འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๒ · หน้า 162a
ལའོ་ཞེས་དེ་སྐད་འབྱུང་བའི་ཕྱིར་སྐབས་འདི་ཁོ་ནར་འདོན་པའི་རིམ་པས་ཐ་མ་ཡིན་པའི་ཕྱིར་འོག་མ་སྟེ། དེ་མན་ཆད་བུད་མེད་བྱེད་པ་པོ་ཉིད་དུ་འགྱུར་བའི་བསླབ་པའི་གཞིའི་མདོ་གཞན་ཉེ་བར་མ་བཀོད་པས་དེས་ན་འོག་མ་ཞེས་བྱའོ། །གལ་ཏེ་བུད་མེད་ཀྱི་བསླབ་པའི་གཞི་
འོག་མ་དེ་གསུམ་ལ་ནི་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་དག་གི་དོན་གང་ཡིན་པའི་དོན་དེ་ཀུན་ཤེས་པར་བྱ་བའི་མཐུ་ཡོད་པ་ཉིད་ཡིན་ན། དེའི་ཚེ་བུད་མེད་དེ་དེ་གསུམ་གྱི་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། བསླབ་པའི་གཞི་གསུམ་པོ་དེ་དག་གི་སྒྲ་དང་དོན་ཡོངས་སུ་ཤེས་པར་བྱ་བའི་
ཕྱིར་མཐུ་ཡོད་པར་འགྱུར་ན་དེའི་ཚེ་བུད་མེད་དེ་བསླབ་པའི་གཞི་དེ་གསུམ་གྱི་དངོས་གཞིའི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གང་ཞེ་ན། དེའི་ཕྱིར་གཞན་ལ་ཞེས་བྱ་བ་སྨྲས་ཏེ། སྔར་སྨྲས་པ་གསུམ་ལས་གཞན་པ་འདིར་དབེན་པ་ན་འདུག་པ་དང་། དབེན་པ་ན་འགྲེང་བ་དང་། ཉལ་པོ་བྱེད་པར་ཤོམ་པའི་
ཁྱིམ་ན་འདུག་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང་། བུད་མེད་དང་ལྷན་ཅིག་ཉལ་བ་དང་། སྐྱེས་པ་མེད་པར་བུད་མེད་དང་ལམ་དུ་འགྲོ་བ་ཞེས་བྱ་བའི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བའི་བསླབ་པའི་གཞི་རྣམས་ཏེ། དེ་དག་ལ་ནི་གལ་ཏེ་བུད་མེད་དེ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་
པ་ཉིད་ཡིན་ན། བུད་མེད་དེ་ལྟུང་བྱེད་དེ་དག་གི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནོ། །གཞན་དུ་ན་འོག་མའི་འོ་ཞེས་བྱ་བ་ལ་གཞན་དུ་ན་ཞེས་བྱ་བ་ནི། དབེན་པ་ན་འདུག་པ་དང་། འགྲེང་བ་ལ་སོགས་པ་འདི་ལ་ཐམས་ཅད་དུ་ཇི་སྐད་བསྟན་པའི་དོན་བཞིན་བྱེད་པའི་མཐུ་ཡོད་པ་མ་ཡིན་ནའོ། །
འོག་མའི་འོ་ཞེས་བྱ་བ་ནི་ཚིག་འོག་མའི་བྱེད་པ་པོ་ཉིད་བུད་མེད་ཡིན་པ་སྟེ། མཐུ་ཡོད་པའི་བུད་མེད་ལ་ལུས་ཀྱིས་རེག་པ་ལ་དགེ་འདུན་ལྷག་མ་གང་ཡིན་པ་དེ་ལ་མཐུ་མེད་ན་ཉེས་པ་སྦོམ་པོའོ། །མཐུ་ཡོད་པར་བར་དུ་བཅད་པ་ཉིད་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་ལ་མཐུ་མེད་ན་ཉེས་བྱས་སོ། །མཐུ་
ཡོད་པ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བ་ལ་སོགས་པ་ལྟུང་བྱེད་གང་ཡིན་པ་དེ་ལ་མཐུ་མེད་ན་ཉེས་བྱས་སུ་འགྱུར་བའོ། །མ་ནིང་མོ་དང་མ་ནིང་ཕོ་དང་སྤྲུལ་པ་མོ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ལ། མ་ནིང་མོ་ཞེས་བྱ་བ་ནི། གང་ལ་མོའི་དབང་པོ་ཡང་མེད། ཕོའི་དབང་པོ་ཡང་མེད་ལ་ནུ་མ་ཡོད་པ་ལ་སོགས་
เล่ม ๑๖๒ · หน้า 162b
པས་བུད་མེད་ཀྱི་རྣམ་པ་ལ་ཅུང་ཟད་བརྟེན་པ་སྟེ། དེ་ནི་མ་ནིང་མོ་ཞེས་བྱའོ། །མ་ནིང་ཕོ་ཞེས་བྱ་བ་ནི། གང་ལ་ཕོའི་དབང་པོ་ཡང་མེད། མོའི་དབང་པོ་ཡང་མེད་ལ་ཁ་སྤུ་ལ་སོགས་པས་སྐྱེས་པའི་རྣམ་པ་ལ་ཅུང་ཟད་བརྟེན་པ་སྟེ། དེ་ནི་མ་ནིང་ཕོ་ཞེས་བྱའོ། །སྤྲུལ་པ་མོ་ཞེས་བྱ་བ་ནི། སེམས་ཅན་དུ་
བགྲང་བ་ཁོ་ན་གསང་སྔགས་དང་སྨན་ལ་སོགས་པས་བསྒྱུར་བའོ། །མ་ནིང་མོ་ལ་སོགས་པ་དེ་དག་ལ་བུད་མེད་ཉིད་མེད་པས་མཐུ་མེད་པ་ཉིད་དུ་ཉེ་བར་གདགས་པའི་ཕྱིར་དེ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། མཐུ་མེད་པ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །གསུམ་པོ་འདི་ལ་སྐྱེས་པའོ་ཞེས་བྱ་བ་ལ། གསུམ་
པོ་འདི་ལ་ཞེས་བྱ་བ་ནི་ལུས་ཀྱིས་རེག་པ་དང་། འཁྲིག་པ་དང་ལྡན་པར་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དག་ལའོ། །སྐྱེས་པའོ་ཞེས་བྱ་བ་ནི། སྐྱེས་པ་ཡང་མཐུ་མེད་པ་དང་འདྲ་བ་ཁོ་ནའོ། །གལ་ཏེ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པས་ཀྱང་ངོ་ཞེས་བྱ་བ་ལ།
ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་འདིར་གསུམ་པོ་འདི་ལ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་རོ། །དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཞེས་བྱ་བ་ལ། དེ་དག་གི་ཞེས་བྱ་བའི་སྒྲ་ནི་ལུས་ཀྱིས་རེག་པ་དང་། འཁྲིག་པ་དང་ལྡན་པར་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་ཞེས་བྱ་བའི་དགེ་འདུན་ལྷག་མ་གསུམ་
ལ་བསྙེགས་སོ། །དེ་དག་གི་ཡུལ་ལ་བདེ་བ་གང་ཡོད་པའི་བདེ་བ་དེ་ཉམས་སུ་མྱོང་བ་ཕྲད་པར་བྱ་བའི་ཕྱིར་འདུན་པ་གང་ཡིན་པ་དེ་ནི་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་སྟེ། དེས་སོ་ཞེས་བྱ་བར་སྦྱར་རོ། །ཀུན་ཏུ་འདོད་ཆགས་དང་ལྡན་པས་ཞེས་བྱ་བ་ནི་འདུན་པ་དེའི་བྱེ་བྲག་ཡིན་ནོ། །བྱེ་བྲག་དེ་ཡང་
སོ་སོར་ཐར་པའི་མདོ་ལས་གསུངས་པའི་ཚིག་བསྡུ་བའི་ཕྱིར་ཏེ། སོ་སོར་ཐར་པའི་མདོ་ལས་དྲལ་ཅིང་གྱུར་པའི་སེམས་ཀྱིས་འབྱུང་བའི་ཕྱིར་རོ། །དེ་ལ་དྲལ་བ་ཉིད་ནི་ཀུན་ནས་དཀྲིས་པ་ཉིད་དོ། །གྱུར་པ་ཉིད་ནི་བུད་མེད་དེ་ལ་རྟོག་པ་ཉིད་དོ། །ཀུན་ནས་དཀྲིས་པ་ཉིད་ཅེས་བྱ་བ་འདོད་ཆགས་མངོན་དུ་གྱུར་པ་ཉིད་དྲལ་བ་
ཉིད་ཅེས་གསུངས་པ་གང་ཡིན་པ་དང་། ཡུན་རིང་པོ་ནས་ཆགས་པར་གྱུར་པའི་སྲེད་པའི་རྗེས་སུ་ཞུགས་པ་ཉིད་དང་། རྗེས་སུ་འབྲེལ་པ་ཉིད་གྱུར་པ་ཉིད་ཅེས་གསུངས་པ་གང་ཡིན་པའི་བྱེ་བྲག་གི་ཚིག་གཉིས་གསུངས་པ་དེས་བྱེ་བྲག་ཅན་དུ་གྱུར་པའི་འདོད་ཆགས་གང་ཡིན་པ་དེ་ནི་འདིར་ཀུན་ཏུ་འདོད་ཆགས་པ་
เล่ม ๑๖๒ · หน้า 163a
ཞེས་བྱ་བའི་སྒྲར་བརྗོད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། བྱེ་བྲག་བསྟན་པ་དེས་བྱེ་བྲག་ཅན་དུ་གྱུར་པའི་འདོད་ཆགས་དེ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཞེས་བྱ་སྟེ། འདུན་པ་དེས་དགེ་སློང་
གིས་འོག་ནས་འབྱུང་བའི་མཚན་ཉིད་དང་ལྡན་པའི་ལུས་ལ་རེག་པ་དང་། འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་གང་ཡིན་པ་བྱས་ན་དེའི་ཚེ་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་ལ་སོགས་པ་
དང་། ཐུན་མོང་གི་མཚན་ཉིད་བསྟན་ནས་ད་ནི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་འབའ་ཞིག་གི་སྐབས་བརྗོད་པར་བྱ་སྟེ། དེའི་ཕྱིར་ལུས་ཀྱིས་རེག་པ་བདག་གིར་བྱེད་ནའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་ཀྱི་ལུས་ལ་རེག་པ་ནི་ལུས་ཀྱིས་རེག་པའོ། །དེ་ལ་བདག་གིར་བྱེད་པ་ནི་སྔར་བསྟན་
པའི་ཀུན་དུ་འདོད་ཆགས་པ་དང་ལྡན་པའི་འདུན་པས་རོ་མྱོང་བར་བྱེད་ནའོ། །འདིར་ལན་བུ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི། ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའི་སྐབས་འདིར་ཡིན་གྱི། བུད་མེད་ཀྱི་མཚན་མའི་ཁ་ན་མ་ཐོ་བ་དབེན་པ་ན་འདུག་པ་ལ་སོགས་པ་
གཞན་ལ་ནི་མ་ཡིན་ནོ། །ལན་བུ་ཞེས་བྱ་བ་ནི་སྐྲ་བསྡུས་པའོ། །དེ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི། ལན་བུ་དེ་ནི་ལུས་དང་ལྡན་པ་ཉིད་དེ། དེ་ལ་རེག་ན་དངོས་གཞིའོ། །སྐྲ་དག་ལ་ལུས་ཀྱི་དབང་པོ་མེད་པའི་ཕྱིར། ལུས་ཀྱི་མཚན་ཉིད་མེད་པས་དེ་ལ་རེག་པ་ལ་དགེ་འདུན་ལྷག་མར་མི་འགྱུར་
རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་མདོ་འདི་བསྟན་ཏེ། དེ་ལ་འདོད་ཆགས་ལྷག་པར་སྐྱེ་བའི་ཕྱིར་རོ། །དེ་དང་འབྲེལ་པའི་གོས་ལ་ཡང་ངོ་ཞེས་བྱ་བ་ནི། ལན་བུ་དང་འབྲེལ་པའི་སྐུད་པ་ལ་སོགས་པ་ལན་བུའི་ཡན་ལག་ཏུ་གྱུར་པ་ལ་རེག་ན་ཡང་དངོས་གཞིའི་ཁ་ན་མ་ཐོ་བའོ། །ཅོད་པན་དང་། ཁ་ཆུ་ལ་སོགས་
པ་ལ་རེག་པ་ནི་དཔེར་ན་སེན་མོ་དག་དང་འདྲ་བར་སྦོམ་པོའོ། །ནོམ་པ་དང་ཉུག་པ་དང་སྤྲོད་པ་དང་འཛིན་པ་དང་། འདྲེན་པ་དང་། ཡོངས་སུ་འདྲེན་པ་དང་། འོག་ནས་འཁྱུད་པ་དང་། སྟེང་ནས་འཁྱུད་པ་དང་། དམ་དུ་སྦྱོར་བ་རྣམས་ལ་ནི་བྱེ་བྲག་མེད་པ་ཉིད་དོ་ཞེས་བྱ་བ་ལ་ནོམ་པ་ལ་སོགས་པ་ནི་ལྟུང་བ་ལ་བྱེ་
เล่ม ๑๖๒ · หน้า 163b
བྲག་མེད་པ་ཉིད་དེ། ཇི་ལྟར་རེག་ན་ཡང་དངོས་གཞི་ཉིད་ཡིན་གྱི། རེག་པའི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་འགྱུར་བ་ནི་མ་ཡིན་ནོ། །དེ་ལ་ནོམ་པ་ཞེས་བྱ་བ་ནི་དང་པོར་ལན་ཅིག་ལུས་ལ་སྦྱོར་བ་ཉིད་དོ། །ཉུག་པ་ཞེས་བྱ་བ་ནི། ཡང་དང་ཡང་དུ་ལུས་ལ་སྦྱོར་བའོ། །སྤྲོད་པ་ཞེས་བྱ་བ་ནི། མཐང་སྦྱར་བའི་
བསམ་པས་རང་གི་ལུས་བུད་མེད་ཀྱི་ལུས་དང་བར་དུ་མ་བཅད་པར་སྤྲོད་པའོ། །འཛིན་པ་ཞེས་བྱ་བ་ནི་ལག་པ་ལ་སོགས་པ་འཆང་བའོ། །འདྲེན་པ་ཞེས་བྱ་བ་ནི། ཡུལ་ཐག་རིང་པོ་ནས་ལག་པ་ལ་སོགས་པ་ནས་བཟུང་སྟེ་འདྲེན་པའོ། །ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི། ཡུལ་དང་ཐག་ཉེ་བ་ནས་ཁོར་ཡུག་
ཏུ་བསྐོར་བའོ། །འོག་ནས་འཁྱུད་པ་ཞེས་བྱ་བ་ནི། འོག་ན་འདུག་པ་ལུས་ཀྱི་སྟེང་དུ་འཇོག་ཅིང་འཁྱུད་པར་བྱེད་པ་སྟེ། སྟེང་དུ་བཞག་ནས་མཐང་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྟེང་ནས་འཁྱུད་པ་ཞེས་བྱ་བ་ནི། ལུས་ཀྱི་སྟེང་དེ་ནས་ཀྱང་ཕབ་སྟེ། འོག་ཏུ་འཇུག་ཅིང་འཁྱུད་པར་བྱེད་དེ།
འོག་ཏུ་བཅུག་ནས་མཐང་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དམ་དུ་སྦྱོར་བ་ཞེས་བྱ་བ་ནི་མཐང་དམ་དུ་སྦྱོར་བ་ལ་སོགས་པའོ། །བསྟེན་པར་བྱ་བས་བྱས་པ་ཉིད་ཀྱང་ངོ་ཞེས་བྱ་བ་ཡང་བྱེ་བྲག་མེད་དོ་ཞེས་བྱ་བར་སྦྱར་ཏེ། འདིར་བསྟེན་པར་བྱ་བ་ཞེས་བྱ་བ་ནི། བུད་མེད་དང་། སྐྱེས་པ་དང་། མ་ནིང་ལ་སོགས་པ་
དག་ཡིན་པར་རིག་པར་བྱའོ། །བསྟེན་པར་བྱ་བ་དེས་ནོམ་པ་དང་ཉུག་པ་ལ་སོགས་པའི་རེག་པ་བྱས་པ་ཉིད་གང་ཡིན་པ་དེ་ལ་ཡང་འདིར་བདག་གིར་བྱ་བ་དང་བཅས་པས་རོ་མྱོང་བར་བྱེད་ན་བྱེ་བྲག་མེད་པ་ཉིད་དོ། །འདི་སྐད་བསྟན་ཏེ། དཔེར་ན་དགེ་སློང་ཀུན་དུ་འདོད་ཆགས་པའི་སེམས་ཀྱིས་བུད་མེད་ལ་
སོགས་པའི་ལུས་ལ་ནོམ་པ་དང་། ཉུག་པ་ལ་སོགས་པ་གང་ཡིན་པ་དེ་ལྟུང་བར་འགྱུར་བ་དེ་བཞིན་དུ་གལ་ཏེ་བུད་མེད་ལ་སོགས་པས་དགེ་སློང་གི་ལུས་ལ་ནོམ་པ་དང་། ཉུག་པ་ལ་སོགས་པ་བྱེད་པ་ལ་གལ་ཏེ་དགེ་སློང་ཀུན་དུ་འདོད་ཆགས་པའི་སེམས་ཀྱིས་དེ་ལ་བདག་གིར་བྱ་བ་བྱེད་ན་དེ་ཡང་ལྟུང་བར་འགྱུར་ཏེ་
ན་སྨད་པ་མེད་དོ། །བསྟེན་པར་བྱ་བས་བྱས་པའི་ནོམ་པ་དང་། ཉུག་པ་ལ་སོགས་པ་ལ་ཡང་ཀུན་དུ་འདོད་ཆགས་པའི་སེམས་ཀྱིས་བདག་གིར་བྱེད་ན་ལྟུང་བ་ལ་བྱེ་བྲག་མེད་དོ། །བསྟེན་པར་བྱ་བ་ཞེས་སྨོས་པ་ནི་བུད་མེད་དང་སྐྱེས་པ་དང་། མ་ནིང་ལ་སོགས་པ་སྤྱིར་བསྡུ་བའི་ཕྱིར་རོ། །ཀུན་དུ་འདོད་
เล่ม ๑๖๒ · หน้า 164a
ཆགས་པའི་སེམས་མེད་པར་སྙིང་བརྩེ་བ་ལ་སོགས་པའི་སེམས་གཞན་གྱིས་རེག་པ་ལ་ནི་ཉེས་པ་མེད་དོ། །གོས་ཀྱིས་བར་དུ་ཆོད་པ་ལ་ནི་འོག་མར་རོ་ཞེས་བྱ་བ་ནི། གོས་ཀྱིས་བར་དུ་ཆོད་ཅིང་བར་ཆད་ཡོད་ན། བུད་མེད་ལ་སོགས་པའི་ལུས་ལ་རེག་པ་ནི་ཚིག་འོག་མར་
འགྱུར་བར་རིག་པར་བྱ་སྟེ། གང་ལ་དངོས་གཞིར་འགྱུར་བ་དེ་ལ་ནི་སྦོམ་པོའོ། །གང་ལ་སྦོམ་པོར་འགྱུར་བ་དེ་ལ་ནི་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱིས་རེག་པ་ཚོར་བ་ལ་ཡང་ལྟུང་བ་ལ་བྱེ་བྲག་མེད་དོ། །ཐམས་ཅད་དུ་ལུས་ཀྱིས་རེག་པ་མེད་པའི་ཕྱིར་རོ། །བར་དུ་ཆོད་པ་ཞེས་བྱ་བའི་སྒྲ་
ནི་བར་ཆད་ཀྱིས་ཆོད་པའི་ཚིག་ཡིན་ནོ། །ཉེས་བྱས་ཀྱི་ན་སྨད་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཇི་ལྟར་ཕམ་པར་འགྱུར་བ་ལ་སོགས་པ་གཞན་ལ་ལྟུང་བ་ན་སྨད་པར་གསུངས་པ་ལ་སྦོམ་པོ་ལ་སོགས་པ་ལྟུང་བ་གཞན་དུ་རྣམ་པར་གཞག་པ་ལྟར་ཉེས་བྱས་ལ་ནི་མེད་དེ། འདི་ལྟར་ཉེས་བྱས་ལ་ན་
སྨད་ན་ཡང་ཉེས་བྱས་ཡིན་པའི་ཕྱིར། གཞན་ཉིད་མ་ཡིན་ཏེ་ཉེས་བྱས་ཉིད་དེ་ཉེས་བྱས་ཕྲ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་མ་ལ་རེག་པར་མི་བྱའོ་ཞེས་བྱ་བ་ནི། བསམ་པའི་ཉེས་པ་མེད་དུ་ཟིན་ཀྱང་རེག་པར་མི་བྱའོ། །བུད་མེད་ལ་ཡང་མི་བྱའོ་ཞེས་བྱ་བ་ཡང་རེག་པར་ཞེས་བྱ་བར་སྦྱར་རོ། །འདིར་
ཡང་བསམ་པའི་ཉེས་པ་མེད་དུ་ཟིན་ཀྱང་བཀག་པར་རིག་པར་བྱ་སྟེ། འདིར་གཉི་ག་ལ་རེག་ན་ཉེས་བྱས་སོ། །འདི་ལྟར་དགེ་སློང་མ་ནི་བུད་མེད་ཀྱི་རིགས་ལས་མ་འདས་མོད་ཀྱི། འོན་ཀྱང་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་ཕྱིར་བསམ་པའི་ཉེས་པ་མེད་ན་དེ་ལ་རེག་པ་ལ་ཉེས་པ་མེད་དོ་སྙམ་དུ་དོགས་
པ་བསལ་བའི་ཕྱིར་ཚིག་ལོགས་ཤིག་ཏུ་སྨོས་སོ། །ཆུར་ཉམ་ཐག་པ་བསྒྲལ་བའི་ཕྱིར་ནི་རེག་པར་བྱའོ་ཞེས་བྱ་བ་ནི། བུད་མེད་ལ་རེག་པར་མི་བྱའོ་ཞེས་བྱ་བ་སྤྱིར་སྦྱར་བའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་མདོ་འདི་བསྟན་ཏོ། །འོ་ན་འོག་ནས་ཀྱང་སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་བར་བྱ་བ་ལ་
ལྟུང་བ་མེད་དོ་ཞེས་འབྱུང་བས་དེས་ཀྱང་དམིགས་ཀྱིས་བསལ་བ་མི་བྱེད་དམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འོག་ཁོ་ན་ནས་མ་དང་བུ་མོ་དང་སྲིང་མོའི་འདུ་ཤེས་ཉེ་བར་གཞག་སྟེ། ལག་པའམ་སྐྲ་དག་ལས་སོ་ཞེས་འབྱུང་བ་དེ་དག་གི་ཡུལ་བསྟན་པའི་ཕྱིར་འདིར་ཡང་བརྩམ་མོ། །ཚུར་ཞེས་བྱ་བ་ནི་
เล่ม ๑๖๒ · หน้า 164b
ཆུའི་ནང་དུའོ། །ཉམ་ཐག་པ་ཞེས་བྱ་བ་ནི་སྡུག་བསྔལ་ཐོབ་པར་འགྱུར་བ་སྟེ། དེ་ལྟ་བུའི་བུད་མེད་བསྒྲལ་བའི་ཕྱིར་ནི་རེག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རེག་པར་བྱ་ཞེ་ན། དེའི་ཕྱིར་མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་གཞག་སྟེ། ལག་པའམ་སྐྲ་དག་ལས་སོ་ཞེས་བྱ་བ་སྨྲས་ཏེ།
མ་ལ་སོགས་པའི་འདུ་ཤེས་ཉེ་བར་གཞག་སྟེ། ལག་པའམ་སྐྲ་དག་ལས་རེག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བདལ་བའི་སྟེང་དུ་ཁས་སྦུབ་ཏུ་གཞག་གོ་ཞེས་བྱ་བ་ནི་བུད་མེད་བསྒྲལ་བའི་ཕྱིར་དང་། དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བདལ་བའི་སྟེང་དུ་ཁས་སྦུབ་
ཏུ་གཞག་སྟེ། དེའི་ཚེ་ན་ཆུ་ཞུགས་པ་འཛག་པར་འགྱུར་ཞིང་དེ་ཟགས་ན་དྲན་པ་ཐོབ་པར་འགྱུར་རོ། །ཁྲིའུ་བཞིན་དུ་བསྲུང་བར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་ཁྱིམ་པ་རྣམས་ལ་བསྟབས་པའི་ཁྲིའུ་དག་གིས་བསྲུང་བ་བསྟན་པ་དེའི་ཕྱོགས་གཅིག་ཏུ་འདུག་སྟེ། རང་གི་ལས་ཀྱང་བྱེད་སེམས་ཀྱང་
གཏོད་དེ། ཁ་དོན་བྱེད་པའམ་ཡིད་ལ་བྱེད་པ་བསྐྱེད་ཅིང་ཕྱོགས་གཅིག་ཏུ་འདུག་སྟེ་སྲུང་བར་བྱེད་པ་དེ་བཞིན་དུ་བུད་མེད་ཆུ་ལས་བསྒྲལ་བ་དེ་ཡང་བསྲུང་བར་བྱའོ། །བ་ལང་རྫིའམ་ཕྱུགས་རྫི་དག་ལ་གཏད་དེ་ཟན་ལ་འགྲོ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དེ་ཟན་ལ་འགྲོ་ན་དེའི་ཚེ། དང་
པོར་བུད་མེད་དེ་བ་ལང་རྫི་ལ་སོགས་པ་དག་ལ་གཏད་དེ་ཕྱིས་འགྲོ་བར་བྱའོ། །གལ་ཏེ་རེ་ཞིག་གཏོད་པར་བྱེད་ན་ནི་དེའི་ཚེ་དགེ་སློང་དེས་ཡང་དེ་ཉིད་དུ་འགྲོ་བར་བྱའོ། །གྲོང་ལ་སོགས་པར་བཀྲི་བའི་ཕྱིར་འབད་པར་བྱ་སྟེ། གལ་ཏེ་གྲོང་ལ་སོགས་པར་བཀྲིར་མི་ནུས་ན་དེའི་ཚེ་གལ་ཏེ་བདག་ཉིད་དང་བུད་མེད་
དེ་སྟག་ལ་སོགས་པའི་འཇིགས་པ་དག་ལས་ཡོངས་སུ་བསྲུང་བར་ནུས་ན་མཚན་མོ་ཡང་དེ་ཉིད་དུ་གནས་པར་བྱའོ། །འཚོ་བའམ་འོན་ཏེ་མ་ཡིན་ཞེས་ཡང་དང་ཡང་དུ་བརྟག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་དེས་དོན་མེད་པ་སྤང་བའི་ཕྱིར་བུད་མེད་དེ་ལ་འདི་འཚོ་བའམ་འོན་ཏེ་མ་ཡིན་ཞེས་ཡང་དང་ཡང་དུ་
བརྟག་པར་བྱའོ། །སེམས་དག་པས་སྙིང་བརྩེ་བས་བུད་མེད་འཁྱུད་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་སེམས་དག་པ་དགེ་ལེགས་ཀྱི་སེམས་དང་ལྡན་པས་སྙིང་བརྩེ་བས་བུད་མེད་ལ་གལ་ཏེ་འདི་བདག་གིས་འཁྱུད་པ་བཏང་ན་སྲོག་གི་བར་ཆད་དུ་འགྱུར་རོ་སྙམ་པས། འཁྱུད་པ་ལ་ཉེས་པ་མེད་དོ། །
เล่ม ๑๖๒ · หน้า 165a
ཡང་ན་བུད་མེད་སེམས་དག་པས་བུ་ལ་སོགས་པའི་འདུ་ཤེས་ཀྱིས་བདག་ལ་ཟུང་ཤིག་ཅེས་ཟེར་བ་ལ་འཁྱུད་པ་ལ་ཉེས་པ་མེད་དོ། །དེའི་ཆོ་ག་ནི་དེ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ཡང་སྨན་གྱི་གཞི་དག་ལས། བཅོམ་ལྡན་འདས་ཀྱིས་ཀ་ཙང་ཀ་ལ་ལ་འཁྱུད་
པ་གནང་ངོ་ཞེས་འབྱུང་བ་སྟེ། དེ་མདོ་འདིར་བསྡུས་པ་ཡིན་ནོ། །ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་ཞུ་བའི་
སྐབས་ནས་འབྱུང་བ་བརྗོད་པར་བྱ་སྟེ། འཇམ་པ་དང་དྲོ་བ་དང་སྙི་བའི་བསམ་པ་ཉིད་ནི་སྦོམ་པོའོ་ཞེས་བྱ་བ་ནི། འཇམ་པའི་བསམ་པ་ཉིད་དང་། དྲོ་བའི་བསམ་པ་ཉིད་དང་། སྙི་བའི་བསམ་པ་ཉིད་ཀྱིས་དགེ་སློང་གིས་བུད་མེད་ལ་རེག་པར་བྱེད་ཅིང་འཁྲིག་པ་དང་ལྡན་པའི་རོ་མྱོང་བའི་བསམ་པས་མ་ཡིན་ན་
སྦོམ་པོའོ། །འདི་སྐད་བསྟན་ཏེ། འཇམ་པ་ལ་སོགས་པའི་བསམ་པ་ཉིད་ཀྱིས་བུད་མེད་ལ་རེག་པ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་འཇམ་པའི་བསམ་པ་དང་། དྲོ་བའི་བསམ་པ་དང་། སྙི་བའི་བསམ་པས་ལུས་ལ་རེག་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་
པ་སྦོམ་པོའོ་ཞེས་གསུངས་པ་ཡིན་ནོ། །སྐབས་འདིར་ཞུ་བ་དང་། འདུལ་བྱེད་དག་ལས་ཀུན་དུ་འདོད་ཆགས་པ་མེད་པར་བུད་མེད་དག་གི་ལུས་ལ་རེག་པ་རྣམ་པ་ལྔ་གསུངས་ཏེ། དེ་ནི་ཁྱད་པར་ཅན་གྱི་སྤྱོད་པ་དང་། ཁྱད་པར་ཅན་གྱི་སྤྱོད་པ་དང་འདྲ་བ་དང་། རྒོད་བག་གིས་རེག་པ་ཁོ་ནར་བྱ་བ་དང་།
རེག་པའི་བྱེ་བྲག་ཉམས་སུ་མྱོང་བར་འདོད་པ་དང་། མི་འདོད་པར་སྐྱེ་བོ་མང་པོ་རྡོས་པའི་དུས་དག་ཏུ་དབང་མེད་པར་རེག་པ་གང་ཡིན་པ་དག་གོ། །དེ་ལ་རེ་ཞིག་ཁྱད་པར་ཅན་གྱི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྙིང་བརྩེ་བ་དང་། ཉེ་དུ་བཤེས་པ་མཐོང་བ་དང་། སྔོན་ཀུན་དགའ་བ་ཉམས་སུ་མྱོང་བའོ། །
ཁྱད་པར་ཅན་གྱི་སྤྱོད་པ་དང་འདྲ་བ་ནི་གནས་མ་ཡིན་པར་འཇུག་པ་སྟེ། སྒྱེལ་བ་རང་ཉིད་ལྡང་ནུས་པ་སློང་བར་བྱེད་པའོ། །ལྔ་པོ་དེ་དག་ལས་རེག་པའི་བྱེ་བྲག་ཉམས་སུ་མྱོང་བར་འདོད་པས། རེག་པ་གང་ཡིན་པ་དེ་ལ་འཇམ་པ་དང་། དྲོ་བ་དང་། སྙི་བའི་བསམ་པ་ཉིད་ན་སྦོམ་པོའོ་ཞེས་བྱ་བའི་རྣམ་པ་
เล่ม ๑๖๒ · หน้า 165b
འདི་བསྟན་ཏོ། །ལྷག་མ་རྣམས་ནི་ལྟུང་བ་དང་ལྟུང་བ་མེད་པར་བསྟན་པའི་ཕྱིར་བརྗོད་དོ། །སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་བར་བྱ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ཁྱད་པར་ཅན་གྱི་སྤྱོད་པ་སྙིང་བརྩེ་བས་རེག་པ་སྟེ། མེ་དང་ཆུ་དང་གཡངས་ལ་སོགས་པའི་སྡུག་བསྔལ་ལས་ཐར་བར་
བྱ་བའི་ཕྱིར་སྙིང་བརྩེ་བས་བུད་མེད་ལ་རེག་པ་དེ་ལ་ནི་ལྟུང་བ་མེད་དེ། ཁྱད་པར་ཅན་གྱི་སྤྱོད་པ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཅན་གྱི་སེམས་མེད་པའི་ཕྱིར་དེ་ལ་ལྟུང་བ་མེད་དོ། །མ་དང་བུ་མོ་དང་སྲིང་མོ་དག་ལ་དེ་དག་ཏུ་འདུ་ཤེས་པའོ་ཞེས་བྱ་བ་ནི། ཁྱད་པར་ཅན་གྱི་སྤྱོད་པ་ཉེ་དུ་བཤེས་པ་
མཐོང་བས་རེག་པ་སྟེ། མ་ལ་སོགས་པ་དག་ལ་མ་ལ་སོགས་པ་དེ་དག་ཏུ་འདུ་ཤེས་པས་མ་ལ་སོགས་པ་དག་ལ་རེག་པ་ལ་ལྟུང་བ་མེད་དོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་མ་ལ་སོགས་པའི་ཡུལ་ལ་མ་ལ་སོགས་པར་འདུ་ཤེས་པས་རེག་པ་ལ་ལྟུང་བ་མེད་དོ། འདི་ཡང་ཁྱད་པར་ཅན་གྱི་
སྤྱོད་པ་ཁོ་ན་ཡིན་པས་དེའི་ཕྱིར་ལྟུང་བ་མེད་དོ། །སྔོན་སྤྱད་པ་ཉིད་ལ་ནི་ཀུན་དགའ་བར་བྱའོ་ཞེས་བྱ་བ་ནི། འདིར་ཡང་ཁྱད་པར་ཅན་གྱི་སྤྱོད་པ་ཡིན་པའི་ཕྱིར་ཉེས་པ་མེད་དེ། ཀུན་དགའ་བར་བྱ་བ་ནི་ཀུན་དུ་ཆགས་པ་མེད་པའི་ཡིད་ཀྱིས་གཅུགས་པར་སྟོན་པ་སྟེ། དེའི་ཆེད་དུ་རེག་པ་ལ་ལྟུང་བ་མེད་
དོ། །ལུས་ཀྱིས་རེག་པ་ཞུ་བའི་སྐབས་སོ་ཞེས་བྱ་བ་ལ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་ལུས་ཀྱིས་རེག་པར་བྱ་བའི་དགེ་འདུན་ལྷག་མ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་བརྗོད་པར་བྱ་སྟེ། དེའི་ཕྱིར་ཟས་དང་ས་དང་བོང་བ་ལ་སོགས་
པ་མོའི་དབང་པོར་འཛུད་ན་སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། ཟས་ལ་སོགས་པ་མོའི་དབང་པོར་འཛུད་ན་སྦོམ་པོའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་ཕྱེ་ལ་སོགས་པའི་ཟས་དང་ས་རྡུལ་དང་། བོང་བ་ལ་སོགས་པ་མོའི་དབང་པོར་འཐོར་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྐང་པ་དང་ཕྲག་
པ་ལ་སོགས་པས་བུད་མེད་ལ་འཕུལ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། རྐང་པ་དང་ཕྲག་པ་དང་གཞན་ཡང་རྩིབ་ལོགས་ལ་སོགས་པས་བུད་མེད་ལ་འཕུལ་ན་ཉེས་བྱས་སོ། །འདིར་གཞུང་ནི་དགེ་སློང་གིས་རྐང་པ་ལ་སོགས་པས་བུད་མེད་བསྒུལ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེའི་
เล่ม ๑๖๒ · หน้า 166a
སྟན་ལ་ཡང་ངོ་ཞེས་བྱ་བ་ནི། བུད་མེད་དེའི་སྟན་ཁྲིའུ་ལ་སོགས་པ་བུད་མེད་དང་བཅས་པའམ། བུད་མེད་མེད་པ་ལ་ཡང་རྐང་པ་ལ་སོགས་པས་འཕུལ་ན་ཉེས་བྱས་སོ། །འདིར་གཞུང་ནི་དགེ་སློང་གིས་བུད་མེད་དང་བཅས་པའམ། བུད་མེད་མེད་པའི་སྟན་བསྒུལ་ན་ཉེས་བྱས་
སོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་མདོ་དེ་གཉིས་ཀྱིས་ནི་རྒོད་བག་གིས་རེག་པ་ཁོ་ནར་བྱ་བས་རེག་པ་བསྟན་ཏོ། །ད་ནི་ཁྱད་པར་ཅན་གྱི་སྤྱོད་པ་དང་འདྲ་བར་བརྗོད་པར་བྱ་སྟེ། འདྲེད་པར་སྒྱེལ་བའི་བུད་མེད་སློང་བའོ་ཞེས་བྱ་བ་ནི། རྫབ་ལ་སོགས་པ་ལས་གྱུར་པའི་འདྲེད་པ་ཉམ་ང་བར་སྒྱེལ་བའི་
བུད་མེད་རང་ཉིད་ལྡང་ནུས་པ་སློང་ན་ཉེས་བྱས་སོ། །བུད་མེད་ཀྱིས་དེ་གསུམ་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། བུད་མེད་ཀྱིས་རྐང་པ་དང་ཕྲག་པ་ལ་སོགས་པས་འཕུལ་བ་དང་། དགེ་སློང་གི་སྟན་ལ་འཕུལ་བ་དང་། འདྲེད་པར་སྒྱེལ་བ་སློང་བ་དེ་གསུམ་དགེ་སློང་ལ་བྱེད་པ་ལ་ནི་ལྟུང་བ་མེད་དེ།
འདིར་གཞུང་ནི་བུད་མེད་ཀྱིས་དགེ་སློང་ལ་རྐང་པ་དང་ཕྲག་པ་ལ་སོགས་པས་མི་འདོད་བཞིན་དུ་འཕུལ་བ་དེ་ལ་ནི་ཉེས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །བཟུང་བ་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མི་འདོད་བཞིན་དུ་བུད་མེད་ཀྱིས་བཟུང་བ་ལ་ལྟུང་བ་མེད་དོ། །མས་འཁྱུད་པ་ལ་ཡང་ངོ་ཞེས་བྱ་བ་
ཡང་དགེ་སློང་མི་འདོད་བཞིན་དུ་མས་འཁྱུད་པ་ཙམ་ལ་རོ་མྱོང་བ་མེད་ན་ལྟུང་བ་མེད་དོ། །པང་པར་བུ་མོ་འདུག་པ་ལ་ཡང་ངོ་ཞེས་བྱ་བ་ཡང་ལྟུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །བུད་མེད་འཁྲུལ་པ་སྟེང་དུ་འགྱེལ་བ་ལ་ཡང་ངོ་ཞེས་བྱ་བ་ནི། བུད་མེད་རབ་ཏུ་འཁྲུལ་པ་དགེ་སློང་གི་སྟེང་དུ་སྒྱེལ་བ་ལ་ཡང་ལྟུང་བ་མེད་
པའོ། །མདོ་དེ་ནི་མི་འདོད་པར་སྐྱེ་བོ་མང་པོ་རྡོས་པའི་དུས་དག་ཏུ་དབང་མེད་པར་རེག་པ་དང་སྦྱར་རོ། །ལུས་ཀྱིས་རེག་པ་འདུལ་བྱེད་དག་གོ་ཞེས་བྱ་བ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་རྫོགས་སོ། །ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་རྫོགས་སོ།། །།
འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་བརྗོད་པར་འདོད་ནས། འཁྲིག་པས་སྨྲས་ནའོ་ཞེས་བྱ་བ་སྨྲས་ཏེ། སྔར་བུད་མེད་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པར་བྱ་བའི་མཐུ་ཡོད་པ་ལ་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་
เล่ม ๑๖๒ · หน้า 166b
པས་ཞེས་སྨོས་པ་འདིར་དེ་བཞིན་སྦྱར་རོ། །འཁྲིག་པ་ཞེས་བྱ་བ་ནི། གཉིས་ཀྱིས་གཉིས་སྤྲོད་པ་སྐྱེས་པ་དང་བུད་མེད་གཉིས་ཀྱི་ཀུན་དུ་སྦྱོར་བ་ལས་བྱུང་བའོ། །དེ་སྨྲས་ན་འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དགེ་སློང་སྨྲ་བ་པོས་བུད་མེད་ལེགས་པར་སྨྲས་པ་དང་། ཉེས་པར་
སྨྲས་པ་དག་གི་དོན་ཀུན་ཤེས་པར་བྱ་བའི་མཐུ་ཡོད་པ་ལ་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་པ་དང་ལྡན་པས་འཁྲིག་པ་དང་ལྡན་པ་སྨྲས་ན་དགེ་འདུན་ལྷག་མར་འགྱུར་རོ། །སྒྲ་ཇི་ལྟ་བུས་དེ་སྨྲས་ཤེ་ན། དེའི་ཕྱིར་རྒྱ་ལ་སོགས་པའི་དོན་གྱིས་ཞེས་བྱ་བ་སྨྲས་ཏེ། རྒྱ་ལ་སོགས་པ་ཞེས་བྱ་བ་ནི། རྒྱོ་བ་
འཁྲིག་པ་ཞེས་བྱ་བ་ནི་སྒྲ་གང་ལ་རང་བཞིན་ངོ་བོ་ཉིད་གཞི་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་དག་ཡོད་པ་སྟེ་དེ་ནི་རྒྱ་ལ་སོགས་པའོ། །རྒྱ་ལ་སོགས་པ་དེའི་དོན་དེ་གཉིས་ཀྱིས་གཉིས་སྤྲོད་པ་ཞེས་བྱ་བའི་ཆོས་ཏེ། དེ་ནི་རྒྱ་ལ་སོགས་པའི་དོན་ཏོ། །རྒྱ་ལ་སོགས་པའི་དོན་གྱི་དོན་གཞན་ཉལ་པོ་ཞེས་བྱ་བ་ལ་སོགས་པའི་སྒྲ་གང་ཡིན་པ་
དེ་ཡང་རྒྱ་ལ་སོགས་པའི་དོན་ཡིན་ནོ། །འདིར་དོན་ཅེས་བྱ་བའི་སྒྲ་ཅིག་ཤོས་དབྲི་བར་རིག་པར་བྱ་སྟེ། རྒྱ་ལ་སོགས་པ་དོན་རྒྱ་ལ་སོགས་པ་གྲགས་པས་དེ་དང་། རྒྱ་ལ་སོགས་པ་དང་འདྲ་བར་དོན་གསལ་བར་བརྗོད་པའི་སྒྲས་སྨྲས་ན་ཁ་ན་མ་ཐོ་བ་དེར་འགྱུར་རོ། །འཁྲིག་པའི་དོན་གོ་བར་བྱེད་པའི་སྒྲ་ནི་རྣམ་པ་གཉིས་ཏེ། དངོས་དང་ཉེ་བར་འདོགས་
པའོ། །དེ་ལ་དངོས་ལ་ནི་འདི་རྣམ་པར་གཞག་གོ། །ཉེ་བར་འདོགས་པ་ལ་ནི་གལ་ཏེ་རྒྱ་ལ་སོགས་པའི་དོན་ཡུལ་དང་དུས་དེར་ཆགས་པ་ཡིན་པ་དེ་སྨྲས་ན་ནི་དངོས་གཞི་ཉིད་དུ་འགྱུར་རོ། །གལ་ཏེ་མ་ཆགས་པ་དཔེར་ན་ཕྲད་པ་དང་ཉལ་བ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ནི་སྦོམ་པོའོ། །འདི་ལྟར་བུད་མེད་དེ་སྒྲེན་མོ་ཞིག་ཡིན་པའི་ཕྱིར་ཉེ་བར་འདོགས་
པའི་ཚིག་དེ་བརྡ་ཕྲད་པར་གྱུར་དུ་ཟིན་ཀྱང་རྒྱ་ལ་སོགས་པའི་དོན་ཆགས་པ་མེད་པའི་ཕྱིར་དངོས་གཞིར་མི་འགྱུར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཁོ་བོ་དང་ལྷན་ཅིག་ཕྲད་པར་གྱིས་ཤིག་ཅེས་བྱ་བ་དེ་ལ་སྦོམ་པོར་གསུངས་པ་ཡིན་ཏེ། རྒྱ་ལ་སོགས་པའི་དོན་དག་ལ་དངོས་སུ་ཞུགས་པ་མེད་པའི་ཕྱིར་ཏེ། ཕ་དང་བུ་ཕྲད་པ་ཞེས་བྱ་བའི་
སྒྲ་བཞིན་ནོ། །བདག་ཉིད་ཀྱི་བསམ་པས་ནི་རྒྱོ་བ་དང་འཁྲིག་པ་དང་ཉལ་པོ་དང་ལྷག་པར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་བདག་དང་སྦྱར་བ་མེད་པར་སྤྱིར་བརྗོད་དུ་ཟིན་ཀྱང་དངོས་གཞིར་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་བདག་ཉིད་ཀྱི་བསམ་པས་སྤྱིར་བུད་མེད་ཀྱི་ཡུལ་ལ་རྒྱ་ལ་སོགས་པའི་དོན་བྱེད་པའི་
เล่ม ๑๖๒ · หน้า 167a
ཚིག་མེད་པར་རྗོད་པར་བྱེད་ཅིང་བུད་མེད་དེས་ཀྱང་དེ་ཐོས་ལ། དེའི་དོན་ཀྱང་བརྡ་ཕྲད་པར་གྱུར་ན་དེའི་ཚེ་དེ་ལ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །གལ་ཏེ་གཞན་གྱི་བསམ་པས་ན་ནི་སྦོམ་པོར་རོ།། །།བམ་པོ་བཅུ་བཞི་པ། རྒྱ་ལ་སོགས་པའི་དོན་བརྗོད་པ་དག་ལ་ཡི་གེ་དང་ཚིག་མང་དུ་གྲགས་ན་ཡི་
གེ་དང་ཚིག་གང་ལ་ཁ་ན་མ་ཐོ་བ་དེར་འགྱུར་བ་གོ་བར་བྱ་བའི་ཕྱིར། གང་ལ་གོ་བར་བྱ་བ་དེ་ཉིད་དེ་བརྡ་ཕྲད་པ་ན་མཐའོ་ཞེས་བྱ་བ་སྨྲས་ཏེ། སྨྲ་བ་པོས་སྨྲས་པའི་དོན་ཉན་པ་པོའི་རྒྱུད་ལ་བརྡ་ཕྲད་པ་ཙམ་ནི་བརྡ་ཕྲད་པའོ། །སྨྲ་བ་པོའི་ཁ་དེ་ནས་རྐན་དང་མཆུ་ལ་སོགས་པའི་བྱ་བའི་སྦྱོར་བས་སྒྲ་འབྱུང་བའི་ཡི་གེ་ལ་སོགས་པ་གང་ལ་སྨྲས་
པའི་དོན་ཉན་པ་པོས་གོ་བར་བྱ་བ་ཉིད་འབྱུང་བ་དེ་བརྡ་ཕྲད་པ་ན་མཐའ་སྟེ། ཡོངས་སུ་རྫོགས་ཤིང་མཐར་ཐུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་ཡི་གེ་དང་པོ་བརྗོད་པའི་དུས་ན་ཉན་པ་པོས་དོན་དེ་བརྡ་ཕྲད་ན་དེ་ཉིད་དངོས་གཞིའི་ཁ་ན་མ་ཐོ་བའོ། །ཕྱིས་གང་ཅུང་ཟད་བརྗོད་པར་བྱ་བའི་ལྟུང་བ་དེ་ཐམས་
ཅད་ནི་ཉིད་ཀྱི་ཁོངས་སུ་གཏོགས་ཏེ་རྩོལ་བའི་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་རོ། །དེ་དང་འབྲེལ་པའི་དོན་སྨྲས་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ་དེ་ཞེས་བྱ་བའི་སྒྲ་ནི་དངོས་གཞིའི་དབང་དུ་བྱས་པ་རྒྱ་ཞེས་བྱ་བ་དང་རྣ་རུ་ཞེས་བྱ་བའི་ཚིག་ལ་བསྙེགས་སོ། །དེ་དང་འབྲེལ་པའི་དོན་ཞེས་བྱ་བ་
ལ་འབྲེལ་པ་ཞེས་བྱ་བ་ནི་དངོས་གཞིའི་དོན་གྱི་ཚིག་དང་འབྲེལ་པ་སྟེ། དངོས་གཞིའི་དོན་གྱི་ཚིག་དང་སྦྱར་བ་འཁྲིག་པ་སྨྲ་བ་དང་ལྡན་པའོ། །དེའི་དོན་ནི་རྨའི་སྒོ་ལ་སོགས་པ་གང་ཡིན་པའོ། །དེ་སྨྲས་པ་ནི་འདི་ལྟ་སྟེ་དཔེར་ན། སྲུ་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་དག་ལེགས་པར་འདོད་པ་དང་། ལེགས་པར་གནས་པ་
དང་། ལེགས་པར་གྱུར་པ་ཡིན་མོད་ཅེས་སྨྲས་པ་ལྟ་བུ་སྟེ། དོན་དེ་སྨྲས་པ་གང་ཡིན་པའོ། །དེ་སྨྲས་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ཏེ། འདི་ལྟར་སྦྱོར་བ་ཉིད་དོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་དངོས་གཞིའི་དབང་དུ་བྱས་པ་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་ལ་སོགས་པའི་ཚིག་བྱེད་པར་དངོས་གཞིའི་དོན་དང་འབྲེལ་པའི་ཚིག་
རྗོད་པར་བྱེད་ན་ཚིག་དེ་ནི་སྦྱོར་བ་ཉིད་དེ་སྦོམ་པོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་དངོས་གཞིའི་དབང་དུ་བྱས་པའི་ཚིག་རྗོད་པར་མི་བྱེད་ན། ཅིའི་ཕྱིར་ཚིག་དེ་སྦྱོར་བར་གྱུར་པ་ཡིན་སྙམ་དུ་དོགས་པ་བསལ་བའི་ཕྱིར་མདོ་འདི་བྱས་སོ། །རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་ལ་སོགས་པའི་སྒྲ་བརྗོད་པ་ལ་ནི་དེ་ནི་དངོས་གཞི་དང་
เล่ม ๑๖๒ · หน้า 167b
འབྲེལ་བའི་དོན་འདི་འབྱུང་བའི་སྦྱོར་བ་ཉིད་དེ་དག་ཡོད་པར་ཐེ་ཚོམ་མེད་དོ། །བསྔགས་པ་དང་བསྔགས་པ་མ་ཡིན་པ་དང་། གསོལ་བ་དང་། ཉེ་བར་གསོལ་བ་དང་། འདྲི་བ་དང་། ཡོངས་སུ་འདྲི་བ་དང་། བརྗོད་པ་དང་། སྨོན་པ་དང་། གཤེ་བ་དང་། ཕྱིར་སྨྲ་བ་སྒྲུབ་པ་དག་ལ་
ནི་བྱེ་བྲག་མེད་པ་ཉིད་དོ་ཞེས་བྱ་བ་ནི། བསྔགས་པ་ལ་སོགས་པའི་ངོ་བོ་ཉིད་སྦྱོར་བར་གྱུར་པ་འཁྲིག་པ་སྨྲ་བ་སྒྲུབ་པ་འཁྲིག་པ་སྨྲ་བར་འགྱུར་བ་འདི་དག་ནི་དངོས་གཞིའི་དབང་དུ་བྱས་པའི་སྦྱོར་བ་ཉིད་ཡིན་པར་བྱེ་བྲག་འགའ་ཡང་མེད་དེ། སྒྲུབ་པ་དེ་དག་སྔར་བརྗོད་ནས་ཕྱིས་འཁྲིག་པ་སྨྲ་བར་བྱེད་པ་
ཐམས་ཅད་ལ་ནི་དགེ་འདུན་ལྷག་མ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་བསྔགས་པ་ཞེས་བྱ་བ་ནི། སྲུའི་རྨའི་སྒོ་གསུམ་པོ་དག་ནི་ལེགས་པར་འདོད་པ། ལེགས་པར་གནས་པ། ལེགས་པར་གྱུར་པ་དག་གོ་ཞེས་བསྟོད་པའོ། །བསྔགས་པ་མ་ཡིན་པ་ཞེས་བྱ་བ་ནི་དེ་ལས་བཟློག་པས་
སྨོད་པའོ། །གསོལ་བ་ཞེས་བྱ་བ་ནི། སྲུ་ཚུར་ཤོག་དེ་དང་དེ་བྱའོ་ཞེས་བརྗོད་ཅིང་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་གཉིས་ཀྱི་རང་བཞིན་བྱེ་བྲག་ཏུ་བསྒྲུབ་པ་གང་ཡིན་པ་དེ་ནི་དངོས་སུ་མི་བརྗོད་པའོ། །ཉེ་བར་གསོལ་བ་ཞེས་བྱ་བ་དེ་ནི་བུད་མེད་དང་སྐྱེས་པ་དེ་དང་དེ་བྱེད་པ་གང་ཡིན་པ་དེ་དང་དེ་ནི་དགའ་བ་
དང་ཡིད་དུ་འོང་བ་ཡིན་གྱིས། སྲུ་བདག་ཅག་ཀྱང་དེ་དང་དེ་བྱས་ན་དགའ་བ་དང་ཡིད་དུ་འོང་བར་འགྱུར་རོ་ཞེས་དགའ་བ་ཉེ་བར་བསྒྲུབ་པས་འདུན་པ་སྐྱེད་པ་སྟེ། དེ་ནི་ཉེ་བར་གསོལ་བའོ། །འདྲི་བ་ཞེས་བྱ་བ་ནི། སྲུ་སྐྱེས་པ་གང་བུད་མེད་གང་ལ་དེ་དང་དེ་བྱེད་པ་དེ་ནི་དེའི་དགའ་བ་དང་ཡིད་དུ་འོང་
བར་འགྱུར་ན། ཁོ་བོས་ཀྱང་སྲུ་ལ་དེ་དང་དེ་བྱ་ན། སྲུ་ཁོ་བོ་ལ་དགའ་བ་དང་ཡིད་དུ་འོང་བར་འགྱུར་རམ་ཞེས་འདྲིའོ། །ཡོངས་སུ་འདྲི་བ་ཞེས་བྱ་བ་ནི། སྲུ་རྨའི་སྒོ་གསུམ་པོ་དག་ལེགས་པར་དོད་པ་དང་། ལེགས་པར་གནས་པ་དང་། ལེགས་པར་གྱུར་པ་བདེན་ནམ་ཞེས་ཡོངས་སུ་འདྲི་
བའོ། །རྗོད་པ་ཞེས་བྱ་བ་ནི། སྲུ་ཁོ་བོ་ནི་ཁྱོད་ལ་དགའ་བ་དང་ཡིད་དུ་འོང་བ་བདེན་ན་ཁྱོད་དེ་ལ་ཇི་ལྟ་ཞེས་བརྗོད་པའོ། །སྨོན་པ་ཞེས་བྱ་བ་ནི། སྲུ་ནམ་ཞིག་ན་ཁོ་བོ་ཁྱོད་དང་ལྷན་ཅིག་དེ་དང་དེ་ལྟར་བྱེད་ཅིག་གུ་ཞེས་སྨོན་པའོ། །གཤེ་བ་ཞེས་བྱ་བ་ནི། ཁྱོད་ལ་བོང་བུ་དག་དེ་ལྟར་བྱེད་པར་
เล่ม ๑๖๒ · หน้า 168a
གྱུར་ཅིག །ཁྱོད་ཀྱི་དེར་མགལ་དུམ་དག་ཆུག་ཅིག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་སྟེ། དེ་ནི་གཤེ་བའོ། །ཕྱིར་སྨྲ་བ་ཞེས་བྱ་བ་ནི། བུད་མེད་ཀྱིས་བསྔགས་པ་དང་བསྔགས་པ་མ་ཡིན་པ་གང་ཡིན་པ་དང་། གཤེ་བ་ལ་སོགས་པ་དག་དགེ་སློང་ལ་བྱེད་པ་ན་དེ་ལ་
དགེ་སློང་གིས་ཕྱིར་རྣམ་པ་དེ་དག་ཉིད་ཀྱིས་ལན་འདེབས་པའོ། །དེ་ལྟར་ན་དེ་དག་ཐམས་ཅད་ནི་གང་གི་ཚེ་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་མེད་པར་བརྗོད་པར་བྱེད་པ་དེའི་ཚེ་ན་ནི་སྦོམ་པོའོ། །དེ་དག་ཐམས་ཅད་ཀྱང་དཔེ་ཙམ་སྟེ། གཞན་ཡང་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་ལ་
སོགས་པ་ལྟ་བུ་གང་ཡང་རུང་བའི་སྒྲས་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་པ་དང་ལྡན་པས་རྗོད་པར་བྱེད་ན་ནི་དངོས་གཞིར་འགྱུར་བ་ཁོ་ན་སྟེ། འཁྲིག་པ་སྨྲ་བ་དེ་ལ་ཡོད་པའི་ཕྱིར་རོ། །དོན་གཞན་ལ་བསམ་པས་ལྗོངས་ཀྱི་ངེས་པའི་ཚིག་གི་དབང་གིས་ན་ལྟུང་
བ་མེད་དོ་ཞེས་བྱ་བ་ནི། དོན་གཞན་ལ་བསམ་པས་ལྗོངས་ཀྱི་ངེས་པའི་ཚིག་གི་དབང་གིས་དོན་གཞན་སྨྲས་པ་ལ་ལྟུང་བ་མེད་པ་སྟེ། དཔེར་ན་ཡུལ་དབུས་ན་ནི་ཆུ་སྣོད་ཀྱི་བྱེ་བྲག་ཅིག་ལ་ཀུན་དི་ཀ་ཞེས་ཟེར་ལ། ཡུལ་ཀོ་ས་ལ་ཞེས་བྱ་བ་ན་ནི་མོའི་དབང་པོ་ལ་ཀུན་དི་ཀ་ཞེས་ཟེར་ཏེ། དེ་ལ་གལ་
ཏེ་ཡུལ་དབུས་ནས་སྐྱེས་པའི་དགེ་སློང་ཞིག་ཡུལ་ཀོ་ས་ལར་སོང་སྟེ་ཆུ་སྣོད་ཀྱི་བསམ་པས་བུད་མེད་ཀྱི་ཡུལ་ལ་ཀུན་དི་ཀ་བརྙའོ་ཞེས་དེ་སྐད་དུ་སྦྱོར་བར་བྱེད་ན། ཡུལ་དེ་ན་གནས་ངན་ལེན་གྱི་ཚིག་ཡིན་དུ་ཟིན་ཀྱང་དེ་ལ་ལྟུང་བ་མེད་པ་ལྟ་བུ་སྟེ། བསམ་པ་དག་པའི་ཕྱིར་ཉེས་པ་མེད་དོ། །མིང་གི་ཆ་
ཉིད་འདྲ་བ་ལ་ཡང་ངོ་ཞེས་བྱ་བ་ཡང་ཉེས་པ་མེད་པར་སྦྱར་རོ། །མིང་གི་ཆ་ཉིད་འདྲ་བ་ནི་མིང་གི་ཆ་ཤས་འདྲ་བས་འཁྲིག་པ་ལས་བྱུང་བ་སྨྲས་པ་གང་ཡིན་པ་སྟེ། དཔེར་ན་རྒྱ་གར་སྐད་དུ་ནས་ལ་ནི་ཡ་བ་ཞེས་བྱ་བ་འཁྲིག་པ་ལ་ནི་ཡ་བྷ་ཞེས་བྱ་བ་དེ་ལ་ནས་ཀྱི་མིང་ཡ་བ་ཞེས་བྱ་བ་བརྗོད་པའི་བསམ་
པས་དྲག་ཏུ་བརྗོད་པའི་དབང་གིས་ཡ་བ་ཞེས་བྱ་བའི་གནས་སུ་ཡ་བྷ་ཞེས་བརྗོད་པ་ལ་ཉེས་པ་མེད་པ་དང་། བོད་སྐད་ལ་ཡང་རྒྱོངས་ཞེས་བྱ་བ་དང་། རྒྱོབ་ཅེས་བྱ་བ་དང་རྒྱུའོ་ཞེས་བྱ་བའི་བསམ་པས་དོན་དེ་དག་ཉིད་བརྗོད་པར་འདོད་པ་ལས་ཟུར་ཆག་པའི་དབང་གིས་རྒྱོས་ཞེས་བྱ་བ་དང་། རྒྱོ་བ་
เล่ม ๑๖๒ · หน้า 168b
ཞེས་བྱ་བ་དང་། རྒྱོ་བོ་ཞེས་བྱ་བར་བརྗོད་པ་ལ་ཉེས་པ་མེད་པ་ལྟ་བུ་སྟེ། དེ་ལ་ནི་དེ་སྨྲ་བར་མི་འདོད་པའི་དོན་ཟུར་ཆག་པའི་དབང་གིས་སྨྲས་པའི་ཕྱིར་མིང་གི་ཆ་མཐུན་པར་སྨྲས་ཀྱང་ཉེས་པ་མེད་དོ། །མདོ་སྔ་མ་ལ་ནི་སྨྲ་བར་འདོད་པའི་སྒྲ་ཉིད་བརྗོད་ཀྱང་དོན་གཞན་ལ་སེམས་པ་དང་། ཡུལ་
གྱི་སྐད་ཐ་དད་པས་ཉེས་པ་མེད་དོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་ལ་འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་འཁྲིག་པ་ལས་བྱུང་བ་དང་ལྡན་པ་སྨྲ་བའི་དགེ་
འདུན་ལྷག་མའི་ཞུ་བའི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར། མཛེས་པ་ཡིན་ནོ། །སྡིག་པ་ཅན་ཡིན་ནོ། །རྨའི་སྒོ་མཛེས་པའམ་སྡིག་པ་ཅན་ཡིན་ནོ། །བགོ་བཤའ་གྱིས་ཤིག །ཁོ་བོ་ལ་བགོ་བཤའ་གྱིས་ཤིག །ཁོ་བོ་དང་ལྷན་ཅིག་ཉོལ་ཅིག །ཕྲད་པར་གྱིས་ཤིག་ཅེས་སྨྲས་ན་ཉེས་པ་
སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། སྨྲ་ན་སྦོམ་པོའོ་ཞེས་བྱ་བ་མཛེས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དང་སོ་སོར་སྦྱར་རོ། །མཛེས་པ་ཡིན་ནོ་ཞེས་བྱ་བ་ནི། ཁྱོད་ནི་མཛེས་པ་སྡུག་གུ་ཡིན་ནོ་ཞེས་སྨྲ་ཞིང་བརྗོད་ན་སྦོམ་པོའོ། །སྡིག་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱོད་ནི་སྡིག་པ་ཅན་སྡིག་པ་
དང་ལྡན་པ་ཡིན་ནོ་ཞེས་སྨྲ་ན་སྦོམ་པོའོ། །རྨའི་སྒོ་མཛེས་པའམ་སྡིག་པ་ཅན་ཡིན་ནོ་ཞེས་བྱ་བ་ནི། ཁྱོད་ཀྱི་རྨའི་སྒོ་གསུམ་པོ་དག་མཛེས་པ་ཡིན་ནོ་ཞེས་སྨྲ་འམ། ཁྱོད་ཀྱི་རྨའི་སྒོ་གསུམ་པོ་དག་སྡིག་པ་ཅན་ཡིན་ནོ་ཞེས་སྨྲ་ན་སྦོམ་པོའོ། །དེ་བཞིན་དུ་ལྷག་མ་ཐམས་ཅད་ལ་ཡང་སྦྱར་རོ། །རྣམ་པ་
ཐམས་ཅད་དུ་བུད་མེད་ཀྱི་ཡུལ་ལ་གནས་ངན་ལེན་གྱི་སེམས་ཀྱིས་གནས་ངན་ལེན་གྱི་ཚིག་སྨྲ་ན་ཐ་ན་རྒོད་བག་ཙམ་གྱིས་སྨྲས་ན་ཡང་ཐམས་ཅད་དུ་སྦོམ་པོར་རིག་པར་བྱའོ། །འཁྲིག་པ་ལས་བྱུང་བ་དང་ལྡན་པ་ཉིད་སྨྲ་བའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་
འབྱུང་བ་རྫོགས་སོ།། །།ད་ནི་འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར། དེ་བཞིན་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་ཅན་ལ་སྨྲ་ནའོ་ཞེས་བྱ་བ་ལ། དེ་བཞིན་དུ་ཞེས་བྱ་བའི་སྒྲ་ནི་སྦོམ་པོའོ་ཞེས་སྔར་བསྟན་པའི་རྗེས་
เล่ม ๑๖๒ · หน้า 169a
བསྙག་པའི་ཕྱིར་རོ། །རྫུ་འཕྲུལ་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའོ། །ཆོས་དེ་གང་ལ་ཡོད་པ་དེ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་ཅན་ཏེ། རྣམ་པ་དེ་ལྟ་བུའི་
ཆོས་ཅན་གྱི་བུད་མེད་དེ་ལ་རྒྱ་ལ་སོགས་པའི་དོན་གྱིས་སྨྲས་ན་སྦོམ་པོའོ། །དེ་བཞིན་དུ་ཞེས་བྱ་བ་དེས་སྦོམ་པོའོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར། ཐམས་ཅད་ཀྱི་དབང་དུ་བྱ་བར་རིག་པར་བྱ་སྟེ། དེའི་ཕྱིར་དེས་དབང་དུ་བྱ་བའི་ཡུལ་གཞན་ཡང་བསྟན་པའི་ཕྱིར། སྲུ་ཁོ་བོ་ལ་ནས་བྱིན་ཅིག །སྲུ་ཁྱོད་ལ་ཅི་མཐོང་བ་དེ་
བྱིན་ཅིག །སྲུ་ཁྱོད་ཀྱི་མདུན་ན་མོ་གང་ཡིན་པ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག །ཁྱོད་ཅི་ལ་དགའ་བ་བྱིན་ཅིག་ཅེས་བདག་ལ་སྨྲས་པ་ཁྱོད་ཅི་ལ་དགའ་ཞེས་ཟེར་བ་ལ་སྲུ་ཁྱོད་ལ་ཁོ་བོ་དགའོ་ཞེས་བྱ་བ་དང་། སྲུ་ཁོ་བོ་ལ་ཆུ་དང་། བཅའ་བ་དང་། ཐུག་པ་དང་བཟའ་བ་བྱིན་
ཅིག།།ཁྱོད་ཉིད་དེ་དག་ཡིན་ན་ཞེས་སྨྲས་པ་དག་ལའོ་ཞེས་བྱ་བ་སྨྲས་ཏེ། ནས་ཞེས་བྱ་བའི་སྒྲ་ཡ་བ་ཞེས་བྱ་བ་དང་། འཁྲིག་པ་ལས་བྱུང་བའི་སྒྲ་ཡ་བྷ་ཞེས་བྱ་བ་ནི་ཆ་ཤས་མཐུན་པའི་སྒོ་ནས་འཁྲིག་པ་དང་ལྡན་པ་སྨྲ་བ་ཡིན་པས་སྦོམ་པོར་སྦྱར་རོ། །སྲུ་ཁྱོད་ལ་ཅི་མཐོང་བ་ཞེས་བྱ་བ་ལ་སོགས་
པ་ཐམས་ཅད་ཀྱང་ཉེ་བར་འདོགས་པའི་སྒོ་ནས་འཁྲིག་པ་དང་ལྡན་པ་སྨྲ་བ་ཡིན་པས་སྦོམ་པོར་སྦྱར་རོ། །ཁྱོད་ཅི་ལ་ཡང་དགའ་བ་བྱིན་ཅིག་ཅེས་བདག་ལ་སྨྲས་པ་ཞེས་བྱ་བ་ལ་སོགས་པའི་ད་ནི་བཤད་པ་རྣམ་པ་གཉིས་སུ་བྱེད་དེ། དགེ་སློང་ལ་ལས་བུད་མེད་ལ་ཁྱོད་ཅི་ལ་དགའ་བ་བྱིན་ཅིག་ཅེས་
སྨྲས་པ་དང་། བུད་མེད་དེས་སྨྲས་པ་ཁྱོད་ཀྱིས་བདག་ལ་སྨྲས་པ་དེ་ཁྱོད་ལ་འདྲི་བར་བྱ་སྟེ། ཁྱོད་ཅི་ལ་དགའ་ཞེས་བུད་མེད་དེ་དེ་སྐད་ཟེར་བ་ལ་དགེ་སློང་གིས་སྲུ་ཁྱོད་ལ་ཁོ་བོ་དགའོ་ཞེས་བྱ་བ་དང་གཅིག་ནི་བུད་མེད་ཀྱིས་སྨྲས་པ། བཙུན་པ་ཁྱོད་ཅི་ལ་དགའ་བ་བྱིན་ཅིག་ཅེས་བདག་ལ་ཁྱིམ་ཐབ་ཀྱིས་
དེ་སྐད་ཅེས་སྨྲས་པ་དེ་བཙུན་པས་གསུངས་ཤིག་དང་། བདག་གིས་དེ་གསོལ་ལོ་ཞེས་བུད་མེད་དེ་དགེ་སློང་ལ་ཁྱོད་ཅི་ལ་དགའ་ཞེས་ཟེར་བ་ལ་དགེ་སློང་དེས་སྲུ་ཁྱོད་ལ་ཁོ་བོ་དགའོ་ཞེས་བྱ་བ་སྨྲས་ཏེ། དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་པ་དང་ལྡན་པས་དེ་སྐད་
เล่ม ๑๖๒ · หน้า 169b
སྨྲས་ན་སྦོམ་པོའོ། །དེའི་རྣམ་པར་བཤད་པ་ནི་ལུང་གིས་གོ་བར་བྱེད་དེ། འདིར་གཞུང་ནི་དགེ་སློང་ཁྱིམ་གཞན་གྱི་ཁྱིམ་དུ་ཉེ་བར་འགྲོ་བ་ན་ཁྱིམ་བདག་གི་ཆུང་མ་ལ་འདི་སྐད་ཅེས་དགེ་སློང་དེ་ཅི་ལ་དགའ་བ་བྱིན་ཅིག་ཅེས་སྨྲས་ནས་བྱུང་བ་དང་། དགེ་སློང་དེས་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས་
ལྷུང་བཟེད་ཐོགས་ཏེ་ཁྱིམ་དེར་ཞུགས་པ་ན་བུད་མེད་དེས་སྨྲས་པ། བཙུན་པ་ཁྱིམ་བདག་ན་རེ་དགེ་སློང་དེ་ཅི་ལ་དགའ་བ་བྱིན་ཅིག་ཅེས་མཆི་ན། འཕགས་པ་ཁྱོད་ཅི་ལ་དགྱེས། དགེ་སློང་གིས་སྨྲས་པ། སྲུ་ཁྱོད་ལ་ཁོ་བོ་དགའོ། །བུད་མེད་དེས་ཤེས་ནས་དེས་སྨྲས་པ། འཕགས་པ་བཤམ་
པར་བགྱིའོ། །དེ་ནས་དགེ་སློང་དེ་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལྷག་མའི་ལྟུང་བར་མི་འགྱུར་ཏེ། སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སྲུ་ཁོ་བོ་ལ་ཆུ་དང་
བཅའ་བ་དང་ཐུག་པ་དང་བཟའ་བ་བྱིན་ཅིག་ཅེས་བྱ་བ་ལ་ཁོ་བོ་ལ་ཞེས་བྱ་བ་དང་། བྱིན་ཅིག་ཅེས་བྱ་བའི་སྒྲ་འདི་ཆུ་ལ་སོགས་པ་བཞི་ཆར་ལ་སྦྱར་རོ། །དེ་བཞིན་དུ་ཁྱོད་ཉིད་དེ་དག་ཡིན་ནོ་ཞེས་བྱ་བ་ཡང་ཁྱོད་ཉིད་ཆུ་ལ་སོགས་པ་བཞི་ཆར་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་
འདི་འབྱུང་སྟེ། སྲུ་ཁོ་བོ་ལ་ཆུ་བྱིན་ཅིག །སྲུ་ཉིད་ཆུ་ཡིན་ནོ། །དེ་བཞིན་དུ་སྲུ་ཁོ་བོ་ལ་བཟའ་བའི་བར་དུ་བྱིན་ཅིག །སྲུ་ཉིད་བཟའ་བ་ཡིན་ནོ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བ་སྨྲས་པ་དག་ལའོ་ཞེས་བྱ་བ་ནི། རྣམ་པ་སྔ་མ་ལྟ་བུ་དེ་དག་དང་། བཞི་པོ་དེ་དག་སྨྲས་པ་དག་ལ་ཉེས་པ་སྦོམ་པོར་འགྱུར་
བའོ། །ཁྱོད་ལ་བོང་བུ་དག་དེ་བྱེད་པར་གྱུར་ཅིག་ཅེས་བྱ་བ་ནི། བུད་མེད་ཁྱོད་ལ་བོང་རེང་དག་འཁྲིག་པ་བྱེད་པར་གྱུར་ཅིག་ཅེས་སྨྲས་ན་ཡང་སྦོམ་པོའོ། །སྲུ་སྐྱེས་བུ་འཕྱོན་མ་པ་དག་ལ་བསོད་སྙོམས་སྤྱོད་དམ་ཞེ་ན་ཡང་ངོ་ཞེས་བྱ་བ་ནི། སྲུ་ཁྱོད་སྐྱེས་བུ་འཕྱོན་མ་པ་འཇོ་སྒེག་ཅན་དེ་དག་སྣང་བ་
ན་འཁྲིག་པའི་བསམ་པ་བསྐྱེད་དེ། བསོད་སྙོམས་སྤྱོད་མོད་ཅེས་སྨྲས་ན་སྦོམ་པོའོ། །འདིར་བསོད་སྙོམས་ཞེས་བྱ་བ་སྨོས་པ་ནི་གླེང་གཞིའི་དབང་གིས་བསྟན་པ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་མ་ནང་བར་སྔར་ལངས་ཏེ་ཁྲུས་བྱས་མིག་ཏུ་མིག་སྨན་གྱིས་བྱུགས། མགོ་བསྐུས་ནས་ངུར་སྨྲིག་སར་
เล่ม ๑๖๒ · หน้า 170a
བ་བགོས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ན། དགེ་སློང་ཞིག་ཀྱང་བསོད་སྙོམས་ལ་སོང་ནས་དེས་དེ་མཐོང་བ་དང་། འདི་སྐད་ཅེས་སྲུ་ཁྱོད་སྐྱེས་བུ་འཕྱོན་མ་བ་དག་ལ་བསོད་སྙོམས་སྤྱོད་དམ་ཞེས་སྨྲས་ནས། དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེར་མགལ་དུམ་དག་ཆུག་ཅིག་ཅེས་ན་ཡང་ངོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་མོའི་དབང་པོར་རོ། །མགལ་དུམ་ཞེས་བྱ་བ་ནི་ཤིང་ཕྱེད་ཚིག་པའོ། །དེ་མོའི་དབང་པོ་དེར་ཆུག་ཅིག་ཅེས་སྨྲས་ན་ཡང་
སྦོམ་པོའོ། །རང་བཞིན་གྱིས་གནས་ངན་ལེན་བརྗོད་པས་གནས་ངན་ལེན་སྨྲས་པ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་གནས་ངན་ལེན་བརྗོད་པ་ལ་གོམས་པ་ཞིག་ཡིན་ན་དགེ་སློང་གནས་ངན་ལེན་བརྗོད་པ་དེས་གནས་ངན་ལེན་བརྗོད་པ་རྒྱ་ལ་སོགས་པ་གོ་
བར་བྱ་བའི་ཚིག་སྨྲས་ན་ཡང་སྦོམ་པོའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་ཚེ་རབས་གཞན་ནས་གོམས་པའི་དབང་གིས་རྒྱ་ལ་སོགས་པའི་དོན་གྱི་སྒྲ་དག་གིས་བུད་མེད་ལ་སྨྲ་བར་བྱེད་ན་དེ་ལྟ་ན་ཡང་སྦོམ་པོ་ཁོ་ནར་འགྱུར་ཏེ། ཀུན་དུ་འདོད་ཆགས་པ་མེད་པའི་ཕྱིར་རོ། །གལ་ཏེ་འདོད་
ཆགས་དང་ལྡན་པའི་སེམས་ཀྱིས་སྨྲ་ན་ནི་དེའི་ཚེ་དངོས་གཞིར་འགྱུར་རོ། །འཁྲིག་པ་དང་ལྡན་པ་སྨྲ་བ་འདུལ་བྱེད་དག་གོ་ཞེས་བྱ་བ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་རྫོགས་སོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བསྙེན་
བཀུར་བསྔགས་པའི་དགེ་འདུན་ལྷག་མ་བརྗོད་པར་འདོད་ནས། བདག་ཉིད་དང་འཁྲིག་པ་ཀུན་དུ་སྤྱོད་པ་བསྔགས་ནའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པར་བྱ་བའི་མཐུ་ཡོད་པ་ལ་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་
པ་ཀུན་དུ་འདོད་ཆགས་པ་དང་ལྡན་པས་དེ་བསྔགས་ནའོ་ཞེས་བྱ་བར་དེ་ཐམས་ཅད་འདིར་སྦྱར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། བུད་མེད་དོན་ཀུན་ཤེས་པའི་མཐུ་ཡོད་པའི་ཡུལ་ལ་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་པ་དང་ལྡན་པས་
เล่ม ๑๖๒ · หน้า 170b
བདག་ཉིད་དང་འཁྲིག་པ་ཀུན་དུ་སྤྱོད་པ་ཉེ་བར་བསྙེན་བཀུར་ལོག་པར་སྒྲུབ་པ་དེའི་བསྔགས་པ་དེ་ནི་མཆོག་གོ་ཞེས་བྱ་བ་ལ་སོགས་པས་མཛེས་པ་ཉིད་དུ་བརྗོད་ན། དེ་ལྟར་གྱུར་པ་ན་ཁ་ན་མ་ཐོ་བ་དེ་ཉིད་རྣམ་པར་གཞག་གོ། །གལ་ཏེ་རྒྱ་ལ་སོགས་པའི་དོན་གྱི་སྒྲས་འཁྲིག་པ་སྒྲུབ་པར་བྱེད་
ན་ནི། དེའི་ཚེ་རྒྱ་ལ་སོགས་པའི་དོན་གྱི་སྒྲས་འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མར་ཡང་འགྱུར་རོ། །གལ་ཏེ་བསྙེན་བཀུར་ཉི་ཚེ་བསྔགས་པ་བྱེད་ན་ནི་དེའི་ཚེ་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་འབའ་ཞིག་ཏུ་འགྱུར་རོ། །དེས་བསྔགས་པ་ལ་རྗེས་སུ་ཡི་རང་བའི་
དོན་གྱི་ཚིག་ནི་དེ་དང་འདྲའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བའི་སྒྲ་ནི་འདིར་བུད་མེད་གང་བསྟེན་ཟླ་ཉིད་དུ་གནས་པ་དེ་ལ་བསྙེགས་ཏེ་བུད་མེད་དེས་སོ། །བུད་མེད་དེས་བསྔགས་པ་ནི་དེས་བསྔགས་པ་སྟེ། བསྙེན་བཀུར་བསྔགས་པ་བྱས་པའོ། །དེས་བསྔགས་པ་དེ་ལ་རྗེས་སུ་ཡི་རང་བ་ནི་དེས་
བསྔགས་པ་ལ་དགེ་སློང་དེ་རྗེས་སུ་ཡི་རང་བ་སྟེ། དེ་ཉིད་དོན་ཏོ། །དེའི་ཚིག་ནི་དགོས་པ་དེའི་ཚིག་སྟེ། དེ་ནི་དེས་བསྔགས་པ་ལ་རྗེས་སུ་ཡི་རང་བའི་དོན་གྱི་ཚིག་གོ། །དཔེར་ན་འཕགས་པ་ཁྱོད་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་བསྙེན་བཀུར་བྱས་པ་གང་ཡིན་པ་དེ་ནི་མཆོག་གོ་ཞེས་
བྱ་བ་ལ་སོགས་པ་བསྔགས་པ་དགེ་སློང་གིས་སྲུ་དེ་དེ་བཞིན་ནོ་ཞེས་རྗེས་སུ་ཡི་རང་བའི་དོན་གྱི་ཚིག་གང་ཡིན་པ་དེ་ནི་བདག་ཉིད་ཀྱིས་བསྔགས་པ་དང་འདྲའོ། །འདི་སྐད་བསྟན་ཏེ། གལ་ཏེ་བུད་མེད་ཀྱིས་དགེ་སློང་ལ་འདི་སྐད་ཅེས་འཕགས་པ་ཁྱོད་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་
ཡོན་ཏན་དང་ལྡན་པ་ལ་ཆོས་འདིས་བསྙེན་བཀུར་བྱས་ན་བསྒྲུབ་པ་འདི་ནི་མཆོག་ཡིན་ནོ་ཞེས་ཟེར་བ་ལ་དགེ་སློང་གིས་ཀྱང་འདི་སྐད་ཅེས་སྲུ་དེ་དེ་བཞིན་ནོ་ཞེས་སྨྲས་ཏེ། རྗེས་སུ་ཡི་རང་ན་དེ་ནི་དངོས་གཞིའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་རོ། །དེ་ཉིད་ཕྱིར་བཟླས་ནའོ་ཞེས་བྱ་བ་ནི། ཁྱོད་ལྟ་བུའི་
དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པའི་ཆོས་ཀྱིས་བསྙེན་བཀུར་བྱས་པར་གྱུར་ན། དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་བུད་མེད་ཀྱིས་དེ་སྐད་དུ་སྨྲས་པའི་ཚིག་དེ་དགེ་སློང་གིས་ཕྱིར་ཟློག་པར་བྱེད་དེ། སྲུ་ཁོ་བོ་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་འཁྲིག་པའི་ཆོས་
เล่ม ๑๖๒ · หน้า 171a
ཀྱིས་བསྙེན་བཀུར་བྱས་པར་གྱུར་ན་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་དགེ་སློང་དེས་ཕྱིར་བཟླས་པ་བྱས་ན་དེ་ཉིད་བསྔགས་པ་ཡིན་པར་རིག་པར་བྱ་སྟེ། དངོས་གཞི་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་དེ་ལྟ་དེ་ལྟར་རྗེས་སུ་སྨྲ་བ་ཞེས་བྱ་
བའི་གང་གསུངས་པ་བསྡུས་པ་ཡིན་ནོ། །དེ་དང་འཁྲིག་པ་དང་ཉེ་བར་མི་སྦྱོར་ན་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི་ལྟུང་བ་འབྱིན་པ་པོ་དེ་དང་ཉེ་བར་མ་སྦྱར་ན་དེ་རང་གི་མིང་མ་བརྗོད་པར་བསྔགས་པ་ན་སྦྱོར་བ་ཉིད་དེ་དཔེར་ན་འདི་ལྟ་སྟེ། དགེ་སློང་ལ་འཁྲིག་པས་བསྙེན་བཀུར་བྱས་པར་གྱུར་ན་ནི་བསྙེན་
བཀུར་རྣམས་ཀྱི་མཆོག་གོ་ཞེས་ཟེར་བ་ལྟ་བུའོ། །འཁྲིག་པ་དང་ཉེ་བར་མ་སྦྱར་བ་ཡང་སྦྱོར་བ་ཉིད་དེ། དཔེར་ན་འདི་ལྟ་སྟེ་ཁོ་བོ་ལྟ་བུའི་དགེ་སློང་ལ་བསྙེན་བཀུར་བྱས་པར་གྱུར་ན་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་གཉི་ག་སྦོམ་པོའོ། །གཉི་ག་དང་ན་
ནི་དེའི་འོ་ཞེས་བྱ་བ་ནི་སྔ་མ་དེ་གཉི་ག་དང་ཉེ་བར་མ་སྦྱར་མ་སྨོས་པར་བརྗོད་ན་ནི་སྦྱོར་བ་དེའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །དཔེར་ན་འདི་ལྟ་སྟེ། དགེ་སློང་ལ་བསྙེན་བཀུར་བྱས་པར་གྱུར་ན་དེ་ནི་བསྙེན་བཀུར་རྣམས་ཀྱི་མཆོག་གོ་ཞེས་ཟེར་བ་ལྟ་བུ་སྟེ། ཁོ་བོ་ལྟ་བུ་ཞེས་བྱ་བ་དང་། འཁྲིག་པ་
ཞེས་བྱ་བ་དེ་གཉི་ག་དང་ཉེ་བར་མ་སྦྱར་བས་སྦྱོར་བ་དེའི་སྦྱོར་བ་སྟེ་ཉེས་བྱས་སོ། །བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པ་ལས་འབྱུང་བ་རྫོགས་ཏེ། འདི་ལ་ཞུ་བ་དང་འདུལ་བྱེད་ལས་འབྱུང་བ་ནི་མེད་དོ།། །།སྨྱན་བྱེད་པའི་དགེ་འདུན་ལྷག་
མ་བརྗོད་པར་འདོད་ནས། ཕྲད་ནའོ་ཞེས་བྱ་བ་སྨྲས་ཏེ། གཉིས་ཀྱིས་གཉིས་ཕྲད་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྲད་པ་མེད་པར་ཕྲིན་ཕར་བསྐྱལ་ཚུར་བསྐྱལ་བ་ཙམ་ཁོ་ན་ལས་ནི་ཁ་ན་མ་ཐོ་བར་མི་འགྱུར་རོ། །དེ་ལྟར་ཡང་ཞུ་བའི་སྐབས་ནས་བཙུན་པ་དགེ་སློང་མས་གཞན་བརྟུལ་
ཞུགས་ལ་གནས་པ་ཚངས་པར་སྤྱོད་པ་མོ་དག་གིས་སྨྱན་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ། །དེ་བཞིན་དུ་བཙུན་པ་ཟ་མའི་སྨྱན་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ཏེ། དེ་ནི་འདིར་ཕྲད་པ་མེད་པས་སྦོམ་པོར་གསུངས་པ་ཡིན་
เล่ม ๑๖๒ · หน้า 171b
པས་དེའི་ཕྱིར་ཕྲད་པ་ཡོད་ན་ཁ་ན་མ་ཐོ་བ་དེར་འགྱུར་རོ། །སུ་དང་ཕྲད་ན་ཞེ་ན། དེའི་ཕྱིར་གཞན་དང་ངོ་ཞེས་བྱ་བ་སྨྲས་ཏེ། བདག་ཉིད་དང་སྨྱན་བྱེད་པ་མ་ཡིན་གྱི། མིའི་འགྲོ་བ་པ་སྟེན་པར་བྱེད་པ་པོའི་དབང་པོ་དང་ལྡན་པ་གཞན་དང་ངོ་། །སུར་ཕྲད་ཅེ་ན་དེའི་ཕྱིར་གཞན་དུའོ་ཞེས་
བྱ་བ་སྨྲས་ཏེ། བདག་ཉིད་དུ་ཕྲད་པ་མ་ཡིན་གྱི། གང་ཟག་གཞན་དུ་ཕྲད་ནའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཏུ་ཕྲད་ཅེ་ན། མིའི་འགྲོ་བ་པའི་བུད་མེད་ལ་སོགས་པ་བསྟེན་པར་བྱ་བའི་རྨའི་སྒོ་དང་ལྡན་པར་རོ། །རྒྱུ་གང་གིས་གཞན་དང་གཞན་དུ་ཕྲད་ན་ལྟུང་བ་འདིར་འགྱུར་ཞེ་
ན། དེའི་ཕྱིར་དེའི་དོན་དུ་མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་སྤྲད་པར་བྱ་བ་ལས་སྤྲིང་བ་མནོས་པས་གཞན་དེ་ལ་གོ་བར་བྱས་ཤིང་དེས་སྨྲས་པ་སྔ་མ་ལ་བརྗོད་ནའོ་ཞེས་བྱ་བ་སྨྲས་ཏེ། འདིར་བསྡུས་པའི་དོན་ནི་ལྟུང་བ་འབྱིན་པ་པོས་མདོ་ལས་སྨོས་པའི་རྣམ་པ་འདིས་རྗེས་སུ་བསྒྲུབས་
པས་སྤྲད་པར་བྱ་བ་གཉི་ག་ཕྲད་ན་ལྟུང་བ་འདི་འབྱུང་བར་འགྱུར་བའོ། །ཡན་ལག་གི་དོན་བཤད་པར་བྱ་སྟེ། དེའི་དོན་དུ་ཞེས་བྱ་བ་ནི་ཕྲད་པའི་དོན་དུའོ། །མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ལ་མི་མཐུན་པ་ཞེས་བྱ་བ་ནི། སྤྲད་པར་བྱ་བ་དེ་གཉིས་མི་མཐུན་པ་
གཅུགས་པར་མ་གྱུར་ཕན་ཚུན་བག་ཕེབས་པར་མ་གྱུར་པའོ། །མཐུན་པར་ཞེས་བྱ་བ་ནི་མི་མཐུན་པ་དེ་གཉིས་མཐུན་པར་བྱ་བ་གཅུགས་པ་དང་བག་ཕེབས་པར་བྱ་བའོ། །དེ་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་གྲུབ་པར་བྱ་བའི་ཕྱིར་རོ། །འདིར་མཐུན་པར་ཞེས་བྱ་བ་ཡང་ཡིད་
གཅུགས་པའི་དངོས་པོ་ཉིད་དུ་བྱ་བ་ཡིན་གྱི། གཉིས་ཀྱིས་གཉིས་སྤྲད་པར་ནི་མ་ཡིན་ཏེ། དེ་ཡང་ཇི་ལྟར་ན་འགྲུབ་པར་འགྱུར་ཞེས་དེའི་དོན་དུ་མཐུན་པར་བྱེད་པ་ཡིན་ནོ། །སྤྱད་པར་བྱ་བ་ལས་ཞེས་བྱ་བ་ནི་གང་དང་གང་དུ་སྤྲད་པར་བྱ་བ་སྟེ། དེ་ལས་སོ། །སྤྲིང་བ་མནོས་པས་
ཞེས་བྱ་བ་ནི། ལྟུང་བ་འབྱིན་པ་པོའི་དགེ་སློང་གང་གིས་སྤྲིང་བ་མནོས་པ་སྟེ། སྤྲིང་བ་མནོས་པ་ཕྲིན་བླངས་པའི་དགེ་སློང་ངེས་སོ། །གང་ལས་སྤྲིང་བ་མནོས་ཤེ་ན། དེའི་ཕྱིར་སྤྲད་པར་བྱ་བ་ལས་ཞེས་སྨོས་པ་ཡིན་ཏེ། དེ་ལས་སོ། །སྤྲིང་བ་མནོས་པ་དེ་སུ་ལ་གོ་བར་བྱས་ན་ཞེ་ན་
เล่ม ๑๖๒ · หน้า 172a
དེའི་ཕྱིར་གཞན་དེ་ལ་གོ་བར་བྱས་ཤིང་ཞེས་བྱ་བ་སྨྲས་ཏེ། སྤྲད་པར་བྱ་བ་ནི་གཉིས་ཡོད་པའི་ཕྱིར་སྤྲད་པར་བྱ་བ་གང་ལ་གོ་བར་བྱས་ཤེ་ན། དེའི་ཕྱིར་གཞན་ཞེས་བྱ་བ་ལ་སྟེ། གང་ལས་སྤྲིང་བ་མནོས་པ་དེ་ལས་གཞན་པ་དེ་ལའོ། །དེ་ཡང་གང་ཞེ་ན།
དེའི་ཕྱིར་དེ་ལ་ཞེས་བྱ་བ་སྟེ། སྤྲད་པར་བྱ་བ་གང་ལས་སྤྲིང་བ་མནོས་པ་དེ་ལས་གཞན་པ་སྤྲད་པར་བྱ་བ་གང་ལ་གོ་བར་བྱ་བ་དེ་ལའོ། །གོ་བར་བྱས་ཤིང་ཞེས་བྱ་བ་ནི་སྤྲིང་བ་མནོས་པའི་དགེ་སློང་དེས་སྤྲིང་བ་དེ་གཞན་དེ་ལ་གོ་བར་བྱས་ཤིང་བརྡ་སྤྲད་པའོ། །སྤྲད་པར་བྱ་བ་ལས་སྤྲིང་བ་
མནོས་པས་གཞན་དེ་ལས་གོ་བར་བྱས་པ་ཙམ་ཁོ་ནས་དེར་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དེས་སྨྲས་པ། སྔ་མ་ལ་བརྗོད་ནའོ་ཞེས་བྱ་བ་སྨྲས་ཏེ། དེས་སྨྲས་པ་ཞེས་བྱ་བ་ནི་སྤྲད་པར་བྱ་བ་གང་ལ་སྤྲིང་བ་གོ་བར་བྱ་བའི་སྤྲད་པར་བྱ་བ་གཞན་དེས་སྤྲིང་བའི་ལན་གང་སྨྲས་པ་དེ་ནི་དེས་སྨྲས་
པའོ། །དེས་སྨྲས་པའི་སྤྲིང་བའི་ལན་དེ་སུ་ལ་བརྗོད་ན་ཞེ་ན། དེའི་ཕྱིར་སྔ་མ་ལ་ཞེས་བྱ་བ་སྨྲས་ཏེ། སྤྲད་པར་བྱ་བ་སྔ་མ་ལ་སྟེ། དང་པོ་གང་ལས་སྤྲིང་བ་མནོས་པ་དེ་ལའོ་ཞེས་བྱ་བའི་ཐ་ཚིག་གོ། །སྔ་མ་དེ་ལ་གཞན་དེས་སྨྲས་པ་དེ་ཇི་ལྟར་བྱས་ན་ཞེ་ན་དེའི་ཕྱིར་བརྗོད་ན་ཞེས་བྱ་བ་སྨྲས་ཏེ། དེས་
སྨྲས་པ་དགེ་སློང་སྤྲིང་བ་མནོས་པ་དེས་སྤྲད་པར་བྱ་བ་སྔ་མ་ལ་བརྗོད་ཅིང་བཟླས་ཏེ་གོ་བར་བྱས་ན་འོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། སྤྲད་པར་བྱ་བའི་དོན་དུ་མཐུན་པ་གང་ཡིན་པ་དེ་བསྒྲུབ་པའི་ཕྱིར་སྤྲད་པར་བྱ་བ་སྔ་མ་ཤོས་ལས་སྤྲིང་བ་མནོས་པས་ཕྲིན་བླངས་པ་དེས་སྤྲད་པར་བྱ་བ་
གཞན་དེ་ལ་བསྐྱལ་ལ་སྤྲད་པར་བྱ་བ་གཞན་དེ་ལས་སྤྲིང་བའི་ལན་མནོས་པ་གང་ཡིན་པ་དེ་ཡང་སྤྲད་པར་བྱ་བ་སྔ་མ་ཤོས་ཉིད་ལ་བསྐྱལ་ཏེ་དེ་ལྟར་དགེ་སློང་སྨྱན་བྱེད་པས་གལ་ཏེ་ཕྲིན་མནོས་པ་དང་། ཕར་བསྐྱལ་བ་དང་ཕྱིར་བསྐྱལ་བ་དེ་དག་རྗེས་སུ་སྒྲུབ་པར་བྱེད་ལ་སྤྲད་པར་བྱ་བ་དེ་གཉིས་ཀྱང་ཕྲད་
པར་གཉིས་ཀྱིས་གཉིས་སྤྲད་པར་གྱུར་ན་དེའི་ཚེ་དགེ་འདུན་ལྷག་མ་འདིར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པ་བར་མའི་ཕྱང་ཡར་ཐོས་པ་ཉིད་ན་དེ་བྱས་པ་ཉིད་དོ་ཞེས་བྱ་བ་ལ་འཇུག་པ་བར་མ་ཞེས་བྱ་བ་ནི། འཇུག་པ་དེ་བར་མར་གཏོགས་པས་འཇུག་པ་བར་
เล่ม ๑๖๒ · หน้า 172b
མ་སྟེ། གཞན་གྱི་ཕྲིན་ལན་གང་ཡིན་པའོ། །དེ་ཇི་ལྟར་ཕར་མ་ཞེ་ན་མནོས་པ་དང་ཕྲིན་ཚུར་བསྐྱལ་བ་གཉིས་ཀྱི་བར་གྱི་དངོས་པོ་ཡིན་པས་བར་མ་སྟེ། སྤྲད་པར་བྱ་བ་གཞན་གྱི་ཕྲིན་ལན་ལུས་ཀྱི་རྣམ་པར་རིག་བྱེད་དམ། ངག་གི་རྣམ་པར་རིག་བྱེད་དམ། ཅང་མི་སྨྲ་བས་འཇུག་པ་གང་ཡིན་པ་དེ་ནི་འདིར་
འཇུག་པ་བར་མ་ཡིན་པར་རིག་པར་བྱའོ། །འཇུག་པ་བར་མ་དེའི་ཕྱང་ཡར་ཐོས་པ་ཉིད་ན་ཞེས་བྱ་བ་ནི་དང་པོ་སྤྲིང་བར་བྱེད་པའི་སྤྲད་པར་བྱ་བ་དེས་འཇུག་པ་བར་མ་དེ་སྨྱན་བྱེད་པའི་དགེ་སློང་ཉིད་མ་ཡིན་པ་གཞན་གང་ཡང་རུང་བ་མངགས་པ་ལས་སམ། སྤྲད་པར་བྱ་བ་གཞན་ཉིད་ལས་མངོན་སུམ་དུའམ། གཞན་
ལས་མིག་གི་རྣམ་པར་ཤེས་པས་སམ། རྣ་བའི་རྣམ་པས་ཤེས་པས་སམ། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པའི་སྒོ་ནས་ཕྱང་ཡར་ཐོས་པ་ཉིད་ནའོ། །དེ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། སྔར་བསྟན་མ་ཐག་པའི་མདོ་ལས་སྔ་མ་ལ་བརྗོད་ནའོ་ཞེས་བྱ་བ་དེ་བྱས་པ་ཉིད་དེ་མཐར་ཐུག་པ་ཉིད་
དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་སྤྲད་པར་བྱ་བ་སྔ་མ་ཤོས་ལས་སྤྲིང་བ་ནོད་ཅིང་། སྤྲད་པར་བྱ་བ་གཞན་སྤྲད་པར་བྱ་བ་གཞན་ལ་སྤྲིང་བ་དེ་གོ་བར་བྱེད་ན་སྤྲད་པར་བྱ་བ་གཞན་དེའི་ཕྲིན་ལན་སྤྲད་པར་བྱ་བ་སྔ་མ་ཤོས་ཀྱིས་སྨྱན་བྱེད་པའི་དགེ་སློང་དེ་ཉིད་མ་
ཡིན་པ་གཞན་གང་ཡང་རུང་བ་ལས་ཐོས་པར་གྱུར་ལ་སྤྲད་པར་བྱ་བ་དེ་ཉིད་ཀྱང་གཞི་དེ་ཁོ་ན་ལས་ཕྲད་ཅིང་གཉིས་ཀྱིས་གཉིས་སྤྲད་པར་གྱུར་ན། དགེ་སློང་དང་པོ་ཕྲིན་མནོས་པ་དང་ཕྲིན་ཕར་བསྐྱལ་བ་ཙམ་དེ་ཁོ་ནས་དགེ་འདུན་ལྷག་མར་འགྱུར་ན། གལ་ཏེ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ལྟ་
སྨོས་ཀྱང་ཅི་དགོས། དེ་ལྟར་ཡང་རྣམ་པར་འབྱེད་པའི་གཞུང་འདི་ཡིན་ཏེ། དགེ་སློང་གཅིག་ཁྱིམ་པ་གཅིག་དང་ཁྱིམ་པ་མོ་གཅིག་དང་འགྲོན་ལམ་དུ་འགྲོ་བ་ན། དེ་ན་གལ་ཏེ་ཁྱིམ་པ་དེ་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་ཁྱོད་ཁྱིམ་པ་མོ་འདི་ལ་འདི་སྐད་ཅེས་ཁྱོད་ཁྱིམ་པ་འདིའི་ཆུང་
མའམ་མཛའ་ན་མོའམ། སྨོས་འགྲིན་གྱིས་ཤིག་ཅེས་སྨྲ་ནུས་སམ་ཞེས་ཟེར་རམ། ཡང་ན་ཁྱིམ་པ་མོ་དེ་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་ཁྱོད་ཁྱིམ་པ་འདི་ལ་འདི་སྐད་ཅེས་ཁྱོད་ཁྱིམ་པ་མོ་འདིའི་ཁྱོའམ། མཛའ་ན་མོའམ་སྨོས་འགྲིན་གྱིས་ཤིག་ཅེས་སྨྲ་ནུས་སམ་ཞེས་ཟེར་བ་ལ། དགེ་སློང་
เล่ม ๑๖๒ · หน้า 173a
དེས་སྤྲིང་བ་རྣམ་པ་དེ་ལྟ་བུ་དེ་མནོས་ཏེ། ཕྲིན་ཕར་སྐྱེལ་བར་བྱེད་དམ། ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཕྲིན་མནོས་ཏེ་ཕར་བསྐྱལ་བ་ན་བར་གྱི་འཇུག་པ་སྤྲད་པ་གཞན་དེ་གཉིས་ལས་སྤྲད་པ་སྔ་མ་ཤོས་
ཀྱིས་ཐོས་པས་ན། ཕྲིན་ཚུར་མ་བསྐྱལ་ཡང་སྔ་མ་ལ་བརྗོད་པ་ཉིད་ཡིན་ལ། ཕྲིན་ཚུར་བསྐྱལ་ན་ཡང་དེ་ཉིད་ཡིན་པས་གང་བྱས་ཀྱང་དགེ་འདུན་ལྷག་མར་འགྱུར་རོ། །གསུམ་པོ་དེ་དག་གི་བྱ་བ་ཐ་དད་པ་ཉིད་དོ་ཞེས་བྱ་བ་ན། འདིར་རྗེས་སུ་བསྒྲུབ་པར་བྱ་བའི་ཚིག་གསུམ་པོ་གང་དག་སྔར་
བསྟན་པ་ནོད་པ་དང་། གོ་བར་བྱེད་པ་དང་། བརྗོད་པ་ཞེས་བྱ་བའི་ཚིག་གསུམ་པོ་དེ་དག་གི་བྱ་བ་ཉིད་ཅེས་བྱ་བ་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་དེ། སྦྱོར་བ་ཐ་དད་པ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གཉིས་ཀྱིས་རང་གིས་སྤྲིང་བ་མནོས་ནས་དེ་ན་གཅིག་འདི་སྐད་ཅེས་ཁོ་ངོ་ནི་ཕྲིན་
ཕར་ནི་སྐྱེལ་ལོ། །ཚུར་ནི་མི་སྐྱེལ་ལོ་ཞེས་ཟེར་ན། དེ་གཉིས་ལས་ཕྲིན་ཕར་ཡང་སྐྱེལ་བར་བྱེད། ཚུར་ཡང་སྐྱེལ་བར་བྱེད་པ་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ། །གང་ཕྲིན་ཕར་སྐྱེལ་བར་ནི་བྱེད་ལ་ཚུར་སྐྱེལ་བར་ནི་མི་བྱེད་པ་དེ་ལ་ནི་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ། །དགེ་སློང་
གཉིས་ཀྱིས་རང་གིས་སྤྲིང་བ་མནོས་ནས་གཅིག་འདི་སྐད་ཅེས་ཁོ་བོ་ནི་ཕྲིན་ཕར་ཡང་མི་སྐྱེལ་ལོ། །ཚུར་ཡང་མི་སྐྱེལ་ལོ་ཞེས་ཟེར་ན་དེ་གཉིས་ལས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་དེ། ཚུར་ཡང་སྐྱེལ་བར་བྱེད་པ་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ། །གང་ཕྲིན་ཕར་ཡང་སྐྱེལ་བར་མི་
བྱེད་ཚུར་ཡང་སྐྱེལ་བར་མི་བྱེད་པ་དེ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། དེ་ལྟར་ནོད་པ་ལ་སོགས་པ་རེ་རེ་དག་ལ་ཕྱི་མ་མེད་ན་ཡང་ཚིག་སྔ་མ་ལ་ཉེས་པ་སྦོམ་པོར་གསུངས་པ་གང་ཡིན་པ་དེ་དག་འདིར་བསྡུས་པ་ཡིན་ནོ། །མི་ཉིད་ལ་མཐའི་བྱེད་པ་པོ་ཉིད་མ་
ཡིན་ཡང་སྦྱོར་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ། མི་ཉིད་ལ་ཞེས་བྱ་བ་ནི་མིའི་འགྲོ་བ་པ་ཉིད་ལ་སྤྲད་པར་བྱ་བ་གཉིས་པོ་མངལ་ན་གནས་པ་དང་། ཟ་མ་དང་། ཁྱོ་ཤུག་སྔར་མཐུན་པར་གྱུར་པ་བར་དུ་མི་མཐུན་པར་གྱུར་པའི་ཡུལ་ལ་སྤྲིང་བ་ནོད་པ་དང་། ཕྲིན་ཕར་སྐྱེལ་བ་དང་། ཕྲིན་
เล่ม ๑๖๒ · หน้า 173b
ཚུར་སྐྱེལ་བར་བྱེད་པ་དག་ལའོ། །མཐའི་བྱེད་པ་པོ་ཉིད་མ་ཡིན་ཡང་ཞེས་བྱ་བ་ནི་མངལ་ན་གནས་པ་དང་། ཟ་མ་ལ་ཕྲད་པ་མེད་པའི་ཕྱིར་དང་། ཁྱོ་ཤུག་སྔར་མཐུན་པར་གྱུར་པ། བར་དུ་མི་མཐུན་པར་གྱུར་པ་ལ། མི་མཐུན་པ་མཐུན་པར་བསྒྲུབས་པ་མེད་པའི་ཕྱིར་མཐའ་ཞེས་བྱ་བ་
དངོས་གཞིའི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་མ་ཡིན་པའོ། །སྦྱོར་བ་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ནོད་པ་དང་ཕྲིན་ཕར་སྐྱེལ་བ་དང་། ཕྲིན་ཚུར་སྐྱེལ་བའི་ཚིག་གསུམ་པོ་དེ་དག་རྗེས་སུ་སྒྲུབ་པར་བྱེད་པ་སྦྱོར་བ་ཉིད་མ་ཡིན་པ་མ་ཡིན་ཏེ། འདི་ལྟར་སྦྱོར་བ་ཁོ་ན་ཡིན་ཏེ། སྦོམ་པོའོ་ཞེས་
བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་དགེ་སློང་གིས་རེ་ཞིག་མངལ་ན་གནས་པ་དག་གི་སྨྱན་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ། །བཙུན་པ་དགེ་སློང་གིས་རེ་ཞིག་ཟ་མ་དག་གི་སྨྱན་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེས་པ་
སྦོམ་པོར་རོ་ཞེས་གསུངས་པ་དང་། རྣམ་པར་འབྱེད་པ་ལས་དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་འཐབ་པའི་མོད་ལ་དང་། འཐབ་པའི་འོག་ཏུ་དང་། དུམ་པ་གཅད་པ་དང་། རྡེའུ་གསུམ་པོ་གཏོར་
བ་དང་། ཆོ་ག་བཏང་བ་དང་། ཆུང་མ་མ་ཡིན་པར་བསྒྲགས་པ་དང་། དྲིལ་མ་བསྒྲགས་པ་དེ་དག་གི་སྡུམས་བྱེད་ཅིང་མཐུན་པར་སྦྱོར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། དེ་ལ་ཉེ་བ་འཁོར་གྱིས་ཞུས་པ་ལས་མངལ་ན་གནས་པ་
དང་། ཟ་མའི་སྨྱན་བྱས་ན་ཉེས་པ་སྦོམ་པོར་གསུངས་པ་དང་། རྣམ་པར་འབྱེད་པ་ལས་རྡེའུ་གསུམ་གཏོར་བ་དང་། ཆོ་ག་བཏང་བ་གཉིས་ཀྱིས་ཉེས་པ་སྦོམ་པོར་གསུངས་པ་གང་ཡིན་པ་དེ་དག་གིས་འདིར་ལུང་གི་དོན་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་ལུང་དེ་གཉིས་ལ་ཡང་ཕྲད་
པ་མེད་པའི་ཕྱིར་དང་། མི་མཐུན་པ་མཐུན་པར་བསྒྲུབས་པ་མེད་པའི་ཕྱིར་མཐའི་བྱེད་པ་པོ་ཉིད་མ་ཡིན་ཏེ། སྦྱོར་བ་ཉིད་ཡིན་ནོ། །འབྲས་བུ་གཅིག་པ་ཉིད་ཀྱི་ཕྱིར་བྱེད་པ་པོ་སོ་སོ་ལ་བྱ་བ་རྫོགས་པར་མེད་པ་མ་ཡིན་ནོ་ཞེས་བྱ་བ་ལ། འབྲས་བུ་གཅིག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཅིག་པའི་
เล่ม ๑๖๒ · หน้า 174a
དངོས་པོ་ནི་གཅིག་པ་ཉིད་དེ། འབྲས་བུ་གཅིག་པ་ཉིད་ནི་འབྲས་བུ་གཅིག་པ་ཉིད་དོ། །འདི་ལྟར་སྤྲད་པར་བྱ་བའི་རྒྱུད་དུ་གཏོགས་པའི་ཕྲད་པ་ཞེས་བྱ་བའི་འབྲས་བུ་ཐ་མི་དད་པར་གཅིག་པ་ཉིད་དུ་གྲུབ་པ་ནི་འབྲས་བུ་གཅིག་པ་ཉིད་དོ། །དེ་ལྟར་འབྲས་བུ་
གཅིག་པ་ཉིད་ཀྱི་ཕྱིར། བྱེད་པ་པོ་སོ་སོ་ལ་བྱ་བ་རྫོགས་པར་མེད་པ་མ་ཡིན་ཏེ། དངོས་གཞིའི་བྱ་བ་རྫོགས་པར་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་བྱེད་པ་པོ་རེ་རེ་རེ་རེ་ལ་བྱ་བ་རྫོགས་པར་བྱ་བ་ཡོད་པ་ཉིད་ཡིན་པས་རེ་རེ་ལ་ལྟུང་བ་རེ་རེར་འགྱུར་ཏེ། དེས་ན་དེ་དག་ཐམས་ཅད་སོ་སོ་ལ་བྱ་
བ་ཡོད་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་མང་པོ་དགེ་འདུན་དུ་གྱུར་པས་ཀྱང་དུས་གཅིག་ཏུ་སྤྲད་པའི་བྱ་བའི་ཡུལ་གཅིག་ལ་སྤྲིང་བ་མནོད་པ་དང་། ཕྲིན་ཕར་བསྐྱལ་བ་དང་། ཕྲིན་ཚུར་བསྐྱལ་བ་དག་གི་བྱ་བ་བྱེད་ལ། འདི་ལྟར་སྤྲད་པར་བྱ་བ་དེ་གཉིས་ཀྱི་ཕྲད་པ་ཞེས་བྱ་
བའི་འབྲས་བུ་གཅིག་པ་ཉིད་ཀྱང་བྱུང་བར་གྱུར་ན། དེ་ལྟ་ན་བྱེད་པ་པོ་དེ་དག་གི་རྒྱུད་ལ་བྱ་བ་ཐ་དད་པར་འགྱུར་བས་བྱ་བ་ཐ་དད་པ་དེ་ལས་དེ་ན་དགེ་སློང་བྱེད་པ་པོ་ཇི་སྙེད་ཡོད་པ་དེ་དག་སོ་སོའི་རྒྱུད་ལ་ཉེས་བྱས་དང་། སྦོམ་པོ་དང་། དགེ་འདུན་ལྷག་མ་ཞེས་བྱ་བའི་ལྟུང་བ་ཡང་ཐ་དད་པར་འགྱུར་ཏེ།
འདི་ལྟར་གང་ཟག་སོ་སོའི་རང་གི་བྱ་བ་རྫོགས་པའི་དབང་གིས་ལྟུང་བ་རྣམས་འབྱུང་བའི་ཕྱིར་རོ། །འདིར་མངགས་པ་ནི་རང་ཉིད་དང་འདྲའོ་ཞེས་བྱ་བ་ནི། སྨྱན་བྱེད་པའི་སྐབས་འདིར་མངགས་པས་སྨྱན་བྱས་པ་ནི་རང་ཉིད་དང་འདྲ་སྟེ། བདག་ཉིད་ཀྱིས་བྱས་པ་དང་འདྲའོ། །ཇི་ལྟར་
གནས་ངན་ལེན་སྨྲ་བ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ཏེ། དེར་ནི་མངགས་པས་བྱས་པ་གང་ཡིན་པ་དེ་རང་གིས་བྱས་པ་དང་འདྲ་བ་ཉིད་ཡིན་ནོ། །སྨྱན་བྱེད་པ་འདིར་ནི་མངགས་པ་དང་མངགས་པས་མངགས་པས་ཀྱང་བྱས་པ་གང་ཡིན་པ་དེ་རང་གིས་བྱས་པ་དང་འདྲ་བར་རིག་པར་བྱའོ། །
དེའི་ཕྱིར་སྤྲད་པར་བྱ་བ་ཉིད་ཀྱིས་དེ་ལ་སྤྲིང་བ་གང་ཡིན་པ་དེ་མངགས་པ་ལས་སྤྲིང་བ་དང་། སྤྲད་པར་བྱ་བ་ལ་བརྗོད་པར་བྱ་བ་གང་ཡིན་པ་མངགས་པ་ལས་བརྗོད་པ་མངགས་པས་བྱས་པ་གང་ཡིན་པ་དེ་ནི་ལྟུང་བ་འབྱིན་པ་པོ་ཁོ་ནས་བྱས་པ་ཡིན་ཏེ། འདིར་དེ་དག་གི་རྣམ་པར་གཞག་པ་དེ་
เล่ม ๑๖๒ · หน้า 174b
ཡིན་ནོ། །མངགས་པས་མངགས་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་གཉིས་ཀྱི་བདག་པོ་དག་ནི་སྤྲད་པར་བྱ་བ་ཉིད་དང་འདྲའོ་ཞེས་བྱ་བ་ནི། སྤྲད་པར་བྱ་བ་ཁྱེའུ་དང་བུ་མོ་དེ་གཉིས་ཀྱི་བདག་པོ་དབང་བྱེད་པ་ཕ་མ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་སྤྲད་པར་བྱ་བ་ཉིད་དང་འདྲ་སྟེ།
འདི་ལྟར་ཕ་ནི་བསྒོ་བ་དང་། བཟློག་པ་ལ་བདག་པོ་ཉིད་ཡིན་ལ་མ་ནི་སྦྱིན་པ་དང་དབྲོག་པ་ལ་བདག་པོ་ཉིད་ཡིན་པའམ། ཡང་ཡུལ་ཆོས་བཞིན་དུ་ཡང་སྦྱར་བར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་སྤྲད་པར་བྱ་བ་གཉིས་ཀྱི་བདག་པོ་ཕ་མ་ལ་སོགས་པ་དག་ལས་སྤྲིང་བ་
ནོད་པ་དང་། ཕྲིན་ཕར་སྐྱེལ་བ་དང་། ཕྲིན་ཚུར་སྐྱེལ་བ་བྱེད་ཅིང་གཞི་དེ་ཁོ་ན་ལས་སྤྲད་པར་བྱ་བ་ཁྱེའུ་དང་བུ་མོ་དེ་གཉིས་ཕྲད་པར་གྱུར་ན་ཁ་ན་མ་ཐོ་བའི་དངོས་གཞི་ཉིད་དུ་འགྱུར་ཏེ། ཇི་ལྟར་སྤྲད་པར་བྱ་བ་གཉིས་ལས་མངོན་སུམ་དུ་སྤྲིང་བ་ནོད་པ་དང་། ཕྲིན་ཕར་སྐྱེལ་བ་དང་། ཕྲིན་ཚུར་སྐྱེལ་
བ་ལ་དངོས་གཞིའི་ཁ་ན་མ་ཐོ་བར་བསྟན་པ་བཞིན་ནོ། །གཞན་ལ་བྱས་པ་ཉིད་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། དེ་གཉིས་ཀྱི་བདག་པོ་མ་ཡིན་པ་དེ་གཉིས་དང་འབྲེལ་པའམ། དེ་གཉིས་དང་འབྲེལ་པ་མ་ཡིན་པ་གཞན་ལ་སྤྲིང་བ་མནོས་པ་དང་། ཕྲིན་ཕར་སྐྱེལ་བ་དང་། ཕྲིན་ཚུལ་སྐྱེལ་བ་བྱས་
པ་ཉིད་ནི་ཉེས་བྱས་ཏེ། དེ་དག་སྤྲད་པར་བྱ་བའི་ཡུལ་ལ་བདག་པོ་མ་ཡིན་པའི་ཕྱིར་རོ། །སྤྲིང་ཡིག་དང་ལག་ཡིག་དང་ཡུལ་ཕྱོགས་དང་། བརྡ་དང་མཚན་མ་རྣམས་ནི་ཚིག་ཉིད་དང་འདྲའོ་ཞེས་བྱ་བ་ནི། སྤྲིང་ཡིག་དང་ལག་ཡིག་ལ་སོགས་པ་ནི་ཚིག་ཉིད་དང་འདྲ་སྟེ་ཚིག་གི་ངོ་བོ་ཉིད་
དང་འདྲ་བར་རིག་པར་བྱའོ། །ཇི་ལྟར་ཚིག་གིས་སྤྲིང་བས་དོན་གྲུབ་ན་ལྟུང་བར་འགྱུར་བ་བཞིན་དུ་སྤྲིང་ཡིག་ལ་སོགས་པ་ཡང་དེ་དང་འདྲའོ། །འདིར་དོན་གྲུབ་པ་དགོས་པས་སྤྲིང་ཡིག་ལ་སོགས་པས་ཀྱང་དོན་དེ་འགྲུབ་པར་འགྱུར་བའི་ཕྱིར་ཚིག་ཉིད་དང་འདྲའོ་ཞེས་བསྟན་
ཏོ། །སྤྲིང་ཡིག་དང་ལག་ཡིག་ནི་གོ་སླ་བས་མ་བཤད་དོ། །ཡུལ་ཕྱོགས་ཞེས་བྱ་བ་ནི་སྐྱེད་མོས་ཚལ་ལ་སོགས་པའི་ས་ཕྱོགས་སོ། །བརྡ་ཞེས་བྱ་བ་ནི་དངོས་པོ་མ་ཡིན་པའི་མཚན་མ་སྟེ། དཔེར་ན་སྔ་དྲོ་ལ་སོགས་པ་དུས་ཀྱི་བྱེ་བྲག་གོ། །མཚན་མ་ཞེས་བྱ་བ་ནི། གང་མཐོང་ན་
เล่ม ๑๖๒ · หน้า 175a
བརྡར་བྱ་བའི་དོན་གོ་བར་འགྱུར་བ་སྟེ། དཔེར་ན་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པའམ་གོས་དམར་སེར་གྱོན་པ་ཉིད་ནའོ་ཞེས་བྱ་བ་ལྟ་བུའོ། །འདིར་གཞུང་ནི་རྒྱུ་གསུམ་གྱིས་སྤྲིང་བའི་ཕྲིན་ཚུར་སྐྱེལ་ལ་ཕར་མི་སྐྱེལ་ཏེ། གསུམ་གང་ཞེ་ན། ཡུལ་ཕྱོགས་
དང་བརྡ་དང་མཚན་མས་སོ་ཞེས་གསུངས་པ་ཡིན་ནོ། །སྨད་འཚོང་མ་ནི་སྐྱེས་པ་ཐམས་ཅད་དང་མཐུན་ཞེས་གྲགས་པས། གལ་ཏེ་དགེ་སློང་གིས་དེའི་ཡུལ་ལ་སྤྲིང་བ་ནོད་པ་དང་། ཕྲིན་ཕར་བསྐྱལ་བ་དང་། ཕྲིན་ཚུར་བསྐྱལ་བ་ལ་སོགས་པ་དག་བྱེད་ན། དེ་ལྟར་ན་ཡང་དགེ་འདུན་
ལྷག་མར་མི་འགྱུར་ཏེ། དང་པོ་ཉིད་ནས་ཐམས་ཅད་དང་མཐུན་པར་གྱུར་པའི་ཕྱིར་རོ་སྙམ་པའི་བློ་གྲོས་དེ་བསལ་བའི་ཕྱིར། སྨད་འཚོང་མ་ནི་མི་མཐུན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཆུང་མ་དྲུག་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་དང་།
དང་སམ་དུ་འདུས་པ་དང་། གོས་ཟས་ཀྱིས་འཚོས་པ་དང་། ཁ་དུམ་པ་རྣམས་ལ་ཡང་མི་མཐུན་པ་ཉིད་སྲིད་ལ། ཐང་འགའ་ཕྲད་པ་ཡང་དེ་བཞིན་ནོ། །དེའི་ཕྱིར་སྨད་འཚོང་མ་ནི་ཐང་འགའ་ཕྲད་པ་ཞེས་བྱ་སྟེ། ཡུན་ཐུང་ངུར་མཐུན་པའི་ཕྱིར་ཡུན་ཐུང་བས་མཚན་གཅིག་ཙམ་ལ་
སོགས་པའི་མཐའ་ཡིན་པའི་ཕྱིར་སྔོན་དང་ཕྱིས་མི་མཐུན་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་བུད་མེད་མི་མཐུན་པར་གྱུར་པ་གཞན་དག་ལ་སྤྲིང་བ་མནོས་པ་དང་། ཕྲིན་ཕར་བསྐྱལ་བ་དང་། ཕྲིན་ཚུར་བསྐྱལ་བ་དག་བྱེད་པ་ལ་དངོས་གཞི་ལ་སོགས་པའི་ཁ་ན་མ་ཐོ་བར་འགྱུར་བ་བཞིན་དུ་སྨད་
འཚོང་མ་ལ་ཡང་དེ་བཞིན་ཏེ། དེ་ལྟ་བས་ན་སྨད་འཚོང་མའི་ཕྱིར་མདོ་བརྩམ་པ་དོན་དང་བཅས་པ་ཁོ་ན་ཡིན་ནོ། །བདག་པོ་ཉིད་མ་ཡིན་པས་བཞི་པ་མན་ཆད་ཞུགས་པ་ཉིད་དོ་ཞེས་བྱ་བ་ནི། བདག་པོ་ཉིད་མ་ཡིན་པས་སྤྲད་པར་བྱ་བ་དང་། ལན་གསུམ་པ་མན་ཆད་སྤྲད་པ་ཡང་མི་མཐུན་པ་ཉིད་
ཡིན་པས་དགེ་སློང་གིས་དེ་སྤྲད་ན་དངོས་གཞིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུའི་དངོས་པོར་ཞུགས་པ་ཉིད་ཅེ་ན། དེའི་ཕྱིར། བདག་པོ་ཉིད་མ་ཡིན་པས་ཞེས་བྱ་བ་སྨྲས་ཏེ། བདག་གིར་ཁས་བླངས་པ་མེད་པས་བདག་པོ་དང་བཅས་པ་མེད་པས་སོ། །བཞི་པ་མན་ཆད་ཅེས་བྱ་བ་ནི།
เล่ม ๑๖๒ · หน้า 175b
ལན་བཞི་པའི་འོག་མ་སྟེ། ལན་གསུམ་པ་མན་ཆད་དོ། །ཞུགས་པ་ཉིད་དོ་ཞེས་བྱ་བ་ནི། སྤྲད་པར་བྱ་བ་དང་སྤྲད་པར་བྱ་བ་གཞན་དུ་ལྷན་ཅིག་སྤྲད་པ་ཉིད་དེ། དེ་ཡང་མི་མཐུན་པ་ཉིད་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། མཛའ་གཅུགས་པ་ཙམ་གྱིས་བཤེས་
པའི་དབང་གིས་གླ་མེད་པར་སྨད་འཚོང་མའམ། བུད་མེད་གཞན་དང་ལྷན་ཅིག་ལན་གསུམ་ཕྲད་པ་ཞེས་བྱ་བ་འཇུག་པར་བྱེད་དུ་ཟིན་ཀྱང་། དེ་མི་མཐུན་པ་ཉིད་ཡིན་པས། གལ་ཏེ་དགེ་སློང་གིས་དེ་ལ་སྤྲིང་བ་ནོད་པ་དང་། ཕྲིན་ཕར་བསྐྱལ་བ་དང་། ཕྲིན་ཚུར་བསྐྱལ་བ་བྱེད་ན་དངོས་
གཞི་ལ་སོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །དེས་ནི་རྣམ་པར་འབྱེད་པ་ལས་མཛའ་ན་མོ་ལ་སྤྲིང་བ་ནོད་པ་ཞེས་འབྱུང་བ་དེ་བསྡུས་པ་ཡིན་ནོ། །ཉེ་བ་འཁོར་གྱིས་ཞུས་པ་ལས་དགེ་སློང་གིས་ལན་གྲངས་གཉིས་ལས་ལྷག་པ་ལ་སྤྲིང་བ་མནོས་ཏེ། ཕྲིན་ཕར་སྐྱེལ་ཚུར་སྐྱེལ་བགྱིད་ན་ལྟུང་བ་
ཅིར་འགྱུར། དགེ་འདུན་ལྷག་མར་རོ། །དགེ་སློང་གིས་ལན་གྲངས་མང་པོ་ལས་ལྷག་པ་ལ་སྤྲིང་བ་མནོས་ཏེ། ཕྲིན་ཕར་སྐྱེལ་ཚུར་སྐྱེལ་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡང་བསྡུས་པ་ཡིན་ནོ། །འདིར་ལན་གྲངས་ཞེས་བྱ་བ་ལ་ལན་ཅེས་བྱ་
བ་ནི་རེས་ལ་བྱའོ། །ལན་གྱི་དོན་དེའི་ཡང་དང་ཡང་དུ་གོམས་པ་ནི་ལན་གྲངས་ཞེས་བྱའོ། །བུད་མེད་གང་ལན་གྲངས་གཉིས་ཕྲད་པའི་རེས་ལ་གྲུབ་པ་དེ་ནི་ལན་གྲངས་གཉིས་ཞེས་བྱའོ། །གང་དང་ལན་གྲངས་མང་དུ་ཕྲད་པའི་རེས་གྲུབ་པ་དེ་ནི་ལན་གྲངས་མང་པོ་ཞེས་བྱའོ། །ལན་གྲངས་གཉིས་པ་ལས་ལྷག་པ་ནི་གསུམ་
པ་སྟེ། དེ་ལ་ཡང་དགེ་འདུན་ལྷག་མར་གསུངས་སོ། །ལན་གྲངས་གསུམ་པ་ལས་ལྷག་པ་ནི་བཞི་པ་སྟེ། དེ་ལ་ནི་སྦོམ་པོར་གསུངས་ཏེ། དེ་བས་ན་བཞི་པ་མན་ཆད་ཅེས་བྱ་བ་སྨོས་སོ། །འཐབ་པ་ཉིད་ན་ཉམས་པ་ཉིད་དོ་ཞེས་བྱ་བ་ནི། མཐུན་པ་ཉིད་ཅེས་བྱ་བར་སྦྱར་རོ། །
སྤྲད་པར་བྱ་བ་གཉིས་འཐབ་པ་ཉིད་ན་མཐུན་པ་ཉིད་ཉམས་པ་ཉིད་ཡིན་ནོ། །འཐབ་པ་ཞེས་བྱ་བ་ནི་འདིར་རྩུབ་མོ་སྨྲས་པ་དང་ཕྱིར་ཡང་རྩུབ་མོ་སྨྲས་པ་ཡིན་པར་རིག་པར་བྱའོ། །འཐབ་པ་གང་ལ་མཛའ་གཅུགས་ཉམས་པར་གྱུར་པ་དང་། མ་འཐབ་ཏུ་ཟིན་ཀྱང་གལ་ཏེ་ཕྲ་མ་ལ་
เล่ม ๑๖๒ · หน้า 176a
སོགས་པ་མཛའ་གཅུགས་ཉམས་པར་གྱུར་པ་དེ་ལ་ནི་མཐུན་པ་ཉིད་ཉམས་པ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གིས་ཆུང་མ་ཐ་མ་བཞི་པོ་དང་སམ་དུ་འདུས་པ་དང་གོས་ཟས་ཀྱིས་འཚོས་པ་དང་། ཁ་དུམ་པ་དང་། ཐང་འགའ་ཕྲད་པ་ཞེས་བྱ་བ་འཐབ་པའི་མོད་དང་། འཐབ་
པའི་འོག་ཏུ་སྡུམས་བྱེད་ཅིང་མཐུན་པར་བྱེད་ན་དགེ་འདུག་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འཐབ་པའི་མོད་ཅེས་བྱ་བའི་སྒྲས་ནི་འཐབ་མོའི་གནས་སྐབས་སྟོན་ཏོ། །འཐབ་པའི་འོག་ཏུ་ཞེས་བྱ་བའི་སྒྲས་ནི་འདས་པའི་གནས་སྐབས་སྟོན་ཏེ། སྐད་ཅིག་མ་དང་པོ་འདས་པ་ལ་ཡང་
འཐབ་པ་ཞེས་བྱ་བའི་སྒྲར་འགྱུར་རོ། །དེའི་དམིགས་ཀྱིས་བསལ་བ་བྱས་ཏེ། གལ་ཏེ་དེ་དབང་བ་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཀྱང་ངོ་ཞེས་བྱ་བ་ཡང་མཐུན་པ་ཉིད་ཉམས་པ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ། བུད་མེད་གང་དང་སྐྱེས་པ་གང་དུ་མཐུན་པར་གྱུར་ལ་གལ་ཏེ་བུད་མེད་དེ་ཡང་སྐྱེས་པ་དེ་
དབང་བ་ཡིན་ཏེ། རིན་ཆས་ཉོས་པ་ལ་སོགས་པས་སྐྱེས་པ་ལ་རག་ལས་པ་ཡིན་པ་ལ་གང་གི་ཚེ་ལམ་པོ་ཆེ་ལ་སོགས་པར་འདི་ཁོ་བོའི་ཆུང་མ་མ་ཡིན་ནོ། །ཁོ་བོ་ཡང་འདིའི་ཁྱིམ་ཐབ་མ་ཡིན་ནོ་ཞེས་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཀྱང་དེའི་ཚེ་ན་མཐུན་པ་ཉིད་ཉམས་པ་ཡིན་ཏེ། འཐབ་པ་
ཙམ་འབའ་ཞིག་གིས་དེ་ཉམས་པར་མ་ཟད་དོ། །དེ་བཞིན་དུ་གལ་ཏེ་ལྷ་ཁང་ལ་སོགས་པར་དྲིལ་བསྒྲགས་པ་བྱས་ན་ཡང་དེའི་ཚེ་མཐུན་པ་ཉིད་ཡིན་ནོ། །འཐབ་པ་ཉིད་གྱི་མོད་ལ་དང་འོག་ཏུ་དང་དུམ་པ་བཅད་པ་ཉིད་དང་། རྡེའུ་གསུམ་གཏོར་བ་ཉིད་དང་། ཆོ་ག་བཏང་བ་ཉིད་དང་ཆུང་མ་མ་ཡིན་
པར་བསྒྲགས་པ་ཉིད་དང་། དྲིལ་བསྒྲགས་པ་ཉིད་དག་ནི་སྲོག་དང་ལྡན་པ་ཉིད་དག་བཞིན་ནོ་ཞེས་བྱ་བ་ལ་གང་དག་ལ་སྲོག་ཡོད་པ་དེ་དག་ནི་སྲོག་དང་ལྡན་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །སྲོག་ཆགས་དག་དང་འདྲ་བར་འགྱུར་བ་ནི། སྲོག་དང་ལྡན་པ་ཉིད་དག་བཞིན་ནོ། །དེ་ལ་ཇི་ལྟར་སྤྲད་
པར་བྱ་བ་སྲོག་དང་ལྡན་པ་ཉིད་ཇི་སྙེད་སྤྲད་པར་འདོད་པ་དེ་དག་ལ་སྨྱན་བྱེད་ན་ལྟུང་བ་ཡང་དེ་སྙེད་དུ་འགྱུར་བ་དེ་བཞིན་དུ་འཐབ་པ་ཉིད་ཀྱི་མོད་ལ་སོགས་པའི་ཚིགས་བདུན་པོ་འདི་དག་ལས་ཇི་སྙེད་བྱུང་བ་དེ་དག་ལ་གལ་ཏེ་དགེ་སློང་གིས་སྨྱན་བྱེད་ན་ཚིགས་སོ་སོ་དེ་སྙེད་ཀྱི་ལྟུང་བ་དག་དེ་ལ་འབྱུང་བར་འགྱུར་
เล่ม ๑๖๒ · หน้า 176b
རོ། །དེ་ལ་འཐབ་པ་ཉིད་ཀྱི་མོད་ལ་ཞེས་བྱ་བ་ནི་འཐབ་མོ་ཉིད་ཀྱི་རྩོམ་པ་ཡོངས་སུ་མ་རྫོགས་བར་ཏེ། དེ་ལྟར་འཐབ་པ་ཉིད་ན་ཞེས་བྱ་བའི་ཐ་ཚིག་གོ། །འོག་ཏུ་ཞེས་བྱ་བ་ནི་འཐབ་མོ་མཐར་ཕྱིན་པ་ཉིད་ནའོ། །དུམ་པ་བཅད་པ་ཉིད་ཅེས་བྱ་བ་ནི་དུམ་པ་ཞེས་བྱ་བ་ཤིང་གི་རྣམ་པ་ཡོད་དེ། སྤྲད་
པར་བྱ་བ་དེ་གཉིས་ཀྱིས་ཤིང་དེ་རྐེད་དུ་གཅོད་པར་བྱེད་ཅིང་། འདི་སྐད་ཅེས་ཇི་ལྟར་ཤིང་དུམ་འདི་གཉིས་ཕན་ཚུན་འབྱོར་བ་མེད་པ་དེ་བཞིན་དུ་ཡུ་བུ་ཅག་གཉིས་ཀྱང་དེ་བཞིན་ནོ་ཞེས་སྨྲས་པ་ནི་དུམ་པ་བཅད་པ་ཉིད་དོ། །ཁ་ཅིག་ནི་འདི་སྐད་ཅེས་རྩྭའི་རིགས་ཏི་ལིན་ཏི་ལ་ཀ་ཞེས་བྱ་བ་
ཡོད་དེ། དེ་གཉིས་ཀྱིས་དེ་དུམ་པར་བཅད་ནས་དེ་སྐད་ཟེར་བ་ནི་དུམ་པ་བཅད་པ་ཞེས་བྱའོ་ཞེས་ཀྱང་ཟེར་རོ། །རྡེའུ་གསུམ་གཏོར་བ་ཉིད་ཅེས་བྱ་བ་ནི། དེ་གཉིས་ཀྱིས་རྡེའུ་གསུམ་ཕྱོགས་དང་ཕྱོགས་མཚམས་སུ་འཕངས་ནས། འདི་སྐད་ཅེས་ཇི་ལྟར་རྡེའུ་འདི་གསུམ་ཕན་ཚུན་ཕྲད་
པ་མེད་པ་བཞིན་དུ། ཡུ་བུ་ཅག་གཉིས་ཀྱང་དེ་བཞིན་ནོ་ཞེས་ཟེར་བའོ། །གཞན་དག་ནི་འདི་སྐད་ཅེས་རྡེའུ་མང་པོའི་བསྣུན་པ་ཉིད་ཀྱིས་བརྡེགས་པ་ནི་རྡེའུ་གསུམ་གཏོར་བ་ཉིད་དོ་ཞེས་ཀྱང་ཟེར་རོ། །ཆོ་ག་བཏང་བ་ཉིད་ཅེས་བྱ་བ་ནི། ཁྱིམ་གྱི་ལས་སམ་ཁྱིམ་ཐབ་ཀྱི་རྐང་པ་བཀྲུ་བ་
ལ་སོགས་པ་འཕྲལ་གྱི་བྱ་བ་ནི་ཆོ་ག་སྟེ། དེ་བཏང་བའོ། །ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཅེས་བྱ་བ་ནི། དེ་གཉིས་ཀྱིས་ཁྱོ་ཤུག་མ་ཡིན་པར་བསྒྲགས་པ་ཉིད་དོ། །དྲིལ་བསྒྲགས་པ་ཉིད་ཅེས་བྱ་བ་ནི། བདག་པོ་བཏང་བའི་ཕྱིར་ལྷ་ཁང་ལ་སོགས་པར་དྲིལ་བསྒྲགས་པའོ། །དེའི་དང་
པོ་གསུམ་པ་ནི་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། སྔར་བསྟན་པའི་ཆུང་མ་དེ་དབང་བ་དེའི་དང་པོ་གསུམ་པོ་འཐད་པ་ཉིད་ཀྱི་མོད་ལ་དང་། འོག་ཏུ་དང་། དུམ་པ་བཅད་པ་དག་ལ་སྨྱན་བྱེད་པ་ནི་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་འདི་ཡིན་
ཏེ། དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་འཐབ་པའི་མོད་ལ་ཡིན་ལ། འཐབ་པའི་འོག་ཏུ་མ་ཡིན་པ་དང་། དུམ་པ་མ་བཅད་པ་དང་། རྡེའུ་གསུམ་མ་གཏོར་བ་དང་། ཆོ་ག་མ་བཏང་བ་དང་། ཆུང་མ་མ་
เล่ม ๑๖๒ · หน้า 177a
ཡིན་པར་མ་བསྒྲགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ་འཐབ་པའི་མོད་ལ་དང་། འཐབ་པའི་འོག་ཏུ་ཡིན་ལ་དུམ་པ་མ་བཅད་པ་དང་། དྲིལ་མ་བསྒྲགས་པའི་
བར་དག་གི་སྡུམས་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གཉིས་སུ་འགྱུར་རོ་དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་འཐབ་པའི་མོད་ལ་དང་། འཐབ་པའི་འོག་ཏུ་དང་། དུམ་པ་བཅད་པ་ཡིན་ལ། རྡེའུ་གསུམ་མ་གཏོར་བ་དང་། དྲིལ་མ་བསྒྲགས་པའི་བར་དག་གི་སྡུམས་བྱེད་ཅིང་། མཐུན་པར་གྱུར་ན་
ཉེས་བྱས་གསུམ་དུ་འགྱུར་རོ། །དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་འཐབ་པའི་མོད་ལ་དང་། འཐབ་པའི་འོག་ཏུ་དང་། དུམ་པ་བཅད་པ་དང་། རྡེའུ་གསུམ་གཏོར་བ་ཡིན་ལ། ཆོ་ག་མ་བཏང་བ་དང་། དྲིལ་མ་བསྒྲགས་པའི་བར་དག་གི་སྡུམས་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་
སྦོམ་པོ་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་འཐབ་པའི་མོད་ལ་དང་། འཐབ་པའི་འོག་ཏུ་དང་། དུམ་པ་བཅད་པ་དང་། རྡེའུ་གསུམ་གཏོར་བ་དང་། ཆོ་ག་བཏང་བ་ཡིན་ལ། ཆུང་མ་མ་ཡིན་པར་མ་བསྒྲགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱེད་ཅིང་
མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། སྦོམ་པོ་གཉིས་སུ་འགྱུར་རོ། །དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་འཐབ་པའི་མོད་ལ་དང་། འཐབ་པའི་འོག་ཏུ་དང་། དུམ་པ་བཅད་པ་དང་། རྡེའུ་གསུམ་གཏོར་བ་དང་། ཆོ་ག་བཏང་བ་དང་། ཆུང་མ་མ་ཡིན་པར་བསྒྲགས་པ་ཡིན་ལ། དྲིལ་
མ་བསྒྲགས་པ་དག་གི་སྡུམས་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། །སྦོམ་པོ་གསུམ་དང་། དགེ་འདུན་ལྷག་མ་གཅིག་ཏུ་འགྱུར་རོ། །དགེ་སློང་གིས་ཆུང་མ་སྔ་མ་གསུམ་པོ་དྲིལ་བསྒྲགས་པའི་བར་དག་གི་སྡུམས་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་སྦོམ་པོ་བཞི་
དང་དགེ་འདུན་ལྷག་མ་གཉིས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། དེ་ལྟར་ན་འདིར་ཆུང་མ་དང་བོ་གསུམ་པོ་དག་གི་ཡུལ་ལ་ཚིགས་བདུན་ཡོད་པ་ལས། ཚིགས་གསུམ་ནི་ཉེས་བྱས་བྱེད་པ་ཡིན། ཚིགས་གཉིས་ནི་སྦོམ་པོ་བྱེད་པ་ཡིན། ཚིགས་དྲུག་པ་དང་བདུན་པ་ཞེས་བྱ་བ་
เล่ม ๑๖๒ · หน้า 177b
གཉིས་ནི་དགེ་འདུན་ལྷག་མ་བྱེད་པ་ཡིན་ནོ། །ཅིའི་ཕྱིར་འདིའམ་འདི་མི་སྤྲད་པ། གྱོས་པོའི་གན་དུ་མི་འགྲོ་མི་བཀྲི་ཞེས་ཟེར་བ་དག་ཀྱང་ངོ་ཞེས་བྱ་བ་ལ་ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེས་བྱ་བའི་སྒྲ་
ནི་ཐམས་ཅད་དང་སྦྱར་བར་བྱ་བ་ཡིན་ནོ། །འདིའམ་ཞེས་བྱ་བའི་གནས་སུ་སྐྱེས་པའི་ཡུལ་ལ་སྦྱར་བ་ཡིན་ནོ། །འདི་ཞེས་བྱ་བའི་གནས་སུ་ནི་བུད་མེད་ཀྱི་ཡུལ་ལ་སྦྱར་བ་ཡིན་པར་བལྟ་བར་བྱའོ། །མི་སྤྲད་ཅེས་བྱ་བའི་སྒྲ་ནི་གཉི་ག་དང་སྦྱར་བར་བྱ་བ་ཡིན་ཏེ། ཁྱིམ་མི་དབུབ། གནས་མི་
བཙལ་ཞེས་བྱ་བའི་ཐ་ཚིག་གོ། །གྱོས་པོའི་གན་དུ་ཞེས་བྱ་བའི་སྒྲ་ཡང་གཉི་ག་དང་སྦྱར་ཏེ། སྐྱེས་པའི་ཕ་དང་བུད་མེད་ཀྱི་ཕའི་གན་དུའོ། །མི་འགྲོ་ཞེས་བྱ་བ་ནི་སྐྱེས་པ་ཉིད་དོ། །མི་བཀྲི་ཞེས་བྱ་བ་ནི། བུད་མེད་དོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། ཅིའི་ཕྱིར་ཁྱེའུ་འདི་མི་སྤྲད་
ཁྱིམ་མི་དབུབ། ཅིའི་ཕྱིར་བུ་མོ་འདི་མི་སྤྲད་གནས་མི་བཙལ། ཅིའི་ཕྱིར་ཁྱེའུ་འདི་གྱོས་པོའི་གན་དུ་མི་འགྲོ་བག་མ་མི་ལེན། ཅིའི་ཕྱིར་བུ་མོ་འདི་གྱོས་པོའི་གན་དུ་མི་བཀྲི་བག་མར་མི་བཏང་ཞེས་རྣམ་པ་དེ་ལྟ་བུ་དག་སྨྲ་བ་ནི་ཉེས་བྱས་ཀྱི་དབང་དུ་བྱས་པ་ཡིན་ནོ། །སྨྱན་བྱེད་པའི་དགེ་འདུན་
ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བའོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་ནས་འབྱུང་བ་བརྗོད་པར་བྱ་སྟེ། དེའི་ཕྱིར། མངལ་ན་གནས་པ་དང་། མེད་པ་དང་། ངེས་པ་དང་། མི་བསྟེན་པ་དང་། ཉོས་པ་དང་། མཐུན་པ་
དང་། བདག་གི་སྨྱན་བྱེད་པ་ནི་སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། མངག་པ་འགྲོ་བའི་ལས་སྤྲིང་བ་ནོད་པ་དང་། ཕྲིན་ཕར་སྐྱེལ་ཚུར་སྐྱེལ་བ་ནི་སྨྱན་བྱེད་པ་སྟེ། མངལ་ན་གནས་པ་ལ་སོགས་པ་དང་། སྨྱན་བྱེད་པ་ཞེས་བྱ་བའི་སྒྲ་འདི་སོ་སོར་སྦྱར་བར་བྱ་སྟེ། མངལ་ན་གནས་པ་དག་
གི་སྨྱན་བྱེད་པ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །མངལ་ན་གནས་པ་དང་། མེད་པ་དང་། ངེས་པ་དང་། མི་བསྟེན་པ་དང་། ཉོས་པ་དང་། མཐུན་པ་དང་། བདག་ནི་དེ་དག་ཉིད་ཡིན་ཏེ། དེ་དག་གི་སྨྱན་བྱེད་ན་སྦོམ་པོར་འགྱུར་རོ། །དེ་ལ་མངལ་ན་གནས་པ་ཞེས་བྱ་བ་ནི། ལྟོར་ཞུགས་པའི་
เล่ม ๑๖๒ · หน้า 178a
སེམས་ཅན་དེ། དེ་དག་གི་སྨྱན་བྱེད་ན་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་མངལ་ན་གནས་པ་དག་གི་སྨྱན་བྱེད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །མེད་པ་ཞེས་བྱ་བ་ནི། འབྱུང་བར་འགྱུར་བ་ཉིད་དུ་འདོད་ལ། ད་དུང་མངལ་དུ་
ནི་མ་ཞུགས་པ་སྟེ། འདི་ལྟར་དེའི་ཚེ་ན་སྤྲད་པར་བྱ་བ་མེད་མོད་ཀྱི། འོན་ཀྱང་ཕྱིས་འབྱུང་བར་འགྱུར་བའི་བདག་པོ་དག་ལ་སྨྱན་བྱེད་པ་ལས་ཁ་ན་མ་ཐོ་བར་རྣམ་པར་གཞག་གོ། །འདིར་གཞུང་ནི་ཁྱིམ་བདག་བུ་མེད་པ་རྣམས་ཀྱི་སྨྱན་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་
གསུངས་པ་ཡིན་ནོ། །ངེས་པ་ཞེས་བྱ་བ་ནི། བརྟུལ་ཞུགས་ལ་གནས་པ་སྦྱོར་བ་སྤངས་པ་སྟེ། དེ་དག་གི་སྨྱན་བྱེད་ན་སྦོམ་པོའོ། །འདིར་གཞུང་ནི་དགེ་སློང་མ་ལ་སྨྱན་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ཏེ། བརྟུལ་ཞུགས་ལ་གནས་པ་གཞན་
ཐམས་ཅད་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །མི་བསྟེན་པ་ཞེས་བྱ་བ་ནི་དབང་པོ་མེད་པ་སྟེ། དེ་དག་གི་སྨྱན་བྱེད་པ་ཡང་སྦོམ་པོའོ། །འདིར་གཞུང་ནི་ཟ་མ་དང་མ་ནིང་ཕོ་དང་མ་ནིང་མོ་དག་གི་སྨྱན་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །ཉོས་པ་
ཞེས་བྱ་བ་ནི་རིན་གྱིས་ཐོབ་པ་སྟེ། དེ་དག་གི་སྨྱན་བྱེད་པ་ཡང་སྦོམ་པོའོ། །འདིར་གཞུང་ནི་བུད་མེད་ཉོས་པ་ལ་སྨྱན་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ཏེ། མཐུན་པ་ཞེས་བྱ་བ་ནི་གཅུགས་པར་གྱུར་པ་སྟེ། དེ་དག་གི་སྨྱན་བྱེད་ན་ཡང་སྦོམ་པོའོ། །འདིར་
གཞུང་ནི་དགེ་སློང་གིས་ལན་གྲངས་མང་པོ་ལས་ལྷག་པར་སྤྲིང་བ་མནོས་ཏེ། ཕྲིན་ཕར་སྐྱེལ་ཚུར་སྐྱེལ་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །བདག་གི་སྨྱན་བྱེད་པ་ཞེས་བྱ་བ་ནི། བདག་ཉིད་ཀྱི་ཕྱིར་བདག་ཉིད་སྨྱན་བྱེད་པ་སྟེ། དེ་ཡང་སྦོམ་པོའོ། །
འདིར་གཞུང་ནི་བདག་ཉིད་ཀྱི་སྨྱན་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ཏེ། འདི་ལ་ནི་ཕར་བསྐྱལ་བ་འབའ་ཞིག་ཡོད་ཀྱི་མནོད་པ་དང་ཚུར་བསྐྱལ་བ་ནི་མེད་དོ། །སྐད་སྦྱར་བ་ཉིད་སྟོན་ནའོ་ཞེས་བྱ་བ་ལ། སྐད་སྦྱར་བ་ཉིད་ཅེས་བྱ་བ་ནི་ཁས་བླངས་པ་
เล่ม ๑๖๒ · หน้า 178b
མཐུན་པར་གྱུར་པ་སྟེ། དེ་དང་སྤྲད་པར་བྱ་བའི་ཕྱིར་ལྟུང་བ་འབྱིན་པ་པོས་དེ་ག་གེ་མོ་ཞིག་ན་འདུག་གོ་ཞེས་སྟོན་པར་བྱེད་མཚོན་པར་བྱེད་ན་དེ་ལ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་ནས་དེ་དགེ་སློང་ལ་འདི་སྐད་ཅེས་འཕགས་པ་བུད་མེད་ཅིག་མཐོང་
ངམ་ཞེས་མཆི་བ་ལ། དེས་འདི་སྐད་ཅེས་རྩིག་པ་འདིའི་དྲུང་ན་འདུག་གོ་ཞེས་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འཐབ་ཀྲོལ་གྱིས་འཕྲོག་ཏུ་འཇུད་ནའོ་ཞེས་བྱ་བ་ནི། ཁྱོད་ཀྱིས་དེར་འཐབ་ཀྲོལ་གྱིས་ཁྲག་ཁྲུག་ཉིད་གྱིས་ཤིག་དང་། ཁོ་བོས་དེ་
དབྲོག་པར་བྱའོ་ཞེས་དེ་སྐད་ཟེར་བའི་སྤྲིང་བ་དགེ་སློང་གིས་མནོས་ཏེ་འཐབ་ཀྲོལ་གྱིས་འཕྲོག་ཏུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་བའོ། །འདིར་གཞུང་ནི་འཐབ་ཀྲོལ་གྱིས་འཕྲོག་ཏུ་སྩལ་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོའོ་ཞེས་གསུངས་པ་ཡིན་ནོ། །ཆུང་མའམ་བུད་མེད་ཆེ་གེ་མོ་ཞིག་ཉོས་
ཤིག་ཅེས་ཟེར་ནའོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་ཆུང་མ་འདི་ཉོས་ཤིག་ཅེས་མཆི་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་དང་། གཞུང་ཁ་ཅིག་ལས་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་མཆི་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །བུད་
མེད་ཅེས་ཟེར་ན་ཉེས་བྱས་སོ་ཞེས་བྱ་བ་ནི། ཉོས་ཤིག་ཅེས་བྱ་བར་སྦྱར་ཏེ། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་འདི་སྐད་ཅེས་བུད་མེད་ཉོས་ཤིག་ཅེས་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་ནི་སྤྱིར་བུད་མེད་ཅེས་བྱ་བ་ཙམ་སྨྲས་པ་ལ་ཉེས་བྱས་སོ། །མདོ་
སྔ་མ་འདི་ཞེས་བྱེ་བྲག་ཏུ་བྱ་བ་ལ་བརྟེན་ནས་སྨྲས་པས་དེར་ནི་སྦོམ་པོར་རྣམ་པར་གཞག་གོ། །རྙེད་མོད་ཅེས་བྱ་བ་ཡང་ངོ་ཞེས་བྱ་བའི་སྒྲ་ནི་སྨྲས་ན་ཉེས་བྱས་སོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་རོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་པ་ན་དགེ་སློང་ད་རེ་
མཆིས་ནས་འདི་སྐད་ཅེས་རྙེད་མོད་ཅེས་མཆི་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་གཙུག་ལག་ལས་ཉེས་པ་སྦོམ་པོར་རོ་ཞེས་ཚིག་ཁ་ཅིག་ལས་འབྱུང་མོད་ཀྱི། དེ་ནི་ལུང་གི་ཡི་གེར་ནོར་བ་འདྲ་སྟེ། ཉེས་བྱས་སུ་རིགས་པར་སྣང་ནས། སློབ་དཔོན་
เล่ม ๑๖๒ · หน้า 179a
གྱིས་ཉེས་བྱས་སོ་ཞེས་མདོར་བྱས་སོ། །སྨྱན་བྱེད་པ་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ།། །།འདུལ་བྱེད་ལས་གསུངས་པ་བསྡུ་བའི་ཕྱིར། བྱིན་པ་ལས་དོར་བྱས་པ་སྤྲད་པས་ནི་སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། སྔར་བྱིན་ཟིན་པ་ཉིད་ལ་
ཕྱིས་དོར་བྱེད་དེ། བུ་མོ་འདི་ངས་མ་བྱིན་ནོ་ཞེས་འདའ་བར་བྱེད་པ་དེ་སྤྲད་ཅིང་ཡང་སྦྱིན་དུ་བཅུག་ནས་ཕྲད་ན་སྦོམ་པོའོ། །འདིར་གཞུང་ནི་འཕགས་པ་ཁྱོད་བུ་མོ་ཆེ་གེ་མོ་ལ་འདི་སྐད་ཅེས་ཁྱོད་ཕ་མ་དག་གིས་མ་བཙས་པ་ཉིད་ནས་ཁོ་བོ་ལ་བྱིན་ན། ཁོ་བོ་ལས་ཀྱི་ཚོགས་པས་ལོངས་སྤྱོད་དག་ལས་ཡོངས་སུ་
ཉམས་པ་གང་ཡིན་པ་དེ་ཁོ་བོ་ལ་ཡང་ལོངས་སྤྱོད་འབྱུང་བར་འགྱུར་ན་ཁོ་བོ་མ་བཏང་ཞིག་ཅེས་སྨྲ་ནུས་སམ། དེས་ནུས་སོ་ཞེས་སྨྲས་ནས་དེས་སོང་སྟེ། སྨྲས་པ་དང་། དེ་ཕ་མའི་ཐད་ནས་བྲོས་ཏེ་དེའི་དྲུང་དུ་སོང་ནས་དེ་གཉིས་ཕྲད་པར་གྱུར་པ་ན་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དགེ་འདུན་ལྷག་མའི་ལྟུང་བར་མི་འགྱུར་ཏེ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་ཕུང་པོ་སྔོན་དུ་བཏང་སྟེ་བོས་པས་སོ་ཞེས་བྱ་བ་ནི། དགེ་འདུན་མཆོད་སྟོན་གསོལ་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བསོད་ནམས་ཀྱི་རྒྱུ་མཚན་གྱི་ཕྱིར། བུད་མེད་
ཀྱིས་སྐྱེས་པ་ལ་མངག་པའི་ཚིག་གིས་གཞན་བོས་ནས་དེས་དེ་ཕྲད་ན་སྦོམ་པོའོ། །འདིར་གཞུང་ནི་འཕགས་པ་ཁྱིམ་བདག་ཆེ་གེ་མོ་ལ་འདི་སྐད་ཅེས་ཚུར་ཤོག་ཤིག་ཅེས་སྨྲ་ནུས་སམ། དེས་སྨྲས་པ། གལ་ཏེ་ཁྱོད་དགེ་འདུན་ལ་མཆོད་སྟོན་བྱེད་པ་ལྟ་ན་ནུས་ཏེ་དེར་དེ་བོད་དོ། །དེས་དེ་ལ་རྒྱུ་བྱིན་པ་
དང་། དགེ་སློང་དེས་མཆོད་སྟོན་བཤམས་ནས་ཁྱིམ་བདག་དེ་ལ་འབོད་པ་བཏང་བ་དང་། དེ་གཉིས་ཕྲད་པར་གྱུར་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དོན་གཞན་དང་ལྡན་པས་ཀྱང་ངོ་ཞེས་བྱ་བ་
ལ་ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་བོས་ན་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཏེ། ཆོས་ཀྱི་ཕུང་པོ་ལས་གཞན་པའི་དོན་ནི་དོན་གཞན་ནོ། །དོན་དང་ལྡན་པ་ནི་དོན་གཞན་དང་ལྡན་པ་སྟེ། འདི་ནི་ཁྱོད་ཀྱི་ཁྱིམ་མོ། །འདི་ནི་ཁྱོད་ཀྱི་མི་སྟེ། དོན་ཐམས་ཅད་ལ་བསྐྱང་བར་བྱ་དགོས་སོ་ཞེས་བྱ་བ་ལ་སོགས་
เล่ม ๑๖๒ · หน้า 179b
པ་རྒྱུར་བྱས་ནས་བོས་ཏེ་ཕྲད་ན་སྦོམ་པོའོ། །འདིར་གཞུང་ནི་འཕགས་པ་སྣ་ཆེན་པོ་ལ་གཏོགས་པ་ཆེ་གེ་མོ་ལ་འདི་སྐད་ཅེས་འདི་ནི་ཁྱོད་ཀྱི་ཁྱིམ་མོ། །འདི་ནི་ཁྱོད་ཀྱི་མི་སྟེ། དོན་ཐམས་ཅད་ལ་བསྐྱང་བར་བྱ་དགོས་ཀྱིས་ཚུར་ཤོག་ཤིག་ཅེས་སྨྲ་ནུས་སམ། དེས་ནུས་སོ་ཞེས་སྨྲས་ནས་སོང་སྟེ་སྨྲས་
པ་དང་། དེ་གཉིས་ཕྲད་པར་གྱུར་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་ཞེས་བྱ་བས་སྐྱོན་ཆགས་པ་མེད་པར་སེམས་ཅན་ལ་བསྣུན་པ་ཡང་མ་འཕངས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གཞུང་ལས་ཀ་
བ་ལ་བསྣུན་པས་བསྣུན་པར་མི་བྱའོ། །གཞན་ལ་ཡང་མི་བྱའོ་ཞེས་གསུངས་པའི་སྐབས་དེར་གཞན་ལ་ཞེས་བྱ་བའི་ཚིག་བྱས་པ་གང་ཡིན་པའི་གཞན་ཞེས་བྱ་བའི་ཚིག་དེས་སྐྱོན་ཆགས་པ་མེད་པར་ཞེས་བྱ་བ་ཞེ་སྡང་བར་གྱུར་པ་མེད་པར་སེམས་ཅན་མི་ལ་སོགས་པ་ལ་ཁུ་ཚུར་ལ་སོགས་པས་བསྣུན་པ་ཡང་
མ་འཕངས་པ་ཉིད་མ་ཡིན་ཏེ། འཕངས་པ་ཁོ་ནའོ། །འདི་སྐད་བསྟན་ཏེ། ཇི་ལྟར་ཤིང་ལ་སོགས་པ་ལ་བསྣུན་པ་ས་བསྣུན་པ་ལས་ཉེས་བྱས་སུ་འགྱུར་བ་བཞིན་དུ་སྐྱོན་ཆགས་པ་མེད་པའི་སེམས་ཀྱིས་སེམས་ཅན་ལ་བསྣུན་པས་སྣུན་པར་བྱེད་པ་ལས་ཀྱང་ཉེས་བྱས་སུ་འགྱུར་ཏེ། དེ་ཡང་གཞན་ལ་ཡང་
མི་བྱའོ་ཞེས་བྱ་བའི་ཚིག་དེས་འཕངས་པ་ཉིད་དུ་ཤེས་པར་བྱའོ། །འདིར་གཞུང་ནི་ཁྱིམ་བདག་གིས་བུད་མེད་ལ་སྨྲས་པ། ཁོ་བོ་ལ་སྐབས་ཕྱེ་ཤིག །དེས་སྨྲས་པ། ཁོ་མོ་མི་ཁོམ་མོ། །སྨྲས་པ་ཁྱོད་དུས་གང་གི་ཚེ་ཁོམ་པར་འགྱུར་བ་ཁོ་བོས་ཇི་ལྟར་ཤེས་པར་བྱ། སྨྲས་པ་ཁོ་མོའི་ཁྱིམ་ན་དགེ་
སློང་ཁྱིམ་དུ་ཉེ་བར་འགྲོ་བ་ཡོད་དེ། དེས་ཁྱོད་ཀྱི་རྒྱབ་ཏུ་ཁུ་ཚུར་སྣུན་པར་བྱེད་པ་ནའོ། །དེ་ནས་དགེ་སློང་ཁྱིམ་དེར་ཞུགས་པ་ན་དེ་ལ་བུད་མེད་དེས་སྨྲས་པ། འཕགས་པ་ཁྱིམ་བདག་ཆེ་གེ་མོའི་རྒྱབ་ཏུ་ཁུ་ཚུར་བསྣུན་ནུས་སམ། དེས་ནུས་སོ་ཞེས་སྨྲས་ཏེ། དེ་སོང་ནས་ཁྱིམ་བདག་དེའི་རྒྱབ་ཏུ་ཁུ་ཚུར་བསྣུན་
པ་དང་། དེས་སྨྲས་པ་བཙུན་པ་ལེགས་སོ་ལེགས་སོ་དོན་གྲུབ་པོ། །དེས་སྨྲས་པ། འདི་ཅི་ཞིག་ཡིན། སྨྲས་པ། བརྡའོ། །དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལྷག་མའི་ལྟུང་བར་མི་འགྱུར་ཏེ། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་
เล่ม ๑๖๒ · หน้า 180a
ཡིན་ནོ། །སྨྱན་བྱེད་པ་འདུལ་བྱེད་དག་གོ་ཞེས་བྱ་བ་དེ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་རྫོགས་སོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཁང་པའི་དགེ་འདུན་ལྷག་མ་བརྗོད་པར་འདོད་ནས། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་
ནི་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། སྤྱོད་ལམ་བཞི་པོ་འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། འཆག་པ་ཞེས་བྱ་བའི་སྣོད་མ་ཡིན་པ་ཞེས་བྱ་བ་བཞིར་མི་རུང་བའི་གནས་ཏེ། གནས་དེ་ལྟ་བུ་བྱེད་དུ་བཅུག་པ་ལ་ནི་ཉེས་པ་མེད་དེ་ཉེས་པའི་གཞི་མེད་དོ། །ཉེས་པ་ཡོད་པ་མ་ཡིན་པ་ནི་ཉེས་
པ་མེད་པ་སྟེ། འདི་སྐད་བསྟན་ཏེ། གནས་གང་དུ་སྤྱོད་ལམ་རྣམ་བཞི་བྱར་མི་ནུས་པ་བྱེད་དུ་བཅུག་པ་ལ་ནི་ལྟུང་བ་ཅིར་ཡང་མི་འགྱུར་ཏེ། གནས་གང་དུ་ལུས་མ་བཏུད་པར་འགྲེང་བར་མི་ནུས་པའི་གནས་དེ་ནི་འགྲེང་བའི་སྣོད་མ་ཡིན་ནོ། །དེ་བཞིན་དུ་གང་དུ་རྒྱར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་མི་
ནུས་པ་དེ་ནི་འདུག་པའི་སྣོད་མ་ཡིན་ནོ། །གང་དུ་ཉལ་བས་མིའི་རྐང་པ་བརྐྱང་བ་ལ་སོགས་པ་བྱར་མི་ནུས་པ་དེ་ནི་ཉལ་བའི་སྣོད་མ་ཡིན་ནོ། །གནས་གང་དུ་གོམ་པ་ཐ་མལ་པ་གསུམ་དོར་བའི་སྐབས་མེད་པ་དེ་ནི་འཆག་པའི་སྣོད་མ་ཡིན་པ་ཉིད་དེ། ཕར་འགྲོ་བ་དང་ཚུར་འགྲོ་བ་ནི་འཆག་པ་
ཞེས་བྱའོ། །འདིར་ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་གཉིས་ཀྱི་ཡན་ལག་ནི་འདི་དག་ཡིན་ཏེ། གལ་ཏེ་ས་གཞིའི་བདག་ཉིད་ཀྱི་དང་། ཤིང་དང་རིན་ལ་སོགས་པ་ཡོ་བྱད་གཞན་དག་ལས་བཙལ་བ་དང་། ཡན་ལག་བཞི་པོ་རུང་བ་ཉིད་དང་། རྩོད་པ་མེད་པ་ཉིད་དང་། བརྩམ་
དུ་མི་རུང་བ་ཉིད་དང་། བསྟན་པ་ཉིད་སྒྲུབ་པར་མི་བྱེད་པ་དང་། ཚད་ལས་ལྷག་པར་བྱེད་ན་མཐར་ནི་དགེ་འདུན་ལྷག་མར་འགྱུར་རོ། །སྔར་ནི་སྦོམ་པོར་འགྱུར་རོ། །ཡན་ལག་དེ་དག་མ་ཚད་བ་ཉིད་ལ་ནི་མཐར་ནི་སྦོམ་པོར་འགྱུར་ལ། སྔར་ནི་ཉེས་བྱས་སུ་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། ས་གཞི་
ལ་སོགས་པ་ཐམས་ཅད་གཞན་ནས་བཙལ་བ་ཡིན་ལ། ཚད་ལས་ཀྱང་ལྷག་པར་བྱེད་ཅིང་རུང་བ་ཉིད་ལ་སོགས་པའི་ཡན་ལག་ལས་ཁ་ཅིག་ནི་སྒྲུབ་པར་བྱེད། ཁ་ཅིག་ནི་སྒྲུབ་པར་མི་བྱེད་ན། མཐར་ནི་སྦོམ་པོར་འགྱུར་ལ་སྔར་ནི་ཉེས་བྱས་སོ། །དེ་བཞིན་དུ་ས་གཞི་ལ་སོགས་པ་བཙལ་བ་
เล่ม ๑๖๒ · หน้า 180b
ཡིན་ལ། ཚད་ལས་ལྷག་པར་མི་བྱེད་ན་རུང་བ་ཉིད་ལ་སོགས་པའི་ཡན་ལག་བཞི་པོ་དག་སྒྲུབ་པར་བྱེད་ཀྱང་རུང་སྒྲུབ་པར་མི་བྱེད་ཀྱང་རུང་སྟེ། མཐར་ནི་སྦོམ་པོར་འགྱུར་ལ་སྔར་ནི་ཉེས་བྱས་སོ། །ཚད་ལས་ལྷག་པར་བྱེད་ཅིང་ཡན་ལག་བཞི་པོ་ཐམས་ཅད་སྒྲུབ་པར་མི་བྱེད་ཀྱང་ས་གཞི་
ལ་སོགས་པ་ཚོལ་བར་མི་བྱེད་ན་ཡང་མཐར་ནི་སྦོམ་པོར་འགྱུར་བ་ལ་སྔར་ནི་ཉེས་བྱས་སོ། །ས་གཞི་ལ་སོགས་པ་ཚོལ་བར་མི་བྱེད་ཅིང་། ཚད་ལས་ལྷག་པར་ཡང་མི་བྱེད་ལ། ཡན་ལག་བཞི་པོ་ཐམས་ཅད་ནི་སྒྲུབ་པར་མི་བྱེད་པ་འདི་ལ་ནི་འགྲེལ་པ་བྱེད་པ་ནི་མཐར་ཡང་ཉེས་བྱས་སུ་འགྱུར་
ལ་སྔར་ཡང་ཉེས་བྱས་སོ་ཞེས་ཟེར་རོ། །གཞན་དག་ནི་མཐར་སྦོམ་པོ་ཁོ་ནར་སྨྲའོ། །དེ་བཞིན་དུ་ས་གཞི་ལ་སོགས་པ་ཚོལ་བར་མི་བྱེད་ལ། ཚད་ལས་ལྷག་པར་ཡང་མི་བྱེད་ཅིང་། རུང་བ་ཉིད་ལ་སོགས་པའི་ཡན་ལག་ཅུང་ཞིག་སྒྲུབ་པར་མི་བྱེད་པ་ལ་ཡང་འགྲེལ་པ་བྱེད་པའི་བློས་ནི་མཐར་ཡང་ཉེས་
བྱས་སུ་འགྱུར་ལ། སྔར་ཡང་ཉེས་བྱས་སུ་འདོད་དོ། །གཞན་དག་ནི་འདིར་ཡང་མཐར་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་དགེ་སློང་གིས་ཁང་པ་བྱེད་དུ་འཇུད་ཅིང་མི་རུང་བར་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྩོད་པ་དང་བཅས་པ་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ། །བརྩམ་
དུ་མི་རུང་བ་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ། །མ་བསྟན་པར་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཚད་ལས་འདས་པར་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཐམས་ཅད་ལས་འདས་པར་བྱེད་དུ་འཇུད་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྣམ་
པར་འབྱེད་པའི་གཞུང་འདིར་ཐམས་ཅད་དུ་བརྩལ་བ་ཉིད་ཅེས་བྱ་བའི་ཡན་ལག་ལྷག་པར་ཡོད་དེ། དེས་ན་སྦོམ་པོར་གསུངས་སོ། །གང་ལ་བཙལ་བ་ཉིད་ཅེས་བྱ་བའི་ཡན་ལག་མེད་ལ། ཚད་ལས་ལྷག་པ་ཉིད་ཀྱང་མ་ཡིན་ལ། མི་རུང་བ་ཉིད་ལ་སོགས་པའི་ཡན་ལག་ཉི་ཚེ་ཡོད་པ་དེ་ལ་ནི་ཉེས་
བྱས་སོ།། །།བམ་པོ་བཅོ་ལྔ་པ། བསྐོས་པ་ཉིད་དང་མ་བསྐོས་པ་ཉིད་དག་ནི་གཙོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། བསྐོས་པ་ཉིད་ཅེས་བྱ་བ་ནི་གཞན་གྱིས་བྱེད་དུ་འཇུད་པ་ཉིད་དོ། །མ་བསྐོས་པ་ཉིད་ཅེས་བྱ་བ་ནི་རང་གིས་བྱེད་པ་ཉིད་དོ། །དེ་གཉིས་ནི་གཙོ་བོ་ཉིད་མ་ཡིན་ཏེ། ལྟུང་བ་
เล่ม ๑๖๒ · หน้า 181a
ལས་གཙོ་ཆེར་གཞག་པ་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། དགེ་སློང་བསྐོས་པའི་དབང་གིས་ཁང་པའམ་གཙུག་ལག་ཁང་བྱེད་དུ་འཇུད་པ་ལ་ཡང་རང་དགར་བྱེད་དུ་འཇུད་པའི་ལྟུང་བའི་རྣམ་པ་གང་ཡིན་པའི་རྣམ་པ་ཉིད་དུ་འགྱུར་རོ། །བསྐོས་པ་ན་རང་ཉིད་དང་འདྲའོ་ཞེས་བྱ་
བ་ནི་བསྐོས་པས་བྱས་པ་ནི་སྐོ་བར་བྱེད་པ་རང་ཉིད་ཀྱིས་བྱས་པ་དང་འདྲའོ། །འདི་སྐད་བསྟན་ཏེ། ཇི་ལྟར་བདག་ཉིད་ཀྱིས་ཁང་པ་དང་གཙུག་ལག་ཁང་དག་ལོག་པ་ཉིད་དུ་སྒྲུབ་པར་བྱེད་པ་ལ་ཁ་ན་མ་ཐོ་བར་འགྱུར་བ་དེ་བཞིན་དུ་བསྐོས་པས་ལོག་པ་ཉིད་དུ་སྒྲུབ་པར་བྱེད་ན་ཡང་སྐོ་བར་བྱེད་པ་ཉིད་ལ་ཁ་ན་
མ་ཐོ་བར་འགྱུར་རོ། །མདོ་སྔ་མས་ནི་བསྐོས་པའི་ལྟུང་བ་རྣམ་པར་གཞག་པ་བྱས་སོ། །འདིས་ནི་སྐོ་བར་བྱེད་པའི་ལྟུང་བ་རྣམ་པར་གཞག་པ་བྱས་སོ། །དེའི་ཕྱིར་བསྐོས་པས་གང་བྱེད་པ་དེ་ནི་སྐོ་བར་བྱེད་པ་ཉིད་ཀྱིས་བྱས་པར་འགྱུར་རོ། །བསྐོས་པས་ནི་རང་ཉིད་དང་འདྲའོ་ཞེས་སྨྲས་ན། གལ་ཏེ་སྐོ་བར་བྱེད་པས་ཇི་སྐད་བསྒོ་བ་བཞིན་དུ་བསྐོས་
པས་དེ་བཞིན་དུ་མི་བྱེད་ན་ཅི་བསྐོས་པ་དེ་སྒོ་བར་བྱེད་པ་རང་ཉིད་དང་འདྲའམ་སྙམ་དུ་དོགས་པའི་ཕྱིར། ཇི་སྐད་བསྒོ་བ་བཞིན་དུ་མི་བྱེད་པ་ལ་ལུས་དང་ངག་གིས་ནོད་ནའོ་ཞེས་བྱ་བ་སྨྲས་ཏེ། སྒོ་བར་བྱེད་པའི་ཚིག་ལས་འདས་ཏེ། གཞན་དུ་བྱེད་པ་ནི་ཇི་སྐད་བསྒོ་བ་བཞིན་མི་བྱེད་པའོ། །ཇི་སྐད་བསྒོ་བ་བཞིན་མི་
བྱེད་པ་བསྐོས་པ་རང་གིས་བྱས་པའམ། གཞན་གྱིས་བྱེད་དུ་བཅུག་པ་དེ་ལ། གལ་ཏེ་སྐོ་བར་བྱེད་པས་ལུས་ཀྱིས་སོ་ཕག་སྦྱིན་པ་ལ་སོགས་པ་དང་། ངག་གིས་ལེགས་པར་བྱས་སོ་ཞེས་བྱ་བ་ལ་སོགས་པས་ཇི་སྐད་བསྒོ་བ་བཞིན་མི་བྱེད་པ་དེ་ནོད་པ་དང་དུ་ལེན་པར་བྱེད་ཁས་ལེན་པར་བྱེད་ན་དེའི་ཚེ་བསྐོས་
པས་བྱེད་པ་དེ་སྒོ་བར་བྱེད་པ་རང་ཉིད་ཀྱིས་བྱེད་པ་དང་འདྲ་བར་རིག་པར་བྱའོ། །འདིར་གཞུང་ནི་གལ་ཏེ་དེ་ལ་འདི་སྐད་ཅེས་ལེགས་པར་བྱས་སོ། །ཤིན་ཏུ་བྱས་སོ། །ངས་ཁྱོད་ལ་འདི་ལྟར་བསྒོའོ་ཞེས་ཟེར་ཞིང་། དེ་དེ་ལ་ཤིང་ངམ་རྩྭའམ་ས་འཇིམ་དག་འབུལ་བར་བྱེད་དེ། གང་མི་རུང་བ་
བྱེད་དུ་འཇུད་ན་གཉི་ག་ལ་ཡང་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བྱས་པ་ནི་གཅིག་ཉིད་དོ་ཞེས་བྱ་བ་ལ། བྱས་པ་ནི་ཞེས་བྱ་བ་ནི། གནས་རྗེས་སུ་བསྒྲུབ་པའི་ཕྱིར་ལས་ཀྱི་བྱ་བ་བྱས་པའོ། །དེ་ནི་དུས་ཡུན་རིང་ཐུང་དུ་མས་བར་དུ་ཆོད་དུ་ཟིན་ཀྱང་ལྟུང་བ་རྣམ་
เล่ม ๑๖๒ · หน้า 181b
པར་གཞག་པ་ལ། གཅིག་པ་ཉིད་དོ། །འདི་སྐད་བསྟན་ཏེ། དུས་ཀྱིས་བར་དུ་ཆོད་པ་ལོ་ལ་སོགས་པའི་ཚད་དག་གིས་གནས་ཤིང་ཡང་རྩོམ་པར་བྱེད་དུ་ཟིན་ན་ཡང་དེ་ལྟ་མོད་ཀྱི་རྩོམ་པ་དེ་དག་ཐམས་ཅད་ནི་གཅིག་པ་ཉིད་དེ། ལྟུང་བ་གཅིག་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་ལྟོས་པས་
བཏང་བ་ནི་གཞན་ཡིན་ཏེ། མི་ལྟོས་པས་བར་དུ་ཡེ་བཏང་བ་ལས་ཕྱིས་ཡང་བསམ་པ་གཞན་གྱིས་རྩོམ་པ་ལ་ནི་ལྟུང་བ་ཐ་དད་དོ། །འཕྲོ་ཟིན་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་མ་ཟིན་པར་རང་བཞིན་གཞན་གྱིས་རྗེས་སུ་སྒྲུབ་པ་ལ་ནི་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །རྗེས་སུ་སྒྲུབ་པ་གཅིག་
ཁོ་ན་ཡིན་དུ་ཟིན་ཀྱང་། དཔེར་ན་འཐབ་པའི་མོད་ལ་དང་། འཐབ་པའི་འོག་ཏུ་སྡུམས་བྱེད་པ་ལ་སོགས་པའི་ཚིགས་དག་ལ་ལྟུང་བ་ཐ་དད་པར་བྱས་པ་བཞིན་དུ། ཅི་འདིར་ཡང་རུང་བ་ཉིད་མ་ཡིན་པ་ལ་སོགས་པའི་ཡན་ལག་དག་ལ་ལྟུང་བ་ཐ་དད་པར་བྱའམ་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཡན་ལག་
རྣམས་ནི་བྱེད་པ་པོ་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རུང་བ་ཉིད་མ་ཡིན་པ་ལ་སོགས་པ་ཡན་ལག་རྣམས་ནི་ལྟུང་བའི་ཕྱིར་བྱེད་པ་པོ་ཐ་དད་པ་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། རུང་བ་ཉིད་མ་ཡིན་པ་ལ་སོགས་པ་ཡན་ལག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལྟུང་བ་དག་འདིར་འབྱུང་བ་མ་ཡིན་ཏེ།
འོ་ན་ཇི་ལྟ་ཞེ་ན། ལྟུང་བ་གཅིག་ཁོ་ནར་ཟད་དེ། ཡན་ལག་རྣམས་ནི་ལྟུང་བའི་བྱེད་པ་པོ་ཐ་དད་པ་ཉིད་མ་ཡིན་པའི་ཕྱིར་རོ། །གང་ལ་ཁང་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། བཙལ་བ་ལའོ། །དེས་རྗེས་སུ་གནང་བ་ལའོ། །རྣམ་པ་དེ་ལྟ་བུས་སོ། །གཞི་མ་དག་པ་ལའོ། །མ་
བསྟན་པ་ལའོ། །གནས་བྱེད་དུ་བཅུག་ནའོ། །མཐར་རོ་ཞེས་བྱ་བ་དག་སྨྲས་ཏེ། བཙལ་བ་ལའོ་ཞེས་བྱ་བ་ནི་གཞི་སྟེ། གཞི་ཞེས་བྱ་བའི་སྒྲས་ནི་ས་གཞི་བརྗོད་དེ། གལ་ཏེ་གཞི་དེ་ཆོས་འདི་ལ་རབ་ཏུ་བྱུང་བ་ལས་ཀྱང་བཙལ་ནའོ། །སུས་བཙལ་ཞེ་ན། དེ་ནི་འདིར་སྐབས་ཡིན་པས་ལྟུང་བ་
འབྱིན་པ་པོས་ཞེས་བྱ་བར་ཤེས་པར་བྱའོ། །དེས་རྗེས་སུ་གནང་བ་ལའོ་ཞེས་བྱ་བ་ནི། དགེ་སློང་གང་གིས་ས་གཞི་བཙལ་བར་གྱུར་པ་དེས་གལ་ཏེ་རྗེས་སུ་གནང་བའི་གཞི་ལའོ། །རྣམ་པ་དེ་ལྟ་བུས་སོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་སྟེ། གནས་རྗེས་སུ་བསྒྲུབ་པར་བྱ་བའི་ཡོ་བྱད་ཤིང་དང་སོ་
เล่ม ๑๖๒ · หน้า 182a
ཕག་དང་མི་གླས་དང་། གླ་རྔན་ལ་སོགས་པས་སོ། །ཇི་ལྟར་ན་སྒྲུབ་པར་བྱེད་པ་དེ་རྣམ་པ་དེ་ལྟ་བུ་ཞེས་བྱ་བའི་སྒྲར་བརྗོད་ཅེ་ན་གང་གི་ཕྱིར་ཇི་ལྟར་ལྟུང་བ་འབྱིན་པ་པོའམ། ལྟུང་བ་འབྱིན་པ་པོས་རྗེས་སུ་གནང་བས། གཞིའི་རྣམ་པ་གང་ཞིག་བཙལ་བའི་རྣམ་པ་དེས་
གཞི་མ་དག་པ་དང་། མ་བསྟན་པར་གནས་བྱེད་དུ་བཅུག་པ་དེ་ལྟར་གལ་ཏེ་སྒྲུབ་པར་བྱེད་པ་ཤིང་དང་སོ་ཕག་དང་མི་གླས་དང་། གླ་རྔན་ལ་སོགས་པ་འདི་ཡང་ལྟུང་བ་འབྱིན་པ་པོའམ། ལྟུང་བ་འབྱིན་པ་པོས་རྗེས་སུ་གནང་བའི་སློང་བ་པོས་བཙལ་བ་ཡིན་པས་དེའི་ཕྱིར་ཇི་ལྟར་ས་གཞི་བཙལ་བ་
བཞིན་དུ་སྒྲུབ་པར་བྱེད་པ་འདི་ཡང་བཙལ་བ་ཡིན་པས་དེའི་ཕྱིར་བཙལ་བར་མཚུངས་པའི་ཕྱིར་སྒྲུབ་པར་བྱེད་པ་ལ་ཡང་རྣམ་པ་དེ་ལྟ་བུ་ཞེས་བྱ་བའི་སྒྲར་བརྗོད་དེ། སྒྲུབ་པར་བྱེད་པ་རྣམ་པ་དེ་ལྟ་བུས་གནས་བྱེད་དུ་བཅུག་ན་སྟེ། བཙལ་བས་ཞེས་བྱ་བའི་ཐ་ཚིག་གོ། །བཙལ་བ་ཉིད་འདི་ལ་
ལུང་འདི་དག་ཀྱང་སྣང་སྟེ། ཉེ་བ་འཁོར་གྱིས་ཞུས་པ་ལས། ལ་ལས་འདི་སྐད་ཅེས་ཅི་ཙམ་གྱིས་ན་རང་གིས་བཙལ་བའི་ཁང་པ་ཞེས་བགྱི། གང་ལས་གཉིས་ཡོངས་སུ་འགྲུབ་པར་འགྱུར་བ་སྟེ། ཡོ་བྱད་དང་ས་གཞིའོ་ཞེས་གསུངས་པ་དང་། དེ་ཉིད་ལས་གཞུང་འདི་སྐད་དུ་གང་ཟག་གི་གཞིར་
བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པའོ། །སོ་སོར་ཐར་པའི་མདོ་ལས་ཀྱང་རང་གིས་བཙལ་བ་ཞེས་གསུངས་སོ། །གཞི་མ་དག་པ་ལའོ་ཞེས་བྱ་བ་ནི་མི་རུང་བ་ཉིད་དང་། རྩོད་པ་དང་བཅས་པ་ཉིད་དང་། བརྩམ་དུ་མི་རུང་བ་ཉིད་ནི་མ་དག་པའོ་ཞེས་འོག་ནས་འབྱུང་ངོ་། །མ་
བསྟན་པ་ལའོ་ཞེས་བྱ་བ་ནི། དགེ་འདུན་ལས་བསྟན་པ་ཐོབ་པ་ཉིད་ནི་བསྟན་པ་ཉིད་དོ་ཞེས་བསྟན་པ་ཉིད་ཀྱང་འོག་ནས་འབྱུང་སྟེ། དེ་ལས་བཟློག་པ་ནི་མ་བསྟན་པ་ཉིད་དོ། །གནས་བྱེད་དུ་བཅུག་ནའོ་ཞེས་བྱ་བ་ནི། ཁང་པ་བྱེད་དུ་བཅུག་ནའོ། །མཐར་རོ་ཞེས་བྱ་བ་ནི། ཟིན་ན་སྟེ། གནས་ཀྱི་ངོ་བོ་
ནི་ཐོག་བཀབ་ཅིང་སྒོམ་གཏོགས་པ་ཀུན་ནས་བསྐོར་བ་ཉིད་དོ། །དེ་ཟིན་པའི་སྐད་ཅིག་མ་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ། །སྔར་ནི་སྦོམ་པོར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་གཞི་དེ་ལྟུང་བ་འབྱིན་པ་པོས་བཙལ་བའམ། དེ་ཉིད་ཀྱིས་བཙལ་བའི་ཕྱིར་རྗེས་སུ་གནང་བ་ཡིན་ལ། སྒྲུབ་
เล่ม ๑๖๒ · หน้า 182b
པར་བྱེད་པ་ཡང་བཙལ་བའམ་བཙལ་བ་དེ་ཉིད་དུ་རྗེས་སུ་གནང་བ་ཡིན་ཞིང་། གཞི་མ་དག་པ་རུང་བ་ཉིད་མ་ཡིན་པ་ལ་སོགས་པར་སྒྲུབ་པར་བྱེད་པ། ཤིང་དང་སོ་ཕག་དང་། མི་གླས་དང་། གླ་རྔན་བཙལ་བས་གནས་བྱེད་དུ་བཅུག་ན་ཟིན་པའི་སྐད་ཅིག་མ་ལ་དངོས་གཞིའི་ལྟུང་བར་
འགྱུར་རོ། །སྔར་ནི་སྦོམ་པོར་རོ། །གང་ལ་གཙུག་ལག་ཁང་གི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར། འོག་མ་ལ་ཡང་དེ་དག་ཉིད་དེ་མ་བཙལ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཁང་པའི་སྐབས་སུ་སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་གང་
དག་བསྟན་པ་དེ་དག་ཉིད་ཐམས་ཅད་གཙུག་ལག་ཁང་གི་བསླབ་པའི་གཞི་འོག་མ་ལ་ཡང་བལྟ་བར་བྱ་སྟེ་དེར་ནི་མ་བཙལ་བ་ཉིད་དེ་བཙལ་བ་ཉིད་མ་གཏོགས་སོ། །བཙལ་བ་ཉིད་མ་གཏོགས་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། གནས་པ་བདག་ཉིད་ཀྱིས་སམ། རྗེས་སུ་གནང་བའི་ས་གཞིར་སྒྲུབ་
པར་བྱེད་པ་རང་གིའམ་རྗེས་སུ་གནང་བས་གཞི་མ་དག་པར་བསྟན་པའི་གཙུག་ལག་ཁང་བྱེད་དུ་བཅུག་ན་གཙུག་ལག་ཁང་ཟིན་པའི་མཐར་དགེ་འདུན་ལྷག་མར་འགྱུར་རོ། །སྔར་ནི་སྦོམ་པོར་རོ། །གཙུག་ལག་ལས་ནི་གླེང་གཞིའི་དབང་གིས་བདག་པོ་དང་བཅས་པ་ཞེས་བྱ་བ་སྨོས་པར་ཟད་ཀྱི། དེ་
ཡན་ལག་ནི་མ་ཡིན་ཏེ། བདག་པོ་མེད་པ་ཉིད་ལ་ཡང་ས་གཞི་ཉོ་བ་ལ་སོགས་པ་སྲིད་པའི་ཕྱིར་རོ། །དགེ་འདུན་གྱི་ས་གཞིར་བྱེད་དུ་འཇུད་ན་ཡང་དེ་བཞིན་ནོ། །ཁང་པའི་དགེ་འདུན་ལྷག་མ་ལ་ཡན་ལག་གཞན་གཉིས་བརྗོད་པར་བྱ་སྟེ། གཅིག་གི་དོན་དུའོ་ཞེས་བྱ་བ་ནི། གང་ཟག་གཅིག་
གི་དོན་དུ་འཇུད་ན་དགེ་འདུན་ལྷག་མར་འགྱུར་གྱི། གཉིས་དང་མང་པོ་དག་གི་དོན་དུ་ན་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པའི་གཞུང་ཁ་ཅིག་ལས་གཉིས་ཀྱི་སྤྱི་ལ་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ངོ་། །ཞུ་བ་ལས་གཉིས་ཞེས་སྨོས་པ་ནི་ཉེ་
བར་མཚོན་པ་སྟེ། མང་པོའི་དོན་དུ་བྱེད་དུ་འཇུད་ན་ཡང་སྦོམ་པོ་ཁོ་ནའོ། །དེ་བས་ན་བདག་ཉིད་གཅིག་པུའམ་དགེ་སློང་གཞན་གཅིག་གམ་ཁྱིམ་པ་གཅིག་གི་དོན་དུ་བྱེད་དུ་བཅུག་ན་དགེ་འདུན་ལྷག་མ་སྟེ། གཅིག་གི་དོན་དུའོ་ཞེས་བྱ་བ་གཅིག་གི་སྒྲ་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་རོ། །
เล่ม ๑๖๒ · หน้า 183a
ཅི་ནས་བྱེད་དུ་བཅུག་པ་ཐམས་ཅད་ལས་དེར་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར། ཚད་ལས་ལྷག་པའོ་ཞེས་བྱ་བ་སྨྲས་ཏེ། ཚད་ལས་འདས་པའི་གནས་ལས་ཏེ། ཚད་གང་བསྟན་པ་དེ་ལས་ལྷག་པ་བྱེད་དུ་འཇུད་ནའོ། །གཞི་མ་དག་པ་ལའོ་ཞེས་སྨྲས་
ན་འདིར་མ་དག་པ་གང་ཡིན་ཞེ་ན། དེའི་ཕྱིར་མི་རུང་བ་ཉིད་དང་། རྩོད་པ་དང་བཅས་པ་ཉིད་དང་། བརྩམ་དུ་མི་རུང་བ་ཉིད་ནི་མ་དག་པའོ་ཞེས་བྱ་བ་སྨྲས་ཏེ། མི་རུང་བ་ཉིད་དང་། རྩོད་པ་དང་བཅས་པ་ཉིད་དང་། བརྩམ་དུ་མི་རུང་བ་ཉིད་ཅེས་བྱ་བ་དེ་གསུམ་ནི་མ་དག་པའི་སྒྲར་བརྗོད་དོ། །དེ་
གསུམ་གྱི་རང་བཞིན་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་དང་། རྒྱལ་པོ་དང་། ལྷའི་གནས་དང་། མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་དང་། ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་དང་། ཕྱི་རོལ་འདོམ་གང་གི་མཐའི་ཉེན་འཁོར་གྱི་ནང་རོལ་ན་ཆུ་ཀླུང་
ངམ། ངམ་གྲོག་གམ། ཁྲོན་པ་དང་། འདོམ་པ་ཉིད་ནི་གོ་རིམས་བཞིན་དུ་དེ་དག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་སྐྱེ་བ་པོ་ཕྲ་མོ་གནས་དང་ལྡན་པ་ཉིད་དང་འདོམ་པ་ཉིད་ནི་མི་རུང་བ་ཉིད་དོ། །སྐྱེ་བ་པོ་ཕྲོ་མོའི་གནས་དང་ལྡན་པ་ཉིད་ཅེས་བྱ་བ་ནི་སྦྲུལ་དང་སྡིག་པ་ལ་སོགས་པའི་གནས་དང་ལྡན་
པ་ཉིད་དེ། དེ་དང་འདོན་པ་ཉིད་ནི་མི་རུང་བ་ཉིད་དོ། །འདིར་གཞུང་ནི་གལ་ཏེ་དེ་ན་སྦྲུལ་གྱི་གནས་སམ། སྡིག་པའི་གནས་སམ། སྦྲང་བུ་ཏྲེ་མ་བུ་ཀ་དང་། ཏྲཻ་ལ་ཏའི་གནས་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་དག་ནི་དཔེ་ཙམ་སྟེ་གྲོག་སྦུར་ལ་སོགས་པ་སྐྱེ་བ་པོ་ཕྲ་མོ་ཐམས་ཅད་
ཀྱང་གཟུང་ངོ་། །རྒྱལ་པོ་དང་ལྷའི་གནས་དང་། མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་དང་། ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་དང་། འདོམ་པ་ནི་རྩོད་པ་དང་བཅས་པ་ཉིད་ཡིན་ཏེ། རྒྱལ་པོའི་གནས་དང་། འཇིག་རྟེན་པའི་ལྷའི་གནས་དང་། མུ་སྟེགས་ཅན་གྱི་འདུག་
གནས་ལ་བརྟེན་པ་ཉིད་ཅེས་བྱ་བ་ནི་དེ་དག་དང་ཉེ་བར་གྱུར་པ་ཉིད་དེ། དེ་ནི་སྐྱེ་བོ་ཕལ་པོ་ཆེ་དག་དང་། གླང་པོ་ཆེ་དང་། རྟ་དང་རྔ་མོ་ལ་སོགས་པ་དག་དང་། དེ་དག་གི་སྒྲ་དག་གིས་གནོད་པར་འགྱུར་བའི་སྐྱོན་ཡོད་པ་ཉིད་ཡིན་ནོ། །ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་དེར་ཞེས་
เล่ม ๑๖๒ · หน้า 183b
བྱ་བར་ཚིག་རྣམ་པར་སྦྱར་ཏེ། དེ་ནི་སྐྱེ་བོ་ཕལ་ཕོ་ཆེ་ལ་མཁོ་བ་ཡིན་པའི་ཕྱིར། འཇིག་རྟེན་དག་ལས་ཁ་མཆུ་འབྱུང་བས་དེས་ན་རྩོད་པ་དང་བཅས་པ་ཡིན་ནོ། །ཕྱི་རོལ་འདོམ་གང་གི་མཐའི་ཉེན་ཀོར་གྱི་ནང་རོལ་ན་ཆུ་ཀླུང་ངམ། ངམ་གྲོག་གམ་ཁྲོན་པ་དང་འདོམ་པ་ཉིད་ཅེས་བྱ་བ་ནི་བརྩམ་དུ་མི་
རུང་བ་ཉིད་ཡིན་ཏེ། གནས་ཀྱི་ཕྱི་རོལ་ནས་འདོམ་གང་གི་མཐའི་ཉེན་ཀོར་གྱི་ནང་རོལ་ན་ཆུ་ཀླུང་ཡང་རུང་། ངམ་གྲོག་ཀྱང་རུང་། ཁྲོན་པ་ཡང་རུང་སྟེ། དེ་དག་གཅིག་དང་འདོམ་ན་ཡང་གནས་ཚེ་ཐུང་བར་འགྱུར་བས་བརྩམ་དུ་མི་རུང་བའི་སྐྱོན་ཅན་ཡིན་ནོ། །དེ་ལ་ཕྱི་རོལ་ཅེས་བྱ་བ་ནི་གནས་ཀྱི་ར་
བའི་ཕྱི་རོལ་ནས་སོ། །འདོམ་གང་ཞེས་བྱ་བ་ནི་ཁྲུ་བཞིའོ། །འདོམ་གང་གི་མཐའ་ཞེས་བྱ་བ་ནི་འདོམ་གང་གི་མཚམས་སོ། །དེའི་ཉེན་ཀོར་ཞེས་བྱ་བ་ནི་དེ་དང་ཉེ་བ་ཉིད་དེ། དེའི་ཉེན་ཀོར་ཏེ་འདོམ་གང་གི་མཐའ་དང་ཉེ་བ་ཕ་མཐའི་ཆའོ། །དེའི་ནང་རོལ་ཅེས་བྱ་བ་ནི་ཕ་མཐའི་ཆ་དེ་ནས་ཚུ་རོལ་
ཏེ། འདོམ་གང་གི་ནང་ཉིད་དོ། །ནང་རོལ་དེའི་དབུས་སམ་མཐའི་ཕྱོགས་གང་ཡང་རུང་བ་དེ་ན་ཆུ་ཀླུང་ལ་སོགས་པ་གང་ཡང་རུང་བ་ཅིག་དང་འདོམ་པར་གྱུར་ན་ཡང་དེར་དེ་ཡུན་ཐུང་ངུ་གནས་པར་འགྱུར་བས་བརྩམ་དུ་མི་རུང་བ་ཉིད་དོ། །ཕྱོགས་ཐམས་ཅད་དུ་ཁོ་ར་ཁོར་ཡུག་ཀུན་དུ་ཆུ་ཀླུང་ལ་
སོགས་པ་ཐམས་ཅད་དང་འདོམ་པ་ཁོ་ན་ལ་ནི་མི་བསྙེགས་སོ། །འདིར་གཞུང་ནི་འདོམ་གང་གི་མཐའི་ཉེན་ཀོར་བརྟག་པར་བྱ་སྟེ། གལ་ཏེ་གཞི་ཆུ་ཀླུང་ལ་བརྟེན་ཏམ་ངམ་གྲོག་ལ་བརྟེན་པ་ཡིན་ན་བརྩམ་དུ་མི་རུང་བའི་ཕྱིར་བསྟན་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ལས་འདས་
ན་གནས་ཚད་ལས་ལྷག་པར་འགྱུར་བའི་ཚད་དེ་གང་ཡིན་ཞེ་ན། དེའི་ཕྱིར་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ་ནང་རོལ་ནས་དེ་བཅུ་གཉིས་དང་བདུན་གྱི་ཚད་དོ་ཞེས་བྱ་བ་སྨྲས་ཏེ། རྡུལ་ཕྲ་རབ་ལ་སོགས་པའི་རིམ་པས་བསྒྲེས་པའི་སོར་ཉི་ཤུ་རྩ་བཞི་ལ་
ནི་ཚད་དང་ལྡན་པའི་ཁྲུ་གང་ངོ་། །ཁྲུ་དེའི་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་ངོ་། །ཁང་པ་དེའི་ནང་རོལ་ནས་ཆུར་སོར་ཉི་ཤུ་རྩ་བཞིའི་ཚད་ལས་ཁྲུ་གང་དུ་བརྩིས་པའི་ཁྲུ་དེའི་ཕྱེད་དང་དོ་ལ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཡིན་པའི་བདེ་བར་གཤེགས་པའི་མཐོ་དེ་
เล่ม ๑๖๒ · หน้า 184a
བཅུ་གཉིས་དང་ཞེང་དུ་བདེ་བར་གཤེགས་པའི་མཐོ་དེ་བདུན་ནི་འདིར་ཁང་པ་དེའི་ཚད་ཡིན་པར་བལྟའོ། །དེ་ལས་བཟློག་པ་ནི་མ་བསྟན་པ་ཉིད་དོ་ཞེས་སྨྲས་ན་བསྟན་པ་ཉིད་དེ་གང་ཞེ་ན། དེའི་ཕྱིར་དགེ་འདུན་ལས་བསྟན་པ་ཐོབ་པ་བསྟན་པ་ཉིད་དོ་ཞེས་བྱ་བ་
སྨྲས་ཏེ། གཞི་གང་ལ་བསྟན་པ་ཐོབ་པ་དེ་ནི་བསྟན་པ་ཐོབ་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །གང་ལས་ཐོབ་ཅེ་ན་དེའི་ཕྱིར། དགེ་འདུན་ལས་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལས་བསྟན་པ་ཐོབ་པའི་གཞི་དེ་ནི་བསྟན་པ་ཉིད་དོ། །འདི་སྐད་བསྟན་ཏེ། ཁང་པའི་ས་གཞིའི་གཞི་དེའི་གནང་བའི་
ལས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་ཞིག་བཙལ་ཏེ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་
བརྩམ་དུ་རུང་བ་བསྟན་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ། ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་སྩོལ་ཏོ་ཞེས་བྱ་བ་ལ་
སོགས་པ་གསོལ་བ་དང་གཉིས་ཀྱི་ལས་དང་། གཙུག་ལག་ཁང་གི་གཞི་ལ་ཡང་དེ་བཞིན་དུ་སྦྱར་བའི་གསོལ་བ་དང་། གཉིས་ཀྱི་ལས་ཀྱི་ཚིག་གང་ཡིན་པ་དེ་ནི་དེའི་བསྟན་པ་ཡིན་ཏེ། གཞི་གང་ལ་བསྟན་པ་རྣམ་པ་དེ་ཉིད་གང་ལས་ཐོབ་པ་དེ་ནི་འདིར་བསྟན་པ་ཡིན་པར་དགོངས་སོ། །
མ་དག་པ་གསོལ་བར་མི་བྱའོ་ཞེས་བྱ་བ་ནི། གཞི་མི་རུང་བ་ཉིད་ལ་སོགས་པ་དང་ལྡན་པ་མ་དག་པ་དགེ་འདུན་ལས་བསྟན་པ་གསོལ་བར་མི་བྱའོ། །རང་དག་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་གོ་ཞེས་བྱ་བ་ནི། དགེ་སློང་དེས་དགེ་འདུན་དུ་གྱུར་པའི་དགེ་སློང་
གང་དག་ལ་གཞི་བསྟན་པ་གསོལ་བའི་དགེ་སློང་དེ་དག་རང་དག་གཞི་འདིའི་དག་པ་ཉིད་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་རྟོག་ཏུ་གཏང་བར་བྱའི་གཞན་ནི་མ་ཡིན་ནོ། །སྟན་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་ལོ་དྲུག་ཚུན་ཆད་དུ་སྟན་བྱ་བའི་ཕྱིར། དགེ་
เล่ม ๑๖๒ · หน้า 184b
འདུན་ལས་གནང་བ་གསོལ་བར་བྱེད་ན། སྟན་དེ་ལ་ཡང་རྙིངས་པ་ཉིད་བརྟག་པའི་ཕྱིར་གང་དག་ལ་གསོལ་བའི་དགེ་སློང་དེ་དག་རང་ཉིད་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་རྟོག་ཏུ་གཏང་བར་བྱའི་གཞན་ནི་མ་ཡིན་ནོ། །བྱས་པ་རྙེད་པ་དང་། བྱས་པ་ལ་ལོངས་སྤྱོད་པ་
དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གནས་གཞན་གྱིས་བྱས་ཟིན་པ་རྙེད་པ་དང་། གཞན་གྱིས་བྱས་ཟིན་པ་ལ་ལོངས་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ། །རྙིང་པ་འཆོས་པ་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་རྗེས་སྙེགས་པར་བྱེད་དོ། །གནས་རྙིང་པ་འཆོས་
ཤིང་བྱི་དོར་བྱེད་པ་ལ་ནི་ལྟུང་བ་མེད་དོ། །རྙིང་པ་འཆོས་པ་ཞེས་བྱ་བ་ནི་དཔེ་སྟེ། སར་པ་འཆོས་ཤིང་བྱི་དོར་བྱེད་པ་ལ་ཡང་ལྟུང་བ་མེད་པ་ཁོ་ནའོ། །ཁང་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།གང་བྱས་ན་གཙུག་ལག་ཁང་གི་དགེ་འདུན་ལྷག་
མར་འགྱུར་ཞེ་ན། འདིར་སྔར་འོག་མ་ལ་ཡང་དེ་དག་ཉིད་དེ་མ་བཙལ་བའོ་ཞེས་སྨོས་པའི་རྣམ་པ་ཉིད་ཁས་བླངས་ནས་བྱེ་བྲག་བརྗོད་པར་བྱ་སྟེ། ཚོགས་ཀྱི་དོན་དུའོ་ཞེས་བྱ་བ་ནི། འདིར་ཁྱིམ་པ་ཡན་ཆད་རབ་ཏུ་བྱུང་བ་དང་། རབ་ཏུ་མ་བྱུང་བ་ལ་ཡང་རུང་སྟེ། གང་ཟག་བཞི་ཡན་
ཆད་ལ་ཚོགས་ཞེས་བྱ་བར་དགོངས་སོ། །རྣམ་པར་འབྱེད་པ་ལས་ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་གསུངས་པ་དེ་ནི་གླེང་གཞིའི་དབང་གིས་ཏེ། དཔེ་ཙམ་དུ་ཟད་པས་འདི་ལ་ཉེས་པ་མེད་དོ། །གཙུག་ལག་ཁང་ལ་ནི་ཚད་ངེས་པར་
མེད་དོ། །གཙུག་ལག་ཁང་གི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའི་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།དགེ་འདུན་ལྷག་མ་དེ་གཉི་གའི་སྐབས་ཞུ་བ་ལས་གསུངས་པ་ནི་འདྲ་བས། སྐབས་གཅིག་ཁོ་ནས་བསྡུ་བའི་ཕྱིར། རྩོམ་པ་ནི་སྦྱོར་བ་ཉིད་
དོ་ཞེས་བྱ་བ་སྨྲས་ཏེ། གནས་རྩོམ་པ་ནི་སྦྱོར་བ་ཉིད་དེ། སྦོམ་པོའི་དབང་དུ་བྱས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་གང་ལ་མཐར་དངོས་གཞིར་འགྱུར་བ་དེ་ལ་ནི་སྦྱོར་བ་ལ་སྦོམ་པོའོ། །གང་ལ་མཐར་སྦོམ་པོར་འགྱུར་བ་དེ་ལ་ནི་སྦྱོར་བ་ལ་ཉེས་བྱས་སོ། །འདིར་གཞུང་ནི་བརྩམས་ནས་
เล่ม ๑๖๒ · หน้า 185a
བདག་ཉིད་གསོད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མ་གཡོགས་པ་བྱེད་དུ་འཇུད་པའི་མཐར་ཡང་དེ་དང་འདྲའོ་ཞེས་བྱ་བ་དེ་ཁང་པའམ་གཙུག་ལག་ཁང་སྟེང་མ་གཡོགས་པ་ཞིག་བྱེད་དུ་གཞུག་གོ་སྙམ་པའི་བསམ་པས་ཞུགས་
པའི་དགེ་སློང་གི་གནས་དེའི་མཐའ་གང་ཡིན་པ་དེ་ཡང་དེ་དང་འདྲ་སྟེ། སྦྱོར་བ་དང་འདྲ་བར་བལྟ་བར་བྱ་སྟེ། སྦོམ་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་མ་གཡོགས་པ་ཞིག་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྔར་ནི་ཉེས་བྱས་སོ། །དུ་
མའི་དོན་དུའོ་ཞེས་བྱ་བ་ནི་ཁང་པ་མི་རུང་བ་ཉིད་ལ་སོགས་པའི་ཡན་ལག་ཐམས་ཅད་ལས་འདས་པ་དུ་མའི་དོན་དུ་བྱེད་དུ་བཅུག་པའི་མཐའ་གང་ཡིན་པ་དེ་ཡང་སྦྱོར་བ་དང་འདྲ་བར་བལྟ་བར་བྱའོ། །འདིར་གཞུང་ནི་གཉིས་ཀྱི་སྤྱི་ལ་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །
མ་བསྐོས་པར་རོ་ཞེས་བྱ་བ་ལ། མ་བསྐོས་པ་ཞེས་བྱ་བ་ནི་ཚོལ་བ་པོའམ་གནས་པ་པོས་རྗེས་སུ་མ་གནང་བར་བྱེད་དུ་འཇུད་པ་སྟེ། དེའི་མཐའ་གང་ཡིན་པ་དེ་ཡང་སྦྱོར་བ་དང་འདྲ་བར་བལྟ་བར་བྱའོ། །དངོས་པོ་ཚང་ན་ཡང་ཕམ་པར་མི་འགྱུར་ཏེ། གཞི་དེ་གང་དབང་བ་དེ་ཉིད་ཀྱི་ཕྱིར་གཙུག་
ལག་ཁང་རྩིག་ཏུ་འཇུད་པའི་ཕྱིར་རོ། །དངོས་གཞིར་ཡང་མི་འགྱུར་ཏེ། བཙལ་བའི་ཡན་ལག་མེད་པའི་ཕྱིར་རོ། །དེ་བས་ན་རྗེས་སུ་གནང་བ་ལ་ཡང་ཡན་ལག་ཐམས་ཅད་ཆད་ན་དངོས་གཞིའོ། །རྗེས་སུ་མ་གནང་བ་ལ་ནི་སྦོམ་པོའོ། །འདིར་གཞུང་ནི་ཡི་གེ་ཁ་ཅིག་ལས་མ་བསྐོས་པར་བྱེད་དུ་འཇུད་
ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་ཟག་གིས་སོ་ཞེས་བྱ་བ་ནི་གིས་སོ་ཞེས་བསྟན་པའི་ཕྱིར་སྔར་རྣམ་པ་དེ་ལྟ་བུས་སོ་ཞེས་བྱ་བས་སྒྲུབ་པར་བྱེད་པ་བསྟན་པའི་བྱེ་བྲག་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་གང་ཟག་གི་སྒྲུབ་པར་བྱེད་པས་བྱེད་དུ་འཇུད་ན་དེ་དང་འདྲ་སྟེ།
སྦྱོར་བ་དང་འདྲ་བར་རིག་པར་བྱ་སྟེ་བཙལ་པ་ཉིད་མེད་པའི་ཕྱིར་རོ། །འདིར་གཞུང་ནི་གང་ཟག་གི་གཞིས་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཞུ་བའི་སྐབས་འདི་ཐམས་ཅད་ཁང་པ་དང་གཙུག་ལག་ཁང་གི་བསླབ་པའི་གཞི་གཉི་གའི་དབང་དུ་བྱས་པར་
เล่ม ๑๖๒ · หน้า 185b
རིག་པར་བྱ་སྟེ། གང་ཟག་གིས་སོ་ཞེས་བྱ་བ་འདི་འབའ་ཞིག་མ་གཏོགས་ཏེ། གཙུག་ལག་ཁང་གི་བསླབ་པའི་གཞི་ལ་བཙལ་བ་ཞེས་བྱ་བའི་ཡན་ལག་རྣམ་པར་མ་བཞག་པའི་ཕྱིར་རོ། །འཕྲོ་ཟིན་པར་བྱེད་ན་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་བྱེད་དུ་འཇུད་ན་མཐའ་དེ་དང་འདྲའོ་
ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་རོ། །འདིར་གཞུང་ནི་འཕྲོ་ཟིན་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གསོལ་བའི་འོག་ཏུ་མ་གྲུབ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། བདག་པོ་ལས་གཞི་བཙལ་བ་གསོལ་པ་དང་། དགེ་འདུན་ལས་རུང་བ་བསྟན་པ་གསོལ་བའི་
འོག་ཏུ་གནས་ཏེ་པོར་མ་གྲུབ་པ་ན་ཉེས་བྱས་ཏེ། གཞི་ཡང་བཙལ་ཟིན་ལ་གསོལ་བ་དང་ལས་བརྗོད་པ་ཡང་བྱས་པའི་འོག་ཏུ་གནས་བྱེད་དུ་བཅུག་པའི་དུས་ན་ཏེ་པོར་མ་གྲུབ་པ་གང་ཡིན་པ་དེ་ལས་ཉེས་བྱས་སུ་ཤེས་པར་བྱའོ། །མི་འདོད་པའི་བསམ་པས་མ་གྲུབ་པ་ལ་འདི་རྣམ་པར་གཞག་གི་
བར་ཆད་ཀྱི་དབང་གིས་མ་གྲུབ་པ་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་གཞི་བཙལ་ནས་མི་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུའོ། །ཁང་པ་བསྟན་པ་གསོལ་ནས་བགྱིད་དུ་མི་གསོལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ། །ཁང་པ་དང་
གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་གཉིས་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ། །ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་གཉིས་སོ་ཞེས་བྱ་བ་དེ་གཉིས་བཤད་ཟིན་ཏོ།། །།གཞི་མེད་པར་སྐུར་པ་འདེབས་པའི་དགེ་
འདུན་ལྷག་མ་བརྗོད་པར་འདོད་ནས། ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་དགེ་སློང་ཉམས་པ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཕམ་པར་འགྱུར་བ་ལྷག་མར་སྤྱོད་པ་ཀུན་དུ་སྤྱོད་པས་སྐུར་པ་འདེབས་པ་ལ་ནི་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པ་སྟེ། ཕམ་
པར་འགྱུར་བ་ལྷག་པར་སྤྱོད་པ་དེས་སྐུར་པ་འདེབས་ན་དགེ་འདུན་ལྷག་མའོ། །སུ་ལ་ལྷག་པར་སྤྱོད་པ་དེས་སྐུར་པ་འདེབས་ན་ཞེ་ན། དེའི་ཕྱིར་དགེ་སློང་ལ་ཞེས་བྱ་བ་སྨྲས་ཏེ། དགེ་ཚུལ་ལ་སོགས་པ་ལ་མ་ཡིན་ནོ། །ཉམས་པ་ལ་ཡང་ངོ་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་ལྡན་པ་
เล่ม ๑๖๒ · หน้า 186a
འབའ་ཞིག་ལ་མ་ཡིན་གྱི། ཉམས་པ་ལ་སྐུར་པ་བཏབ་ན་ཡང་ངོ་། །བསྙེན་པར་རྫོགས་པ་དང་བཅས་པ་མ་ཉམས་པའི་དགེ་སློང་དང་། དགེ་སློང་མ་ཉིད་ཀྱིས་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་ཉམས་པ་ཡང་ངོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། དགེ་སློང་
ཉམས་པ་ལ་ཡང་ཕམ་པར་འགྱུར་བས་སྐུར་པ་འདེབས་ན་དགེ་འདུན་ལྷག་མར་འགྱུར་རོ། །མ་དག་པ་ལ་སྐུར་པ་འདེབས་པའི་གཞུང་ནི་འདི་ཡིན་ཏེ། གང་ཟག་མ་དག་པ་ལ་སྐུར་པ་འདེབས་པར་བྱེད་ན་ལྟུང་བ་གཞི་བཅུ་གཅིག་དང་། ལྟུང་བ་མེད་པའི་གཞི་དྲུག་སྟེ། ལྟུང་བའི་གཞི་བཅུ་གཅིག་
ལས་ཇི་ལྟ་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་དང་། འདུ་ཤེས་བསྒྱུར་བ་དང་བཅས་ན་ཇི་སྙེད་བརྗོད་དོ་ཅོག་ལ་དགེ་འདུན་ལྷག་མའོ། །ཞུ་བ་ལས་ཀྱང་བཙུན་པ་དགེ་སློང་རང་འདི་སྐད་ཅེས་བདག་གིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟན་ཏོ་ཞེས་མཆི་
བ་དེ་ལ་དགེ་སློང་གིས་གཞི་མ་མཆིས་པར་རྐུ་བའམ། འགུམས་པའམ། སྨྲ་བས་སྐུར་པ་འདེབས་ན་ལྟུང་བ་ཅིར་འགྱུར། དགེ་འདུན་ལྷག་མར་རོ་ཞེས་གསུངས་པ་ཡིན་ནོ། །སྤྱིར་བསྟན་པའི་མདོ་ལས་རང་གི་ཕྱོགས་དང་མཐུན་པ་ནི་མཚན་དང་ཁས་ལེན་པས་བཟུང་ངོ་ཞེས་འབྱུང་བ་དེའི་
དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ཕྱོགས་ལས་རང་ཉིད་ནི་འདིར་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མཚན་གྱི་དབང་དང་ལྟ་བ་ཁས་ལེན་པའི་དབང་གིས་ཕྱོགས་ལས་རང་ཉིད་དུ་གསུངས་པ་གང་ཡིན་པ་དགེ་སློང་རྣམས་དང་། དགེ་སློང་རྣམས་སུ་དགེ་སློང་མ་རྣམས་དང་དགེ་སློང་
མ་རྣམས་སུ་ཁས་ལེན་པ་རྣམས་དང་། ཁས་ལེན་པ་རྣམས་སུ་ཁས་མི་ལེན་པ་རྣམས་དང་། ཁས་མི་ལེན་པ་རྣམས་སུ་ཕྱོགས་ལས་རང་ཉིད་དོ་ཞེས་བྱ་བ་དེ་ནི་སྐུར་པ་འདེབས་པའི་སྐབས་འདིར་ཁས་མི་བླང་ངོ་། །འོ་ན་ཇི་ལྟར་ཞེ་ན། མཚན་མི་མཐུན་པ་ལ་སྐུར་པ་འདེབས་པ་དང་། ལྟ་
བ་མི་མཐུན་པ་ལ་སྐུར་པ་འདེབས་པ་ཡང་དགེ་འདུན་ལྷག་མའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་དགེ་སློང་གིས་དགེ་སློང་མ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་ན་དགེ་འདུན་ལྷག་མའོ། །དེ་བཞིན་དུ་དགེ་སློང་མས་དགེ་སློང་ལ་གཞི་མེད་
เล่ม ๑๖๒ · หน้า 186b
པའི་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་པའོ། །དེ་བཞིན་དུ་ཁས་ལེན་པ་ལ་ཁས་མི་ལེན་པ་དང་། ཁས་མི་ལེན་པ་ལ་ཁས་ལེན་པས་གཞི་མེད་པའི་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པ་ཡང་དགེ་འདུན་ལྷག་མ་སྟེ། ཉམས་
པ་ལ་སྐུར་པ་འདེབས་པ་ལ་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པ་ལས་ན་ཁས་ལེན་པ་དང་། ཁས་མི་ལེན་པ་གཉིས་ལ་སྐུར་པ་འདེབས་པ་ལྟ་བ་ལ་ཤིན་ཏུ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཕམ་པར་མ་གྱུར་པའི་ཕྱིར་རོ། །མཚན་མི་མཐུན་པ་
ལ་ཡང་ཉམས་པ་དང་འདྲ་བའི་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་རོ། །ཅི་ཡང་དག་པས་སམ་འོན་ཏེ་ཡང་དག་པ་མ་ཡིན་པས་ཤེ་ན་དེའི་ཕྱིར། བརྫུན་དུ་སྨྲ་བས་སོ་ཞེས་བྱ་བ་སྨྲས་ཏེ། ཡང་དག་པ་མ་ཡིན་པས་སྐུར་པ་འདེབས་ན་དགེ་འདུན་ལྷག་མར་འགྱུར་གྱི། ཡང་དག་པས་ནི་མ་ཡིན་པ་
སྟེ། མཐོང་བ་དང་། ཐོས་པ་དང་། དོགས་པའི་གཞི་རྣམས་མེད་པར་ཡང་དག་པ་མ་ཡིན་པར་བརྗོད་ནའོ། །ཅི་སྐུར་པ་གདབ་པར་བྱ་བ་ཉིད་ཉེ་བར་གྱུར་པ་ཁོ་ན་ལའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་གང་ཡང་རུང་བ་ལ་གོ་བར་བྱས་ནའོ་ཞེས་བྱ་བ་སྨྲས་ཏེ། མིའི་འགྲོ་བ་པ་གང་ཡང་རུང་
བ་ལ་གོ་བར་བྱས་བརྡ་ཕྲད་པར་བྱས་ན་ཡང་དགེ་འདུན་ལྷག་མར་འགྱུར་གྱི། གླེངས་པ་འབའ་ཞིག་གིས་དེར་འགྱུར་བར་མ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་བསམ་པ་གང་ཡང་རུང་བས་མི་གང་ཡང་རུང་བ་ལ་གོ་བར་བྱས་ན་འམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་ཉམས་པས་འདུན་
པས་སོ་ཞེས་བྱ་བ་སྨྲས་ཏེ། ཉམས་པར་བྱ་བ་བསྐྱེད་པའི་བསམ་པས་ཡིན་གྱི། ཁྲོས་པར་གྱུར་པའམ། རྒོད་བག་གམ། བྱུང་རྒྱལ་གྱིས་ནི་མ་ཡིན་ཏེ། འདི་ལྟར་ལྟུང་བས་ཉམས་པར་བྱ་བའི་བསམ་པས་བརྫུན་གྱིས་ཕ་རོལ་པོ་ལ་གླེངས་སམ་གཞན་ལ་གོ་བར་བྱ་བའི་ཕྱིར་བརྡ་སྤྲོད་
པར་བྱེད་པ་ན་དེར་འགྱུར་རོ། །དེ་ལ་ལྟུང་བ་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། ཕམ་པར་འགྱུར་བས་སྐུར་ན་ནི་དགེ་འདུན་ལྷག་མའོ། །དགེ་འདུན་ལྷག་མས་སྐུར་ན་ལྟུང་བྱེད་དོ། །ལྟུང་བ་གཞན་གྱིས་སྐུར་ན་ཉེས་བྱས་སོ། །ཉེས་བྱས་ཀྱིས་སྐུར་ན་ཉེས་བྱས་ཕྲ་མོར་འགྱུར་རོ། །
เล่ม ๑๖๒ · หน้า 187a
ཐེ་ཚོམ་དང་བཅས་པས་སྐུར་ན་ཡིད་གཉིས་ནི་འདུ་ཤེས་དང་འདྲའོ། །དེ་ནི་གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བའི་སྒྲ་ནི་མཐོང་བ་དང་། ཐོས་པ་དང་། དོགས་པའི་གཞི་ལ་བསྙེགས་སོ། །གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་ནི། གང་ལ་མཐོང་
བ་དེ་ནི་ཐོས་པ་མ་ཡིན། དོགས་པ་ཡང་མ་ཡིན་ལ། གང་ཐོས་པ་དེ་མཐོང་བ་མ་ཡིན་དོགས་པ་ཡང་མ་ཡིན་ཞིང་། གང་དོགས་པ་དེ་མཐོང་བ་ཡང་མ་ཡིན་ཐོས་པ་ཡང་མ་ཡིན་པར་ཤེས་པར་བྱའོ། །འདི་སྐད་བསྟན་ཏེ། གཞི་གཞན་ཡོད་དུ་ཟིན་ཀྱང་གཞི་གང་གིས་གླེང་བའི་གཞི་དེ་གལ་
ཏེ་མེད་ན་དགེ་འདུན་ལྷག་མ་ཁོ་ནར་འགྱུར་རོ། །འདིར་གཞུང་ནི་ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ན་མི་དོགས་པ་ན་བདག་
གིས་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་ན། བརྗོད་དོ་ཅོག་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ། །བརྗེད་པ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མི་དྲན་པ་ནི་ཡོད་པ་ཉིད་མ་ཡིན་ཏེ། མི་དྲན་པའི་དངོས་པོ་བརྗེད་པ་ནི་ཡང་དག་པ་མ་
ཡིན་པ་སྨྲས་པ་ཡིན་ནོ། །འདིར་གཞུང་ནི་དེས་མཐོང་ལ་དེ་ཡང་བརྗེད་བཞིན་དུ་འདུ་ཤེས་བསྒྱུར་བ་དང་བཅས་པས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དེས་ཐོས་ལ་དེ་ཡང་བརྗེད་བཞིན་དུ་འདུ་ཤེས་བསྒྱུར་བ་དང་བཅས་པ་བདག་གིས་ཐོས་སོ་ཞེས་ཟེར་བ་དང་། དེ་དོགས་ལ་དེ་ཡང་
བརྗེད་བཞིན་དུ་འདུ་ཤེས་བསྒྱུར་བ་དང་བཅས་པས་བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ན་གང་དངོས་སུ་དེ་བཞིན་ཡིན་ཡང་གཞི་གཞན་ལ་གཞི་ཉིད་ཅེས་མི་བྱ་ཞིང་བརྗེད་པ་ཡང་ཡོད་པ་ཉིད་མ་ཡིན་སྙམ་དུ་དོགས་པ་
བསལ་བའི་ཕྱིར། དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་བདེན་པར་སྨྲ་བའི་རྒྱུ་མ་ཡིན་གྱི། འདི་ལྟར་འདུ་ཤེས་ནི་རྒྱུ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་འདུ་ཤེས་སྒྱུར་བར་བྱེད་ན་དོན་གྱི་དེ་ཉིད་ཡོད་
เล่ม ๑๖๒ · หน้า 187b
དུ་ཟིན་ཀྱང་དེ་བརྫུན་དུ་སྨྲ་བ་ཉིད་ཡིན་པས་དགེ་འདུན་ལྷག་མ་ཁོ་ནར་འགྱུར་རོ། །ཇི་སྟེ་འདུ་ཤེས་སྒྱུར་བར་མི་བྱེད་ན་ནི་དོན་གྱི་དེ་ཉིད་མེད་དུ་ཟིན་ཀྱང་དེ་བདེན་པར་སྨྲ་བ་ཉིད་ཡིན་པས་དགེ་འདུན་ལྷག་མར་མི་འགྱུར་ཏེ། བརྫུན་པ་དང་བདེན་པ་གཉིས་ནི་འདུ་ཤེས་དང་འབྲེལ་པ་ཡིན་གྱི།
དོན་གྱི་དེ་ཉིད་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་དང་། བརྗེད་པ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་མདོ་དེ་གཉིས་ནི་ཉམས་པའི་ཡུལ་ལ་མ་དག་པ་ལ་སྐུར་པ་འདེབས་པ་ལ་དགེ་འདུན་ལྷག་མར་འགྱུར་བའི་ཁུངས་ཡིན་ལ། ཁུངས་དེ་གཉིས་སྒྲུབ་
པར་བྱེད་པ་ནི་དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་མདོ་ཡིན་ནོ། །ཁྲོས་འཁྲུགས་པས་སྐུར་པ་འདེབས་ན་ཞེས་བྱ་བ་ནི་གླེང་གཞིའི་དབང་ཁོ་ནས་དེར་གསུངས་པ་ཡིན་གྱི་ཡན་ལག་ནི་མ་ཡིན་ཏེ། འདིར་སྐུར་པ་འདེབས་པའི་བསམ་པ་ཡན་ལག་ཡིན་ནོ། །གཞི་
མེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མ་བརྗོད་པར་བྱ་སྟེ། གཞན་ལ་བརྟེན་པ་ནི་གཞན་གྱི་ཆའོ། །དེ་དང་རྗེས་སུ་མཐུན་པ་ནི་གཞན་གྱི་ཆ་དང་མཐུན་པའོ། །གཞི་
མེད་པར་སྐུར་པ་འདེབས་པ་དོན་གསལ་བར་གོ་བར་བྱེད་པ་ལས་རྣམ་པ་གཞན་པའི་སྐུར་པ་འདེབས་པ་དོན་མི་གསལ་བས་གོ་བར་བྱེད་པའི་ཚིག་དགེ་འདུན་ལྷག་མ་བྱེད་པ་ནི་གཞན་གྱི་ཆ་དང་མཐུན་པ་ཞེས་བྱ་སྟེ། བག་ཙམ་ཞེས་ཀྱང་བྱའོ། །ད་ནི་དགེ་འདུན་ལྷག་མ་སྔར་བསྟན་པའི་
སྐབས་སུ་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་དགེ་སློང་ཉམས་པ་ལ་ཡང་ངོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་བསྟན་པ་ཐམས་ཅད་འདིར་ཁས་བླངས་ནས་བརྫུན་དུ་སྨྲ་བས་སོ་ཞེས་བྱ་བ་སྨོས་པ་དེའི་བྱེ་བྲག་འགའ་ཞིག་འདིར་བརྗོད་པར་བྱ་སྟེ། བརྗོད་པར་བྱ་བ་གཞན་ལ་གནས་
པའི་ཚིག་གིས་བརྫུན་ནའོ་ཞེས་བྱ་བ་ལ། བརྗོད་པར་བྱ་བ་གཞན་ཞེས་བྱ་བ་ནི། གང་ཟག་འདིས་ཕམ་པར་འགྱུར་བ་ལྷག་པར་སྤྱད་པ་བྱས་སོ་ཞེས་བྱ་བའི་བརྗོད་པར་བྱ་བ་དོན་གསལ་བ་དེ་ལས་གཞན་པའི་བརྗོད་པར་བྱ་བ་དོན་མི་གསལ་བའོ། །དེ་ལ་གནས་པའི་ཚིག་ཅེས་བྱ་བ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด