པ་རྣམས་བསྟེན་པའི་ཕྱིར་བརྗོད་དོ། །སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་པར་བྱ་བ་ལ་ནི་ལྟུང་བ་མེད་དོ་ཞེས་

བྱ་བ་ནི་མེ་དང་གཡང་ས་དང་མཚོན་དང་གག་མིག་དང་། དུག་ཟ་བ་དང་སྦྲུལ་གྱིས་སོས་བཏབ་པ་དང་སྟག་དང་འདབ་ཆགས་དང་མི་མ་ཡིན་པ་ལ་སོགས་པའི་རྒུད་པའི་རྒྱུ་མཚན་གྱི་སྡུག་བསྔལ་ལས་གྲོལ་བ་ལ་རེག་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །མ་དང་བུ་མོ་དང་སྲིང་མོ་རྣམས་ལ་དེ་དག་ཏུ་འདུ་

ཤེས་པའོ་ཞེས་བྱ་བ་ནི་མ་ལ་སོགས་པའི་འདུ་ཤེས་དེ་རྣམས་ཡོད་པར་གྱུར་པ་ལས་མ་ལ་སོགས་པ་ལ་རེག་པས་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྔོན་སྤྱད་པ་ཉིད་ལ་ཀུན་དགའ་བར་བྱའོ་ཞེས་བྱ་བ་ནི་ཀུན་དགའ་བའི་མཚན་ཅན་གྱི་རེག་པ་ལ་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ། །དགེ་འདུན་ལྷག་

མ་གཉིས་པའི་ཞུ་བའི་སྐབས་སོ།། །།ཟས་དང་ས་དང་བོང་བ་ལ་སོགས་པ་མོའི་དབང་པོར་འཇུག་ན་སྦོམ་པོའོ་ཞེས་བྱ་བ་ནི་འདི་ནི་རྣམ་པར་འགྱུར་བར་གྱུར་པ་མི་ཚངས་པར་སྤྱོད་པའི་ལམ་གྱི་རྣམ་པར་ངེས་པར་འདིར་རྒོད་བག་ཅེས་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དོ། །རྐང་པ་དང་ཕྲག་པ་ལ་

སོགས་པས་བུད་མེད་ལ་ཕུལ་ན་ཉེས་བྱས་སོ་ཞེས་བྱ་བ་ལ་འདི་ནི་ཤིན་ཏུ་མ་ཁྱབ་པ་སྟེ། ཇི་ལྟར་སྔར་བསྟན་པ་ཞེས་བྱ་བ་འདི་ཤེས་པའོ། །པུས་མོ་དང་རྗེ་ངར་དང་བརླ་དང་རྐེད་པ་དང་ལག་པ་དང་དཔུང་པ་དང་མགོ་བོ་ལ་སོགས་པ་གཅིག་པུ་རྣམས་ཁོ་ནར་མ་ཟད་ཀྱི་སེན་མོ་ལ་སོགས་པ་རྣམས་ཡང་འདི་

སྙེགས་པར་རིག་པར་བྱའོ། །དེའི་སྟན་ལ་ཡང་ངོ་ཞེས་བྱ་བ་ནི་བུད་མེད་དང་བཅས་པ་འམ། བུད་མེད་མེད་པའི་བུད་མེད་ཀྱི་སྟན་ལ་རྐང་པའི་ཆུ་ལ་སོགས་པས་འཕུལ་ན་ཉེས་བྱས་སོ། །བུད་མེད་དང་བཅས་པ་ཉིད་ཀྱིས་འདི་རྣམས་ལ་བུད་མེད་ཀྱི་སྟན་བསྟེན་པ་འདོན་པ་ཡིན་ཏེ། འདིར་གཞུང་ནི་

དགེ་སློང་གིས་བུད་མེད་དང་བཅས་པ་འམ། བུད་མེད་མེད་པའི་སྟན་ལ་རྐང་པས་བསྒུལ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །བུད་མེད་དང་བཅས་པ་ཉིད་ལ་ནི་འདིར་ཉེས་བྱས་ཡིན་ཏེ། འོན་ཀྱང་བུད་མེད་ལ་དགའ་བས་འདི་ཕུལ་བ་གཅིག་པུ་ཉིད་ལ་ཡང་ཉེས་བྱས་དང་སྦྱོར་བ་ཞེས་བྱ་བ་འདི་

เล่ม ๑๖๐ · หน้า 116a

ལྟར་མདོ་བྱས་སོ། །འདྲེད་པས་འགྱེལ་བའི་བུད་མེད་སློང་བའོ་ཞེས་བྱ་བ་ནི་འདྲེད་པས་འགྱེལ་བའི་བུད་མེད་སློང་ན་ཉེས་བྱས་སོ། །འདི་ནི་ཉམ་ང་བར་གྱུར་པས་འགྱེལ་བ་མ་ཡིན་ནོ། །དེ་བས་ན་ལེགས་པར་མ་བྱས་པ་ཉིད་ཀྱིས་འཇུག་པ་འདི་ཡིད་ལ་ངེས་པར་འབྲེལ་བ་

ཡིན་གྱི་སྙིང་རྗེའི་དངོས་པོ་རྒྱུ་མཐུན་པ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་བས་ན་འདིར་ལྟུང་བ་རྣམ་པར་གཞག་པའོ། །ཉེས་བྱས་ལ་སྙིང་བརྩེ་བའི་ངོ་བོ་ཉིད་ཀྱི་ཕྱིར་སྦོམ་པོའི་ལྟུང་བ་ནི་མ་ཡིན་ནོ། །བུད་མེད་ཀྱིས་དེ་གསུམ་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་རྐང་པའི་ཆ་ལ་སོགས་པས་དགེ་སློང་

འཕུལ་བ་དང་། དགེ་སློང་གི་སྟན་ལ་འཕུལ་བ་དང་། འདྲེད་པས་འགྱེལ་བ་སློང་བ་ཞེས་བྱ་བ་གསུམ་པོ་འདི་བུད་མེད་ཀྱིས་བྱས་པ་ལ་ལྟུང་བ་མེད་དོ། །མི་འདོད་བཞིན་དུ་འབྱུང་བ་ཉིད་ཀྱི་ཕྱིར་འདི་དང་འཆད་པར་འགྱུར་བ་ལ་སྐྱོན་མེད་པ་ཉིད་དོ། །བཟུང་བ་ལ་ཡང་ངོ་ཞེས་བྱ་བ་ནི་དགེ་སློང་མི་འདོད་

བཞིན་དུ་བུད་མེད་ཀྱིས་བཟུང་བ་ལ་ཡང་ལྟུང་བ་མེད་དོ། །མས་འཁྱུད་པ་ལ་ཡང་ངོ་། །བང་པར་བུ་མོ་འདུག་པ་ལ་ཡང་ངོ་ཞེས་བྱ་བ་ནི་ལྟུང་བ་མེད་དོ་ཞེས་བྱ་བར་སྦྱོར་རོ། །བུད་མེད་འཁྲུལ་བ་སྟེང་དུ་འགྱེལ་བ་ཡང་ངོ་ཞེས་བྱ་བ་ནི་ལྟུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །དགེ་འདུན་ལྷག་མ་གཉིས་པའི་

འདུལ་བྱེད་ཀྱི་སྐབས་སོ།། །།ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའོ། །གང་ཞིག་སྨྲས་ན་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་འཁྲིག་པ་སྨྲས་ནའོ་ཞེས་བྱ་བ་སྨོས་ཏེ། བུད་མེད་མཐུ་ཡོད་པ་ལ་ཀུན་ནས་ཆགས་པས་ཞེས་བྱ་བ་འདི་སྔར་བརྗོད་པ་རྟོགས་པར་བྱའོ། །སླར་ཡང་

འཁྲིག་པ་ནི་གཉིས་ཀྱིས་གཉིས་སྤྲོད་པ་སྟེ་དེ་སྨྲས་ནའོ། །སྒྲ་ཇི་ལྟ་བུས་དེ་བརྗོད་པ་གང་ཞེ་ན། དེའི་ཕྱིར་རྒྱ་ལ་སོགས་པའི་དོན་གྱིས་སོ་ཞེས་བྱ་བ་སྨོས་ཏེ། འདིར་རྒྱ་ལ་སོགས་པའི་སྒྲ་ནི་ཡ་ཡིག་དང་བྷ་ཡིག་གི་རང་བཞིན་ཞེས་བྱ་བ་བརྗོད་པའོ། །དེའི་དོན་ཅན་རྒྱ་ལ་སོགས་པ་རྣམ་པ་གཞན་

གྱིས་འཁྲིག་པ་བརྗོད་པ་གང་ཡིན་པར་སྟོན་པ་དེ་ནི་རྒྱ་ལ་སོགས་པ་ཞེས་བྱ་བ་གྲགས་པ་ཉེ་བར་སོང་བའོ། །རྒྱའི་དོན་ནི་མཐོང་བར་རིག་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་བདག་དང་ལྷན་ཅིག་བུད་པར་གྱིས་ཤིག་ཅེས་བྱ་བ་དེ་ལ་ཉེས་པ་སྦོམ་པོར་གསུངས་པ་ཡིན་ནོ། །

เล่ม ๑๖๐ · หน้า 116b

བྱེ་བྲག་མ་བྱས་པའི་སྒྲ་ལ་ཡང་བརྗོད་པར་འདོད་པའི་དབང་གིས་ཁྱད་པར་དུ་གཞག་པ་སྟེ། དེ་བས་ན་བདག་ཉིད་ཀྱིས་བརྗོད་པར་འདོད་པ་གསལ་བར་བྱེད་པའི་སྒྲ་མེད་ཀྱང་རང་གིས་བརྗོད་པར་འདོད་པས་སྦྱོར་བར་རྟོགས་པ་ལ་དེའི་བརྗོད་པར་འདོད་པ་ཉིད་ལ་གཞན་གྱི་དངོས་གཞི་བསྐྱེད་པར་རིག་པར་

བྱའོ། །ཡ་ཡིག་བྷ་ཡིག་ལ་སོགས་པ་གང་ཡང་རུང་བའི་སྒྲ་ལ་བརྗོད་པར་འདོད་པ་ལ་ཡིན་ཏེ། བུད་མེད་ལ་གནས་པའི་བདག་ཉིད་བརྗོད་པར་འདོད་པས་ཐོས་སུ་བཅུག་པ་ཙམ་ལ་ཉེས་བྱས་ནི་ཡིན་ནོ། །འདིར་བྱ་བའི་ཚིག་ནི་དགོངས་པ་མ་ཡིན་ནོ། །བདག་ཉིད་དུ་རྣམ་པར་རིག་པར་བྱ་བ་དག་

ལ་མཚམས་ཉེ་བར་སྦྱོར་བས་ཁས་ལེན་པའི་ངོ་བོས་ནི་མ་ཡིན་ནོ། །འགྲོ་བ་བརྗོད་པ་ཉིད་ལ་འདིར་སྐྱོན་ཉིད་བསྟན་པས་དོན་གྱིས་བསྙེན་པ་རྩོམ་པར་གྱུར་པ་ཉིད་ལ་ནི་མ་ཡིན་ནོ། །འདིར་རང་གི་འདོད་པ་ཉིད་སྨྲ་བ་ཡོད་པས་གྱུར་པ་ཡང་གཞན་གྱིས་མ་ཤེས་པ་ལ་སྦོམ་པོའོ་ཞེས་བྱ་བ་འདི་

ཤེས་པའི་དོན་དུ་ངེས་པའི་མདོ་འདི་ལས་རྟོགས་པར་བྱའོ། །རང་གི་སྨྲ་བར་གྱུར་པ་ཉིད་མེད་པ་ལ་སྦོམ་པོ་ཉིད་ནི་རང་གི་དོན་ཉིད་དོ། །དེ་ནི་དེའི་གཙོ་བོ་ཞེས་བྱ་བ་འདི་ལས་སོ། །གང་ལ་གོ་བར་བྱ་བ་ཉིད་དེ་བརྡ་ཕྲད་པ་ནི་མཐའོ་ཞེས་བྱ་བ་ནི་འདིར་བརྡ་ཕྲད་པ་ནི་བརྗོད་པར་འདོད་པའི་དོན་ཡོངས་སུ་

ཐོབ་པའོ། །བརྗོད་པར་འདོད་པའི་དོན་ཡོངས་སུ་ཐོབ་པར་བྱེད་པའི་དོན་ཅན་གྱི་ལུས་དང་ངག་ཕྲད་པར་བྱེད་པའི་བདག་ཉིད་ཅན་ཐམས་ཅད་ལ་དོན་གཅིག་ལ་རྩོམ་པར་གྱུར་པ་ཉིད་ཀྱི་ཕྱིར་སྐད་ཅིག་མ་གཅིག་ཏུ་གྱུར་པའོ། །འདིར་ལྟུང་བ་རྣམ་པར་གཞག་པ་མེད་པར་གྱུར་པ་ཉིད་དེ་མཐའ་དང་མཐའ་མེད་

པའི་དབྱེ་བ་ཇི་ཙམ་དུ་བྱས་པ་ལ་དངོས་གཞིའི་ལྟུང་བ་བསྐྱེད་པ་སྟེ་ཞེས་བྱ་བ་འདི་ལ་མདོ་འདིའོ། །ཚིག་ལ་སོགས་པའི་མཐའ་ནི་མཐའ་ཞེས་བྱ་བ་འདི་རྣམ་པར་གཞག་པ་མ་ཡིན་ཏེ། འོན་ཀྱང་མཐའ་ལས་བྱུང་བའམ་མཐའ་མ་ཡིན་པ་གང་ཡིན་པ་གང་ཞིག་ལ་ཡི་གེ་ལ་སོགས་པ་གང་ཞིག་ལ་

གཞན་གྱི་ཤེས་པར་རུང་བ་ཉིད་བརྗོད་པར་འདོད་པའི་དོན་ཤེས་པ་ལས་སྣོད་དུ་རུང་བ་ཉིད་དུ་གྱུར་པ་ལ་རྟོག་པ་པོ་ལ་རྣ་བའི་རྣམ་པར་ཤེས་པའམ་མིག་གི་རྣམ་པར་ཤེས་པ་ལ་བསྒྲུབ་པ་གང་ཡིན་པ་དེ་ནི་འདིར་མཐའོ། །དེ་བས་ན་དེར་དངོས་གཞིའོ། །དེའི་འོག་ཏུ་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་དེ་

เล่ม ๑๖๐ · หน้า 117a

ཉིད་དུ་ཞུགས་པའོ། །གལ་ཏེ་ཡི་གེ་དང་པོ་ཤེས་པའི་དུས་ན་ཡང་དེ་ལ་དངོས་གཞིའི་ཞེས་བྱ་བ་རིག་པར་བྱ་སྟེ། འདིར་ཤེས་པ་ལ་ཡན་ལག་ཉིད་དོ། །དེ་དང་འབྲེལ་བའི་དོན་སྨྲས་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་དངོས་གཞིའི་དོན་གྱི་ཚིག་ཡ་ཡིག་དང་

བྷ་ཡིག་གི་རང་བཞིན་ཅན་ལ་དེའི་སྒྲ་བཟུང་བའོ། །འབྲེལ་བ་ཞེས་བྱ་བ་ནི་དངོས་གཞིའི་དོན་ཉིད་ཀྱི་ཚིག་དང་འབྲེལ་པའི་དོན་གང་ཡིན་པའོ། །དེ་སྨྲས་པ་གང་ཡིན་པ་ནི་འདི་ལྟ་སྟེ། དཔེར་ན་བསྔགས་པ་བྱེད་པ་ལ་སོགས་པ་ལ་སྲུ་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་རྣམས་ལེགས་པར་དོད་དམ་ཞེས་བྱ་

བ་ལ་སོགས་པ་སྨྲས་པའོ། །ཡ་ཡིག་བྷ་ཡིག་གི་རང་བཞིན་གྱི་སྒྲ་མེད་པར་དེ་ལ་སྦྱོར་བ་མེད་པ་ཉིད་དོ། །མ་སྨྲས་པ་ལ་དངོས་གཞི་བྱས་པའི་སྒྲ་ལ་དེ་དང་འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར་སྨྲ་བ་འདི་ལ་སྦྱོར་བ་མ་ཡིན་པ་ཉིད་གང་ཞིག་འདོད་པ་དེ་འདོད་པ་བཟློག་པའི་དོན་དུ་མདོ་འདི་བྱས་ཏེ། རྒྱ་

ཞེས་བྱ་བ་དང་རྣ་རུ་ཞེས་བྱ་བ་ལ་སོགས་པའི་སྒྲ་བརྗོད་པ་ལ་ནི་སྦྱོར་བ་ཉིད་ཐེ་ཚོམ་མེད་པའོ། །བསྔགས་པ་དང་བསྔགས་པ་མ་ཡིན་པ་དང་། གསོལ་བ་དང་ཉེ་བར་གསོལ་བ་དང་། འདྲི་བ་དང་ཉེ་བར་འདྲི་བ་དང་། བརྗོད་པ་དང་སྨོན་པ་དང་གཤེ་བ་དང་། ཕྱིར་སྨྲ་བ་བསྒྲུབ་པ་དག་ལ་ནི་བྱེ་བྲག་

མེད་པ་ཉིད་དོ་ཞེས་བྱ་བ་ནི་བསྔགས་པ་ལ་སོགས་པའི་བདག་ཉིད་ཅན་གྱིས་སྨོན་པ་ཐམས་ཅད་ཉིད་རྣམས་ལ་དངོས་གཞིའི་བྱེད་པ་ཉིད་དེ། བྱེ་བྲག་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བསྔགས་པ་ཞེས་བྱ་བ་ནི་སྲུའི་རྨའི་སྒོ་གསུམ་རྣམས་ལེགས་པར་དོད་པ་ཡིན་ནམ་ཞེས་བྱ་བའོ། །

བསྔགས་པ་མ་ཡིན་པ་ཞེས་བྱ་བ་ནི་དེ་ལས་བཟློག་པར་སྨོད་པའོ། །གསོལ་བ་ཞེས་བྱ་བ་ནི་སྲུ་ཚུར་ཤོག་དེ་དང་དེ་བྱའོ་ཞེས་བརྗོད་ཅིང་། རྒྱ་ཞེས་བྱ་བ་དང་རྣ་རུ་ཞེས་བྱ་བ་གཉིས་ཀྱིས་བརྗོད་པ་གང་ཡིན་པའོ། །ཉེ་བར་གསོལ་བ་ཞེས་བྱ་བ་ནི་སྲུ་བུད་མེད་དམ་སྐྱེས་པ་གང་ལ་ལ་འདི་དང་འདི་བྱེད་

དེ། དེ་ལ་དགའ་བ་དང་ཡིད་དུ་འོང་བར་འགྱུར་རོ། །སྲུ་ཡང་བདག་ཅག་ལ་དེ་དང་དེ་བྱེད་དོ། །སྲུ་ཡང་བདག་ཅག་ལ་དགའ་བ་དང་ཡིད་དུ་འོང་བར་འགྱུར་རོ་ཞེས་བྱ་བ་དགའ་བ་ཉེ་བར་བསྒྲུབ་པས་འདུན་པ་སྐྱེད་པ་སྟེ། འདི་ནི་དགའ་བ་ཉེ་བར་བསྒྲུབ་པ། འདི་ནི་གསོལ་པའོ། །འདྲི་བ་ཞེས་བྱ་བ་ནི་

เล่ม ๑๖๐ · หน้า 117b

སྲུ་སྐྱེས་པ་གང་དང་བུད་མེད་གང་དེ་དང་དེ་བྱེད་པ་དེ་ནི་དགའ་བ་དང་ཡིད་དུ་འོང་བར་འགྱུར་ན་ཁོ་བོས་ཀྱང་སྲུ་ལ་དེ་དང་དེ་བྱས་ན་སྲུ་ཁོ་བོ་ལ་དགའ་བ་དང་ཡིད་དུ་འོང་བར་འགྱུར་རམ་ཞེས་འདྲི་བའོ། །ཉེ་བར་འདྲི་བ་ཞེས་བྱ་བ་ནི་སྲུའི་རྨའི་སྒོ་གསུམ་པོ་རྣམས་ལེགས་པར་དོད་པ་དང་། ལེགས་པར་གནས་

པ་དང་། ལེགས་པར་གྱུར་པ་བདེན་ནམ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་འདྲི་བའོ། །བརྗོད་པ་ཞེས་བྱ་བ་ནི་ཁོ་བོ་ནི་ཁྱོད་ལ་དགའ་བ་དང་ཡིད་དུ་འོང་བ་བདེན་ན་ཁྱོད་དེ་ལ་ཇི་ལྟར་ཞེས་བརྗོད་པའོ། །སྨོན་པ་ཞེས་བྱ་བ་ནི་སྲུ་ནམ་ཞིག་ན་ཁོ་བོ་ཁྱོད་དང་ལྷན་ཅིག་དེ་དང་དེ་ལྟར་བྱེད་ཞིག་གུ་སྙམ་དུ་སྨོས་པའོ། །

གཤེ་བ་ཞེས་བྱ་བ་ནི་ཁྱོད་ལ་བོང་བུ་རྣམས་གང་དེ་ལྟར་བྱེད་པར་གྱུར་ཅིག་པའི་བློས་འདིར་མི་ལྟུང་ཞེས་གཤེ་བའོ། །ཕྱིར་སྨྲ་བ་ཞེས་བྱ་བ་ནི་བུད་མེད་ཀྱིས་བརྗོད་པའི་བསྔགས་པ་ལ་སོགས་པ་ལ་དགེ་སློང་གིས་ཕྱིར་རྣམ་པ་དེ་རྣམས་ཀྱིས་སླར་ལན་འདེབས་པའོ། །དོན་གཞན་ལ་བསམས་པས་

ལྗོངས་ཀྱི་ངེས་པའི་ཚིག་གི་དབང་གིས་ན་ལྟུང་བ་མེད་དོ་ཞེས་བྱ་བ་འདི་ནི་མི་མཛེས་པ་ཞེས་བྱ་བ་བསམས་པར་གྱུར་པ་ལ་ལྟུང་བའི་བློས་འདིར་མི་ལྟུང་བའོ་ཞེས་བྱ་བ་དེའི་ཟློག་པའི་དོན་དུ་མདོ་འདི་དང་འོག་མའོ། །ཅི་སྟེ་དོན་གཞན་ལ་བསམས་པ་ཞེས་བྱ་བ་ལྗོངས་ཀྱི་ཚིག་འདིའི་ངེས་པའི་ཚིག་གི་དབང་གིས་

དོན་གཞན་གྱི་བསམ་པས་འཁྲིག་པ་སྨྲས་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དེ། གང་ཞིག་རུང་བ་ཙམ་གྱིས་གཞན་ལ་བསམ་པར་བྱེད་པ་ནི་མ་ཡིན་ཞེས་བྱ་བའོ། །མིང་གི་ཆ་ཉིད་འདྲ་བ་ལ་ཡང་ངོ་ཞེས་བྱ་བ་ནི། ཆ་ཉིད་འདྲ་བ་གང་ཞིག་གི་དབང་གིས་འཁྲིག་པ་སྨྲས་པ་གང་ཡིན་པ་སྟེ་འདི་ལྟ་སྟེ་

དཔེར་ན། རྒྱ་གར་སྐད་དུ་ནས་ལ་ནི་ཡ་བ་ཞེས་བྱ་བ། འཁྲིག་པ་ལ་ནི་ཡ་བྷ་ཞེས་བྱ་བ་དེ་ལ་ནས་ཀྱི་མིང་ཡ་བ་ཞེས་བརྗོད་པའི་བསམ་པས་དྲག་ཏུ་བརྗོད་པའི་དབང་གིས་བ་ཞེས་བྱ་བའི་གནས་སུ་བྷ་ཞེས་བརྗོད་པ་ལ་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ། །དགེ་འདུན་ལྷག་མ་གསུམ་པའི་རྣམ་

པར་འབྱེད་པའོ།། །།མཛེས་པ་ཡིན་ནོ། །སྡིག་ཅན་ཡིན་ནོ། །རྨའི་སྒོ་མཛེས་པ་འམ་སྡིག་ཅན་ཡིན་ནོ། །བགོ་བཤའ་གྱིས་ཤིག་ཁོ་བོ་ལ་བགོ་བཤའ་གྱིས་ཤིག །ཁོ་བོ་དང་ལྷན་ཅིག་ཉོལ་ཅིག །ཕྲད་པར་གྱིས་ཤིག་ཅེས་སྨྲས་ན་སྦོམ་པོའོ་ཞེས་བྱ་བ་ནི་འདིར་ཁྱོད་ནི་སྡིག་པ་ཅན་

เล่ม ๑๖๐ · หน้า 118a

ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་སྒྲ་བརྗོད་པ་དང་སོ་སོར་མངོན་པར་འབྲེལ་ལོ། །གནས་ངན་ལེན་དང་བཅས་པའི་སེམས་ཀྱིས་གནས་ངན་ལེན་གྱི་ཚིག་བརྗོད་པ་ལ་སྦོམ་པོའོ། །རྣམ་པ་གང་ཡིན་སྦྱར་བར་གྱུར་པ་དེའི་རྣམ་པའི་གནས་ངན་ལེན་གྱིས་ཐ་ན་རྒོད་བག་

ཙམ་གྱིས་སྨྲས་ན་ཡང་ཐམས་ཅད་དུ་སྦོམ་པོར་རིག་པར་བྱའོ། །ཀུན་དུ་ཆགས་པར་གྱུར་པས་ནི་མ་ཡིན་ཏེ་དེ་ཡང་མཐུ་ཡོད་པ་ཅན་ལའོ། །དགེ་འདུན་ལྷག་མ་གསུམ་པའི་ཞུ་བའི་སྐབས་སོ།། །།དེ་བཞིན་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་ཅན་མོ་ལ་སྨྲ་ནའོ་ཞེས་བྱ་བ་ལ། དེ་

བཞིན་དུ་ཞེས་བྱ་བའི་སྒྲ་ནི་སྦོམ་པོའོ་ཞེས་སྔར་བསྟན་པའི་རྗེས་བསྙགས་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བའི་ཆོས་གང་ལ་ཡོད་པ་དེ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་ཅན་ནོ། །དེའི་གནས་ངན་ལེན་ཅན་སྨྲས་ན་ནི་སྦོམ་པོའོ། །འདིར་སེམས་ནི་འཇིགས་པར་འགྱུར་ཏེ།

མངོན་པར་ཞེན་པ་དམན་པས་རབ་ཏུ་འགྲོ་བ་མི་སྲིད་པའི་ཕྱིར་དང་། མཐུ་མཐོང་བའི་ཕྱིར་རོ། །དེ་བས་ན་འདིར་ན་སྨད་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་འདིས་ཐམས་ཅད་ཀྱི་དབང་དུ་བྱ་བར་རིག་པར་བྱའོ། །སྲུ་ཁོ་བོ་ལ་ནས་བྱིན་ཅིག །སྲུ་ཁྱོད་ལ་ཅི་མཐོང་བ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་མདུན་ན་

མོ་གང་ཡིན་པ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག །ཁྱོད་ལ་ཅི་དགའ་བ་བྱིན་ཅིག་ཅེས་བདག་ལ་སྨྲས་པ་ཁྱོད་ཅི་ལ་དགའ་ཞེས་ཟེར་བ་ལ་སྲུ་ཁྱོད་ལ་ཁོ་བོ་དགའོ་ཞེས་བྱ་བ་དང་། སྲུ་ཁོ་བོ་ལ་ཆུ་དང་བཅའ་བ་དང་ཐུག་པ་དང་བཟའ་བ་བྱིན་ཅིག །ཁྱོད་ཉིད་དེ་དག་ཡིན་

ནོ་ཞེས་སྨྲས་པ་དག་ལའོ་ཞེས་བྱ་བ་ནི་ཁྱོད་ཅི་ལ་དགའ་བ་སྦྱིན་པར་བྱ་ཞེས་ཟེར་བ་ལ་བདག་ནི་ཁྱོད་ཀྱི་སྦྱིན་བདག་གིས་སྨྲས་པ་དེ་བས་ན་ཁྱོད་ལ་དྲི་བར་བྱ་སྟེ། ཁྱོད་ཅི་ལ་དགའ་ཞེས་ཟེར་བ་ལ་བུད་མེད་དེ་ལ་འདི་སྐད་ཅེས་སྲུ་ཁྱོད་ལ་ཁོ་བོ་དགའ་འོ་ཞེས་ཟེར་བའོ། །བདག་ལ་བྱིན་ཅིག་ཅེས་བྱ་བ་ནི་

བཟའ་བ་ལ་སོགས་པ་གསུམ་པོ་འདི་ལ་ཡང་སོ་སོར་རྗེས་སུ་འབྲེལ་ལོ། །ཁྱོད་ཉིད་དེ་དག་ཡིན་ནོ་ཞེས་བྱ་བ་ནི་ཆུ་ལ་སོགས་པ་བཞི་པོ་ལ་ཡང་ཚིག་ལྷག་མ་འདི་རྣམས་སོ། །སྲུ་ཁོ་བོ་ལ་ཆུ་བྱིན་ཅིག །སྲུ་ཁྱོད་ཉིད་ནི་ཆུ་ཡིན་ཏེ་ཞེས་བྱ་བ་ནས་ཇི་སྲིད་དུ་སྲིང་མོ་བདག་ལ་བཟའ་བ་བྱིན་ཅིག་ཅེས་བྱ་

เล่ม ๑๖๐ · หน้า 118b

བའི་བར་དུ་སྨྲས་པ་དག་ལ་འདི་ལྟ་བུའི་ངོ་བོ་བཞི་པོ་སྨྲ་བ་འདི་རྣམས་ལ་སྦོམ་པོའི་ལྟུང་བའོ། །ཁྱོད་ལ་བོང་བུ་དག་དེ་བྱེད་པར་གྱུར་ཅིག །སྲུ་སྐྱེས་བུ་འཕྱོན་པ་དག་ལ་བསོད་སྙོམས་སྤྱོད་དམ་ཞེ་ན་ཡང་ངོ་ཞེས་བྱ་བ་འདི་ལ། སྤྱོད་དམ་ཞེས་བྱ་བ་འདི་དང་འབྲེལ་ཏོ། །བསོད་སྙོམས་ཀྱི་སྤྱོད་

པ་ཁྱོད་ཀྱིས་སྤྱོད་ཅེས་ཟེར་ཞིང་གྲོང་བའི་རོ་ལ་ཉེ་བར་བརྟེན་པ་རྣམས་ལ་ཁྱོད་ནི་སྤྱོད་པ་འདིས་སྤྱོད་པར་བྱེད་དེ་གང་ལ་བསོད་སྙོམས་ཤེས་པའི་དོན་ཏོ། །དེར་མགལ་དུམ་ཆུག་ཅིག་ཅེས་ན་ཡང་ངོ་། །རང་བཞིན་གྱིས་གནས་ངན་ལེན་བརྗོད་པས་གནས་ངན་ལེན་སྨྲས་པ་ཡང་ངོ་ཞེས་བྱ་བ་ནི་རྒྱའི་

དོན་ཅན་གྱི་སྒྲ་རྣམས་ཀྱིས་ཀྱང་སྨྲས་པ་ལ་སྦོམ་པོ་འདིའོ། །ཀུན་ནས་ཆགས་པ་མེད་པའི་ཕྱིར་འོ་ན་ཅིའི་ཕྱིར་ལྟུང་བ་མེད་པ་ཉིད་དུ་མི་འགྱུར་ཏེ་རྒོད་པར་གྱུར་པའི་གནས་ངན་ལེན་ཡོད་པའི་ཕྱིར་རོ། །དགེ་འདུན་གྱི་ལྷག་མ་གསུམ་པོ་འཁྲིག་པ་དང་ལྡན་པ་སྨྲ་བའི་འདུལ་བྱེད་རྣམས་སོ།། །།གང་

དུ་བསྔགས་པ་དགེ་འདུན་གྱི་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་བདག་ཉིད་འཁྲིག་པ་ཀུན་ཏུ་སྤྱོད་པ་བསྔགས་ནའོ་ཞེས་བྱ་བ་སྨོས་ཏེ། བུད་མེད་དོན་ཀུན་ཤེས་པར་བྱ་བའི་མཐུ་ཡོད་པ་ལ་དེས་ཞེས་བྱ་བ་འདི་འདིར་སྔར་བཤད་པ་རྗེས་སུ་དྲན་པར་བྱའོ། །ལོག་པར་བསྒྲུབས་པ་ལ་ལེགས་པ་ཉིད་ཀྱིས་

སྤྱོད་པ་ནི་བསྔགས་པའོ། །འོན་ཏེ་བསྒྲུབ་པ་འདི་མཆོག་ཅེས་བྱ་བ་ལ་སོགས་པའི་རྣམ་པ་དང་ཁྱད་པར་དུ་འཕགས་པས་ལོག་པའི་བསྒྲུབ་པ་དོར་བས་ཁ་ན་མ་ཐོ་བ་དེ་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །བདག་ཉིད་དང་འཁྲིག་པ་ཀུན་དུ་སྤྱོད་པ་སྨྲ་བ་ལ་གལ་ཏེ་འགྲོ་བ་བརྗོད་པར་སྦྱོར་ན་སྨྲ་བ་ལ་དགེ་

འདུན་གྱི་ལྷག་མ་ཉིད་དོ། །སྨྲ་བའི་བདག་ཉིད་ཅན་ལ་ཡང་སྐད་ཅིག་མ་གཅིག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་དོན་གཅིག་གོ་བར་བྱེད་པའི་སྔོན་གྱི་རྣམ་པ་མེད་པ་ལ་ཐ་སྙད་འདིའོ། །དེ་བས་ན་གཞན་གྱིས་འགྲོ་བ་བརྗོད་པའི་ཕྱིར་འཁྲིག་པའི་ཚིག་ནི་དགེ་འདུན་གྱི་ལྷག་མ་ལ་ཡན་ལག་ཏུ་རྟོགས་པར་བྱའོ། །དེས་

བསྔགས་པ་ལ་རྗེས་སུ་ཡི་རང་བའི་དོན་གྱི་ཚིག་ནི་དེ་དང་འདྲའོ་ཞེས་བྱ་བ་ནི་འདིར་བུད་མེད་གང་ཞིག་འགལ་ཟླ་ཉིད་ཀྱིས་གནས་པ་དེ་དང་ལྷན་ཅིག་དགེ་སློང་དེ་ལ་བསྙེན་བཀུར་བྱས་པ་འདི་ནི་འཕགས་པ་ལ་བསྙེན་བཀུར་བྱས་པ་རྣམས་ཀྱི་མཆོག་སྟེ། གང་གི་ཕྱིར་ཁྱེད་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་

เล่ม ๑๖๐ · หน้า 119a

ལྡན་པ་ལ་ཞེས་བྱ་བ་ལ་སོགས་པས་བསྔགས་པ་ལ། གང་ཞིག་འདི་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བ་རྗེས་སུ་ཡི་རང་བའི་དོན་དུ་བརྗོད་པ་ནི་བསྔགས་པ་བཞིན་དུ་བལྟ་བར་བྱའོ། །འདིར་དངོས་གཞི་ཁོ་ནའི་ཁ་ན་མ་ཐོ་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཕྱིར་བཟླས་ནའོ་ཞེས་བྱ་བ་ནི་གང་ཞིག་

འདི་བསྙེན་བཀུར་བྱས་པ་རྣམས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་དེས་བཟླས་ན་དགེ་སློང་གི་ཕྱིར་ཟློ་བར་བྱེད་དེ། དེས་བསྔགས་པ་ཉིད་ནི་ཡོད་པ་མ་ཡིན་ཏེ་དེ་ལས་བཟླས་པར་བྱས་པའོ། །དེ་ལྟ་དེ་ལྟར་ཕྱིས་རྗེས་སུ་སྨྲ་བ་ཞེས་བྱ་བ་གང་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །དེ་དང་འཁྲིག་

པ་དང་ཉེ་བར་མ་སྦྱར་ན་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི་གང་དུ་ཉེ་བར་མ་སྦྱར་བ་ལ་དེས་སྦྱོར་བ་ཉིད་དོ། །དཔེར་ན་འདི་ལྟ་སྟེ། དགེ་སློང་ལ་འཁྲིག་པས་བསྙེན་བཀུར་བྱས་པར་གྱུར་ན་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་ཇི་ལྟར་ཡང་དགེ་སློང་དེས་འཁྲིག་པས་བསྙན་བཀུར་བར་བྱེད་ན་ཞེས་ཟེར་

བ་ལྟ་བུའོ། །འཁྲིག་པ་དང་ཉེ་བར་མ་སྦྱར་བ་ཡང་སྦྱོར་བ་ཉིད་དེ། དཔེར་ན་འདི་ལྟ་སྟེ་ཁོ་བོ་ལྟ་བུའི་དགེ་སློང་ལ་བསྙེན་བཀུར་བྱས་པར་གྱུར་པ་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་གཉིས་ཀ་ཡང་སྦོམ་པོའི་ལྟུང་བ་ཞེས་བྱ་བའི་དོན་ཏོ། །གཉིས་ཀ་དང་ནི་དེའི་འོ་ཞེས་བྱ་བ་ནི་

འཁྲིག་པའི་ལྟུང་བ་ལ་གཉིས་ཀ་དག་གིས་ཀྱང་ཉེ་བར་མ་སྦྱར་བ་ལ་སྦྱོར་བའི་སྦྱོར་བ་ཉིད་དོ། །དཔེར་ན་འདི་ལྟ་སྟེ། དགེ་སློང་ལ་བསྙེན་བཀུར་བྱས་པར་གྱུར་པ་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་བྱ་བ་ལྟ་བུ་སྟེ། སྦྱོར་བ་ཉིད་ཀྱི་ཕྱིར་ཉེས་བྱས་སོ། །བསྙེན་བཀུར་བསྔགས་པའོ།། །།གང་

དུ་སྨྱན་བྱེད་པའི་དགེ་འདུན་ལྷག་མ་བརྗོད་པར་འདོད་ནས་ཕྲད་ནའོ་ཞེས་བྱ་བ་སྨོས་ཏེ། གཉིས་ཀྱིས་གཉིས་ཕྲད་ནའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། ངེས་པར་མི་སྟེན་པར་བྱེད་པ་རྣམས་ལ་སྨྱན་བྱེད་པ་ལ་སྦོམ་པོའི་ཚིག་གོ། །གང་དེའི་ཕོ་ཉ་དང་འབྲེལ་བ་ལ་

བཟུང་བ་དང་བརྐུས་པ་དང་། ཕྱིར་ཞིང་བརྐུས་པ་གསུམ་གྱིས་བསྒྲུབས་པས་དགེ་འདུན་གྱི་ལྷག་མ་ཡིན་པར་གྱུར་ན། འདིར་ཡང་བརྗོད་པར་འགྱུར་ཏེ་ཕྲད་པ་མེད་པས་འདི་སྦོམ་པོ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་བྱ་བ་རྣམ་པར་གནས་སོ། །འདུལ་བྱེད་ཀྱི་གཞུང་རྣམས་ལས་ཁྱིམ་བདག་གི་ཆུང་

เล่ม ๑๖๐ · หน้า 119b

མ་ལ་ཅུང་ཟད་སྨྱན་བྱས་པ་དང་། དེས་དེ་རྐང་ལག་ལ་བཏེག་པར་བྱས་ཏེ། ཁྱིམ་ནས་ཕྱིར་ཕྱུང་ནས་དེར་དགེ་སློང་གཞན་ཞིག་རིགས་དང་ཉེ་བར་འགྲོ་བ་དེས་དེ་དག་ཚོགས་པ་བྱས་ཏེ་དེ་དག་ཀྱང་ཕྲད་པར་གྱུར་པ་དང་། དགེ་སློང་དེ་ལ་འགྱོད་པ་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་

ཡིན་ནོ། །འཕགས་པ་ཁྱིམ་པ་མིང་འདི་ཞེས་བྱ་བ་ཞིག་ཚུར་ཤོག་ཅེས་སྨྲ་བར་ནུས་སམ། སྨྲས་པ་ནུས་སོ། །གལ་ཏེ་དགེ་འདུན་ལ་གུས་པར་བྱད་ནུས་ན་དེ་ལ་འདི་འབོད་པར་བགྱི་སྟེ། དེས་དེ་ལ་སྤྱད་པའི་རྒྱུ་བྱིན་ནོ། །དགེ་སློང་དེས་གུས་པ་སོ་སོར་སད་པར་བྱ་སྟེ། ཁྱིམ་བདག་དེ་ལ་བོས་སོ། །

དེ་དག་ཕྲད་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་འདུལ་བྱེད་དག་ལས་ཐམས་ཅད་ཉིད་དུ་ཕྲད་པ་ལ་ལྟུང་བར་བརྗོད་པའོ། །དེ་དག་ཕྲད་པ་ཡོད་པར་གྱུར་ན་སྨྱན་བྱེད་པའི་དགེ་འདུན་ལྷག་མ་ཡིན་གྱི་ཕྲད་པ་མེད་པར་ནི་མ་ཡིན་ནོ་ཞེས་བྱ་བ་དེས་ཀྱང་ཤེས་པ་ཡིན་ནོ། །གཞན་དུ་ན་ཚིག་འདི་ལ་དོན་དང་

ལྡན་པ་ཉིད་སྐྱེ་བ་ནི་མ་ཡིན་ནོ། །སུ་དང་ཕྲད་ཅེ་ན། དེའི་ཕྱིར་གཞན་དང་ངོ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་དང་སྨྱན་བྱེད་པ་ལ་ནི་མ་ཡིན་ནོ། །སུར་ཕྲད་ན་ཞེ་ན། དེའི་ཕྱིར་གཞན་དུའོ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་དུ་ཕྲད་པ་མ་ཡིན་གྱི་གཞན་དུ་ཕྲད་ནའོ། །ཁྱད་པར་ཡོངས་སུ་མ་བཟུང་བས་ན་

ཐམས་ཅད་ཀྱིས་སོ། །མིའི་འགྲོ་བ་པ་གཉིས་ཕྲིན་གསུམ་རྣམས་ཀྱིས་བསྟེན་པར་བྱ་བ་རྨའི་སྒོ་རྣམས་དང་ལྡན་པ་ཐམས་ཅད་ལྡན་པ་བསྟེན་པས་མིའི་འགྲོ་བ་ལ་ཞེས་བྱ་བ་རྟོགས་པར་བྱ་སྟེ། བདག་ཉིད་ཡོངས་སུ་བཅད་པའི་དོན་དུ་མདོ་འདིའོ། །དེའི་དོན་དུ་མི་མཐུན་པ་མཐུན་པར་བསྒྲུབ་

པའི་ཕྱིར་སྤྲད་པར་བྱ་བ་ལས་སྤྲིང་བ་མནོས་པ་གཞན་དེ་ལ་གོ་བར་བྱས་ཤིང་དེས་སྨྲས་པ་སྔ་མ་ལ་བརྗོད་ནའོ་ཞེས་བྱ་བ་ལ། འདིས་ནི་ལྟུང་བ་རྗེས་སུ་བསྒྲུབས་པས་སྤྲད་པར་བྱ་བ་གཉིས་སུ་སྒྲུབ་པ་ལ་ཞེས་བྱ་བ་ནི་འདིར་ངག་གི་དོན་ཏོ། །མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ལ། མི་མཐུན་

པ་དག་ལ་མཐུན་པ་སྒྲུབ་པའི་དོན་དུའོ། །འདིའི་མཐུན་པར་ཞེས་བྱ་བ་ཡང་ཡིད་གཅུགས་པའི་དངོས་པོ་ཉིད་དུ་བྱས་པ་ཡིན་གྱི། གཉིས་ཀྱིས་གཉིས་སྤྲད་པ་ནི་མ་ཡིན་ཏེ། དེ་ཡང་ཇི་ལྟར་ན་བསྒྲུབ་པར་མི་འགྱུར་ཞེས་བྱ་བ་དེའི་དོན་དུ་སྤྲིང་བ་མནོས་པས་ཞེས་བྱ་བ་སྨོས་ཏེ་ཕྲིན་མནོས་པ་ནའོ། །སྤྲིང་

เล่ม ๑๖๐ · หน้า 120a

བ་མནོས་པ་དེ་སུ་ལ་གོ་བར་བྱས་ན་ཞེ་ན། དེའི་ཕྱིར་སྤྲད་པར་བྱ་བ་ཞེས་བྱ་བ་སྨོས་ཏེ། སྤྲད་པ་གང་ལ་བྱ་བ་དེ་ནི་སྤྲད་པར་བྱ་བའོ། །གཞན་དེ་ལ་གོ་བར་བྱས་ཤིང་ཞེས་བྱ་བ་ནི་སྤྲིང་བ་མནོས་པ་དེའོ། །དེ་ལ་ཞེས་བྱ་བ་ནི་སྤྲད་པར་བྱ་བ་ལའོ། །སྤྲད་པར་བྱ་བ་གང་ལ་གོ་བར་བྱ་ཞེ་ན། དེའི་ཕྱིར་

གཞན་ལ་ཞེས་བྱ་བ་སྨོས་ཏེ། གང་ལ་སྤྲིང་བ་མནོས་པ་དེ་ལས་གཞན་པ་དེ་ལའོ་ཞེས་བྱ་བའི་དོན་ཏོ། །དེས་སྨྲས་པ་ཞེས་བྱ་བ་ནི་དེ་གཞན་སྤྲད་པར་བྱ་བ་སྨྲས་པའོ། །གང་ཞིག་འདི་སྤྲིང་བ་མནོས་པ་བརྗོད་པ་ལ་ལན་སྟེར་བ་དེ་ལ་དེ་ཞེས་བྱ་བའི་དོན་ཏོ། །སྔ་མ་ལ་ཞེས་བྱ་བ་ནི་སྤྲད་པར་བྱ་བ་ལ་སྟེ་གང་

ལས་སྤྲིང་བ་མནོས་པ་དེ་ལའོ། །སྔ་མ་དེ་ལ་གཞན་དེས་སྨྲས་པ་དེ་ཇི་ལྟར་བྱས་ན་ཞེ་ན། དེའི་ཕྱིར་བརྗོད་ན་ཞེས་བྱ་བ་སྨོས་ཏེ། བརྗོད་པ་ལ་ཞེས་བྱ་བའི་དོན་ཏོ། །ཕྲད་པའི་དོན་དུ་ཡིད་གཅུགས་པ་བསྒྲུབ་པའི་ཕྱིར་མནོས་ཏེ་ཕྲིན་ཕར་སྐྱེལ་བར་བྱེད་དམ་ཕྲིན་ཚུར་སྐྱེལ་བར་བྱེད་པ་རྣམས་ལ་རྗེས་སུ་

བསྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པ་བར་མའི་ཕྱང་ཡར་ཐོས་པ་ཉིད་ན་དེ་བྱས་པ་ཉིད་ཅེས་བྱ་བ་ལ། འཇུག་པ་བར་མ་ཞེས་བྱ་བ་ནི་འཇུག་པ་དེ་བར་མར་གཏོགས་པས་འཇུག་པ་བར་མ་སྟེ་ཕྲིན་ལས་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ན་སྤྲད་པར་བྱས་ནས་སྤྲིང་བ་མནོས་པ་དེ་ལ་གོ་བར་

བྱས་པར་གྱུར་ན་དེའི་ཚེ་ན་གང་ཞིག་འདི་ལུས་ཀྱི་རྣམ་པར་རིག་བྱེད་དམ་ངག་གི་རྣམ་པར་རིག་བྱེད་དམ་ཅང་མི་སྨྲ་བར་འཇུག་པ་གང་ཡིན་པས་ལན་སྟེར་བར་བྱེད་ན་བསྐུར་བ་པོ་ལ་མིག་གི་རྣམ་པར་ཤེས་པས་སམ་རྣ་བའི་རྣམ་པར་ཤེས་པས་སམ་ཡིད་ཀྱི་རྣམ་པར་ཤེས་པས་གྲངས་ཇི་ལྟ་བར་བསྐུར་བ་

པོའི་ཁས་ལེན་པ་ལ་སྔ་མར་བརྗོད་པ་ལ་ཕྱང་ཡར་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་སྲིད་དུ་བསྟན་པར་འགྱུར་ཏེ། དབུས་དང་འབྲེལ་བའི་འཇུག་པ་དེ་གོ་བར་བྱེད་པ་ལ་བརྟེན་པའི་ལོ་རྒྱུས་ལ་དེའི་ཕྲིན་ལན་སྨྲ་བར་གོ་བར་བྱས་པའི་སྤྲིང་བར་བྱ་བས་བསྐུར་བ་པོ་འམ་སྨྲ་བ་པོ་འམ་གཞན་ལས་ཕྲིན་ལན།

ཐོས་པ་དང་བྱས་པ་ཉིད་ལ་བསྐུར་བ་ལ་ཕྱང་ཡར་ཉིད་དོ། །སྔ་མ་ལ་བརྗོད་ན་ཅི་ཡང་རུང་བའི་དོན་བསྒྲུབ་པ་ནི་འདིར་ཡན་ལག་གོ། །དེ་ལྟར་འདི་ནི་མ་ཡིན་ཏེ་དེས་ན་བསྐུར་བར་བྱེད་པ་པོས་བསྒྲུབ་པར་འགྱུར་རོ། །གང་གི་ཕྱིར་གལ་ཏེ་དེས་གོ་བར་མི་འགྱུར་ན་འདི་ནི་དེའི་ལན་སྟེར་བར་མི་འགྱུར་རོ། །འདིར་

เล่ม ๑๖๐ · หน้า 120b

གཞུང་ནི་དགེ་སློང་དེས་སྤྲིང་བ་རྣམ་པ་དེ་ལྟ་བུ་དེ་མནོས་ཏེ། ཕྲིན་ཕར་སྐྱེལ་བར་བྱེད་དམ་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཕྲིན་ཚུར་བསྐྱལ་བ་ལ་ལྟ་སྨོས་ཅི་དགོས་ཏེ་ཕྲིན་གཏོང་བ་ཙམ་ལ་ཡང་འདིར་དགེ་འདུན་གྱི་ལྷག་མའོ་ཞེས་བྱ་བ་འདིའི་དོན་ཏོ། །

གསུམ་པོ་དེ་དག་གི་བྱ་བ་ཉིད་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་འདིར་རྗེས་སུ་བསྒྲུབ་པར་བྱ་བའི་ཚིགས་གསུམ་པོ་གང་དག་སྔར་བསྟན་པ་ནོད་པ་དང་གོ་བར་བྱེད་པ་དང་བརྗོད་པ་ཞེས་བྱ་བ་ཚིགས་དེ་དག་གི་བྱ་བ་ཉིད་ཅེས་བྱ་བ་ནི་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་ནི་ཐ་དད་པ་ཉིད་དེ་སྦྱོར་བ་ཐ་དད་པ་ཉིད་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །དེ་བས་ན་སོ་སོར་འདི་རྣམས་ལ་སྦོམ་པོའི་ལྟུང་བའོ། །དེ་ལྟར་ན་འདི་རྣམས་ལ་རེ་རེ་དག་ལ་སྦོམ་པོའི་ལྟུང་བའོ། །ཉེས་པ་སྦོམ་པོར་གསུངས་པ་གང་ཡིན་པ་དང་། ཕྱི་མ་མེད་ན་ཡང་ཚིགས་སྔ་མ་ལ་ཉེས་པ་སྦོམ་པོར་གསུངས་པ་གང་ཡིན་པ་དེའི་འདི་བསྡུ་བའོ། །མི་ཉིད་ལ་མཐའི་བྱེད་པ་

པོ་ཉིད་མ་ཡིན་པ་ཡང་སྦྱོར་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ་མི་ཉིད་ནི་མི་ཉིད་དོ། །མིའི་འགྲོ་བ་པ་ཉིད་ཡོད་པར་གྱུར་པ་ལ་མངལ་ན་གནས་པ་དང་རྡེའུ་གསུམ་གཏོར་བ་ལ་སོགས་པར་ནོད་པ་དང་། ཕྲིན་ཕར་སྐྱེལ་ཚུར་སྐྱེལ་བ་རྣམས་ལ་ཡང་དག་པར་སྦྱོར་བ་མེད་པའི་ཕྱིར་སྤྲད་པར་བྱ་བ་ཐོབ་པ་ལ་

མི་མཐུན་པ་མེད་པས་དངོས་གཞི་ལ་བྱེད་པ་པོ་ཉིད་མ་ཡིན་ཡང་དེ་ལ་གནོད་པ་ལ་སོགས་པ་ཚིགས་གསུམ་པོ་འདི་རྣམས་ཡོད་པར་གྱུར་པ་ལ་སྦྱོར་བ་ཉིད་མ་ཡིན་ཏེ། འདི་ལྟར་སྦྱོར་བ་ཁོ་ན་ཡིན་ནོ། །དེ་ལ་ཉེ་བ་འཁོར་གྱིས་ཞུས་པ་ལས། མངལ་ན་གནས་པ་ལ་སོགས་པ་ལས་ཉེས་པ་སྦོམ་པོར་

གསུངས་པ་དང་། རྣམ་པར་འབྱེད་པ་ལས། རྡེའུ་གཏོར་བ་དང་། ཆོ་ག་བཏང་བ་གཉིས་ཀྱིས་ཉེས་པ་སྦོམ་པོར་གསུངས་པ་དེ་དག་གིས་འདིར་ལུང་གི་དོན་ཁོང་དུ་ཆུད་པར་བྱའོ། །གཉིས་ལ་སོགས་པ་རྣམས་ནི་དགེ་འདུན་ནས་བརྩམས་ཏེ་ཚིགས་འདི་རྣམས་ལ་ལྷན་ཅིག་པའི་དངོས་པོས་ཀུན་དུ་སྤྱོད་

པ་ལ་དེའི་སྦྱོར་བ་རྣམས་ལ་ཡང་རེ་རེ་དག་ལ་ལྟུང་བ་རྣམས་བསྐྱེད་པ་དེ་བརྗོད་པར་བྱ་བ་སྟེ། དེའི་ཕྱིར་འབྲས་བུ་གཅིག་ལ་བྱེད་པ་པོ་སོ་སོ་ལ་བྱ་བ་རྫོགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གཅིག་པའི་དངོས་པོ་ནི་གཅིག་པ་ཉིད་དེ། འབྲས་བུ་གཅིག་པ་ཉིད་ནི་འབྲས་བུ་གཅིག་པ་ཉིད་དོ། །ནོད་པ་

เล่ม ๑๖๐ · หน้า 121a

ལ་སོགས་པའི་ཚིགས་ཐམས་ཅད་དང་ལྷན་ཅིག་པའི་དངོས་པོས་གང་ཟག་མང་པོ་རྣམས་ཀྱིས་ཀུན་དུ་སྤྱོད་པ་ལ་ཕྲད་པ་ཞེས་བྱ་བའི་ཐ་མི་དད་པར་འབྲས་བུ་གཅིག་ཅེས་བྱ་བ་འབྲས་བུ་གཅིག་པ་ཉིད་ཀྱིས་འདིར་རེ་རེ་ཡང་ལྟུང་བ་འདི་རྣམས་བསྐྱེད་པ་ལ་མི་སྦྱོར་བ་ཡིད་ལ་འབྲེལ་པར་གྱུར་

ཅིང་འདྲེ་བར་མི་འགྱུར་ཏེ་ཞེས་བྱ་བ་འདི་ལྟར་འདི་བརྗོད་པའོ། །འོན་ཀྱང་བྱེད་པ་པོ་དང་བྱེད་པའི་ཕྱིར་བྱ་བ་རྫོགས་པ་ཉིད་དེ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་འབྲེལ་པ་ཉིད་དོ། །ལྟུང་བའི་བྱེ་བྲག་དེ་ལྟ་བུར་གྱུར་པ་ལ་རྒྱུ་ཡིན་ཏེ། འབྲས་བུའི་དབྱེ་བ་ནི་མ་ཡིན་ནོ། །གལ་ཏེ་དེ་ལ་འབྲས་བུ་གཅིག་པ་བྱེད་པ་པོ་རེ་རེ་

ལ་བྱ་བ་རྫོགས་པར་གནས་པ་ལ་རྒྱུ་ཡིན་པར་གྱུར་ན་འདི་ནི་དེ་ལྟར་འགྱུར་བ་ཡིན་ཏེ། དེ་ནི་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་མངགས་པ་ནི་རང་ཉིད་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་གནས་ངན་ལེན་སྨྲ་བ་ལ་སོགས་པ་ལ་མངགས་པ་ལྟ་བུ་ནི་མ་ཡིན་ཏེ། དེར་མངགས་པས་བྱས་པ་མ་ཡིན་པ་མི་

རང་གིས་བྱས་པ་འདྲ་བ་མ་ཡིན་པ་ལྟར་དེ་བཞིན་དུ་འདིར་མངགས་པ་གང་ཡིན་པ་དེ་རང་གིས་བྱས་པར་འགྱུར་རོ། །སྤྲད་པར་བྱ་བ་ཉིད་ཀྱིས་དེ་མངགས་པ་སྦྱིན་པར་འགྱུར་རོ། །གང་ཞིག་དེའི་མངགས་པས་སྤྲད་པར་བྱ་བ་ཉིད་ཀྱིས་བརྗོད་པར་འགྱུར་བ་གང་ཡིན་པ་དེ་ནི་མངགས་པ་ཉིད་ལའོ། །གང་དེ་བྱས་

པར་འགྱུར་བ་ལ་མངགས་པ་གང་ཡིན་པ་ཞེས་བྱ་བ་ནི་འདིར་རྣམ་པར་གཞག་པའོ། །མངགས་པའི་བདག་ཉིད་དུ་གྱུར་པ་དེ་མངགས་པ་ལ་རང་གི་མངགས་པ་ཉིད་ཁོ་བོ་ན་སྐྱེ་བར་འགྱུར་བ་ཡིན་གྱི་མངགས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའོ། །མངགས་པའི་མངགས་པ་ལ་སོགས་པ་ལ་ཡང་འདིས་བདག་ཉིད་

ཀྱིས་བྱས་པར་རིག་པར་བྱའོ། །དེ་གཉིས་ཀྱིས་བདག་པོ་དག་ནི་སྤྲད་པར་བྱ་བ་ཉིད་དང་འདྲའོ་ཞེས་བྱ་བ་ནི་སྤྲད་པར་བྱ་བ་སྟེ། བདག་པོ་དབང་བྱེད་པ་ལ་དེར་ངེས་པར་སྦྱོར་བ་བཟློག་པ་དང་སྦྱིན་པ་དང་ཀུན་དུ་ཆད་པ་རྣམས་ལ་ཅི་རིགས་པར་སྤྲད་པར་བྱ་བ་ཉིད་དོ། །འདིར་སྤྲད་པར་བྱ་བའི་ཁྱེའུ་དང་བུ་མོ་དེ་

གཉིས་ཀྱི་བདག་པོ་ཕ་མ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་དེ་ལ་བཟུང་བ་དང་སྨྲ་བ་གང་ཡིན་པ་དེར་སྤྲད་པར་བྱ་བ་ཉིད་ལས་དེ་དང་སྤྲད་པར་བྱ་བ་འམ་ཞེས་བྱ་བ་འདིར་ཤེས་པར་བྱའོ། །གཞན་ལ་བྱས་པ་ཉིད་ནི་ཉེས་བྱས་སོ་ཞེས་བྱ་བ་ལ་གཞན་ལ་ཞེས་བྱ་བ་ནི་བདག་པོ་མ་ཡིན་པ་ལའོ། །སྤྲད་པར་བྱ་བ་དབང་དུ་མི་

เล่ม ๑๖๐ · หน้า 121b

བྱེད་པ་ཉིད་གང་ཡིན་པ་དེ་ལས་མངགས་པ་སྤྲིང་བ་མནོད་པ་ལ་སོགས་པ་ལ་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །སྤྲིང་ཡིག་དང་ལག་ཡིག་དང་ཡུལ་ཕྱོགས་དང་བརྡ་དང་མཚན་མ་རྣམས་ནི་ཚིག་ཉིད་དང་འདྲའོ་ཞེས་བྱ་བ་ནི་འདིར་ཡོངས་སུ་ཐོབ་པ་བྱེད་པ་ཙམ་ལ་གཙོ་བ་ཉིད་དེ་འདིར་ཐོབ་པ་ལ་དོན་ཉིད་ཀྱི་

ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཡང་ཕུན་སུམ་ཚོགས་པ་འདི་ཡོངས་སུ་ཐོབ་པའི་ཕྱིར་རོ། །དེ་བས་ན་འདིར་སྤྲིང་ཡིག་ལ་སོགས་པ་རྣམས་ལ་ཚིག་ཏུ་གྱུར་པ་ཉིད་དེ་ན་སྨད་པར་བྱེད་པ་ཉིད་ནི་མ་ཡིན་ནོ། །ཇི་ལྟར་ཚིག་གིས་ཇི་ལྟར་བསྟན་པའི་དོན་ཡོངས་སུ་ཐོབ་པས་ལྟུང་བ་དེ་བཞིན་དུ་སྤྲིང་ཡིག་ལ་

སོགས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །འདིར་མཚན་མ་ནི་གང་མཐོང་ནས་སོ་སོར་གོ་བ་སྟེ། དཔེར་ན་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པ་འམ་གོས་དམར་སེར་གྱོན་པ་ཉིད་དམ་ཡན་ལག་དང་འབྲེལ་པའི་ཤིང་དཔུང་ཆད་ལྟ་བུའོ། །ཡུལ་ནི་ས་ཕྱོགས་ཏེ་སྐྱེད་མོས་ཚལ་ལ་སོགས་པའོ། །

བརྡ་ནི་དངོས་པོ་ཅུང་ཟད་མ་ཡིན་པར་གྱུར་པའི་མཚན་མ་སྟེ། དཔེར་ན་སྔ་དྲོ་འམ་ཉི་མ་ཕྱེད་དམ་ཕྱི་དྲོ་ཞེས་བྱ་བའི་དུས་ཀྱི་རྣམ་པར་གཞག་པའོ། །བརྡ་ནི་བརྡའི་ཡུལ་ཉིད་ཀྱི་ཕྱིར་འདིར་བརྡས་བརྗོད་པའོ། །འདིར་ཐམས་ཅད་དུ་བརྡའི་དབང་གིས་གོ་བར་གྱུར་པ་སྟེ། འདིར་ནི་ཅུང་ཟད་མ་ཡིན་པར་གྱུར་པ་

ཉིད་ཀྱི་ཕྱིར་བརྡ་ཙམ་གྱི་དབང་ཉིད་ཞེན་པར་བྱས་ནས་བརྗོད་པ་འདི་བྱས་སོ། །འདིར་གཞུང་ནི་རྒྱུ་གསུམ་གྱིས་མངགས་པ་ལ་ཕྲིན་བསྐུར་བར་འགྱུར་གྱི་ཚུར་སྐྱེལ་བ་ནི་མ་ཡིན་ནོ། །གསུམ་གང་ཞེ་ན། ཡུལ་ཕྱོགས་དང་། བརྡ་དང་མཚན་མས་སོ་ཞེས་བྱ་བ་ལ་སོགས་པའོ། །སྨད་འཚོང་མ་ནི་མི་

མཐུན་པ་ཉིད་དོ་ཞེས་བྱ་བ་ནི་དེའི་སྐད་ཅིག་ལ་ཕྲད་པའམ། ལན་བདུན་དུ་ཕྲད་པའི་ཆུང་མ་བརྗོད་པ་སྟེ། ཡུན་ཐུང་ངུ་ཕྲད་པ་ཞེས་བྱ་བ་འདིར་འདིའི་དོན་ཤེས་པ་ཡིན་ནོ། །བཤད་པ་ཡང་དེ་བཞིན་དུ་སྟེ། དེའི་སྐད་ཅིག་ལ་ཕྲད་པ་ནི་ཡུད་ཙམ་ཕྲད་པ་བརྗོད་པ་ཡིན་ནོ། །སྨད་འཚོང་མའི་དེའི་ལུས་

ཀྱི་དོན་དུ་ཉེ་བར་གཟུང་བ་ཞེས་བྱ་བ་ནི་འདིའི་རྣམ་པར་གཞག་པར་འགྱུར་རོ། །ཐམས་ཅད་ཀྱིས་ཐམས་ཅད་དུ་ཉེ་བར་གཟུང་བ་ལ་དེའི་སྐད་ཅིག་ཙམ་དུ་ཕྲད་པ་ཉིད་མེད་པའི་ཕྱིར་རོ། །གཞན་གྱིས་ཡོངས་སུ་བཟུང་བ་ལ་ཆུང་མ་ཉིད་མེད་པས་འདི་ནི་ཁ་དུམ་པ་ཡིན་ཏེ། དེ་ལ་སྨད་འཚོང་བ་ཉིད་དུ་ཐོབ་

เล่ม ๑๖๐ · หน้า 122a

པ་ཡོད་པར་གྱུར་པ་ལ་དུས་ཐམས་ཅད་དུ་ཐམས་ཅད་ཀྱི་ཕྱིར་སྨད་འཚོང་མ་ལ་ཆུང་མ་ཉིད་དུ་ཤེས་པར་འགྱུར་རོ་ཞེས་བྱ་བ་མ་ཕྲད་པ་ཉིད་འདི་ལ་འདིར་ཤེས་པར་རྣམ་པར་གནས་པ་ཡིན་ནོ། །དེའི་འདི་ནི་བསྡུ་བའོ། །འདི་ནི་ཀུན་དུ་སྦྱར་བར་གྱུར་པ་ཞེས་བྱ་བ་ཤེས་པར་བྱ་བ་ཡང་མ་ཡིན་ཏེ།

འདི་ལ་ལུས་འདུད་པ་མེད་པའི་ཕྱིར་རོ། །བདག་པོ་ཉིད་མ་ཡིན་པས་བཞི་པ་མན་ཆད་ཞུགས་པ་ཉིད་དོ་ཞེས་བྱ་བ་ནི་བཞི་པ་མན་ཆད་འཇུག་པ་ཉིད་གང་ཡིན་པ་བདག་པོ་ཉིད་མ་ཡིན་པས་བདག་གིས་ཉིད་ཁས་བླངས་པས་ནི་མ་ཡིན་པར་འཇུག་པ་ཉིད་གང་ཡིན་པ་དེ་ཡང་མི་འཐོབ་པ་མེད་པར་གླ་མེད་པར་

འདོད་པ་ཙམ་གྱི་དབང་གིས་དོན་དུ་གཉེར་བ་མེད་པར་སྨད་འཚོང་མ་ལ་འཇུག་པ་གང་ཡིན་པ་གཞན་ལ་ཡང་དེ་ནི་ཆོ་ག་འདིའི་ཡུལ་བཞི་པོ་ལ་སྐྱེས་པར་འགྱུར་རོ། །བཞི་པོ་མ་ཡིན་པ་ལ་བདག་ཉིད་དུ་གྱུར་པ་ཉིད་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་འདིར་མི་རིགས་པའོ། །འདིར་ཁ་དུམ་པའི་ཚིག་

གང་ཡིན་པ་དེ་ལ་ནི་འདི་བསྡུ་བའོ། །གང་ཞིག་ཡང་ཉེ་བ་འཁོར་གྱིས་ཞུས་པ་ལས། དགེ་སློང་གིས་ལན་གྲངས་གཉིས་ལས་ལྷག་པ་ལ་སྤྲིང་བ་མནོས་ཏེ། ཕྲིན་ཕར་སྐྱེལ་ཚུལ་སྐྱེལ་བགྱིད་ན་ལྟུང་བ་ཅིར་འགྱུར། དགེ་འདུན་ལྷག་མར་རོ། །དགེ་སློང་གིས་ལན་གྲངས་མང་པོ་ལས་ལྷག་པ་

ལ་སྤྲིང་བ་མནོས་ཏེ། ཕྲིན་ཕར་སྐྱེལ་ཚུར་སྐྱེལ་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་གསུངས་པ་ཡང་བསྡུས་པ་ཡིན་ནོ། །དེ་ཁྱད་པར་འདི་དང་བཅས་པ་ལ་འདི་བསྡུ་བའོ། །བདག་ཏུ་གྱུར་པ་དང་བཅས་པ་མ་ཡིན་པའི་བསམ་པ་ཁ་དུམ་པ་ཉིད་ཀྱིས་ཞེས་བྱ་བའི་ཚིག་འདིའོ། །

དེ་བས་དྲི་བ་བརྗོད་པ་ཤེས་པར་བྱའོ། །འདིར་ལན་གྲངས་ཞེས་བྱ་བ་ལ། ལན་ཞེས་བྱ་བ་ནི་རེས་ལ་བྱའོ། །ལན་གྱིས་དོན་དེའི་ཡང་དང་ཡང་དུ་གོམས་པ་ནི་ལན་གྲངས་ཞེས་བྱའོ། །ལན་གྲངས་གཉིས་ཕྲད་པའི་རེས་གྲུབ་པ་དེ་ནི་ལན་གྲངས་གཉིས་ཞེས་བྱའོ། །གང་ལན་གྲངས་མང་དུ་

ཕྲད་པའི་རེས་གྲུབ་པ་དེ་ནི་ལན་གྲངས་མང་ངོ་ཞེས་བྱ་བ་སྟེ་གསུམ་པའོ། །འདིར་གསུམ་པ་ལན་གྲངས་མང་བ་ཉིད་ཀྱིས་སོ། །འདིར་གཉིས་ཀ་དག་ཀྱང་སྤྲིང་བ་མནོས་པ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བ་ནི་བཞི་པ་མན་ཆད་ཅེས་བྱ་བ་གསུངས་སོ། །འཐབས་པ་ཉིད་ནི་ཉམས་པ་

เล่ม ๑๖๐ · หน้า 122b

ཉིད་དོ་ཞེས་བྱ་བ་ནི་མཐུན་པ་ཉིད་ཅེས་བྱ་བར་སྦྱར་རོ། །འདིར་འཐབས་པའི་སྐད་ཅིག་མ་དང་པོ་ལ་ནི་འདས་པ་ཉིད་དུ་བརྗོད་དེ། དེའི་རྗེས་ལ་འཐབས་པའི་གནས་སྐབས་ལ་ཡང་ཉམས་པ་ཉིད་འདི་གང་ལ་མཛའ་གཅུགས་ཉམས་པའི་དོན་དུ་ནི་ཚིག་འདིའོ། །དེ་བས་ན་འཐབས་པ་མེད་

པར་ཡང་ཕྲ་མ་ལ་སོགས་པས་མཛའ་གཅུགས་ཉམས་པར་གྱུར་པ་དེ་ལ་ནི་མཐུན་པ་ཉིད་ཉམས་པ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གིས་ཆུང་མ་ཐ་མ་བཞི་པོ་དེའི་དེ་མ་ཐག་ཏུ་འཐབས་པའི་འོག་ཏུ་སྡུམ་བྱེད་ཅིང་མཐུན་པར་འགྱུར་ཏེ། ཚོགས་པ་རྙེད་ན་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ་ཞེས་

གསུངས་པ་ཡིན་ནོ། །འདིར་དེའི་འོག་ཏུ་དང་དེ་མ་ཐག་པའི་ཚིག་འདི་མཛའ་གཅུགས་ཉམས་པ་གསལ་བ་ཉིད་ཐོབ་པའི་དོན་དུའོ། །དེ་བས་ན་དེའི་འོག་ཏུ་འཐབས་པ་ཉིད་དང་ཡུན་རིང་པོར་འཐབས་པ་ཉིད་ལ་འདིས་ཉམས་པར་མ་བྱས་པ་ཉིད་ཅེས་བྱ་བ་ཤེས་པར་མི་བྱ་སྟེ་དེའི་ཕྱིར་འདི་ལ་སྨད་

པར་བྱའོ། །གལ་ཏེ་དེ་དབང་བ་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་གང་དུ་འདི་ལ་ཕྲད་པ་དེ་གལ་ཏེ་དེ་ནི་དེའི་དབང་དུ་འགྱུར་རོ། །ཆུང་མ་མ་ཡིན་པ་ཞེས་བྱ་བ་རྗེས་སུ་བཅུག་པ་ཉིད་ལ་ཉམས་པ་ཉིད་དེ་འཐབས་པ་ཙམ་འགའ་ཞིག་གིས་དེ་ཉམས་པར་མ་ཟད་དོ། །འཐབས་པ་ཉིད་ཀྱི་

མོད་ལ་དང་། འོག་ཏུ་དང་དུམ་པ་བཅད་པ་ཉིད་དང་རྡེའུ་གསུམ་གཏོར་བ་ཉིད་དང་ཆོ་ག་བཏང་བ་ཉིད་དང་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་དང་། དྲིལ་བསྒྲགས་པ་ཉིད་དག་ནི་སྲོག་དང་ལྡན་པ་ཉིད་དག་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྤྲད་པར་བྱ་བ་སྲོག་དང་ལྡན་པ་ཉིད་ཇི་སྙེད་སྤྲད་པར་འདོད་པ་དེ་

རྣམས་ལ་ལྟུང་བ་དེ་སྙེད་པ་དེ་རྣམས་དེ་བཞིན་དུ་བསྐྱེད་པའོ། །དེའི་འོག་ཏུ་འཐབས་པ་ལ་སོགས་པའི་ཆོས་ཇི་ཙམ་པ་འདི་རྣམས་ཡོད་པར་གྱུར་པ་ལ་འཇུག་པ་དེ་སྙེད་རྣམས་ལ་ཞེས་བྱ་བ་འདི་ལ་དེ་སྟོན་པའོ། །བར་དུ་བསྒྲིབ་པ་བཞིན་དུ་འདི་རྣམས་ལ་ཡིད་ལ་གནས་པ་ལས་སོ་སོར་འདའ་བར་བྱེད་

པ་ལ་ལྟུང་བ་སྐྱེད་པར་བྱེད་པའོ། །དེ་བས་ན་འདི་རྣམས་ཡང་དག་པར་ཤེས་ཤིང་འདིས་ཞེས་བྱ་བ་ཤེས་པར་བྱའོ། །དེའི་དུས་ལ་དེའི་རྗེས་ཀྱིས་སྒྲ་རིགས་པར་བྱའོ། །ཇི་ལྟར་དེའི་འོག་ཏུ་སྤངས་པ་ཞེས་བྱ་བ་ལྟ་བུའོ། །དེའི་དང་པོ་གསུམ་ལ་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་སྔར་

เล่ม ๑๖๐ · หน้า 123a

བསྟན་པའི་ཆུང་མ་དེ་དབང་བ་དེའི་དང་པོ་གསུམ་པོར་འཐབས་པ་ཉིད་ཀྱི་མོད་ལ་དང་འོག་ཏུ་དང་། དུམ་པ་བཅད་པ་ཉིད་ལ་ཏི་ལི་ཏིན་ཏ་ལི་ཀ་དུམ་པ་བཅད་པ་ཉིད་ལ་ནི་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ། །བྱེད་པ་པོ་ཉིད་ལ་གསུམ་པོ་ཉིད་ཀྱིས་སྦྱོར་བ་ཉིད་འདི་ལ་ཡོད་པ་མ་

ཡིན་ཏེ། དེ་བས་ན་སྦོམ་པོའི་ལྟུང་བ་ལ་ནི་འདིར་སྐུར་པ་འདེབས་པའོ། །འདིར་གཞུང་ནི་དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་འཐབས་པའི་མོད་ལ་ཡིན་པ་འཐབས་པའི་འོག་མ་ཡིན་པ་དང་། ཏི་ལི་ཏིན་ཏ་ལི་ཀ་དུམ་

པ་མ་བཅད་པ་དང་། རྡེའུ་གསུམ་མ་གཏོར་བ་དང་། ཆོ་ག་མ་བཏང་བ་དང་། ཆུང་མ་མ་ཡིན་པར་མ་བསྒྲགས་པ་དང་། དྲིལ་མ་བསྒྲགས་པ་དག་གིས་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ་འཐབས་པའི་མོད་ལ་དང་འཐབས་པའི་

འོག་ཏུ་ཡིན་ལ་ཏི་ལི་ཏིན་ཏ་ལི་ཀ་དུམ་པ་བཅད་པ་མ་ཡིན་ལ། ཇི་སྲིད་དྲིལ་མ་བསྒྲགས་པའི་བར་དག་གིས་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གཉིས་སུ་འགྱུར་རོ། །དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་འཐབས་པའི་མོད་ལ་དང་། ཏི་ལི་ཏིན་ཏ་ལི་ཀ་དུམ་པ་བཅད་པ་ནས་ཇི་སྲིད་རྡེའུ་གསུམ་

མ་གཏོར་གྱི་བར་ལ་དེ་སྲིད་དུ་སྔར་བཞིན་དུ་ཉེས་བྱས་གསུམ་དུ་འགྱུར་རོ། །དགེ་སློང་ཆུང་མ་སྔ་མ་གསུམ་པོ་འཐབས་པའི་མོད་ལ་དང་། ཇི་སྲིད་དུ་རྡེའུ་གསུམ་གཏོར་བ་ཡིན་ལ། ཆོ་ག་མ་བཏང་བ་ནས་དེ་སྲིད་དུ་ཉེས་བྱས་གསུམ་དང་སྦོམ་པོ་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་

འཐབས་པའི་མོད་ལ་དེ་ཇི་སྲིད་དུ་ཆོ་ག་བཏང་བ་ཆུང་མ་མ་ཡིན་པར་མ་བསྒྲགས་པ་དེ་སྲིད་དུ་ཉེས་བྱས་གསུམ་དང་སྦོམ་པོ་གཉིས་སུ་འགྱུར་རོ། །དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་ཇི་སྲིད་དུ་ཆུང་མ་མ་ཡིན་པར་བསྒྲགས་ནས་དྲིལ་མ་བསྒྲགས་པ་དག་གིས་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་

གསུམ་དང་སྦོམ་པོ་གཉིས་དང་དགེ་འདུན་ལྷག་མ་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་ཆུང་མ་སྔ་མ་ནས་ཇི་སྲིད་དྲིལ་བསྒྲགས་པའི་བར་དག་གིས་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་སྦོམ་པོ་གཉིས་དང་དགེ་འདུན་ལྷག་མ་གཉིས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་འདིའམ་

เล่ม ๑๖๐ · หน้า 123b

འདི་མི་སྤྲད། གྱོས་པོའི་གན་དུ་མི་འགྲོ་མི་བཀྲི་ཞེས་ཟེར་བ་དག་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་རོ། །འདི་འམ་ཞེས་བྱ་བ་སྐྱེས་པའི་རྟགས་ཀྱིས་གནས་ལ་འདི་ཞེས་བྱ་བ་བུད་མེད་ཀྱི་རྟགས་བལྟ་བར་བྱའོ། །ཅིའི་ཕྱིར་འདི་

འམ་འདི་མི་སྤྲད་གྱོས་པོའི་གན་དུ་མི་འགྲོའོ་ཞེས་བྱ་བ་ནི་ཅིའི་ཕྱིར་བྱ་བ་དང་སྦྱར་རོ། །འདི་ནི་ཅིའི་ཕྱིར་གྱོས་པོའི་གན་དུ་མི་འགྲོ་མི་བཀྲི་ཞེས་ཟེར་བ་འདི་ལ་ཡང་། ཅིའི་ཕྱིར་འདི་གྱོས་པོའི་གན་དུ་མི་འགྲོ་མི་བཀྲི་ཞེས་པའི་སྒྲ་ནི་རབ་ཏུ་དབྱེ་བ་ཉེ་བར་བསྟན་པའི་དོན་དུའོ། །ཅིའི་ཕྱིར་བུ་མོ་འདི་མི་སྤྲད། ཅིའི་ཕྱིར་ཁྱེའུ་འདི་

གྱོས་པོའི་གན་དུ་མི་འགྲོ། །ཅིའི་ཕྱིར་བུ་མོ་འདི་གྱོས་པོའི་གན་དུ་མི་འགྲོ་ཞེས་བྱ་བ་རྣམ་པ་དེ་ལྟ་བུ་དག་སྨྲ་བ་རྣམས་ལ་ཉེས་བྱས་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།མངལ་ན་གནས་པ་དང་མེད་པ་དང་ངེས་པ་དང་མི་བརྟེན་པ་དང་།

ཉོས་པ་དང་མཐུན་པ་དང་བདག་གི་སྨྱན་བྱེད་པ་ནི་སྦོམ་པོའོ་ཞེས་བྱ་བ་ལ། སྨྱན་གྱི་ལས་ནི་སྨྱན་བྱེད་པའོ། །སོ་སོར་འདི་ལ་མངལ་ལ་སོགས་པ་རྣམས་ལ་ཉེ་བར་ལྟུང་བའོ། །མངལ་ན་གནས་པ་དང་མེད་པ་དང་ངེས་པ་དང་མི་བརྟེན་པ་དང་ཉོས་པ་དང་མཐུན་པ་དང་བདག་ནི་དེ་རྣམས་ཉིད་ཡིན་ཏེ།

དེ་རྣམས་ཀྱི་སྨྱན་བྱེད་པ་ནི་སྦོམ་པོར་འགྱུར་རོ། །དེ་ལ་མངལ་དང་མི་མཐུན་པའི་རབས་འབྱུང་བའི་ཕྱིར་འདིར་གང་དག་གིས་ཚར་གཅོད་པ་དེ་ནི་མེད་པ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །དེའི་མཐུན་པ་ཉིད་ཀྱིས་དེའི་སྨྱན་བྱེད་པར་རིག་པར་བྱའོ། །དེ་བཞིན་དུ་མངལ་ལ་ཡང་སྟེ་མངལ་ན་གནས་པའི་སྨྱན་བྱེད་པ་ལ་

ནི་སྦོམ་པོའི་ལྟུང་བ་ཞེས་གསུངས་པ་ཡིན་ནོ། །འདིར་གཞུང་ནི་སྦྲུམ་མ་གཅིག་ནི་བུ་མོའི་སྦྱར་ཏེ། གཉིས་པ་ནི་ཁྱེའུ་ལ་དེ་དག་གི་སྨྱན་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་བདག་བུ་མེད་པ་རྣམས་ཀྱི་སྨྱན་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་

པོར་རོ་ཞེས་གསུངས་པ་ཡིན་ནོ། །ངེས་པ་དང་ཞེས་བྱ་བ་ནི་དེ་དག་གི་སྨྱན་བྱེད་ན་སྦོམ་པོའོ། །དགེ་སློང་མ་ལ་སྨྱན་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །བརྟུལ་ཞུགས་ལ་གནས་པ་གཞན་ཐམས་ཅད་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །མི་བསྟེན་པ་

เล่ม ๑๖๐ · หน้า 124a

ཞེས་བྱ་བ་ནི་སྨྱན་བྱེད་པ་ལ་ཟ་མ་དང་མ་ནིང་ཕོ་དང་མ་ནིང་མོ་དག་ནི་སྨྱན་བྱེད་ན་ལྟུང་བ་ཅིར་འགྱུར། ཐམས་ཅད་ཉེས་པ་སྦོམ་པོ་ཞེས་གསུངས་པ་ཡིན་ནོ། །འདི་རྣམས་བསྟེན་པ་ལ་མོའི་དབང་པོའམ་ཕོའི་དབང་པོ་ཡོད་པ་མ་ཡིན་ཏེ། དེ་བས་ན་ཟ་མ་ལ་སོགས་པ་མི་བསྟེན་པ་རྣམས་

སོ། །འདིར་གཞུང་ནི་བུད་མེད་ཉོས་པ་ལ་སྨྱན་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །མཐུན་པའི་སྨྱན་བྱེད་ན་དགེ་སློང་གིས་སྤྲིང་བ་མནོས་ཏེ་ལན་གྲངས་མང་པོ་འཕྲིན་ཕར་སྐྱེལ་བ་དང་ཚུར་སྐྱེལ་བར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་

པ་ཡིན་ནོ། །བདག་གི་སྨྱན་བྱེད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕྱིར་བདག་ཉིད་སྨྱན་བྱེད་ན་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །ཕྲིན་ཕར་སྐྱེལ་བའི་ཚིག་ལ་བདག་ཉིད་ལ་སྨྱན་བྱེད་པ་ལ་སྦོམ་པོའི་ཚིག་འདིའོ། །ནོད་པ་དང་ཚུར་སྐྱེལ་བ་དག་འདིར་མེད་པའི་ཕྱིར་དང་ཕྲད་པ་ལ་ཡང་ཕམ་པར་

འགྱུར་གྱི། ལྷག་མ་མེད་པའི་ཕྱིར་མི་བསྟེན་པའི་མཐའ་ཅན་རྣམས་ལ་ནོད་པ་ལ་སོགས་པའི་ཚིག་གསུམ་པོ་འདི་ཡོད་པ་ལ་སྦོམ་པོ་སྟེ། འདི་ལྟར་ཕྲད་པ་འཇུག་པ་མེད་པའི་ཕྱིར་རོ། །ངེས་པ་དང་མི་བསྟེན་པ་དག་སྦོམ་པོའོ། །མངལ་མེད་པ་དག་ལ་ཁུངས་གཞན་གྱི་དབང་ཉིད་ཀྱི་ཕྱིར་རྙེད་པ་

འཇུག་པ་ཡང་ནམ་མཁའི་ཞགས་པ་བཞིན་དུ་མི་འཇུག་པ་ཉིད་དུ་ཡིད་ལ་ངེས་པར་འབྲེལ་པ་ཡིན་ནོ། །ངེས་པར་སྐྱེས་པ་ཉིད་ལ་སླར་འདིར་ཁུངས་དྲང་བར་བྱ་སྟེ། འདི་ལ་ཁྱོད་ཀྱིས་ནུ་མོ་འདི་སྦྱིན་པར་བྱ་སྟེ་གཞན་ལ་ནི་སྦྱིན་པར་མི་བྱའོ་ཞེས་ཟེར་རོ། །ཉོས་པ་དང་མཐུན་པ་དག་ལ་ཕྲད་པ་ལ་ཡང་

དེའི་དབང་ཉིད་ཀྱིས་ཐོབ་པའི་རྣམ་པ་ཉིད་ཀྱི་ཕྱིར་སྦོམ་པོ་ཉིད་དེ་དགེ་འདུན་ལྷག་མ་ནི་མ་ཡིན་ནོ། །སྐད་སྦྱར་བ་ཉིད་སྟོན་ནའོ་ཞེས་བྱ་བ་ནི་འདིར་ཤུགས་ཀྱིས་ཕྲད་པའི་དོན་དུ་ཞེས་བྱ་བ་འོག་ཏུ་ཡང་རྟོགས་པར་བྱའོ། །སྟོན་པ་ཡོད་པར་གྱུར་པ་ལ་སྐད་སྦྱར་བ་གང་ཡིན་པ་ཕྲད་པའི་དོན་དུ་དེར་སྦོམ་པོ་ཞེས་

བྱ་བའི་དོན་ཏོ། །འདིར་གཞུང་ནི་སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་ནས་དེས་དགེ་སློང་ལ་འདི་སྐད་ཅེས་འཕགས་པ་བུད་མེད་ཅིག་མཐོང་ངམ་ཞེས་མཆི་བ་ལ། དེས་འདི་སྐད་ཅེས་རྩིག་པ་འདིའི་དྲུང་ན་འདུག་གོ་ཞེས་བགྱིས་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་ཞེས་གསུངས་པ་ཡིན་ནོ། །

เล่ม ๑๖๐ · หน้า 124b

འཐབ་ཀྲོལ་གྱིས་འཕྲོག་ཏུ་བཅུག་ནའོ་ཞེས་བྱ་བ་ལ་འདི་ནི་སྨྱན་བྱེད་པ་ལ་མ་ཡིན་ཏེ་ཞེས་བྱ་བ་འདིར་དངོས་གཞི་མི་སྐྱེད་པའོ། །འདིར་གཞུང་ནི་འཐབ་ཀྲོལ་ཅན་གྱིས་འཕྲོག་ཏུ་བཅུག་ན་ཉེས་པ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །ཆུང་མ་འམ་བུད་མེད་ཆེ་གེ་མོ་ཉོས་ཤིག་ཅེས་ཟེར་

ནའོ་ཞེས་བྱ་བ་ནི་གཞུང་ཁ་ཅིག་ལས་འདི་ཉོས་ཤིག་ཅེས་མཆི་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །གཞུང་ཁ་ཅིག་ལས་བུད་མེད་ཆེ་གེ་མོ་ཉོས་ཤིག་ཅེས་མཆི་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་འདི་གཉིས་ཀ་ཡང་རིགས་པར་འགྱུར་བ་ཉིད་ཀྱི་ཕྱིར་

བསྡུས་པ་ཡིན་ནོ། །བུད་མེད་ཅེས་ཟེར་ན་ཉེས་བྱས་སོ་ཞེས་བྱ་བ་ནི་ཉོས་ཤིག་ཅེས་བྱ་བར་སྦྱར་རོ། །འདིར་བཙུན་པ་དགེ་སློང་གིས་འདི་སྐད་ཅེས་བུད་མེད་ཉོས་ཤིག་ཅེས་བགྱི་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ། །ཚིག་འདི་ནི་ཤིན་ཏུ་མ་ངེས་པའི་ཁྱད་པར་དང་ལྡན་པ་སྟེ།

ཁྱད་པར་མངོན་པར་ངེས་པར་བསྟེན་པ་རྒུད་པ་ལ་ཤིན་ཏུ་བསྟན་པ་ཉིད་ཅེས་བྱ་བ་འདི་ལྟར་སྨད་པའོ། །རྙེད་མོད་ཅེས་བྱ་བ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲས་ནི་སྨྲས་ན་ཉེས་བྱས་སོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་རོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་སྐྱེས་པས་བུད་མེད་དང་ལྷན་ཅིག་

བརྡ་བགྱིད་པ་ན་དགེ་སློང་དེར་མཆིས་ནས་འདི་སྐད་ཅེས་རྙེད་མོད་ཅེས་མཆིས་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཅིའི་ཕྱིར་ཁྱེའུ་འདི་མི་སྤྲད་ཅེས་བྱ་བ་ལ་སོགས་པའི་རྣམ་པ་ཚིག་འདི་སྟེ། དེ་བས་ན་ཉེས་པ་སྦོམ་པོར་སྨྲས་པས་ཉམས་པ་ཉིད་ཤེས་ནས་ཉེས་བྱས་ཞེས་

བྱ་བ་མདོར་བྱས་པ་ཡིན་ནོ། །གང་གི་ཕྱིར་འདི་ནི་ངེས་པ་མ་ཡིན་ཏེ། བརྗོད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ན་སྨད་པ་ཉིད་འདིར་རབ་ཏུ་སྦྱར་བའོ། །སྨྱན་བྱེད་པ་ཞུ་བའི་སྐབས་སོ།། །།བྱིན་པ་ལས་དོར་བྱས་པ་སྤྲད་པས་ནི་སྦོམ་པོའོ་ཞེས་བྱ་བ་ལ། བྱིན་པ་ལས་དོར་བྱས་པ་ཞེས་བྱ་བ་ནི་སྔར་བྱིན་ཟིན་

པ་ཉིད་ལ་ཕྱིས་དོར་བྱེད་དེ་བུ་མོ་འདི་ངས་མ་བྱིན་ནོ་ཞེས་འདའ་བར་བྱེད་པ་གང་ཡིན་པ་དེ་ནི་སྤྲད་ཅིང་སླར་སྦྱིན་དུ་བཅུག་ནས་ཕྲད་ན་སྦོམ་པོའོ། །ཆོས་ཀྱི་ཕུང་པོ་མངོན་དུ་བཏང་སྟེ་བོས་པས་སོ་ཞེས་བྱ་བ་ནི་དགེ་འདུན་མཆོད་སྟོན་གསོལ་བ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བསོད་སྙོམས་ཀྱི་རྒྱུ་མཚན་གྱི་ཕྱིར་བུད་མེད་

เล่ม ๑๖๐ · หน้า 125a

ཀྱིས་སྐྱེས་པ་ལ་མངགས་པའི་ཚིག་གིས་གཞན་བོས་ནས་དེས་ཕྲད་ན་སྦོམ་པོའོ། །འདིར་གཞུང་ནི་འཕགས་པ་ཁྱིམ་བདག་ཆེ་གེ་མོ་ལ་འདི་སྐད་ཅེས་ཚུར་ཤོག་ཤིག་ཅེས་སྨྲ་ནུས་སམ། དེས་སྨྲས་པ། གལ་ཏེ་ཁྱོད་དགེ་འདུན་ལ་མཆོད་སྟོན་བྱེད་པ་ལྟ་ན་ནུས་ཏེ་དེར་དེ་བོད་དོ། །

དེས་དེ་ལ་རྒྱུ་བྱིན་པ་དང་དགེ་སློང་དེས་མཆོད་སྟོན་བཤམས་ནས་ཁྱིམ་བདག་དེ་འབོད་པ་བཏང་བ་དང་། དེ་གཉིས་ཕྲད་པར་གྱུར་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དོན་གཞན་དང་ལྡན་པས་

ཀྱང་ངོ་ཞེས་བྱ་བ་ལ་ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་འབོད་ན་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཏེ། ཆོས་ཀྱི་ཕུང་པོ་ལས་གཞན་པའི་དོན་ནི་ཁྱོད་ཀྱི་ཁྱིམ་མི་མོ་འདི་ཡིན་ཏེ། སྐྱེ་བོ་འདི་ཡང་དོན་ཐམས་ཅད་ལ་སྐྱོང་བ་ཞེས་བྱ་བ་ལ་སོགས་པ་ཉེ་བར་དགོངས་ནས་བོས་ཏེ་ཕྲད་ན་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ། །

འདིར་གཞུང་ནི་འཕགས་པ་སྣ་ཆེན་པོ་ལ་གཏོགས་པ་ཆེ་གེ་མོ་ལ་འདི་སྐད་ཅེས། འདི་ནི་ཁྱོད་ཀྱི་ཁྱིམ་མོ་འདི་ནི་ཁྱོད་ཀྱི་མི་སྟེ། དོན་ཐམས་ཅད་ལ་བསྐྱང་བར་བྱ་དགོས་ཀྱིས་ཚུར་ཤོག་ཤིག་ཅེས་སྨྲ་ནུས་སམ། དེས་ནུས་སོ་ཞེས་སྨྲས་ནས་སོང་སྟེ། སྨྲས་པ་དང་དེ་གཉིས་ཕྲད་པར་གྱུར་ནས་དགེ་

སློང་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་ཞེས་བྱ་བས་སྐྱོན་ཆགས་པ་མེད་པར་སེམས་ཅན་ལ་བསྣུན་པ་ཡང་མ་འཕངས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལས་ཀ་བ་ལ་བསྣུན་པས་བསྣུན་པར་མི་བྱའོ་ཞེས་བྱ་

བ་འདི་འམ་གཞན་ལ་ལ་གང་ཡིན་པ་ཞེས་བྱ་བའི་ཚིག་དེས་སྐྱོན་ཆགས་པ་མེད་པར་བརྡེག་པ་པོའི་བསྣུན་པ་སྟེར་དུ་འཇུག་པ་ལ་སེམས་ཅན་ལ་འཕངས་པ་ཉིད་མ་ཡིན་ནོ། །ཇི་ལྟར་ཤིང་ལ་སོགས་པ་ལ་བསྣུན་པས་བསྣུན་པ་ལ་ཉེས་བྱས་སུ་འགྱུར་བ་བཞིན་དུ་སྐྱོན་ཆགས་པ་མེད་པའི་སེམས་ཀྱིས་སེམས་

ཅན་ལ་བསྣུན་པས་སྣུན་པར་བྱེད་པ་ལས་ཀྱང་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །སྐྱོན་ཆགས་པ་མེད་པའི་སེམས་ཀྱིས་སེམས་ཅན་ལ་སྣུན་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ལྟུང་བར་གསུངས་པ་ཡིན་ནོ། །ལྟུང་བ་ལ་འདིར་གཞུང་ནི་ཁྱིམ་བདག་གིས་བུད་མེད་ལ་སྨྲས་པ་ཁོ་བོ་ལ་སྐབས་ཕྱེ་ཤིག །དེས་

เล่ม ๑๖๐ · หน้า 125b

སྨྲས་པ། ཁོ་མོ་མི་ཁོམ་མོ། །སྨྲས་པ་ཁྱོད་དུས་གང་གི་ཚེ་ཁོམ་པར་འགྱུར་བ་ཁོ་བོས་ཇི་ལྟར་ཤེས་པར་བྱ། སྨྲས་པ། ཁོ་མོའི་ཁྱིམ་ན་དགེ་སློང་ཁྱིམ་དུ་ཉེ་བར་འགྲོ་བ་ཡོད་དེ། དེས་ཁྱེད་ཀྱི་རྒྱབ་ཏུ་ཁུ་ཚུར་སྣུན་པར་བྱེད་ནའོ། །དེ་ནས་དགེ་སློང་དེ་ཁྱིམ་དེར་ཞུགས་པ་ན་དེ་ལ་བུད་མེད་དེས་

སྨྲས་པ། འཕགས་པ་ཁྱིམ་བདག་ཆེ་གེ་མོའི་རྒྱབ་ཏུ་ཁུ་ཚུར་བསྣུན་ནུས་སམ། དེས་ནུས་སོ་ཞེས་སྨྲས་ཏེ། དེ་སོང་ནས་ཁྱིམ་བདག་དེའི་རྒྱབ་ཏུ་ཁུ་ཚུར་བསྣུན་པ་དང་། དེས་སྨྲས་པ། བཙུན་པ་ལ་ལེགས་སོ་ལེགས་སོ་དོན་གྲུབ་བོ། །དེས་སྨྲས་པ། འདི་ཅི་ཞིག་ཡིན། སྨྲས་པ། བརྡའོ། །

དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལྷག་མའི་ལྟུང་བར་མི་འགྱུར་ཏེ། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྨྱན་བྱེད་པའི་འདུལ་བྱེད་རྣམས་སོ།། །།སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ནི་ཉེས་པ་མེད་དོ་ཞེས་བྱ་

བ་ནི་ཉེས་པ་ཡོད་པ་མ་ཡིན་པ་ནི་ཉེས་པ་མེད་པའོ། །སྤྱོད་ལམ་བཞི་པོ་ལ་གནས་གང་ཡིན་པའི་སྣོད་མ་ཡིན་པ་ནི་སྣོད་མ་ཡིན་པ་ཞེས་བྱ་བ་གཞིར་མི་རུང་བའི་གནས་ཏེ། གནས་དེ་ལྟ་བུ་བྱེད་པ་ལ་ཉེས་པ་མེད་དོ། །འཇིགས་པར་གྱུར་པ་ཉིད་ཀྱིས་དེ་ཙམ་དུ་རྒྱུག་ཅིང་ཡིད་ལ་ཞུགས་པས་འཇུག་

པའི་དོན་ཉིད་ཀྱིས་ཡན་ལག་ཐམས་ཅད་རེངས་པས་ལངས་པར་གནས་པར་མི་ནུས་པ་དེ་ལ་དེའི་གནས་ལ་སྣོད་མ་ཡིན་པ་ཉིད་དོ། །གང་དུ་འདུག་པས་གནས་པར་ནུས་པ་དེ་ལ་མལ་དུ་སྣོད་མ་ཡིན་པ་ཉིད་དོ། །ཡང་དང་ཡང་དུ་འཆག་པ་ནི་འཆག་པའོ། །དེ་བས་ན་གསུམ་རྣམས་ལ་གང་དུ་ཐ་

མལ་པའི་འགྲོ་བ་བགྲོད་པར་གྱུར་པ་ལ་གོ་སྐབས་མེད་པ་དེ་ལ་འཆག་པའི་སྣོད་མ་ཡིན་པ་ཉིད་དོ། །སྐྱིལ་མོ་ཀྲུང་བཅས་ནས་འདུག་པར་མི་ནུས་པ་དེ་ནི་གནས་པའི་སྣོད་མ་ཡིན་ནོ། །དེ་བས་ན་སྐྱིལ་མོ་ཀྲུང་བཅིངས་པ་གང་གང་དུ་གླགས་མེད་པ་དེ་ལ་འདུག་པའི་སྣོད་མ་ཡིན་ནོ། །མལ་ཙམ་

ཉིད་དུ་ལན་གསུམ་དུ་ཐ་མལ་པས་འགྲོ་བ་བའི་རིམ་གྱིས་འཆག་པ་སྤྲོ་བ་དེ་བས་ན་རིང་བ་དང་ཞིང་གིས་སྐྱེས་པའི་ཚད་མཐའ་ནས་རྒྱར་ནི་སྐྱིལ་མོ་ཀྲུང་གི་ཚད་ཀྱི་དངོས་པོ་གང་ཡིན་པ་དེ་ལ་སོགས་པའི་ལྟུང་བ་བྱས་པ་ཉིད་དོ། །གང་ཞིག་འདི་ལས་ཤིན་ཏུ་མ་ཆོག་པ་དེ་ལ་ནི་ལྟུང་བ་མེད་དོ། །ས་གཞིའི་

เล่ม ๑๖๐ · หน้า 126a

བདག་ཉིད་ཀྱིས་གཞི་དང་ཤིང་དང་རིན་ལ་སོགས་པའི་ཡོ་བྱད་བླངས་པ་དང་། མ་བླངས་པའི་གཞིའི་ཡོ་བྱད་ལས་ཁང་པ་དང་གཙུག་ལག་ཁང་བྱེད་པས་ཀུན་དུ་བསྒྲུབ་པ་ལ་ཡན་ལག་བཞི་པོ་ཐམས་ཅད་དུ་རུང་བ་ཉིད་དང་རྩོད་པ་མེད་པ་ཉིད་དང་། བརྩམ་དུ་རུང་བ་ཉིད་དང་།

བརྟན་པ་ཉིད་ཅེས་བྱ་བ་ལས་འདའ་བར་བྱེད་པ་ལ་ཚད་ལས་ལྷག་པར་བྱེད་ན་མཐར་ནི་དགེ་འདུན་ལྷག་མར་འགྱུར་རོ། །སྔར་ནི་སྦོམ་པོར་འགྱུར་རོ། །ཡན་ལག་བཞི་པོ་མ་ཚང་བ་སྒྲུབ་པ་འདའ་བར་བྱེད་པ་ཚད་ཀྱི་མཐར་ནི་སྦོམ་པོར་འགྱུར་ལ། སྔར་ནི་ཉེས་བྱས་སུ་འགྱུར་རོ། །འདའ་བར་མི་བྱེད་

པ་ལ་ཡང་ཚང་བ་དང་མ་ཚང་བའི་ཡན་ལག་བཞི་པོ་མ་བསྒྲུབས་པ་ལ་མཐར་ནི་སྦོམ་པོ་སྟེ། སྔར་ནི་ཉེས་བྱས་སུ་འགྱུར་རོ། །མ་བླངས་པའི་གཞིའི་ཡོ་བྱད་ཀྱི་ཚད་ལས་འདའ་བར་བྱེད་པ་ལ་ཡན་ལག་བཞི་པོ་མ་བསྒྲུབས་པ་ལ་མཐར་ནི་སྦོམ་པོ་སྟེ་སྔར་ནི་ཉེས་བྱས་སོ། །ཚད་ལས་འདའ་བར་

བྱེད་པ་ལ་ཡན་ལག་བཞི་པོ་ཐམས་ཅད་ཀྱིས་མ་བསྒྲུབས་པ་ལ་མཐར་ནི་ཉེས་བྱས་སུ་འགྱུར་ལ། སྔར་ཡང་ཉེས་བྱས་ཉིད་དོ། །ཚད་ལས་འདའ་བར་མི་བྱེད་པ་ཡན་ལག་བཞི་པོ་ཐམས་ཅད་ཀྱིས་མ་བསྒྲུབས་པ་ལ་མཐར་ནི་ཉེས་བྱས་སུ་འགྱུར་ལ། སྔར་ཡང་ཉེས་བྱས་ཉིད་དོ་ཞེས་བྱ་བའི་རྣམ་

པར་གཞག་པ་འདི་ལའོ། །སྤྱོད་ལམ་བཞི་པོ་འགྲོ་བ་ལ་སོགས་པ་ཁང་པ་དང་གཙུག་ལག་ཁང་དག་ཚད་ལས་འདའ་བར་མ་བྱས་པ་ཞེས་བྱ་བར་རིག་པར་བྱའོ། །བསྐོས་པ་ཉིད་དང་མ་བསྐོས་པ་ཉིད་དག་ནི་གཙོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པ་ཉིད་ཅེས་བྱ་བའི་དོན་ཏོ། །བསྐོས་

པ་ཉིད་ཅེས་བྱ་བ་ནི་གཞན་གྱིས་བྱེད་དུ་བཅུག་པ་ཉིད་དེ། དེའི་རྣམ་པ་ཉིད་བསྒྲུབ་པ་ཡིན་ནོ། །གང་གི་རྣམ་པར་རང་གི་འདོད་པས་ཞེས་བྱ་བ་འདི་ལ་འདི་བསྟན་པའོ། །འདིར་འདོད་པ་དང་འབྲེལ་བའི་ལྟུང་བ་བསྒྲུབ་པ་ལ་རྒྱུ་ཉིད་ཀྱི་ཕྱིར་བསྐོས་པའི་རྒྱུ་ལ་འདོད་པ་དང་འབྲེལ་པ་མེད་པའི་ཕྱིར་མ་ཆོག་པ་

མེད་པས་གང་གིས་འདྲ་བ་ཉིད་མི་འདོད་པ་དེའི་འདོད་པ་ཟློག་པའི་དོན་དུ་མདོ་འདིའོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་འདིར་ལྟུང་བ་འམ་འདྲ་བ་ཉིད་བསྒྲུབ་པ་མ་ཡིན་ཏེ། འདིར་འདོད་པ་འདི་ལ་བསྒྲུབ་པར་གནས་པའི་ཕྱིར་རོ། །དེ་བས་ན་དགེ་སློང་རྗེས་སུ་གནང་བ་ཉིད་ལ་དངོས་གཞི་གྲུབ་པ་སྟེ།

เล่ม ๑๖๐ · หน้า 126b

མངོན་པར་རྗེས་སུ་མ་གནང་བ་ཉིད་ལ་ནི་མ་ཡིན་ནོ། །བསྐོས་པ་ནི་རང་ཉིད་དང་འདྲའོ་ཞེས་བྱ་བ་ལ་བསྐོས་པས་བྱས་པ་ནི་སྐོ་བར་བྱེད་པ་རང་ཉིད་ཀྱིས་བྱས་པ་དང་འདྲའོ། །ཇི་ལྟར་བདག་ཉིད་ཀྱིས་ཁང་པ་དང་གཙུག་ལག་ཁང་དག་ལོག་པ་ཉིད་དུ་སྒྲུབ་པར་བྱེད་པ་ཁ་ན་མ་ཐོ་བར་གྱུར་པ་དེ་བཞིན་དུ།

བསྐོས་པས་ལོག་པ་ཉིད་དུ་སྒྲུབ་པར་བྱེད་ན་ཡང་སྐོ་བར་བྱེད་པ་ཉིད་ལ་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བ་འདི་ལ་འདི་བྱེད་པའོ། །གང་གི་ཚེ་གནས་པར་གྱུར་ན་བསྐོས་བཞིན་པས་སྐོ་བ་པོས་བསྒྲུབ་པ་ལ་བསྐོས་པ་དེ་ནི་འདིར་རྒྱུར་རིག་པར་བྱའོ། །ཇི་སྐད་བསྒོ་བ་བཞིན་མི་བྱེད་པ་ལ་ལུས་དང་ངག་གིས་

ནོད་ནའོ་ཞེས་བྱ་བ་ནི་ཇི་ལྟར་བསྒོ་བ་བཞིན་མི་བྱེད་པ་བསྐོ་བ་བྱས་པ་འམ་བྱེད་དུ་བཅུག་པ་དེ་ལ་ཇི་སྐད་བསྐོ་བའི་རྒྱུ་དེ་ལ་ལུས་སམ་ངག་གིས་ནོད་ན་རང་ཉིད་དེ་མི་ནོད་པ་ལ་ནི་མ་ཡིན་ནོ། །ཡིད་ཀྱིས་ནོད་པ་ལ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་གལ་ཏེ་དེ་ལ་འདི་སྐད་ཅེས་ལེགས་པར་

བྱས་སོ། །ཤིན་ཏུ་བྱས་སོ་ངས་ཁྱོད་ལ་འདི་ལྟར་བསྐོའོ་ཞེས་ཟེར་ཞིང་། དེས་དེ་ལ་ཤིང་ངམ་རྩྭ་འམ་ལྕི་བ་འམ་ས་འཇིམ་རྣམས་འབུལ་བར་བྱེད་དེ། གང་མི་རུང་བ་བྱེད་དུ་འཇུག་ན་གཉིས་ཀ་ལ་ཡང་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་ཞེས་གསུངས་པ་ཡིན་ནོ། །བྱས་པ་ནི་གཅིག་

ཉིད་དོ་ཞེས་བྱ་བ་ནི་འདིར་བྱེད་པ་ཐམས་ཅད་རྗེས་སུ་བསྒྲུབ་པའི་ཕྱིར་གཅིག་པ་ཉིད་དེ། ལོ་ལ་སོགས་པའི་ཚད་ཀྱང་སྡོད་པ་ལ་གཞན་ལ་མི་ལྟོས་པས་མ་བཏང་བ་ནི་འདིར་སྡོད་ཅིང་བྱས་པ་ལྟུང་བ་མང་བ་ཉིད་མེད་ཅེས་བྱ་བའི་དོན་ཏོ། །མི་ལྟོས་པས་བཏང་བ་ནི་དུམ་བུ་ལ་སོ་སོ་ཉིད་དུ་རྣམ་པར་

གནས་པ་ཡིན་ནོ། །དེ་ལྟར་ན་མི་ལྟོས་པས་བཏང་བ་ལ་སྔར་གྱི་ཆ་ཙམ་ལྟུང་བ་སྟེ། མི་ལྟོས་པས་བར་དུ་ཡེ་བཏང་བ་ལ་གང་ཞིག་ཕྱིས་ཡང་རྩོམ་པར་བྱུང་བ་ལ་ཡང་ཕྱི་མའི་ཆ་ལའོ། །ཕྱིས་ཀྱང་བསམ་པ་གཞན་གྱིས་རྩོམ་པ་ལ་ནི་གཞན་ཉིད་དོ། །གཙོ་བོ་མ་ཡིན་པར་མཐར་ཐུག་པ་ལ་གང་ཞིག་འདིར་

གཞན་ཐམས་ཅད་ལ་ཆ་ཐམས་ཅད་ཀྱི་བདག་ཉིད་མེད་པར་ལྟུང་བ་བྱས་པ་ཉིད་ཅེས་བྱ་བ་འདིར་རྣམ་པར་གནས་པར་རིག་པར་བྱའོ། །རྗེས་སུ་བསྒྲུབ་པ་ཅིག་ཁོ་ན་ཡིན་དུ་ཟིན་ཀྱང་། དཔེར་ན་འཐབས་པའི་མོད་ལ་དང་འཐབས་པའི་འོག་ཏུ་སྡུམ་བྱེད་པ་ལ་སོགས་པའི་ཚིག་དག་ལ་ལྟུང་བ་ཐ་དད་པར་བྱས་

เล่ม ๑๖๐ · หน้า 127a

པ་བཞིན་དུ་ཅིའི་ཕྱིར་འདིར་ཡང་རུང་བ་ཉིད་མ་ཡིན་པ་དང་། རྩོད་པ་དང་བཅས་པ་ཉིད་དང་རྣམ་པར་གནོན་པ་ཉིད་མ་ཡིན་པ་དང་། མ་བསྟན་པ་ཉིད་རྣམས་ལ་ཞེས་བྱ་བ་འདོད་པ་འདི་ལ་ལྟུང་བའོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཡན་ལག་རྣམས་ནི་བྱེད་པ་པོ་ཐ་དད་པ་

ཉིད་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཐོབ་པ་ལ་སྒྲིབ་པར་བྱེད་པར་འགྱུར་བ་ཉིད་ནི་དེའི་འོག་ཏུ་སྡུམ་བྱེད་པ་ལ་སོགས་པ་རྣམས་ལ་སྟེ། དེ་བས་ན་འདི་རྣམས་ལས་ཐ་དད་པ་འདི་ལ་བསྐྱེད་པའོ། །འདིར་ནི་ཁྱིམ་བྱེད་པར་འདོད་པ་ལ་འབྲེལ་པའི་དབང་ཉིད་ལྟུང་བ་བསྒྲུབ་པ་ལ་འདི་གསལ་བར་བྱ་སྟེ།

འདིའི་ཡན་ལག་འདའ་བར་བྱེད་པ་གང་ཡིན་པ་ནི་ཤིན་ཏུ་ཁྱབ་པ་ཉིད་དུ་གྱུར་པ་འདི་ལ་གང་ཞིག་སྲོག་ཆགས་རྣམས་ལ་གནོད་པར་བྱེད་པའི་དོགས་པ་མངོན་པར་རྗེས་སུ་གནང་བ་རྣམས་ལ་མ་ལྟོས་པ་བྱེད་པ་དང་། བརྩམ་དུ་མི་རུང་བ་ཉིད་ཅེས་བྱ་བ་འདའ་བར་གྱུར་པའི་ཡན་ལག་རྣམས་འདིར་དགོས་

པའོ། །དེ་བས་ན་རབ་ཏུ་འབྱེད་པ་པོ་འདི་རྣམས་དང་མི་སྦྱོར་རོ། །འདིར་ཡན་ལག་རྣམས་ཇི་ཙམ་འདའ་བར་བྱེད་པ་ལྟུང་བ་རྣམ་དེ་ཙམ་མ་ཡིན་ཏེ། འོན་ཀྱང་ལྟུང་བ་གཅིག་ཁོ་ནར་ཟད་དེ་ཞེས་བྱ་བའི་དོན་ཏོ། །གང་ལ་ཁང་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་བཙལ་བ་ལའོ། །དེས་

རྗེས་སུ་གནང་བ་ལའོ། །རྣམ་པ་དེ་ལྟ་བུས་སོ། །གཞི་མ་དག་ལའོ། །མ་བསྟན་པ་ལའོ། །གནས་བྱས་སམ་བྱེད་དུ་བཅུག་ནའོ། །མཐར་རོ་ཞེས་བྱ་བ་རྣམས་སྨོས་ཏེ། འདིར་གཞི་ཞེས་བྱ་བའི་སྒྲས་ནི་ས་གཞི་བརྗོད་དོ། །བཙལ་བ་ཞེས་བྱ་བ་ནི་ཁྱད་པར་ཡོངས་སུ་མ་བཟུང་བས་ཆོས་འདི་ལ་

རབ་ཏུ་བྱུང་བ་ལས་ཀྱང་ཞེས་བྱ་བ་རྟོགས་པར་བྱའོ། །སུས་བཙལ་ཞེ་ན། དེ་ནི་འདིར་སྐབས་ཡིན་པས་ལྟུང་བ་འབྱིན་པ་པོས་ཞེས་བྱ་བར་ཤེས་པར་བྱའོ། །དེས་རྗེས་སུ་གནང་བ་ལའོ་ཞེས་བྱ་བ་ནི་དགེ་སློང་གང་གིས་ས་གཞི་བཙལ་བར་གྱུར་པས་སོ། །རྣམ་པ་དེ་ལྟ་བུས་སོ་ཞེས་བྱ་བ་ནི་ལྟུང་བ་

འབྱིན་པ་པོས་བཙལ་བ་འམ་བཙལ་བ་པོས་སོ། །དེ་དགེ་སློང་གིས་རྟེན་དུ་གནང་བ་ལ་སྒྲུབ་པར་བྱེད་པའི་ཚིག་འདིའོ། །དེ་ཡང་ལས་ལ་དགོས་པར་བྱ་བའི་རྫས་རྣམས་དང་འདི་རྣམས་ཀྱི་རིན་ཐང་ངོ་། །འགའ་ཞིག་ལས་ནི་གཉིས་ཀ་དག་ལ་ཞེས་འབྱུང་ངོ་། །ཉེ་བ་འཁོར་གྱིས་ཞུས་པ།

เล่ม ๑๖๐ · หน้า 127b

ལས་འདི་སྐད་ཅེས་ཇི་ཙམ་གྱིས་ན་རང་གིས་བཙལ་བའི་ཁང་པ་ཞེས་བགྱི། གང་ལས་གཉིས་ཡོངས་སུ་འགྲུབ་པར་འགྱུར་བ་སྟེ། བྱེད་དུ་བཅུག་པ་དང་གཞི་ཞེས་བྱ་བའོ། །འདིར་འདི་ནི་བཙལ་བའི་ཆ་ཉིད་ལ་ལུང་རིག་པར་བྱའོ། །དེ་ཉིད་ཀྱི་གཞུང་ཡང་འདི་ཡིན་ཏེ། གང་ཟག་གི་གཞིར་བྱེད་

དུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་ཞེས་གསུངས་པ་ཡིན་ནོ། །སོ་སོར་ཐར་པའི་མདོ་ལས་ཀྱང་རང་གིས་བཙལ་བ་ཞེས་གསུངས་པའོ། །གང་གི་ཕྱིར་འདི་གཉིས་ཀ་དོན་མེད་པ་སྟེ་གཞན་དུ་ན་གཉིས་ཀ་སྐྱེ་བར་འགྱུར་རོ། །གཞི་མ་དག་པ་ལའོ་ཞེས་བྱ་བ་ནི་མི་རུང་བ་ཉིད་ལ་སོགས་པ་ནི་མ་

དག་པའོ་ཞེས་འོག་ནས་འབྱུང་ངོ་། །མ་བསྟན་པ་ལའོ་གནས་བྱས་སམ་བྱེད་དུ་བཅུག་ནའོ་ཞེས་བྱ་བ་ལ། མ་བསྟན་པ་ལའོ་ཞེས་བྱ་བ་ནི་དགེ་འདུན་ལས་བསྟན་པ་ཐོབ་པ་ནི་བསྟན་པ་ཉིད་དོ་ཞེས་བསྟན་པ་ཉིད་ཀྱང་འོག་ནས་འབྱུང་སྟེ། དེ་ལས་བཟློག་པ་ནི་མ་བསྟན་པ་ཉིད་དོ། །གནས་

བྱས་སམ་བྱེད་དུ་བཅུག་ནའོ་ཞེས་བྱ་བ་ནི་ཁང་པ་བྱེད་དུ་བཅུག་ནའོ། །མཐར་རོ་ཞེས་བྱ་བ་ནི་ཟིན་ནས་ཏེ་གནས་ཀྱི་ངོ་བོ་ཉིད་ནི་ཐོག་བཀབ་ཅིང་བསྒོ་བ་མ་གཏོགས་པ་ཀུན་ནས་བསྐོར་བ་ཉིད་དོ། །དེ་ཟིན་པའི་སྐད་ཅིག་མ་ལ་ཞེས་བྱ་བའི་དོན་ཏོ། །སྔར་ནི་སྦོམ་པོར་རོ་ཞེས་བྱ་བ་འདིའི་རྗེས་ཀྱི་སྡེ་

པ་ཞེས་བྱ་བ་ནི་མདོ་འདིས་བྱས་པར་རིག་པར་བྱའོ། །འོག་མ་ལ་ཡང་དེ་དག་ཉིད་དེ་དེ་མ་བཙལ་བ་ཉིད་དོ་ཞེས་བྱ་བ་ནི་གང་འདི་ཉེས་པ་མེད་པ་ཞེས་བྱ་བ་འདི་ནི་སྐབས་སུ་བབ་པ་དེ་དེ་མ་ཐག་པའི་གཙུག་ལག་ཁང་གི་རྒྱུ་བསླབ་པའི་གཞི་འོག་མ་ལ་ཡང་བལྟ་བར་བྱ་སྟེ། དེ་ནི་བཙལ་བ་ཉིད་མ་

གཏོགས་པར་རིག་པར་བྱའོ། །དེ་ལ་ཡང་བཙལ་བ་ཉིད་ཀྱི་དོན་དང་ངེས་པར་གྲོལ་བའི་ཆོ་ག་འདི་ཞེས་བྱ་བའི་དོན་ཏོ། །བཙལ་བ་ཉིད་གསལ་བ་ལ་འདིར་འདི་སྐྱེ་བར་འགྱུར་རོ། །རང་ཉིད་ཀྱིས་གནས་པ་འམ་རྗེས་སུ་གནང་བའི་གཞི་ལ་སྒྲུབ་པར་བྱེད་པ་གནས་པ་འམ་རྗེས་སུ་གནང་བས་

དག་པའི་དངོས་པོ་མ་བསྟན་པའི་གནས་ཀྱི་རྒྱུའི་མཐར་ཞེས་བྱ་བའོ། །བདག་པོ་དང་བཅས་པ་ཞེས་བྱ་བ་གཙུག་ལག་ཁང་གི་ཚིག་འདིར་གང་ཡིན་པ་ཕལ་ཆེ་བའི་ཆོས་ལ་འདི་སྐྱེ་བའི་དབང་གིས་སྨོས་པ་སྟེ་དེའི་ཡན་ལག་ནི་མ་ཡིན་ནོ། །ཇི་ལྟར་བདག་པོ་མེད་པ་ཉིད་ལ་ཡང་ས་གཞི་སྲིད་པ་

เล่ม ๑๖๐ · หน้า 128a

སྟེ། ཁྱིམ་གྱི་གཞི་ཡོངས་སུ་འཛིན་པ་དགག་པ་ལས་འདའ་བར་བྱས་ནས་དགེ་འདུན་ལ་བརྟེན་ནས་ཉོས་པ་བཟུང་བ་དང་། དགེ་འདུན་གྱི་གཞི་རྗེས་སུ་གནང་བས་ཞེས་བྱ་བའོ། །ཁང་པའི་དགེ་འདུན་ལྷག་མ་པ་ཡན་ལག་གཞན་གཉིས་བརྗོད་པར་བྱ་སྟེ། གཅིག་གི་

དོན་དུའོ་ཞེས་བྱ་བ་ནི་གང་ཟག་གཅིག་གི་དོན་དུ་བྱེད་དུ་འཇུག་ན་དགེ་འདུན་ལྷག་མར་འགྱུར་གྱི་གཉིས་དང་མང་པོ་དག་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པའི་གཞུང་ཁ་ཅིག་ལས། གཉིས་ཀྱིས་སྤྱི་ལ་བྱེད་དུ་འཇུག་ན་སྦོམ་པོར་རོ་ཞེས་འབྱུང་ངོ་། །འདིར་མང་པོའི་དོན་དུ་ནི་

ཉེས་པ་མེད་པ་ཉིད་རིགས་པ་ཡིན་ཏེ། དགེ་འདུན་གྱི་དོན་ཉིད་དུ་ནི་ཉེས་བྱས་སུ་བརྗོད་པའི་ཕྱིར་དངོས་གཞི་ནི་མ་ཡིན་ནོ། །འདིར་ཤིན་ཏུ་འབྱུང་བར་འདོད་པ་དང་འབྲེལ་པ་ལ་གནས་པས་ཉེས་བྱས་ཙམ་ནི་མ་ཡིན་ནོ། །ལྟུང་བ་བྱེད་པའི་དངོས་པོ་ཐམས་ཅད་ལ་ཡན་ལག་འདའ་བར་བྱེད་པ་ལ་སྦོམ་པོའི་

ལྟུང་བ་བྱེད་པའི་ཕྱིར་རོ། །དེ་བས་ན་གཉིས་ལ་སོགས་པ་དུ་མ་ཉིད་ལ་འདི་བསྟན་པ་ནི་འདིར་གཉིས་ཀྱི་ཚིག་རྣམ་པར་གནས་པ་ཞེས་བྱ་བ་གཅིག་པ་ཉིད་ཀྱི་གཙོ་བོ་འདི་ཤེས་པ་ཡིན་ནོ། །དེ་བས་ན་བདག་ཉིད་གཅིག་པུ་འམ་དགེ་སློང་གཞན་གཅིག་གམ། ཁྱིམ་པ་གཅིག་གི་དོན་བྱེད་དུ་བཅུག་ན་

དགེ་འདུན་ལྷག་མ་སྟེ་ཞེས་བྱ་བ་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་རྟོགས་པར་བྱའོ། །ཅི་གནས་བྱེད་དུ་བཅུག་པ་ཐམས་ཅད་ལས་དེར་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཚད་ལས་ལྷག་པའོ་ཞེས་བྱ་བ་སྨོས་ཏེ། ཚད་ལས་འདས་པ་ལ་ཞེས་བྱ་བའི་དོན་ཏོ། །གཞི་མ་དག་པ་ལའོ་ཞེས་སྨོས་ན་

འདིར་མ་དག་པ་གང་ཡིན་ཞེ་ན། དེའི་ཕྱིར་མི་རུང་བ་ཉིད་དང་རྩོད་པ་དང་བཅས་པ་ཉིད་དང་བརྩམ་དུ་མི་རུང་བ་ཉིད་ནི་མ་དག་པའོ་ཞེས་བྱ་བ་སྨོས་ཏེ། དེ་གསུམ་གྱི་རང་བཞིན་ཇི་ལྟར་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་དང་རྒྱལ་པོ་དང་ལྷའི་གནས་དང་། མུ་སྟེགས་ཅན་

གྱི་འདུག་གནས་ལ་བརྟེན་པ་ཉིད་དང་། ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་དང་། ཕྱི་རོལ་འདོམ་གང་གི་མཐའི་ཉེན་ཀོར་གྱི་ནང་རོལ་དུ་ཆུ་ཀླུང་ངམ་ངམ་གྲོག་གམ་ཁྲོན་པ་དང་འདོམ་པ་ཉིད་ནི་གོ་རིམས་བཞིན་དུ་དེ་དག་ཡིན་ནོ་ཞེས་སྨོས་ཏེ། དེ་ལ་སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་དང་འདོམ་པ་

เล่ม ๑๖๐ · หน้า 128b

ཉིད་ནི་མི་རུང་བ་ཉིད་དང་། རྒྱལ་པོའི་གནས་ལ་སོགས་པར་བརྟེན་པ་ཉིད་དང་། ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་ནི་རྩོད་པ་དང་བཅས་པ་ཉིད་དང་། ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་བརྩམ་དུ་མི་རུང་བ་ཉིད་དོ། །འདིར་གཞུང་ནི་གལ་ཏེ་དེ་ན་སྐྱེ་བ་པོ་ཕྲ་མོའི་གནས་དང་སྦྲུལ་གྱི་གནས་སམ།

སྡིག་པའི་གནས་སམ། སྦྲང་བུ་ཏྲེ་མ་བུ་ཀ་དང་ཏྲཻ་ལ་ཏ་ཀའི་གནས་ཡོད་པ་ཉིད་དོ་ཞེས་གསུངས་པ་ཉིད་དོ། །འདིར་སྦྲུལ་ལ་སོགས་པ་སྐྱེ་བ་ཕྲ་མོ་རྣམས་ནི་དཔེ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་འདི་རྣམས་ཐམས་ཅད་ཁོངས་སུ་བསྡུ་བར་བྱའོ། །རྒྱལ་པོའི་གནས་ལ་སོགས་པ་ལ་

བརྟེན་པ་ཉིད་ནི་དེའི་དྲུང་དུ་འགྲོ་བ་ཉིད་དོ། །འདིར་མཐོ་བཙམས་པ་ལས་འབྱུང་བའི་ཉེས་པའོ། །སྒྲ་དེ་དང་དེའི་དབང་གིས་བྱུང་བའི་སྲོག་ཆགས་རྣམས་དང་རྫས་གཞན་རྣམས་ཀྱིས་ཀྱང་ངོ་། །འདིར་རྣམ་པར་མཐོ་བཙམས་པ་ནི་གནོད་པའོ། །ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་དང་ཞེས་བྱ་བ་

ནི་གཅད་པར་འོས་པ་མ་ཡིན་པ་ནི་འདིར་ཤིང་ཞེས་འཇིག་རྟེན་པ་དག་ལ་མཁོ་བ་ཡིན་པའི་ཕྱིར་ཁ་མཆུ་འབྱུང་བ་མི་རྩོམ་པའོ། །ཡུན་ཐུང་བར་གནས་པ་ཉིད་ཀྱིས་དགོས་པ་ཆུང་བ་ཉིད་དོ། །རྣམ་པར་གནོན་པ་མ་ཡིན་པ་ཉིད་ཙམ་དུ་མི་རུང་བ་ཉིད་ཀྱི་སྐྱོན་ནོ། །ཕྱོགས་གཅིག་པ་ཡང་འདོམ་སྟེ་དེའི་གང་

ཞིག་ཉེན་ཀོར་གྱི་ནང་རོལ་དེ་མ་ཐག་པ་གཞན་གྱིས་ཉེ་བར་ལོངས་སྤྱོད་པ་དེའི་ཕྱི་རོལ་ཉིད་དུ་འཛིན་པ་ཉིད་མ་ཡིན་པ་ཇི་ཙམ་པ་དེ་ཙམ་གྱི་ཕྱོགས་ལའོ། །གཅིག་གིས་ཀྱང་ཆུ་ཀླུང་ལ་སོགས་པ་རྣམས་ལ་ཉེས་པ་འདི་ཡིན་ནོ། །འདིར་གཞུང་ནི་འདོམ་གང་གི་མཐའི་ཉེན་ཀོར་བརྟག་པར་བྱ་སྟེ། གལ་

ཏེ་གཞི་ཆུ་ཀླུང་ལ་བརྟེན་ནམ་ངམ་གྲོག་ལ་བརྟེན་པ་ཡིན་ན་བརྩམ་དུ་མི་རུང་བའི་ཕྱིར་བསྟན་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ལས་འདས་ན་གནས་ཚད་ལས་འདས་པར་གྱུར་པའི་ཚད་དེ་གང་ཡིན་ཞེ་ན། དེའི་ཕྱིར་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ། ནང་

རོལ་ནས་དེ་བཅུ་གཉིས་དང་བདུན་གྱི་ཚད་དོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་འདི་ཙམ་གྱི་ཚད་དེ་ལའོ། །བདེ་བར་གཤེགས་པའི་མཐོ་གང་ཞེས་བྱ་བ་ནི་དཀྱུས་སུའོ། །ནང་རོལ་དུ་ནི་དེ་བཅུ་གཉིས་ཏེ། རྒྱར་ནི་བདུན་གྱི་ཚད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལས་བཟློག་པ་ཉིད་ནི་མ་བསྟན་པ་ཉིད་དོ་ཞེས་

เล่ม ๑๖๐ · หน้า 129a

སྨྲས་ན་བསྟན་པ་ཉིད་དེ་གང་ཞེ་ན། དེའི་ཕྱིར་དགེ་འདུན་ལ་བསྟན་པ་ཐོབ་པ་ཉིད་ནི་བསྟན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་གཏོང་བར་གྱུར་པའི་གཞི་དེའི་ལས་ལ་མངོན་པར་རྗེས་སུ་གནང་བར་གྱུར་པའི་ཚིག་ནི་བསྟན་པ་སྟེ། གཞི་གང་ལས་དགེ་འདུན་ལ་ཐོབ་པ་དེ་ནི་བསྟན་པ་

ཞེས་བྱ་བར་འདིར་འདོད་དོ་ཞེས་བྱ་བའི་དོན་ཏོ། །མ་དག་པ་གསོལ་བར་མི་བྱའོ་ཞེས་བྱ་བ་ནི་གཞི་མི་རུང་བ་ཉིད་ལ་སོགས་པ་དང་ལྡན་པ་དང་མ་དག་པ་དགེ་འདུན་ལས་བསྟན་པ་གསོལ་བར་མི་བྱའོ། །རང་དག་རྟོག་ཏུ་དོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་གོ་ཞེས་བྱ་བ་ནི་གང་དག་ལ་གཞི་བསྟན་པ་ལ་

གསོལ་པ་དེ་རྣམས་རང་གི་རྐྱེན་གྱིས་དངོས་པོའི་དག་པ་ཉིད་ཤེས་པར་འགྱུར་བ་འམ། རང་ཉིད་ཀྱིས་བསྐོས་པའི་དགེ་སློང་རྣམས་ཀྱི་རྐྱེན་གྱིས་ཤེས་པར་འགྱུར་རོ། །སྟན་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རྙིང་པ་ཉིད་ཀྱི་ཕྱིར་ལོ་དྲུག་ཚུན་ཆད་དུ་སྟན་བྱ་བའི་ཕྱིར་གནང་བ་གསོལ་བར་བྱེད་ན་བསྟན་

ལ་རང་གི་རྐྱེན་གྱིས་ཤེས་པར་འགྱུར་བ་འམ་གསོལ་བའི་དགེ་སློང་རྣམས་ཀྱིས་ཞེས་བྱ་བ་འདི་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བྱས་པ་རྙེད་པ་དང་བྱས་པ་ལ་ལོངས་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་རྙེད་པར་བྱས་པའམ་ལོངས་སྤྱད་པར་བྱས་པ་ལ་ལྟུང་བ་མེད་དོ། །འདི་ལ་བདག་ཏུ་

བྱས་པའི་དབང་གིས་ཁ་ན་མ་ཐོ་བ་མེད་དོ། །ལྷག་པར་གནས་པའི་དབང་གིས་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར་ཚིག་འདིའོ། །རྙིང་པ་མ་འཆོས་པ་ལ་སོགས་པ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་ལྟུང་བ་མེད་དོ་ཞེས་སྦྱར་རོ། །འདིར་གསར་པ་བརྩིག་པ་ལ་ནི་སྐྱོན་ཏེ། རྙིང་པ་མ་འཆོས་པ་ལ་ནི་

མ་ཡིན་ནོ། །དེ་བས་ན་རྙིང་པ་མ་ཡིན་པ་མ་འཆོས་པ་ལ་ཡང་ལྟུང་བ་མེད་དེ། འདིར་རྙིང་པའི་ཚིག་སྨོས་པ་ནི་དཔེར་ན་རིག་པར་བྱའོ། །ཁང་པའི་དགེ་འདུན་ལྷག་མའོ།། །།གང་བྱས་ན་གཙུག་ལག་ཁང་གི་དགེ་འདུན་ལྷག་མར་འགྱུར་ཞེ་ན། འདིར་འོག་མ་ལ་ཡང་དེ་དག་ཉིད་དེ།

དེ་མ་བཙལ་བ་ཉིད་དོ་ཞེས་བྱ་བ་སྔར་བསྟན་པའི་ཆོ་ག་ལ་ལྟོས་ནས་བྱེ་བྲག་བརྗོད་པར་བྱ་སྟེ། ཚོགས་ཀྱི་དོན་དུའོ་ཞེས་བྱ་བ་ནི་འདིར་ཁྱིམ་པ་ཡན་ཆད་ཀྱི་གང་ཟག་བཞི་ལ་སོགས་པ་ཚོགས་ཞེས་བྱ་བ་མངོན་པར་འདོད་པར་རིག་པར་བྱའོ། །ཤིན་ཏུ་སྡིག་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཁྱིམ་པའི་དོན་ཉིད་

เล่ม ๑๖๐ · หน้า 129b

ཀྱི་བསམ་པ་ལ་འཕགས་པའི་དགེ་འདུན་རྗེས་སུ་གཟུང་བའི་བསམ་པ་ལ་ཤིན་ཏུ་དགེ་བ་ཉིད་ལ་ཡང་ཁ་ན་མ་ཐོ་བ་རྣམ་པར་གཞག་པའི་ཕྱིར་རོ། །གང་ཞིག་ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་གསུངས་པ་དེ་ནི་གླེང་གཞིའི་དབང་གིས་དེ་དཔེ་ཙམ་དུ་ཟད་པར་

འདི་ལ་ཉེས་པ་མེད་དོ་ཞེས་རིག་པར་བྱའོ། །གཙུག་ལག་ཁང་གི་དགེ་འདུན་ལྷག་མའོ།། །།རྩོམ་པ་ཉིད་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི་མཐར་ཐུག་པ་གང་ལ་དངོས་གཞིའི་ཚད་འདའ་བར་བྱེད་པ་ཉིད་ལ་ཐམས་ཅད་དུ་ཡན་ལག་ལྷག་མ་རྣམས་ལ་འདའ་བར་བྱེད་པ་དང་། སྦྱོར་བ་ཉིད་ལ་དེར་འདི་

རྣམས་སྦོམ་པོར་སྟོན་པར་བྱེད་པའི་ཚིག་རྣམས་ཞེས་བྱ་བ་རྟོགས་པར་བྱའོ། །མཐར་ཐུག་པ་གང་ལ་སྦོམ་པོ་དེས་སྦྱོར་བ་ཡང་སྦོམ་པོ་རིགས་པ་མ་ཡིན་ནོ། །འདིར་གཞུང་ནི་བརྩམས་ནས་བདག་ཉིད་གསོད་པར་བྱེད་པ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མ་གཡོགས་པ་བྱེད་

དུ་འཇུག་པའི་མཐའ་ཡང་དེ་འདྲའོ་ཞེས་བྱ་བ་ནི་གནས་དེ་མ་གཡོགས་པ་ཞིག་བྱེད་དུ་གཞུག་གོ་སྙམ་པའི་བསམ་པས་མཐའི་མཐར་ཐུག་པ་གང་ཡིན་པ་དེ་ཡང་དེ་བཞིན་དུ་སྟེ་སྦྱོར་བ་དང་འདྲ་བར་བལྟ་བར་བྱའོ། །འདིར་གཞུང་ནི་སྟེང་མ་གཡོགས་པ་ཞིག་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་

གསུངས་པ་ཡིན་ནོ། །སྔར་ནི་ཉེས་བྱས་སོ་ཞེས་བྱ་བ་འདིའི་སྦྱོར་བ་ལ་ཉེས་བྱས་སོ། །ཐམས་ཅད་དུ་ཞེས་བྱ་བ་འདིས་བྱས་པ་ཉིད་རིག་པར་བྱའོ། །དུ་མའི་དོན་དུའོ་ཞེས་བྱ་བ་ནི་ཁང་པ་མི་རུང་བ་ལ་སོགས་པའི་ཡན་ལག་ཐམས་ཅད་ལས་འདས་པ་དུ་མའི་དོན་དུ་བྱེད་དུ་བཅུག་པའི་མཐའ་གང་ཡིན་པ་དེ་ཡང་སྦྱོར་བ་

དང་འདྲ་བར་བལྟ་བར་བྱའོ། །འདིར་གཞུང་ནི་གཉིས་ཀྱི་སྤྱི་ལ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མ་བསྐོས་པར་རོ་ཞེས་བྱ་བ་ནི་འཚོལ་བ་པོ་འམ་གནང་བ་པོས་རྗེས་སུ་མ་གནང་བར་གནས་བྱེད་དུ་འཇུག་པ་སྟེ། དེའི་མཐའ་གང་ཡིན་པ་དེ་ཡང་སྦྱོར་བ་དང་འདྲ་བར་

བལྟ་བར་བྱའོ། །གང་གི་དེ་སོ་སོར་བཟུང་བ་དེའི་དོན་ཉིད་དུ་འདི་བྱེད་དུ་འཇུག་པས་མངོན་པར་འདོད་པའོ། །འོ་ན་ཅིའི་ཕྱིར་དངོས་གཞིར་རྣམ་པར་མི་གཞག་སྟེ། ལྷག་མ་བསྒྲུབ་པ་དག་ལ་འདིར་གནས་པར་འགྱུར་རོ། །ཇི་ལྟར་རང་བཞིན་མི་མཐུན་པ་བྱེད་དུ་འཇུག་པས་འདས་པ་ལ་ཡང་རྗེས་སུ་

เล่ม ๑๖๐ · หน้า 130a

གནང་བ་ལ་ནི་བཟུང་བ་འདིས་འགྱུར་ཏེ་དེ་ནི་འཇུག་པའོ། །དེ་བས་ན་རྗེས་སུ་གནང་བ་དང་བསྒྲུབ་པ་དེ་ལ་གནོད་པ་ཉིད་ཀྱི་ཕྱིར་དངོས་གཞི་བསྐྱེད་པའོ། །རྗེས་སུ་མ་གནང་བ་ལ་སྦྱོར་བའོ། །འདིར་གཞུང་ནི་ཡི་གེ་ཁ་ཅིག་ལས་མ་བསྐོས་པར་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོར་

འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་ཟག་གིས་སོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པས་བྱེད་དུ་འཇུག་ན་དེ་བཞིན་དུ་མཐའོ། །འདིར་གཞུང་ནི་གང་ཟག་གི་གཞིས་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ཐམས་ཅད་ཞུ་བ་དང་འབྲེལ་པ་བསླབ་པའི་གཞི་གཉིས་ཀྱི་

དབང་དུ་བྱས་པ་ཡིན་གྱི་གང་ཟག་གི་ཞེས་བྱ་བ་འདི་ནི་མ་གཏོགས་པར་རིག་པར་བྱའོ། །གང་གི་ཕྱིར་གཙུག་ལག་ཁང་གི་བསླབ་པའི་གཞི་ལ་བཙལ་བ་ཉིད་ཀྱི་ཡན་ལག་རྣམ་པར་མ་བཞག་པའི་ཕྱིར་རོ། །རང་བཞིན་མི་མཐུན་པ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་དེ་བཞིན་དུ་བྱེད་དུ་འཇུག་

ན་མཐའ་དེ་དང་འདྲའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་རོ། །འདིར་གཞུང་ནི་རང་བཞིན་མི་མཐུན་པའི་ཞལ་ཏ་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གསོལ་བའི་འོག་ཏུ་མ་གྲུབ་ན་ཉེས་བྱས་སོ་ཞེས་བྱ་བ་གསོལ་བའི་འོག་ཏུ་གནས་དེ་མོར་མ་གྲུབ་པ་གང་ཡིན་པ་དེ་ལ་ནི་ཉེས་བྱས་སོ། །

འདིར་རིམ་པ་ཉིད་ནི་སྐྱོན་ཏེ་དེ་བས་ན་རིམ་པའི་ངོ་བོས་མི་འདོད་པའི་བསམ་པས་མ་གྲུབ་པ་ལ་ཉེས་བྱས་སུ་རྣམ་པར་གཞག་གི་བར་ཆད་ཀྱི་དབང་གིས་མ་གྲུབ་པ་ནི་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་གཞི་བཙལ་ནས་མི་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུའོ། །ཁང་པ་བསྟན་པ་གསོལ་ནས་

བགྱིད་དུ་མི་སྩོལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ། །ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ།། །།གང་དུ་དངོས་གཞི་དང་འབྲེལ་པ་བརྗོད་པ་ལ་དགེ་འདུན་གྱི་ལྷག་མ་ཡིན་ཞེ་ན། དེའི་ཕྱིར་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་དགེ་སློང་

ཉམས་པ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། མི་ཚངས་པར་སྤྱོད་པ་ལ་སོགས་པས་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པ་དེས་སྐུར་པ་འདེབས་ན་དགེ་འདུན་གྱི་ལྷག་མའོ། །སུ་ལ་ལྷག་པར་སྤྱོད་པ་དེས་སྐུར་བ་འདེབས་ཤེ་ན། དེའི་ཕྱིར་དགེ་སློང་ཉམས་པ་ཡང་ངོ་ཞེས་བྱ་བ་སྨོས་ཏེ་ཚུལ་ཁྲིམས་དང་ལྡན་པ་

เล่ม ๑๖๐ · หน้า 130b

འབའ་ཞིག་ལ་མ་ཡིན་གྱི་ཉམས་པ་ལ་སྐུར་བ་བཏབ་ན་ཡང་ངོ་། །བསྙེན་པར་རྫོགས་པའི་ལས་དང་བཅས་པ་ཚུལ་ཁྲིམས་དང་ལྡན་པ་གཅིག་པུ་ལ་ནི་མ་ཡིན་ནོ། །ཉམས་པ་ལ་ཡང་ཞེས་བྱ་བའི་ཚིག་ནི་དགེ་སློང་ཕ་དང་དགེ་སློང་མ་ཉིད་ཉམས་པ་ཞེས་བྱ་བ་འདི་ལ་སྐུར་བ་འདེབས་པའི་དོན་དུའོ། །མ་

དག་པ་དང་ཉམས་པ་ལ་དགེ་འདུན་ལྷག་མའི་ལྟུང་བའི་ཚིག་ལ་གཞུང་ནི་འདི་ཡིན་ཏེ་ཞུ་བ་ལས་ཀྱང་བཙུན་པ་དགེ་སློང་རང་འདི་སྐད་ཅེས་བདག་གིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནོ་ཞེས་མཆི་བ་དེ་ལ་དགེ་སློང་གིས་གཞི་མ་མཆིས་པར་རྐུ་བ་འམ་འགུགས་པའི་སྨྲ་བས་སྐུར་པ་འདེབས་ན་ལྟུང་བ་ཅིར་

འགྱུར། དགེ་འདུན་ལྷག་མར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རང་གི་ཕྱོགས་ཀྱི་བསྙེན་པར་རྫོགས་པ་དང་མཐུན་པ་ནི་མཚན་དང་ཁས་ལེན་པ་དག་གིས་ཞེས་བྱ་བ་འདི་ལ་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ཕྱོགས་ལས་རང་ཉིད་ནི་འདིར་ཡན་ལག་མ་ཡིན་ནོ་ཞེས་བྱ་

བ་སྨོས་ཏེ། གང་ཞིག་འདི་མཚན་དང་ཁས་ལེན་པ་དག་གི་ཕྱོགས་ལས་རང་ཉིད་དུ་གསུངས་པ་གང་ཡིན་པ་དེ་འདིར་ཁས་ལེན་པ་ནི་མ་ཡིན་ནོ། །མཚན་མི་མཐུན་པ་ལ་སྐུར་བ་འདེབས་པ་དང་ལྟ་བ་མི་མཐུན་པ་ལ་སྐུར་བ་འདེབས་པ་ལའང་དགེ་འདུན་ལྷག་མའོ་ཞེས་བྱ་བའི་དོན་ཏོ། །འདིར་ཞུ་བ་ལས་

མཚན་དང་ལྟ་བ་ཡན་ལག་མ་ཡིན་པ་ཉིད་ལ་གཞུང་ནི་དགེ་སློང་གིས་དགེ་སློང་མ་ལ་གཞི་མེད་པའི་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་བ་འདེབས་ན་དགེ་འདུན་ལྷག་མའོ། །དེ་བཞིན་དུ་དགེ་སློང་མས་དགེ་སློང་ལ་གཞི་མེད་པའི་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་

སོ། །ཉམས་པ་ལ་སྐུར་བ་འདེབས་པ་ལ་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ལས་ན་ཁས་ལེན་པ་དང་མི་ལེན་པ་ཉིད་ཀྱི་ཐ་དད་པ་ལ་འདྲ་བའི་ཁ་ན་མ་ཐོ་བ་འདིར་རྣམ་པར་གཞག་གོ། །ཤིན་ཏུ་སླར་ཁྲོས་པའི་འཇུག་པ་འདི་ཤིན་ཏུ་ཡང་སྒོར་གྱུར་པ་དགེ་སྦྱོང་གི་རིགས་ལ་སྐུར་པ་འདེབས་པ་

ཞེས་བྱ་བ་དང་། ཉམས་པ་དང་མཚན་ཐ་དད་པའི་ཡུལ་ལ་ཡང་ལྟུང་བ་མཚུངས་པ་ཉིད་དུ་འདི་ལ་རྣམ་པར་གཞག་པའོ། །བརྫུན་དུ་སྨྲ་བའོ་ཞེས་བྱ་བ་ནི་གཞི་མེད་པ་ཞེས་བྱ་བའི་ཚིག་གིས་མ་ཡིན་ནོ། །མ་གྲགས་པའི་ཤེས་པས་ཉེ་བར་དམིགས་པར་བྱ་བ་གོ་བར་བྱེད་པ་ལ་ཡིད་མ་ཆེས་པའི་ཐོས་

เล่ม ๑๖๐ · หน้า 131a

པས་བདག་གིས་ཐོས་སོ། །བདག་ནི་ཡིད་ཆེས་པས་མ་ཡིན་ཞེས་བྱ་བ་འདི་ལྟར་དགེ་འདུན་ལྷག་མ་སྐྱེད་པར་གྱུར་ཏམ་ཞེས་བྱ་བའོ། །གང་ཡང་རུང་བ་ལ་གོ་བར་བྱས་ནའོ་ཞེས་བྱ་བ་ནི་མིའི་འགྲོ་བ་ཐམས་ཅད་ལ་གླེང་བ་འབའ་ཞིག་གིས་མ་ཡིན་ཞེས་བྱ་བའི་དོན་ཏོ། །

སྐུར་བ་འདེབས་པ་ལ་ཁ་ན་མ་ཐོ་བ་འདིའོ། །གཞན་ལ་སྨྲ་བ་ནི་སྐུར་པ་འདེབས་པ་ཡང་མ་ཡིན་ནོ། །ལྟུང་བའི་ཕྲེང་བ་ལ་ཡང་བདག་གིས་མཐོང་ངོ་ཞེས་བྱ་བ་སྲིད་པ་ཙམ་ལ་འབྱུང་བ་སྟེ། ཁྱོད་ནི་བདག་གིས་མཐོང་ངོ་ཞེས་བྱ་བ་ནི་མ་ཡིན་ཏེ། དེ་བས་ན་འདི་ཤེས་པའོ། །གང་ལ་ལྟུང་བ་ཉིད་

ལ་སྐྱོན་ཞེས་བྱ་བ་མ་བསྟན་པ་མེད་པ་རྒོད་བག་གི་བློས་དེ་ལ་འདི་བདག་གིས་བྱེད་ཅིང་མཐོང་ངོ་ཞེས་བྱ་བ་འཇུག་པའོ། །གང་ལ་འདིར་སྐྱོན་གཞན་ཡིན་གྱི་ཕམ་པ་ནི་མ་ཡིན་ཞེས་བྱ་བའི་བློ་སྒྲུབ་པ་གཞན་ལ་དེས་ཉམས་པ་ལ་འཇུག་པ་སྟེ། འཕོ་བར་གྱུར་པ་ལ་ནི་མ་ཡིན་ནོ། །འདིར་གང་ལ་སྐྱོན་

ཡོད་པ་ཞེས་བྱ་བ་འདི་ཙམ་གྱི་བློ་འདི་ནི་འདི་མ་ཡིན་ཞེས་བྱ་བ་དེ་ལ་ཡང་རྣམ་པ་གཞན་ཉིད་དེ་ཉམས་པར་གྱུར་པ་ནི་མ་ཡིན་ནོ། །དེ་བས་ན་འདིར་བསམ་པ་གང་ཡང་རུང་བ་དེས་ཅི་ཞིག་བྱ་ཞེས་བྱ་བ་སུ་ཞིག་ལ་གོ་བར་བྱས་ན་དེ་བས་ན་ལྟོས་པ་དེར་བརྗོད་པར་བྱའོ། །ཉམས་པར་འདུན་པས་སོ་ཞེས་བྱ་བ་ནི་

ཁྲོས་པར་མ་གྱུར་ཅིག་ཅེས་བྱ་བ་བྱུང་རྒྱལ་གྱིས་སྨྲས་པས་བརྡ་བྱས་པ་ལ་ཕམ་པ་འདི་ཞེས་བྱ་བ་བརྫུན་དུ་སྨྲས་པ་ལས་འཕོ་བར་འཇུག་པའི་འདུན་པ་མེད་པའོ། །ཉམས་པ་ཉིད་དུ་སྲིད་པ་དང་འབྲེལ་པ་འདི་ཡིན་ཏེ། ཉམས་པ་ཉིད་ལས་གཞན་ནི་འདིར་ཉམས་པ་ཉིད་ནི་མ་ཡིན་ནོ། །དེ་བས་ན་འདི་

ལྟ་བུའི་འདུན་པས་བརྫུན་པར་གཞན་ལ་གོ་བར་བྱེད་པ་གང་ཡིན་པ་དེ་ལ་འདིར་ལྷག་མའི་ལྟུང་བྱེད་དོ། །ཉམས་པར་མ་གྱུར་པའི་བརྗོད་པ་རྣམས་གང་ཡིན་པ་དེ་རྣམས་ལ་ནི་གང་དུ་དགེ་འདུན་གྱི་ལྷག་མའི་བློ་ཡོད་པ་དེ་ལ་ལྟུང་བྱེད་དོ། །གཞན་ལ་ནི་ཉེས་བྱས་སུ་རིག་པར་བྱའོ། །གང་དུ་དོགས་པ་

འཇུག་པ་འདི་ཕམ་པ་ཞེས་བྱ་བར་མ་གྱུར་ཏམ་སྙམ་དུ་ཡིད་གཉིས་སུ་གྱུར་པས་དེ་ལ་བསྐྱེད་པའོ། །དེ་གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་གང་གིས་སྨྲ་བ་དེ་འདིར་ནི་ཞེས་བྱ་བར་བརྗོད་དོ། །གཞི་དེ་ལས་གཞི་གཞན་གང་ཡིན་པ་དེ་ལ་ནི་འདིར་གཞི་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་མཐོང་བས་སྨྲ་བ་

เล่ม ๑๖๐ · หน้า 131b

ཡོད་པར་གྱུར་པ་ལ་མཐོང་བ་དེ་ལས་གཞན་དོགས་པའི་གཞི་མ་ཐོས་པ་གང་ཡིན་པ་དེ་ནི་མཐོང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཞི་གཞན་ཡོད་པར་གྱུར་ཀྱང་གང་གིས་སྨྲ་བ་དེ་མེད་པ་ལ་འདིར་དགེ་འདུན་གྱི་ལྷག་མ་ཡོད་པར་གྱུར་ཏེ་ཞེས་བྱ་བ་འདི་ལ་བྱེད་དུ་འཇུག་པའི་ཚིག་གིས་སྟོན་པའོ། །གལ་ཏེ་

གཞི་གཞན་གང་ཡིན་པ་དེ་ཉིད་དེའི་གཞིར་འགྱུར་ན། གཞི་གཞན་ཡོད་པས་ཀྱང་གཞི་གང་གིས་གླེང་བའི་གཞི་དེས་དགེ་འདུན་ལྷག་མ་ཡོད་པར་མི་འགྱུར་ཏེ། འདི་ནི་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཐོས་པ་ལ་ཡིད་ཆེས་ནས་སྨྲས་པ། བདག་གིས་མཐོང་ངོ་ཞེས་ཡིད་

ཆེས་པར་བྱེད་པ་དང་། ཐོས་པ་ལ་ཡིད་མ་ཆེས་པས་སྨྲས་པ། བདག་གིས་མཐོང་ངོ་ཞེས་སྨྲས་པ་དང་ཐོས་པ་ལ་དོགས་ཏེ། མཐོང་བར་བརྗོད་པ་དང་། མི་དོགས་ཏེ་མཐོང་བར་བརྗོད་པ་དང་། དོགས་པར་གྱུར་པས་སྨྲས་པ། བདག་གིས་མཐོང་ངོ་ཞེས་སྨྲ་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མའོ་

ཞེས་གསུངས་པ་ཡིན་ནོ། །བརྗོད་པ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མི་འདྲ་བ་ནི་མེད་པ་ཉིད་དུ་བལྟ་བར་བྱ་སྟེ། གང་ཞིག་མི་དྲན་པས་བརྗེད་པ་ལ་ནི་ཉེས་པས་འདིར་བརྗོད་པའོ། །འདིར་གཞུང་ནི་འདིས་མཐོང་བར་གྱུར་པ་བརྗེད་བཞིན་དུ་དང་། འདིས་ཐོས་པར་གྱུར་ཏེ། དེ་ཡང་བརྗེད་བཞིན་དུ་དང་།

འདིས་དོགས་པར་གྱུར་ཏེ་དེ་ཡང་བརྗེད་བཞིན་དུ་དེས་འདུ་ཤེས་བསྒྱུར་བ་དང་བཅས་པས་ཇི་སྲིད་དུ་མཐོང་ངོ་། །དེ་ཡང་མི་བརྗེད་པ་དང་སྨྲས་པ་ཐོས་ཏེ་འདི་ཡང་མ་བརྗེད་པ་དང་དོགས་སོ་ཞེས་དེ་ཡང་མ་བརྗེད་པའོ་ཞེས་ཟེར་ན། བརྗོད་དོ་ཅོག་ལ་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ། །དོན་གྱི་དེ་ཉིད་

ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི་འདུ་ཤེས་པ་ལ་ཇི་ལྟར་སྨྲ་བ་དེ་ཉིད་མེད་པ་ནི་འདིར་རྒྱུ་ཡིན་ཏེ་དོན་ལ་མ་ཡིན་ནོ། །དེ་ཉིད་ཡོད་ཀྱང་དོན་ལ་བསམས་པ་ཉིད་ནི་འདུ་ཤེས་པ་ཉིད་སྨྲ་བ་ལ་བརྫུན་དུ་སྨྲ་བ་ཉིད་དོ། །མ་བསམས་པར་འདུ་ཤེས་པ་མེད་པར་གྱུར་པ་ལ་སྨྲ་བ་ལ་བདེན་པ་ཉིད་དོ། །

གཞི་གཞན་གྱིས་མི་དྲན་པས་བརྗོད་པ་ལ་དགེ་འདུན་གྱི་ལྷག་མ་ཞེས་བྱ་བའོ། །འདི་དང་འདི་བརྗོད་པ་ལ་ལྟུང་བའི་རྒྱུར་བརྗོད་པ་ནི་མ་དག་པས་སྐུར་བ་བཏབ་པ་ལ་དགེ་འདུན་གྱི་ལྷག་མར་བརྗོད་པས་བསྡུས་པའོ། །ཞེ་སྡང་བས་མ་གཏོགས་ཞེས་བྱ་བ་འདི་དང་འོག་ཏུ་བརྗོད་པ་དེའི་ཡན་ལག་ཉིད་ནི་མ་ཡིན་

เล่ม ๑๖๐ · หน้า 132a

ཏེ། སྐུར་བ་འདེབས་པ་ལ་འདིར་སྐྱོན་ཉིད་ཀྱི་ཕྱིར་རོ། །བརྗོད་པ་ཡོད་པར་གྱུར་ཅིག་ཅེས་བྱ་བ་ཡང་ཀུན་ནས་རྒོལ་བའམ་རྣམ་པ་གཞན་གྱིས་སྐུར་བ་འདེབས་པ་དང་། སྐུར་བ་འདེབས་པ་ཉིད་ཀྱིས་ཅི་སྟེ་འཇུག་པའི་རྒྱུ་རྗེས་སུ་འགྲོ་བ་ཙམ་འདི་དཔེ་ཉིད་ཀྱིས་ཕལ་ཆེ་བ་ཉིད་ལ་

བརྟེན་ནས་ཕལ་ཆེར་སྐུར་བ་འདེབས་པ་འཇུག་པ་ལ་ཞེ་སྡང་གི་རྒྱུ་སྐྱེས་པའི་དབང་གིས་འདིར་གསུངས་པ་ཡིན་གྱི་ཡན་ལག་ཉིད་ཀྱིས་ནི་མ་ཡིན་ནོ། །གཞི་མེད་པའི་དགེ་འདུན་ལྷག་མའོ།། །།ད་ནི་གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མ་ལ་འདི་ཉིད་ཆོ་ག་མ་ལུས་པ་ཁས་བླངས་ནས་བརྫུན་

དུ་སྨྲ་བས་སོ་ཞེས་སྨོས་པའི་གནས་སུ་འདི་འཐོབ་པས་དེའི་བྱེ་བྲག་འགའ་ཞིག་འདིར་བརྗོད་པར་བྱ་སྟེ། བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གིས་བརྫུན་ནའོ་ཞེས་བྱ་བ་འདི་ཕམ་པར་འགྱུར་བའི་ལས་འདིས་ལྷག་པར་སྤྱོད་པ་ཞེས་བྱ་བ་བརྗོད་པར་བྱ་བ་འདིས་ལས་གཞན་དུ་དེའི་ཡན་ལག་ཏུ་གྱུར་པའི་རྣམ་

པར་བྲལ་བ་བརྗོད་པར་བྱ་བ་ལ་གནས་པ་གང་ལ་ཡོད་པ་དེ་ནི་བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གོ། །འདི་ལྟ་སྟེ་དཔེར་ན་ཁོ་བོ་ཅག་གིས་ཚེ་དང་ལྡན་པ་གྱད་བུ་ནོར་མཐོང་ངོ་། །དགེ་སློང་མ་ཨུཏྤ་ལའི་མདོག་ཅན་མཐོང་ངོ་། །མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་མཐོང་ངོ་ཞེས་གང་

གི་ཕྱིར་སྒྲ་དེ་གསུམ་གཅིག་ལ་གཅིག་སྦྱར་བ་དེ་བཞིན་དུ་འདི་རྣམས་ཀྱིས་བརྗོད་པར་བྱ་བའི་དོན་རྣམ་པར་བྲལ་བ་དེའི་ཆར་གྱུར་པའི་ཕམ་པའི་ལས་འདིས་ལྷག་པར་སྤྱོད་པ་དེ་བས་ན་དེ་ལྟར་དེའི་ཆ་དང་རྣམ་པར་བྲལ་བ་སོ་སོར་གྱུར་པ་འདིས་ཞེས་བྱ་བ་བྱས་ནས་སོ། །འདིར་ཡང་འདི་ཉིད་ཀྱི་ཚིག་ལ་གནས་པ་

སྟེ། དེས་ན་བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གིས་ཕམ་པ་ལྷག་པར་སྤྱོད་པའི་དགེ་སློང་སུ་ཞིག་ལ་གོ་བར་བྱེད་པ་ལ་དགེ་འདུན་ལྷག་མ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་ཤེས་ནས་ཀྱང་སྐུལ་བར་བྱེད་པ་དང་འབྲེལ་བ་ཕམ་པ་ལྷག་པར་སྤྱོད་པར་གྱུར་པ་ཡིན་ཏེ་བརྗོད་པར་བྱ་བ་གཞན་ལ་

གནས་པའི་ཚིག་གིས་དེ་སྟོན་པ་སྟེ། དེ་བསལ་བའི་ཕྱིར་བརྫུན་ནའོ་ཞེས་བྱ་བ་སྨོས་ཏེ། འོག་མ་སྒྲོགས་པར་འདོད་པའི་འདུན་པས་འདྲ་བའི་དོན་བརྗོད་པ་ལ་སྦོམ་པོའོ་ཞེས་བྱ་བ་རྣམ་པ་འདིས་སྦོམ་པོ་ཐོབ་པ་ལ་ཐ་སྙད་འདི་བཏགས་པའོ། །གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མའོ།། །།

เล่ม ๑๖๐ · หน้า 132b

མི་བསྟེན་པས་སྐུར་པ་འདེབས་ན་སྦོམ་པོའོ་ཞེས་བྱ་བ་ནི་དགེ་སློང་མ་ལ་ཕོའི་དབང་པོ་མེད་པ་ནི་དཔེར་ན་མ་ནིང་ཕོས་ལྟ་བུའོ། །དགེ་སློང་ལ་མོའི་དབང་པོ་མེད་པ་ནི་དཔེར་ན་མ་ནིང་མོས་སྐུར་པ་འདེབས་ན་ཡང་སྦོམ་པོའི་ཁ་ན་མ་ཐོ་བའོ། །དེ་ཡང་འདིའི་དབང་དུ་མ་བྱས་ཤིང་ཁ་དང་བཤང་བའི་ལམ་ཞེས་བྱ་བར་

རིག་པར་བྱའོ། །མིང་མ་སྨོས་པ་ཡང་ངོ་ཞེས་བྱ་བ་ནི་ཉམས་པར་བྱ་བའི་མིང་མ་སྨོས་པར་སྐུར་པ་འདེབས་ན་ཡང་སྦོམ་པོའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། དགེ་འདུན་གྱི་དབུས་སུ་ངེས་པ་མེད་པར་འདི་སྐད་ཅེས་མི་ཚངས་པར་སྤྱོད་པ་བྱས་སོ། །མ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་སོ། །མི་

སྲོག་དང་ཕྲལ་ལོ། །མི་ཆོས་བླ་མ་ཡང་དག་པ་མ་ཡིན་པ་སྨྲས་སོ་ཞེས་ཟེར་ཞིང་། བདག་ནི་ཆེ་གེ་མོས་སོ་ཞེས་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དགེ་འདུན་གྱི་དབྱེན་བྱས་པའོ་ཞེས་བྱ་བ་ནི་མཚམས་མེད་

པ་འདི་གཉིས་ནི་སྦོམ་པོའོ། །མི་གསོད་པ་དང་དགེ་འདུན་གྱི་དབྱེན་གྱི་ལྷག་མ་དབྱེ་བར་བརྟུལ་བ་ནི་སྤོང་བའི་ཕྱོགས་ལ། འདི་དག་ལ་གོ་རིམས་ཇི་བཞིན་དུ་སྦོམ་པོའི་ལྟུང་བ་ཡིན་གྱི་སྐུར་པ་འདེབས་པའི་ཕྱོགས་པ་ནི་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །དེ་གཉིས་ཀྱིས་སྐུར་པ་འདེབས་ན་ཉེས་བྱས་སུ་

རྣམ་པར་གནས་པ་ཡིན་ནོ། །བསམས་ཏེ་སྨྲས་སོ་ཞེས་བྱ་བ་ལ་སོགས་པས་གཞོགས་སྨོས་བྱེད་ན་ཉེས་བྱས་སོ་ཞེས་བྱ་བ་ནི་འདིར་སོགས་པ་ཞེས་བྱ་བའི་སྒྲ་ནི་རྣམ་པ་གཞན་བསྟན་པའི་ཕྱིར་རོ། །བསམས་ཏེ་སྨྲས་སོ་ཞེས་བྱ་བ་ནི་འདི་ལྟ་བུའི་རྣམ་པ་མཚོན་པར་བྱེད་པ་ལ་ཉེས་བྱས་སོ། །འདིར་

གཞུང་ནི་ཞུ་བ་ཁ་ཅིག་གི་གཞུང་ལས་དགེ་སློང་སྟན་ལས་ལངས་ཏེ་བདག་གིས་བསམས་ཏེ་སྨྲས་སོ་ཞེས་ཟེར་ཞིང་སྐྱེ་བོ་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །བག་ཙམ་ལ་ཡང་རྣམ་པ་དེ་དག་ཤེས་པར་བྱས་ཏེ། བདག་གིས་དགེ་སློང་མ་ཆེ་གེ་མོ་ཞེས་བྱ་བ་མ་ནིང་ཕོ་དང་མི་ཚངས་

པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའོ། །གཞི་མེད་པའི་དང་བག་ཙམ་གྱི་ཞུ་བའོ།། །།གཞན་གྱི་འཁོར་ཁ་འདྲེན་ན་སྦོམ་པོའོ་ཞེས་བྱ་བ་ནི་ཕྲན་ཚེགས་རྣམས་ལས་འདི་འབྱུང་ངོ་། །དགེ་འདུན་གྱི་དབྱེན་ལ་སོགས་པའི་དགེ་འདུན་ལྷག་མ་བསྒོ་བ་ལས་བྱུང་བ་བཞི་པོ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด