འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๒ · หน้า 215a
བསྐོས་པ་ཙམ་ཁོ་ནས་ནི་མ་ཡིན་ནོ། །འབྲས་བུའི་མཐའ་མན་ཆད་གཅིག་པ་ཉིད་དོ་ཞེས་བྱ་བ་ནི། ཇི་སྲིད་དུ་དེས་འཁྲུར་བཅུག་པ་ལ་སོགས་པ་བསམས་པའི་འབྲས་བུ་གྲུབ་པར་མ་གྱུར་གྱི་བར་དུ་འཁྲུར་འཇུག་པ་ལ་སོགས་པའི་ལས་དེ་གཅིག་པ་ཉིད་ཡིན་པར་རིག་པར་
བྱའོ། །བར་སྐབས་སུ་ཆད་པ་དག་ཐ་དད་པ་ཉིད་མ་ཡིན་ཏེ། དེ་ནི་ཐམས་ཅད་ཀྱི་དབང་དུ་བྱ་བ་ཉིད་ཡིན་པར་རིག་པར་བྱའོ། །རིགས་མཐུན་པའི་ལས་ལ་ནི་གཅིག་པ་ཉིད་དུ་ཡང་རུང་ན། རིགས་མི་མཐུན་པའི་ལས་འཁྲུར་འཇུག་པ་དང་། འཚེད་དུ་འཇུག་པ་དང་། འཆག་ཏུ་འཇུག་
པ་ཞེས་བྱ་བ་དག་ཇི་ལྟར་གཅིག་པ་ཉིད་དུ་རུང་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཚིགས་སུ་གྱུར་པ་ཉིད་ལ་འབྲས་བུ་རྣམས་གཅིག་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཚིགས་སུ་གྱུར་པ་ཉིད་ལ་ཞེས་བྱ་བ་ནི། བར་དུ་ཆད་པར་གྱུར་པ་ཉིད་དང་རིགས་མི་མཐུན་པར་གྱུར་པ་ཉིད་ལ་ཡང་
འབྲས་བུ་རྣམས་གཅིག་པ་ཉིད་དེ། ཁྲུ་བ་ཉིད་དང་། འཚེད་པ་ཉིད་དང་། འཆག་པ་ཉིད་ཅེས་བྱ་བའི་འབྲས་བུ་རྣམས་གཅིག་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་དག་ཐ་དད་པའི་དབང་གིས་ལས་ཐ་དད་པ་ཡང་མ་ཡིན་ནོ། །འདིར་གཞུང་ནི་གང་དུ་འཁྲུར་འཇུག་པ་དང་། འཚེད་དུ་འཇུག་
པ་དང་། འཆག་ཏུ་འཇུག་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ཏེ། དེ་ལྟར་འཁྲུར་འཇུག་པ་ལ་སོགས་པ་ནས་རྣམ་པ་གསུམ་ཆར་རྫོགས་པ་ན་ལྟུང་བྱེད་གཅིག་ཏུ་གསུངས་པ་གང་ཡིན་པ་དེ་འདིར་ཁུངས་ཡིན་ནོ། །འདུ་ཤེས་གཙོ་བོ་ཉིད་ལ་ནི་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་
གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་བྱ་བ་ནི། འདུ་ཤེས་གཙོ་ཆེ་བ་ཉིད་ནི། འདུ་ཤེས་གཙོ་བོ་ཉིད་དེ་དེ་ལ་ནི་བསྟན་བཅོས་གང་དང་གང་དུ་འདུ་ཤེས་གཙོ་ཆེར་བསྟན་པ་དེ་དང་དེར། དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞི་སྟེ་ཞེས་བྱ་བ་ལ། དོན་ཇི་ལྟ་ཇི་ལྟ་བ་ནི་དོན་
ཇི་ལྟ་བའོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེ་ལ་ནི་དངོས་གཞི་སྟེ་སྤང་བ་ཉིད་དུ་འགྱུར་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་འདུ་ཤེས་ཇི་ལྟ་བ་བཞིན་དུ་དོན་ཀྱང་གལ་ཏེ་དེ་ལྟ་བུ་ཉིད་ཡིན་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་དུ་འདུ་ཤེས་ཤིང་དགེ་སློང་མ་ཉིད་ཀྱང་ཉེ་དུ་མ་ཡིན་པ་ཉིད་ཡིན་ན་དངོས་
เล่ม ๑๖๒ · หน้า 215b
གཞི་སྟེ། སྤང་བ་ཉིད་དུ་འགྱུར་རོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་དུའོ་ཞེས་བྱ་བ་ནི། འདུ་ཤེས་ཀྱང་གཞན་ཏེ། དགེ་སློང་མ་ཉེ་དུ་ཡིན་ནོ་སྙམ་ལ་དོན་ཀྱང་གཞན་ཏེ། དགེ་སློང་མ་ཉིད་ཉེ་དུ་མ་ཡིན་པ་ཉིད་ཡིན་ན། དེའི་ཚེ་དངོས་གཞི་དང་ཉེ་བའི་ལྟུང་བར་འགྱུར་ཏེ། ཉེ་བའི་
ཚིགས་འོག་མར་གྱུར་བའི་ལྟུང་བར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པས་སྤྱད་ན་ནི་ལྟུང་བྱེད་དུ་འགྱུར་ལ། སྲོག་ཆགས་མེད་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་ན་ནི་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །ཡིད་གཉིས་
ནི་འདུ་ཤེས་དང་འདྲའོ་ཞེས་བྱ་བ་ནི། ཡིད་གཉིས་ནི་ལྟུང་བ་ལ་འདུ་ཤེས་དང་འདྲ་བར་འགྱུར་བར་རིག་པར་བྱའོ། །དོན་དེ་ལ་ཡིད་གཉིས་ཟ་བ་ལ་ཡང་ཇི་ལྟར་འདུ་ཤེས་ལྟུང་བར་འགྱུར་བ་དེ་བཞིན་དུ་ལྟུང་བ་དེ་ཉིད་དུ་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། སྲོག་ཆགས་དང་བཅས་པའི་ཆུ་ལ་ཡིད་
གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ན་ནི་ལྟུང་བྱེད་དུ་འགྱུར་ལ། སྲོག་ཆགས་མེད་པ་ལ་ཡིད་གཉིས་ཀྱི་འདུ་ཤེས་ཀྱིས་སྤྱད་ན་ནི་ཉེས་བྱས་སུ་འགྱུར་རོ། །འདིར་རྣམ་པར་འབྱེད་པ་ལས་སྐབས་སུ་གསུངས་པ་གང་ཡིན་པ་དེ་ཡང་བསྡུ་བའི་ཕྱིར། དགེ་འདུན་གྱི་ཁྲིམས་སུ་བྱ་བ་བསྲུང་བར་བྱའོ་ཞེས་
བྱ་བ་སྨྲས་ཏེ། དགེ་འདུན་གྱི་ཁྲིམས་སུ་བྱ་བ་གང་བྱས་པ་དེ་གང་ཟག་གིས་ཀྱང་བསྲུང་བར་བྱའོ། །གློ་བུར་དུ་འོངས་པས་ཀྱང་དེ་ལས་མི་འགལ་བ་ཉིད་དུ་བྱའོ་ཞེས་བྱ་བ་ནི། གང་ཟག་གློ་བུར་དུ་འོངས་པས་ཀྱང་དགེ་འདུན་གཉུག་མར་གནས་པས་ཁྲིམས་སུ་བྱ་བ་བསྲུང་བར་བྱ་བ་དེ་ལས་མི་
འགལ་བ་ཉིད་དུ་བསྲུང་བར་བྱ་སྟེ། ཇི་ལྟར་གཉུག་མར་གནས་པ་དག་གིས་བསྲུང་བར་བྱ་བ་དེ་བཞིན་དུ་གློ་བུར་དུ་འོངས་པས་ཀྱང་བསྲུང་བར་བྱའོ། །ཡོད་དམ་མེད་པ་ཉིད་དང་། ཇི་ལྟ་བུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེས་དེ་དྲི་བར་བྱའོ་ཞེས་བྱ་བ་ནི། ཁྲིམས་སུ་བྱ་བ་ཡོད་པ་དང་མེད་
པ་ནི་ཡོད་དམ་མེད་པའོ། །དེའི་དངོས་པོ་ནི་ཡོད་དམ་མེད་པ་ཉིད་དོ། །ཁྲིམས་སུ་བྱ་བ་དེ་ཡོད་དམ་མེད་པ་དང་ཡོད་པར་གྱུར་ན་ཇི་ལྟ་བུའི་རང་བཞིན་ཡོད་པ་ཡང་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། གློ་བུར་དུ་འོངས་པ་དེས་ཁྲིམས་སུ་བྱ་བ་ཡོད་པ་དང་མེད་པ་དང་། ཇི་ལྟ་བུ་ཡོད་པ་དེ་གཉུག་མར་
เล่ม ๑๖๒ · หน้า 216a
གནས་པ་དག་ལ་དྲི་བར་བྱའོ། །འདི་སྐད་བསྟན་ཏེ། ཚོགས་འདི་ན་དགེ་འདུན་གྱི་ཁྲིམས་སུ་བྱ་བ་འགའ་ཞིག་ཡོད་དམ། འོན་ཏེ་མེད། ཡོད་ན་ཇི་ལྟ་བུ་ཞིག་ཅེས་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གློ་བུར་དུ་འོངས་པ་དེས་དེ་དྲི་བར་བྱའོ། །གང་གི་ཚེ་ཞེ་
ན། དེའི་ཕྱིར་ཧ་ཅང་ཡུན་མི་རིང་བར་རོ་ཞེས་བྱ་བ་སྨྲས་ཏེ། ཧ་ཅང་ཡུན་རིང་པོ་འདའ་བར་མ་བྱས་པ་སྟེ། དེ་ཧ་ཅང་ཡུན་རིང་དུ་ངལ་བསོ་བ་མ་བྱས་པར་ཧ་ཅང་ཡུན་རིང་དུ་གནས་པ་བས་སྔ་རོལ་དུ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། འཇུག་པ་དང་། འཇུག་པའི་གནས་
བཙལ་བ་དང་། རྫས་གཞག་པ་དང་། རེ་ཞིག་བསྡད་པ་དེ་དག་ཐམས་ཅད་ཇེ་དང་པོར་བྱའོ། །དེའི་འོག་ཏུ་ཁྲིམས་སུ་བྱ་བ་དྲི་བར་བྱའོ། །དགེ་འདུན་གྱི་ཁྲིམས་སུ་བྱ་བ་བསྲུང་བར་བྱའོ་ཞེས་བྱ་བ་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། སངས་རྒྱས་ཀྱིས་གསུངས་པ་དགེ་
འདུན་ལས་གཡོ་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། སངས་རྒྱས་ཀྱིས་གསུངས་པ། བཅོམ་ལྡན་འདས་ཀྱི་བཀའ་དགེ་འདུན་ལས་འབྲེལ་པའི་ཁྲིམས་ཀྱི་རྣམ་པ་རྒྱུར་གྱུར་པས་གཡོ་བ་མེད་དེ། གཡོ་བ་ཞེས་བྱ་བ་ནི་འདའ་བ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། དགེ་འདུན་
གྱི་ཁྲིམས་སུ་བྱ་བའི་དབང་གིས་བཅོམ་ལྡན་འདས་ཀྱི་བཀའ་ལས་འདའ་བར་མི་བྱའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཉེ་སྡེ་ལ་ངས་དགེ་སློང་དགོན་པ་པ་ལ་དགོན་པ་པའི་ཡོངས་སུ་སྤང་བ་སྦྱིན་པར་བྱ་སྟེ། དགེ་སློང་དགོན་པ་པ་ལ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བ་དང་
བལྟར་འགྲོ་བའི་དུས་མ་ཡིན་པ་མེད་དོ་ཞེས་གསུངས་པའི་བཅོམ་ལྡན་འདས་ཀྱི་བཀའི་དབང་གིས་ཚེ་དང་ལྡན་པ་ཉེ་སྡེས་དགེ་འདུན་གྱི་ཁྲིམས་སུ་བྱ་བ་དྲལ་ཀྱང་ལྟུང་བ་མི་འབྱུང་བ་སྟེ། འདི་ལྟར་ཚེ་དང་ལྡན་པ་ཉེ་སྡེས་དང་པོར་ཁྲིམས་སུ་བྱ་བ་དྲལ་ལ་ཕྱིས་བཅོམ་ལྡན་འདས་ཀྱིས་བག་ཡངས་སུ་
མཛད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་ཉེ་སྡེས་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་དང་པོ་ཉིད་ནས་དགོངས་པར་གྱུར་ཟིན་ཏོ། །ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐ་རགས་ལྷག་པར་འབུལ་བ་ན་དགེ་འདུན་གྱིས་ཉེ་བར་གཞག་པའི་དོན་དུ་བླང་བར་བྱའོ་
เล่ม ๑๖๒ · หน้า 216b
ཞེས་བྱ་བ་ནི། གང་ཟག་གང་ཡང་རུང་བས་རྐྱེན་འགའ་ཞིག་གི་དབང་གིས་ཆོས་གོས་ལ་སོགས་པ་ལྷག་པ་འབུལ་བ་ན། དགེ་འདུན་དང་གང་ཟག་གིས་ཀྱང་དགེ་འདུན་གྱི་ཆེད་དུ་བླང་བར་བྱ་སྟེ། ཉེ་བར་གཞག་པའི་དོན་དུ་ཞེས་བྱ་བ་ནི་གཞག་པའི་ཆེད་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་
ལྟར་ཉེ་བར་གཞག་པ་ནི་དེ་དག་མེད་པ་དག་གིས་ཅི་དགར་བཀུར་རོ་ཞེས་བྱ་བ་ནི། ལྷུང་བཟེད་ལ་སོགས་པ་དེ་དག་མེད་པའི་རབ་ཏུ་བྱུང་བ་དག་གིས་ཅི་བདེར་བླང་བར་བྱ་བའོ། །འཁྲུར་འཇུག་པའི་སྤང་བ་རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།
འཁྲུར་འཇུག་པའི་སྤང་བ་ཞུ་བའི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར། བཤང་བ་དང་། གཅི་བ་དང་། ལྗན་ལྗིན་དང་འདམ་རྫབ་ལ་སོགས་པས་མ་རུང་བར་གྱུར་པ་འཁྲུར་འཇུག་པ་ཡང་ན་སྨད་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། བཤང་བ་ལ་སོགས་པས་མ་རུང་བར་གྱུར་པ་འཁྲུར་འཇུག་པ་ལ་ལྟུང་
བ་ན་སྨད་པ་མེད་དོ། །འདི་སྐད་བསྟན་ཏེ། ཅུང་ཟད་ཙམ་གྱིས་བཀྲུ་བར་འོས་པ་ཉིད་ལ་ཡང་ལྟུང་བ་ཆུང་བ་མེད་པ་ཉིད་དོ། །དྲེའུ་རྔོག་དང་ཁྱིམ་པའི་གོས་དང་སྔས་ནང་ཚངས་ཅན་དང་རུང་བར་བྱས་པ་དང་སྤངས་པ་དང་དགེ་འདུན་གྱི་རྣམས་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ཉེ་དུ་མ་ཡིན་པའི་
དགེ་སློང་མ་ལ་དྲེའུ་རྔོག་ལ་སོགས་པ་དག་འཁྲུ་བ་ལ་སོགས་པ་བྱེད་དུ་འཇུག་ན་ཉེས་བྱས་སོ། །འཁྲུར་འཇུག་པའི་སྤང་བ་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ། །འཁྲུར་འཇུག་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ལེན་པའི་སྤང་བ་སྨྲ་བར་
འདོད་ནས་ཞར་ལས་འོངས་པ་བསྟན་པའི་ཕྱིར། དགེ་སློང་མས་གོས་རིན་པོ་ཆེ་བརྗེ་བའི་ཕྱིར་བླང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་གོས་རིན་པོ་ཆེ་བརྗེ་བའི་ཕྱིར་བླང་བར་བྱའི། ལོངས་སྤྱད་པའི་ཕྱིར་ནི་མ་ཡིན་ནོ། །དགེ་སློང་མ་དང་ལྷན་ཅིག་བརྗེ་བར་བྱའོ་ཞེས་བྱ་བ་ནི། དགེ་
སློང་གིས་དགེ་སློང་མ་དང་ལྷན་ཅིག་གོས་ལ་སོགས་པ་བརྗེ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྫས་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་མཉམ་པས་སོ་ཞེས་བྱ་བ་སྨྲས་ཏེ། རིན་གྱི་ཕྱིར་མཉམ་པས་སོ། །ཡང་ན་དེ་དགའ་བ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། དགེ་སློང་མ་གང་དང་ལྷན་ཅིག་དེ་བརྗེ་བར་བྱེད་
เล่ม ๑๖๒ · หน้า 217a
པའི་དགེ་སློང་མ་དེ་དགའ་བར་འགྱུར་བས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་བྱས་ན་ལེན་པའི་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ལེན་ནའོ་ཞེས་བྱ་བ་སྨྲས་ཏེ། ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་དེར་འདུ་ཤེས་པའམ་ཡིད་གཉིས་ཟ་བ་ཞེས་སྔར་བསྟན་པ་
ལས་ལེན་ནའོ། །ཇི་ལྟར་ལེན་ཞེ་ན། དེའི་ཕྱིར་རྣམ་པར་རིག་བྱེད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། ཅང་མི་སྨྲ་བས་དང་དུ་ལེན་པས་ཀྱང་མ་ཡིན་ལ། ཚིག་ལས་གཞན་པའི་རྣམ་པར་རིག་བྱེད་ཀྱིས་ཀྱང་མ་ཡིན་ནོ། །ཅི་ཞིག་ལེན་ན་ཞེ་ན། དེའི་ཕྱིར་གོས་སོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་དང་སྨན་
ལ་སོགས་པ་དག་མ་ཡིན་ནོ། །རྣམ་པ་དེ་དག་ཐམས་ཅད་ཀྱི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། དགེ་འདུན་ལ་གོས་འབུལ་བ་དང་ལེགས་པར་སྨྲ་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལ་གོས་འབུལ་བ་དང་། ལེགས་པར་སྨྲ་བ་ལ་འབུལ་བ་ལ་ལྟུང་བ་མེད་དོ། །
བསྙེན་པར་རྫོགས་པར་བྱེད་པ་དང་། བོར་རླག་བྱུང་བ་དག་ལའོ་ཞེས་བྱ་བ་ནི། དགེ་སློང་བསྙེན་པར་རྫོགས་པར་བྱེད་པ་དང་། བོར་རླག་བྱུང་བ་དག་གིས་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་ལེན་པ་ལ་ཡང་ལྟུང་བ་མེད་དོ། །འདི་སྐད་བསྟན་ཏེ། དགེ་སློང་བསྙེན་པར་རྫོགས་པར་བྱེད་
པ་དང་། བོར་རླག་བྱུང་བ་དག་གིས་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་ཆོས་གོས་ལ་སོགས་པ་ལེན་པར་བྱེད་ན་དེ་དག་ལ་ལྷུང་བ་མེད་དོ། །དད་རྫས་བརྗོད་དེ་མདུན་དུ་བཞག་ནས་མི་ལྟོས་པར་སོང་བ་ལའོ་ཞེས་བྱ་བ་ནི། དགེ་སློང་མ་གང་ཞིག་ཆོས་གོས་འབུལ་བར་བྱེད་པ་ན། གལ་ཏེ་དགེ་
སློང་གིས་དགེ་སློང་མ་དེ་ལ་མི་ལེན་ཏོ་ཞེས་ཕྱིར་སྤོང་བར་བྱེད་ལ་དགེ་སློང་མ་དེས་ཀྱང་དད་རྫས་བརྗོད་དེ། བདག་ལ་རྫས་འདི་ལྟ་དག་མཆིས་ཀྱིས་འཕགས་པས་རྗེས་སུ་ཐུགས་བརྩེ་བའི་སླད་དུ་བཞེས་ཤིག །ཅེས་རྫས་དེ་མདུན་དུ་བཞག་ནས་མི་ལྟོས་པར་སོང་བ་ན་དེའི་ཚེ་བླངས་ན་ལྟུང་
བ་མེད་དོ། །དད་རྫས་ཞེས་བྱ་བ་ནི་ཁ་ཅིག་ན་རེ་བདག་ཉིད་ཀྱི་དད་པ་གྲགས་པ་ལ་བྱ་སྟེ། དེ་བརྗོད་ཅིང་རབ་ཏུ་བསྟན་པ་ལ་བྱའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྫས་ནི་ནོར་རྫས་ཏེ། བདག་ཉིད་ཀྱི་དད་པ་དང་ནོར་རྫས་བརྗོད་པ་ཡིན་ནོ་ཞེས་ཀྱང་ཟེར་རོ། །ལེན་པའི་སྤང་བ་རྣམ་པར་འབྱེད་པའོ་
เล่ม ๑๖๒ · หน้า 217b
ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ཞུ་བའི་སྐབས་བརྗོད་པར་འདོད་ནས། ལག་ཏུ་འོངས་པ་ཉིད་ཐོབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ལག་ཏུ་འོངས་པ་ནི་དོན་ལ་གྲུབ་པའི་བློ་སྐྱེ་བས་དེའི་ཚེ་ན་དོན་དེ་ཐོབ་པ་ཉིད་ཡིན་པར་རིག་པར་བྱའོ། །བལྟ་
བའི་ཉེ་འཁོར་དུ་གྱུར་པ་ནི་དེའི་དང་པོའོ་ཞེས་བྱ་བ་ནི། བལྟ་བའི་ཉེ་འཁོར་དུ་ཕྱིན་པ་ནི་ལག་ཏུ་འོངས་པ་ཉིད་དེའི་དང་པོ་རྩོམ་པ་སྟེ། དེ་ཚུན་ཆད་རྫས་དེ་ལག་ཏུ་འོངས་པ་ཡིན་ནོ། །འདིར་གཞུང་ནི་གོས་ཀྱི་གཞིའི་ཞུ་བ་ལས་ཇི་ཙམ་གྱིས་ན་གོས་ཐོབ་པ་ལགས། གང་ཚུན་ཆད་དེའི་
ལག་ཏུ་འོངས་པར་གྱུར་པའམ། བལྟ་བའི་ཉེ་འཁོར་དུ་གྱུར་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཉེ་བར་མ་གྱུར་པ་ནོད་པ་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི། ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་གོས་ཉེ་བར་མ་གྱུར་པ་ནོད་པ་ལེན་ན། ནོད་པ་དེ་ནི་སྦྱོར་བ་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་
གོ། །འདིར་གཞུང་ནི་ཁ་ཅིག་ལས་གྲོང་ཆེ་གེ་མོ་ཞིག་ན་གོས་མཆིས་ཀྱིས། དེ་ཚེ་དང་ལྡན་པ་ལ་གསོལ་ལོ་ཞེས་ཟེར་བ་ནོད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྒྱ་ཆེ་བ་དང་ཐ་སྙད་ཀྱི་དབང་མ་ཡིན་པ་ཉིད་ལ་ནི་གོས་སྦྱིན་པ་ལ་སོགས་པ་གཙོ་བོ་ཡིན་ནོ་ཞེས་བྱ་བ་ལ། རྒྱ་ཆེ་
བ་ཞེས་བྱ་བ་ནི་ཡངས་པའོ། །ཐ་སྙད་ཀྱི་དབང་མ་ཡིན་པ་ཉིད་ཅེས་བྱ་བ་ནི་ཉོ་ཚོང་དང་བྲལ་བ་ཉིད་དེ། དེ་གཉིས་ཀ་ཚོགས་པ་ན་གོས་སྦྱིན་པ་ལ་སོགས་པ་གཙོ་བོ་ཡིན་ཏེ། གཙོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དགེ་སློང་མ་རྒྱ་ཆེ་བ་ཡང་ཡིན་ལ། ཉོ་ཚོང་དང་བྲལ་བ་ཡང་ཡིན་པས་
དགེ་སློང་ལ་གོས་སྦྱིན་པར་བྱེད་ལ། དགེ་སློང་དེས་ཀྱང་ལེན་པར་བྱེད་ན་དགེ་སློང་དེ་ལ་ལྟུང་བར་མི་འགྱུར་རོ། །དེ་ལྟར་ཡང་གཞུང་ནི་འདི་ཡིན་ཏེ། སྔར་བཞག་པར་གྱུར་ནས་སྨྲས་པ། རྗེས་སུ་གནང་བར་བགྱི་ཡིས་འཕགས་པས་ལོངས་སྤྱད་དུ་གསོལ། བདག་ལ་བསོད་ནམས་སུ་འགྱུར་
རོ་ཞེས་ཟེར་ན་ལྟུང་བ་མེད་དོ་ཞེས་གསུངས་པའོ། །ཡང་ན་ཕྱིར་བསབ་མི་འཚལ་བར་འབུལ་གྱིས་ལོངས་སྤྱད་དུ་གསོལ་ཞེ་འམ། གོས་ཆ་མི་མཐུན་པ་འམ། བརྗེའོ་ཞེས་ཟེར་བ་བླངས་པར་གྱུར་པ་ལས། ཕྱིས་ཚེ་དང་ལྡན་པ་རིན་སྩལ་མི་འཚལ་ལོ་ཞེས་ཟེར་བ་ལ། ལྟུང་བ་མེད་དོ་
เล่ม ๑๖๒ · หน้า 218a
ཞེས་གསུངས་པ་གང་ཡིན་པ་དེ་མདོ་འདིས་བསྡུས་པ་ཡིན་ནོ། །རེ་ཞིག་གི་སེམས་ཀྱིས་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་རེ་ཞིག་གི་སེམས་ཀྱིས་ཆོས་གོས་ལ་སོགས་པ་ལེན་པ་ལ་ལྟུང་བ་མེད་པ་སྟེ། ཡིད་གཅུགས་པས་
གོས་ལ་སོགས་པ་རེ་ཞིག་གི་ཚུལ་གྱིས་ལེན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །རིན་སྦྱིན་པ་བརྗེད་པ་ལའོ་ཞེས་བྱ་བ་ནི། རིན་གྱིས་བླངས་ནས་རིན་སྦྱིན་པ་བརྗེད་ན། འདི་ལྟར་དགེ་སློང་མ་ལས་བླངས་པར་གྱུར་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་ཉེས་པ་མེད་དོ། །འདིར་གཞུང་ནི་
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རིན་སྩལ་མི་འཚལ་ལོ་ཞེས་ཟེར་བ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་སྔར་བསྟན་མ་ཐག་པ་ཉིད་ཡིན་ཏེ། དེ་ལྟར་གང་གིས་མི་དྲན་པ་ལ་ཉེས་པ་མེད་པའོ། །ལེན་པའི་སྤང་བ་ཞུ་བའོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ། །ལེན་
པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སློང་བའི་སྤང་བ་འདི་ལ་ལྟུང་བ་བྱེད་པ་གང་ཞེ་ན། དེའི་ཕྱིར་མིའི་འགྲོ་བ་པར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མིའི་འགྲོ་བ་པར་གཏོགས་པ་ཞེས་བྱ་
བ་ནི་མིའི་རྒྱུད་དུ་སྐྱེས་པའོ་ཁྱིམ་པར་གྱུར་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་ནི་མ་ཡིན་པའོ། །སྲོག་དང་ལྡན་པ་ཞེས་བྱ་བ་ནི། སྲོག་དང་བྲལ་བ་ནི་མ་ཡིན་པའོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི། ཉེ་དུའི་མཚན་ཉིད་དང་བྲལ་བའོ། །ལྟུང་བའི་བྱེད་པ་ཞེས་བྱ་བ་ནི། ལྟུང་བ་བྱེད་པས་ན་ལྟུང་
བའི་བྱེད་པའོ། །དོན་སླ་བས་འདྲ་བར་བསྟན་པའི་ཕྱིར། འོག་མ་གསུམ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། འོག་ཁོ་ན་ནས་འབྱུང་བའི་བསླབ་པའི་གཞི་འོག་མ་གསུམ་ལ་ཡང་དེ་ཉིད་དུ་ལྟུང་བའི་བྱེད་པའོ། །འདིར་དགེ་སློང་ཇི་ལྟ་བུ་ལ་དེ་ལྟུང་བའི་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་གོས་ཕྲོགས་པ་
དང་རླག་པ་དང་། ཚིག་པ་དང་རླུང་གིས་ཁྱེར་བ་དང་ཆུས་ཁྱེར་བར་མ་གྱུར་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གོས་ཕྲོགས་པར་མ་གྱུར་པ་དང་། རླག་པར་མ་གྱུར་པ་ལ་སོགས་པ་ལའོ། །ཅི་ཞིག་ལྷག་པར་སྤྱད་ན་ལྟུང་བ་ཇི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་བསླངས་ན་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ།
เล่ม ๑๖๒ · หน้า 218b
བསླངས་པ་ན་ཉེས་བྱས་ཀྱི་བྱེད་པ་པོར་འགྱུར་རོ། །ཐོབ་ན་དངོས་གཞིའོ་ཞེས་བྱ་བ་ནི། བསླངས་པའི་རྒྱུ་དེ་ལས་ཐོབ་པར་གྱུར་ན་དངོས་གཞིའི་སྤང་བའི་ལྟུང་བྱེད་ཅེས་བྱ་བའི་བྱེད་པ་པོར་འགྱུར་རོ། །ཅི་ཞིག་ཐོབ་ཅེ་ན་དེའི་ཕྱིར་ཆོས་གོས་སོ་ཞེས་བྱ་བ་སྨྲས་ཏེ། ཚད་ཅི་ཙམ་ཞིག་ཅེ་ན། དེའི་
ཕྱིར་མི་ཆུང་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་རང་གི་ཚད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་རྣམ་པ་གང་བསླངས་བའོ་ཞེས་བྱ་བ་སྨྲས་ཏེ། རིན་ཐང་ངམ་ཁ་དོག་གམ་ཁྲུ་ཚད་ལས་རྣམ་པ་གང་བསླངས་པའི་རྣམ་
པ་དེ་ལྟ་བུ་ཉིད་ཐོབ་ན་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནོ། །འདིར་ཡང་གཙུག་ལག་ལས་ཁ་དོག་ཅན་ཞེས་བྱ་བའི་སྒྲ་ནི་སྔོན་པོ་ལ་སོགས་པའི་ཁ་དོག་ཉིད་ལ་སྙེགས་སོ། །དེས་ན་རིན་ཐང་ངམ། ཁ་དོག་གམ། ཁྲུ་ཚད་ཇི་ལྟ་བུ་བསླངས་པ་དེ་ལྟ་བུ་ཉིད་ཐོབ་ན་ལྟུང་བར་འགྱུར་གྱི།
གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་གཞན་ཐོབ་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར་གཞན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། རིན་ཐང་གཞན་ནམ་ཁ་དོག་གཞན་ནམ། ཁྲུ་ཚད་གཞན་ཐོབ་པ་ལ་ནི་ལྟུང་བ་མེད་དོ། །འདིར་ཁ་དོག་གི་གཞུང་ནི་དགེ་སློང་གིས་ཆོས་
གོས་སྔོན་པོ་སློང་བར་བྱེད་ཅིང་། སྔོན་པོ་ཉིད་ཐོབ་ན་དེ་ལ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་པ་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གཞན་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རིན་ཐང་གི་གཞུང་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་སློང་མས་ཆོས་གོས་
ཀཱར་ཥཱ་པ་ཎ་ལྔ་རི་བ་ཞིག་སློང་བར་བྱེད་ཅིང་། ཀཱར་ཥཱ་པ་ཎ་ལྔ་རི་བ་དེ་ཉིད་ཐོབ་ན། དེ་ལ་སློང་བ་ན་ཉེས་བྱས་སོ། །ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ། །དེ་ལས་གཞན་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཚད་ཀྱི་གཞུང་ཡང་དགེ་སློང་གིས་ཆོས་གོས་ཁྲུ་ལྔ་པ་སློང་བར་བྱེད་ཅིང་
དེས་གོས་ཁྲུ་ལྔ་པ་ཉིད་ཐོབ་ན། དེ་ལ་སློང་བ་ན་ཉེས་བྱས་སོ། །ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ། །གཞན་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །འདིར་གཞན་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཐ་དད་པར་གྱུར་པ་ཉིད་ལ་ཡིན་པར་རིག་པར་བྱའི། རྒྱུ་གཅིག་ལ་ལྷག་པར་ཐོབ་
เล่ม ๑๖๒ · หน้า 219a
པ་ལ་ལྟུང་བ་མེད་པ་མ་ཡིན་ནོ། །ཁ་དོག་ལ་སོགས་པའི་དབྱེ་བ་མ་བྱས་པར་སྤྱིར་བསླངས་པ་ན་གང་ཡང་རུང་བ་ཞིག་ཐོབ་ན་ཡང་སྤང་བའི་ལྟུང་བྱེད་དོ། །རས་མ་དང་ཁ་ཚར་དག་སློང་ནའོ་ཞེས་བྱ་བ་ནི། རས་མ་དང་ཁ་ཚར་དག་སློང་བ་ལ་ལྟུང་བ་མེད་དོ། །ཁ་ཚར་བསླངས་
པ་ལས་རས་མ་ཐོབ་པ་ལ་ཡང་ལྟུང་བ་མེད་དོ། །རས་མ་བསླངས་ན་རས་ཡུག་ཆེན་དང་། རས་ཡུག་ཕྲན་དག་ཐོབ་བོ་སྙམ་ནས་བསླངས་ཤིང་ཐོབ་ན་ཡང་ལྟུང་བ་མེད་པར་རིག་པར་བྱའོ། །རྒྱུ་དང་སྤུན་ལ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ནི། རྒྱུ་ཅི་ཙམ་དང་སྤུན་ཇི་ཙམ་གྱིས་ཆོས་གོས་ཚད་དང་ལྡན་
པ་ལངས་པར་འགྱུར་བ་དེ་ཅི་ཙམ་གྱི་རྒྱུ་དང་སྤུན་དག་སློང་ཞིང་ཐོབ་ན་ཉེས་བྱས་སོ། །འདིས་ནི་ཞུ་བ་ལས་ཉེ་དུ་མ་ཡིན་པ་ལས་ཆོས་གོས་མི་ཆོག་པ་ཉིད་སློང་ན་ཉེས་བྱས་སོ། །རྒྱུ་སློང་ན་ཡང་ཉེས་བྱས་སོ། །སྤུན་སློང་ན་ཡང་ཉེས་བྱས་སོ་ཞེས་གསུངས་པ་དེ་དག་བསྡུས་པ་ཡིན་ནོ། །དེའི་རང་བཞིན་
ནི་དེ་དང་འདྲའོ་ཞེས་བྱ་བ་ནི་རྒྱུ་སྤུན་གྱི་སྐུད་པའི་རང་བཞིན་ནི་རྒྱུ་སྤུན་གྱི་སྐུད་པ་དང་འདྲ་བ་སྟེ། རྒྱུ་སྤུན་གྱི་སྐུད་པའི་རང་བཞིན་ཞེས་བྱ་བ་ནི་བལ་དང་རས་བལ་ལ་སོགས་པའོ། །འདིས་ནི་འཐག་པའི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་རས་བལ་སློང་བར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་
ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །སློང་བའི་སྤང་བའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པ་དང་ཞུ་བའི་སྐབས་ཅིག་ཅར་བཤད་ཟིན་ཏོ།། །།བམ་པོ་བཅོ་བརྒྱད་པ། སློང་བར་རིགས་པའི་སྤང་བ་བསྡུ་བའི་ཕྱིར། བྱིན་གྱིས་བརླབ་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིགས་པ་ཉིད་
དོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་ལ་ཆོས་གོས་གསུམ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་བ་ཐམས་ཅད་མེད་ན། བྱིན་གྱིས་བརླབ་པར་བྱ་བ་དེ་ཐམས་ཅད་བསླང་བར་རིགས་པ་ཉིད་དོ། །འདི་སྐད་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་གོས་བཅུ་གསུམ་པོ་གང་དག་གསུངས་པ་འདི་
ལྟ་སྟེ། སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་། གདིང་བ་དང་། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། ལུས་ཕྱིས་དང་། སྐྲ་བཟེད་དང་། གཡན་པ་དགབ་པ་དང་། དབྱར་གྱི་རས་ཆེན་དང་། ཡོ་བྱད་ཀྱི་གོས་སོ། །བཅུ་
เล่ม ๑๖๒ · หน้า 219b
གསུམ་པོ་དེ་དག་ལས་ཁ་ཅིག་ལས་ནི་དབྱར་གྱི་རས་ཆེན་མི་སྨོས་པར་ཁྲུས་རས་ཞེས་འབྱུང་སྟེ། དེ་དག་གི་ནང་ནས་གང་དང་གང་མེད་པ་དེ་དང་དེ་ཉིད་སློང་བར་རིགས་པ་ཉིད་ཡིན་ནོ། །མདོར་ན་གང་ལ་དགེ་སྦྱོང་གི་ཡོ་བྱད་ཅེས་བྱ་བའི་དངོས་པོ་གང་གིས་བྲེལ་བ་ཡོད་པ་དེ་ཉིད་དུ་མ་ཡིན་པ་ལས་
སློང་བར་བྱེད་ན་དེ་ལ་ཉེས་པ་མེད་དོ། །འདི་ལ་ལྟུང་བའི་བྱེད་པ་པོ་ཉིད་གང་ཞེ་ན། དེའི་ཕྱིར་དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཞེས་བྱ་བ་ནི་སྔར་བསྟན་མ་ཐག་པའི་དགེ་སློང་སློང་བར་རིགས་པ་སྟེ། དེ་འདིར་ལྟུང་བའི་བྱེད་པ་པོ་ཉིད་ཡིན་གྱི། ཆོས་གོས་ནི་མ་ཡིན་ཏེ། མི་སྲིད་
པའི་ཕྱིར་རོ། །ཇི་ལྟར་ན་དགེ་སློང་སློང་བར་རིགས་པ་ཡིན་ཞེ་ན། ཉེ་དུ་མ་ཡིན་པ་ལས་ཆོས་གོས་སློང་བར་རིགས་པའི་ཕྱིར་རོ། །དེ་ཡང་གང་ཞེ་ན། ཆོས་གོས་ཕྲོགས་པ་ལ་སོགས་པའོ། །སློང་བར་མི་རིགས་པ་སློང་བར་བྱེད་ན་ནི་སློང་བའི་སྤང་བར་གཏོགས་པའི་ལྟུང་བའོ། །སློང་བར་
རིགས་པ་སློང་བར་བྱེད་ན་ནི་དེ་ལས་ལྷག་པ་ལེན་ན་ལེན་པའི་སྤང་བར་གཏོགས་པའི་ལྟུང་བར་འགྱུར་རོ། །དེའི་མདོར་བསྡུས་པ་རྣམ་པར་དབྱེ་བ་ཡིན་ནོ། །དེ་གང་ལས་འབྱུང་ཞེ་ན། སོ་སོར་ཐར་པའི་མདོ་ལས་ཆོས་གོས་ཆུས་ཁྱེར་ན་ཉེ་དུ་མ་ཡིན་པའི་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མའི་གན་དུ་
སོང་སྟེ། ཆོས་གོས་བསླང་བར་བྱའོ། །དེ་ལ་གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཆོས་གོས་རབ་ཏུ་མང་པོ་དག་གིས་སྟོབས་པར་བྱེད་པར་གྱུར་ན། དགེ་སློང་དེས་འདོད་ན་ཆོས་གོས་དེ་ལས་སྟོད་གཡོགས་སྨད་གཡོགས་དང་བཅས་པ་མན་ཆད་བླང་བར་བྱའོ། །དེ་ལས་ལྷག་པ་
ལེན་ན་སྤང་བའི་ལྟུང་བྱེད་དོ་ཞེས་སློང་བར་རིགས་པས་བསླངས་ཏེ་ཐོབ་པ་ན་ལྟུང་བྱེད་དོ་ཞེས་རྣམ་པར་གཞག་པའི་ཕྱིར་རོ། །ཟུང་བསླང་བར་བྱ་བ་ཉིད་དོ་ཞེས་འོག་ནས་འབྱུང་བ་དེའི་རང་བཞིན་བསྟན་པར་བྱ་སྟེ། ཁྱིམ་པའི་སྟོད་གཡོགས་ཆེ་ཚད་ནི་རས་ཡུག་ཆེན་ཁྲུ་བཅུ་གཉིས་པའོ། །སྨད་གཡོགས་ནི་
རས་ཡུག་ཕྲན་བདུན་པ་དང་དོ་པའོ་ཞེས་བྱ་བ་ནི། ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ཆེ་ཚད་ནི་འདི་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཁྱིམ་པའི་སྟོད་གཡོགས་ཆེ་ཚད་རབ་ཀྱི་མཐར་ཕྱིན་པ་ནི། རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་སྟེ། རས་ཡུག་ཆེན་གང་ལ་སྲིད་དུ་ཁྲུ་བཅུ་གཉིས་ཀྱི་ཚད་
เล่ม ๑๖๒ · หน้า 220a
ཡོད་པ་དེ་ནི་ཁྲུ་བཅུ་གཉིས་པའོ། །རས་ཡུག་ཆེན་དེ་ལྟ་བུ་དེ་ནི་ཁྱིམ་པའི་སྟོད་གཡོགས་དེ་གོས་ཆེན་པོའི་ཚད་ཡིན་ནོ། །འདིར་དེའི་རྐྱེན་ཉིད་ཀྱིས་ཞེང་དུ་ནི་ཤུགས་ཀྱིས་ན་ཁྲུ་གསུམ་པ་ཡིན་པར་ཤེས་པར་བྱའོ། །ཁྱིམ་པའི་སྨད་གཡོགས་ཆེ་ཚད་རབ་ཀྱི་མཐར་ཕྱིན་པ་ནི་རས་ཡུག་
ཕྲན་སྲིད་དུ་ཁྲུ་བདུན་པ་དང་ཞེང་དུ་ཁྲུ་དོ་པ་སྟེ། རས་ཡུག་ཕྲན་དེ་ལྟ་བུ་ནི་ཁྱིམ་པའི་སྨད་གཡོགས་ཏེ། འདིར་ཡང་ཆེ་ཚད་ཅེས་བྱ་བར་སྦྱར་རོ། །དགེ་སློང་གི་ཆེ་ཚད་ནི་སྣམ་སྦྱར་དང་། ཤམ་ཐབས་ཀྱི་རིམ་པ་ཇི་སྐད་བསྟན་པའོ་ཞེས་བྱ་བ་ནི་ཆེ་ཚད་ཅེས་བྱ་བར་སྦྱར་རོ། །སྣམ་སྦྱར་དང་ཤམ་ཐབས་ནི།
སྣམ་སྦྱར་དང་ཤམ་ཐབས་སོ། །རིམ་པ་ཇི་སྐད་བསྟན་པའོ་ཞེས་བྱ་བ་ནི། རིམ་པ་གཉིས་པ་ལ་སོགས་པ་སྟེ། དེ་ནི་ཆོས་གོས་ཆེ་ཚད་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་གི་སྟོད་གཡོགས་ཆེ་ཚད་ནི་སྣམ་སྦྱར་གྱི་རིམ་པ་ཇི་སྐད་བསྟན་པའོ། །སྨད་གཡོགས་ཆེ་ཚད་ནི་ཤམ་ཐབས་
ཀྱི་རིམ་པ་ཇི་སྐད་བསྟན་པའོ། །ཆོས་གོས་ཇི་སྙེད་བསླང་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟུང་བསླང་བར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སྟོད་གཡོགས་སྨད་གཡོགས་སུ་བཅས་པ་ཟུང་འདི་བསླང་བར་བྱ་བ་ཉིད་ཡིན་ཏེ། ལྷག་ན་ཐ་དད་པར་གྱུར་ཀྱང་རུང་ཐ་དད་པར་གྱུར་པ་མ་ཡིན་པ་ཡང་རུང་
སྟེ། ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །ཁྱིམ་པ་དང་དགེ་སློང་གི་ཟུང་འདི་གཉིས་ལས་གང་བསླང་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་གང་ཡང་རུང་བའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པའམ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པའོ། །
ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མ་ཡིན་པའོ་ཞེས་བྱ་བ་ནི། སྔར་བསྟན་པའི་ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མ་ཡིན་པའོ། །དེ་ཉིད་བསྟན་པའི་ཕྱིར་སྔ་མ་ཐོབ་ན་ཁ་བསྐང་བ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། བསླང་བར་བྱ་བ་ཉིད་མ་ཡིན་པའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་
བའི་སྒྲ་སྨོས་སོ། །སྔ་མ་ཐོབ་ན་ཞེས་བྱ་བ་ལ་སྔ་མ་ཞེས་བྱ་བ་ནི་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་སྔར་སྨོས་པ་སྟེ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་བས་གོ་རིམས་སྔར་བསྟན་པའི་ཕྱིར་རོ། །ཐོབ་ན་ཞེས་བྱ་བ་ནི་ཁྱིམ་པའི་སྟོད་གཡོགས་སྨད་
เล่ม ๑๖๒ · หน้า 220b
གཡོགས་དང་བཅས་པ་སྔ་མའི་ཚད་པས་ཆུང་བ་ཞིག་ཐོབ་ནའོ། །ཁ་བསྐང་བ་ཞེས་བྱ་བ་ནི་དེའི་ཁ་བསྐང་བ་ཡང་བསླང་བར་མི་བྱ་བའོ། །ཚད་ཅི་ཙམ་གྱིས་ཆུང་བ་ཐོབ་ན་དེའི་ཁ་བསྐང་བ་བསླང་བར་མི་བྱ་ཞེ་ན། རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང་། རས་ཡུག་ཕྲན་བདུན་པ་དང་དོ་བ་མན་ཆད་རས་
ཡུག་ཆེན་ཁྲུ་ཕྱེད་དང་གསུམ་པ་དང་ཕྱེད་དང་ལྔ་པའི་བར་དང་། རས་ཡུག་ཕྲན་འཁོར་གསུམ་ཁེབས་པའི་ཚད་ཀྱི་བར་ནི་ཆུང་བའི་མཐའ་ཡིན་པར་རིག་པར་བྱའོ། །དེ་བས་ཆེས་ཆུང་བ་ཞིག་ཐོབ་ན་ནི་དེའི་ཁ་བསྐང་བ་བསླང་བར་བྱ་སྟེ། ཆེས་ཆུང་བ་ལ་ནི་བྱིན་གྱིས་བརླབ་ཏུ་མི་རུང་བའི་ཕྱིར་རོ། །
རས་ཡུག་ཆེན་ཁྲུ་ཕྱེད་དང་གསུམ་པ་དང་ཕྱེད་དང་ལྔ་པ་དང་རས་ཡུག་ཕྲན་འཁོར་གསུམ་ཁེབས་པའི་ཚད་ནི་འདོད་ལ་ཞེས་བྱ་བའི་སྒྲ་མེད་པར་བྱིན་གྱིས་བརླབ་ཏུ་རུང་སྟེ། མ་དྲས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་རང་གི་རྣམ་པར་བཤད་པ་ལས་སྨོས་སོ། །ཆོས་གོས་
མ་དྲས་པ་འཆང་བར་འདོད་པ་གང་ཡིན་པ་དེ་ཉིད་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་འདོད་པ་ཡིན་ཏེ། འགྲེལ་པ་བྱེད་པས་ཀྱང་དེ་ཁོ་ན་སྐད་བཤད་དོ། །གལ་ཏེ་ཆོས་གོས་མ་དྲས་པ་བྱས་ཟིན་པར་མི་འགྱུར་ན་ནི་དེ་བཅད་པར་འདོད་པ་ཉིད་ཀྱང་བསྐྱེད་པར་མི་བྱ་སྟེ། འདོད་ན་ཞེས་བྱ་
བར་སེམས་པའི་ཕྱིར་རོ། །དེའི་ཁ་བསྐང་བ་ཡང་ཅིའི་ཕྱིར་བསླང་བར་མི་བྱ་སྟེ། དེའི་ཕྱིར་དེ་བསམ་མོ། །གལ་ཏེ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལས་ལྷག་པ་ཞིག་ཐོབ་ན་ནི་དེའི་ཚེ། ལྷག་པར་སྦྱིན་པར་བྱ་བ་ཉིད་མ་ཡིན་ནོ། །གལ་ཏེ་དགེ་སློང་གིས་སྟོད་གཡོགས་སྨད་གཡོགས་
དང་བཅས་པ་སློང་བར་བྱེད་པ་ན་ཚད་ལས་ཆེས་ལྷག་པ་ཞིག་ཐོབ་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ཕྱི་མ་ཐོབ་ན་ལྷག་པ་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་འདིར་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་བས་ཕྱིས་བསྟན་
པའི་ཕྱིར། ཕྱི་མ་ཞེས་བྱ་བའི་སྒྲར་བརྗོད་དེ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཕྱིས་མ་ཐོབ་ན་གལ་ཏེ་ལྷག་པར་ཐོབ་ན་ཡང་ལྷག་པ་སྦྱིན་པ་དག་ལ་སྦྱིན་པར་བྱ་བ་ཉིད་དེ། དོན་ཡོངས་སུ་རྫོགས་པ་ལས་དེ་ལྷག་པའི་ཕྱིར་རོ། །བསམ་པའི་དབང་གིས་ཀྱང་ཡོངས་སུ་རྫོགས་པ་
เล่ม ๑๖๒ · หน้า 221a
ཉིད་ཡིན་ཏེ། ཆིག་རྐྱང་དང་དྲས་པ་ལ་སོགས་པའི་བསམ་པས་སོ། །སློང་བར་མི་རིགས་པའི་དགེ་སློང་གིས་བདག་ནི་སློང་བར་རིགས་པ་ཡིན་ནོ་སྙམ་དུ་རྟོག་པ་འདིས་སློང་བ་ལ་ཞུགས་ན་བྱ་བ་གང་ལ་ལྟུང་བ་ཇི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་བསླང་བར་བྱ་བ་མ་ཡིན་པ་
བསླངས་ན་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། བསླང་བར་བྱ་བ་མ་ཡིན་པ་བསླང་བར་མི་འོས་པའི་གོས་རྔ་བལ་ལ་སོགས་པ་བསླངས་ན་སྦྱོར་བ་ལས་གྱུར་པའི་ཉེས་བྱས་སོ། །ཐོབ་ན་དངོས་གཞིའོ་ཞེས་བྱ་བ་ནི་རུང་བ་མ་ཡིན་པའི་ཕྱིར་ཏེ། དངོས་གཞི་ནི་ཉེས་བྱས་ལྕི་བ་ཡིན་ནོ། །འདི་སྐད་བསྟན་
ཏེ། དངོས་པོ་གང་དང་གང་གི་ཆོས་དང་ལྡན་པའི་དགོས་པ་ཡོད་པ་དེ་དང་དེས་བྲེལ་བ་ཡོད་ན་དགེ་སློང་དེས་སངས་རྒྱས་མཆོད་པ་ལ་སོགས་པའི་དགོས་པས་དངོས་པོ་དེ་ཤིན་ཏུ་མང་པོ་ཡིན་ན་ཡང་བསླང་བར་བྱའོ། །བྲེལ་བ་མེད་ན་རྩྭ་ཙམ་ཡང་བདག་གིར་མི་བྱ་ན། གོས་ལ་སོགས་པ་ལྟ་ཕར་ཞོག་
སྟེ། དེ་ནི་ཉེས་བྱས་སྔ་མར་གཏོགས་སོ། །སྦྱིན་པར་བྱ་བ་མི་སྦྱིན་ན་ཡང་ངོ་ཞེས་བྱ་བ་ལ་དངོས་གཞིའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ལྷག་པ་སྦྱིན་པར་བྱ་བ་ཉིད་དོ་ཞེས་སྨོས་པ་མ་སྦྱིན་ན་དངོས་གཞི་སྟེ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་
གོ། །དེ་ལྟ་བས་ན་བསླབ་པའི་གཞི་འདི་ལ་ལྷག་པ་འདི་ཉིད་མ་བྱིན་ན་དངོས་གཞི་ཡིན་པར་ཁོང་དུ་ཆུད་པར་བྱའོ། །སློང་བར་རིགས་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྤགས་པ་སློང་བའི་སྤང་བ་ནི་སློང་བའི་སྤང་བའི་རབ་ཏུ་དབྱེ་བར་གྱུར་པ་ཡིན་པས་དེའི་ཕྱིར་སློང་
བའི་སྤང་བའི་སྐབས་སུ་མིའི་འགྲོ་བ་པར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ནི་ལྟུང་བའི་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་པའི་རྣམ་པ་ཁས་བླངས་ནས་དེའི་བྱེ་བྲག་བརྗོད་པར་བྱ་སྟེ། དེའི་ཕྱིར་སྤགས་པ་མ་ཕུལ་བར་ཤེས་པ་ནི་མ་སྤགས་པ་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ།
མ་ཕུལ་བ་ཞེས་བྱ་བ་ནི་སྦྱིན་བདག་གིས་ལྟུང་བ་འབྱིན་པའི་གང་ཟག་ལ་འདི་ལ་ཆོས་གོས་སྤགས་པ་གང་ཡིན་པ་དེ་སྦྱིན་ནོ་ཞེས་ཆོས་གོས་ཀྱིས་མགྲོན་དུ་མ་གཉེར་བའོ། །ཤེས་པ་ཞེས་བྱ་བ་ནི་དགེ་སློང་དེས་གང་ཡང་རུང་བ་ཞིག་གིས་ཤེས་པའོ། །ཆོས་གོས་སྤགས་པ་དེ་ནི་སློང་བའི་ཕྱིར། མ་སྤགས་
เล่ม ๑๖๒ · หน้า 221b
པ་དང་འདྲ་བར་ཤེས་པར་བྱའོ། །འདི་སྐད་བསྟན་ཏེ། ཇི་ལྟར་ཆོས་གོས་མ་སྤགས་པ་མིའི་འགྲོ་བ་པར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ལས་སློང་བ་ན་ཉེས་བྱས་སུ་འགྱུར་ལ་ཐོབ་ན་དངོས་གཞིར་འགྱུར་བ་ཁོ་ན་བཞིན་དུ་སྤགས་པ་ཡང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །
སྤགས་པའམ་སྤགས་པ་མི་ཤེས་པར་གྱུར་པ་ནི་སློང་བའི་སྤང་བའི་ཡུལ་ཡིན་ལ། སྤགས་པ་ཞེས་པ་ནི་འདིའི་ཡུལ་ཡིན་ནོ། །དོན་དེ་ཉིད་བསྟན་པའི་ཕྱིར་དེ་ཉིད་གཞན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ཉིད་ཅེས་བྱ་བ་ནི་ཆོས་གོས་སྤགས་པ་ལྟུང་བ་འཕྱིན་པའི་གང་ཟག་གིས་མི་ཤེས་པའོ། །གཞན་
ཡིན་ནོ་ཞེས་བྱ་བ་ནི་མ་སྤགས་པ་ཉིད་ཡིན་པའོ། །འདི་སྐད་བསྟན་ཏེ། འདི་ནི་སློང་བའི་སྤང་བའི་གཞི་ཉིད་ཀྱི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །གལ་ཏེ་སྤགས་པ་མི་ཤེས་པ་སློང་བར་བྱེད་ན་ནི་སློང་བའི་སྤང་བའི་ཁོངས་སུ་གཏོགས་པའི་ཉེས་བྱས་ཡིན་པར་རིག་པར་བྱའོ། །ཤེས་ན་ནི་ཐོབ་
ན་དེའི་ཚེ་སྤགས་པ་སློང་བའི་སྤང་བའི་ཁོངས་སུ་གཏོགས་པའི་དངོས་གཞི་ཡིན་པར་རིག་པར་བྱའོ། །སྤགས་པ་སློང་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འདི་ལྟར་སོ་སོ་ནས་སྤགས་པ་སློང་བ་འདི་ནི་སྤགས་པ་སློང་བའི་སྤང་བའི་རྣམ་པ་ཡིན་མོད་ཀྱི། འོན་ཀྱང་སྦྱིན་པར་
བྱེད་པའི་སྦུངས་ཀྱི་བྱེ་བྲག་ལས་ལྟུང་བ་ཐ་དད་པར་རྣམ་པར་གཞག་པར་བྱ་སྟེ། འདི་ལྟར་ཚེ་དང་ལྡན་པ་ཉེ་དགས་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ལ་སོ་སོ་ནས་རས་ཡུག་ཆེན་ཡང་དག་པར་སྦྱིན་དུ་གཞུག་པར་བྱས་པའི་ཕྱིར་རོ། །སྤགས་པ་སློང་བར་འདྲ་མོད་ཀྱི་འོན་ཀྱང་བྱེ་བྲག་བརྗོད་པར་བྱ་
སྟེ། སྦྱིན་པར་བྱེད་པ་སྦུངས་ཆེ་བ་ཡང་ངོ་ཞེས་བྱ་བ་ནི་སྤགས་པ་མ་ཕུལ་བར་ཤེས་པ་ནི་མ་སྤགས་པ་དང་འདྲའོ་ཞེས་བྱ་བ་དང་དེ་ཉིད་གཞན་ཡིན་ནོ་ཞེས་བྱ་བ་དེ་དག་ཐམས་ཅད་ཀྱི་རྗེས་སུ་སྦྱར་རོ། །སྦྱིན་པར་བྱེད་པ་སྦུངས་ཆེ་བ་ཞེས་བྱ་བ་ནི་ཚམ་ཚོམ་མེད་པའོ། །ཡང་ངོ་ཞེས་བྱ་བའི་སྒྲས་
ནི་སྔར་བསྟན་པའི་རྣམ་པས་སོ་སོ་བའི་སྤང་བ་རྣམ་པར་འཇོག་པར་བྱེད་དོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། སྦྱིན་པར་བྱེད་པ་སྦུངས་ཆེ་བ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པས་ཆོས་གོས་སྤགས་པ་གང་ཟག་ལ་མ་ཕུལ་བར་ཤེས་པ་སློང་
เล่ม ๑๖๒ · หน้า 222a
བར་བྱེད་ན་ནི་ཉེས་བྱས་སོ། །ཐོབ་ན་ནི་སོ་སོ་ནས་སྤགས་པ་སློང་བའི་སྤང་བའི་ལྟུང་བྱེད་དོ། །སྤགས་པར་མི་ཤེས་པ་སློང་བར་བྱེད་ན་ནི་སློང་བའི་སྤང་བར་འགྱུར་རོ། །སྦྱོར་བ་གཅིག་པའི་ཕྱིར་ཐོབ་ན་གཅིག་ཉིད་དོ་ཞེས་བྱ་བ་ནི། སྦྱོར་བ་གཅིག་པ་ནི་སྦྱོར་བ་
གཅིག་པ་སྟེ། སྦྱོར་བ་གཅིག་པའི་ཕྱིར་ཐོབ་ན་རྫས་དུ་མ་ཉིད་ཡིན་དུ་ཟིན་ཀྱང་གཅིག་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་སྦྱོར་བ་གཅིག་གིས་ཆོས་གོས་སོ་སོ་བ་ཞིག་ཐོབ་ན་དེ་ལྟ་ན་ཡང་ལྟུང་བ་གཅིག་ཁོ་ནར་འགྱུར་རོ། །དེ་ལྟར་གྱུར་ན་ལེན་པ་དང་སློང་བ་དང་སློང་བར་རིགས་པ་དང་སྤགས་
པ་སློང་བ་དང་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་དག་ལ་སྦྱོར་བ་གཅིག་གིས་གོས་དུ་མ་ཐོབ་པ་དེ་དག་ལ་ལྟུང་བ་གཅིག་ཁོ་ནར་འགྱུར་རོ། །དགེ་སློང་མ་འམ་ཉེ་དུ་མ་ཡིན་པ་ལ་གོས་དུ་མ་སྦྱིན་པ་དང་ལྷུང་བཟེད་དང་དབྱར་གྱི་རས་ཆེན་ཐོབ་པ་ལ་ཡང་སྦྱོར་བ་གཅིག་ཉིད་ཡིན་ན་འབྲས་བུ་དུ་མ་ཉིད་ཡིན་
དུ་ཟིན་ཀྱང་ལྟུང་བ་གཅིག་ཁོ་ནར་འགྱུར་རོ། །སོ་སོ་ནས་སྤགས་པ་སློང་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་བསྐུལ་བའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་བསྐུལ་བ་རུང་བ་མ་ཡིན་པ་ཆོས་གོས་ཀྱི་རིན་སྤངས་ནས་ཡོངས་སུ་དྲི་བ་སྔོན་དུ་བཏང་ཞིང་
བསྟན་ཏེ་བསྒོ་ཞིང་སྨྲས་པ་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པའི་ཞལ་ཏ་བྱེད་པ་ལ་བསྐུལ་བར་གྱུར་ནའོ་ཞེས་བྱ་བ་སྨྲས་ཏེ། བསྐུལ་བ་ཞེས་བྱ་བ་ནི་ཡོན་བདག་གིས་སོ། །རུང་བ་མ་ཡིན་པ་ཞེས་བྱ་བ་ནི་གསེར་ལ་སོགས་པ་དབྱིག་གོ། །ཆོས་གོས་ཀྱི་རིན་ཞེས་བྱ་བ་ནི། གསེར་
ལ་སོགས་པ་གང་གིས་ཆོས་གོས་ཉོ་བར་བྱེད་པའོ། །སྤངས་ནས་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་སུ་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བྱ་བས་སྤངས་ནས་སོ། །ཡོངས་སུ་དྲི་བ་སྔོན་དུ་བཏང་ཞིང་ཞེས་བྱ་བ་ནི། གལ་ཏེ་
ཕོ་ཉ་དེ་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ་འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་འདྲི་བར་བྱེད་པ་སྟེ། ཞལ་ཏ་བྱེད་པའི་ཡུལ་གང་ལ་ཡོངས་སུ་དྲི་བ་སྔར་བྱས་པ་གང་ཡིན་པ་དེ་ནི་ཡོངས་སུ་དྲི་བ་སྔོན་དུ་བཏང་བ་སྟེ།
เล่ม ๑๖๒ · หน้า 222b
ཡོངས་སུ་དྲི་བ་སྔོན་དུ་བཏང་བའི་ཞལ་ཏ་བྱེད་པ་དེ་ལ་བསྐུལ་བར་གྱུར་ནའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཅི་ལྟ་བུ་ཞིག་ལ་ཞེ་ན། དེའི་ཕྱིར་བསྟན་ཏེ་ཞེས་བྱ་བ་སྨྲས་ཏེ། སྤོང་བར་བྱེད་པའི་དགེ་སློང་གི་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་
ཉམས་སུ་ལེན་པའོ་ཞེས་ཀུན་དགའ་ར་བའམ་དགེ་བསྙེན་ཞལ་ཏ་བྱེད་པ་ལ་བསྟན་པར་བྱའོ་ཞེས་བྱ་བས་བསྟན་ཅིང་སྨྲས་པ་ཡིན་པར་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱའོ། །བསྒོ་ཞིང་ཞེས་བྱ་བ་ནི། དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་
ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱི་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཅན་ཞིག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་དེ་ལ་གོས་རུང་བ་དུས་སུ་བསྐོན་ཅིག་ཅེས་བྱ་བས་གལ་ཏེ་ཕོ་ཉས་ཞལ་ཏ་བྱེད་པ་དེ་ལ་
བསྒོ་བ་སྟེ། བསྒོ་བའི་ཞལ་ཏ་བྱེད་པ་དེ་ལ་བསྐུལ་བར་གྱུར་ནའོ་ཞེས་བྱ་བར་སྦྱར་རོ། །སྨྲས་པ་ཞེས་བྱ་བ་ནི། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་ཡང་དག་པར་བསྟན་ནས་དགེ་སློང་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་ཞེས་བྱ་བ་ལ་སོགས་པས་
གལ་ཏེ་ཕོ་ཉ་དེས་དགེ་སློང་དེ་ལ་སྨྲས་པ་དང་སྦྱར་རོ། །ཇི་སྐད་སྨྲས་ཤེ་ན། དེའི་ཕྱིར་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་པར་བགྱི་ལགས་ཀྱིས་དེའི་གན་དུ་
བཞུད་ཅིག་དང་དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལྟ་བུའི་ཁྱད་པར་ཅན་གྱི་ཞལ་ཏ་བྱེད་པ་ལ་བསྐུལ་བར་གྱུར་ནའོ་ཞེས་བྱ་བར་སྦྱར་རོ། །བསྐུལ་བར་གྱུར་ནའོ་ཞེས་བྱ་བ་ནི། དགེ་སློང་གིས་ཞལ་ཏ་བྱེད་པ་ལ་བསྐུལ་བར་གྱུར་ན་སྟེ། དགེ་སློང་གོས་
འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ་ཞེས་བྱ་ལ་སོགས་པས་སོ། །གལ་ཏེ་སྐུལ་བར་བྱེད་པས་བསྐུར་བར་བྱ་བ་ལ་བསྐུལ་བ་ན་དེས་
เล่ม ๑๖๒ · หน้า 223a
ཀྱང་བརྡ་མ་ཕྲད་ན་དེ་བསྐུལ་བ་ཉིད་མ་ཡིན་པར་བསྟན་པའི་ཕྱིར། འགྲོ་བ་མ་ནུས་པ་ཉིད་ན་བསྐུལ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་ཞེས་བྱ་བ་ནི་གོ་བར་བྱ་ན་ཁོང་དུ་ཆུད་པར་བྱ་བ་ཡུལ་དུ་གྱུར་པའོ། །མ་ནུས་པའི་དངོས་པོ་ནི་མ་ནུས་པ་ཉིད་དེ་འགྲོ་བ་དེ་གོ་
བར་བྱེད་མ་ནུས་པ་ཉིད་ན་བསྐུལ་བར་བྱ་བ་བསྐུལ་བ་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། བརྟད་པར་སྨྲས་པ་འམ། གཉིད་ལོག་པའམ། ར་རོ་བ་འམ། བྲེལ་བ་ཉིད་དམ། འོན་པ་ཉིད་དམ། ནད་ཀྱིས་བཏབ་པའམ། གཞན་གྱི་དབང་དུ་གྱུར་པ་ལ་སོགས་པའི་རྐྱེན་དག་གིས་གལ་ཏེ་
ལེགས་པར་བརྡ་ཕྲད་པར་མ་ནུས་ན་དེའི་ཚེ་བསྐུལ་བ་ཉིད་མ་ཡིན་ནོ། །འགྲོ་བ་མ་གོ་བས་བསྐུལ་བ་ཉིད་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་དང་འབྲེལ་བའི་ཚིག་དང་དོན་དང་བརྡ་དང་བྱ་བ་གཞན་གང་ཡིན་པ་ཐམས་ཅད་ཀྱི་འགྲོ་བ་མ་ནུས་ན་ཡང་དེ་མ་བྱས་པ་ཁོ་ན་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་
བསྐུལ་བའི་སྒོ་དྲུག་པོ་གང་དག་གསུངས་པ་དེ་དག་ཀྱང་བགྲོས་ན་བསྐུལ་བ་དག་ཡིན་གྱི། མ་བགྲོས་ན་ནི་མ་ཡིན་ཏེ། འདི་ལྟ་སྟེ་མངོན་པར་སྨྲ་བ་དང་། ལེགས་པར་སྦྱོར་བ་དང་། ཟན་སྐོམ་དག་གི་དབང་དུ་བྱས་ནས་རེ་རེ་ལ་ཡང་གཉིས་གཉིས་ཏེ་དྲུག་ཏུ་འགྱུར་རོ། །དེ་ལ་མངོན་པར་སྨྲ་བ་ནི་
ཁྱོད་འོངས་སམ་ཞེས་ཟེར་བ་ལ། དེའི་ཕྱིར་རོ་ཞེས་ཟེར་བ་དང་། ལེགས་པར་འོངས་སམ་ཞེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །ལེགས་པར་སྦྱོར་བ་ནི་སྟན་འདི་ལ་འདུག་ཤིག་ཅེས་ཟེར་བ་ལ། དེའི་ཕྱིར་རོ་ཞེས་ཟེར་བ་དང་། རྐང་པ་ཁྲུས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་
ལ། ཟན་སྐོམ་གྱི་དབང་དུ་བྱས་པ་ནི། ཟན་ཟོ་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང་། སྐོམ་འཐུང་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །དེ་དག་ཐམས་ཅད་ཀྱང་སོ་སོར་དབྱེ་བར་བྱ་སྟེ་སྦྱོར་བ་གཅིག་གིས་བྱས་ན་ནི་དྲུག་པོ་ཐམས་ཅད་ཀྱང་བསྐུལ་བའི་སྒོ་གཅིག་
ཁོ་ནར་འགྱུར་བས་དེའི་ཕྱིར་སོ་སོར་དབྱེ་བར་བྱའོ། །མ་གྲུབ་ན་ལན་གཉིས་སུ་ཡང་ངོ་ཞེས་བྱ་བ་ནི། བསྐུལ་བ་དང་པོ་དེས་གོས་ཐོག་མར་མ་གྲུབ་ན་ལན་གཉིས་སུ་ཡང་བསྐུལ་བར་བྱའོ། །ལན་གསུམ་དུ་ཡང་ངོ་ཞེས་བྱ་བ་ནི་ལན་གཉིས་སུ་བསྐུལ་བ་དེས་ཀྱང་མ་གྲུབ་ན་ལན་གསུམ་དུ་
เล่ม ๑๖๒ · หน้า 223b
ཡང་བསྐུལ་བར་བྱ་བའོ། །དེའི་འོག་ཏུ་ལན་གསུམ་གྱི་བར་དུ་ཕྱོགས་སུ་བསྡད་པར་བྱའོ་ཞེས་བྱ་བ་ནི། ལན་གསུམ་བསྐུལ་བས་གོས་ཀྱི་རྙེད་པ་མ་གྲུབ་ན་དེའི་འོག་ཏུ་དགེ་སློང་དེས་ལན་གསུམ་གྱི་བར་དུ་ནོར་སྦྱིན་པའི་ཞལ་ཏ་བྱེད་པ་དེ་གནས་གང་ན་འདུག་པའི་ཕྱོགས་སུ་མཚན་མའི་དངོས་
པོ་ཙམ་གྱིས་ཅང་མི་སྨྲ་བར་བསྡད་པར་བྱའོ། །འོ་ན་རྣམ་པར་འབྱེད་པ་ལས་ལན་བཞི་འམ་ལན་ལྔ་འམ་དྲུག་གི་བར་དུ་ཅང་མི་སྨྲ་བར་ཕྱོགས་སུ་བསྡད་པར་བྱའོ་ཞེས་གསུངས་ལ། འདིར་ཇི་ལྟར་ལན་གསུམ་གྱི་བར་དུ་ཕྱོགས་སུ་བསྡད་པར་བྱ་ཞེས་བཤད་ཅེ་ན། རྣམ་པར་འབྱེད་པ་
ལས་ནི་བསྐུལ་བ་གཅིག་གམ་གཉིས་སམ་གསུམ་དང་བཅས་པའི་གྲངས་ཀྱིས་གྲངས་དེ་སྐད་གསུངས་ཀྱི། ཕྱོགས་སུ་བསྡད་པ་འབའ་ཞིག་ཏུ་དེ་སྐད་གསུངས་པ་ནི་མ་ཡིན་ནོ། །འདིར་ནི་གནས་གྲགས་པ་གང་ན་ཀུན་ནས་སྡོད་པ་དེ་ཡིན་པར་རིག་པར་བྱའོ། །མ་གྲུབ་ན་སྦྱིན་པར་བྱེད་པ་ལ་
བསྒྲག་པར་བྱའོ་ཞེས་བྱ་བ་ནི། ཇི་སྐད་བསྟན་པའི་རྣམ་པ་དེ་དག་གིས་གོས་ཀྱི་རྙེད་པ་མ་གྲུབ་ཅིང་རེ་བ་མེད་པར་གྱུར་ན་སྦྱིན་པར་བྱེད་པའི་སྦྱིན་བདག་ལ་ཞལ་ཏ་བྱེད་པས་བདག་ལ་ཅི་ཡང་མ་བྱིན་གྱིས་ཁྱོད་ཉིད་ཤེས་པར་གྱིས་ཤིག་ཅེས་བསྒྲག་པར་བྱ་བའོ། །དེ་ལྟར་སྤངས་པར་གྱུར་ཟིན་པ་ན་འབུལ་
བར་བྱེད་ན་སྤངས་པ་སྨྲས་ཏེ་སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་ལེན་པ་ལས་བླང་བར་བྱའོ་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི། སྔར་བསྟན་པའི་རིམ་པ་ལྟར་རོ། །སྤངས་པར་གྱུར་ཞེས་བྱ་བ་ནི་བཏང་བར་གྱུར་པའོ། །ཟིན་པ་ན་ཞེས་བྱ་བ་ནི། དེ་ལྟར་སྤངས་པར་
གྱུར་པའི་མཐར་ཐུག་པར་གྱུར་ཟིན་པ་ནའོ། །འབུལ་བར་བྱེད་ན་ཞེས་བྱ་བ་ནི། ཞལ་ཏ་བྱེད་པས་དེའི་འོག་ཏུ་ཕྱིས་དགེ་སློང་དེ་ལ་གོས་འབུལ་བར་བྱེད་ན་སྟེ། འབུལ་བར་བྱེད་ན་དེ་ལས་དགེ་སློང་གིས་གོས་བླང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ལས་ཤེ་ན། དེའི་ཕྱིར་
སྤངས་པ་སྨྲས་ཏེ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དེས་ཞལ་ཏ་བྱེད་པ་ལ་ཁོ་བོས་སྦྱིན་བདག་ལ་ཞལ་ཏ་བྱེད་པས་བདག་ལ་ཅི་ཡང་མ་བྱིན་གྱིས། ཁྱོད་ཉིད་ཤེས་པར་གྱིས་ཤིག་ཅེས་བསྒྲགས་ཟིན་ཏོ་ཞེས་སྨྲས་པ་སྟེ། དེ་སྐད་གང་ལ་སྨྲས་པའི་ཞལ་ཏ་བྱེད་པ་དེ་ལས་སོ། །གཞན་ཡང་
เล่ม ๑๖๒ · หน้า 224a
སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་ལེན་པ་ལ་སྟེ། སྦྱིན་པར་བྱེད་པའི་སེམས་ནི་སྦྱིན་བདག་གི་སེམས་སོ། །དེ་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་ལེན་པ་ནི་ཞལ་ཏ་བྱེད་པ་གང་གིས་སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་དགེ་
སློང་ལ་ཁས་ལེན་པ་སྟེ། དེ་ལས་དགེ་སློང་དེས་གོས་དེ་བླང་བར་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་སྔར་ཇི་སྐད་བསྟན་པའི་རྣམ་པ་དེ་དག་གིས་ཞལ་ཏ་བྱེད་པ་ལས་གོས་ཀྱི་རྙེད་པ་མ་གྲུབ་ཅིང་རེ་བ་མེད་པར་གྱུར་ནས་སྦྱིན་པར་བྱེད་པའི་སྦྱིན་བདག་ལ་ཞལ་ཏ་བྱེད་པས་བདག་ལ་
ཅི་ཡང་མ་བྱིན་གྱིས་ཁྱོད་ཉིད་ཤེས་པར་གྱིས་ཤིག་ཅེས་བསྒྲགས་ཤིང་སྤངས་པར་གྱུར་ཟིན་པའི་འོག་ཏུ་ཕྱིས་ཞལ་ཏ་བྱེད་པས་དགེ་སློང་ལ་གོས་འབུལ་བར་བྱེད་ན། དེའི་ཚེ་དགེ་སློང་དེས་ཞལ་ཏ་བྱེད་པ་ལ་འདི་སྐད་ཅེས་ཁོ་བོས་སྦྱིན་བདག་ལ་ཞལ་ཏ་བྱེད་པས་བདག་ལ་ཅི་ཡང་མ་བྱིན་གྱིས་
ཁྱོད་ཉིད་ཤེས་པར་གྱིས་ཤིག་ཅེས་གོས་སྤངས་པ་སྨྲས་ཟིན་ཏོ་ཞེས་རྗེས་སུ་བསྒྲག་པར་བྱའོ། །དེ་ལྟར་གོས་སྤངས་པ་ཤེས་པར་བྱས་ཀྱང་གལ་ཏེ་ཞལ་ཏ་བྱེད་པ་དེ་འདི་སྐད་ཅེས་འཕགས་པས་བདག་ལ་གོས་འདི་ལོང་ཤིག་དང་། བདག་གིས་སྦྱིན་བདག་གི་སེམས་བསྡུ་བར་བྱའོ་ཞེས་
ཁས་ལེན་པར་བྱེད་ན། དེའི་ཚེ་དགེ་སློང་དེས་ཞལ་ཏ་བྱེད་པ་དེ་ལས་གོས་དེ་བླང་བར་བྱའོ། །ཇི་ལྟར་བསྐུལ་བ་ལ་སོགས་པའི་བྱ་བ་བསྟན་ནས། ད་ནི་ལེན་པའི་སྔོན་རོལ་དུ་ཅི་ཞིག་རྗེས་སུ་སྒྲུབ་པར་བྱེད་ན་བསྐུལ་བའི་སྤང་བར་འགྱུར་བ་བསྟན་པའི་ཕྱིར། བསྐུལ་བ་དང་སྡུད་པ་
ལྷག་གམ་ཁས་མ་བླངས་ནའོ་ཞེས་བྱ་བ་སྨྲས་ཏེ། བསྐུལ་བ་ལྷག་པ་ཞེས་བྱ་བ་ནི་ལན་གསུམ་ལས་ལྷག་པར་བསྐུལ་ནའོ། །བསྡད་པ་ལྷག་པ་ཞེས་བྱ་བ་ཡང་དེ་བཞིན་དུ་ལན་གསུམ་ལས་ལྷག་པར་ཕྱོགས་སུ་བསྡད་ནའོ། །ཁས་མ་བླངས་ནའོ་ཞེས་བྱ་བ་ནི་སྤངས་པར་གྱུར་པ་ན་སྦྱིན་པར་
བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་མ་བླངས་ནའོ། །བསྐུལ་བའི་སྒོ་དྲུག་པོ་གང་དག་གསུངས་པ་དེ་དག་ལས་གསུམ་ནི་ཚིག་གི་བདག་ཉིད་དོ། །གསུམ་ནི་ཕྱོགས་སུ་སྡོད་པའི་བདག་ཉིད་དེ་དེ་དག་ལ་གོ་རིམས་ནི་མེད་དོ། །གལ་ཏེ་སྔར་ཕྱོགས་ན་སྡོད་པར་བྱེད་ལ་ཕྱིས་སྐུལ་
เล่ม ๑๖๒ · หน้า 224b
བར་བྱེད་ན་དེ་ལྟ་ན་ཡང་ཉེས་པ་མེད་དོ། །དེ་བཞིན་དུ་གལ་ཏེ་བསྐུལ་བ་གཉིས་བྱེད་ཅིང་སྡོད་པ་བཞི་བྱེད་ན་ཡང་དེ་ལྟ་ན་ཡང་ཉེས་པ་མེད་དེ། སྡོད་པའི་གནས་སྐབས་དམན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་མི་བྱའོ། །ལེན་པའི་སྔོན་རོལ་གྱི་ཆར་གྱུར་པའི་རྗེས་སུ་བསྒྲུབ་པ་བསྟན་ནས། ད་ནི་
དུས་སུ་གཏོགས་པའི་རྗེས་སུ་བསྒྲུབ་པ་བརྗོད་པར་བྱ་སྟེ། ཅི་ཞིག་བྱས་ན་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་བླངས་ནའོ་ཞེས་བྱ་བ་སྨྲས་ཏེ། གོས་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་པར་བྱེད་པ་དང་ཕོ་ཉ་དང་། ཞལ་ཏ་བྱེད་པ་དག་ཅི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར་གསུམ་ཆར་མི་ཉིད་དང་ཁྱིམ་པ་ཉིད་
ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། སྦྱིན་པར་བྱེད་པ་དང་ཕོ་ཉ་དང་། ཞལ་ཏ་བྱེད་པ་ཞེས་བྱ་བ་གསུམ་ཆར་མི་ཉིད་དང་ཁྱིམ་པ་ཉིད་ཡིན་ནའོ། །འདི་སྐད་བསྟན་ཏེ། གལ་ཏེ་སྦྱིན་པར་བྱེད་པ་དང་ཕོ་ཉ་དང་། ཞལ་ཏ་བྱེད་པ་དག་མིའི་འགྲོ་བར་གཏོགས་པ་དང་། ཁྱིམ་པ་ཡང་ཡིན་ལ། སྔར་བསྟན་པའི་
འགལ་བ་བྱེད་པ་ཐམས་ཅད་ཀྱང་ཡོད་ཅིང་། ཞལ་ཏ་བྱེད་པ་ལས་གོས་ཀྱང་བླངས་པར་གྱུར་ན་སྤང་བ་ཞེས་བྱ་བའི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །གཞན་དུ་ན་ནི་འགལ་ན་ཡང་ཉེས་བྱས་སུ་འགྱུར་རོ། །འདིར་གཞུང་ནི་མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་
དང་མི་མ་ཡིན་པས་རུང་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་མིས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་
སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་མིས་རུང་བར་བྱེད་ན་ཡང་ཉེས་བྱས་
སུ་འགྱུར་རོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་མིས་རུང་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་རོ། །མིས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་མིས་རུང་བར་བྱེད་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། བསྡུ་བའི་ཚིགས་སུ་བཅད་པ་ནི། མི་མ་ཡིན་པ་གསུམ་གཅིག་དང་། །
เล่ม ๑๖๒ · หน้า 225a
གཉིས་པ་གསུམ་དུ་བྱས་པ་ཡིན། །མི་ཡིས་གཉིས་པ་གསུམ་དག་དང་། །གསུམ་གཅིག་དེ་དག་མུ་བརྒྱད་དོ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །མ་སྨྲས་ན་ཉེས་བྱས་སོ་ཞེས་བྱ་བ་ནི། གལ་ཏེ་ཕོ་ཉས་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པ་མ་སྨྲས་པར་
དགེ་སློང་གིས་ཞལ་ཏ་བྱེད་པ་ལ་སྐུལ་བར་བྱེད་ན་དེ་ལས་ཉེས་བྱས་སུ་འགྱུར་རོ། །མ་སྤངས་པ་ལའོ་ཞེས་བྱ་བ་ནི། རུང་བ་མ་ཡིན་པ་དབྱིག་ལ་སོགས་པ་ཆོས་གོས་ཀྱི་རིན་དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ་ཞེས་བྱ་བ་ལ་
སོགས་པའི་ཚིག་གིས་མ་སྤངས་པར་ལེན་ན་ཉེས་བྱས་སོ། །བསྐུལ་བ་བྱས་པ་དང་། ཕྱོགས་སུ་བསྡད་པ་བྱས་པས་སྤང་བ་བྱས་པ་ན་ཞལ་ཏ་བྱེད་པས་གོས་སྦྱིན་པར་བྱེད་པ་ན་ཁོ་བོས་འདི་ཡོངས་སུ་སྤངས་ཀྱིས་སོང་ལ་སྦྱིན་བདག་ཉིད་ལ་ཕྱིར་བྱིན་ཅིག་ཅེས་དེ་སྐད་དུ་སྤོང་བར་མི་བྱེད་པར་ལེན་ན་
ཡང་ཉེས་བྱས་ཁོ་ནའོ། །འདིར་ཁ་ཅིག་འདི་སྐད་ཅེས་ཟེར་ཏེ། གོས་ཀྱི་རིན་གསེར་ལ་སོགས་པ་རུང་བར་མ་བྱས་པ་དག་ནི་རིགས་པ་འདི་ཉིད་ཀྱིས་ཉེ་བར་སྦྱར་བར་བྱའོ། །གོས་ཀྱི་རིན་གསེར་ལ་སོགས་པ་རུང་བར་བྱས་པ་དག་ནི་བླངས་ཀྱང་ཉེས་པ་མེད་དེ་དེ་སྐད་དུ་ཡང་བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །ཁོ་བོ་ནི་འདི་སྐད་ཟེར་ཏེ། གལ་ཏེ་སྦྱིན་བདག་གིས་གོས་ཀྱི་རིན་གྱི་བསམ་པས་སྦྱིན་པར་བྱེད་ཅིང་། དགེ་སློང་ལ་ཡང་གོས་ཀྱི་
དགོས་པ་ཡོད་ན་དེའི་ཚེ་གོས་ཀྱི་རིན་སྔར་བསྟན་པའི་རིམ་པ་འདི་ཉིད་ཀྱིས་ཉེ་བར་སྦྱར་བར་བྱའོ། །ཇི་སྟེ་སྤྱིའི་བསམ་པས་སྦྱིན་པར་བྱེད་ཅིང་། དགེ་སློང་ལ་ཡང་སངས་རྒྱས་མཆོད་པ་ལ་སོགས་པ་དང་དགེ་འདུན་མཆོད་སྟོན་གསོལ་བ་ལ་སོགས་པ་དག་ལ་དགོས་པ་ཡོད་ན་བཅོམ་ལྡན་འདས་ཀྱིས་
གསུངས་པའི་རུང་བ་བྱས་ནས་བདག་གིར་བྱའོ། །མ་དྲིས་པར་སྟོན་ན་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་ལ་ཕོ་ཉས་མ་དྲིས་པར་ཞལ་ཏ་བྱེད་པ་སྟོན་ན་ཉེས་བྱས་སོ། །འདི་སྐད་བསྟན་ཏེ། ཕོ་ཉ་དེས་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ་འཕགས་པ་རྣམས་ཀྱི་
เล่ม ๑๖๒ · หน้า 225b
ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་ཞིག་མཆིས་སམ་ཞེས་མ་དྲིས་པ་ཁོ་ནར་དགེ་སློང་གིས་ཕོ་ཉ་ལ་ཞལ་ཏ་བྱེད་པ་སྟོན་པར་བྱེད་ན་དེ་ལ་ཡང་ཉེས་བྱས་ཁོ་ནར་འགྱུར་བའོ། །རེ་བ་མེད་པ་ཉིད་ན་མ་སྦྲན་ན་ཡང་ངོ་ཞེས་བྱ་བ་ནི། ཞལ་ཏ་བྱེད་པའི་ལག་ནས་གོས་འཐོབ་པའི་ཕྱིར་རེ་བ་མེད་
པ་ཉིད་ན་སྦྱིན་པར་བྱེད་པ་ལ་མ་སྦྲན་ན་ཡང་ཉེས་བྱས་སུ་འགྱུར་བའོ། །བསྐུལ་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྲིན་བལ་གྱི་སྟན་གྱི་སྤང་བ་བརྗོད་པར་འདོད་ནས། སྟན་བཅང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། སྟན་ནི་རྣམ་པ་གཉིས་ཏེ། ནང་ཚངས་ཅན་དང་བླིངས་
པའོ། །དེ་གཉིས་ཀྱི་མིང་གི་རྣམ་གྲངས་ནི་རས་བལ་ཅན་དང་དབྱམ་པོ་ཞེས་ཀྱང་བྱའོ། །སྤྱིར་སྟན་ཞེས་སྨོས་པ་འདིས་གཉི་ག་ཡང་བཟུང་བ་ཉིད་ཡིན་ནོ། །ནང་ཚངས་ཅན་ཞེས་བྱ་བའི་ཚིག་གིས་ཕྱི་ཤུན་གྱི་རྫས་ཀྱང་སྟན་ཉིད་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ཏེ། དེའི་ཕྱིར་སྟན་དེ་ཉིད་
ཕྱི་ཤུན་གྱི་རྫས་འཆད་པ་ལ་ནི་སྤང་བ་ཉིད་དུ་མི་འགྱུར་རོ། །གདིང་བ་ནི་སྟན་མ་ཡིན་ཏེ། འདི་ལྟར་གདིང་བ་ནི་གོས་ཀྱི་ངོ་བོ་ཉིད་ཡིན་ཏེ། ཆིག་རྐྱང་དང་སྦྱར་མ་ཞེས་བྱ་བ་ལ་སོགས་པར་བརྗོད་པའི་ཕྱིར་རོ། །སྟན་ནི་ནང་ཚངས་ཅན་དང་བླིངས་པའི་ངོ་བོ་ཉིད་ཡིན་ནོ། །དགོས་པ་ཐ་དད་པའི་
ཡང་ཕྱིར་ཏེ་སྟན་ནི་གྲང་བའི་གཉེན་པོ་ཡིན་ཏེ། འདི་ལྟར་འབྲོག་ཕྱོགས་དག་ཏུ་གྲང་བས་གནོད་པར་གྱུར་པ་དག་གི་དབང་དུ་མཛད་ནས་སྟན་རྗེས་སུ་གནང་བ་ཡིན་ལ། གདིང་བ་ནི་མལ་སྟན་གཡོགས་པའི་ཕྱིར་དང་། ཀུན་དུ་བསྲུང་བའི་ཕྱིར་གནང་བ་ཡིན་ཏེ། དེ་ལྟ་བས་ན་གདིང་བ་ལས་
སྟན་ཐ་དད་པ་ཡིན་པར་རིག་པར་བྱའོ། །རྣམ་པར་འབྱེད་པ་ལས་ཀྱང་གདིང་བ་ནི་སོ་སོར་གདིང་བ་ཞེས་རྒྱ་ཆེར་གསུངས་སོ། །མདོ་སྡེ་ལས་ཀྱང་གདིང་བ་ཕྲག་པས་བླངས་ནས་ཞེས་འབྱུང་སྟེ། ལམ་དུ་འགྲོ་བས་དབྱམ་པོ་འམ་རས་བལ་ཅན་ཕྲག་པས་བླངས་ནས་ཁྱེར་བ་ནི་ཚུལ་མ་ཡིན་
པས་དེའི་ཕྱིར་གདིང་བ་དང་སྟན་ནི་ཐ་དད་དོ། །སྟན་གྱི་ཚད་ནི་གདིང་བ་དང་འདྲ་བར་རིག་པར་བྱ་སྟེ། འཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཚད་དེ་ཙམ་གྱིས་ན་ལྟུང་བའི་དངོས་གཞིར་འགྱུར་བ་ཡིན་ནོ། །དེ་བས་ཆུང་ན་ནི་ཉེས་བྱས་སུ་འགྱུར་རོ། །སྟན་གྱི་ཚད་ནི་བཅོམ་ལྡན་
เล่ม ๑๖๒ · หน้า 226a
འདས་ཉིད་ཀྱིས་གསུངས་པ་ཡིན་ཏེ། བཙུན་པ་སྟན་གྱི་ཚད་གང་ལགས། ཉེ་བ་འཁོར་གསུམ་སྟེ། སྟན་ཆེན་པོ་དང་། འབྲིང་དང་ཆུང་ངུའོ། །དེ་ལ་ཆེན་པོ་ནི་ཁྲུ་ཕྱེད་དང་ལྔའོ། །ཆུང་ངུ་ནི་ཁྲུ་ཕྱེད་དང་གསུམ་མོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །ཞེང་གི་ཚད་ནི་གདིང་
བའི་ཚད་དང་མཉམ་མོ། །ཅི་ཞིག་བྱས་ན་སྲིན་བལ་གྱི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་སྲིན་བལ་གྱི་བྱས་སམ་བྱེད་དུ་བཅུག་ནའོ་ཞེས་བྱ་བ་སྨྲས་ཏེ། སྲིན་བལ་གྱི་ཞེས་བྱ་བ་ནི། སྲིན་བལ་གྱི་སྟན་ནང་ཚངས་ཅན་ནམ་བླིངས་པའོ། །བྱས་སམ་ཞེས་བྱ་བ་ནི་རང་གིས་སོ། །བྱེད་དུ་བཅུག་ནའོ་
ཞེས་བྱ་བ་ནི། གཞན་ལ་བཅོལ་བ་སྟེ། དེས་ན་སྲིན་བལ་གྱི་སྤང་བར་འགྱུར་རོ། །བྱས་པ་དང་བྱེད་དུ་བཅུག་པ་གཉིས་ཀྱི་གྲུབ་པ་བསྟན་པའི་ཕྱིར། སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པའི་དང་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྟན་བྱེད་པ་ལ་དེར་དགོས་པའི་སྲིན་བལ་གྱི་མཐའ་
དག་བཀྲམ་པ་ཉིད་གང་ཡིན་པ་དེ་ནི་བྱེད་པ་མཐར་ཐུག་པ་དང་པོ་ཡིན་པར་རིག་པར་བྱའོ། །བྱེད་པ་ཞེས་བྱ་བ་ནི་སྟན་བྱེད་པའོ། །བྱེད་པ་མཐར་ཐུག་པ་ཞེས་བྱ་བ་ནི་ཟིན་པ་སྟེ། བྱེད་པ་མཐར་ཐུག་པ་བྱས་ཟིན་པ་དེའི་དང་པོ་ནི་བཀྲམ་པ་ཉིད་ཅེས་བྱ་བ་སྲིན་བལ་གྱི་བལ་བཏིང་བ་ཉིད་ཡིན་པར་རིག་
པར་བྱའོ། །འདི་སྐད་བསྟན་ཏེ། དེ་ཙམ་བྱས་ན་དངོས་གཞིར་འགྱུར་རོ། །དེ་ཕྱིན་ཆད་གང་བྱེད་པ་དེ་ནི་དེའི་ཁོངས་སུ་འདུས་པ་ཡིན་ཏེ། རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་ཇི་ཙམ་གྱིས་ན་ལྟུང་བ་རྫོགས་པར་འགྱུར། གང་ཚུན་ཆད་བཀྲམ་པར་
གྱུར་ནའོ་ཞེས་གསུངས་པ་ཡིན་ནོ། །བྱས་ཟིན་པ་རྙེད་པ་དང་ཡོངས་སུ་ལོངས་སྤྱོད་པ་དང་མངོན་པར་འདུ་བྱེད་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། བྱས་ཟིན་པ་རྙེད་པ་དང་། གཞན་གྱིས་བྱས་ཟིན་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང་། རྙིང་པའི་བྱི་དོར་མངོན་པར་འདུ་བྱེད་པ་དག་ལ་ནི་ལྟུང་
བ་མེད་དེ། འདི་ལྟར་བདག་གིར་བྱེད་པ་དང་། ཡོངས་སུ་ལོངས་སྤྱོད་པ་ལ་ནི་ཉེས་པ་མེད་ཀྱི་རྩོམ་པ་དང་རྗེས་སུ་བསྒྲུབ་པ་གཉིས་ལ་ཉེས་པར་འགྱུར་བར་བཞེད་པའི་ཕྱིར་རོ། །སྲིན་བལ་གྱི་སྤང་བ་རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པ་ལས་འབྱུང་བ་བཤད་ཟིན་ཏོ།། །།
เล่ม ๑๖๒ · หน้า 226b
ཞུ་བའི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར། ཉུང་ངུ་དང་བསྲེས་པ་ཉིད་ན་ན་སྨད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སྲིན་བལ་དང་བལ་དཀར་པོའམ། ཤ་ནའི་རས་བལ་ལམ། གསོ་བལ་ལ་སོགས་པའི་རྫས་ཉུང་ངུ་དང་བསྲེས་ཏེ་སྟན་བྱེད་པ་ཉིད་ན་ན་སྨད་པ་ཉིད་དེ། ཁ་ན་མ་ཐོ་བ་ན་
སྨད་པ་ཉིད་དེ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་སྟན་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་ནོ། །རྫས་ཉམས་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲས་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བའི་རྗེས་སྙེགས་པར་བྱེད་དོ། །རྫས་ཉམས་པ་ཉིད་ཅེས་བྱ་བ་ནི།
སྲིན་བལ་ཉམས་པ་ཉིད་དེ་རྫས་དེ་ལས་སྟན་བྱེད་དམ་དེ་དང་བསྲེས་ཏེ་བྱེད་ན་ཡང་ན་སྨད་པ་ཉིད་དེ་ཉེས་བྱས་ཉིད་དོ། །བལ་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། ལྟུང་བ་རྣམ་པར་གཞག་པ་འདྲ་བའི་ཕྱིར་རོ། །ཆ་མཉམ་པར་བསྲེས་པ་ཉིད་ལ་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་
ཏེ། འདི་ལྟ་སྟེ། སྲིན་བལ་གྱི་བལ་དང་བལ་ནག་པོ་ཆ་མཉམ་པར་བསྲེས་ཏེ་སྟན་བྱེད་ན་སྤང་བ་ཁོ་ནར་འགྱུར་རོ། །སྲིན་བལ་གྱི་སྤང་བ་ཞུ་བའོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ། །སྲིན་བལ་གྱི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བལ་ནག་པོ་འབའ་ཞིག་གི་སྤང་བ་བརྗོད་པར་བྱ་སྟེ། སྲིན་བལ་གྱི་
སྤང་བའི་རྣམ་པ་སྔར་བསྟན་མ་ཐག་པ་ཁས་བླངས་ནས། སྲིན་བལ་ཞེས་བྱ་བ་དེའི་གནས་སུ་བལ་ནག་པོ་འབའ་ཞིག་པའི་མིང་གཞན་བརྗོད་པར་བྱ་སྟེ། དེའི་ཕྱིར་ལུག་གི་བལ་ནག་པོ་འབའ་ཞིག་དག་གོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ལུག་གི་བལ་ནག་པོ་འབའ་ཞིག་དག་ལས་
སྟན་བྱས་སམ་བྱེད་དུ་བཅུག་ན་སྤང་བར་འགྱུར་རོ། །ཅི་ཞིག་གིས་བལ་ནག་པོར་གྱུར་པ་ཡིན། རང་བཞིན་གྱིས་སམ། ཁ་བསྒྱུར་བས་སམ། གཉི་གས་ཤེ་ན། དེའི་ཕྱིར་རང་བཞིན་གྱིས་སོ་ཞེས་བྱ་བ་སྨྲས་ཏེ། གཞན་གྱིས་མ་ཡིན་ནོ། །སྔོན་པོ་དང་འདམ་ཁ་དང་ཁམ་པ་དག་ཀྱང་དེ་
ཉིད་དོ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་དག་ཀྱང་དེ་ཉིད་དེ། བལ་ནག་པོ་འབའ་ཞིག་ཉིད་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བལ་ནག་པོ་འབའ་ཞིག་གི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་ཆ་གཉིས་བསྲེ་བའི་སྤང་བ་བརྗོད་པར་བྱ་སྟེ། བལ་ནག་པོ་
เล่ม ๑๖๒ · หน้า 227a
བས་དཀར་པོ་དང་འཁོབ་བལ་དག་དམན་པས་དེའི་ཕྱིར་དམན་པ་ཉིད་དམ། དམན་པ་དང་བསྲེས་པ་ཉིད་ཅེས་བྱ་བའི་རྣམ་པས་དཀར་པོ་དང་འཁོབ་བལ་དམན་པ་དང་བལ་ནག་པོའི་རྫས་བསྲེས་པ་དེ་ལས་སྟན་བྱེད་ན་ཉེས་བྱས་སུ་ཐལ་བར་འགྱུར་བ་བསལ་བའི་ཕྱིར། ཆ་
གཉིས་བསྲེ་བའི་སྤང་བ་བཅའ་བ་མཛད་དོ། །གང་གི་ཚེ་ཤ་ནའི་རས་བལ་དང་། གསོ་བལ་ལ་སོགས་པའི་རྫས་དམན་པ་དག་དང་། བལ་ནག་པོར་སྲེ་བར་བྱེད་ན་ནི་དེའི་ཚེ་བལ་ནག་པོ་འབའ་ཞིག་གི་སྤང་བར་གཏོགས་པའི་ཉེས་བྱས་སུ་འགྱུར་རོ། །གང་གི་ཚེ་དཀར་པོ་དང་འཁོབ་བལ་གྱི་
རྫས་ཚད་པས་ཉུང་བ་དག་དང་སྲེ་བར་བྱེད་ན་ནི་དེའི་ཚེ་ཆ་གཉིས་བསྲེ་བའི་སྤང་བར་འགྱུར་རོ། །འདིར་ཡང་སྔར་བསྟན་པའི་ཆོ་ག་ཁས་བླངས་ནས་ཚད་ཀྱི་བྱེ་བྲག་འབའ་ཞིག་བརྗོད་པར་བྱ་སྟེ། དེ་དག་ཕྱེད་པས་ལྷག་པ་ཉིད་ནའོ་ཞེས་བྱ་བ་ནི། ལུག་གི་བལ་ནག་པོ་དེ་དག་ཕྱེད་ཀྱི་ཆ་བས་ལྷག་པ་ཉིད་ན་
ཆ་གཉིས་བསྲེ་བའི་སྤང་བར་འགྱུར་རོ་གང་གི་ཚེ་དཀར་པོ་དང་འཁོབ་བལ་དག་ནི་ལྷག་པར་གྱུར་ལ། ལུག་གི་བལ་ནག་པོ་དག་ནི་ཉུང་བའམ། མཉམ་པར་གྱུར་ན་ནི་དེའི་ཚེ་ལྟུང་བ་མེད་དོ། །ཕྱེད་དཀར་པོ་དང་འཁོབ་བལ་དག་ལས་ཆ་མཉམ་པ་ཉིད་དུའོ་ཞེས་བྱ་བ་ནི། བལ་ནག་པོ་ནི་དཀར་པོ་
དང་འཁོབ་བལ་དག་ནི་སོ་སོའི་ཆ་བས་ལྷག་པར་བྱ་སྟེ། སྤྱིར་ཕྱེད་ཀྱི་ཆ་ནི་ནག་པོ་ལས་བྱའོ། །ཕྱེད་ནི་དཀར་པོ་དང་འཁོབ་བལ་ལས་ཆ་མཉམ་པ་ཉིད་དུ་བྱའོ། །འདི་སྐད་བསྟན་ཏེ། སྤྱིའི་ཚོམས་ལས་ཕྱེད་ནི་ལུག་གི་བལ་ནག་པོ་ལས་བྱའོ། །བཞི་ཆ་གཅིག་ནི་དཀར་པོ་ལས་བྱའོ། །
བཞི་ཆ་གཅིག་ནི་འཁོབ་བལ་ལས་བྱའོ། །གང་གི་ཚེ་འཁོབ་བལ་བས་དཀར་པོ་ལྷག་པར་བྱེད་ན་ནི་དེའི་ཚེ་ཉེས་བྱས་སོ། །ཅི་སྟེ་དཀར་པོ་བས་འཁོབ་བལ་ལྷག་པར་བྱེད་ན་ནི་དེའི་ཚེ་ལྟུང་བ་མེད་དེ་མོད་པ་དང་རིན་ཆུང་བའི་ཕྱིར་རོ། །ཡུལ་གང་ན་བལ་དཀར་པོ་རིན་ཆེ་ཞིང་ཤིན་ཏུ་
དཀོན་ལ་སྲིན་བལ་གྱི་བལ་ནི་རིན་ཆུང་ཞིང་ཤིན་ཏུ་མོད་པ་དེར་ནི་སྲིན་བལ་གྱི་གནས་སུ་བལ་དཀར་པོར་རིག་པར་བྱའོ། །ནག་པོ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་ན་སྲིན་བལ་ལ་ནི་ལྟུང་བ་མེད་ལ། བལ་ལ་ནི་ལྟུང་བར་འགྱུར་བ་དང་། བལ་ནག་པོ་འབའ་ཞིག་ལ་ནི་
เล่ม ๑๖๒ · หน้า 227b
ལྟུང་བ་མེད་ལ། དཀར་པོ་ལ་ནི་ལྟུང་བར་འགྱུར་རོ། །ལུག་གི་བལ་དཀར་པོ་ནི་གང་ཡིན། འཁོབ་བལ་ནི་གང་ཡིན་ཞེ་ན། དེའི་ཕྱིར་གློ་དང་རྒྱབ་དང་གཉའ་བ་ནས་སྐྱེས་པ་ནི་སྔ་མའོ་ཞེས་བྱ་བ་སྨྲས་ཏེ། གློ་དང་རྒྱབ་དང་གཉའ་བ་ནི་དེ་དག་ཉིད་དེ། གློ་དང་རྒྱབ་དང་གཉའ་བ་ནས་སྐྱེས་
པ་ནི་བལ་སྔ་མ་སྟེ། དཀར་པོ་ཡིན་པར་རིག་པར་བྱའོ། །མགོ་དང་རྐང་པ་དང་ལྟོ་ནས་སྐྱེས་པ་ནི་ཕྱི་མའོ་ཞེས་བྱ་བ་ནི། འཁོབ་བལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །ཆ་གཉིས་བསྲེ་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ལོ་དྲུག་ཏུ་བཅང་བའི་སྤང་བ་བརྗོད་པར་འདོད་ནས།
མ་དག་པ་གསོལ་བར་མི་བྱའོ། །རང་དག་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་གོ། །སྟན་ལ་ཡང་དེ་བཞིན་ནོ་ཞེས་སྔར་ཁང་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའི་སྐབས་སུ་འདྲ་བར་བསྟན་པ་དག་འདིར་ཡང་དྲན་པར་བྱ་སྟེ། སྟན་བརྟག་པར་བྱ་བ་ལ་རྟོག་པར་བྱེད་པའི་དགེ་
སློང་དག་གིས་གང་བྱ་བ་དེ་བརྗོད་པར་བྱ་སྟེ། ཆུ་དང་ཞེང་གཉི་གར་ལྷག་པ་ཉིད་ཡིན་ན་གཅད་པར་བྱའོ་ཞེས་བྱ་བ་ནི། ཆུ་དང་ཞེང་ནི་ཆུ་དང་ཞེང་སྟེ། ཆུ་དང་ཞེང་གཉི་གར་དེ་ལྷག་པ་ཉིད་ཡིན་ཏེ། ཚད་ལས་འདས་པ་ཉིད་ཡིན་ན་དགེ་སློང་དེ་དག་གིས་གཅད་པར་བྱའོ། །ཐུང་བ་ཉིད་དང་དོག་
པ་ཉིད་དག་ནི་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། ཐུང་བ་ཉིད་དང་དོག་པ་ཉིད་ནི་ཐུང་བ་ཉིད་དང་དོག་པ་ཉིད་དེ་དེ་གཉིས་ནི་བསྐྱེད་པར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་ཆུ་ཞེང་གཉི་གར་ལྷག་པ་ཉིད་ཡིན་ན་ནི་དེའི་ཚེ་གཅད་པར་བྱའོ། །གལ་ཏེ་ཐུང་བ་ཉིད་དང་། དོག་པ་ཉིད་ཡིན་ན་ནི་དེའི་ཚེ་བསྐྱེད་
པར་བྱ་སྟེ། མདོ་སྔ་མ་གཉི་གའི་བསྡུས་པའི་དོན་ནི་དེ་ཡིན་ནོ། །རལ་ན་བཙེམ་པར་བྱའོ་ཞེས་བྱ་བ་ནི། སྟན་རལ་ན་དྲུབ་པ་ལ་སོགས་པས་བཙེམ་པར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་རལ་བར་གྱུར་ན་དེའི་ཚེ་དྲུབ་པས་བཙེམ་པར་བྱའོ། །བུག་རྡོལ་དུ་གྱུར་ཏམ་ཤ་ཟད་པ་དག་
ནི་སྦྱར་བར་བྱའོ་ཞེས་བྱ་བ་ནི། བུག་རྡོལ་དུ་གྱུར་པ་དང་། ཤ་ཟད་པ་ནི་བུག་རྡོལ་དུ་གྱུར་པ་དང་ཤ་ཟད་པ་སྟེ། དེ་གཉིས་ལ་ནི་སྦྱར་བས་གླན་པར་བྱའོ། །གལ་ཏེ་བུག་རྡོལ་དུ་གྱུར་ཏེ་བར་སྐབས་བར་སྐབས་སུ་བུག་རྡོལ་བྱུང་བར་གྱུར་ཏམ་ཤ་ཟད་པར་གྱུར་ཏེ། སྲབ་མོར་གྱུར་ན་དེའི་ཚེ་སྟན་བུག་རྡོལ་
เล่ม ๑๖๒ · หน้า 228a
དུ་གྱུར་ཏམ་ཤ་ཟད་པར་གྱུར་ན་དེ་ལ་སྦྱར་བ་ཞེས་བྱ་བ་རིམ་གཅིག་གིས་གླན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོས་དཀའ་བ་ཉིད་ཡིན་ན་སྦྱིན་ནོ་ཞེས་བྱ་བ་ལ། བཅོས་དཀའ་བ་ཉིད་ཅེས་བྱ་བ་ནི། དཀའ་བས་ཕྱིར་བཅོས་པར་མི་ནུས་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་
དོ། །བཅོས་དཀའ་བ་ཉིད་དེ་ལ་ནི་གནང་བ་སྦྱིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་སྔར་བསྟན་པའི་བཅོས་པའི་ཐབས་ཀྱིས་ཕྱིར་བཅོས་པར་མི་ནུས་པ་ཡིན་ན་དེའི་ཚེ་སྟན་གཞན་བྱ་བའི་ཕྱིར་གནང་བ་སྦྱིན་པར་བྱའོ། །འདི་ལྟར་ལག་གི་བླའི་ཕྱིར་གསུངས་པ་ནི་གླེང་གཞིའི་དབང་གི་ཕྱིར་
ཡིན་གྱི་གཞན་ལ་ཡང་ཉེ་བར་སྦྱར་དུ་རུང་བའི་ཕྱིར་སྤྱིར་མདོར་བྲིས་སོ། །ཅི་ཞིག་བྱས་ན་ལོ་དྲུག་ཏུ་བཅད་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གནང་བ་མ་ཐོབ་པ་གཞན་ཡོད་པའམ་རང་དགར་བཏང་བས་ལོ་དྲུག་མ་ལོན་པར་སྟན་བྱས་པ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་གིས་
སྟན་བྱ་བའི་ཕྱིར་དགེ་འདུན་ལས་གནང་བ་མ་ཐོབ་པ་དེ་ནི་གནང་བ་མ་ཐོབ་པ་སྟེ་དེས་སོ། །གཞན་ཡོད་པའམ་ཞེས་བྱ་བ་ནི། སྟན་གཞན་ཡོད་པའོ། །རང་དགར་བཏང་བས་ཞེས་བྱ་བ་ནི། རང་གི་མོས་པས་ཡོངས་སུ་བཏང་བའོ། །ལོ་དྲུག་མ་ལོན་པར་ཞེས་བྱ་བ་ནི། གང་གིས་སྟན་
གཞན་བྱས་ནས་སམ་རང་དགར་བཏང་ནས་ལོ་དྲུག་མ་ལོན་པ་སྟེ། དེའི་ཚེའོ། །སྟན་བྱས་པ་ཉིད་ནའོ་ཞེས་བྱ་བ་ནི། དེའི་ཚེ་སྟན་ཟིན་པར་བྱས་པ་ཉིད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་ལ་རང་གི་སྟན་ཡོད་དམ། འོན་ཏེ་རང་དགར་དེ་ཡོངས་སུ་
གཏོང་བར་བྱེད་ཅིང་ལོ་དྲུག་ཀྱང་མ་ལོན་ལ་དགེ་འདུན་ལས་གནང་བ་ཡང་མ་ཐོབ་པའི་བར་དུ་སྟན་གཞན་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བླིངས་པའི་སྟན་གྱི་ལྟུང་བའི་དབང་དུ་བྱས་པ་ཡིན་པར་བལྟ་བར་བྱའོ། །བརྩམས་པ་ཉིད་ན་རྩོམ་ན་ཟིན་པ་
དང་འདྲའོ་ཞེས་བྱ་བ་ལ། བརྩམས་པ་ཉིད་ན་ཞེས་བྱ་བ་ནི། སྟན་དང་པོ་བརྩམས་པ་ཉིད་ནའོ། །རྩོམ་ན་ཞེས་བྱ་བ་ནི། བརྩམས་པ་དེ་ཉིད་དང་ལྷན་ཅིག་ཏུའམ། ཕྱིས་སྟན་གཞན་རྩོམ་ནའོ། །ཟིན་པ་དང་འདྲའོ་ཞེས་བྱ་བ་ནི། སྔ་མ་ཤོས་བྱས་ཟིན་ནས་ཅིག་ཤོས་རྩོམ་པ་དང་འདྲ་སྟེ་
เล่ม ๑๖๒ · หน้า 228b
ཉེས་བྱས་སུ་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་སྟན་རྩོམ་པར་བྱེད་ཅིང་བརྩམས་པ་དེ་ཉིད་དང་ལྷན་ཅིག་ཏུའམ་ཕྱིས་སྟན་གཉིས་པ་རྩོམ་པར་བྱེད་ན་ཇི་ལྟར་སྔ་མ་ཤོས་ཟིན་ནས་གཞན་རྩོམ་པ་ན་ཉེས་བྱས་སུ་འགྱུར་བ་དེ་བཞིན་དུ་སྟན་བརྩམས་ནས་ལྷན་ཅིག་ཏུའམ་ཕྱིས་
གཉིས་པ་ཡང་ཉེས་བྱས་ཁོ་ནར་འགྱུར་རོ། །མཐར་ཐུག་ན་སྦྱོར་བའི་ལྟུང་བར་མི་འགྱུར་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། སྟན་ཕྱིས་བརྩམས་པ་ཤོས་སྔར་མཐར་ཐུག་སྟེ་ཟིན་པར་གྱུར་ན་ཡང་སྦྱོར་བའི་ལྟུང་བར་མི་འགྱུར་བ་ཉིད་མ་ཡིན་ཏེ། སྦྱོར་བའི་ལྟུང་བ་ཉེས་བྱས་སུ་འགྱུར་བ་ཁོ་ན་ཡིན་ནོ། །འདི་
སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་སྔར་སྟན་གཅིག་རྩོམ་པར་བྱེད་ཅིང་ཕྱིས་གཉིས་པ་རྩོམ་པར་བྱེད་ལ་ཕྱིས་བརྩམས་པ་ཤོས་སྔར་ཟིན་པར་བྱེད་ན་དེའི་ཚེ་དངོས་གཞིའི་ལྟུང་བར་མི་འགྱུར་ཏེ་དེའི་ཚེ་ན་གཉིས་པ་ཟིན་པ་མེད་པའི་ཕྱིར་རོ། །ཕྱི་མ་ཤོས་རྩོམ་པའི་དུས་ཉིད་ན་སྦྱོར་བའི་ལྟུང་བ་ཉེས་བྱས་
ཉིད་དུ་ནི་འགྱུར་རོ། །འདི་ལྟར་གང་ཁོ་ན་ལས་སྦྱོར་བའི་ལྟུང་བར་འགྱུར་བ་དེ་ཁོ་ན་ལས་དངོས་གཞིའི་ལྟུང་བར་འགྱུར་བ་དེ་ལྟར་ནི་རིག་པར་མི་བྱ་སྟེ། སྟན་གཉིས་པ་ཟིན་པའི་གནས་སྐབས་ལ་དངོས་གཞིའི་ལྟུང་བར་འགྱུར་བའི་ཕྱིར་རོ། །རབ་ཏུ་བྱུང་བ་གཞན་གྱི་ནི་ཐ་དད་པ་ཉིད་དོ་ཞེས་བྱ་
བ་ནི། སྔོན་དང་ཕྱིས་རབ་ཏུ་བྱུང་བ་གཉིས་ནི་ཐ་དད་པ་ཉིད་དེ། རྒྱུན་ཐ་དད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་རབ་ཏུ་བྱུང་བ་སྔ་མའི་ཚེ་སྟན་རྩོམ་པར་བྱེད་དམ། ཟིན་པར་བྱེད་ཅིང་དེ་ནས་རབ་ཏུ་བྱུང་བ་ཕྱི་མའི་ཚེ་སྟན་གཞན་རྩོམ་མམ་བྱེད་ན། དུས་ཡོངས་སུ་
རྫོགས་པའི་སྔོན་རོལ་ཡིན་དུ་ཟིན་ཀྱང་། དེ་ལྟ་མོད་ཀྱི་ཉེས་པ་མེད་དེ་རབ་ཏུ་བྱུང་བ་གཞན་ནི་ཐ་དད་པ་ཡིན་པའི་ཕྱིར་རོ། །ཁྱིམ་པའི་གནས་སྐབས་བཞིན་ཏེ། ཇི་ལྟར་ཁྱིམ་པས་སྟན་རྩོམ་མམ་བྱེད་ཀྱང་རུང་སྟེ། ཕྱིས་རབ་ཏུ་འབྱུང་ཞིང་སྟན་གཞན་རྩོམ་པའམ་བྱེད་ན་དེ་ལ་ལྟུང་བར་མི་འགྱུར་བ་
བཞིན་དུ་འདིར་ཡང་དེ་དང་འདྲའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གིས་ལོ་དྲུག་གི་མདུན་རོལ་དུ་སྟན་བགྱིད་ཅིང་། ལྟུང་བར་ཡང་མི་འགྱུར་བ་འགའ་མཆིས་སམ། ཡོད་དེ་ལོ་དྲུག་གི་མདུན་རོལ་དུ་བབས་ཤིང་དེ་ཡང་བསྙེན་པར་རྫོགས་ནས་སྟན་གཞན་བྱེད་པ་ལ་ལྟུང་བ་མེད་པ་
เล่ม ๑๖๒ · หน้า 229a
ཡིན་ནོ། །སྟན་བརྩམས་ཏེ་བབས་པ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ལོ་དྲུག་ཏུ་བཅང་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་བཅུ་དགུ་པ། ཅི་ཞིག་བྱས་ན་མཐོ་གང་གི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གདིང་བ་རྙིང་པ་ལས་
བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་གསར་པ་སྤྱོད་ནའོ་ཞེས་བྱ་བ་སྨྲས་ཏེ། གདིང་བ་གསར་པ་གང་ལ་གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་དེ་ནི་གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་སྟེ། ཁྱད་པར་དེ་ལྟ་བུ་ཅན་
གྱི་གདིང་བ་གསར་པ་སོ་སོར་གདིང་བ་སྤྱོད་ན་སྤྱོད་པའི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སར་པ་ཞེས་བྱ་བ་ནི་གསར་དུ་བྱས་པས་སར་པ་དང་། གསར་དུ་རྙེད་པས་སར་པ་སྟེ། དེ་ལས་འདིར་ནི་གསར་དུ་བྱས་པས་སར་པ་བཟུང་ངོ་། །དེའི་ཕྱིར་གལ་ཏེ་གདིང་བ་གསར་དུ་བྱས་པ་ཞིག་ག་ལས་རྙེད་ཀྱང་
རུང་སྟེ། དགེ་སློང་དེས་དེ་ལ་ཡང་རང་གི་གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་གླན་པར་བྱའོ། །ཅི་གདིང་བ་རྙིང་པ་མེད་ན་ཡང་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་གསར་པ་སྤྱོད་པ་ལ་ལྟུང་བ་འདི་རྣམ་པར་གཞག་གམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར།
གལ་ཏེ་ཡོད་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གདིང་བ་རྙིང་པ་ཡོད་ན་དེས་དེ་ལྟར་བྱའོ། །ཅི་གལ་ཏེ་རིལ་གྱིས་ཡོད་ན་ཡང་དེའི་ཕྱིར་ལྟུང་བ་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་དེ་ཙམ་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བདེ་བར་གཤེགས་པའི་མཐོ་གང་ཙམ་ཞིག་ཡོད་ན་ཡང་ཞེས་བྱ་
བའི་ཐ་ཚིག་གོ། །ཅི་གལ་ཏེ་སྲ་བ་དེ་ཙམ་ཞིག་ཡོད་ནའམ་ཞེ་ན། དེའི་ཕྱིར་བཅོས་པར་ནུས་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བཅོས་པར་ནུས་ན་སྟེ། གལ་ཏེ་བཅོས་སུ་རུང་བ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །མཐུད་ཅིང་སྦྱར་དུ་རུང་བས་ཀྱང་ངོ་ཞེས་བྱ་བ་ནི། དམ་དུམ་མཐུད་
ཅིང་སྦྱར་དུ་རུང་ན་དེས་ཀྱང་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟ་བུ་མེད་ན་ལྟུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མཐོ་གང་གི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་བལ་ཐོགས་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་ཁྱེར་བ་མེད་ན་དཔག་ཚད་གསུམ་ལས་འདས་
เล่ม ๑๖๒ · หน้า 229b
པར་ལུག་གི་བལ་ཁྱེར་ནའོ་ཡོད་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། ཁྱེར་བ་མེད་ན་དཔག་ཚད་གསུམ་ལས་འདས་པར་ལུག་གི་བལ་ཁྱེར་ན་རྒྱང་གྲགས་ཀྱི་མཐར་ཕྱིན་ན་སྤང་བའོ། །རྒྱང་གྲགས་ཕྱེད་དུ་ཕྱིན་ན་ཉེས་བྱས་སོ། །ཁྱེར་བ་ཡོད་བཞིན་དུ་བདག་ཉིད་ཀྱིས་ཁྱེར་ན་ནི་རྩོམ་པའི་དུས་ཁོ་ན་ནི་
ཉེས་བྱས་གཞན་གཅིག་གོ། །རྒྱང་གྲགས་ཕྱེད་དུ་ཕྱིན་ན་ཉེས་བྱས་གཞན་གཅིག་གོ། །རྒྱང་གྲགས་ཀྱི་མཐར་ཕྱིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འགྲོ་བ་ནི་གཉིས་སུ་གསུངས་ཏེ་ལྟུང་བ་དང་བཅས་པ་དང་། ལྟུང་བ་མེད་པའོ། །དེ་ལ་ལྟུང་བ་དང་བཅས་པ་ནི་བལ་ཐོགས་པ་དང་
དགེ་སློང་མ་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པ་དང་། སྐྱེས་པ་མེད་པར་བུད་མེད་དང་ལམ་དུ་འགྲོ་བ་དང་། རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའོ། །ལྟུང་བ་མེད་པ་ནི་ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་དང་ཁྲུས་བྱེད་པའོ། །དེ་ལ་ལྟུང་བ་
མེད་པ་ནི་དཔག་ཚད་ཕྱེད་ཕྱེད་དོ་ཞེས་འོག་ནས་འབྱུང་ངོ་། །ལྟུང་བ་དང་བཅས་པ་བསྟན་པའི་ཕྱིར། ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ལམ་དུ་འགྲོ་བ་ནི་ལམ་དུ་ཞུགས་ཏེ་འགྲོ་བའོ། །འགྲོ་བ་དེ་ནི་རྒྱང་གྲགས་ཀྱི་བདག་ཉིད་དེ་རྒྱང་གྲགས་ཀྱི་མཐར་ཕྱིན་
ན་ལྟུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། བལ་ཐོགས་པ་ལ་སོགས་པ་ལམ་དུ་འགྲོ་བའི་རྒྱུ་ལས་ཁ་ན་མ་ཐོ་བར་འགྱུར་བ་དག་ལ་ནི་རྒྱང་གྲགས་ཀྱི་ཚད་ཙམ་དུ་སོང་ན་དངོས་གཞིར་འགྱུར་རོ། །ཕྱེད་དུ་ན་སྦྱོར་བའོ་ཞེས་བྱ་བ་ནི། རྒྱང་གྲགས་ཀྱི་ཕྱེད་ཀྱི་བདག་ཉིད་
དུ་སོན་ན་སྦྱོར་བར་འགྱུར་ཏེ། དེ་ཙམ་དུ་སོན་ན་སྦྱོར་བ་ཡོངས་སུ་རྫོགས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་རྒྱང་གྲགས་ཕྱེད་དུ་སོན་ན་ཉེས་བྱས་སུ་འགྱུར་རོ། །རྒྱང་གྲགས་སུ་སོན་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །རྫུ་འཕྲུལ་ལས་གཞན་པས་ནམ་མཁའ་ལ་འགྲོ་ན་
ཉེས་བྱས་སོ་ཞེས་བྱ་བ་ལ། རྫུ་འཕྲུལ་ལས་གཞན་པས་ཞེས་བྱ་བ་ནི། རྫུ་འཕྲུལ་ལས་གཞན་པ་གསང་སྔགས་ལ་སོགས་པ་ཐབས་གཞན་གྱིས་ཏེ། དེས་ནམ་མཁའ་ལ་འགྲོ་ན་ཉེས་བྱས་སོ། །རྫུ་འཕྲུལ་གྱིས་འགྲོ་ན་ལྟུང་བ་མེད་དོ། །སྤྲུལ་པས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་
เล่ม ๑๖๒ · หน้า 230a
ཞེས་བྱ་བའི་སྒྲ་ནི་ཉེས་བྱས་སོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་རོ། །སྤྲུལ་པ་ཡང་རྫུ་འཕྲུལ་གྱིས་བྱས་པ་ཡིན་པས་དེས་འགྲོ་ན་ཡང་ཉེས་པ་མེད་དོ་སྙམ་པ་བསལ་བའི་ཕྱིར་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་དབང་དུ་བྱས་པ་ཡིན་
པའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་ནམ་མཁའ་ལས་བལ་འཚལ་ན་ལྟུང་བ་ཅིར་འགྱུར། རྫུ་འཕྲུལ་གྱིས་ཁྱེར་ན་ནི་ལྟུང་བ་མེད་དོ། །རྣམ་པ་གཞན་གྱི་ཁྱེར་ན་ནི་ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་སྤྲུལ་པ་རུང་བ་བགྱིས་པས་འཚལ་ན་
ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཞྭ་དང་ལྷམ་སྒྲོག་གུ་ཅན་དང་། སྟོད་ཀོར་ནང་ཚངས་ཅན་དང་། རྒྱ་ཅང་དང་། ལྕག་པོད་དང་། ཤུར་བུ་ཕྲེའུ་ལ་སོགས་པའི་དོན་དུ་དེ་ཙམ་དག་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། ཞྭ་ལ་སོགས་པའི་ཚད་ལྡང་བ་
ཙམ་ཞྭ་ལ་སོགས་པའི་ཆེད་དུ་ཁྱེར་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱང་གྲགས་དང་དཔག་ཚད་ཀྱི་ཚད་རྡུལ་ཕྲ་རབ་ལ་སོགས་པ་ལས་བསྒྱུར་ཏེ་བསྒྲེ་བ་བསྟན་པའི་ཕྱིར། རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། ཆུ་དང་། ལྕགས་དང་། རི་བོང་དང་། ལུག་དང་། གླང་
དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་། སོར་རྣམས་ནི་སྔ་མ་དྲུག་ལ་ཕྱི་མའོ་ཞེས་བྱ་བ་སྨྲས་ཏེ། རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། ཆུ་དང་ལྕགས་དང་རི་བོང་དང་། ལུག་དང་གླང་དང་ཉི་ཟེར་ནི་དེ་དག་ཉིད་དེ་སོ་སོར་ཕྱེ་ནས་ཕྱིས་རྡུལ་ཞེས་བྱ་བའི་སྒྲ་དང་སྦྱར་ཏེ་དྲུག་ལ་
ཕྱི་མ་གཅིག་གོ་ཞེས་བྱ་བར་སྦྱར་རོ། །རྡུལ་ཞེས་བྱ་བའི་སྒྲ་ནི་ཆུ་ལ་སོགས་པ་མན་ཆད་དང་སོ་སོར་སྦྱར་བར་བྱ་སྟེ། ཆུ་རྡུལ་དང་། ལྕགས་རྡུལ་དང་། རི་བོང་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། ཉི་ཟེར་གྱི་རྡུལ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་སྲོ་མ་དང་ཤིག་དང་ནས་དང་སོར་
ཡང་དེ་དག་ཉིད་ཡིན་ཏེ། རྡུལ་ཕྲ་རབ་ལ་སོགས་པ་སོར་གྱི་མཐར་ཐུག་པ་དེ་རྣམས་ནི་སྔ་མ་དྲུག་ལ་ཕྱི་མ་གཅིག་ཏུ་བསྒྱུར་ཅིང་བསྒྲེའོ། །འདི་སྐད་བསྟན་ཏེ། རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ། །རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ། །ཆུ་རྡུལ་དྲུག་ལ་ལྕགས་རྡུལ་གཅིག་
เล่ม ๑๖๒ · หน้า 230b
གོ། །ལྕགས་རྡུལ་དྲུག་ལ་རི་བོང་རྡུལ་གཅིག་གོ། །རི་བོང་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། །ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ། །གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ། །ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ། །སྲོ་མ་དྲུག་ལ་ཤིག་གཅིག་གོ། །ཤིག་དྲུག་ལ་
ནས་གཅིག་གོ། །ནས་དྲུག་ལ་སོར་གཅིག་གོ། །སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ་ཞེས་བྱ་བ་ལ། སོར་བཞི་དྲུག་ལ་ཁྲུ་གང་ངོ་ཞེས་བྱ་བ་ནི་སོར་བཞི་ཕྲག་དྲུག་ལ་ཁྲུ་གང་སྟེ། སོར་ཉི་ཤུ་རྩ་བཞི་ལ་
ཁྲུ་གང་དུ་བརྩིའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ་ཞེས་བྱ་བ་ནི། མི་གང་ལ་སྲིད་དུ་ཁྲུ་ཕྱེད་དང་བཞི་ཡོད་པ་དེ་དག་ནི་ཁྲུ་ཕྱེད་དང་བཞི་པ་སྟེ། དེ་ནི་ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་ཅེས་བྱའོ། །ཁྲུ་བཞི་ལ་གཞུའོ་ཞེས་བྱ་བ་ནི། གཞུ་གང་ལ་ཁྲུ་བཞིའི་ཚད་ཡོད་
པ་དེ་ནི་ཁྲུ་བཞི་པའི་གཞུའོ། །དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ་ཞེས་བྱ་བ་ནི། གཞུ་དེ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་ཅེས་བྱའོ། །རྒྱང་གྲགས་བརྒྱད་ལ་ནི་དཔག་ཚད་གཅིག་གོ། །ནས་འབྲུ་དྲུག་གློས་གཤིབས་པ་ལ་སོར་གཅིག་ཏུ་རིག་པར་བྱ་སྟེ། འདིར་གཞུང་ནི་ནས་དྲུག་ལ་སོར་
མོའི་ཚིགས་གཅིག་གོ་ཞེས་གསུངས་པ་ཡིན་ནོ། །དགོན་པས་འདུལ་བ་ལ་ཐ་སྙད་བཏགས་པའི་ཕྱིར་འདིར་དེའི་ཚད་ཀྱང་བསྟན་པའི་ཕྱིར། དགོན་པའི་དང་པོ་ནི་དེའི་མཐའོ་ཞེས་བྱ་བ་སྨྲས་ཏེ། དགོན་པའི་དང་པོ་ནི་རྒྱང་གྲགས་དེའི་མཐའ་ཡིན་པར་རིག་པར་བྱའོ། །དེ་ཕན་ཆད་ནི་
དགོན་པ་ཡིན་པར་མ་སྨྲས་ཀྱང་གྲུབ་པོ། །ལུས་ཀྱིས་ཁུར་མི་བསྐུར་རོ་ཞེས་བྱ་བ་ལ། ལུས་ཀྱི་ཁུར་ཞེས་བྱ་བ་ནི། ཕྲག་རྡང་གི་ཁུར་ལ་བྱ་སྟེ། ཕྲག་རྡང་གིས་ཁུར་བསྐུར་བར་མི་བྱའོ། །གློ་དང་རྒྱབ་དང་རྐེད་པ་དང་མགོ་བོ་དག་གིས་མི་བསྐུར་རོ་ཞེས་བྱ་བ་ནི། གློ་ལ་སོགས་པས་ཁུར་གང་
ཡང་བསྐུར་བར་མི་བྱའོ། །འདིར་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི། ཁུར་བསྐུར་བའི་སྐབས་འདིར་དགེ་སློང་དང་དགེ་སློང་མའི་བསླབ་པའི་གཞི་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱ་སྟེ། འདི་ལྟར་ཐུན་མོང་ཉིད་ཡིན་པར་ཤེས་པར་བྱའོ། །འདི་སྐད་བསྟན་ཏེ།
เล่ม ๑๖๒ · หน้า 231a
དགེ་སློང་དག་འབའ་ཞིག་གིས་ལུས་ཀྱི་ཁུར་ལ་སོགས་པ་བསྐུར་བར་མི་བྱ་བར་མ་ཟད་ཀྱི་དགེ་སློང་མ་རྣམས་ཀྱིས་ཀྱང་བསྐུར་བར་མི་བྱའོ། །ཁུར་ཕྱེད་ལས་ལྷག་པར་བསྐུར་བར་མི་བྱའོ་ཞེས་བྱ་བ་ནི། མིའི་ཁུར་གྱི་ཕྱེད་གང་ཡིན་པ་དེ་ལས་ལྷག་པའི་ཁུར་དགེ་སློང་གིས་བསྐུར་བར་མི་
བྱའོ། །འདིར་གཞུང་ནི་མིའི་ཁུར་གཅིག་གང་ཡིན་པ་དེ་དགེ་སློང་གཉིས་ཀྱིས་ཁུར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བལ་ཐོགས་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བལ་རྨེལ་དུ་འཇུག་པའི་སྤང་བ་བརྗོད་པར་བྱ་སྟེ། དེ་ནི་སྔར་འཁྲུར་འཇུག་པའི་སྤང་བའི་སྐབས་སུ་
བྱིན་གྱིས་བརླབས་པ་རང་གི་རྙིང་པ་འཁྲུར་གཞུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་འགའ་ཞིག་བསྒོ་བས་འཁྲུར་བཅུག་གམ། འཚེད་དུ་བཅུག་གམ། འཆག་ཏུ་བཅུག་པ་ཉིད་ནའོ་ཞེས་སྨོས་པ་ཉིད་དང་རྣམ་པ་འདྲ་བ་ཁོ་ནར་རིག་པར་བྱ་སྟེ། འདིར་བྱེ་བྲག་འགའ་ཙམ་ཡོད་པ་གང་ཡིན་པ་དེ་བརྗོད་
པར་བྱ་སྟེ། ཆོས་གོས་རྙིང་པའི་གནས་སུ་ལུག་གི་བལ་དག་གོ་ཞེས་བྱ་བ་ནི། སྔར་འཁྲུར་འཇུག་པའི་སྤང་བའི་སྐབས་སུ་བྱིན་གྱིས་བརླབས་པ་རང་གི་རྙིང་པ་འཁྲུར་གཞུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་འགའ་ཞིག་ཅེས་སྨོས་པའི་གནས་སུ་འདིར་ལུག་གི་བལ་དག་ཅེས་བྱ་བར་གཟུང་
བར་བྱའོ། །འཆག་པ་རྨེལ་བའོ་ཞེས་བྱ་བ་ནི། འཁྲུར་འཇུག་པའི་སྤང་བའི་སྐབས་སུ་འཆག་པ་ཞེས་སྨོས་པའི་གནས་སུ་འདིར་རྨེལ་བ་ཞེས་བརྗོད་པར་བྱ་སྟེ། འཁྲུར་བཅུག་པའི་སྤང་བའི་སྐབས་སུ་འཁྲུར་འཇུག་གམ། འཚེད་དུ་འཇུག་གམ། འཆག་ཏུ་བཅུག་པ་དག་ནའོ་ཞེས་སྨོས་པ་
དེ་འདིར་ནི་འཁྲུར་བཅུག་གམ། འཚེད་དུ་བཅུག་གམ། རྨེལ་དུ་བཅུག་པ་དག་ནའོ་ཞེས་བརྗོད་པར་བྱའོ། །བལ་རྨེལ་དུ་འཇུག་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་གསེར་དངུལ་ལ་རེག་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་རིན་པོ་ཆེ་བདག་གིར་བྱས་ནའོ་
ཞེས་བྱ་བ་སྨྲས་ཏེ། པདྨ་རཱ་ག་ལ་སོགས་པ་བདག་གིར་བྱས་ཤིང་དང་དུ་ལེན་ན་སྤང་བའི་ལྟུང་བྱེད་དོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་རྐང་པའི་དྲུང་ན་མོའི་རོ་མྱོང་ངམ། །འཐོབ་པའི་གནས་ན་ས་ལེ་སྦྲམ་གྱི་རྫས་འདུག་པ་བདག་གིར་བྱེད་ན་སྤང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གནས་
เล่ม ๑๖๒ · หน้า 231b
སྐབས་གང་ལ་བདག་གིར་བྱེད་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། དེའི་ཕྱིར་ལྕོགས་པ་ཉིད་ན་དེ་རྫོགས་སོ་ཞེས་བྱ་བ་སྨྲས་ཏེ། བདག་གིར་བྱ་བའི་དངོས་པོ་རིན་པོ་ཆེ་ལ་སོགས་པ་ལྕོགས་པ་ཉིད་དུ་འགྱུར་ཏེ། ཐོབ་པར་ནུས་པ་ཉིད་དང་ལག་ཏུ་འོང་བར་ནུས་པ་ཉིད་ན་བདག་གིར་བྱ་བ་དེ་
ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བས་ཕ་ཟད་ན་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། ལྕོགས་པ་ཉིད་ཀྱི་གནས་སྐབས་པས་ཕ་ཟད་ན་འདུག་ན་ནི་བདག་གིར་བྱ་བའི་ཕྱེད་ཉིད་དེ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། བདག་གིར་བྱ་བའི་དངོས་པོ་རིན་པོ་ཆེ་ལ་སོགས་པ་ལག་ཏུ་
ཐོབ་པར་རུང་བ་ཉིད་ཡིན་ལ་དེ་ལ་བདག་གིར་བྱེད་ན་ནི་དངོས་གཞིའོ། །མི་རུང་བ་ཉིད་ལ་བདག་གིར་བྱེད་ན་ནི་ཉེས་བྱས་སོ། །དེ་ཡང་ཐོབ་པའི་གནས་ཞེས་བྱ་བ་ལས་རིག་པར་བྱ་སྟེ། ཐོབ་པའི་གནས་ནས་ས་ལེ་སྦྲམ་གྱི་རྫས་འདུག་པ་བདག་གིར་བྱེད་ན་ཞེས་གསུངས་པའི་ཕྱིར་རོ། །ཅི་འདིར་
བདག་གིར་བྱེད་པ་ཞེས་བྱ་བ་གཅིག་པུ་རྗེས་སུ་སྒྲུབ་ན་སྤང་བ་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་རང་གི་རུང་བར་མ་བྱས་པ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། རུང་བ་མ་བྱས་པ་ཞེས་བྱ་བ་ནི། དངོས་པོ་གང་ལ་འོག་ནས་འབྱུང་བའི་རུང་བར་བྱས་པ་ཞེས་བྱ་བ་དེ་མ་བྱས་པ་དེ་ནི་རུང་བར་མ་བྱས་པ་སྟེ། རིན་པོ་
ཆེ་ལ་སོགས་པའི་དངོས་པོ་རུང་བར་མ་བྱས་པ་དེ་ལ་འོག་ནས་འབྱུང་བའི་རེག་པ་དང་། རེག་ཏུ་བཅུག་ན་ཞེས་བྱ་བར་སྦྱར་རོ། །དེ་བས་ན་རིན་པོ་ཆེ་ལ་སོགས་པ་རུང་བར་མ་བྱས་པ་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །འོག་ནས་འབྱུང་བའི་ཆོ་གས་རུང་བར་བྱས་པ་ནི་བཟུང་ཡང་ཉེས་པ་མེད་དོ། །འདི་ལྟར་གཞན་གྱི་
རིན་པོ་ཆེ་ལ་རེག་པ་ལྟུང་བྱེད་འབའ་ཞིག་ཏུ་བསྟན་པས་ལྷག་མ་རང་གི་ནི་སྤང་བའི་ཆོ་གར་མཛད་པ་ཡིན་ཏེ། གཞན་གྱི་ལ་སྤང་བ་མེད་པའི་ཕྱིར་རོ། །འདི་ལྟར་སོ་སོར་ཐར་པའི་མདོ་ལས་རང་གི་ཞེས་མ་སྨོས་མོད་ཀྱི་འོན་ཀྱང་ཤུགས་ཀྱིས་ན་དེ་ཡིན་པར་མངོན་ནོ། །དེ་ལྟར་ཡང་གཞུང་ནི་ཡང་དགེ་སློང་རང་གི་རིན་
པོ་ཆེའམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ་ལེན་དུ་བཅུག་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཅི་ཞིག་བྱས་ན་ལྟུང་བར་འགྱུར་ཞེ་ན། དེའི་ཕྱིར་རེག་གམ་རེག་ཏུ་བཅུག་ནའོ་ཞེས་བྱ་བ་སྨྲས་ཏེ། རེག་གམ་ཞེས་བྱ་བ་ནི་རང་གི་ལུས་ཀྱིས་སོ། །རེག་ཏུ་བཅུག་ནའོ་ཞེས་བྱ་བ་ནི་
เล่ม ๑๖๒ · หน้า 232a
གཞན་ནོ། །ཚིག་གིས་ཀྱང་བྱེད་ལ་སྤྲིང་ཡིག་ལ་སོགས་པས་ཀྱང་བྱེད་ན་དེ་དག་ལས་འདིར་རེག་པ་གང་ཡིན་པར་རིག་པར་བྱ་ཞེ་ན། དེའི་ཕྱིར་གང་ཡང་རུང་བས་སོ་ཞེས་བྱ་བ་སྨྲས་ཏེ། རྣམ་པ་གང་ཡང་རུང་བས་འདི་ནས་ལོང་ལ་འདིར་ཆུག་ཅིག་ཅེས་བྱ་བ་ལྟ་བུ་དམིགས་
ཀྱིས་མ་སྨྲས་པར་ཕྱོགས་གཅིག་པར་རེག་ན་ཡང་སྤང་བར་འགྱུར་རོ། །སྙད་གདགས་སུ་རུང་བའི་ཟངས་མ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། དོང་ཙེ་དང་པ་ཎ་ལ་སོགས་པའི་མིང་དུ་བྱས་ཤིང་མཚན་བྱས་པའི་ཟངས་མ་གང་ཡིན་པ་དེ་ནི་སྙད་གདགས་སུ་རུང་བ་ཞེས་བྱ་སྟེ། དེ་ལ་རང་གིས་རེག་
གམ། གཞན་རེག་ཏུ་བཅུག་ན་ཉེས་བྱས་སོ། །གཞན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། སྙད་གདགས་སུ་རུང་བའི་ཟངས་མ་མཚན་བྱས་པ་ལས་གཞན་པའི་ཟངས་མ་ལའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞ་ཉེ་དང་ཁྲོ་ཆུ་དང་རོ་ཉེ་དང་ལྕགས་དག་ལ་ཡང་ངོ་ཞེས་བྱ་བ་ནི། ཞ་ཉེ་ལ་སོགས་པ་ནི་རིན་པོ་
ཆེ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་ལ་རེག་གམ་རེག་ཏུ་བཅུག་ན་ལྟུང་བ་མེད་དོ། །དགེ་ཚུལ་གཉིས་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི། དགེ་ཚུལ་དང་དགེ་ཚུལ་མ་གཉིས་ཀྱིས་རིན་པོ་ཆེ་ལ་རེག་གམ་རེག་ཏུ་བཅུག་ན་ལྟུང་བ་མེད་དོ། །རང་གི་རུང་བ་མ་བྱས་པ་ཡང་ངོ་ཞེས་སྨྲས་ན་རུང་བ་གང་མ་ཡིན་
པའི་རུང་བ་དེ་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང་། ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་ཁས་ལན་དུ་གཞུག་པ་དང་། བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་རུང་བ་དག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དག་དེ་ལྟ་བས་ན་ཆོས་གོས་ཀྱི་རིན་དག་རྙེད་པ་ན་བླང་
བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱ་བར་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་དེ་ནི་རུང་བ་དང་པོ་ཡིན་ནོ། །དེ་བཞིན་དུ་དགེ་སློང་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་རུང་བ་མ་ཡིན་པའི་དངོས་པོ་གང་ཅུང་ཟད་ཇི་སྙེད་པ་དེ་ཐམས་ཅད་སྦྱིན་བདག་སྤྲོ་བར་བྱ་ཞིང་དེའི་
མིང་གིས་བཅང་བར་བྱའོ་ཞེས་གསུངས་པ་དེ་ནི་རུང་བ་གཉིས་པ་ཡིན་ནོ། །རུང་བ་གསུམ་པ་ནི་བྱིན་གྱིས་བརླབས་པ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཡང་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པའི་མདོ་ལས་དགེ་སློང་རྣམས་ཀྱིས་ཆོས་གོས་ཀྱི་རིན་གང་རྙེད་པར་གྱུར་ལ་སྦྱིན་བདག་མེད་པར་
เล่ม ๑๖๒ · หน้า 232b
གྱུར་ནས་དགེ་སློང་དག་འགྱོད་པར་གྱུར་ཏེ། མི་ལེན་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་ཀྱང་དགེ་སློང་གི་མདུན་དུ་འགྲེང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་
དགེ་སློང་མིང་འདི་ཞེས་བྱ་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ་ཞེས་དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་
བྱ་ཞིང་འགྱོད་པར་ཡང་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་རུང་བ་མ་ཡིན་པ་རུང་བར་བྱས་པ་ལ་རེག་གམ་རེག་ཏུ་བཅུག་ན་ཡང་ལྟུང་བ་མེད་དོ། །དེ་ལ་བདག་ཉིད་ཀྱིས་བདག་གིར་ཡང་མི་བྱ་སྟེ། དེའི་ཕྱིར་སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་གསུངས་སོ། །
གང་ལ་བདག་ཉིད་ཀྱིས་བདག་གིར་བྱེད་པ་ཡོད་པ་དེ་ལ་ནི་རང་གིས་ཀྱང་རེག་པར་མི་བྱ་ལ། གཞན་ཡང་རེག་ཏུ་གཞུག་པར་མི་བྱ་སྟེ། དེ་ལ་རུང་བར་བྱ་བ་གསུམ་ཆར་མི་འཆགས་པའི་ཕྱིར་རོ། །འདི་ལྟར་བདག་གིར་བྱེད་པ་དང་འབྲེལ་བའི་ཕྱིར་རུང་བ་ཉིད་བྱེད་པའི་ཕྱིར་ཏེ། དེ་ལྟར་ན་བྱིན་
གྱིས་བརླབ་པའི་སྔགས་ཉིད་ལས་ཀྱང་འདི་སྐད་ཅེས། བདག་གིས་དངོས་པོ་རུང་བ་མ་ལགས་པ་འདིས་རུང་བ་བསྒྲུབ་པར་བགྱིའོ་ཞེས་གསུངས་པའི་ཕྱིར་རོ། །དངོས་པོ་རུང་བ་ལ་བདག་གིར་བྱའི་མི་རུང་བ་ལ་ནི་མ་ཡིན་ནོ། །རུང་བ་བརྗོད་པའི་ཕྱིར་རེག་ན་ལྟུང་བར་ཡང་མི་འགྱུར་རོ། །བཅོམ་
ལྡན་འདས་ཀྱིས་གཞན་གྱི་རྫས་ལ་ནི་རུང་བ་རྣམ་པ་གསུམ་མ་བསྟན་ཏེ། དེས་ན་དེ་ལ་རེག་གམ་རེག་ཏུ་བཅུག་ན་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། གལ་ཏེ་བདག་ཉིད་ཀྱིས་བདག་གིར་བྱ་བ་སྤང་བའི་ཕྱིར་རུང་བ་གསུམ་ལས་རུང་བ་གང་
ཡང་རུང་བས་རུང་བར་བྱེད་ན་དེའི་ཚེ་དངོས་པོ་རུང་བ་མ་ཡིན་པ་ལ་དགོས་པའི་དབང་གིས་རེག་གམ་རེག་ཏུ་བཅུག་ན་ལྟུང་བར་མི་འགྱུར་རོ། །ཇི་སྟེ་རུང་བ་གསུམ་ཡང་བྱེད་བཞིན་དུ་རྫས་དེ་ལ་བདག་ཉིད་ཀྱིས་བདག་གིར་བྱེད་པ་དང་རྗེས་སུ་འབྲེལ་ན་ནི། དེ་ལྟ་ན་ཡང་ཐམས་ཅད་དུ་ལྟུང་བར་འགྱུར་
เล่ม ๑๖๒ · หน้า 233a
བ་ཁོ་ན་ཡིན་ནོ། །ཆོས་དང་ལྡན་པའི་དོན་བདོག་པའི་རྐྱེན་ལས་གཞན་པ་ལ་མི་འཆགས་སོ་ཞེས་བྱ་བ་ལ། ཆོས་དང་ལྡན་པ་ཞེས་བྱ་བ་ནི། ཆོས་ལས་མི་འབྲལ་བ་སྟེ། རང་གི་ལྷུང་བཟེད་དང་ཆོས་གོས་དང་སྨན་ལ་སོགས་པ་ཡོ་བྱད་དག་གོ། །དེ་ནི་ཆོས་དང་ལྡན་
པ་ཡང་ཡིན་ལ་དོན་ཡང་ཡིན་པས་ཆོས་དང་ལྡན་པའི་དོན་ཏོ། །དེ་ནི་ཆོས་དང་ལྡན་པའི་དོན་ཀྱང་ཡིན་ལ། མི་བདོག་པ་ཡང་ཡིན་པས་ཆོས་དང་ལྡན་པའི་དོན་མི་བདོག་པའོ། །དེའི་རྐྱེན་ཞེས་བྱ་བ་ནི། དེ་བསྒྲུབ་པའི་རྫས་གང་ཡིན་པ་སྟེ། རྫས་ཅི་ཙམ་གྱིས་ཆོས་དང་ལྡན་པའི་དོན་ཏེ་འགྲུབ་
པར་འགྱུར་བའོ། །རྫས་དེ་ལ་ནི་རུང་བ་དེ་དག་འཆགས་སོ། །རྐྱེན་དེ་ལས་གཞན་པ་ལ་ཞེས་བྱ་བ་ནི་ཆོས་དང་ལྡན་པའི་དོན་བདོག་གོ། །དེའི་རྐྱེན་དུ་མི་དགོས་པའི་རྫས་གཞན་ལ་སྟེ། དེ་ལ་ནི་བྱིན་གྱིས་བརླབ་པ་དེ་དག་མི་འཆགས་སོ། །དེའི་ཕྱིར་ཆོས་དང་ལྡན་པའི་དོན་མི་བདོག་
པའི་རྐྱེན་ལས་གཞན་པ་ལ་མི་འཆགས་སོ་ཞེས་སྨྲས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་ཆོས་དང་ལྡན་པའི་དོན་བདོག་པ་ཁོ་ན་ཡིན་ནམ། ཡང་ན་ཆོས་དང་ལྡན་པའི་དོན་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་དེ་དག་གི་རྐྱེན་དུ་གྱུར་པའི་རྫས་གང་ཡིན་པ་དེ་ཡང་བདོག་ལ། ཆོས་ཀྱི་དོན་
གྱི་རྐྱེན་མ་ཡིན་པར་བྱིན་གྱིས་རློབ་པར་བྱེད་ན་དེའི་ཚེ་རུང་བ་དེ་དག་མི་འཆགས་སོ། །དེ་ལྟ་བས་ན་ཆོས་དང་ལྡན་པ་ཞེས་བྱ་བའི་རྐྱེན་ལས་གཞན་པ་ལ་གལ་ཏེ་རུང་བ་གསུམ་བྱེད་དུ་ཟིན་ཀྱང་དགེ་སློང་དེས་དེ་ལ་རེག་གམ་རེག་ཏུ་བཅུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །རྐྱེན་ཞེས་སྨོས་པའི་
ལུང་ནི་འདི་ཡིན་པར་རིག་པར་བྱ་སྟེ། ཆོས་གོས་ཀྱི་རིན་དག་རྙེད་པ་ན་སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆོས་གོས་ལ་སོགས་པའི་ཆེད་དུ་སེམས་པར་བྱེད་པ་ནི་ཆོས་གོས་ལ་སོགས་པའི་རིན་ཏེ། དེ་དག་གིས་ཆོས་གོས་ལ་སོགས་པ་སེམས་པར་བྱེད།
སྒྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བདག་པོ་རིང་བ་ཉིད་ཡིན་ན་ཡང་ཉམས་པ་མེད་དོ་ཞེས་བྱ་བ་ནི། བདག་པོ་སྦྱིན་བདག་གམ་ཞལ་ཏ་བྱེད་པ་རིང་བ་ཉིད་ཡིན་ཏེ་ཡུལ་ཐག་རིང་བ་ཉིད་དུ་སོང་ཞིང་ཡུལ་གྱིས་བསྐལ་པ་ཉིད་ཡིན་ན་ཡང་རུང་བ་དག་ལ་ཉེས་པ་མེད་དོ། །བདག་ཉིད་ཀྱི་
เล่ม ๑๖๒ · หน้า 233b
དོན་དུ་བཟའ་བ་བྱེད་དུ་གཞུག་ཏུ་རུང་ངོ་ཞེས་བྱ་བ་ནི། བདག་ཉིད་ཀྱི་དོན་དུ་ཞེས་བྱ་བ་བདག་ཉིད་ཀྱི་ཕྱིར་ཟན་སྦྱོར་དུ་གཞུག་ཏུ་རུང་ངོ་། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་རང་ལ་མཁོ་བའི་ཕྱིར་ལུས་འཚོ་བར་བྱ་བའི་དོན་དུ་ཟོང་དེས་བཟའ་བཏུང་སྦྱོར་དུ་བཅུག་ན་ཡང་དེ་ལྟོ་
འདུན་ཆེ་བར་མི་འགྱུར་ཏེ། འདི་ལྟར་རིགས་པ་ཡིན་ནོ། །ཕྲན་ཚེགས་དག་ལས་ཀྱང་དེ་ཉིད་དང་པོར་བྱས་ནས་ལས་བྱས་པའོ་ཞེས་བྱ་བའི་བར་དུ་གསུངས་པ་དག་འདིར་བཏུས་སོ། །ལམ་བརྒྱགས་ནི་རིན་པོ་ཆེ་མན་ཆད་ལས་སོ་ཞེས་འགོ་ནས་འབྱུང་བ་འབའ་ཞིག་ཕྲན་ཚེགས་སུ་མ་གཏོགས་
ཏེ། གཞུང་དེ་ནི་རྣམ་པར་འབྱེད་པ་དག་ལས་སྣང་བའི་ཕྱིར་རོ། །དེ་བྱེད་པ་ལ་དབུལ་བའི་ཕྱིར་ཀཱར་ཥཱ་པ་ཎ་བླང་བར་ཡང་ངོ་ཞེས་བྱ་བ་ལ། དེ་བྱེད་པ་ལ་ཞེས་བྱ་བ་ནི་བཟའ་བ་བྱེད་པ་ལ་སྟེ་བྱེན་པོ་ལ་སོགས་པའི་གང་ཟག་ལའོ། །དབུལ་བའི་ཕྱིར་ཞེས་བྱ་བ་ནི། བཟའ་བ་བྱེད་དུ་གཞུག་པའི་
དོན་དུ་རིན་དུ་དབུལ་བའི་ཕྱིར་རོ། །དེའི་ཕྱིར་ཀཱར་ཥཱ་པ་ཎ་བླང་བ་ཡང་རུང་ངོ་། །དེའི་ཕྱིར་ཀཱར་ཥཱ་པ་ཎ་བླང་བ་ལ་སོགས་པ་ཡང་རུང་བ་མེད་པར་ནི་བླང་བར་མི་བྱའོ། །དེ་ལྟར་ཡང་ཡོན་བདག་ལ་ཡིད་བརྟན་ཏེ་ཀཱར་ཥཱ་པ་ཎ་བླངས་ནས་ཅི་འདོད་པར་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་
ཡིན་ནོ། །སྦྱིན་བདག་ལ་ཡིད་བརྟན་ཏེ་ཞེས་བྱ་བའི་ཚིག་ལས་ཐམས་ཅད་དུ་ཡང་རུང་བ་བྱས་ཏེ་བླང་བར་བྱ་བ་ཡིན་ནོ། །རུང་བ་མེད་པར་བདག་ཉིད་ལ་སོགས་པའི་དགོས་པའི་དབང་ཁོ་ནས་ནི་བླང་བར་མི་བྱའོ། །ལམ་བརྒྱགས་ནི་རིན་པོ་ཆེ་མན་ཆད་ལས་སོ་ཞེས་བྱ་བ་ནི། ལམ་
བརྒྱགས་ནི་རིན་པོ་ཆེ་མན་ཆད་རིན་པོ་ཆེའི་མཐར་ཐུག་པ་ལས་བསྐུར་དུ་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་དག་གིས་ལམ་བརྒྱགས་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གི་ལམ་བརྒྱགས་ནི་བཟའ་བ་ལྔ་དང་བཟའ་བར་སྨོས་པ་ལྔ་དང་རིན་
པོ་ཆེར་སྨོས་པ་ལྔའོ། །བཟའ་བ་ལྔ་གང་ཞེ་ན། འབྲས་ཆན་དང་ཟན་དྲོན་དང་ཤ་དང་ཉ་ཤ་དང་སྣུམ་ཁུར་རོ། །བཟའ་བར་སྨོས་པ་གང་ཞེ་ན། ཅི་ཚེ་དང་ཁྲེ་རྒོད་དང་རྒྱ་སྲན་དང་བྲ་རྒོད་དང་ཁྲེའོ། །རིན་པོ་ཆེ་ལྔ་གང་ཞེ་ན། གསེར་དང་དངུལ་དང་། བཻ་ཌཱུརྱ་དང་། ཤེལ་དང་། མུ་ཏིག་གོ། །རིན་
เล่ม ๑๖๒ · หน้า 234a
པོ་ཆེར་སྨོས་པ་ལྔ་གང་ཞེ་ན། ཞ་ཉེ་དང་། ཟངས་དང་། རོ་ཉེ་དང་། ཁྲོ་ཆུ་དང་ལྕགས་སོ་ཞེས་གསུངས་པ་ཡིན་ནོ། །མེའི་དོན་དུ་མེ་ཤེལ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་མེའི་དོན་དུ་རིན་པོ་ཆེ་མེ་ཤེལ་བཅང་བར་བྱ་སྟེ། འདི་ཡང་ཆོས་དང་ལྡན་པའི་
དགོས་པ་ཡིན་ནོ། །དེ་མ་སྦས་པར་གཞག་པར་མི་བྱའོ་ཞེས་བྱ་བ་ནི་མེ་ཤེལ་དེ་མ་སྦས་མ་བསྲུངས་པར་གཞག་པར་མི་བྱ་བའོ། །མ་བྱིན་པར་ལེན་པ་ལ་བསྟན་པར་མི་བྱའོ་ཞེས་བྱ་བ་ནི། མེ་ཤེལ་དེ་རྐུན་པོ་ལ་བསྟན་པར་མི་བྱའོ། །དེའི་འབྲས་བུ་ཕྱུང་ནས་དེ་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ནི། མེ་
ཤེལ་དེའི་འབྲས་བུ་མེ་ཞེས་བྱ་བ་དེ་ཕྱུང་ནས་རྐུན་པོ་དེ་ལ་མེ་སྦྱིན་པར་བྱའོ། །ཆུའི་དོན་དུ་ཆུ་ཤེལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་གིས་ཆུའི་དོན་དུ་ཆུ་ཤེལ་ཡང་ཉེ་བར་གཞག་པར་བྱ་བ་སྟེ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་ཉེ་བར་གཞག་པར་བྱའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་རོ། །བསྲུང་བའི་
ཆོ་ག་འདི་འདྲའོ་ཞེས་བྱ་བ་ནི། བསྲུང་བའི་ཆོ་ག་སྦ་བའི་རྣམ་པ་ནི་དེ་མ་སྦས་པར་གཞག་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་མེ་ཤེལ་སྦ་བའི་ཆོ་ག་སྔར་བསྟན་པ་དང་འདྲ་བར་རིག་པར་བྱའོ། །ཡོ་བྱད་རྗེས་སུ་གནང་བར་རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། རྒྱ་
ལ་སོགས་པའི་འཚོག་ཆས་ནི་ཡོ་བྱད་དེ། དེ་ནི་རྗེས་སུ་གནང་བ་ཡིན་ནོ། །དེ་རྗེས་སུ་གནང་བའི་ཁོངས་སུ་རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བ་གཞུག་པར་མི་བྱ་བ་ཉིད་དོ། །འདི་སྐད་བསྟན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་རྒྱ་ལ་སོགས་པའི་ཡོ་བྱད་འཆང་བར་རྗེས་སུ་གནང་མོད་ཀྱི།
འོན་ཀྱང་དགེ་སློང་གིས་རིན་པོ་ཆེ་ལས་བྱས་པའི་རྒྱ་ལ་སོགས་པ་བདག་གིར་མི་བྱའོ། །རྒྱ་ལ་སོགས་པ་རྗེས་སུ་གནང་བའི་རྫས་ནི་ངེས་པར་གསུངས་པས་ནི་དེའི་ཕྱིར་མདོ་འདི་བྱས་སོ། །དེ་ལྟར་ཡང་ཕྲན་ཚེགས་དག་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་
གིས་རྒྱ་བཅང་བ་དང་། དགེ་སློང་དག་གིས་ཁབ་དང་སྨན་ཕོར་དང་། ཕུལ་བའི་བཏུང་ཕོར་བཅང་བར་རྗེས་སུ་གནང་ངོ་། །དགེ་སློང་གིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་རྒྱ་བཅང་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གླེང་གཞི་དག་ལས་
เล่ม ๑๖๒ · หน้า 234b
ཀྱང་བཅོམ་ལྡན་འདས་ཀྱིས་དུད་པའི་སྨན་གཅེའུ་བཅང་བར་བྱའོ་ཞེས་གསུངས་པ་དང་། ཞུས་པ་ཇི་ལྟ་བུ་ཞིག་བཅང་བར་བགྱི། བཀའ་སྩལ་པ། ཉེ་བ་འཁོར་རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །སྣར་བླུགས་པའི་སྤྱད་དང་། ཕུལ་བའི་བཏུང་ཕོར་དང་། ཁབ་དང་ཁབ་རལ་
དང་། མིག་སྨན་གྱི་གབ་ཚེ་དང་། སྨན་ཕོར་དང་། རྐང་རྟེན་དང་། ཁྲེའུ་དང་། སྨན་གྱི་ནལ་ཟེ་བཅང་བར་བྱའོ། །ལྕགས་ཀྱི་གར་བུ་ལ་ལུ་གུ་རྒྱུད་གདགས་པར་བྱའོ་ཞེས་གསུངས་པ་ཐམས་ཅད་ལ་ཡང་ཇི་ལྟ་བུ་ཞིག་བཅང་བར་བགྱི་ཞེས་བྱ་བ་ནས། ཇི་ལྟ་བུ་ཞིག་གདགས་པར་བགྱི་ཞེས་
བྱ་བའི་བར་དུ་ཞུས་པ་དང་། ཉེ་བ་འཁོར་རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ་ཞེས་བཀའ་སྩལ་པ་དེ་ལྟ་བུའི་ཚིག་ཡོད་དོ། །ར་གན་དང་ཟངས་དང་འཁར་བ་དང་ཤིང་གི་ལྷུང་བཟེད་བདག་གིར་མི་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཅེས་བྱ་བའི་སྒྲ་ར་གན་ལ་སོགས་པ་སོ་སོ་དང་སྦྱར་ཏེ། ར་གན་གྱི་
ལྷུང་བཟེད་བདག་གིར་མི་བྱའོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་དག་བདག་གིར་བྱས་པའམ་གཞན་ཡང་རུང་སྟེ། གལ་ཏེ་ཡོངས་སུ་སྤྱད་དགོས་པར་གྱུར་ན་སྨན་ཕོར་གྱིས་ཡོངས་སུ་སྤྱད་པས་སོ་ཞེས་བྱ་བ་ལ། དེ་དག་བདག་གིར་བྱས་པའམ་ཞེས་བྱ་བ་ནི། ར་གན་ལ་སོགས་པའི་ལྷུང་བཟེད་
དེ་དག་བསྙེན་པར་རྫོགས་པའི་གནས་སྐབས་ཀྱི་སྔོན་རོལ་བསྙེན་པར་མ་རྫོགས་པའི་ཚེ་བདག་གིར་བྱས་པའོ། །གཞན་ཡང་རུང་སྟེ་ཞེས་བྱ་བ་ནི། བདག་གིར་མ་བྱས་པ་གཞན་དང་འབྲེལ་བ་དག་གོ། །གལ་ཏེ་ཡོངས་སུ་སྤྱད་དགོས་པར་གྱུར་ན་ཞེས་བྱ་བ་ནི། དེ་ལྟ་བུའི་རྐྱེན་ཅིག་བྱུང་བར་གྱུར་
ནའོ། །སྨན་ཕོར་གྱིས་ཡོངས་སུ་སྤྱད་པས་སོ་ཞེས་བྱ་བ་ནི། དེ་ལྟ་བུའི་རྐྱེན་བྱུང་ན་ར་གན་ལ་སོགས་པའི་ལྷུང་བཟེད་བདག་གིར་བྱས་པ་དང་མ་བྱས་པ་དེ་དག་སྨན་ཕོར་དུ་བསྔོས་ཏེ། དེ་དག་གིས་བཟའ་བ་དང་བཏུང་བ་དག་ཀྱང་ཡོངས་སུ་ལོངས་སྤྱད་པར་བྱའི། ར་གན་ལ་སོགས་པའི་
ལྷུང་བཟེད་ཐམས་ཅད་ཀྱིས་ཐམས་ཅད་དུ་སྤང་བར་བྱ་བ་ནི་མ་ཡིན་ནོ། །བྱིན་གྱིས་མ་བརླབས་པའི་ལྷུང་བཟེད་དང་འདྲ་བར་བསོད་སྙོམས་ལ་སོགས་པ་ལ་བསྐུར་བར་ནི་མི་བྱའོ། །མདོ་སྔ་མ་ཤོས་ཀྱི་ལུང་ནི་འདི་ཡིན་ཏེ། ཉེ་བར་མ་བཞག་པ་དག་ནི་ཉེ་བར་གཞག་པར་མི་བྱའོ་ཞེས་གསུངས་
เล่ม ๑๖๒ · หน้า 235a
པའོ། །མདོ་ཕྱི་མ་ཤོས་ཀྱི་ལུང་ནི་འདི་ཡིན་ཏེ། ཉེ་བར་གཞག་པ་དག་ནི་སྨན་ཕོར་གྱིས་ཡོངས་སུ་སྤྱད་པས་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལྷུང་བཟེད་ཀྱི་ཞར་ལ་འདི་བརྗོད་དེ། བྱིན་གྱིས་བརླབ་ཏུ་རུང་བ་ནི་གཉིས་ཏེ། ལྕགས་ལས་
བྱས་པ་དང་ས་ལས་བྱས་པའོ་ཞེས་བྱ་བ་ནི། ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་ནི་རྣམ་པ་གཉིས་ཁོ་ན་སྟེ། ལྕགས་ལས་བྱས་པ་དང་། ས་ལས་བྱས་པའོ། །རིན་པོ་ཆེ་བདག་གིར་བྱས་ནའོ་ཞེས་འདི་ལྟར་བསྟན་པའི་རིན་པོ་ཆེ་གང་ཡིན་པ་བསྟན་པར་འདོད་ནས། ནོར་བུ་དང་། མུ་ཏིག་
དང་། བཻ་ཌཱུརྱ་དང་། མན་ཤེལ་དཀར་པོ་དང་། བྱི་རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་བ་ལ་སོགས་པ་ནི་རིན་པོ་ཆེའོ་ཞེས་བྱ་བ་སྨྲས་ཏེ། ནོར་བུ་ཞེས་སྨོས་པས་ནི་ཆུ་ཤེལ་དང་། མེ་ཤེལ་དང་། ཤེལ་དག་འཕངས་སོ། །ནོར་
བུར་གྱུར་པའི་ཁབ་ལོང་ཡང་འཕངས་ཏེ། རྡོ་བར་གྱུར་པའི་ཁབ་ལོང་ནི་རིན་པོ་ཆེ་དག་མ་ཡིན་ཏེ། དེ་ལ་རིན་པོ་ཆེ་ཉིད་མེད་པའི་ཕྱིར་རོ། །དངུལ་ཞེས་བྱ་བ་ནི་དངུལ་སྐྱའོ། །གསེར་ཞེས་བྱ་བ་ནི་ས་ལེ་སྦྲམ་མོ། །སོ་སོར་ཐར་པའི་མདོ་ལས་དེ་གཉིས་འབའ་ཞིག་སྨོས་ཏེ། ཡང་དགེ་སློང་གང་རང་གི་
ལག་གིས་གསེར་དང་དངུལ་ལེན་ཏམ་ལེན་དུ་འཇུག་ན་ཞེས་གསུངས་པ་གང་ཡིན་པ་དེ་ནི་དཔེ་ཙམ་ཡིན་པར་རིག་པར་བྱ་སྟེ། རྣམ་པར་འབྱེད་པ་གཞན་ལས་ནོར་བུ་ལ་སོགས་པ་དག་ལེན་ཏམ་ལེན་དུ་བཅུག་ན་ཡང་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་ནོར་བུ་དང་། མུ་
ཏིག་དང་། བཻ་ཌཱུརྱ་ལ་སོགས་པ་ལེན་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །རིན་པོ་ཆེ་མ་ཡིན་པ་ཟངས་མ་ལ་སོགས་པ་ལས་སྙད་གདགས་སུ་རུང་བའི་མངོན་མཚན་ཅན་དག་ལེན་པ་ནི་ཉེས་བྱས་སུ་རིག་པར་བྱའོ། །སོགས་པ་ཞེས་སྨོས་པས་ནི། སངས་རྒྱས་ཀྱི་སྐུ་གདུང་ལ་སོགས་པ་དག་
བསྡུའོ། །སྙད་གདགས་སུ་མི་རུང་བ་ལ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ལ། སྙད་གདགས་སུ་མི་རུང་བ་ཞེས་བྱ་བ་ནི། ཉོ་ཚོང་བྱར་མི་རུང་བ་སྟེ། ནོར་བུ་ལ་སོགས་པའི་དོན་སྙད་གདགས་སུ་མི་རུང་བ་ཉོ་ཚོང་བྱར་མི་རུང་བ་དེ་ལེན་ཏམ། ལེན་དུ་བཅུག་ན་དེ་གཉི་ག་ལ་ལྟུང་བ་ན་སྨད་པ་ཉིད་དེ།
เล่ม ๑๖๒ · หน้า 235b
ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་ནོར་བུ་ལ་སོགས་པའི་དངོས་པོ་འགའ་ཞིག་གིས་མེ་ལ་སོགས་པ་ཉམས་པར་བྱས་པར་གྱུར་ནས་དེ་ཉོ་ཚོང་བྱར་མི་ནུས་པ་གང་ཡིན་པ་དེ་ལེན་ཏམ། ལེན་དུ་བཅུག་ན་ཉེས་བྱས་སོ། །དཔེར་ན་པདྨ་རཱ་ག་ལ་སོགས་
པ་རིན་པོ་ཆེ་ཉིད་དུ་མ་གྱུར་པ་དང་འདྲའོ། །དེ་ཉིད་བསླབ་པའི་གཞི་འོག་མ་མངོན་མཚན་ཅན་གྱིས་སྤྱོད་པ་ཞེས་བྱ་བ་ལ་ཡང་འདྲ་བར་བསྟན་པར་བྱ་བའི་ཕྱིར། འོག་མ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཡང་སྙད་གདགས་སུ་མི་རུང་བ་ལ་ནི་ན་སྨད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྙད་གདགས་
སུ་མི་རུང་བ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་པར་རིག་པར་བྱ་ཞེ་ན། དེའི་ཕྱིར་དེ་ནི་གས་པ་དང་། ཆག་པ་དང་། དུམ་བུ་དང་། ཚིག་པ་དང་། སྔོན་མ་སྤྱད་པ་དང་། མ་བྱས་པ་དང་། མཚན་དང་མི་ལྡན་པ་དང་། བཅོས་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཞེས་བྱ་བ་ནི། སྙད་གདགས་སུ་མི་རུང་
བའོ། །གས་པ་ཞེས་བྱ་བ་ནི། སེར་ག་བྱུང་བ་སྟེ། འབྱར་ཀྱང་རུང་མ་འབྱར་ཀྱང་རུང་བའོ། །ཆག་པ་ཞེས་བྱ་བ་ནི་བུ་ག་བྱུང་བའོ། །དུམ་བུ་ཞེས་བྱ་བ་ནི་ཕྱོགས་གཅིག་མེད་པའོ། །ཚིག་པ་ཞེས་བྱ་བ་ནི། རིན་པོ་ཆེ་དེ་མེ་དང་ཕྲད་པས་རིན་པོ་ཆེ་མ་ཡིན་པ་ཉིད་དུ་གྱུར་ཏེ། ཉོ་ཚོང་བྱར་མི་རུང་བར་
གྱུར་པ་གང་ཡིན་པར་ཤེས་པར་བྱའོ། །པ་ཎ་ནི་མངོན་མཚན་ཅན་ལྷག་མ་ཡོད་པ་ཙམ་དུ་ཉམས་པ་ཡིན་གྱི། ཐམས་ཅད་ཀྱི་ཐམས་ཅད་དུ་ཐལ་བར་གྱུར་པ་ནི་མ་ཡིན་ཏེ། དེ་ལེན་པ་ལ་ཉེས་པ་མེད་པའི་ཕྱིར་རོ། །སྔོན་མ་སྤྱད་པ་ཞེས་བྱ་བ་ནི། སྔོན་ཉོ་ཚོང་བྱས་པ་ཙམ་ཡང་མི་དྲན་པའི་མངོན་མཚན་གང་ཡིན་པ་སྟེ།
མངོན་མཚན་ཅན་གང་ལ་ཉོ་ཚོང་བྱས་པའི་དུས་ཀྱང་འཇིག་རྟེན་ན་མི་གྲག་པའོ། །མ་བྱས་པ་ཞེས་བྱ་བ་ནི། མངོན་མཚན་ཅན་གང་ལ་མཚན་དུ་མ་བྱས་པ་ཉིད་དོ། །མཚན་དང་མི་ལྡན་པ་ཞེས་བྱ་བ་ནི། དྲུད་པ་ལ་སོགས་པའི་ཉེས་པས་མཚན་དང་བྲལ་བར་གྱུར་པའོ། །བཅོས་པ་ཞེས་
བྱ་བ་ནི། ས་དང་རྩྭ་དང་རྡོ་བ་ལ་སོགས་པ་དག་ལས་ནོར་བུ་དང་། དོང་ཙེ་དང་། མངོན་མཚན་ཅན་དང་། རྒྱན་དང་། འགྲོན་བུ་ལ་སོགས་པའི་རྣམ་པར་གཞག་པ་བྱས་པའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་གསེར་གྱི་ཕྲེང་བ་ལ་རེག་ན་སྤང་བའི་ལྟུང་བྱེད་དོ། །དགེ་
เล่ม ๑๖๒ · หน้า 236a
སློང་གིས་སོག་མའི་ཕྲེང་བ་ལ་རེག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གསེར་དང་དངུལ་ལ་རེག་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བ་བརྗོད་པར་བྱ་སྟེ། གང་ལ་ལྟུང་བ་འདི་འབྱུང་བར་འགྱུར་
ཞེ་ན། དེའི་ཕྱིར་རྙེད་པ་འདོད་པ་ལ་ལྟུང་བ་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། ཁེ་སྤོགས་འདོད་པ་ཉིད་ཀྱིས་རྙེད་པ་བསྒྲུབ་ཅིང་འདོད་པ་དང་བསྡུ་བ་གང་ཡིན་པ་དེ་ནི་རྙེད་པ་འདོད་པ་སྟེ། རྙེད་པ་འདོད་པའི་ལྟུང་བ་འབྱིན་པ་པོ་དེ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །དེའི་ཕྱིར་འདིར་ནི་སྐྱེད་ཕྱིན་ན་
རྙེད་པ་ཡིན་གྱི་ཐོབ་པ་ཙམ་གྱིས་མ་ཡིན་ནོ། །འདི་སྐད་བསྟན་ཏེ། སྐྱེད་འདོད་པས་སྐྱེད་ཕྱིན་པ་ལ་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བ་འདི་འབྱུང་ངོ་། །གལ་ཏེ་བདག་ཉིད་ཀྱི་དོན་དུ་རྙེད་པ་འདོད་པ་ཉིད་ཡིན་ན་ནི་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་རོ། །གཞན་གྱི་དོན་དུ་ན་ནི་དངོས་གཞིའི་
གནས་ལ་ཉེས་བྱས་སུ་འགྱུར་ལ། སྦྱོར་བ་ལ་ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་གཞིའི་ལྟུང་བ་ཇི་ལྟར་འབྱུང་ཞེ་ན། དེའི་ཕྱིར་ཕ་རོལ་པོ་ཁྱིམ་པ་ཉིད་དང་། ཉེ་དུ་མ་ཡིན་པ་ཉིད་ཡིན་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་གང་དང་ལྷན་ཅིག་ཏུ་མངོན་མཚན་ཅན་
གྱིས་སྤྱོད་པ་འདི་བྱེད་པ་དེ་གལ་ཏེ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་ན། ཕ་རོལ་པོ་ཁྱིམ་པ་ཉིད་དང་། ཉེ་དུ་མ་ཡིན་པ་ཉིད་ཀྱི་ཡུལ་ལས་དེའི་ཚེ་དངོས་གཞིའི་ལྟུང་བར་འགྱུར་རོ། །འདིར་གཞུང་ནི་ཞུ་བ་ལས་ཉེ་དུ་དང་ལྷན་ཅིག་སྤྱོད་ན་ཉེས་བྱས་སོ། །དེས་ཉེ་དུ་མ་ཡིན་པ་རྣམས་དང་སྤྱོད་ན་དངོས་གཞིའོ་
ཞེས་གསུངས་པ་ཡིན་ནོ། །མངོན་མཚན་ཅན་གྱིས་སྤྱོད་པ་གང་ལ་དངོས་གཞིའི་ལྟུང་བར་འགྱུར་ཞེ་ན། དེའི་ཕྱིར་སྐྱེད་ཕྱིན་ནའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་སྐྱེད་ཕྱིན་པ་དེའི་ཚེ་ན་དངོས་གཞིའི་ལྟུང་བར་འགྱུར་རོ། །སྐྱེད་མེད་ན་ནི་སྦྱོར་བ་ཙམ་དུ་ཟད་དོ། །འདིར་གཞུང་ནི་སྐྱེད་ཕྱིན་ན་དངོས་
གཞིའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཤགས་པའི་དུས་ན་ཡང་སྐྱེད་ཉིད་སྤང་བར་འོས་པ་ཉིད་ཡིན་གྱི། རྩ་བར་གྱུར་པའི་རྫས་ནི་མ་ཡིན་ནོ། །གལ་ཏེ་རྩ་བ་བས་སྔོན་ནམ་ཕྱིས་སྐྱེད་ཐོབ་པ་དེ་ལ་འདི་རྣམ་པར་གཞག་གོ། །གང་གི་ཚེ་སྐྱེད་དང་རྩ་བ་གཉིས་དུས་གཅིག་ཏུ་
เล่ม ๑๖๒ · หน้า 236b
བྱུང་ན་དེའི་ཚེ་ཆ་གང་ལ་ལྟུང་བ་འབྱིན་པ་པོའི་གང་ཟག་སྐྱེད་དུ་གྱུར་པ་ཉིད་དུ་ལྷག་པར་ཆགས་པ་སྐྱེ་བ་དེའི་ཚེ་དེ་ཉིད་སྤང་བར་བྱ་བ་ཡིན་ནོ། །འདིར་གཞུང་ནི་ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ། །རྙེད་པ་བདག་གིར་བྱེད་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་
པ་ཡིན་ནོ། །ད་ནི་མཚན་ཉིད་འདྲ་བར་བྱ་བ་བསྟན་པའི་ཕྱིར། འོག་མ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། འདིའི་འོག་མར་གྱུར་པའི་བསླབ་པའི་གཞི་ཉོ་ཚོང་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་རྙེད་པ་འདོད་པ་ཁོ་ན་ལ་ལྟུང་བ་འབྱུང་བར་བལྟ་བར་བྱའོ། །དེ་ལ་ཡང་ཕ་རོལ་པོ་ཁྱིམ་པ་ཉིད་དང་། ཉེ་
དུ་མ་ཡིན་པ་ཉིད་དང་། སྐྱེད་ཕྱིན་ན་དངོས་གཞིའི་ལྟུང་བར་འགྱུར་ལ། དེ་ཉིད་སྤང་བར་འོས་པ་ཉིད་ཡིན་ནོ། །སྐྱེད་ཕྱིན་ནའོ་ཞེས་སྨྲས་ན། སྐྱེད་ཕྱིན་པ་ནི་ཚོང་པ་ལ་སོགས་པ་ལས་ཀྱང་འབྱུང་ལ། ཁེ་སྤོགས་འདོད་པ་ཉིད་ལས་ཀྱང་འབྱུང་ན། དེའི་ཕྱིར་མངོན་མཚན་ཅན་གྱིས་སྤྱོད་པའི་
སྤང་བ་འདི་ལ་སྐྱེད་ག་ལས་ཕྱིན་ན། དངོས་གཞིའི་ལྟུང་བར་འགྱུར་ཞེ་ན། དེའི་ཕྱིར་པ་ཎའམ། རིན་པོ་ཆེས་སྤྱོད་པ་ལས་སོ་ཞེས་བྱ་བ་སྨྲས་ཏེ། པ་ཎ་དང་རིན་པོ་ཆེ་དག་གིས་རྙེད་པའི་དོན་དུ་སྐྱེད་བཀྱེ་ཞིང་སྤྱོད་པ་གང་ཡིན་པ་དེ་ལས་སྐྱེད་གང་ཕྱིན་པ་དེ་ལ་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་
བར་འགྱུར་རོ། །གལ་ཏེ་དགེ་སློང་གིས་མངོན་མཚན་ཅན་གྱིས་སྤྱོད་པའི་ཕྱིར་རིན་པོ་ཆེ་ལ་སོགས་པ་ལ་རེག་གམ་རེག་ཏུ་འཇུག་ན་དེ་ལྟ་ན་ནི། རེག་གམ་རེག་ཏུ་འཇུག་པ་ལས་བྱུང་བའི་སྤང་བའི་ལྟུང་བྱེད་སྔ་མས་བསྡུས་པ་ཡིན་པར་རིག་པར་བྱའི། འདིར་གཏོགས་པ་ནི་མ་ཡིན་ནོ། །དགེ་སློང་གང་
གིས་ཉོ་ཚོང་བྱས་ནས་སྐྱེད་པར་བྱེད་པ་དང་། གང་གིས་ཉོ་ཚོང་མ་བྱས་པར་སྔར་ཐོབ་པ་ལ་སོགས་པ་དག་སྐྱེད་པར་བྱེད་པ་དེ་གཉི་ག་ལ་ཡང་རྙེད་པ་གྲུབ་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །གལ་ཏེ་རྙེད་པ་མ་གྲུབ་ན་ནི་དེའི་ཚེ་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་སུ་འགྱུར་ཏེ། འདི་ལ་
ཉོ་ཚོང་ནི་ཡན་ལག་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཉོ་ཚོང་མ་བྱས་པར་སྔ་མ་བསྐྱེད་པ་ཙམ་ཁོ་ན་ལས་རྙེད་པ་གྲུབ་ན་ཡང་དེར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །སྦྱོར་བ་ལ་ནི་གཅིག་པ་ཉིད་དོ་ཞེས་བྱ་བ་ནི། སྐྱེད་གྲུབ་པ་བས་མདུན་རོལ་དུ་དགེ་སློང་གིས་རྙེད་པ་བསྒྲུབ་པའི་
เล่ม ๑๖๒ · หน้า 237a
ཕྱིར་བཙལ་བ་གང་ཆུད་ཟད་བྱེད་ན་བཙལ་བ་དེ་ཐམས་ཅད་ནི་གཅིག་པ་ཉིད་དོ། །དེ་ལྟར་ཡང་འདིར་གཞུང་ནི་ཇི་སྲིད་དུ་རྙེད་པ་སྒྲུབ་པར་མི་བྱེད་ཀྱི་བར་དུ་ནི་ཉེས་བྱས་སོ། །རྙེད་པ་གྲུབ་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཀུན་
དགའ་ར་བ་པའམ། དགེ་བསྙེན་དག་ཡོད་ན་བསྐོ་བས་དཀོན་མཆོག་གི་དོན་དུ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། ཀུན་དགའ་ར་བ་པའམ། དགེ་བསྙེན་དག་ཡོད་ན་དེ་གཉིས་བསྐོ་བས་དཀོན་མཆོག་གསུམ་གྱི་ཆེད་དུ་པ་ཎ་དང་། རིན་པོ་ཆེ་ལ་སོགས་པ་དག་བསྐྱེད་པའི་ཆེད་དུ་སྐྱེད་དགྱེ་བར་བྱའོ། །
འདི་སྐད་བསྟན་ཏེ། གཙུག་ལག་ཁང་གང་ན་གཙུག་ལག་ཁང་དང་འབྲེལ་བའི་མི་ཀུན་དགའ་ར་བ་པའམ། དགེ་བསྙེན་དག་ཡོད་ན་དེར་དགེ་སློང་དག་གིས་འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དོན་དུ་རིན་པོ་ཆེ་ལ་སོགས་པ་དེ་དག་ཉིད་བསྐྱེད་པའི་ཆེད་དུ་དེ་གཉིས་བསྐོ་ཞིང་སྐྱེད་དགྱེ་བར་བྱའོ། །
འདིར་གཞུང་ནི་མ་མོ་ལས་འདི་ལྟ་སྟེ། ཡངས་པ་ཅན་གྱི་ཚོང་པ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་ཡང་བྱེད་དུ་བཅུག །གཙང་ཁང་བྱུར་བུ་ཡང་བྱེད་དུ་བཅུག་ནས། དགེ་སློང་རྣམས་ལ་མཆོད་རྟེན་དང་གཙང་ཁང་བྱུར་བུ་དེ་དག་ཞིག་རལ་དུ་མི་འགྱུར་བའི་ཡོ་བྱད་རྗེས་སུ་གཏད་
པ་ན་དགེ་སློང་དག་འགྱོད་ཅིང་ལེན་པར་མི་བྱེད་ནས། སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་དགའ་ར་བའམ། དགེ་བསྙེན་དག་གིས་མཆོད་རྟེན་ཞིག་རལ་དུ་མི་འགྱུར་བའི་ཡོ་བྱད་བླང་བར་བྱ་ཞིང་བླངས་ནས་ཀྱང་
བསྐྱེད་པར་བྱ་སྟེ། དེ་ལས་རྙེད་པ་ཇི་ཙམ་འབྱུང་བ་དེས་མཆོད་རྟེན་ལ་མཆོད་པར་བྱ་བར་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །གཏའ་ཉི་རིར་བླང་བར་བྱའོ་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པའི་དཀོར་ཆུད་མི་ཟ་བར་བྱ་བའི་ཕྱིར་གཏའ་ཉི་རིར་བླངས་ནས་དེ་བསྐྱེད་དུ་གཏང་བར་བྱའོ། །
ཇི་ལྟར་བསྐྱེད་དུ་གཏང་བར་བྱ་ཞེ་ན། དེའི་ཕྱིར་དཔང་པོ་དང་ལོ་དང་ཟླ་བ་དང་ཉི་མ་དང་དགེ་འདུན་གྱི་གནས་བརྟན་དང་། དགེ་སྐོས་དང་། ལེན་པ་པོ་དང་། རྫས་དང་སྐྱེད་རྣམས་དཔང་རྒྱར་བྲིས་ནས་སོ་ཞེས་བྱ་བ་སྨྲས་ཏེ། དཔང་པོ་དང་། ལོ་དང་ཟླ་བ་ལ་སོགས་པ་སྐྱེད་ཀྱི་མཐར་ཐུག་པ་དག་དཔང་
เล่ม ๑๖๒ · หน้า 237b
རྒྱར་བྲིས་ནས་ཕྱིས་རྫས་དེ་སྦྱིན་པར་བྱའོ། །རྒྱུས་ཤེས་པས་དེ་གཞན་ལ་ཡང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ལ། རྒྱུས་ཤེས་པ་ཞེས་བྱ་བ་ནི། དགེ་སློང་གང་གིས་གཏའ་དང་བུ་ལོན་ལ་སོགས་པའི་འབྱུང་བའི་མཐའ་དེ་ཤེས་ཤིང་རྫས་དེ་ཙམ་ཞིག་གང་ཟག་ལེན་པ་པོ་ཆེ་གེ་མོ་ཞིག་ལ་གཏད་
དེ་དེས་དུས་ཆེ་གེ་མོ་ཞིག་ན་སྐྱེད་འདི་ཙམ་ཞིག་དང་བཅས་ཏེ་འབུལ་བར་ཤེས་པ་སྟེ། དེ་ནི་རྒྱུས་ཤེས་པ་ཞེས་བྱ་སྟེ་དེས་སོ། །དེ་ཞེས་བྱ་བ་ནི་གཏའ་དང་བུ་ལོན་བདའ་བའི་རྒྱུས་དེའོ། །གཞན་ལ་ཡང་ཞེས་བྱ་བ་ནི། གང་གིས་བྱུང་བའི་མཐའ་དེའི་རྒྱུས་མི་ཤེས་པའི་དགེ་སློང་གཞན་དག་ལ་ཡང་ངོ་། །ཁོང་དུ་ཆུད་པར་བྱའོ་
ཞེས་བྱ་བ་ནི། དགེ་སློང་རྒྱུས་ཤེས་པ་དེས་བྱུང་བའི་མཐའ་དེ་དགེ་སློང་རྒྱུས་མི་ཤེས་པ་གཞན་དག་ལ་སྐབས་སུ་བབ་པ་ན་ཐམས་ཅད་བསྙད་ཅིང་ཁོང་དུ་ཆུད་པར་བྱ་བའོ། །འདིར་གཞུང་ནི་དགེ་སློང་གཉུག་མར་གནས་པ་དག་གིས་དགེ་སློང་གློ་བུར་དུ་ལྷགས་པ་དག་ལ་གང་ཟག་ཆེ་གེ་མོ་ཞིག་ལས་
ཟླ་བ་རེ་རེ་ཞིང་འདི་ཙམ་ཞིག་མནོད་དོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་ཉོ་ཚོང་བྱེད་པའི་སྤང་བ་བརྗོད་པར་བྱ་སྟེ། སྔར་བསྟན་མ་ཐག་པའི་བསླབ་པའི་གཞིར་སྐྱེད་ཕྱིན་ན་དངོས་གཞིའོ་
ཞེས་སྨྲས་ན་གང་གིས་ཡིན་པ་མ་བསྟན་པས། དེའི་ཕྱིར་གཞན་གྱིས་སོ་ཞེས་བྱ་བ་སྨྲས་ཏེ། སྤྱོད་པ་ཞེས་བྱ་བར་སྦྱར་རོ། །པ་ཎ་དང་རིན་པོ་ཆེ་དག་ལས་གཞན་པ་གཞལ་བར་བྱ་བ་ལ་སོགས་པའི་སྤྱོད་པ་དག་ལས་སྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུར་རོ། །ཡང་ན་གཞན་གྱིས་སོ་ཞེས་བྱ་བ་ནི་བསྐྱེད་པའི་
ཁེ་སྤོགས་འདོད་པ་ལས་གཞན་པ་ཉོ་ཚོང་གི་སྤྱོད་པ་ལས་སྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུར་བའོ། །དེ་ལྟ་བས་ན་སྤང་བ་འདི་གསུམ་གྱི་ཡུལ་ལ་བྱེ་བྲག་ནི་འདི་ཡིན་པར་རིག་པར་བྱ་སྟེ། དང་པོ་ནི་རིན་པོ་ཆེ་ལ་སོགས་པ་ལ་རིག་པ་ལས་སོ། །གཉིས་པ་ནི་ཁེ་སྤོགས་འདོད་པ་ཉིད་ཀྱིས་པ་ཎ་དང་རིན་པོ་
ཆེ་ལ་སོགས་པ་སྤྱོད་པ་ལས་སོ། །གསུམ་པ་ནི་གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་ལ་སོགས་པས་སྤྱོད་པ་ལས་སྐྱེད་ཕྱིན་ནའོ། །དགེ་འདུན་གྱི་བཤོས་ཀྱི་ཕྱིར་དགེ་འདུན་གྱི་འབྲས་རིན་གྱིས་ཉོ་བ་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་བཤོས་ཀྱི་ཕྱིར་ཞེས་བྱ་བ་དགེ་འདུན་གྱི་འཚོ་
เล่ม ๑๖๒ · หน้า 238a
བའི་ཕྱིར། དགེ་འདུན་གྱི་འབྲས་མ་དྲུས་པ་རིན་གྱིས་ཉོ་འདོད་པའི་གང་ཟག་ལ་སྦྱིན་པར་བྱ་སྟེ། ཉོར་ཕྱིན་དེ་ལ་ཉོ་ཚོང་གི་ཉེས་པ་མེད་དོ། །འབྲས་ཞེས་སྨོས་པ་ནི་མཚོན་པ་ཙམ་སྟེ། ཏིལ་དང་མོན་སྲན་སྡེའུ་ལ་སོགས་པ་འབྲུ་ཐམས་ཅད་དང་རས་བལ་ལ་སོགས་
པ་རྫས་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གལ་ཏེ་དེ་ཉིད་ཀྱི་ན་ཐེབ་དང་བཅས་པར་རོ་ཞེས་བྱ་བ་ནི། དགེ་འདུན་མངའ་བའི་འབྲས་ལ་སོགས་པ་ལས་གལ་ཏེ་དེ་ཉིད་ཀྱི་དགེ་འདུན་གྱི་བཤོས་ཀྱི་ཕྱིར་ཉོ་བར་བྱེད་ན་དེ་ལ་ཐེབ་དང་བཅས་པར་བསྐྱེད་དེ། སྦྱིན་པར་བྱའི་རིན་ཐང་བསྙམས་
ཏེ་སྦྱིན་པར་མི་བྱའོ། །ཟད་ན་དགེ་འདུན་གྱིས་ཉོ་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་འབྲས་ལ་སོགས་པ་ཟད་ན། དགེ་འདུན་གྱིས་ཀྱང་འབྲས་ལ་སོགས་པ་གཞན་ལས་ཉོ་བར་བྱ་བའོ། །སར་པ་ཡང་ངོ་ཞེས་བྱ་བ་ནི་དགེ་འདུན་གྱིས་འབྲས་ལ་སོགས་པ་འབྲུ་སར་པ་ཡང་ཉོ་བར་བྱའོ།། །།
བམ་པོ་ཉི་ཤུ་པ། གལ་ཏེ་སྲོག་ཆགས་མེད་ན་རྙིང་པ་བཙོང་བར་བྱའོ་ཞེས་བྱ་བ་ནི། འབྲས་ལ་སོགས་པ་རྙིང་པ་དག་ལ་གལ་ཏེ་སྲོག་ཆགས་མེད་ན་རྙིང་པ་དེ་བཙོངས་ནས་སར་པ་ཉོ་བར་བྱའོ། །རིན་ཐང་མི་གདབ་བོ་ཞེས་བྱ་བ་ནི། རྫས་འདིའི་རིན་ཐང་འདི་ཙམ་མོ་ཞེས་དེ་རང་གིས་གདབ་
པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་པའི་ཉོ་ཚོང་དག་ཏུ་ལག་གཞུག་པར་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་པའི་ཉོ་ཚོང་བྱེད་པ་དག་གི་ནང་དུ་དགེ་སློང་གིས་ལག་གཞུག་པར་མི་བྱ་སྟེ། དགེ་སློང་དེས་དེ་དག་ཏུ་གཏོགས་འདོད་དང་བར་ཚངས་མི་བྱ་བའོ། །རང་གི་ཆོས་གོས་ལ་སོགས་པ་དག་ཇི་
ལྟར་ཉོ་བར་བྱ་ཞེ་ན། དེའི་ཕྱིར་ཁྱིམ་པ་ཉོར་གཞུག་གོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་ལ་སོགས་པ་དག་ཁྱིམ་པ་ཉོར་གཞུག་པར་བྱའོ། །གལ་ཏེ་ཁྱིམ་པ་མེད་ན་དེའི་ཚེ་སུས་ཉོ་བར་བྱ་ཞེ་ན། དེའི་ཕྱིར་མེད་ན་ལན་གསུམ་གྱི་བར་དུ་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཁྱིམ་པ་མེད་ན་དེའི་ཚེ་
དགེ་སློང་དེས་རང་གི་རྫས་དེའི་རིན་ཐང་ངེས་པར་གཅད་པར་བྱ་ཞིང་ལན་གསུམ་གྱི་བར་དུ་དྲི་བའི་ཚིག་བརྗོད་པར་བྱ་སྟེ། རིན་འདི་ཙམ་གྱིས་བྱིན་ཅིག་ཅེས་ལན་གསུམ་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཟོང་ལ་རྩིག་པ་ནི་གཞན་གྱི་དོན་དུ་ཡང་མི་བྱ་སྟེ། དཀོན་མཆོག་གསུམ་ནི་མ་
เล่ม ๑๖๒ · หน้า 238b
གཏོགས་སོ་ཞེས་བྱ་བ་ལ། ཟོང་ཞེས་བྱ་བ་ནི། ཀ་ཀ་ནི་དང་བ་རཱ་ཏ་ཀ་ལ་སོགས་པའོ། །རྩེག་པ་ཞེས་བྱ་བ་ནི། ཉོ་བར་བྱེད་པའི་ཚེ་ན་ཅུང་ཟད་ཅུང་ཟད་བསྐྱེད་པ་དང་འཚོང་བར་བྱེད་པའི་ཚེ་ན་ཅུང་ཟད་ཅུང་ཟད་འབྲི་བར་བྱེད་པ་སྟེ། དེ་ནི་ཟོང་ལ་རྩེག་པ་བྱེད་པ་ཡིན་པར་གྲགས་སོ། །དེའི་
ཕྱིར་དེ་ནི་གཞན་གྱི་དོན་དུ་ཡང་མི་བྱ་ན་རང་གི་དོན་དུ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་ན་སྤྱིར་བཏང་བ་བྱས་ནས། དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། དཀོན་མཆོག་གསུམ་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། དཀོན་མཆོག་གསུམ་གྱི་དོན་དུ་ནི་ཟོང་ལ་བརྩེག་པར་བྱའོ་ཞེས་བྱ་བའི་ཐ་
ཚིག་གོ། །གཏའ་གཞུག་པར་མི་བྱའོ་ཞེས་བྱ་བ་ལ། གཏའ་ཞེས་བྱ་བ་ནི། གལ་ཏེ་དེ་ཁོ་ན་ལྟ་བུ་མ་ཡིན་ན་ངས་ཀཱར་ཥཱ་པ་ཎ་ལྔ་སྦྱིན་པར་བྱའོ་ཞེས་ཡལ་ཟུག་འཁྲས་པ་མ་ཐུབ་སྟེ་ཡལ་བ་ན་ཞྭ་ལ་སོགས་པའི་རྫས་དེའི་གཏར་འཇོག་པ་སྟེ། དེ་ལྟ་བུའི་གཏའ་གཞུག་པར་མི་བྱའོ། །འདིར་གཞུང་
ནི་དྲུག་སྡེ་དག་ཡལ་ཟུག་འཁྲ་ཞིང་ལྷུང་བཟེད་ལ་སོགས་པ་གཏར་འཇུད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གི་ཡལ་ཟུག་འཁྲ་ཞིང་གཏའ་གཞུག་པར་མི་བྱའོ། །དགེ་སློང་ཡལ་ཟུག་འཁྲ་ཞིང་གཏའ་འཇུད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །
དགེ་འདུན་གྱི་སྦྱིན་པར་བྱའོ་ཞེས་སྨྲས་ན། དེ་ལ་ཇི་ལྟར་སྦྱིན་པར་བྱ། སུས་རྗེས་སུ་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་དགེ་འདུན་གྱིས་རྫས་དེ་སྤོགས་པ་ལ་དགེ་འདུན་གྱི་ལས་བྱེད་པ་ལས་གཏད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱིས་དབྱིག་ལ་སོགས་པའི་རྫས་དེ་ཉོ་བ་ལ་སོགས་པའི་སྤྱོད་པས་དགེ་
འདུན་གྱི་རྙེད་པ་བསྒྲུབ་པར་བྱའོ་ཞེས་སྤོགས་བྱེད་ཅིང་འབད་པའི་དགེ་སློང་སྤོགས་པ་ལ་གཏད་པར་བྱའོ། །ཅི་དགེ་འདུན་གྱིས་རང་གི་དབྱིག་ལ་སོགས་པ་སྤོགས་པ་ལ་གཏད་པར་བྱའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དགེ་འདུན་གྱི་ལས་བྱེད་པ་ལ་གཏད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་ལས་
བྱེད་པ་ཞེས་བྱ་བ་དམ་གཞག་པ་ལ་སོགས་པ་ལས་སོ། །འདི་སྐད་བསྟན་ཏེ། དགེ་འདུན་མངའ་བདག་ཏུ་གྱུར་པས་དགེ་འདུན་གྱི་ལས་བྱེད་པ་ལ་དགེ་སློང་སྤོགས་པ་འདི་ལ་དབྱིག་ལ་སོགས་པ་ཕོག་ཤིག་ཅེས་བཀའ་སྩལ་པར་བྱ་ཞིང་། དམ་གཞག་པ་ལ་སོགས་པ་དེས་དགེ་སློང་སྤོགས་པ་
เล่ม ๑๖๒ · หน้า 239a
དེ་ལ་དབྱིག་ལ་སོགས་པ་གཏད་པར་བྱ་སྟེ། དགེ་སློང་སྤོགས་པ་དེས་ཆོས་བཞིན་ཚུལ་བཞིན་དུ་དགེ་འདུན་གྱི་རྙེད་པ་བསྒྲུབ་པར་བྱའོ། །འདི་མན་ཆད་ནི་དགེ་སློང་སྤོགས་པ་དེའི་བྱ་བ་བརྗོད་པར་བྱའོ། །རྒན་རབས་རྒན་རབས་དག་ལ་མ་ཞུས་པར་དགེ་འདུན་གྱི་དོན་
དུ་བརྩོན་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་སྤོགས་པ་དེས་དགེ་སློང་རྒན་རབས་རྒན་རབས་དག་ལ་མ་ཞུས་པར་དགེ་འདུན་གྱི་དོན་དུ་བརྩོན་པར་མི་བྱ་བའོ། །དེའི་ཚིག་ཡི་གེ་བྲི་བའི་དམ་གཞག་ལ་ནན་ཏན་བྱའོ་ཞེས་བྱ་བ་ནི། དགེ་སློང་སྤོགས་པ་དེས་དབྱིག་ལ་སོགས་པ་མནོས་པ་དང་།
བསབ་པ་དེའི་ཚིག་ཡི་གེ་བྲི་བའི་དམ་གཞག་ལ་ནན་ཏན་བྱ་བའོ། །འདི་སྐད་བསྟན་ཏེ། གང་གི་ཚེ་དགེ་སློང་སྤོགས་པ་དེས་དགེ་འདུན་གྱི་ལས་བྱེད་པ་ལས་དབྱིག་ལ་སོགས་པ་མནོས་པ་དེའི་ཚེ་དེ་མ་ཐག་ཁོ་ནར་ཚིག་ཡི་གེར་བྲི་བར་བྱ་སྟེ། དུས་ཆེ་གེ་མོ་ཞིག་གི་ཚེ་དགེ་འདུན་དང་དགེ་འདུན་གྱི་
ལས་བྱེད་པ་ཆེ་གེ་མོ་དང་། ཞལ་ཏ་བྱེད་པ་ཆེ་གེ་མོས་བདག་ལ་རྫས་འདི་ཙམ་ཞིག་གཏད་པ་ལས་བདག་གིས་དུས་ཆེ་གེ་མོའི་ཚེ་རྫས་དེས་དངོས་པོ་འདི་ལྟ་བུ་ཞིག་རིན་ཐང་འདི་ཙམ་གྱིས་ཉོས་ནས་ཡང་དུས་ཆེ་གེ་མོའི་ཚེ་དངོས་པོ་དེ་ཉིད་རིན་ཐང་འདི་ཙམ་ཞིག་ཏུ་བཙོངས་ཏེ། དེ་ལས་སྐྱེད་
འདི་ཙམ་ཞིག་བྱུང་ནས། དེ་ཡང་དེའི་ཚེ་དགེ་འདུན་གྱི་ལས་མང་ཆེ་གེ་མོ་ཞིག་ཏུ་སྤྱད་དོ་ཞེས་བྱ་བ་ལ་སོགས་པའི་ཚིག་ཡི་གེར་བྲི་བའི་དམ་གཞག་ལ་དགེ་སློང་དེས་ནན་ཏན་བྱའོ། །དེ་དག་ཐམས་ཅད་ནི་གཞན་གྱི་ཕྱར་ཀའི་སྐབས་བསལ་བའི་ཕྱིར་དང་། བདག་ཉིད་ཀྱིས་དྲན་པར་བྱ་བའི་ཕྱིར་
དང་། འགྱོད་པ་མི་བསྐྱེད་པར་བྱ་བའི་ཕྱིར་རོ། །ཉོ་ཚོང་བྱེད་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་ལྷུང་བཟེད་འཆང་བའི་སྤང་བ་བརྗོད་པར་བྱ་སྟེ། དེའི་ཕྱིར་ལྷུང་བཟེད་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། བྱིན་གྱིས་མ་བརླབས་པའིའོ་ཞེས་བྱ་བར་སྦྱར་རོ། །སྔར་འཆང་བའི་
སྤང་བའི་སྐབས་སུ་ཞག་བཅུར་གོས་འཆང་བར་གཏོགས་པའི་རྣམ་པ་བསྟན་པ་གང་ཡིན་པ་དེ་ཉིད་འདིར་ཡང་སྦྱར་བར་བྱ་སྟེ། སྔར་གོས་ལའོ་ཞེས་བྱ་བ་སྨོས་པའི་གནས་སུ་འདིར་ལྷུང་བཟེད་ཀྱིའོ་ཞེས་བྱ་བ་གཞུག་པར་བྱའོ། །རྣམ་པར་དབྱེ་བ་ཐ་དད་དུ་ཟིན་ཀྱང་དོན་ལ་ཐ་དད་པ་འགའ་
เล่ม ๑๖๒ · หน้า 239b
ཡང་མི་འབྱུང་སྟེ། འདི་ལྟར་འདིར་ནི་ཡུལ་དང་ཡུལ་ཅན་གྱི་འབྲེལ་པས་ལྷུང་བཟེད་ཀྱིའོ་ཞེས་སྨོས་པར་རིག་པར་བྱའོ། །དཔེར་ན་སྔར་གོས་ལའོ་ཞེས་སྨོས་པ་ཡུལ་དུ་གྱུར་པ་ལ་རང་གི་ཉིད་དོ་ཞེས་བྱ་བ་གང་ཡིན་པ་དེ་ཡོད་ནའོ་ཞེས་བྱ་བ་དང་འདྲ་བར་ལྷུང་བཟེད་ཀྱིའོ་ཞེས་བྱ་བ་ཡུལ་དུ་གྱུར་
པ་ལ་ཡང་རང་གི་ཉིད་དོ་ཞེས་བྱ་བ་གང་ཡིན་པ་དེ་ཡོད་ནའོ་ཞེས་བྱ་བ་དང་འབྲེལ་པས་ན་དེའི་ཕྱིར་དོན་འདྲ་བ་ཉིད་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། ལྷུང་བཟེད་བྱིན་གྱིས་མ་བརླབས་པ་དང་། བྱིན་གྱིས་བརླབས་པ་ཡོད་ནའོ་ཞེས་བྱ་བ་དང་། རང་གི་ཉིད་དོ་ཞེས་བྱ་བ་
དང་། ཞག་བཅུར་རྗེས་སུ་ཞུགས་པ་ཉིད་དོ་ཞེས་བྱ་བ་དང་། གཞན་གྱི་ཉི་མའི་དང་པོ་ལའོ་ཞེས་བྱ་བ་དང་། འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ་ཞེས་བྱ་བར་སྦྱར་ཏེ། ཚིག་དེ་དག་ནི་སྔར་གོས་འཆང་བའི་སྤང་བའི་སྐབས་སུ་བཤད་ཟིན་ཏོ།། །།
རབ་ཏུ་བྱུང་བ་ལ་ལྟོས་པའི་དོན་ཉིད་དུ་ངེས་པར་བྱས་པ་ནི་སྤངས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་ལ་ལྟོས་པའི་དོན་ཉིད་དུ་ལྷུང་བཟེད་བསྔོས་ཤིང་ངེས་པར་བྱས་པ་སྟེ། གལ་ཏེ་དགེ་ཚུལ་ཕྱིས་འབྱུང་བར་འགྱུར་བ་དེ་ལ་སྦྱིན་པར་བྱའོ་ཞེས་རབ་ཏུ་འབྱུང་བ་ལ་ལྟོས་པའི་དོན་ཉིད་དུ་ལྷུང་
བཟེད་བསྔོས་ཤིང་ངེས་པར་བྱས་པ་གང་ཡིན་པ་དེ་ནི་སྤངས་པ་ཉིད་ཡིན་པས་དེ་འཆང་ཡང་སྤང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱ་བ་དང་དཀར་བ་དང་ཆེ་བ་རྣམས་ནི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ལྷུང་བཟེད་སྐྱ་བ་དང་། དཀར་བ་དང་ཆེ་བ་རྣམས་ནི་རུང་བ་ཉིད་མ་ཡིན་ཏེ། རུང་བ་
ཉིད་མ་ཡིན་པའི་ཕྱིར་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་པས་དེ་འཆང་ན་ཉེས་བྱས་སོ། །མ་ཚོས་པ་ཡང་ཆུང་ངུ་ཉིད་ཡིན་ནོ་ཞེས་བྱ་བ་ལ། རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར། ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །ཇི་ལྟར་ལྷུང་བཟེད་ཆུང་ངུས་ལྷུང་བཟེད་ཀྱི་བྱ་བ་བྱེད་མི་ནུས་པ་
དེ་བཞིན་དུ་ལྷུང་བཟེད་མ་ཚོས་པ་ཡང་དོན་དེ་དང་འདྲ་བས་ཆུང་ངུ་ཉིད་ཅེས་སྨོས་ཏེ། ལྷུང་བཟེད་ནག་པོར་གྱུར་ཀྱང་མ་ཚོས་ན་ཆུང་ངུ་ཉིད་ཀྱང་རུང་བ་མ་ཡིན་པ་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་ཞུ་བ་ལས་ལྷུང་བཟེད་མ་ཚོས་པ་འཆང་ན་ཉེས་
เล่ม ๑๖๒ · หน้า 240a
བྱས་སོ། །དེ་བཞིན་དུ་ལྷུང་བཟེད་སྐྱ་བོ་དང་། ལྷུང་བཟེད་དཀར་པོ་དང་། ལྷུང་བཟེད་ཆེན་པོ་འཆང་ན་ཉེས་བྱས་སོ་ཞེས་གསུངས་སོ། །འདི་ལྟར་རྣམ་པར་འབྱེད་པ་ལས་ལྷུང་བཟེད་ཆུང་ངུ་འཆང་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ནི་སྨན་
ཕོར་དུ་ཡོངས་སུ་སྤྱད་པའི་བསམ་པས་འཆང་ན་དེ་ལ་ལྷུང་བ་མེད་པར་གསུངས་པ་ཡིན་གྱི། འདིར་ནི་ལྷུང་བཟེད་འཆང་བའི་གནས་སྐབས་དང་། ལྷུང་བཟེད་མེད་པའི་གནས་སྐབས་སུ་དེ་དག་ལྷུང་བཟེད་ཀྱི་དོན་དུ་འཆང་བ་ཉིད་ན་ཉེས་བྱས་སུ་གསུངས་པ་ཡིན་ནོ། །ལྷུང་བཟེད་
ཆུང་ངུ་གཅིག་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། ལྷུང་བཟེད་ཆུང་ངུ་གཅིག་ལྷག་པར་འཆང་བ་ལ་ནི་ཉེས་པ་མེད་པ་ཉིད་དུ་རིག་པར་བྱ་སྟེ། འཇིགས་པ་དང་བཅས་པ་ཉིད་དུ་ལྷུང་བཟེད་ཆུང་ངུས་ལྗོངས་རྒྱུར་འགྲོ་བར་བྱའོ་ཞེས་གསུངས་པའི་ཕྱིར་ཏེ། གལ་ཏེ་འཆང་བར་མི་བྱ་ན་ལྷུང་བཟེད་ཆུང་
ངུས་ཇི་ལྟར་འགྲོ་བར་བྱ་ཞེས་བསམས་པ་ཡིན་ནོ། །ལྷུང་བཟེད་འཆང་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་ལྷུང་བཟེད་ལྷག་པ་ཚོལ་བའི་སྤང་བ་བརྗོད་པར་བྱ་སྟེ། ཚོལ་བ་དེ་ཡང་ཆགས་པའི་དབང་ལས་འབྱུང་བས་དེའི་ཕྱིར་སྤྱིར་འདི་བརྗོད་པར་བྱ་སྟེ། ཧ་ཅང་ཆགས་
པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་དངོས་པོ་ཐམས་ཅད་ལ་ཧ་ཅང་ཆགས་པར་མི་བྱ་བ་སྟེ། ཆགས་པའི་ཕྱིར་འདིར་གཞུང་ནི་གནས་མལ་གྱི་གཞིར་ཉེ་དགའི་སྐབས་སུ་གསུངས་པ་ཡིན་ནོ། །ཡོ་བྱད་ལ་ཧ་ཅང་ལྷག་པར་ཆགས་པར་མི་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པ་ཡོ་བྱད་ལ་དགེ་སློང་
གིས་ཧ་ཅང་ལྷག་པར་ཆགས་པ་ཞེས་བྱ་བ་ནི་ཧ་ཅང་ཞེན་པར་མི་བྱ་བ་སྟེ། འདིར་ཞེན་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་ཞེན་པ་དེ་བཅང་བར་མི་བྱའོ་ཞེས་བྱ་བ་ལ། ཞེན་པ་ཞེས་བྱ་བ་ནི། ལྷག་པར་ཆགས་པ་སྟེ། ལྷུང་བཟེད་ལ་སོགས་པའི་དངོས་པོ་གང་ལ་ལྷག་པར་ཆགས་པ་འབྱུང་
བ་དེ་བཅང་བར་མི་བྱ་སྟེ། ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་དེ་གཉིས་ནི་གོས་ཀྱི་གཞི་ལས་འབྱུང་སྟེ། འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་གིས་ཡོ་བྱད་ལ་ཧ་ཅང་ལྷག་པར་ཆགས་པ་བསྐྱེད་པར་མི་བྱའོ། །དངོས་པོ་གང་ལ་ཧ་ཅང་ལྷག་པར་ཆགས་པ་འབྱུང་བ་དེ་
เล่ม ๑๖๒ · หน้า 240b
ཡོངས་སུ་སྤང་བར་བྱ་སྟེ། ཡོངས་སུ་མི་སྤོང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ལྷུང་བཟེད་ཀྱང་མེད་ན་བསླང་བར་བྱའོ་ཞེས་བྱ་བ་ནི། སློང་བ་དགག་པའོ་གནས་འབྱུང་བ་བཟློག་པའི་ཕྱིར་ཚིག་འདི་བྱས་ཏེ། ལྷུང་བཟེད་ལ་སོགས་པའི་དངོས་པོ་མེད་ན་ལྷུང་
བཟེད་ཀྱང་བསླང་བར་བྱའོ། །ཀྱང་ཞེས་བྱ་བའི་སྒྲས་ནི་ཆོས་གོས་ལ་སོགས་པ་ཡང་མེད་ན་བསླང་བར་བྱ་བ་བསྡུའོ། །དངོས་པོ་གང་ཡོད་ན་ལྷུང་བཟེད་ཚོལ་བ་ལས་འབྱུང་བའི་ཁ་ན་མ་ཐོ་བར་འགྱུར་ཞེ་ན། དེའི་ཕྱིར་དེ་ཡོད་པ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། ཚོལ་བར་བྱེད་པ་དེ་ལ་ལྷུང་བཟེད་
དེ་ཡོད་པ་ཉིད་དེ་བདོག་པ་ཉིད་ཡིན་ན་ལྟུང་བ་འདི་འབྱུང་ངོ་། །ཇི་ལྟ་བུ་ཞིག་ཡོད་པ་ཉིད་ན། དེའི་ཕྱིར་ལྷན་པ་བཞི་མན་ཆད་ནས་དེ་དག་རུང་ཞིང་ཡོངས་སུ་སྤྱད་བཟོད་པའོ་ཞེས་བྱ་བ་སྨྲས་ཏེ། ལྷན་པ་བཞི་མན་ཆད་ནས་དེ་དག་རུང་ཞིང་ཞེས་བྱ་བ་ནི། ལྷན་པ་བཞི་མན་ཆད་ནས་གླན་ཟིན་པ་ནས་དེ་
དག་གླན་དུ་རུང་བ་སྟེ། ལྷུང་བཟེད་སྐྱོན་མེད་པ་ཚུན་ཆད་ལྷན་པ་བཞི་མན་ཆད་ནས་གླན་པ་དང་། ལྷན་པ་བཞི་གླན་དུ་རུང་བའི་བར་གྱི་ལྷུང་བཟེད་གང་ཡིན་པ་དེ་ཡོངས་སུ་ལོངས་སྤྱད་པར་བཟོད་པའི་ལྷུང་བཟེད་ཀྱང་ཡིན་པ་དེ་ཡོད་པ་ཉིད་ན་ལྷུང་བཟེད་གཞན་ཚོལ་བར་བྱེད་ན། དེ་ལས་བྱུང་བའི་
ཁ་ན་མ་ཐོ་བར་འགྱུར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། ལྷུང་བཟེད་སྐྱོན་མེད་པ་ཡོངས་སུ་ལོངས་སྤྱད་པར་བཟོད་པས་སྙི་བ་ཉིད་ལ་སོགས་པའི་སྐྱོན་དང་བྲལ་བ་གང་ཡིན་པ་དེ་དང་ལྷན་པ་གཅིག་གམ། གཉིས་སམ། གསུམ་མམ། བཞིས་གླན་ཟིན་པ་གང་དག་
ཡིན་པ་དང་། ལྷན་པ་གཅིག་གམ། གཉིས་སམ། གསུམ་མམ། བཞིས་གླན་དུ་རུང་ཞིང་བྱེད་དུ་གཞུག་ནུས་པ་གང་དག་ཡིན་པ་དེ་དག་གི་ནང་ནས་ལྷུང་བཟེད་ཡོངས་སུ་ལོངས་སྤྱད་པར་བཟོད་པ་གང་ཡང་རུང་བ་ཞིག་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་ཚོལ་བར་བྱེད་ན། དེ་ལ་དེ་ལས་བྱུང་
བ་ཁ་ན་མ་ཐོ་བར་འགྱུར་རོ། །ད་ནི་འདི་བརྗོད་པར་བྱ་སྟེ། ལྷུང་བཟེད་དེ་ཡོད་པ་ཉིད་ན་ཅི་ཞིག་ལྟག་པར་སྤྱད་ན་ཁ་ན་ཐོ་བ་ཅི་འདྲ་བར་འགྱུར་ཞེ་ན། དེའི་ཕྱིར་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བསླང་བས་ཡོངས་སུ་བཙལ་ནའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བསླངས་ཏེ་ཡོངས་སུ་
เล่ม ๑๖๒ · หน้า 241a
བཙལ་ན་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གང་ལས་ལྷུང་བཟེད་ཡོངས་སུ་ཚོལ་བར་བྱེད་པ་དེ་གལ་ཏེ་ཁྱིམ་པ་ཡང་ཡིན་ལ་ཉེ་དུ་མ་ཡིན་པ་ཡང་མ་ཡིན་ཞིང་། དེ་ལས་ངག་གི་རྣམ་པར་རིག་བྱེད་ཀྱིས་བསླང་བས་ལྷུང་བཟེད་བཙལ་ཏེ་ཐོབ་ན་དེ་ལས་བྱུང་
བའི་ཁ་ན་མ་ཐོ་བར་འགྱུར་རོ། །དེ་ཉིད་བསླབ་པའི་གཞི་གཞན་ལ་ཡང་འདྲ་བར་བསྟན་པའི་ཕྱིར། དེ་གཉིས་ནི་འོག་མ་གཉིས་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། འདིའི་འོག་མ་བསླབ་པའི་གཞི་གཉིས་པོ་གང་དག་ཡིན་པ་དེ་དག་ལ་ཡང་ཉེ་དུ་མ་ཡིན་པ་དང་། ཁྱིམ་པ་ཉིད་ཅེས་བྱ་བ་འདི་གཉིས་
རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འོག་མ་གཉིས་ལ་ཡང་ངོ་ཞེས་སྤྱིར་བསྟན་པ་དེའི་བྱེ་བྲག་སྤྱིར་བསྟན་པའི་ཕྱིར། ཐ་ག་པ་དང་སྦྱིན་པ་དང་གཞན་དག་ལའོ་ཞེས་བྱ་བ་སྨྲས་ཏེ། ཐ་ག་པ་དང་། སྦྱིན་པ་དང་། གཞན་ནི་ཐ་ག་པ་དང་། སྦྱིན་པ་དང་། གཞན་དག་སྟེ། དེ་དག་ཉེ་དུ་མ་ཡིན་
པ་དང་ཁྱིམ་པ་དག་ལའོ། །འདི་ལྟར་གཙུག་ལག་ལས་གཞན་གྱིས་ཀྱང་ངོ་ཞེས་གསུངས་མོད་ཀྱི། འོན་ཀྱང་གཞན་ཞེས་བྱ་བའི་སྒྲས་དེ་གཟུང་བར་རིག་པར་བྱ་སྟེ། དེ་ལྟར་ཡང་དེ་ལས་རིན་མེད་པར་ཚོལ་བས་ཕོ་ཉ་ལ་སོགས་པ་གཞན་ལ་འཐག་ཏུ་བཅུག་ན་ཞེས་གསུངས་པ་དེའི་དོན་གཞན་
ཞེས་སྨོས་པས་བསྡུས་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། ཐ་ག་པ་འཐག་པ་དང་། སྦྱིན་པར་བྱེད་པ་ཁྱིམ་བདག་ལ་སོགས་པ་ལས་གཞན་པའི་ཕོ་ཉ་ལ་སོགས་པ་ཉེ་དུ་མ་ཡིན་པ་ཉིད་དང་། ཁྱིམ་པ་ཉིད་ཡིན་ན་ལྟུང་བ་འོག་མ་གཉིས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་དུ་མ་ཡིན་པ་
ལྟར་ཉེ་དུ་ལས་ནི་སྐྱེད་དང་ལྷུང་བཟེད་གཉིས་མ་གཏོགས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ལ། ཉེ་དུ་མ་ཡིན་པ་ལྟར་ཞེས་བྱ་བ་དེ་ནི་ཉེ་དུ་མ་ཡིན་པའི་ཡུལ་ལ་ལྟུང་བ་རྣམ་པར་གཞག་པ་སྟེ། ཉེ་དུ་མ་ཡིན་པ་ལ་བསོད་པ་སློང་བ་ལ་སོགས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ཉེ་དུ་ལས་སློང་བར་བྱེད་ན་ཁ་ན་
མ་ཐོ་བའི་ཉེས་པར་མི་འགྱུར་བར་ཤེས་པར་བྱ་སྟེ། དོན་ནི་དེ་ཡིན་ནོ། །ཉེ་དུ་ལས་ནི་སྐྱེད་དང་ལྷུང་བཟེད་གཉིས་མ་གཏོགས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། ཉེ་དུ་ལས་ཀྱང་སྐྱེད་ཀྱི་བསླབ་པའི་གཞི་ལ་སྤོགས་འདོད་པ་ཉིད་ཀྱིས་འདི་ལྟ་སྟེ། མངོན་མཚན་ཅན་གྱི་སྤྱོད་པ་དང་། ཉོ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด