འདུལ་བ་མདོའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ནཱ་ཡ་སཱུ་ཏྲ་བྱཱ་ཁྱཱ་ན
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๔ · หน้า 243a
བཅབས་པས་གླེང་ངོ་ཞེས་འོག་ནས་འབྱུང་བ་དེའི་རྩ་བ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། མ་གྲགས་པ་རྩ་བར་མི་འགྱུར་ཞེས་པ་ལ་སོགས་པ་ཡིན་ཏེ། འཕྲུལ་གྱིས་མིག་དང་རྣ་བ་ལ་སོགས་པ་འཇིག་རྟེན་དུ་གྲགས་པའམ་མངོན་པར་ཤེས་པ་ལ་སོགས་པ་འདི་ལྟ་བུས་གླེངས་པ་ནི་གླེང་བའི་རྩ་
བའམ་བཞིར་མི་རུང་བའོ། །ཚུལ་ནས་འབྱུང་བ་བསྙད་ཟིན་ནས་བྱུང་བའི་བཀྱིགས་པ་མི་སྐྱེ་ཞེས་པ་ནི་ཚུལ་ནས་འབྱུང་བའི་ལས་བསྙད་ཟིན་པའི་འོག་ཏུ་ཚུལ་ནས་མི་འབྱུང་བ་བཀྱིགས་ཀྱང་བཀྱིགས་པར་མི་འགྱུར་བའོ། །ནད་པས་བྱེད་པའང་དེ་བཞིན་ཞེས་པ་ནི་ནད་པས་ཚུལ་ནས་འབྱུང་བ་བཀྱིགས་པར་བྱེད་
པའང་གོང་མ་འདྲ་བར་མི་རུང་བའོ། །ཕྲིན་གྱིས་ཀྱང་ཞེས་པ་ནི་ཕྲིན་གྱིས་ཚུལ་ནས་འབྱུང་བ་བཀྱིགས་ནའང་དེ་བཞིན་དུ་མི་རུང་བའོ། །ནད་པ་ལ་ཡང་ངོ་ཞེས་པ་ནི་དགེ་སློང་གཞན་གྱིས་ནི་ནད་པ་དགེ་འདུན་གྱི་ཆད་པ་ནད་པ་འཆོས་ན་ཕྲིན་ལས་མི་མཛད་དུ་གསོལ་ཞེས་བཀྱིགས་ཀྱང་བཀྱིགས་པར་མི་ཆུད་དོ། །འདི་
མི་བླང་ཞེས་པ་ནི་གོང་དུ་སྨོས་པ་བཀྱིགས་པར་མི་འགྱུར་བའི་རྣམས་དགེ་འདུན་གྱིས་ཀྱང་སྡོམ་པར་མ་བྱེད་ཅིག་པའོ། །ནད་པ་ལ་སོགས་པས་ཚུལ་ནས་འབྱུང་བ་བཀྱིགས་པ་ལ་དགེ་འདུན་གྱིས་མི་སྡོམ་པའི་སྙད་ཇི་སྐད་དུ་བྱ་ཞེ་ན། ཚེ་དང་ལྡན་པ་ཁྱོད་ནད་པ་སྟེ་སྦྱོར་མི་ནུས་ཀྱི་སྡོད་ཅིག་ཅེས་པ་དང་། ཚེ་དང་ལྡན་པ་ཕྲིན་
པ་ཞེས་པ་དང་། འདི་ནད་པ་བས་གླེང་བ་མ་ཡིན་ནོ་ཞེས་ལན་གདབ་ཅེས་པ་ཡིན་ཏེ་ནད་པ་དེ་ལྟར་བཀྱིགས་ན་ནི་ཚེ་དང་ལྡན་པ་ཁྱོད་ནད་པ་ཡིན་ཏེ། སྦྱོར་མི་ནུས་ཀྱིས་སྡོད་ཅིག་ཅེས་དེ་བྱ་བ་དེང་ཕྲིན་དུ་སྤྲིང་སྟེ། འཁྱིགས་ན་ཚེ་དང་ལྡན་པ་ཕྲིན་པ་ཁྱོད་མ་སྨྲ་ཤིག་ཅེས་པ་དང་། ནད་པ་ལ་འཁྱིགས་ན་འདི་ནད་པ་སྟེ། གླེང་དུ་མི་རུང་
གིས་མ་གླེང་ཅེས་ལན་གདབ་ཅིང་མི་སྡོམ་པར་བྱ་བའོ། །བྱས་པའམ་བྱེད་པའི་དངོས་ཉིད་མ་གཏོགས་ན་གླེངས་ཀྱང་ཞེས་པ་ནི་ཉེས་པ་བྱས་པའི་དམིགས་གང་ཡིན་པ་དང་། ཉེས་པ་མེད་པའམ་མི་སུ་ཡིན་པ་རྣམས་ཀྱིས་ནན་རྟགས་མེད་པར་གླེངས་ཀྱང་གླེང་བར་མི་ཆུད་པའོ། །ལྷག་མས་ཀྱང་དུས་མ་ཡིན་པར་མི་བྱ་ཞེས་
པ་ནི་མ་ཡིན་པ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ལས་བཟློག་པས་གླེང་ན་ཡང་སྐབས་སམ་དུས་མ་ཡིན་པར་ནི་མ་གླེངས་ཤིག་པའོ། །དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པས་མ་ཡིན་ཞེས་པ་ནི་སྔ་ནས་དྲན་པ་དང་ཤེས་བཞིན་དུ་བཅབས་པར་གླེངས་པའི་ལས་མ་བྱེད་ཅིག་པའོ། །མི་དབེན་པར་མ་ཡིན་ཞེས་པ་
เล่ม ๑๖๔ · หน้า 243b
ནི་མི་མང་བའི་མདུན་ན་མ་རེག་མི་འཕྲོད་པའི་མདུན་དུ་མ་གླེངས་ཤིག་པའོ། །སྐབས་མ་ཕྱེ་བར་མ་ཡིན་ཞེས་པ་ནི་དེ་སྐབས་མ་ཕྱེ་བའི་བར་དུ་གླེང་བར་མ་བྱེད་ཅིག་པའོ། །ཚུལ་ནས་འབྱུང་བ་ན་ནི་དེའོ་ཞེས་པ་ནི་ཚུལ་ནས་འབྱུང་བའི་ཚེ་ནི་སྐབས་ཕྱེ་བ་མ་ཡིན་པར་སྟོན་པའོ། །མི་དྲན་ན་དྲན་པར་བྱ་ཞེས་པ་ནི་གླེངས་པའི་ཚེ་ཉེས་པ་
བྱས་པར་མི་དྲན་ཞེས་ཟེར་ན་དྲན་པར་སེམས་སུ་ཆུག་ཤིག་པའོ། །མ་ཕྱེ་ན་འདི་ལ་བསྡིགས་པར་བྱ་ཞེས་པ་ནི་སྐབས་འབྱེད་དུ་མ་བཏུབ་ན་བསྡིགས་ཤིག་པའོ། །བསྡིགས་པའི་སྙད་ཇི་སྐད་དུ་བྱ་ཞེ་ན། ཚེ་དང་ལྡན་པ་ཁྱོད་ལ་བྱ་བ་ཡོད་དེ་ཚེ་དང་ལྡན་པ་བསྡིགས་པའི་སྙད་ཡོད་ཀྱིས་གནས་འདི་ནས་མ་ཞུམ་པར་མ་འགྲོ་ཤིག་ཅེས་
པའོ་ཞེས་པ་ཡིན་ཏེ་ཚེ་དང་ལྡན་པ་ཁྱོད་ཚར་བཅད་ཅིང་གཏན་ལ་དབབ་པའི་སྙད་མང་དུ་ཡོད་ཀྱིས་སྡོད་ཅིག་ཅེས་ཚིག་གིས་སྙད་འདི་སྐད་དུ་བསྡིགས་ཤིག་པའོ། །དེས་ཀྱང་དུལ་བར་མ་གྱུར་ན་ལུང་དགག་ཅེས་པ་ནི་གོང་མ་ལྟར་བྱས་ཏེའང་མི་སློན་ན་ལུང་མ་སྦྱིན་ཅིག་པའོ། །འདི་ལ་གཏམ་བྱ་བ་ལ་སོགས་པ་ཡང་གཏམ་
ཞེས་པ་ནི་དེ་ལྟ་བུ་ལ་ལུང་དགག་པར་མ་ཟད་ཀྱི་གཏམ་མི་བྱ་བ་ལ་སོགས་པར་གྱིས་ཤིག་པའོ། །དེས་ཀྱང་གསོ་སྦྱིན་བཀྱིགས་ཞེས་པ་དང་། འོན་ཀྱང་ཚུལ་ནས་མི་དབྱུང་བའོ་ཞེས་པ་ནི་གོང་མ་ལྟར་བྱས་ཀྱང་མ་སློན་ན་གསོ་སྦྱིན་བཀྱིགས་པ་དང་། དེས་ཀྱང་མ་སློན་ན་ཚུལ་ནས་འབྱུང་བ་བཀྱིགས་པ་རྣམས་གྱིས་
ཤིག་པའོ། །འདིར་བཀྱིགས་པ་བཀྱིགས་པ་དང་། ལྷན་ཅིག་ཏུ་བྱས་ན་ཚངས་པའོ་ཞེས་པ་ནི་དྲུག་སྡེས་དགེ་སློང་ཅིག་ལ་སྐུ་རེར་བཀྱིགས་པ་ཕྱིས་དྲུག་སྡེ་པོ་ཉིད་དང་ལྷན་ཅིག་ཏུ་གསོ་སྦྱིན་བྱས་པས་ཚངས་པར་གྱུར་པ་བཞིན་དུ་དང་པོ་སུས་བཀྱིགས་པ་དེས་བརྩངས་ནས་གཞན་བྱ་མི་དགོས་པར་ཚངས་པའོ། །
སྐབས་ཕྱེ་ཡང་རང་རེང་བྱེད་ན་སྐོབས་སུ་གཞུག་ཅེས་པ་ནི་སྐབས་ཕྱེར་ཟིན་གྱི་རྣ་ལམ་མམ་ལྷན་པོར་མི་བཏུབ་ན་སྐོབས་སུ་གཞུག་པ་ཐབས་ཀྱིས་གྱིས་ཤིག་པའོ། །སྐོབས་སུ་གཞུག་པའི་ཐབས་སུ་ཇི་ལྟར་བྱ་ཞེ་ན། འདིའམ་ཆེ་གེ་མོ་ཞིག་གི་གནས་སུ་དངོས་པོ་ཆེ་གེ་མོ་ཞིག་ཅེས་བྱ་བ་དང་། གང་ཡང་
རུང་གིས་བརྗོད་པར་བྱའོ་ཞེས་ཉེས་པའི་སྒྲོ་གདགས་པའམ་ཉེས་པ་བསྟན་ཅིང་གཏུར་ཞེས་པ་ཡིན་ཏེ། གནས་ཆེ་གེ་མོ་ཞིག་ཏུ་ཉེས་པ་འདི་ལྟ་བུ་ཞིག་བྱས་ཀྱི་ཞེའམ། གར་ཡང་རུང་སྟེ། ཉེས་པ་ཅི་བྱས་པ་རྣམས་ངས་གླེང་ངོ་ཞེས་ཉེས་པ་རྔམས་ཆེ་བ་སྐད་དུ་བྱ་བ་དང་། ཉེས་པའི་དངོས་ཉིད་བསྟན་ཅིང་གཏུར་
เล่ม ๑๖๔ · หน้า 244a
བར་གྱིས་ཤིག་པའོ། །ཚུལ་ཁྲིམས་དང་ལྟ་བ་དང་སྤྱོད་པ་དང་འཚོ་བ་ཉམས་པ་གླེངས་པ་ལ་སོགས་པའོ་ཅོག་རྩ་བ་ཡོད་ན་གདོད་སྐྱེའོ་ཞེས་པ་ནི་ཚུལ་ཁྲིམས་ཉམས་པ་ལ་སོགས་པའི་སྐྱོན་ཡོད་པ་ལ་གླེང་བ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ལྟར་བྱ་བ་ཡང་མཐོང་བ་དང་ཐོས་པ་དང་དོགས་པའི་རྩ་བ་ཡོད་
ན་གདོད་རྒལ་བའམ་གླེང་བར་ཆུད་པའོ། །གྱི་ནའི་རྩ་བས་མི་བྱ་ཞེས་པ་ནི་གཏན་ལ་ཕབ་པའི་འོལ་ཚོད་དུ་མཐོང་བའམ་དོགས་པས་ནི་གླེང་བར་མ་བྱེད་ཅིག་པའོ། །འདིར་དངོས་པོ་བདེན་པ་མི་བརྩན་ཞེས་པ་ནི་རྒོལ་བ་དེ་ལ་ཉེས་པའི་སྐྱོན་ནི་ཡོད་མོད་ཀྱི་རྒོལ་བ་དེས་ཡོད་པར་མ་ཤེས་ཏེ། སྐུར་བརླང་བཏབ་པ་དང་
ཉེས་པ་མེད་པ་ལ་ཡོད་པ་སྙམ་ཞིག་སྟེ། བརྒལ་བ་ལྟ་བུ་དངོས་པོ་བདེན་པ་ལྟ་བུ་ནི་མི་བརྩན་གྱི་རྒོལ་བ་ཉིད་ཀྱི་འདུ་ཤེས་བརྩན་པར་སྟོན་པའོ། །བྱེད་པའི་མཚན་མ་དང་། ཕ་རོལ་གྱི་ཁ་ན་ཞོ་བ་དང་། བདག་ལ་ཟེར་བ་ཡོད་པ་གསུམ་གྱིས་ཐོས་ནའོ་ཞེས་པ་ནི་རྣམ་པ་འདི་གསུམ་གྱིས་ཐོས་ན་ཐོས་པའི་རྩ་བ་ཡིན་
པར་སྟོན་པའོ། །དེ་ལ་བྱེད་པའི་མཚན་མ་ཞེས་པ་ནི་ཉལ་པོ་བྱེད་པའི་སྒྲ་ཐོས་པའོ། །ཕ་རོལ་གྱི་ཁ་ན་ཞོ་ཞེས་པ་ནི་མི་ཚངས་པར་སྤྱོད་པའི་གཏམ་ཟེར་བ་ཐོས་པའོ། །བདག་ལ་ཟེར་བ་ཡོད་ཅེས་པ་ནི་ཕ་རོལ་སྐྱེལ་བ་ཡོད་པའོ། །ཡིད་མ་ཆེས་ན་རྩ་བ་མ་ཡིན་ཞེས་པ་ནི་ཕ་རོལ་སློས་ཤིང་ཟེར་བ་ལ་བདག་ཡིད་མ་ཆེས་
པ་ནི་ཐོས་པའི་རྩ་བར་མི་འགྱུར་བའོ། །བསྟན་པའི་དངོས་པོའོ།། །།བསྟན་པའི་དངོས་པོ་ཞུས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ནི་རྒྱུས་ཤེས་པ་དུ་མ་ནི་གླེང་བ་ལ་སོགས་པར་སུ་མོས་པའོ་ཞེས་པ་ཡིན་ཏེ་ཉེས་པ་ཡོད་པར་རྒྱུས་ཤེས་པ་མང་ན་རྒོལ་ཞིང་གླེང་བ་ནི་སུས་བྱས་ཀྱང་སླ་བའོ། །ཚུལ་ནས་འབྱུང་བ་མ་
ཡིན་པར་དེ་མི་བཀྱིག་ཅེས་པ་དང་། གསོ་སྦྱིན་མ་ཡིན་པར་ཡང་དེ་མ་ཡིན་ཞེས་པ་ནི་ཚུལ་ནས་འབྱུང་བ་དང་གསོ་སྦྱིན་གྱི་དུས་མ་ཡིན་པར་ནི་བཀྱིག་པར་མ་བྱེད་ཅིག་པའོ། །འཁྱིག་པ་བུད་མེད་ལ་གཞན་སྐྱེས་པ་ནི་བཀྱིགས་པ་བྱས་སམ་བྱེད་པ་ནི་བཀྱིགས་པ་མ་ཡིན་ནོ་ཞེས་པ་ནི་བུད་མེད་ཀྱི་བཀྱིགས་པ་བྱས་
ཀྱང་རུང་སྟེ་བཀྱིགས་པར་མི་འགྱུར་བའོ། །དེ་ལས་དགེ་སློང་ཕ་ལས་མཚན་གྱུར་ན་དེ་ལ་དེ་བཞིན་རང་བཞིན་ཉམས་པ་ཡིན་ཞེས་པ་ནི་རང་བཞིན་ཉམས་པས་བཀྱིགས་པར་མི་འགྱུར་བའོ། །ཚུལ་ཁྲིམས་གཅིག་པས་མ་ཡིན་ཞེས་པ་ནི་ཚུལ་ཁྲིམས་ཞིག་པ་དང་སྡེ་མི་གཅིག་པས་བཀྱིགས་པར་མི་འགྱུར་
เล่ม ๑๖๔ · หน้า 244b
བའོ། །འདི་གཉིས་ལ་མ་ཡིན་ཞེས་པ་ནི་རང་བཞིན་མ་ཉམས་པ་དང་། ཚུལ་ཁྲིམས་མི་གཅིག་པ་ལ་སོགས་པ་ལ་བཀྱིགས་ཀྱང་བཀྱིགས་པར་མི་འགྱུར་བའོ། །བསྟན་པའི་དངོས་པོ་ཞུས་པའོ།། །།གཞུང་འདི་ལས་གསོ་སྦྱིན་བཀྱིགས་པའི་དངོས་པོ་ཞེས་འབྱུང་བ་འདིར་འདི་སྐད་དུ་བརྟགས་པ་ཅིའི་ཕྱིར་ཞེ་ན། གསོ་
སྦྱིན་བཀྱིགས་པ་ཉི་ཚེར་ཟད་ཀྱི་ཚུལ་ནས་འབྱུང་བ་བཀྱིགས་པ་དང་། ལུང་བཀག་ཅིང་སྐོབས་སུ་གཞུག་པ་ལ་སོགས་པ་བསྟན་པ་རྣམས་སུ་ཡོད་པའི་ཕྱིར་འདི་སྐད་དུ་བཏགས་སོ་ལས་ཀྱིས་ཕྱེ་བ་དངོས་པོ་སྟོན་པ་ནི་དགེ་འདུན་འབྱེད་པའི་མཐུ་ཡོད་པ་ལ་མ་དད་བཞིན་དུ་མི་གླེང་གླེང་ནའང་ཁྱད་དུ་མི་གསོད་ཅེས་པ་ལ་སོགས་པ་ཡིན་
ཏེ། དགེ་འདུན་འབྱེད་པར་ནུས་པའི་མི་ལ་མ་དད་བཞིན་དུ་གླེང་བ་དང་དེ་ཉིད་གཞན་ལ་གླེང་ན་ཡང་ཁྱད་དུ་མ་གསོད་ཅིག་པའོ། །གང་དུ་ཡང་ཁོན་ཡོད་པ་དང་ལྷན་ཅིག་མི་བསྡད་ཅེས་པ་ནི་ཁོན་ཡོད་པ་དང་ཕྲད་ན་དེ་དང་ལྷན་ཅིག་ཡུན་རིང་དུ་མ་འདུག་ཤིག་པའོ། །གུད་དུའང་གཉིས་སམ་གསུམ་གྱིས་གོ་བཙལ་
ཏེའོ་ཞེས་པ་ནི་གྲལ་དུ་བཀད་པ་ལ་སོགས་པའི་སྐབས་གཞན་དུའང་ཅིག་ཅར་བསྡམས་ཏེ་མ་འཁོད་པར་གོ་གཉིས་སམ་གསུམ་གྱིས་བར་དུ་ཆོད་ལ་འདུག་ཤིག་པའོ། །གཅིག་གིས་ཀྱང་དེ་བཞིན་དུ་དེ་དང་ཉེས་པ་ནི་ཁོན་ཡོད་པའི་གང་ཟག་གཅིག་གིས་ཀྱང་དེ་དང་ལྷན་ཅིག་འདུག་པ་ལ་སོགས་པ་གོང་མ་བཞིན་དུ་
གྱིས་ཤིག་པའོ། །འདི་གཉིས་ཀྱི་གནས་སོ་སོར་སྦྱིན་ཞིང་མནོད་པ་ཡང་ཞེས་པ་ནི་འདི་གཉིས་ཀྱི་གནས་དབོག་པའི་ཚེ་ཡང་ལྷན་ཅིག་ཏུ་མ་བབ་པར་ཕོག་པ་དང་དེ་དག་གིས་ཀྱང་ལྷན་ཅིག་ཏུ་མ་གབ་པར་ནོས་ཤིག་པའོ། །ཆོས་དང་འདུལ་བས་དེར་གྱུར་ལ་ཆོས་མ་ཡིན་པ་ལ་ཇི་ནས་ཀྱང་ཞེན་པར་ཤེས་ན་དགེ་
འདུན་མཐུན་པ་ལ་ཡལ་ལོ་ཞེས་པ་ནི་དངོས་པོ་རྟག་ཆད་ཀྱི་ཆོས་ལ་ཁ་མ་དུམ་བ་འམ་སྤྱད་པ་ལྕི་ཡང་གི་འདུལ་བ་ཁ་མ་དུམ་སྟེ། རྩོད་ན་ཆོས་མ་ཡིན་པའི་ཕྱོགས་སུ་ལྟ་བ་རྣམས་སྙིང་ནས་གཏོང་དུ་མི་བཏུབ་ཅིང་ཞེན་ཆེས་ཆེ་བར་མངོན་ན་དགེ་འདུན་མཐུན་པ་ཡལ་ཞིང་མེད་པར་སྟོན་པའོ། །དེ་བས་ན་དེ་ལས་
གཞན་པ་དང་འདུས་ཏེ་ལས་བྱས་ཀྱང་མི་སྐྱེ་ཞིང་གཅིག་ལ་གཅིག་བསྐལ་བར་ཡང་མི་འགྱུར་བའོ་ཞེས་པ་ནི་གོང་མ་ལྟར་བས་ན་དེ་དང་འདུས་ཏེ་ལས་ལྷན་ཅིག་ཏུ་བྱས་ཀྱང་ལས་སུ་མི་རུང་བ་དང་། གཅིག་ལ་གཅིག་བསྐལ་པར་ཡང་མི་འགྱུར་བའོ། །དེ་དག་དེའི་གཉེན་པོར་འཐབ་ཅེས་པ་དང་། ཆོས་
เล่ม ๑๖๔ · หน้า 245a
འདི་པ་རྣམས་ཀྱི་ཕྱག་མི་བྱ་ཞེས་པ་ནི་གོང་མ་ལྟར་སྡེ་གཉིས་སུ་ཆད་པ་ལྟར་མ་འོས་པར་རྩོད་ན་དགེ་ཚུལ་མ་ཡིན་ཆད་ཆོས་འདི་པ་རྣམས་ཀྱིས་ཕྱག་མ་བྱ་ཤིག་པའོ། །ལྡང་བ་སྟན་ལ་གཉར་ཏམ། བྲེ་མོ་གཏམ་ཀུན་དགའ་བ་རྣམ་པར་ལྟ་བ་རྣམས་ཀྱང་ཕྱག་མི་བྱ་ཞེས་པ་ནི་གོང་མ་ལྟར་སྡེར་
གྱུར་ན་ཆོས་མ་ཡིན་པར་ལྟ་བ་ལ་མིང་གིས་སྨོས་པ་འདི་རྣམས་ལྟ་བུ་བསྟི་སྟང་ཡང་མ་བྱེད་ཅིག་པའོ། །དེ་ལ་གཏམ་ཞེས་པ་ནི་ཚིག་ཐ་མལ་པའོ། །བྲེ་མོ་གཏམ་ཞེས་པ་ནི་ཡིད་གཅུགས་པའི་གཏམ་མོ། །ཀུན་དགའ་བ་ཞེས་པ་ནི་ནད་དྲི་བ་ལ་སོགས་པའོ། །ལྟ་བ་ཞེས་པ་ནི་ཐ་མལ་པར་ལྟ་བའོ། །
རྣམ་པར་ལྟ་ཞེས་པ་ནི་ཁོང་མོར་ལྟ་བའོ། །ལག་བརྡས་མལ་སྟན་སྦྱིན་ཞེས་པ་ནི་ཆོས་མ་ཡིན་པའི་ཕྱོགས་སུ་ལྟ་བ་རྣམས་ལ་མལ་སྟན་ཡང་མ་སྨྲ་བར་ལག་བརྡས་བྱིན་ཅིག་པའོ། །དེས་ཐོས་པར་གཞོགས་སྦད་ཀྱིས་ཞེས་ཁ་ཅིག་ཅེས་པ་ནི་དེ་ལ་མལ་སྟན་བྱིན་པའི་ཚེ་དགེ་སློང་འདིའི་མལ་སྟན་ནི་འདིའོ་
ཞེས་དགེ་སློང་གཞན་ལ་བྱ་བ་སྐད་དུ་བྱའོ། །ཞེས་ཀྱང་སློབ་དཔོན་ཁ་ཅིག་འཆད་པར་སྟོན་པའོ།། །།གནས་ནི་མཐའ་ཁོབ་ཏུའོ་ཞེས་པ་ནི་དེའི་གནས་ཀྱང་གཙུག་ལག་ཁང་ཐ་མ་བྱིན་ཅིག་པའོ། །ང་ཡང་རྒན་རབས་ཤིག་ན་ཞེས་ཟེར་ན་འདི་སྐད་(གྱི་‚ཀྱི་)གཏམ་དྲུང་གྲགས་པ་ཁྱེད་ཀྱང་བདག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་
སྙམ་མམ་ཁྱེད་ཀྱི་སྟོན་པ་ཐུགས་རྗེ་ཅན་གྱིས་གནང་དུ་ཟད་ཀྱི་འདི་དག་ཙམ་གྱི་ཚོད་ཀྱི་མི་འཐོབ་བོ་ཞེས་གཞོགས་གཏམ་གྱིས་ལ་ལན་གླན་ཞེས་པ་ནི་རྒན་རབས་ཤིག་སྟེ། གོང་མ་ལྟར་བྱས་པ་དང་འཁང་ན་དགེ་སློང་གཞན་ལྟར་བྱ་བ་སྐད་(གྱིས་‚ཀྱིས་)ལ་ལན་འདི་སྐད་ཐོབ་ཤིག་པའོ། །དགེ་སློང་མས་ནི་སྟན་ལས་འཕགས་པ་
མི་བཏང་ཞེས་པ་ནི་ཆོས་མ་ཡིན་པའི་ཕྱོགས་སུ་བལྟས་པ་འོངས་ན་དགེ་སློང་མས་སྟན་ལས་མི་ལྡང་བར་ནི་མ་བྱེད་ཅིག་པའོ། །དགེ་བསྙེན་གྱིས་ཀྱང་བསོད་སྙོམས་བྱིན་ཞེས་པ་ནི་དེ་ལ་དགེ་བསྙེན་དག་གིས་ཀྱང་བསོད་སྙོམས་ནི་བྱིན་ཅིག་པའོ། །འདི་དག་ཚངས་སུ་ཟིན་ཀྱང་འདུམ་པ་མ་རྙེད་ཀྱི་བར་དུ་འདུམ་མི་སྐྱེ་ཞེས་པ་ནི་
གོང་མ་ལྟར་དགེ་འདུན་སོ་སོར་བྱ་བ་ལས་སླར་ཚངས་སུ་ཟིན་ཀྱང་དགེ་འདུན་གྱིས་འདུམ་བར་མ་བྱས་ཀྱི་བར་དུ་མཐུན་པ་མི་འགྲུབ་པའོ། །གསོ་སྦྱིན་མ་བྱས་པར་རང་བཞིན་དུ་གནས་པ་མི་འཐོབ་ཅེས་པ་ནི་དེ་ལྟར་བྱེ་བ་ལས་སླར་འདུམ་པའི་དགེ་འདུན་གྱིས་གསོ་སྦྱིན་མ་བྱས་ཀྱི་བར་དུ་སྔོན་གྱི་སོར་མི་ཆུད་པའོ། །འདི་
เล่ม ๑๖๔ · หน้า 245b
ནི་སྦྱིན་ཞིང་བྱ་ཞེས་པ་ནི་སྔར་སྦྱིན་པའི་ཆོས་ཇེ་བྱས་པའི་འོག་ཏུ་གསོ་སྦྱིན་གྱིས་ཤིག་པའོ། །སྔར་སྦྱིན་པ་ཇི་ལྟ་བུ་ཞེ་ན་འདི་ལས་ཀྱིས་སོ་ཞེས་པ་ཡིན་ཏེ། གསོལ་བ་དང་བཞིའི་ལས་ཀྱིས་གསོ་སྦྱིན་པའི་ལས་ཇེ་བྱས་ལ་དེའི་འོག་ཏུ་གདོད་གསོ་སྦྱིན་ངོ་བོ་གྱིས་ཤིག་པའོ། །སྔ་མ་ཡང་ཞེས་པ་ནི་སྔ་མ་སྡེ་འདུམ་པ་ཡང་གསོལ་
བ་དང་བཞིའི་ལས་ཇེ་བྱས་ན་གདོད་འདུམ་པར་འགྱུར་བའོ། །འདུམ་པ་དང་བཀྲ་ཤིས་པ་དང་ཡེ་འདྲོག་གི་ཕྱིར་གསོ་སྦྱིན་རུང་ཞེས་པ་ནི་དགེ་འདུན་བྱེ་བ་ལས་འདུམ་པའི་ཕྱིར་གསོ་སྦྱིན་པ་དང་ཆོས་མ་ཡིན་པ་དང་། ལྟས་ངན་བྱུང་བའི་ཕྱིར་གསོ་སྦྱིན་བྱ་བ་དང་། ནད་པ་ལ་སོགས་པ་ཡེ་འདྲོག་གི་ཕྱིར་གསོ་སྦྱིན་བྱ་བ་རྣམས་
མི་རུང་བ་མེད་པའོ། །འདིའི་དུས་ནི་འདི་ཉིད་ཀྱི་གཞི་ལས་སོ་ཞེས་པ་ནི་གོང་མ་ལྟར་གསོ་སྦྱིན་བྱ་བ་ནི་བཅུ་བཞིའམ་བཅོ་ལྔ་ཚེས་གྲངས་དང་སྦྱར་བ་མེད་ཀྱི་དེ་ལྟ་བུ་བྱུང་བའི་ཚེ་གྱིས་ཤིག་པའོ། །ལས་བྱེད་པའི་དངོས་པོའོ།། །།ལས་ཀྱི་བྱེ་བ་དངོས་པོ་ཞུས་པ་ལས་འབྱུང་བ་དང་། མ་ན་བི་ག་ལས་འབྱུང་བ་བསྡུས་ཏེ་སྟོན་
པ་ནི་ཆོས་མ་ཡིན་པར་སྨྲས་པས་མཚམས་ཀྱི་ནང་དུ་དབྱེ་བའི་བསམ་པས་ལས་གུད་དུ་བྱས་ན་བྱེ་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཆོས་མ་ཡིན་པར་ལྟ་བས་མཚམས་ཀྱི་ནང་དུ་དགེ་འདུན་གཞན་དང་བྱེ་ཡང་བླ་བར་བསམས་ཏེ་ལས་ལོགས་ཤིག་ཏུ་བྱས་ན་བྱེ་བར་འགྱུར་བའོ། །འདི་དག་སོ་སོའི་ལས་སུ་མི་རུང་བ་ཞེས་
པ་དང་། ཉིད་ཀྱི་ཕྱོགས་མ་ཡིན་ན་མི་རུང་ཞེས་པ་ནི་དེ་ལྟར་སོ་སོར་བྱེད་ན། སོ་སོའི་ཕྱོགས་ཀྱི་ལས་སུ་རུང་གིས་བསྣོལ་མར་ནི་མི་རུང་བའོ། །ཆོས་སྨྲ་བས་བྱས་པ་ནི་དགེ་འདུན་གྱིས་བྱས་པའོ་ཞེས་པ་ནི་ཆོས་ཀྱི་ཕྱོགས་སུ་ལྟ་བ་རྣམས་ཀྱིས་མཚམས་གཅོད་ཅིང་དགྲོལ་བ་ལ་སོགས་པའི་ལས་བྱས་པ་ནི་དགེ་འདུན་གཞན་
གྱིས་ལས་སུ་རུང་བའོ། །སྐམ་ལ་གནས་པ་ཡོད་ན་དེས་དགེ་སློང་མས་ལུང་སྦྱིན་ཞེས་པ་ནི་རྩོད་པའི་འདམ་དུ་མ་སོང་བའི་སྐམ་ལ་འདུག་པས་དགེ་སློང་མའི་ལུང་བྱིན་ཅིག་པའོ། །འདི་དག་ཆོས་ཀྱི་ཕྱོགས་པས་བསྐལ་བར་འགྱུར་ཞེས་པ་ནི་སྐམ་ལ་གནས་པ་འདི་ལྟ་བུ་མཚམས་ཀྱི་ནང་ན་ཡོད་དེ་མ་དྲིས་པར་ལས་བྱས་ན།
ལས་གཅོད་པ་ལ་སོགས་པར་འགྱུར་བར་སྟོན་པའོ། །ཡོ་ན་དེ་ཉིད་འཇིག་ཅེས་པ་ནི་སྐམ་ལ་གནས་པ་དེ་ཕྱོགས་གཅིག་གི་རྗེས་སུ་བལྟས་པ་འཇིག་པར་འགྱུར་བའོ། །འདི་མི་བྱ་ཞེས་པ་ནི་འདི་ལྟ་བས་ན་སྐམ་ལ་གནས་པ་དེ་ཕྱོགས་གཅིག་ཏུ་ལྟ་བར་མ་བྱེད་ཅིག་པའོ། །དགེ་སློང་མའི་དགེ་འདུན་དང་ཕྱོགས་དང་
เล่ม ๑๖๔ · หน้า 246a
ཕྱོགས་གཞན་དུ་བལྟས་ཀྱང་ལུང་སྦྱིན་ཞེས་པ་ནི་དགེ་སློང་མའི་དགེ་འདུན་སོ་སོར་ཆད་དུ་བྱེད་པའི་ཚེ་ལུང་བྱིན་ཅིག་པའོ། །བྱེ་ན་ནི་འདི་མ་ཡིན་ཞེས་པ་ནི་སོ་སོར་ཤག་པོར་བྱེད་ན་ནི་ལུང་མ་བྱིན་ཅིག་པའོ། །གསོལ་ན་འདུམ་དུ་གཞུག་ཅེས་པ་ནི་དེ་དག་ལུང་དབོག་པར་གསོལ་ན་ཁྱེད་ཅི་འདུམ་
པར་གྱིས་ཤིག་དང་། གདོད་ལུང་སྦྱིན་ནོ་གྱིས་ཤིག་པའོ། །དབྱར་གྱི་ཆོས་སྨྲ་བར་འགྲོ་ཞེས་པ་ནི་དབྱར་གྱི་རྙེད་པ་རྣམས་ཆོས་སྨྲ་བ་དབང་བའོ། །འདུས་པ་གཉིས་ལས་མ་བགོས་པར་སྦོམ་དུ་བྱིན་ཅིག་པའོ་ཞེས་པ་ནི་བྱེ་བའི་དགེ་འདུན་སྡེ་གཉིས་ལ་ཡོན་བདག་གིས་སོ་སོར་མ་བགོས་པར་སྤྱི་རིལ་དུ་ཕུལ་ན་
ཆོས་སྨྲ་བ་རྣམས་དབང་བར་འགྱུར་བའོ། །ཀུན་དུའང་དེའམ་ཞེ་ན། དེ་དག་ཀྱང་དགེ་འདུན་དུ་ཚང་བར་འགྱུར་ནའོ་ཞེས་པ་ཡིན་ཏེ། ཆོས་སྨྲ་བའི་ཕྱོགས་རྣམས་དགེ་འདུན་དུ་ཚང་ན་གདོད་གོང་མ་ལྟར་འགྱུར་བའོ། །གལ་ཏེ་མ་ཚང་ན་ཇི་ལྟར་བྱ་ཞེ་ན། གལ་ཏེ་གཞན་མ་ཚང་ལ་དེ་དག་ན་གང་གི་ཐུ་བར་
འོངས་པའོ་ཞེས་པ་ཡིན་ཏེ། ཆོས་ཀྱི་ཕྱོགས་སུ་ལྟ་བ་ནི་དགེ་འདུན་དུ་མ་ཚང་བ་ཆོས་མ་ཡིན་པའི་ཕྱོགས་སུ་ལྟ་བ་རྣམས་དགེ་འདུན་དུ་ཚང་ན་གང་གི་ཐུ་བར་འོངས་པར་དབང་བའོ། །མདུན་དུ་བཞག་པའང་དེ་བཞིན་གལ་ཏེ་གཉི་གའི་ཐུ་བར་འོངས་ན་ཇི་ལྟར་བྱ་ཞེ་ན། གཉིས་ཀར་ན་གཉི་གའོ་ཞེས་པ་ནི་གཉིས་
ཀའི་ཐུ་བར་འོངས་ན་གཉིས་ཀ་དབང་བའོ། །བགོ་བའི་ཐབས་ཇི་ལྟར་བྱ་ཞེ་ན། དགེ་འདུན་དུ་མ་ཡིན་གྱི་གང་ཟག་གི་སྐལ་བས་སོ་ཞེས་པ་ཡིན་ཏེ། དགེ་འདུན་གྱི་སྡེ་གཉིས་དགའ་བར་ཕྱེད་ཤས་སུ་བགོ་བ་མ་ཡིན་གྱི་གང་ཟག་གི་གྲངས་མང་ཉུང་གི་ཤས་སུ་བགོས་ཤིག་པའོ། །ལས་ཀྱི་ཕྱེ་བའི་དངོས་པོར་
གཏོགས་པ་ཞུས་པ་དང་མན་པའི་ཀའོ། །འཁོར་ལོས་བྱེ་བའི་དངོས་པོར་སྟོན་པ་ནི་གཅུགས་གཞུག་པའི་ཕྱིར་གསོལ་བའམ་ཚུལ་ཤིང་ལེན་དུ་བཙུད་པས་ཆོས་དང་བྲལ་བ་ནི་དགེ་འདུན་ཕྱེ་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ། འཕགས་པའི་ལམ་དང་བྲལ་བའི་གསོ་བའམ་ཚུལ་ཤིང་ལེན་དུ་བཙུད་པས་གཅུགས་བཅུག་
ན་དགེ་འདུན་ཕྱེ་བ་ཡིན་པར་སྟོན་པའོ། །འབྱེད་པར་བྱེད་པའང་དགེ་འདུན་མ་ཚང་བ་དང་གཞན་ཡང་མཚམས་ཀྱི་ནང་ན་ལུས་པ་དགེ་འདུན་དུ་མ་ཚང་ན་འདིར་མི་འགྱུར་ཞེས་པ་ནི་བྱེད་པ་དགེ་འདུན་དུ་མ་ཚང་ངམ་ཕྱི་མ་ལུས་པ་དགེ་འདུན་དུ་མ་ཚང་ན་དབྱེན་དུ་མི་ལྡང་བའོ། །འབྱེད་པར་བྱེད་པ་ནི་འབྱེད་པ་མ་
เล่ม ๑๖๔ · หน้า 246b
ཡིན་ཞེས་པ་ནི་འབྱེད་པར་བྱེད་པ་ཁོ་ན་ཉིད་ཀྱིས་དགེ་འདུན་གྱི་ཁ་བསྐང་དུ་མི་རུང་བའོ། །ཕྱེའོ་ཅོག་གིས་མཚམས་མེད་པར་འགྱུར་རམ་ཞེ་ན། ཆོས་དང་ཆོས་མ་ཡིན་པ་ཁོ་ན་གདོད་ཡོད་བཞིན་ན་མཚམས་མེད་པའོ་ཞེས་པ་ནི་ཆོས་དང་ཆོས་མ་ཡིན་པར་ཤེས་བཞིན་དུ་གཅུགས་བཅུག་སྟེ་ཕྱེ་ན་གདོད་མཚམས་མེད་པར་
འགྱུར་བའོ། །ཆོས་ཀྱི་འདུ་ཤེས་ཕྱེ་ན་ཡང་ཞེས་པ་ནི་ལྷག་མ་ལུས་པའི་མྱ་ངན་ལས་འདས་པ་ལས་བཟློག་པ་ནི་འདོད་ཁམས་ཀྱི་དབང་པོ་ལ་ཕན་བཏགས་པར་འདུ་ཤེས་པ་ལྟ་བུ་ཕན་གདགས་པའམ་བསོད་ནམས་ཀྱི་འདུ་ཤེས་ཀྱིས་ཕྱེ་ན་ཡང་མཚམས་མེད་པར་འགྱུར་བའོ། །འཁོར་ལོས་ཕྱེ་བའི་དངོས་པོའོ།། །།རྩོད་
པའི་དངོས་པོ་སྟོན་པ་ནི་འཁྲུག་པའི་རྒྱུ་ནི་བཞི་སྟེ་ཞེས་པ་ལ་སོགས་པ་ཡིན་ཏེ། འཁྲུག་པའི་རྒྱུ་རྣམ་པ་བཞི་ཡོད་པར་སྟོན་པའོ། །བཞི་གང་ཞེ་ན། དངོས་པོ་དོན་དེ་ཁོ་ན་ཉིད་ལ་ཁ་མི་འདུམ་པ་དང་། སྤང་བ་དང་ཉེས་པ་ཅན་དང་ལས་འདུམ་པ་མི་སྟེར་བ་རྣམས་སོ་ཞེས་པ་ཡིན་ཏེ་མི་མཐུན་པས་རྩོད་པའི་རྒྱུ་ནི་
དངོས་པོའི་དོན། རྟག་ཆད་ལ་སོགས་པའི་དེ་ཁོ་ན་ཉིད་ལ་ཁ་མི་འདུམ་པ་ལས་འབྱུང་བ་ཉིད་དང་ལུང་མི་སྟེར་བར་རྩོད་པའི་རྒྱུ་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་ལས་སྤངས་ཤིང་བཀྱིགས་པ་ལས་འབྱུང་བ་དང་། ལྟུང་བའི་རྩོད་པའི་རྒྱུ་ཉེས་པ་ཡོད་མེད་ལས་འབྱུང་བ་དང་། བྱ་བས་རྩོད་པའི་རྒྱུ་
ལས་འདུར་མི་བཏུབ་པ་ལས་འབྱུང་བ་རྣམས་སུ་སྟོན་པའོ། །མཚན་མ་དང་པོ་ནི་གྲག་པར་བྱ་བས་འཇིལ་ཞེས་པ་ནི་དངོས་པོ་དོན་དེ་ཁོ་ན་ཉིད་ལ་ཁ་མི་འདུམ་པས་ནི་རྩོད་པ་ནི་རྟག་ཆད་ལ་སོགས་པ་གང་གི་ཕྱིར་ཁ་མི་འདུམ་པ་དེ་གཅིག་ཏུ་ངེས་པར་གཡེངས་ཏེ་བཅད་པས་འཇིལ་ཞིང་སློན་པར་
སྟོན་པའོ། །མཚན་མ་གཉིས་པ་ནི་འདི་དང་བརྩངས་པས་སོ་ཞེས་པ་ནི་སྤང་བ་ལ་རྣམ་པ་གཉིས་ཏེ། རྒྱུ་ཡོད་པ་དང་མེད་པའོ། །དེ་ལ་རྒྱུ་ཡོད་པ་ནི་ངེས་པར་བཅད་པས་ཞི་བར་བྱ་བ་དང་། རྒྱུ་མེད་པ་ནི་དྲན་པ་དང་མ་རྨོངས་པ་སྦྱིན་ཞིང་བརྩངས་པས་འཇིལ་བར་སྟོན་པའོ། །མཚན་མ་གསུམ་
པ་ནི་བཅོས་པ་དང་སེམས་སུ་བཅུག་པས་སོ་ཞེས་པ་ནི་ཉེས་པ་ཅན་ལའང་ཉེས་པར་མངོན་པ་དང་། མི་མངོན་པ་གཉིས་ཡོད་དེ་དེ་ལ་ཉེས་པར་མངོན་པ་ནི་གཉེན་པོ་ལ་བརྟེན་དུ་བཅུག་ཅིང་བཅོས་པས་སློན་པར་སྟོན་པ་དང་། ཉེས་པར་མངོན་པ་ནི་དྲན་པ་ཚོལ་ཞིང་སེམས་སུ་བཅུག་པས་
เล่ม ๑๖๔ · หน้า 247a
འཇིལ་པར་སྟོན་པའོ། །ཐ་མ་ནི་བྱིན་པས་སོ་ཞེས་པ་ནི་ལས་ལ་འདུར་མི་བཏུབ་པས་རྩོད་པ་ནི་འདུར་བཙུད་པས་ཞི་བར་སྟོན་པའོ། །རྩོད་པ་ཉིད་ཀྱིས་མ་ཆོད་ན་གཟུ་བོས་བཅད་ཅེས་པ་ནི་དགེ་སློང་གཉིས་རྩོད་པ་མ་དུམ་ན་གཟུ་བོས་ཆོད་ཅིག་པའོ། །དགེ་སློང་ངོ་ཡང་ཞེས་པ་ནི་གཟུ་
བོ་དེ་ཡང་དགེ་སློང་ཡིན་ནའོ། །དགེ་སློང་ཇི་ལྟ་བུ་ཞེ་ན། འདྲང་བའོ་ཞེས་པ་ཡིན་ཏེ། འདྲང་བས་ཆོད་ཅིག་པའོ། །སུ་འདྲང་ཞེ་ན། དེ་དག་ཅེས་པ་ཡིན་ཏེ། རྩོད་པ་དག་འདྲང་བའོ། །འདྲང་བ་དུ་ཞེ་ན་གཅིག་ཡན་ཆད་ཅེས་པ་ཡིན་ཏེ། གཟུ་བོ་གཅིག་ཡན་ཆད་དུའང་རུང་བའོ། །དགེ་སློང་གཅིག་ལ་
འདྲང་བར་བྱ་བ་ཇི་ལྟ་བུ་ཞེ་ན། སྐམ་ལ་གནས་པ་ལ་འདྲང་དུ་གཟུད་ཅེས་པ་ཡིན་ཏེ། སྐམ་ལ་གནས་པའི་དགེ་སློང་དེ་དག་འདྲང་བར་གྱིས་ཤིག་པའོ། །འདི་ལྟ་བུ་ནི་དགེ་འདུན་གྱིས་གཏན་དུ་བསྐོ་ཞེས་པ་ནི་རྩོད་པ་ཞི་བར་བྱེད་པའི་དགེ་སློང་སྐམ་ལ་གནས་པ་ནི་ཡང་དགེ་འདུན་གྱིས་གཏན་དུ་སྐོས་ཤིག་པའོ། །ཇི་
ལྟ་བུ་ལས་བསྐོ་ཞེ་ན། འདིར་འཐབ་གཅུགས་མི་བྱེད་པ་ལས་བསྐོ་བར་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ། ཇི་ནས་ཀྱང་འདུམ་བར་བྱེད་ཀྱི་རྩོད་པར་མི་བྱེད་པ་ལས་སྐོས་ཤིག་པའོ། །ཁྲེལ་ཡོད་ཅིང་བསླབ་པ་ལ་གནན་པའོ་ཞེས་པ་ནི་བསླབ་པ་ལ་གནན་ཏོ་ཅོག་ལ་ཁྲེལ་ཡོད་པ་དང་། བསླབ་པ་ལ་གནན་
པ་ལས་བསྐོས་ཤིག་པའོ། །འདུལ་བ་ལ་ཤིན་ཏུ་ངེས་པ་དང་ཞལ་ཆེ་ལོ་དྲུང་ལ་མཁས་རབ་བོ་ཞེས་པ་ནི་འདུལ་བའི་ལྕི་ཡང་དང་ལྟུང་བ་མི་ལྟུང་བའི་དམིགས་ཕྱེད་པ་དང་། ཞལ་ཆེའི་ཚུལ་ལ་མཁས་པ་ལས་སྐོས་ཤིག་པའོ། །བྱེ་ཞིག་ཅན་ནོ་ཞེས་པ་ནི་དེས་དབྱངས་ཤིང་རྨེལ་བ་ལས་ཕྱིས་གཞན་གྱིས་
ཀྱང་སྐྱེད་ཕྱིན་པར་མི་ནུས་པའོ། །བརླིང་བའོ་ཞེས་པ་ནི་ཟུང་ཐུབ་པའོ། །བསམ་པས་རང་བར་མི་བྱེད་པ་ཞེས་པ་ནི་ཁྲོ་ཞིང་རོ་མཐུར་གྱི་ཁར་མི་འདོར་བའོ། །སྙོམས་པ་ཞེས་པ་ནི་འདོད་པ་ལ་སོགས་པས་འགྲོ་བ་མ་ཡིན་པའོ། །འགོ་བའོ་ཞེས་པ་དང་། དབྱང་བའོ་ཞེས་པ་ནི་རྩོད་པ་དང་། ལན་
འགོ་བ་དང་དབྱངས་ནས་སླར་ཤད་ཀྱིས་དབྱང་བའོ། །མཛངས་པ་ཞེས་པ་ནི་འགོ་བ་མི་རྨོངས་པ་མཁས་པའོ། །བདག་གིས་མ་ཕེབས་ན་དགེ་འདུན་ལ་དབུལ་ཞེས་པ་ནི་སྐམ་ལ་གནས་པ་གོང་མ་ལྟ་བུས་ཞི་བར་མ་ནུས་ན་དགེ་འདུན་ལ་ཕུལ་ཅིག་པའོ། །དེ་དག་མ་ནུས་ན་གཟུ་བོ་བསྐོ་ཞེས་པ་ནི་དགེ་
เล่ม ๑๖๔ · หน้า 247b
འདུན་གྱིས་ཀྱང་བསྡུམ་པར་མ་ནུས་ན་དེ་དག་ཆོས་པའི་གཟུ་བོ་ཆང་ཁྱུར་ལེན་པ་དམིགས་ཀྱིས་སྐོས་ཤིག་པའོ། །དགེ་འདུན་དུ་ལངས་པ་ལས་མི་བསྙུང་ཞེས་པ་ནི་གོང་མ་ལྟར་བསྒོ་བའང་བཞི་མན་ཆད་ལས་མ་བསྙུང་ཤིག་པའོ། །གཟུ་བོ་དེ་དག་ཉིད་ཀྱིས་མ་ཆེམས་ན་སྣོད་བསྒོ་ཞེས་པ་ནི་གཟུ་བོ་
སྔ་མས་མི་ནུས་ན་སྣོད་ཅིག་པའོ། །མ་ནུས་ལ་ཕྱི་མའང་མ་བསྐོས་ན་ཁུངས་གང་ཡིན་པ་དེར་གཏད་ཅེས་པ་ནི་གཟུ་བོ་སྔ་མས་མ་ཆོད་ལ་ཕྱི་མའང་མ་བསྐོས་ན་སུ་ལས་འོངས་པ་དེ་ཉིད་ཀྱི་ཁུངས་སུ་ཕུལ་ཅིག་པའོ། །སླར་ལྷགས་རྩ་བའི་དགེ་འདུན་གྱིས་རྩོད་པའི་ཁ་འདྲིམ་ཁ་བསྐོ་ཞེས་པ་ནི་གོང་མ་
ལྟར་གྱུར་ཏེ། སླར་ལྷགས་ན་རྩ་བའི་དགེ་འདུན་དེ་དག་གིས་གུད་དུ་སྦྱོང་དུ་ཁྲིད་ཅིག་པའི་དགེ་སློང་སྐོས་ཤིག་པའོ། །དེས་ནི་གནས་བརྟན་དང་ལྡན་ཞིང་སོ་སོར་ཐར་པ་དང་ལྡན་པའི་དགེ་འདུན་ལ་དབུལ་ཞེས་པ་ནི་ཁྲིད་ཁྲིད་པའི་དགེ་སློང་གིས་ཀྱང་འདི་དག་ལྟ་བུ་ལ་ཕུལ་ཅིག་པའོ། །སྔོན་
གྱི་ལོ་དྲུང་བསྙད་ནས་ཟླ་བ་གསུམ་གྱི་བར་དུ་དབུལ་བ་ཞེས་པ་ནི་དེས་ཀྱང་ཇི་ལྟར་རྩོད་པ་དང་སྐམ་ལ་གནས་པ་ལ་སོགས་པས་ཇི་ལྟར་མ་ཆོད་པ་རྣམས་ཀྱི་ལོ་དྲུང་བསྙད་ནས་ཟླ་བ་གསུམ་གྱི་བར་དུ་དགེ་འདུན་དེ་ལ་ཕུལ་ཅིག་པའོ། །འདི་དག་ནི་དེས་ངེས་སོ་ཞེས་པ་ནི་གོང་མ་སྐད་དུ་ལོ་དྲུང་སྙོད་པ་ནི་རྩོད་
པ་ཁྲིད་ཁྲིད་པའི་དགེ་སློང་དེས་གྱིས་ཤིག་པའོ། །གཏད་པ་དེ་དག་གིས་ཀྱང་མདོ་འཛིན་པ་དང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པའོ་ཞེས་པ་དང་། ཟླ་བ་དྲུག་ཏུའོ་ཞེས་པ་ནི་དགེ་འདུན་དེ་དག་གིས་ཀྱང་ཟླ་བ་དྲུག་གི་བར་དུ་མདོ་སྡེ་འཛིན་པ་ལ་སོགས་པ་ལ་གཏོད་ཅིག་པའོ། །དེ་དག་གིས་
ཀྱང་གནས་བརྟན་ལ་སོགས་པའོ་ཞེས་པ་ནི་མདོ་སྡེ་འཛིན་པ་དག་གིས་ཀྱང་མ་ནུས་ན་གནས་བརྟན་ཀུན་གྱིས་ཤེས་པར་གྲགས་ཤིང་གཟི་བརྗིད་ཆེ་བ་ལ་ཕུལ་ཅིག་པའོ། །ཇི་སྲིད་ཀྱི་བར་དུ་ཕུལ་ཞེ་ན་མཐའ་མེད་པར་རོ་ཞེས་པ་ཡིན་ཏེ། གནས་བརྟན་ལ་དབུལ་བ་ནི་དུས་འདི་སྲིད་ཀྱི་
བར་དུ་ཞེས་བྱ་བ་མེད་པར་ཕུལ་ཅིག་པའོ། །དེ་དག་འདིས་གོ་འདུན་དང་སོ་ཤིང་ཡན་ཆད་དག་ཀྱང་བདག་གིར་མི་བྱ་ཞེས་པ་དང་། ལྷན་ཅིག་འཁོད་པ་དང་། ལྷན་ཅིག་ཏུ་འདོང་ཞིང་འཆག་པ་དང་། གཏམ་དང་བྲེ་མོ་གཏམ་རྣམས་ཀྱང་ངོ་ཞེས་པ་ནི་རྩོད་པ་དེ་དག་ལས་གནས་བརྟན་དེ་
เล่ม ๑๖๔ · หน้า 248a
མིང་གིས་སྨོས་པ་དེ་རྣམས་འདི་དག་ཀྱང་བདག་གིས་མ་བྱེད་ཅིག་པའོ། །འཁོར་ན་ཚེ་དང་ལྡན་པ་ཁྱེད་ཅག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་ཅིང་མཚང་འབྲུ་བ་དང་། འཁོན་ཅིང་རྩོད་པར་གྱུར་པ་ནི་ཚེ་དང་ལྡན་པ་ཁྱེད་ཀྱིས་མ་རྙེད་ཅིང་ཉེས་པ་རྙེད་ཀྱིས་
ལེགས་པ་མ་རྙེད་དོ། །ཚེ་དང་ལྡན་པ་མཚང་མ་འདྲུ་མ་འཁོན་མ་རྩོད་ཅིག་གཉིས་འཐབ་པ་དང་། གཅིག་འཕམ་གཅིག་རྒྱལ་གྱི་གཉིས་རྒྱལ་མི་སྲིད་དོ། །གཉིས་བང་འགྱེད་དང་། གཉིས་མི་རྒྱལ་གྱི་གཅིག་རྒྱལ་ལ་གཅིག་འཕམ་མོ་ཞེས་སོ་ཞེས་པ་ནི་གནས་བརྟན་དེས་གོང་མ་ལྟར་ཐིབས་ཀྱིས་གནན་པ་
དང་། དེ་དག་འཁོར་ན་ཚིག་འདི་སྐད་དུ་ཐར་ངག་སྐྱེད་ཅིག་པའོ། །མང་བརྩན་པར་བྱ་བ་ནི་བསྒྲུབ་པའི་རྣམ་པ་གཅིག་གོ་ཞེས་པ་ནི་མང་པོ་ཁ་ཐབས་སུ་དོར་བ་ཡང་གཞིལ་བའི་རྣམ་པ་གཅིག་ཡིན་པར་སྟོན་པའོ། །འདི་ནི་ཆོས་རྣམ་པར་ངེས་པ་ལ་སྲིད་ཀྱི་ཚུལ་རྣམ་པར་ངེས་པ་ནི་མ་ཡིན་ནོ་ཞེས་པ་ནི་རྟག་གམ་
མི་རྟག་པའམ། ཉེས་པར་འགྱུར་རམ་མ་གྱུར་པར་ཁ་མ་དུམ་བ་ལ་ནི་མང་པོའི་ཁ་ཐབས་སུ་དོར་གྱི་གང་ཟག་གི་ཉེས་པ་བྱས་སམ་མ་བྱས་པར་ཁ་མི་འདུམ་པ་ནི་མང་བརྩན་པར་མི་རུང་བའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། དེའི་ལོ་དྲུང་ཆུད་པར་བྱ་བ་ནི་རྩོད་པས་ཆུད་པའི་ཕྱིར་རོ་ཞེས་པ་ཡིན་ཏེ་ཉེས་བྱས་སམ་མ་
བྱས་པ་ནི་དེ་དག་གཉིས་ཀྱིས་ཤེས་སུ་ཟད་དེ་ཕལ་གཞན་གྱིས་གཅད་དུ་མངོན་པའི་ཕྱིར་རོ། །གོང་མ་ལྟར་མ་བརྩན་པར་བྱ་བའང་ཀུན་ལ་བྱ་བར་རུང་ངམ་ཞེ་ན། དེ་དག་ཁ་དྲག་ལ་དུས་ཀར་འདོར་ཞིང་འཐེན་པ་དང་ལན་རྔམས་ཆེར་བྱེད་དེ་བྱེ་བར་དོགས་ན་འདི་ལ་བརྟེན་ཏོ་ཞེས་པ་ཡིན་ཏེ། རྩོད་
པ་འདི་དག་ཀྱང་མདོ་སྡེ་འཛིན་པ་ལ་སོགས་པ་ཡིན་ལ་ཞེ་ཚབས་ཀྱང་མི་ཆུང་བར་རྩོད་ཅིང་དགེ་འདུན་བྱེ་བའི་གཅུགས་སུ་འགྱུར་བ་ལྟ་ན་གདོད་མང་པོ་བརྩན་པའི་ཐབས་འདི་ལྟར་གྱིས་ཤིག་པའོ། །བསྡམ་པར་བྱ་བའི་དོན་མ་ཡིན་ནའོ་ཞེས་པ་ནི་མང་པོ་བརྩན་པར་བྱ་བའང་བསྡམ་པར་བྱ་བ་ཙམ་
གྱི་དོན་ཕྲན་ཚེགས་མ་ཡིན་ན་གདོད་དེ་ལྟར་བྱ་བའོ། །གནས་བརྟན་གྱི་བར་དུ་ཚེགས་བྱུང་བའི་མཇུག་ཏུའོ་ཞེས་པ་ནི་མང་པོ་བརྩན་པར་བྱ་བ་ཡང་སྐམ་ལ་གནས་པ་ནས་བརྟེན་ལ་ཐུག་པའི་བར་དུ་གོང་མའི་རྒྱུད་བཞིན་བྱ་སྟེའང་མ་སློན་ན་གདོད་འདི་ལྟར་གྱིས་ཤིག་པའོ། །རྩ་བ་འདི་དགེ་འདུན་
เล่ม ๑๖๔ · หน้า 248b
གྱིས་སོ་ཞེས་པ་ནི་མང་པོ་བརྩན་པར་བྱ་བའི་དགེ་འདུན་གཞན་གྱིས་མ་ཡིན་གྱི་རྩ་བའི་དགེ་འདུན་དེ་དག་གིས་གྱིས་ཤིག་པའོ། །མང་པོ་བརྩན་པའི་ཐབས་ཇི་ལྟར་བྱ་ཞེ་ན། འདིའི་ཁ་བསྡུ་བ་ནི་ཚུལ་ཤིང་ལེན་དུ་བཙུད་པས་སོ་ཞེས་པ་ཡིན་ཏེ། ཚུལ་ཤིང་ལེན་དུ་བཙུད་པ་ལ་ཚུལ་ཤིང་གི་གྲངས་
གང་མང་བའི་ཁར་འོར་ཅིག་པའོ། །ཚུལ་ཤིང་འབྲིམ་པ་བསྐོ་ཞེས་པ་དང་། དེས་ཚུལ་ཤིང་ནི་རྣམ་པ་གཉིས་སུ་བཤད་ཅེས་པ་དང་། ཆོས་ཀྱི་ཚུལ་ཤིང་ནི་མི་སྒུ་མི་ཡོ་མི་འཁྱོར་ལ་མདོག་བཟང་དྲི་ཞིམ་འཇམ་རབ་ཏུ་བྱ་ཅིག་ཤོས་ཀྱི་ནི་དེ་ལས་བཟློག་པའོ་ཞེས་པ་དང་། དགེ་འདུན་བསྡུ་
བའི་ཕྱིར་བསྙད་ཅེས་པ་དང་། ཚུལ་ཤིང་བྲིམ་པར་གྱིས་ཐམས་ཅད་འདུ་བར་མཛོད་ཅིག་ཅེས་སོ་ཞེས་པ་ནི་ཚུལ་ཤིང་བྲིམ་པ་བསྐོ་བ་དང་། འབྲིམ་པར་བསྐོས་པ་དེས་སྡེ་གཉིས་ཀྱི་ཚུལ་ཤིང་འདི་ལྟར་བྱ་བ་དང་དགེ་འདུན་བསྡུ་བའི་སྙད་འདི་སྐད་དུ་གྱིས་ཤིག་པའོ། །དད་པ་འབུལ་ཤིང་
བསྡུ་བའི་ཉམས་དྲོད་ལས་ནི་ཅི་ནས་ཀྱང་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པ་གཏན་མི་བྲིམ་ཞེས་པ་ནི་དད་པས་བསྡུས་པ་ལ་སོགས་པའི་ཉམས་དྲོད་ལས་ཆོས་མ་ཡིན་པའི་ཕྱོགས་རྟག་ཏུ་བྱེད་ན་ཚུལ་ཤིང་མ་བྲིམ་ཤིག་པའོ། །འབྲིམ་པའི་ཚེ་ཆོས་ཀྱི་ཚུལ་ཤིང་ལག་པ་གཡས་པས་
ཅིག་ཤོས་ནི་གཡོན་པས་སོ་ཞེས་པ་ནི་ཆོས་ཡིན་པ་དང་མ་ཡིན་པའི་ཚུལ་ཤིང་ལག་པ་གཡས་གཡོན་དུ་བསྐུར་བའི་ཐབས་ཀྱང་འདི་ལྟར་གྱིས་ཤིག་པའོ། །འདི་བཀབ་ལ་དེ་ནས་སྐད་སྦྱར་ཞིང་བསྟན་ཞེས་པ་ནི་ཆོས་ཡིན་པའི་ཚུལ་ཤིང་ལག་པ་གཡས་གཡོན་གང་ན་ཡོད་པ་
ལ་སོགས་པ་སྔ་ནས་བསྟན་ཅིང་སྐད་སྦྱོར་ཅིག་པའོ། །སྐད་སྦྱོར་བའི་ཐབས་ཇི་ལྟར་བྱ་ཞེ་ན། གནས་བརྟན་འདི་ནི་ཆོས་ཀྱི་ཚུལ་ཤིང་སྟེ་མི་སྒུ་མི་ཡོ་མི་འཁྱོར་ལ་མདོག་བཟང་དྲི་ཞིམ་འཇམ་རབ་ཀྱིས་བར་ཤེས་ཤིག་ཅེས་སོ་ཞེས་པ་ཡིན་ཏེ། སྐད་སྦྱར་ཞིང་ཆོས་ཀྱི་ཚུལ་
ཤིང་ལེན་དུ་གཞུག་པའི་ཐབས་འདི་ལྟར་གྱིས་ཤིག་པའོ། །ཅིག་ཤོས་སློང་ན་ཚིག་ལན་གཉིས་ཀྱི་བར་དུ་མི་སྦྱིན་ཞེས་པ་ནི་ཆོས་མ་ཡིན་པའི་ཚུལ་ཤིང་ལེན་ན་ཚིག་ལན་གཉིས་ཀྱི་བར་དུ་གྱིས་ཤིག་པའོ། །དགབ་ཅིང་དབྱེ་བ་ཇི་ལྟར་ཡང་རུང་སྟེ། ཅི་ནས་ཀྱང་ཆོས་ཀྱི་
เล่ม ๑๖๔ · หน้า 249a
ཡུས་སུ་བྱུང་བར་བྱ་ཞེས་པ་ནི་དགབ་པ་དང་ཇི་ལྟར་བྱས་ཀྱང་རུང་སྟེ། མདོར་ན་ཇི་ནས་ཆོས་ཀྱི་ཡུས་སུ་འབྱུང་བའི་ཚུལ་གྱིས་གྱིས་ཤིག་པའོ། །ཚེ་དང་ལྡན་པ་མཁན་པོ་དང་སློབ་དཔོན་དང་མཁན་པོ་གཅིག་པ་དང་། གཏམ་ཟླ་དང་བྲེ་མོ་གཏམ་གྱི་ཟླ་དང་། བཤེས་དང་
གཅུགས་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་ཚུལ་ཤིང་བླངས་ཟིན་པས་ན་དེ་དག་དང་། འཁོན་ཏ་རེ་ཞེས་རྣ་བར་གཤུབ་ཅིང་ཆོས་ཀྱི་ཚུལ་ཤིང་ལེན་དུ་གཟུད་ཅེས་པ་ནི་དགེ་སློང་ཕལ་ཡང་ཆོས་ཀྱི་ཚུལ་ཤིང་ལེན་དུ་གཟུད་པའི་ཐབས་དང་སྙད་འདི་ལྟར་གྱིས་ཤིག་པའོ། །ཆོས་མ་ཡིན་པའི་ཚུལ་ཤིང་མི་
བླང་ཞེས་པ་ནི་ཆོས་མ་ཡིན་པའི་ཚུལ་ཤིང་ཡང་མ་ལེན་ཅིག་པའོ། །མདོ་དང་འདུལ་བ་དང་མདོ་སྡེ་འཛིན་པ་ལ་མ་དྲིས་པར་མ་ཡིན་ཞེས་པ་དང་། དབྱེ་བར་དགའ་བ་མ་ཡིན་ཞེས་པ་དང་། ཆོས་མ་ཡིན་པས་མ་ཡིན་ཞེས་པ་ནི་མདོ་སྡེ་འཛིན་པ་ལ་སོགས་པ་སྔ་ནས་མ་དྲིས་པ་དང་། བྱེ་ཡང་བླ་བ་
དང་། ཆོས་མ་ཡིན་པར་བསམས་ཏེ་ཚུལ་ཤིང་ལེན་པར་མ་བྱེད་ཅིག་པའོ། །འདི་དག་ཏུ་འགྱུར་བ་ཤེས་ནའང་མ་ཡིན་ཞེས་པ་ནི་དེའི་མོད་ལ་ནི་མ་ཡིན་གྱི་ཕྱིས་ཆོས་མ་ཡིན་པ་དང་། དགེ་འདུན་དབྱེ་བར་འོང་བ་ལྟ་ནའང་མ་ལེན་ཅིག་པའོ། །མཉམ་ན་ཉན་ཐོས་ཆེན་པོའི་ཕྱིར་ཚུལ་ཤིང་
གཅིག་བླང་ཞེས་པ་ནི་མཉམ་པ་ཞིག་ཏུ་གྱུར་ན་ཉན་ཐོས་ཆེན་པོའི་ཚུལ་ཤིང་གཅིག་ཆོས་ཡིན་པའི་ཕྱོགས་ཀྱི་ཁར་སྣོན་ཅིག་པའོ། །ཆོས་མ་ཡིན་པས་དེ་ལྟར་ཞི་ནའང་མི་བསྐྱར་ཞེས་པ་ནི་མདོར་ན་ཆོས་མ་ཡིན་པའི་ཕྱོགས་སུ་བྱིན་པས་ཞི་བར་གྱུར་ནའང་དེ་བཞིན་དུ་གྱིས་ཤིག་པའོ། །མི་
འདུམ་བར་རྩོད་པ་ཞི་བར་བྱ་བའི་ཆོ་ག་ནི་དེ་ལྟར་བསྟན་ནས། གོང་དུ་ལུང་མི་སྟེར་བ་རྩོད་པ་ནི་འདི་དང་གསང་བས་སོ་ཞེས་སྨོས་པ་ལ་རྣམ་པ་གཅིག་གིས་གོང་དུ་བསྟན་པ་ཡིན་གསང་བ་སྟོན་པ་ནི་མ་ཉེས་པར་གླེངས་ན་གཙང་ཞེས་པ་ཡིན་ཏེ། མ་ཉེས་པ་ལ་གླེངས་ན་དྲན་པ་དང་མ་རྨོངས་པས་
སོང་ཤིག་པའོ། །མ་ཉེས་པར་གླེངས་པ་དེ་ལ་རྣམ་པ་དུ་ཡོད་ཅེ་ན་གླེང་བ་དེ་ནི་རྣམ་པ་བཞི་སྟེ། དངོས་པོ་མེད་པ་དང་། ནོར་བའི་དབང་དང་། བཅོས་པ་ལ་མ་ལྟོས་པ་དང་། སྨོས་པས་བྱས་པ་རྣམས་སོ་ཞེས་པ་ཡིན་ཏེ། རྣམ་པ་འདི་བཞི་ལྟ་བུས་གླེངས་ན་མ་ཉེས་པ་ལ་གླེངས་པ་ཞེས་
เล่ม ๑๖๔ · หน้า 249b
བྱའོ། །དེ་ལ་དངོས་པོ་མེད་ཅེས་པ་ནི་ཉེས་པའི་དམིགས་ཡེ་མེད་པའོ། །ནོར་བའི་དབང་ཞེས་པ་ནི་ལྷག་མ་བྱས་པ་ལ་ལྟུང་བ་བྱས་སོ་ཞེས་ཟེར་བ་ལྟ་བུར་བརྒལ་བ་ནོར་བའོ། །བཅོས་པ་མ་ལྟོས་ཞེས་པ་ནི་ཉེས་པའི་གཉེན་པོ་བྱས་ཟིན་པའི་འོག་ཏུ་གླེང་ཞིང་རྒོལ་བའོ། །སྨོས་པས་བྱས་ཞེས་པ་ནི་
སྨོས་ཏེ་མ་དྲན་པའི་ཚེ་ཉེས་བྱས་པའོ། །དེ་བཞི་ལྟ་བུས་བརྒལ་ན་གཙང་བའི་ཐབས་ཇི་ལྟར་བྱ་ཞེ་ན། དངོས་པོ་གསུམ་ནི་དྲན་པའི་འདུལ་བ་བྱིན་པས་ཤེས་པ་དང་ཐ་མ་ནི་མ་རྨོངས་པའི་འདུལ་བ་བྱིན་པས་ཞེས་པ་ཡིན་ཏེ། དངོས་པོ་མེད་པ་དང་ནོར་བ་དང་བཅོས་པ་ལ་མ་ལྟོས་པ་
ཉེས་པ་གསུམ་ནི་ཉེས་པར་མི་དྲན་ཞེའམ་ཉེས་བྱས་སུ་མི་དྲན་ཞེས་ཟེར་ན་དེ་སྐད་དུ་ཟེར་བ་དང་སྦྱར་ཏེ་གཙང་བའོ། །སྨོས་པས་བྱས་པ་ནི་མ་སྨོས་ཤིང་དྲན་པའི་ཚེ་ཉེས་བྱས་སུ་མི་དྲན་པའོ་ཞེས་ཟེར་ན་དེའི་ཁར་བོར་ལ་གཙང་བའོ། །ལྟུང་བའི་རྩོད་པ་སྟོན་པ་ནི་ཉེས་པ་ཅན་གྱིས་འཁྲུག་པ་ནི་
གསུམ་སྟེ། ས་མེད་པ་དང་གཅུགས་ཡོད་པ་ལ་གཉིས་ཏེ། ཕྱོགས་གཅིག་པ་དང་། དགེ་འདུན་ཐམས་ཅད་པའོ་ཞེས་པ་ཡིན་ཏེ། མིང་གིས་སྨོས་པ་འདི་རྣམས་གསུམ་ནི་ལྟུང་བའི་རྩོད་པ་ཡིན་པའོ། །དེ་ལ་བཅུགས་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ཕྱོགས་ཕྱོགས་སུ་ཆད་པའོ་ཞེས་
པ་ཡིན་ཏེ། དགེ་འདུན་སེར་སྡེར་ཆད་པ་གཅུགས་པ་ཡིན་པའོ། །དེ་དག་གི་གཉེན་པོ་སྟོན་པ་ནི་དངོས་པོ་ནི་ཁས་བླངས་བ་གཉེན་པོའོ་ཞེས་པ་ལ་སོགས་པ་ཡིན་ཏེ། དེ་ལ་གཅུགས་མེད་པ་ནི་བདག་གིས་ཉེས་སོ་ཞེས་ཁས་བླངས་པ་གཉེན་པོར་འགྱུར་བའོ། །གཉིས་པ་
ནི་མངོན་སུམ་གྱིས་འདུལ་བའོ་ཞེས་པ་ནི་ཕྱོགས་གཅིག་གི་གཅུགས་སུ་འགྱུར་བའི་ཉེས་པ་ནི་གླེང་བ་དང་བཅས་ཏེ་དགེ་འདུན་གྱི་སྤྱན་སྔར་བཀུག་ཅིང་སྨྲ་ཞིང་སྦྱངས་པས་འདུམ་བ་ཡིན་ནོ། །གསུམ་པ་ནི་རྩྭ་བཏིང་བའོ་ཞེས་པ་ནི་དགེ་འདུན་ཐམས་ཅད་ཀྱི་གཅུགས་སུ་འགྱུར་
བའི་ཉེས་པ་ནི་རྩྭ་བསྙིལ་བ་དང་འདྲ་བར་ནང་འདུམ་བ་གཉེན་པོར་འགྱུར་བའོ། །དེ་ནང་འདུམ་པའི་ཚེ་ཉེས་པ་བཤགས་པའི་ཐབས་ཇི་ལྟར་བྱ་ཞེ་ན། མང་པོའི་དོན་དུ་ནི་གཅིག་གིས་དགེ་འདུན་མ་ཡིན་པ་ལ་བཤགས་པའི་གཉེན་པོ་བྱ་ཞེས་པ་ཡིན་ཏེ། གང་ལ་ཉེས་པ་ཡོད་པའི་
เล่ม ๑๖๔ · หน้า 250a
ཕྱོགས་ཀྱི་ནང་ནས་གཅིག་ཅིག་གིས་ཐམས་ཅད་ཀྱི་དོན་དུ་དགེ་འདུན་ལ་བཤགས་པ་མ་ཡིན་པའི་གང་ཟག་ལ་བཤགས་པ་རྣམས་བཤག་པར་གྱིས་ཤིག་པའོ། །དུ་མ་ནི་ཅིག་ཅར་དུའོ་ཞེས་པ་ནི་ཉེས་པའི་སྣ་གྲངས་དུ་མ་ཡོད་པ་ཡང་དེ་ལྟ་བུའི་ཚེ་ཅིག་ཅར་དུ་བཤགས་ཤིག་
པའོ། །ཅིག་ཅར་དུ་བཤགས་པའི་སྙད་ཇི་སྐད་དུ་བྱ་ཞེ་ན། གང་ཉེས་པ་སྨོས་པ་དང་ཤེས་པར་བྱ་བས་སོ་ཞེས་པ་ཡིན་ཏེ། གང་གང་ཡིན་པ་དང་གང་ཟག་སུ་སུས་ཉེས་པ་རྣམས་སྨོས་ཤིང་ཕ་རོལ་གྱིས་གོ་བར་གྱིས་ཤིག་པའོ། །དེ་དག་ལྟར་བྱ་བ་གང་གི་ཚེ་ཞེ་ན། ཕྱོགས་ཐ་དད་པ་དུ་མ་
ནའོ་ཞེས་པ་ཡིན་ཏེ། ཕྱོགས་སོ་སོར་ཆད་པ་རྣམས་འདུམ་ན་གདོད་དེ་ལྟར་གྱིས་ཤིག་པའོ། །ཁས་མ་བླངས་པ་དང་གྱི་ན་པ་ནི་བཤགས་པར་མི་འགྱུར་ཞེས་པ་ནི་ཉེས་པ་ཡོད་པར་ཁས་བླངས་པ་དང་། ཉེས་མེད་པར་ཁས་བླངས་ཏེ་གྱི་ནར་བཤགས་པ་ནི་བཤགས་པར་མི་འགྱུར་བའོ། །ཅིག་
ཅར་དུ་གླེང་དུ་རུང་ཞེས་པ་ནི་ཉེས་པ་དུ་མའང་གང་ཟག་དུ་མ་ལ་གླེང་བ་ཅིག་ཅར་དུ་བྱར་རུང་བའོ། །གླེང་བ་ཡང་དེ་བཞིན་ཞེས་པ་ནི་གང་ཟག་གཅིག་ལ་གླེང་བ་པ་དུ་མས་གླེང་དུའང་རུང་བའོ། །དེ་ལྟར་རུང་བའི་གྲངས་སུ་མ་ཆད་ཀྱི་ཞེ་ན། འདིར་འདིའི་གྲངས་ཆད་པ་མེད་ཅེས་པ་ཡིན་ཏེ། དུས་
གླེང་དུའང་རུང་སྟེ་གྲངས་ཆད་པ་མེད་པའོ། །ལུས་དང་ངག་ཏུ་བསྡམས་པ་དང་སྡེ་སྣོད་རྣམས་ཤེས་པ་དང་། དགེ་འདུན་གྱི་དབུས་སུ་སྙིང་ནས་ཆོས་དང་འདུལ་བ་དང་དེ་ལས་ལོག་པ་རྣམས་ལོག་པར་མི་སྒྲོག་པ་གསུམ་དང་ལྡན་པའི་གླེང་བ་པ་ནི་བརྩན་པར་བྱ་ཞེས་པ་ནི་རྣམ་པ་འདི་གསུམ་ལྟ་བུའི་
གླེང་བའི་བརྩན་པར་གྱིས་ཤིག་པའོ། །དེ་པ་ཆོས་ཤེས་ལ་ནི་དངོས་པོའི་དོན་ཏོ། །འདུལ་བ་ཤེས་པ་ནི་སྤྱད་པའི་ཆོ་གའོ། །ཚུལ་ཁྲིམས་ཉམས་པ་དང་ལོག་པར་སྒྲོགས་པ་ནི་གཅད་ཞེས་པ་ནི་ཚུལ་ཁྲིམས་ཉམས་པ་དང་ལོག་པར་སྨྲ་བས་གླེངས་ནས་དགེ་འདུན་གྱིས་མཉན་པར་འཕྲལ་དུ་
ཆོད་ཅིག་པའོ། །འདི་ལྟ་བུ་མ་ཡིན་ཞིང་སྡེ་སྣོད་འཛིན་ལ་མི་ཤེས་པ་ནི་ཤད་ཀྱིས་སྦྱང་ཞེས་པ་ནི་ལུས་དང་ངག་བསྡམས་པ་ཡང་མ་ཡིན་ལ་ལོག་པར་སྒྲོགས་པའང་མ་ཡིན་པ་དང་སྡེ་སྣོད་ནི་འཛིན་ལ་དེའི་དོན་མི་ཤེས་པས་གླེངས་ན་ནི་མ་ཉེས་པར་ཤད་ཀྱིས་སྦྱོངས་ཤིག་པའོ། །རྣམ་པ་གསུམ་
เล่ม ๑๖๔ · หน้า 250b
དང་ལྡན་པའི་གླེངས་པར་བརྩན་པར་བྱ་བ་ཡང་བརྟག་མི་དགོས་པར་དེའི་ཁ་ཐབས་སུ་འདོར་རམ་ཞེ་ན། འདིའི་བསམ་པའང་བརྟག་པར་མི་བྱ་ཞེས་པ་ཡིན་ཏེ། དེ་གསུམ་དང་ལྡན་པས་རྒོལ་དུ་ཟིན་ཀྱང་བརྒལ་བ་དམིགས་སུ་ཕེབས་སམ་མ་ཕེབས་པ་ནི་རྟོགས་ཤིག་པའོ། །ཇིས་བརྟག་ཅེ་ན་
དམིགས་སུ་མ་ཕེབས་པའོ་ཞེས་པ་ཡིན་ཏེ། དེས་གླེངས་པའང་དམིགས་སུ་ཕེབས་ན་བརྒལ་དུ་ཟིན་ཀྱང་མ་བརྩན་པའོ། །དེ་ལ་དམིགས་པ་གང་ཞེ་ན། ཡུལ་དུས་སྤྱོད་ལམ་བྱས་པ་ནི་དམིགས་སོ་ཞེས་པ་ཡིན་ཏེ། འདི་རྣམས་ཀྱི་དམིགས་སུ་ཕེབས་ན་ནི་དམིགས་སུ་ཕེབས་པ་ཡིན་པའོ། །
དེ་ལ་ཡུལ་ཞེས་པ་ནི་ལྐོག་ཡིན་ནམ་མ་ཡིན་པ་དང་ལམ་ཀ་ཡིན་པ་ལྟ་བུའོ། །དུས་ཤེས་པ་ནི་ཉིན་པར་རམ་མཚན་མོ་ལྟ་བུའོ། །སྤྱོད་ལམ་ཤེས་པ་ནི་འགྲེང་ངམ་འདུག་པ་ལྟ་བུའོ། །བྱས་ཞེས་པ་ནི་ཕམ་པ་འམ་ལྷག་མ་ལ་སོགས་པ་བྱས་པའོ། །ཐོད་རྒལ་དང་རྔན་སྡང་གིས་
གླེང་བ་ནི་མི་སྐྱེ་ཞེས་པ་ནི་ཆེད་ཅི་ཟེར་བ་ལྟ་བུར་ཚིག་འཁྲུལ་པ་དང་ཁོན་ཡོད་པའི་ཕྱིར་གླེང་བ་ནི་གླེང་བར་མི་ཚུད་དེ་མི་བརྩན་པའོ། །གླེངས་ཏེ་ཁས་བླངས་ན་ཟིན་པའོ་ཞེས་པ་ནི་གླེངས་པ་དང་ཉེས་པ་ཡོད་པ་བདེན་ནོ་ཞེས་ཁས་བླངས་པ་ནི་གླེང་བའི་མཐའ་འམ་གླེང་བའི་མཇུག་
ཉིད་དེ་ཡིན་པའོ། །བདེན་པ་མཐོང་བ་དང་ཡོན་ཏན་གྱི་ཁྱད་ཞུགས་པ་གང་ཡང་རུང་བས་སྨྲ་བ་ནི་ཁྱིམ་པ་ཞིག་ནའང་ཚད་མར་བྱ་ཞེས་པ་གླེང་བ་དུས་དང་དངོས་པོ་གཉིས་ལ་བདེན་པའམ་མཐོང་བ་དང་མ་མཐོང་བའི་ཁྱད་ཡོད་དམ། ཡོན་ཏན་ཆེ་ཆུང་གིས་ཞི་བར་བྱ་
བའི་ཕྱིར་མི་འབད་པ་མ་ཡིན་ཞེས་པ་ནི་རྩོད་པར་གྱུར་ཏེ། ཆོ་ག་ལ་གཅུགས་པའི་ནན་མ་ཆུང་ཤིག །རྩོད་པའི་དངོས་པོའོ།། །།རྩོད་པའི་དངོས་པོ་ཞུས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ནི་བྱ་བས་རྩོད་པ་ནི་ཞིའོ་ཅོག་འདུ་ཞེས་པ་ལ་སོགས་པ་ཡིན་ཏེ། བྱ་བ་རྩོད་
ཅེས་བྱ་བ་ནི་འདུར་མི་བཏུབ་པའི་ཕྱིར་རྩོད་པ་ཡིན་ཏེ། མི་མཐུན་པས་རྩོད་པའི་ཕྱིར་ཡང་འདུ་དགོས་སྤང་བ་ལ་རྩོད་པའི་ཕྱིར་ཡང་འདུ་ཉེས་པ་ཅན་གྱི་ཕྱིར་ཡང་འདུ་དགོས་པས་ན་བྱ་བ་ལ་སོགས་པ་ནི་ཞི་བའོ་ཅོག་འདུལ་བར་འགྱུར་བའོ། །བསྐང་བར་མི་འོས་པ་ནི་དགེ་
เล่ม ๑๖๔ · หน้า 251a
འདུན་གྱི་བྱ་བ་ལ་གཟུ་བོར་མ་ཡིན་ཞེས་པ་ནི་བསྙེན་པར་མ་རྫོགས་པ་དང་ཞིག་པ་ལ་སོགས་པ་ལ་བསྐང་བར་མི་འོས་པ་ནི་གཟུ་བོར་ཡང་མི་ཆུད་པའོ། །འོག་མ་རྣམས་ནི་བསྙེན་པར་རྫོགས་པས་དབང་བྱའོ་ཞེས་པ་དང་། བུད་མེད་ཀྱི་ལ་ཡང་སྐྱེས་པ་དབང་ངོ་ཞེས་པ་ནི་དགེ་ཚུལ་ལ་
སོགས་པ་ཆད་པས་གཅོད་པའི་དབང་བསྙེན་པར་རྫོགས་པས་བྱ་བ་དང་། དགེ་སློང་མ་ཆད་པས་གཅད་པའི་དབང་དགེ་སློང་གིས་གྱིས་ཤིག་པའོ། །འཚོ་བའམ་བསྙེན་པར་རྫོགས་པ་ཉམས་ན་ཞི་བར་འགྱུར་བར་ཤེས་པ་ནི་ཤི་བའམ་བབས་ན་རྩོད་པའང་འཇིག་པའོ། །སྤང་བར་འགྱུར་བ་དང་།
ཕྱོགས་གཞན་ཡན་ཆད་ཀྱང་ཞེས་པ་ནི་སྤང་བར་གྱུར་པ་དང་། ཕྱོགས་གཞན་དུ་གྱུར་པ་ཡན་ཆད་ཀྱིས་ཀྱང་རྩོད་པ་རང་འཇིག་པར་སྟོན་པའོ། །གུད་དུ་སོང་བ་དང་ནད་ཡུན་རིངས་ཀྱིས་ཐེབས་ན་ཡང་ཞེས་པ་ནི་སོགས་པ་ཡིན་ཏེ། མི་ལོངས་པའང་ཀུངས་སོའི་ཞེས་པ་ནི་གོང་མ་ལྟར་གུད་དུ་སོང་བའམ་ནད་ཀྱིས་
ཐེབས་པ་ལ་སོགས་པ་བརྒལ་བའམ་རྒོལ་བ་གང་ཡང་རུང་བ་ཅིག་དེ་ལྟར་གྱུར་ན་རྩོད་པ་རང་འཇིག་གོ། །རྩོད་པའི་དངོས་པོ་ཞུས་པའོ།། །།གནས་ཀྱི་དངོས་པོ་སྟོན་པ་ནི་སོ་སོར་ཐར་པའི་སྡོམ་པ་བས་མཆོག་པ་ལ་རབ་ཏུ་བྱུང་བས་ཕྱག་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ། མཚུངས་ན་རྒན་པ་ལའོ་ཞེས་པ་
དང་མཚན་གཞན་པ་ལ་མ་ཡིན་ཞེས་པ་ནི་སོ་སོར་ཐར་པའི་སྡོམ་པ་མཚུངས་ཀྱང་གང་རྒན་རབས་ལ་ཕྱག་བྱ་བ་དང་མཚན་ཐ་(དང་‚དད་)པ་སྟེ་བུད་མེད་ལ་ནི་མ་ཡིན་པའོ། །སྐྱེས་པ་མི་དམའ་བ་ལ་བུད་མེད་ཀྱིས་ཞེས་པ་ནི་སོ་སོར་ཐར་པའི་སྡོམ་པ་ལས་མི་དམའ་བའི་དགེ་སློང་གསར་བུ་ཞིག་ཡིན་ན་ཡང་དགེ་སློང་
མ་ཡིས་ཕྱག་གྱིས་ཤིག་པའོ། །ས་གཞན་ལ་གནས་པ་ཞིག་པ་དགེ་སློང་མས་བསླུས་པ་ཆོས་མ་ཡིན་པའི་ཕྱོགས་དུ་མར་གནས་པ་མཚམས་མེད་པ་བྱས་པ་ཉལ་བ་མཉམ་པར་གཞག་པ་འབྲེལ་པ་ཡེངས་པ་རྒྱབ་ཀྱིས་ལྟ་བ་གྲོང་ན་གནས་པ། ཟས་ལ་བཀད་པ་རྣམས་མ་གཏོགས་ཞེས་པ་ནི་མིང་
གིས་སྨོས་པ་འདི་རྣམས་ཀྱི་གནས་ན་འདུག་པ་ནི་ཕྱག་བྱ་བ་ལ་མ་གཏོགས་པའོ། །རབ་ཏུ་བྱུང་བ་ལ་ཁྱིམ་པས་ཞེས་པ་ནི་རབ་ཏུ་བྱུང་བ་ལ་ནི་ཁྱིམ་པའོ་ཅོག་གིས་ཕྱག་གྱིས་ཤིག་པའོ། །སངས་རྒྱས་ལ་ནི་ཐམས་ཅད་ཀྱིས་སོ་ཞེས་པ་ནི་སངས་རྒྱས་ལ་ནི་ཐམས་ཅད་ཀྱིས་ཕྱག་གྱིས་ཤིག་པའོ། །ཕྱག་
เล่ม ๑๖๔ · หน้า 251b
བྱ་བ་དང་། མི་བྱ་བ་རྣམས་དེ་ལྟར་བསྟན་ནས་གཙུག་ལག་ཁང་གི་ཡན་ལག་དུ་བྱ་བའོ་ཅོག་སྟོན་པ་ནི་གཙུག་ལག་ཁང་བྱ་ཞེས་པ་དང་། ངོས་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་ཞེས་པ་དང་། དེའི་ཐད་ཀར་སྒོ་ཁང་ཞེས་པ་དང་། གྲུ་བཞི་ནི་དགེ་ཞེས་པ་ནི་གཙུག་ལག་ཁང་གྲུ་བཞིར་བྱས་པ་ངོས་
གཅིག་གི་དབུས་སུ་དྲི་གཙང་ཁང་རྩིག་ཅིང་དེ་དང་བྱང་སྟད་ཀྱི་མདུན་དུ་སྒོ་ཁང་གྱིས་ཤིག་པའོ། །ངོས་གསུམ་པ་ཡང་ཞེས་པ་ནི་གཙུག་ལག་ཁང་གྲུ་བཞིར་འདུག་པ་ལ་ངོས་གསུམ་ནི་དྲི་གཙང་ཁང་དང་གནས་ཁང་བྱས་ལ། སྒོ་རོལ་གྱི་ངོས་གཅིག་གནས་ཁང་ཁྱད་ཞུགས་ན་ཁྱིམ་པར་ཟིན་
གྱིས་ཀྱང་དེའི་ཁ་ཐབས་སུ་འོར་ཅིག་པའོ། །ཆེ་བཞིས་ཕྱེ་ནའོ་ཞེས་པ་ནི་ཕྱེ་བའང་བརྩན་པར་གྱིས་ཤིག་པའོ། །ཐེ་ཚོམ་པ་ངེས་པ་མ་ཡིན་ཞེས་པ་ནི་ཉེས་སམ་མ་ཉེས་སུ་མ་ངེས་ཏེ། ཐེ་ཚོམ་ཡོད་བཞིན་པ་ནི་ངེས་པ་ཞེས་པ་ཉིད་མ་ཡིན་པས་བརྒལ་ཀྱང་མི་བརྩན་པ་སྟེ་དངོས་སུ་ནི་ཀ་རའི་ཆུ་ལ་སྐྱོ་
མར་ནོར་བ་ལྟ་བུའོ། །འདི་ནི་ཁས་བླངས་པ་བཞིན་དུ་ངེས་པའོ་ཞེས་པ་ནི་དབེན་པ་མཐོང་བས་ཕྱེ་བ་ནི་ཁས་བླངས་པ་བཞིན་དུ་གཙིགས་ཆེ་བའོ། །ཁས་མི་ལེན་པ་ནི་བསྙོན་པའོ་ཞེས་པ་ནི་སྔར་ཉེས་པ་ཡོད་པ་ཁས་བླངས་པ་ཕྱིས་བསྙོན་པ་ནི་སྔར་ཁས་བླངས་པ་དེ་མི་བརྩན་པར་སྟོན་པའོ། །དེ་
ལྟ་བུར་བསྙོན་ངེས་པ་ལ་ཐབས་ཇི་ལྟ་བུར་བྱ་ཞེ་ན། དགེ་འདུན་ལ་ཁས་ལེན་ཅིང་བསྙོན་པ་ནི་རྟོག་ཏུ་གཞུག་ཅེས་པ་ཡིན་ཏེ། འདི་ལྟ་བུ་དེ་སེམས་སུ་ཆུག་ཤིག་པའོ། །དེའི་རང་བཞིན་ཚོལ་བ་ལ་ཕན་པའི་ཕྱིར་དེའི་རང་བཞིན་ཚོལ་བའོ་ཞེས་པ་ནི་དེ་ལྟར་གྱ་གྱུ་མེད་པ་དེ་ལ་ཕན་པའི་
ཕྱིར་དེའི་རང་བཞིན་ཚོལ་བ་ཞེས་བྱ་བ་ཡོང་ཡང་དེའི་ཕྱིར་བསྟན་པ་ཡིན་པར་སྟོན་པའོ། །ཁ་ཅིག་ནི་འདི་ལ་ཆད་པའི་ཚུལ་གྱིས་སོ་ཞེས་འཆད་དོ་ཞེས་པ་གོང་མ་ལྟར་དགེ་འདུན་ལ་གྱ་གྱུར་བྱེད་པ་ནི་དགེ་འདུན་ཐམས་ཅད་འདུས་པ་ལ་དགེ་སློང་ཅིག་གིས་གསོལ་བར་བྱ་སྟེ། ལས་སུ་བྱ་བ་ནི་
བཙུན་པའི་དགེ་འདུན་གསོན་ཅིག་དགེ་སློང་མེ་བཞི་སྐྱེས་འདི་དགེ་འདུན་གྱི་དབུས་སུ་ཁས་ལེན་ཅིང་བསྙོན་པས་ན་དགེ་འདུན་གྱིས་འདིར་རང་བཞིན་ཚོལ་དུ་གཞུག་གོ་ཞེས་འབྱུང་གི་མེ་བཞི་སྐྱེས་རྒན་རབས་ལ་དེའི་རང་བཞིན་བཙལ་བར་གསོལ་ལོ་ཞེས་མི་འབྱུང་བས་ན། དེའི་རང་བཞིན་ཚོལ་
เล่ม ๑๖๔ · หน้า 252a
དུ་གཞུག་པ་ཡང་ཆད་པའི་ཚུལ་ཡིན་ནོ་ཞེས་སློབ་དཔོན་ཁ་ཅིག་འཆད་པར་སྟོན་པའོ། །དེ་ནི་མདོ་དང་འགལ་བའི་ཕྱིར་མི་བཟང་ཞེས་པ་ནི་གོང་མ་སྐད་དུ་བྱ་བ་ཡང་ཀུན་དགའ་བོ་དགེ་སློང་འགའ་ཞིག་དགེ་འདུན་གྱི་དབུས་སུ་ཁས་ལེན་ཅིང་ཡང་ལེན་ཀྱང་བསྙོན་པར་བྱེད་ན་དགེ་སློང་དེ་ལ་ཚེ་
དང་ལྡན་པ་ཁྱོད་ཀྱིས་མ་རྙེད་པས་ན་ལེགས་པར་མ་རྙེད་ཀྱི་ཉེས་པ་རྙེད་ཀྱིས་དགེ་འདུན་གྱི་ནང་དུ་སོང་ལ་དེའི་རང་བཞིན་ཚོལ་བར་གསོལ་ཅིག་ཅེས་བསྒོ་བར་བྱའོ། །དེའི་དགེ་འདུན་གྱི་ནང་དུ་སོང་ལ་དེའི་རང་བཞིན་བཙལ་བ་གསོལ་ལོ། །དགེ་འདུན་གྱིས་ཀྱང་ཆོས་དང་། འདུལ་བ་བཞིན་དུ་
དེའི་རང་བཞིན་ཚོལ་བ་དབོག་གོ་ཞེས་འབྱུང་བས་ན། གཞུང་ལས་འདི་སྐད་དུ་འབྱུང་བ་དང་འགལ་བའི་ཕྱིར་གོང་མ་སྐད་དུ་འཆད་པ་དེ་མི་རུང་བར་སྟོན་པའོ། །གལ་ཏེ་གོང་མ་ལྟར་འཆད་པའི་ཚུལ་ཡིན་ན་ཆད་པ་རྣམ་པ་བདུན་གྱིས་དཀྱུས་སུ་ཅིའི་ཕྱིར་མ་སྨོས་ཤེ་ན། ཞི་བར་བྱ་བའི་ཕྱིར་ཐ་དད་དུ་བྱའོ་ཞེ་ན་མི་འདོད་
པས་སོ་ཞེས་པ་ཡིན་ཏེ། གོང་མ་ལྟར་དེའི་རང་བཞིན་ཚོལ་བ་ཡང་ཞི་བར་བྱེད་པ་ཙམ་དུ་ཟད་པས་དཀྱུས་སུ་ནི་དེ་ལྟར་མ་སྨོས་སོ་ཞེས་ཟེར་ན་ཡང་དེ་ལྟར་མི་བཏུབ་པའི་ཕྱིར་མི་རུང་བར་སྟོན་པའོ། །ཇི་ལྟར་མི་རུང་ཞེ་ན། སྤྱོ་པ་ལ་སོགས་པའང་དེ་ལྟར་མ་བཞག་པའི་ཕྱིར་རོ་ཞེས་པ་ཡིན་ཏེ། སྤྱོ་བ་ལ་སོགས་པའི་
ཚད་ལས་ཀྱང་འཐབ་པ་ལ་སོགས་པ་ཞི་བར་བྱེད་པ་ལྟ་བུ་ཡིན་མོད་ཀྱི་བདུན་གྱི་དཀྱུས་ནས་མ་བཀོལ་བའི་ཕྱིར་གོང་མ་སྐད་དུ་བྱ་བ་ཡང་མི་རུང་བའོ། །དེའི་རང་བཞིན་ཚོལ་བ་དེ་ཉེས་པར་མ་མཐོང་ངོ་ཞེས་ཟེར་བའི་ཕྱིར་བསྙོན་པའི་ཆད་པས་གཅོད་པའོ་ཞེས་ཟེར་ན་ཡང་འགལ་བར་སྟོན་པ་ནི་ཁས་བླངས་
ཤིང་བསྙོན་པར་ངོ་ཟིན་པའི་གྲགས་པ་ཡང་མ་མཐོང་བར་འགྱུར་བས་སོ་ཞེས་པ་ཡིན་ཏེ། དེ་ལྟར་བསྙོན་པར་མཐོང་ཞིང་ཉེས་པར་གྲགས་པ་ཡང་མ་མཐོང་ངོ་ཞེས་ཟེར་བ་ཡིན་པས་ན། བཀར་བས་གཅད་པ་ལ་ཐུག་གི་དེའི་རང་བཞིན་ཚོལ་བ་ཡང་མི་འགྱུར་བའི་ཕྱིར་རོ། །མེད་པའི་ཕྱལ་པོར་འདུག་པ་
ལྟ་བུར་བྱས་ཀྱང་བླ་བའོ། །བླང་ཞེས་པ་དང་། གཙུག་ལག་ཁང་དུ་གནས་ཞེས་པ་ནི་གཙུག་ལག་ཁང་ཕུལ་ན་བླང་དུ་རུང་བ་དང་གཙུག་ལག་ཁང་དུ་གནས་པར་གྱིས་ཤིག་པའོ། །དགེ་འདུན་གྱི་གནས་སུ་གཞན་གྱིས་དགེ་འདུན་དགེ་སློང་གང་ཟག་གི་ཕྱིར་གནས་ཀྱི་དངོས་པོ་བྱེད་ན་གནང་བར་བྱ་ཞེས་པ་དང་།
เล่ม ๑๖๔ · หน้า 252b
གལ་ཏེ་སྦྱིན་བདག་ཡོད་ན་ནི་དེས་གནང་ནའོ་ཞེས་པ་ནི་དགེ་འདུན་གྱི་གནས་ཀྱི་ཟླ་ལ་དགེ་འདུན་ནམ་གང་ཟག་གི་གནས་གཞན་གྱིས་བརྩིགས་ན་གནང་བར་བྱ་བ་དང་། སྦྱིན་བདག་ཉིད་ཡོད་ན་ནི་དེའི་ཁ་ཐབས་སུ་འོར་ཅིག་པའོ། །གྲོང་ཁྱེར་གྱི་ནང་ངམ་ཕྱི་རོལ་དུ་བསྟི་ཀར་བྱར་རུང་ཞེས་པ་དང་བསྟི་ཁང་གི་གནས་
འདི་གཉིས་ཀར་བྱས་ཀྱང་བླ་བའོ། །བདག་གིས་ཁྲོན་པར་ན་འདོད་ཆགས་ཀྱི་རྐྱེན་སྤང་བའི་ཕྱིར་མདའ་ཡབ་བྱ་ཞེས་པ་དང་། བུད་མེད་ཆུ་སློང་ན་ཁ་གླུགས་སུ་མ་ཡིན་གྱི་སྙིམ་པར་བླུད་ཅེས་པ་ནི་བདག་ཅག་གི་གནས་ན་ཁྲོན་པ་ཡོད་ལ་བུད་མེད་ལ་སོགས་པ་ཆུ་ཆུར་འོང་ན་མིག་ལམ་དུ་མི་བབ་པར་མདའ་
ཡབ་ཀྱིས་བཅད་ཅིང་བུད་མེད་ཆུ་སློང་བ་ལ་ཡང་སྦྱིན་པའི་ཐབས་འདི་ལྟར་གྱིས་ཤིག་པའོ། །དབྱར་གྱི་ཁོངས་སུ་འོང་ན་དེའི་རྙེད་པ་འོས་ཞེས་པ་དང་། དེའི་ཚེ་རྙེད་པ་ཡང་དབྱར་ཡུན་རིང་དུ་གནས་ན་ཞེས་པ་ནི་དབྱར་གྱི་ཁོངས་སུ་དགེ་སློང་གུད་ནས་འོངས་ལ་ཡུན་རིང་དུ་ལོན་ན་དེའི་རྙེད་པ་ལ་དབང་
བའོ། །རྙེད་པ་མ་ཡིན་པ་ཟས་ལས་སུ་མི་གཞུག་ཅེས་པ་དང་། རྙེད་པ་མ་འཐོབ་པ་ལ་ཡང་ཟས་ནི་སྦྱིན་ཞེས་པ་ནི་ཟས་ཉི་ཚེ་ཟས་ལ་རྙེད་པ་མི་འཐོབ་པ་ལས་སུ་མ་བསྐོ་ཤིག་པའོ། །རྙེད་པ་མི་འཐོབ་པ་ཡང་ཟས་ནི་མ་བཀྱིགས་པར་བྱིན་ཅིག་པའོ། །།གཞན་གྱིས་རྙེད་པར་མི་གཅེན་ཅེས་
པ་དང་། དེའི་ཕྱིར་མ་ཡིན་པར་སོང་བ་ལས་གཙུག་ལག་ཁང་གཞན་གདུགས་ཚོད་བབ་སྟེ་ཟོས་པ་ནི་ཉེས་མེད་ཞེས་པ་དང་། ལོ་ཉེས་ཀྱི་ཚེ་ཉིད་ཀྱི་ནས་མ་ཁྱེར་བ་ཡང་ཞེས་པ་དང་། །དགེ་སློང་གིས་ཚད་ལས་ལྷག་པར་བླངས་ན་ཡང་ཞེས་པ་ནི་ཆེད་དུ་ཟན་བསྐུགས་པའི་ཕྱིར་ནི་མ་ཡིན་
གྱི་དོན་ཆེད་གཞན་གྱི་ཕྱིར་སོང་སོང་བ་ལས་གདུགས་ཚོད་བབ་སྟེ་གཙུག་ལག་ཁང་གཞན་དུ་ཟོས་པ་དང་མུ་གེའི་ཚེ་ཚད་བཀར་ཟན་བསྐུགས་ཤིག་པ་དང་། དགེ་སློང་གཞན་གྱི་ཁོང་འཐེབ་ལ་ཟ་བ་ལ་མ་གཏོགས་པར་གཞན་གྱི་རྙེད་པ་ལ་མི་བརྩན་པར་བྱ་བའོ། །གཙུག་ལག་ཁང་གཡེལ་བར་མི་བྱ་
ཞེས་པ་དང་། སྦྱིན་བདག་འཆོས་སུ་གཞུག་མ་གྲུབ་ན་དགེ་འདུན་གྱིས་ལས་ཅི་ནུས་སུ་བྱ་ཞེས་པ་དང་། ཉིད་ཀྱིས་བཅོས་པ་ཞེས་པ་ནི་གཙུག་ལག་ཁང་ཞིག་རལ་དུ་གྱུར་པ་ཡལ་བར་མ་དོར་བར་ཡོན་བདག་ལ་བསྐུལ་བའམ། དགེ་འདུན་གྱི་དཀོར་རམ་བདག་ཉིད་ཀྱིས་བཅོས་པ་རྣམས་གྱིས་ཤིག་པའོ། །རྙེད་པ་ལེན་པས་
เล่ม ๑๖๔ · หน้า 253a
གཙུག་ལག་ཁང་གི་ཕྱག་དར་བྱ་ཞེས་པ་ནི་རྙེད་པ་ལེན་པ་རྣམས་ཀྱིས་ནི་དེའི་ཕྱག་དར་ཀྱང་གྱིས་ཤིག་པའོ། །དད་པས་བྱིན་པ་ནི་གཙུག་ལག་ཁང་གི་མ་ཡིན་ཞེས་པ་ནི་ཡོན་བདག་གིས་བསྐོན་མཁུར་མཁུར་དུ་བྱིན་པ་ནི་གཙུག་ལག་ཁང་གི་རྙེད་པ་ལ་མ་གཏོགས་པའོ། །སྒོ་བཅད་ལ་གཙུག་
ལག་ཁང་ནས་འགྲོ་ཞེས་པ་དང་བསྲུང་བ་གཞག་སྟེའོ་ཞེས་པ་དང་མེད་ན་རིན་སྦྱིན་ཞེས་པ་ནི་གུད་དུ་འགྲོ་བའི་ཚེ་གཙུག་ལག་ཁང་སྒོ་བཅད་པ་དང་། སྲུང་མ་གཞག་པ་དང་། སྲུང་མའི་ཟས་མེད་ན་སྦྱིན་པ་རྣམས་སོ། །རྐུན་པོས་དབང་དུ་བྱས་པའི་གདེང་དྲོད་ཡོད་པར་དེས་སྒོ་མི་དབྱེ་ཞེས་པ་དང་། ཁང་ཏོག་ཏུ་འཛེགས་
ལ་ཞིང་ཁྱོད་རིམས་ཀྱིས་མ་ཐེབས་སམ་ཞེས་བརྡ་བྱ་ཞིང་སྨྲར་གཞུག་པ་ནི་འདིའི་ཐབས་སོ་ཞེས་པ་དང་། འདིས་ཤེས་པར་བྱ་བ་ནི་གནས་དང་མིང་དང་ཕ་ལ་སོགས་པའོ་ཞེས་པ་དང་། འཇིགས་པ་དང་བཅས་ནས་མ་རྟོགས་ཀྱི་བར་སྒོ་མི་དབྱེ་ཞེས་པ་ནི་ནུབ་མོ་དགེ་སློང་གུད་ནས་འོངས་ཏེ་སྒོ་ཕྱེ་ཞེས་ཟེར་ན། རྐུན་པོས་དབང་དུ་
བྱས་པ་ཡིན་པ་དང་། མ་ཡིན་པ་ལ་སོགས་པ་གདེང་དྲོད་མ་བཅད་(གྱི་‚ཀྱི་)བར་དུ་སྒོ་མི་དབྱེ་བ་དང་། བརྟག་པའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །དགོན་པ་བས་ཁྱི་བཅང་ཞེས་པ་དང་། ནད་པར་ལངས་མ་ཐག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་གྱི་ཐན་ཀོར་བྱུང་ལ་ཞེས་པ་དང་། བརྟུགས་ན་བྱས་པ་འདོར་གཅིས་ན་
བརྩལ་སེན་མོས་བྲུད་ན་དལ་བསྙམ་ཞིང་དེའི་ཤུལ་དུ་དཀྱིལ་འཁོར་བྱ་ཞེས་པ་དང་། འདི་ལ་ལྷུང་བཟེད་ཀྱི་ལྷག་མ་སྦྱིན་ཞེས་པ་དང་། གཙུག་ལག་ཁང་མཆོད་རྟེན་གྱི་ཉེ་སྤྱོད་ཀྱི་ཕྱི་རོལ་དུའོ་ཞེས་པ་ནི་དགོན་པ་པས་ཁྱི་བཅང་བའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །གཙུག་ལག་ཁང་གི་ཡན་ལག་དེ་ལྟར་
བསྟན་ནས་ཀློག་འདོན་འབོགས་ཤིང་དོན་སྟོན་པའོ། །འདོན་པ་འབོགས་པའི་སྤྱོད་ལམ་ནི་ཅི་དགའ་བར་རོ་ཞེས་པ་ལ་སོགས་པ་ཡིན་ཏེ། སྡོམ་པ་འབོགས་པའི་སྤྱོད་ལམ་ནི་འགྲོ་ཉལ་འདུག་འཕྲེས་ཅི་དགར་གྱིས་ཤིག་པའོ། །གསར་བུས་ནི་དང་པོར་ཕྱག་བྱས་ལ་ཁམས་སྙོམས་སམ་དྲི་ཞིང་ནོན་པའི་སྤྱོད་
ལམ་དུ་བྱ་ཞེས་པ་དང་། ཐལ་མོ་སྦྱར་ཏེའོ་ཞེས་པ་དང་ལུས་དང་སེམས་མཐུད་པ་ལའོ་ཞེས་པ་དང་། དྲང་པོར་ཞེས་པ་དང་། འཆག་ན་ནི་གོམ་པ་གཅིག་གིས་དབེན་ཅིང་འགྲོ་བས་སོ་ཞེས་པ་དང་། འགྲེང་ན་ནི་ལངས་ཏེའོ་ཞེས་པ་དང་། འདུག་གམ་འཕྲེས་ན་འདུག་སྟེའོ་ཞེས་པ་དང་། ངན་སྙིགས་ཀྱིས་སྟན་ལའོ་ཞེས་པ་དང་།
เล่ม ๑๖๔ · หน้า 253b
གཞན་ན་བསྐོས་ནས་སོ་ཞེས་པ་དང་། མ་བསྒོ་བའི་བར་དུ་གོང་གོང་པོར་རོ་ཞེས་པ་དང་། ནོད་པ་ཕལ་ཆེ་ན་ཞུས་ཏེའོ། །ཁ་ཐོན་ནི་ཐོས་པའི་དངོས་པོའོ། །ཉེན་ཀོར་ནས་སྤགས་ལ་མཐོང་བའི་ཉེན་ཀོར་འདུག་སྟེའོ་ཞེས་པ་དང་། ལུང་ནི་དབེན་པར་སོང་ལ་བསྒྲུབ་ཅེས་པ་དང་། ལེགས་པར་གླགས་ལེགས་པར་ཞུས་
ཐེ་ཚོམ་མེད་པར་བྱས་ཏེ། དབོག་པ་དང་མནོད་པ་ཡང་ངོ་ཞེས་པ་ནི་ལུང་དང་ཀློག་འདོན་ནོད་པས་མ་ནོར་བའི་ཐབས་འདི་དག་ལྟར་བྱ་ཞིང་མནོས་ཟིན་ནས་བསླབ་ཅིང་བསྒོམ་པའི་ཐབས་འདི་དག་ལྟར་བྱ་བ་དང་། འབོགས་ཤིང་ནོད་ཅིང་ནོད་པའི་ཚེ་བསྟར་ཞིང་ནན་ཏན་གྱིས་ཞིག་པའི་ཚུལ་འདི་ལྟར་གྱིས་ཤིག་
པའོ། །ཀློག་ཅིང་འདོན་པའི་ཚུལ་དེ་ལྟར་བསྟན་ནས་ལས་སུ་བསྒོ་བ་རྣམས་ཀྱི་ཚུལ་སྟོན་པ་ནི་གཙུག་ལག་ཁང་དང་ཟས་དང་སྐོམ་དང་སྐྱོ་མ་དང་ཐུག་པ་དང་བཅའ་བ་དང་འབྲས་བུ་འགོད་པ་དང་སྒོ་བསྐོ་བ་ཞེས་པ་ལ་སོགས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་རྣམས་བསྒོ་ཞིང་འགོད་པ་སྐོས་ཤིག་པའོ། །ལྷག་རོལ་ཞེས་
པ་དང་། ལྷག་མ་ཕྱི་ཉིན་འབྲིམ་པར་བྱེད་ན་དེའོ་ཞེས་པ་ནི་ལྷག་རོལ་འབྲིམ་པ་ཡང་སྐོས་ཤིག་པའོ། །སྣོད་སྤྱད་སྦེད་པ་ཞེས་པ་དང་། དབྱར་གྱི་རས་ཆེན་ཞེས་པ་དང་། གཏན་པ་པ་ཞེས་པ་དང་། ཆོས་གོས་ཞེས་པ་དང་། འགོད་པ་ཞེས་པ་དང་། ཁང་སྐྱོང་དང་འཐེབ་ཅེས་པ་ནི་མིང་གིས་སྨོས་པ་རྣམས་
ཀྱི་ལས་བྱེད་པའང་སྐོས་ཤིག་པའོ། །ཁ་ཕྱིས་རྫི་ཞེས་པ་དང་། འདི་ལས་ནི་འགྲིམ་པ་དང་། ཟོས་ཟིན་ནས་སྦེད་པའོ་ཞེས་པ་ནི་ཁ་ཕྱིས་རྫི་སྐོས་ཤིག་པའོ། །དེའི་ལས་གང་ཡིན་པ་སྟོན་པ་ནི་མདོ་འོག་མའོ། །ཆུས་པ་ཞེས་པ་ནི་འབྲིམ་ཞིང་ཆུའི་ཞལ་ཏ་བྱེད་པ་གཅིག་ཀྱང་སྐོས་ཤིག་པའོ། །མཛེས་འཆོས་ཤེས་
པ་དང་། བལྟས་ལ་རབ་ཏུ་བྱུང་བ་རྣམས་མི་མཛེས་པ་སྤྱོད་ན་སེ་གོལ་གྱིས་སྦྲན་ཏེ་མཛེས་པ་འཆོས་སུ་གཞུག་ཅེས་པ་དང་། དེ་ནི་འདི་ལྟ་སྟེ་ཟས་ཀྱི་ཚེ་རྒན་རིམས་སུ་བྱ་བ་དང་། སྒྲ་བསྐྱུངས་དང་ཤིན་ཏུ་བསྡམས་པ་རྣམས་དང་ཤིན་ཏུ་གཡོགས་པ་དང་། མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་ཡང་སྒྲ་བསྐྱུང་བ་
ལ་སོགས་པར་རོ་ཞེས་པ་ནི་མཛེས་འཆོས་བསྒོ་བ་དང་དེས་བཅོས་པའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །དགར་བ་ཞེས་པ་དང་། དེས་ཐོག་མར་ཟོས་ལ་ཟ་བའི་ཚེ་སྨྱིག་མ་ཐོགས་ཏེ་བྱ་རོག་དང་བྱེའུ་དང་ཕུག་རོན་ལ་སོགས་པ་བསྐྲད་ཅེས་པ་ནི་དག་ར་བ་བསྐོ་བ་དང་དེའི་ལས་འདི་ལྟ་བུ་ལ་
เล่ม ๑๖๔ · หน้า 254a
གྱིས་ཤིག་པའོ། །མལ་སྟན་པ་ཞེས་པ་དང་། གླས་པ་ཞེས་པ་དང་། ཟ་བའི་ཚེ་འདུལ་བ་དང་བརྟགས་པ་ཡོད་ན་བསྒོ་བ་ཡང་ཞེས་པ་ནི་མལ་སྟན་པ་དང་། གླས་པ་དང་བསྒོ་བ་རྣམས་ཀྱང་སྐོས་ཤིག་པའོ། །གནས་ཀྱི་དངོས་པོའོ།། །།གནས་ཀྱི་དངོས་པོ་ཕྲན་ཚེགས་ལ་སོགས་པ་ལས་
འབྱུང་བ་བསྡུས་ཏེ་སྟོན་པ་ནི་མུན་ཁུང་དུ་ཕྱག་འཚལ་བའི་ཚེ་ཕྱག་འཚལ་ལོ་ཞེས་པའི་ཚིག་བསྙད་ཅེས་པ་ནི་མུན་ཁུང་དུ་མགོ་འདུད་ཅིང་ཕྱག་འཚལ་བར་ཕྱག་འཚལ་ལོ་ཞེས་པའི་ཚིག་ཕྱུང་ཤིག་པའོ། །གཞན་ལ་ཕྱག་འཚལ་བར་ཞུགས་པའི་ཚེ་དེའི་ཐན་ཀོར་དུ་ལྷགས་པ་རྣམས་ལ་ཕྱག་བྱ་ཞེས་པ་ནི་གནས་
བརྟན་ལ་སོགས་པ་འགའ་ལ་ཕྱག་འཚལ་དུ་སོན་པའི་ཚེ་དེའི་དྲུང་ན་ཕྱག་བྱ་བར་འོས་པ་གཞན་འཁོད་ན་ཡང་ཕྱག་གྱིས་ཤིག་པའོ། །ཚངས་པའི་ཕྱག་ནི་འདིར་བྱས་པའོ་ཞེས་པ་ནི་དེ་ལྟ་བུའི་མལ་དུ་ཕྱིར་ཕྱག་བྱས་ན་ཕྱག་བྱས་པར་ཆུད་པའོ། །འཁོན་ཡོད་པ་ལ་ཕྱག་མི་བྱ་ཞེས་པ་ནི་འཁོན་ཡོད་པ་ལ་མགོ་འདུད་
ཅིང་ཕྱག་མ་འཚལ་ཅིག་པའོ། །ཕྱག་འཚལ་བ་ལ་ཨ་རོག་གྱ་མི་བྱ་བ་མ་ཡིན་ཞེས་པ་དང་། ཕྱག་བྱ་བ་འདས་པ་ལ་ཡང་ཕྱག་མི་བྱ་བ་མ་ཡིན་ཞེས་པ་ནི་ཕྱག་གི་ལེན་ཨ་རོག་གྱ་གྱིས་ཤིག་པ་དང་། །དགེ་སློང་ཁོན་ཡོད་པ་ཤིན་དུ་སྦྲུལ་དུ་གྱུར་པས་བསད་པ་ལྟ་བུ་ཡིན་ཏེ། ཁོན་པ་ཤི་བ་ལ་ཡང་བཟོད་པར་གསོལ་
ཞིང་ཕྱག་གྱིས་ཤིག་པའོ། །སྨེ་ས་པ་ལ་ཕྱག་མི་བྱ་ཞེས་པ་དང་། སྨེ་ས་པས་མ་ཡིན་ཞེས་པ་དང་། འདི་བདག་གིར་མི་བྱ་ཞེས་པ་དང་། སྨེ་ས་པས་ཀྱང་མ་ཡིན་ཞེས་པ་དང་། སྨེ་ས་པ་ནི་གཉིས་ཏེ་སོ་ཤིང་ཡན་ཆད་ཟ་བ་དང་མི་གཙང་བའི་གནས་ན་འདུག་ཅིང་དེ་ལས་བྱེད་པ་ཡན་ཆད་དོ་ཞེས་པ་ཡིན་ཏེ་ཟས་ཟ་
བ་དང་མི་གཙང་བའི་ལས་བྱེད་པའི་སྨེ་ས་པས་ཕྱག་མི་བྱ་བ་དང་། སྨེ་ས་པ་ལ་ཕྱག་མི་བྱ་བ་དང་གཅིག་གིས་གཅིག་ཕྱག་མ་ལེན་ཅིག་པའོ། །གཅེར་བུ་ཁྱེད་རངས་ན་འདིར་སྨེ་ས་པ་དང་འདྲ་ཞེས་པ་ནི་འདི་གཉིས་ཀྱང་སྨེ་ས་པ་དང་འདྲ་བས་ནི་ཕན་ཚུན་དུ་ཕྱག་མ་བྱེད་མ་ལེན་ཅིག་པའོ། །ཕྱག་ནི་གཉིས་ཏེ་དཀྱིལ་
འཁོར་ལྔ་དང་རྐང་པ་ལ་གཟུང་བའོ་ཞེས་པ་ནི་ཕྱག་ནི་རྣམ་པ་འདི་གཉིས་ཡིན་པར་སྟོན་པའོ། །སྦྲིད་པ་བྱུང་བ་ལ་སོས་ཞེས་མི་བྱ་ཞེས་པ་དང་། རྒན་པོ་དང་ཁྱིམ་པ་ནི་མ་གཏོགས་ཞེས་པ་དང་། གཞོན་པ་ལ་ཨ་རོག་གྱ་ཞེས་བྱ་བ་དང་། རྒན་པ་ལ་ཕྱག་བྱ་ཞེས་པ་དང་། སྦྲིད་པ་བྱུང་ན་ཡང་ཞེས་པ་ནི་རྒས་པ་
เล่ม ๑๖๔ · หน้า 254b
དང་ནད་པ་མ་གཏོགས་པ་སྦྲིད་པ་བྱུང་བ་ལ་སོས་ཞེས་མི་བྱ་བའི་རྒན་པ་ལ་ནི་ཕྱག་བྱ་བ་དང་། གཞོན་པ་ལ་ནི་ཨ་རོག་གྱ་བྱ་བ་དང་། བདག་སྦྲིད་པ་བྱུང་ན་ནི་གཞན་ལ་ཕྱག་གྱིས་ཤིག་པའོ། །དེ་བཞིན་གཤེགས་པ་ལ་མིང་རུས་སམ་ཚེ་དང་ལྡན་པ་ཞེས་མི་བརྗོད་ཅེས་པ་དང་། མིང་རུས་ཀྱང་ཉེ་བའི་ཚིག་མེད་པར་མི་སྨོས་
ཞེས་པ་དང་། རྒན་རབས་ལ་མ་ཡིན་ཞེས་པ་དང་། འདིའི་རྐྱེན་དུ་ནི་ཉེ་བའི་ཚིག་གནས་བརྟན་ནམ་ཚེ་དང་ལྡན་པས་སོ་ཞེས་པ་དང་། སྔ་མ་ནི་མ་ཡིན་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེའམ། གཽ་ཏ་མ་ཞེས་མི་བྱ་བ་དང་། ཤཱཀྱ་དང་གཽ་ཏ་མ་ཞེས་བརྗོད་ན་ཡང་བཅོམ་ལྡན་ཞེའམ། བདེ་
བར་གཤེགས་པ་ཞེས་ཉེ་བའི་ཚིག་དང་སྦྱར་བ་དང་། རྒན་རབས་ལའང་གནས་བརྟན་ནམ་ཚེ་དང་ལྡན་པ་ཞེས་ཉེ་བའི་ཚིག་མེད་པར་མ་འབོད་ཅིག་པ་དང་། བཅོམ་ལྡན་འདས་ལ་ནི་ཉེ་བའི་ཚིག་ཏུ་གནས་བརྟན་ནམ་ཚེ་དང་ལྡན་པ་ཞེས་བྱར་མི་རུང་བར་སྟོན་པའོ། །ལས་སར་པ་པས་ལྟུགས་འདྲུལ་དུ་
འགྱུར་བའི་གནས་སུ་གཙུག་ལག་ཁང་བརྩིགས་ཞེས་པ་དང་། སྐྱེད་ཤིང་རྫིང་དང་འཆག་སར་ལྡན་ཞེས་པ་དང་ཉེ་སྤྱོད་ཀྱང་ཞེས་པ་ནི་གཙུག་ལག་ཁང་བརྩིག་པའི་གནས་མིང་གིས་སྨོས་པའི་གནས་འདི་དག་ལྟར་གྱིས་ཤིག་པའོ། །འདུ་འཛི་མེད་པ་འུར་སྒྲ་ཆུང་བའོ། །ཚ་ཚོ་མེད་པ་དབྱངས་མེད་པར་
ཞེས་པ་ནི་འདི་ལྟ་བུར་སྐྱོན་མེད་པར་གཙུག་ལག་ཁང་གྱིས་ཤིག་པའོ། །སྦྱིན་བདག་གིས་གཙུག་ལག་ཁང་བྱ་བའི་ཕྱིར་ཟོང་གཏད་ལ་ལུང་ཡོད་ན་དེའི་ཚེ་སྤྱད་བྱ་ཞེས་པ་དང་འདི་དག་གཞག་པའི་ཁང་པ་ཡང་དབོག་ཅེས་པ་ནི་གཙུག་ལག་ཁང་རྩིག་པའི་ཟོང་སྦྱིན་བདག་གིས་བྱིན་ལ་ཅི་ལེགས་
པར་གྱིས་ཤིག་པའི་ལུང་བྱིན་ན། སྟ་འཇོར་ཡན་ཆད་དེའི་ཡོ་བྱད་ཀྱང་རྒྱུ་དེ་ལས་གྱིས་ཤིག་པ་དང་། དེ་དག་སྦ་བའི་ཁང་པའང་ཕོག་ཤིག་པའོ། །འབྲུ་མར་ལ་སོགས་པ་དེའི་ཡོ་བྱེད་ཀྱང་རན་པར་ཉོ་ཞེས་པ་ནི་ཤིང་རྟའི་མིག་བསྐུ་བ་ལ་སོགས་པའི་འབྲུ་མར་ཡང་ཉོས་ཤིག་པའོ། །ལས་སར་པའི་ཟན་ནི་ཟླ་
རོགས་ཀྱི་ཐང་བཞིན་དུའོ་ཞེས་པ་དང་། གནས་དེ་ན་གཙུག་ལག་ཁང་མེད་ན་གཙུག་ལག་ཁང་ཉེན་འཁོར་གྱིའོ་ཞེས་པ་དང་། སྣུམ་གྱི་རྙེད་པ་བླང་ཞེས་པ་ནི་ལས་སར་པའི་ཟན་ཐང་གཙུག་ལག་ཁང་ན་འཁོད་པ་གཞན་གྱི་ཐང་ལས་ལྷག་པར་མ་ཟ་ཤིག་པའོ། །དེ་ན་གཙུག་ལག་ཁང་མེད་ན་ཉེ་འཁོར་གྱི་གཙུག་ལག་
เล่ม ๑๖๔ · หน้า 255a
ཁང་ན་དགེ་སློང་འཁོད་པ་རྣམས་ཀྱི་ཐང་དུ་ཟོས་ཤིག་པ་དང་། ཐང་ལས་ལྷག་ན་ནི་དེ་བཞིན་དུའང་ལོང་ཤིག་པའོ། །གཙུག་ལག་ཁང་ནི་རིམ་པ་ལྔ་མན་ཆད་དོ་ཞེས་པ་དང་། དགེ་སློང་མའི་གཙུག་ལག་ཁང་ནི་རིམ་གསུམ་མོ་ཞེས་པ་དང་། དྲི་གཙང་ཁང་དང་སྒོ་ཁང་ནི་རིམ་གཉིས་ཀྱིས་གླག་ཅེས་པ་ནི་
སོས་མོས་ཀྱིས་གཙུག་ལག་ཁང་གི་རིམ་པ་གོང་དུ་བསྟན་པ་ལས་དྲི་གཙང་ཁང་དང་སྒོ་ཁང་ནི་རིམ་པ་གཉིས་གཉིས་ཀྱིས་གློག་ཤིག་པའོ། །དེ་དག་སྤྱི་ལྕི་ཞེས་མི་མཐུན་ན་རིམ་གཅིག་དབྲི་བ་ནི་ཉེས་མེད་ཅེས་པ་ནི་རྩེག་མང་སྟེ། འོག་མས་མི་མཐུན་ན་རིམ་འགའ་ཕྲི་ཡང་བླ་བའོ། །བརྩམས་ནས་ཆེ་ཆུང་དུ་བྱ་
བའི་ཕྱིར་བཅོས་པ་ཡང་ཞེས་པ་དང་། མཆོད་རྟེན་དང་སྐུ་གཟུགས་ནི་བསྐྱེད་པའི་ཕྱིར་ནའོ་ཞེས་པ་དང་། རྙིངས་པའི་ཕྱིར་ནི་ཟིན་པ་མཉམ་པར་ན་ཡང་ཞེས་པ་དང་། ཕྱོགས་བཅོས་བར་ཞེས་པ་ནི་དང་པོ་རྩོམ་པའི་ཚེ་ཆེ་ཆུང་བཅོས་པའི་ཕྱིར་སྔ་མ་གཞིག་པ་དང་། སྐུ་གཟུགས་དང་མཆོད་རྟེན་བསྐྱེད་
པའི་ཕྱིར་སྔ་མ་གཞིག་པ་དང་། རྙིངས་ན་ཟིན་པ་ཡང་སྔ་མ་དང་འདྲ་བ་ཙམ་དུ་བྱ་བའི་ཕྱིར་གཞིག་པ་དང་། ཕྱོགས་འགའི་རལ་ཚེམས་བྱ་བ་ནི་མི་རུང་བ་མེད་པའོ། །གདུགས་ལ་སོགས་པ་དབོག་པ་ཡང་ཞེས་པ་དང་། བརྗེ་བའི་ཕྱིར་ནའོ་ཞེས་པ་དང་། གཅིག་མ་ཟིན་པར་མི་དབོག་ཅེས་པ་ནི་གདུགས་ལ་
སོགས་པ་བརྗེ་བའི་ཕྱིར་དབོག་པ་ནི་ཉེས་མེད་པ་དང་། རྗེས་མ་མ་ཟིན་གྱི་བར་དུ་སྔ་མ་མ་དབོག་ཤིག་པའོ། །སྐྱེས་རབས་ལ་སོགས་པའི་རིམ་པ་དང་སངས་རྒྱས་ཀྱི་ཚིག་འདྲི་བ་ཡང་ཞེས་པ་དང་། བཤིག་པ་ཡང་སྔ་མ་དེ་དག་ཉིད་བཞིན་དུ་བྱེད་ན་ཡང་ངོ་ཞེས་པ་ནི་སྐྱེས་པའི་རབས་ཀྱི་རི་མོ་དང་དྷརྨའི་གླེགས་
བམ་གྱིས་ཀྱང་དེ་དག་ཉིད་བྲི་བའི་ཕྱིར་སྔ་མ་བཤིག་ཅིང་བཅོས་པ་ནི་བླ་བའོ། །བརྩམས་པའི་འཕྲོ་གཞན་གྱིས་བྱས་ན་ཡང་ཞེས་པ་ནི་སྔ་མ་གཅིག་གིས་བརྩམས་ཏེ་མ་ཟིན་པའི་འཕྲོ་གཞན་གྱིས་བྱས་ཀྱང་བླའོ། །གང་ཡིན་པའི་དགེ་འདུན་གྱི་ཕྱིར་ན་ཕྱེད་ཙམ་སློང་ན་གཏང་བར་བྱ་ཞེས་པ་དང་། བསྟན་པའི་
ཚེ་དགུན་གྱི་དུས་ཤིག་ན་ནི་ཕྱི་དྲོ་དཔྱིད་ཀྱི་དུས་ཤིག་ན་སྔ་དྲོ་ཞེས་པ་དང་། ཟས་ཀྱི་བྱ་བའི་དུས་འཐེབ་ཀྱང་ངོ་ཞེས་པ་དང་། དེ་ནས་སྟ་གོན་མ་བྱས་པར་བསོད་སྙོམས་ལ་འཇུག་ཅེས་པ་དང་། དེ་ནི་རྐང་ལག་ཡན་ཆད་དོ་ཞེས་པ་དང་། སྡོང་བ་བྱེད་པས་སྔ་དྲོ་ན་གཡར་སུ་ཤོམ་དུ་གཞུག་ཕྱི་དྲོ་ནི་སྐོམ་དང་རྐང་ལག་གི་
เล่ม ๑๖๔ · หน้า 255b
སྐུད་དོ་ཞེས་པ་ནི་དགེ་འདུན་དག་གི་ཕྱིར་གཙུག་ལག་ཁང་བརྩིགས་ན་ཕྱེད་ཙམ་ཟིན་ནས་ཐབས་འདི་ལྟར་བཏང་བ་དང་། ལས་སར་པ་པས་ཡོན་བདག་ལ་སྦྲན་ཅིང་སྙེ་མདོང་འདི་ལྟར་གྱིས་ཤིག་པའོ། །གནས་ཁང་གི་སྒོ་གདོད་ཅེས་པ་དང་། སྒོ་འཕར་འཇུག་ཞེས་པ་དང་། ལག་གཟུངས་དང་། ཀར་གྱུར་བྱ་ཞེས་པ་
དང་། སྐར་ཁུང་གདོད་ཅེས་པ་དང་། དབུས་སུའོ་ཞེས་པ་དང་། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོ་ལྟ་བུར་རོ་ཞེས་པ་དང་། ཤར་བུ་བྱ་ཞེས་པ་དང་། སྒོ་འཕར་དང་གཟེར་གཏན་དང་རྐེད་གཏན་དང་རྐང་གི་དབྱིག་པ་རྣམས་བཅང་ཞེས་པ་དབུག་ཅིང་བཏབ་ཅེས་པ་དང་། གནས་ཁང་གི་སྒོར་ཁྱམས་བྱ་ཞེས་པ་དང་།
སོ་ཕག་གི་གཅལ་རིམ་པ་བདུན་ནམ་བརྒྱད་གཏམས་ཞེས་པ་དང་། དེའི་སྟེང་དུ་ཤིང་བཟངས་བྲེ་ཞེས་པ་དང་། དེའི་སྟེང་དུ་ཀ་བ་བསྒྲེང་ཞེས་པ་དང་། དེའི་སྟེང་དུ་ཀ་ཞུའོ་ཞེས་པ་དང་། དེའི་སྟེང་དུ་གདུང་བྲེ་ཞེས་པ་དང་། དེའི་སྟེང་དུ་ཕྱམ་དགོད་ཅེས་པ་དང་། དེའི་སྟེང་དུ་ཤིང་ལེབ་ཅེས་པ་དང་། དེའི་སྟེང་དུ་
སོ་ཕག་གི་གཅལ་ཞེས་པ་དང་། དེའི་སྟེང་དུ་སོ་ཕག་གི་ཕྱེ་མ་ཞེས་པ་དང་། མི་ལྷུང་བའི་ཕྱིར་མུ་ཀོར་བྱ་ཞེས་པ་དང་། མི་ལྡེག་པར་བརྟེན་མ་གཞུག་ཞེས་པ་དང་། ལྕགས་གཟེར་གདབ་ཅེས་པ་དང་། འཛེག་པའི་ཕྱིར་ཐེམ་སྐས་བྱ་ཞེས་པ་དང་། ཐ་མ་ནི་དེའི་འོ་ཞེས་པ་དང་། བར་མ་ནི་སའིའོ་ཞེས་པ་དང་།
སྟེང་མ་ནི་ཤིང་གིའོ་ཞེས་པ་དང་། སྐས་འཇོག་པར་བྱ་ཞེས་པ་དང་། ཤིང་ངམ་སྨྱིག་གམ་ཐག་པའི་ཡང་ཞེས་པ་དང་། རྫབ་ཏུ་མི་འགྱུར་བར་མཐངས་ས་དང་། སྒོ་ཁང་དུ་སོ་ཕག་གདིང་ཞེས་པ་དང་། དེའི་སྟེང་དུ་ཕྱེ་མ་ཞེས་པ་དང་། དེའི་སྟེང་དུ་རྡོ་ཐལ་གྱི་ཕྱེ་མ་ཞེས་པ་དང་། མེད་ན་ཤིང་ལེབ་ཀྱི་རྐང་
སྟེགས་ཞེས་པ་དང་། འོད་དོར་དང་སོ་ཕག་གིས་སོ་ཞེས་པ་དང་། མཆོད་རྟེན་ལ་ཡང་དེ་བཞིན་ཞེས་པ་དང་། འདོམ་གང་ཚད་དུ་བྱས་པ་ནི་འདི་བྱས་པའོ་ཞེས་པ་ནི་གཙུག་ལག་གི་གནས་ཁང་མིང་གིས་སྨོས་པའི་རྣམ་པ་འདི་དག་ལྟར་གྱིས་ཤིག་པའོ། །སེང་གེའི་སྟན་གྲུ་བཞིར་བྱ་བ་དང་། རྐང་པའང་སེང་གེའི་
ཐོད་པར་རོ་ཞེས་པ་དང་། དཔེ་བའི་ལག་གཟུངས་གྲྭ་བཞིར་ལྕགས་ཀྱི་ཡང་མིག་གདགས་ཞེས་པ་དང་། ལེབ་མས་བཏགས་ཞེས་པ་དང་། འདིར་གློད་ཅན་གདིང་ཞེས་པ་དང་། སྟེང་དུ་བླ་རེ་ཞེས་པ་དང་། འཕན་ཡང་ཞེས་པ་དང་། གཏིང་ཟུག་པ་ཞིག་ན་ནི་སོ་ཕག་གི་ཐེམ་སྐས་བྱ་ཞེས་པ་དང་། སྤྲོ་བ་ཞིག་
เล่ม ๑๖๔ · หน้า 256a
ན་ནི་ཤིང་གིའོ་ཞེས་པ་དང་། མ་གྲུབ་ན་སྐས་སོ་ཞེས་པ་དང་། རྐང་རྟེན་ཡང་ཞེས་པ་དང་། མཆོད་ཞེས་པ་དང་། སྟེང་དུ་ལོ་མ་གདིང་ཞེས་པ་དང་། རྩ་བ་མང་ཡང་ཞེས་པ་དང་། འདི་ནི་རྐང་པ་མི་སྦྱར་བའི་ཕྱིར་རོ་ཞེས་པ་དང་། མ་གྲུབ་ན་རྡོའི་ཡང་ངོ་ཞེས་པ་ནི་སེང་གེའི་སྟན་འདི་ལྟ་བུར་བྱ་ཞིང་རྐང་རྟེན་
གུར་ཀུམ་ལ་སོགས་པས་བསྐུས་ཤིང་མཆོད་པའི་སྟེང་དུ་ལོ་མ་ལ་སོགས་པ་གཅལ་དགྲམ་ཞིང་རྐང་པ་ཞོག་ཤིག་པའོ། །བྱ་རོག་དང་བྱིའུ་དང་ཕུག་རོན་ལ་སོགས་པས་ཟན་ཟ་བའི་ཚེ་མི་གཙེ་བར་བྱ་བའི་ཕྱིར་རྒྱུས་གདབ་ཅེས་པ་དང་། འདི་ནི་རྣམ་པ་བཞི་སྟེ་བལ་བ་ཛའི་རང་མོན་ཛའི་དང་། ཤ་ནའི་དང་།
ཤིང་བལ་གྱི་རྣམས་སོ་ཞེས་པ་དང་གྲྭ་བཞིར་ཟུང་ང་བྱ་ཞེས་པ་དང་། དེ་ལ་གདགས་ཞེས་པ་དང་། ཤིང་གི་ནི་འགས་ཤིང་འཇིག་པས་ན་ལྕགས་ཀྱིའོ་ཞེས་པ་དང་། ཕྱོགས་གཅིག་ཏུ་མཐོངས་གདོད་ཞེས་པ་དང་། ཟོས་ཟིན་ནས་འཇུག་པའི་ཕྱིར་རོ་ཞེས་པ་དང་། དྲོ་ཀར་འདི་བཅད་ཅེས་པ་ནི་བྱེའུ་ལ་སོགས་
པ་མི་ཐར་བར་གཙུག་ལག་ཁང་གི་མཐོངས་སུ་མཐོངས་རྒྱས་གདབ་པའི་དཔྱད་དང་ཆོ་ག་འདི་ལྟར་གྱིས་ཤིག་པའོ། །རྫི་ཆར་(ཀྱི་‚གྱི་)གཟན་མཐོངས་སུ་ལེབ་མ་གཞན་ཅེས་པ་དང་། ཀ་བའི་བར་དུའོ་ཞེས་པ་དང་། གསལ་བའི་མཐོངས་གདོད་ཅེས་པ་དང་། མེད་ན་ཐགས་སམ་རེ་ལྡེ་ཡང་ཞེས་པ་དང་། དབྱར་
གྱི་ཟླ་བ་ནི་ལོན་ནས་དབོག་ཅེས་པ་ནི་མཐོངས་སུ་ཆར་ཁེབས་འདི་ལྟར་གྱིས་ཤིག་པའོ། །བསིལ་ཁང་བྱ་ཞེས་པ་དང་། བསིལ་བར་བྱ་བའི་ཕྱིར་ཕྱི་རོལ་རྩིག་པ་བྱ་ཞེས་པ་དང་། ཀ་བ་སྦྲེང་ཞེས་པ་དང་། སྐར་ཁུང་གདོད་ཅེས་པ་དང་། སྟན་གྱི་སོ་དའི་ཐ་མར་ཁ་ད་ཆད་དུ་འབབ་པར་བྱ་ཞེས་པ་དང་། ཤར་
བུ་དང་སྒོ་འཕར་གཞག་ཅེས་པ་ནི་བསིལ་ཁང་འདི་ལྟ་བུར་གྱིས་ཤིག་པའོ། །བཀད་ས་དང་མེ་ཁང་དང་འདུན་ཁང་དང་འཆག་སའི་ཁང་བ་བྱ་ཞེས་པ་དང་། རྩིག་ངོས་ལ་བཅར་བའི་ཁང་བྲན་དང་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ཀྱི་ཁང་པ་གྱིས་ཤིག་པ་དང་། གཙུག་ལག་ཁང་ངམ་ཕྱི་རའི་ངོས་ལ་བཅར་
བའི་ཁང་བྲན་ཡང་གྱིས་ཤིག་པའོ། །ས་གང་ཡང་རུང་ཞེས་པ་དང་། ཡང་ཐོག་ཀྱང་ཞེས་པ་དང་འདིར་ཡང་ཁྱམས་གཞན་དུ་མུ་སྐོར་བྱ་ཞེས་པ་ནི་ས་ཁང་བྱས་ཀྱང་བླ་བ་དང་། གཙུག་ལག་ཁང་གི་གྲུ་བཞི་ཡང་ཐོག་ཁྱམས་བཞིན་དུ་མུ་སྐོར་བྱ་ཞིང་མི་ལྡེག་པར་ལྕགས་གཟེར་གྱིས་གདབ་པ་ལ་སོགས་
เล่ม ๑๖๔ · หน้า 256b
པ་གྱིས་ཤིག་པའོ། །རབ་ཏུ་བྱུང་བ་ཀུན་དགའི་ཕྱི་རས་བསྐོར་བ་དང་ཞེས་པ་དང་། རྩིག་པ་ལ་སྟོར་ཁུང་གདོད་ཅེས་པ་དང་། ཤིང་ཐགས་དང་འོབས་ཀྱང་ངོ་ཞེས་པ་ནི་རབ་ཏུ་བྱུང་བའི་གཙུག་ལག་ཁང་ལ་ཕྱི་རས་བསྐོར་བ་དང་། འོབས་དང་ཤིང་ཐགས་ཀྱིས་ཀྱང་སྐོར་ཅིག་པའོ། །གང་ཟག་གི་གཙུག་ལག་ཁང་འཁོར་དང་
བཅས་པ་ཡང་ཞེས་པ་ནི་གང་ཟག་གི་གཙུག་ལག་ཁང་ཕྱིར་དང་ཚང་མང་ལ་སོགས་པའི་འཁོར་དང་ལྡན་པ་བྱས་ཀྱང་བླ་བའོ། །མཐའ་དག་སྔོན་པོ་ལ་སོགས་པའི་མཚན་མ་མངོན་དུ་བསྒོམ་པར་གནས་ཁང་རྩིག་ངོས་ལ་སྔོན་པོ་ལ་སོགས་པ་རྣམ་པ་བཞི་བྱ་ཞེས་པ་ནི་མཐའ་དག་ས་སྔོན་པོར་བསྒོམ་པ་ལ་སོགས་པའི་མིག་རྟེན་
གནས་ཁང་གི་ངོས་བཞིར་གྱིས་ཤིག་པའོ། །རབ་ཏུ་བྱུང་བའི་ཀུན་དགར་རི་མོ་བྲིར་རུང་ཞེས་པ་ནི་རབ་ཏུ་བྱུང་བའི་གནས་སུ་རི་མོ་བྲིས་ཀྱང་བླ་བའི་ཕྱིར་འོག་ནས་འབྱུང་བ་འདི་དག་ལྟར་གྱིས་ཤིག་པའོ། །རི་མོར་བྲི་བ་དེ་དག་གང་ཞེ་ན་སྒོར་ལག་ན་རྡོ་རྗེ་ལ་སོགས་པའི་གནོད་སྦྱིན་བྲི་ཞེས་པ་དང་། སྒོ་ཁང་དུ་འཁོར་བའི་
འཁོར་ལོ་ཞེས་པ་དང་། རྒྱུད་ལྔ་པར་བྱ་ཞེས་པ་དང་། སྟེང་དུ་ལྷ་དང་མི་ཞེས་པ་དང་། རྫུས་ཏེ་སྐྱེས་པའི་སེམས་ཅན་དག་འཁོར་ལོའི་ཟོ་བ་བཞིན་དུ་སྐྱེ་བ་དང་། འཆི་བ་ཡང་ཞེས་པ་དང་། དབུས་སུ་འདོད་ཆགས་ཞེ་སྡང་གི་དབྱིབས་ཕུག་རོན་སྦྲུལ་ཕག་ལྟ་བུར་བྱ་ཞེས་པ་དང་། སྔ་མ་གཉིས་གཏི་མུག་གིས་ཟ་བར་ཞེས་
པ་དང་། རྟེན་འབྲེལ་གྱི་ཡན་ལག་བཅུ་གཉིས་ཀྱི་ཁོར་ཡུག་ཏུ་ཞེས་པ་དང་། ཐམས་ཅད་མི་རྟག་པར་ཟོས་པར་ཞེས་པ་དང་། སྟེང་དུ་སངས་རྒྱས་མྱ་ངན་ལས་འདའ་བའི་དཀྱིལ་འཁོར་དཀར་པོར་སྟོན་པར་ཞེས་པ་དང་། ཐོག་ཏུ་བརྩམ་པར་བྱ་ཞེས་པ་ལ་སོགས་པའི་ཚིགས་བཅད་གཉིས་ཞེས་པ་དང་།
འདི་སྟོན་པ་གཞག་ཅེས་པ་དང་། འདིའི་ཐན་ཀོར་དུ་ཆོ་འཕྲུལ་ཆེན་པོ་དང་བདུད་འཇོམས་པ་ཞེས་པ་དང་། ཁྱམས་སུ་སྐྱེས་པའི་རབས་ཞེས་པ་དང་། དྲི་གཙང་ཁང་གི་སྒོར་གནོད་སྦྱིན་ཕྲེང་བ་ཐོགས་པ་ཞེས་པ་དང་། འདུན་རྩར་གནས་བརྟན་འགྲེང་བ་ཞེས་པ་དང་། མཛོད་ཀྱི་སྒོར་ལག་ན་མི་གུ་ཐོགས་པའི་གནོད་
སྦྱིན་ཞེས་པ་དང་། བཀད་སར་ལག་ན་བཅའ་བ་ཐོགས་པའི་གནོད་སྦྱིན་ཞེས་པ་དང་། བསྲོ་ཁང་དུ་མི་གུ་དང་བུམ་བུ་ལག་ན་ཐོགས་པ་ཞེས་པ་དང་། གྲུལ་བུམ་མེ་འབུད་པ་ཞེས་པ་དང་། མི་གང་གྲུལ་བུམ་གྱིས་བྱིས་པ་སྒྲོན་མ་ལ་སོགས་པ་ཐོགས་པ་དང་། མེ་འབུད་པ་ཞེས་པ་དང་། སྦྱིན་བདག་མར་མེ་ཐོགས་པ་
เล่ม ๑๖๔ · หน้า 257a
དག་ལྷའི་སྒྲོན་མ་ཡང་ཞེས་པ་དང་། གྲུང་ཚང་དུ་ཀླུ་དང་ཀླུའི་བུ་མོ་རྒྱན་སྣ་ཚོགས་ཀྱིས་ཀླུབས་ཏེ་ལག་ན་བུམ་པ་ཐོགས་ཤིང་ཆུ་འབྲིམ་པར་རོ་ཞེས་པ་དང་། ནད་བྲང་དུ་དེ་བཞིན་གཤེགས་པ་ནད་གཡོག་མཛད་པར་ཤེས་པ་དང་། བཤང་གི་ས་རུ་དུར་ཁྲོད་དང་མགོ་ཐོད་ཅེས་པ་རྣམས་ཡིན་ཏེ་སྒོ་ཁང་
ལ་སོགས་པའི་གནས་སོ་སོར་རི་མོ་ཡང་མིང་གིས་སྨོས་པ་འདི་བཞིན་དུ་བྲིས་ཤིག་པའོ། །དེ་ལ་བརྩམ་པར་ཞེས་པ་ལ་སོགས་པའི་ཚིགས་བཅད་གཉིས་ཞེས་པ་ནི། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་རྣམས་
གཞོམ་པར་བྱ། །གང་གིས་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་ཕྱིན་པར་འགྱུར། །ཞེས་པ་ཡིན་ནོ། །མཛོད་ཀྱི་སྒོར་ལག་ནི་མི་གུ་ཐོགས་ཞེས་པ་ནི་རིན་པོ་ཆེའི་མི་གུའོ། །ལྷའི་སྒྲོན་མ་ཞེས་པ་ནི་སྐྱེ་བ་ལྷའི་སྒྲོན་མ་དང་། རྒ་བ་ལྷའི་སྒྲོན་མ་
དང་། ན་བ་ལྷའི་སྒྲོན་མ་དང་། འཆི་བ་ལྷའི་སྒྲོན་མ་དང་། རྐུན་པོ་ཆད་བས་བཅད་པ་ལྷའི་སྒྲོན་མ་སྟེ། འདི་རྣམས་ལྷའི་སྒྲོན་མ་ཡིན་པར་བསྟན་པའོ། །གཞན་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །གཙུག་ལག་ཁང་བླ་གབ་མེད་པ་མ་ཡིན་པར་མེ་དུ་བ་ཅན་མི་བུད་མི་བསྲེལ་ཞེས་པ་ནི་གཙུག་ལག་ཁང་བླ་གབ་ཅན་དུ་དུ་བ་ཅན་གྱི་མེ་
བདག་གིས་ཀྱང་མི་བུད། གཞན་གྱིས་བུས་པའི་རྗེས་སུ་ཡང་མ་འདུག་ཤིག་པའོ། །བསྟར་བ་ལ་ཐམས་ཅད་མ་ཡིན་ཞེས་པ་ནི་གཙུག་ལག་ཁང་གི་གཞི་བསྟར་བསྟར་བའི་སྟེང་ནི་དུ་བ་ཡོད་པ་དང་མེད་པ་གང་གི་མེ་ཡང་མ་འཇོག་ཤིག་པའོ། །དེའི་ཕྱིར་ཞུགས་ལིང་བཅང་ཞེས་པ་དང་བརྟུལ་བའི་ཕྱིར་ལྕགས་ཀྱི་ཐལ་ཕྱགས་
ཡུ་བ་ཅན་བཅང་ཞེས་པ་དང་། སྤྱ་གུ་དང་ཤིང་གིས་ཀྱང་དེའི་དོན་གྲུབ་བོ་ཞེས་པ་ནི་ཞུགས་ལིང་དང་ཐལ་ཕྱགས་དང་མེ་བསྡུ་བའི་སྤྱ་གུ་ཤིང་གི་ཐལ་ཕྱགས་བྱས་ཀྱང་བླ་བའོ། །ཁང་སྐྱོང་གིས་གཙུག་ལག་ཁང་གི་ཕྱག་དར་ཉིན་རེ་ཞིང་ཞེས་པ་དང་། མི་ནུས་ན་བཀོ་བའི་ཕྱོགས་རྣམས་སོ་ཞེས་པ་དང་། ལྷག་མ་ནི་བཅུ་བཞི་འམ་
བཅོ་ལྔ་ལ་གཎྜཱི་དེས་དགེ་འདུན་ཐམས་ཅད་བསྡུས་ཏེ་ཆོས་ཀྱི་གཏམ་མམ་འཕགས་པའི་མི་སྨྲ་བས་སོ་ཞེས་པ་དང་། ཆོས་ཀྱི་ཡོ་ལང་གི་ཚེ་ལྕི་གསར་གྱིས་བསྐུ་ཞེས་པ་དང་། མཇུག་ཏུ་ཁྲུས་པ་ཞེས་པ་དང་། ཡང་ན་ཡང་རྐང་ལག་བཀྲུ་ཞེས་པ་དང་། ཡན་ལག་ཆུས་བརླན་ཏེ་ཕྱི་ཞེས་པ་དང་། སྣུམ་གྱི་རྙེད་པ་བྱ་ཞེས་
เล่ม ๑๖๔ · หน้า 257b
པ་ནི་གཙུག་ལག་ཁང་གི་ཕྱག་དར་ཐབས་འདི་ལྟར་གྱིས་ཤིག་པའོ། །དཀོན་མཆོག་གི་ཕྱིར་ཉུག་ཅིང་སྐུད་པ་དང་དྲི་གཙང་ཁང་དང་སྐུ་གཟུགས་དང་། མཆོད་རྟེན་དང་སྲོག་ཤིང་རྣམས་ཀྱི་གྲིབ་མ་ལ་ཞལ་ནས་གསུངས་པའི་ཚིགས་བཅད་བཀླག་ཅིང་རྒལ་ཞེས་པ་ནི་དྲི་གཙང་ཁང་གི་བྱི་བདར་བྱེད་པ་དང་། མཆོད་རྟེན་ལ་སོགས་
པའི་གྲིབ་མ་ལ་འགོམ་པའི་ཚེ་ཐབས་འདི་ལྟར་གྱིས་ཤིག་པའོ། །དེའི་ཚེ་མལ་སྟན་བསྟར་ཞིང་བཅོས་པ་ཡང་ཞེས་པ་ནི་ཚེས་བརྒྱད་དམ་བཅུ་བཞིའི་ཚེ་དགེ་འདུན་གྱི་མལ་སྟན་བསྟར་ཞིང་བཅོས་པ་ཡང་དགེ་འདུན་སྤྱིས་ལག་རབ་ཏུ་གྱིས་ཤིག་པའོ། །དེ་དག་སུས་བྱ་ཞེ་ན། གནས་པས་སོ་ཞེས་པ་ཡིན་ཏེ། མཁན་པོའམ་
སློབ་དཔོན་གྱི་མལ་སྟན་བཅོས་ཤིང་བསྟར་བའི་ལས་གནས་པས་གྱིས་ཤིག་པའོ། །གནས་ཀྱི་དངོས་པོ་གདབ་ཅིང་ཕྱག་བྱ་བ་དང་། ལྕི་བ་སར་པས་བྱུག་པ་རྣམས་བྱ་ཞེས་པ་དང་། མལ་སྟན་གྱི་དྲི་མ་སྤྲུག་ཅེས་པ་དང་། ཞེན་ཚབས་ཆེ་ན་བཀྲུ་ཞེས་པ་དང་། སྔར་བཏབ་ལ་ཕྱག་ཅེས་པ་དང་། དེ་ནས་གདིང་ཞེས་པ་དང་། གཞི་
རྡུལ་ཡོད་པ་མ་སྤྲུགས་པར་མ་ཡིན་ཞེས་པ་དང་། གདིང་བ་ལས་གོས་གཅིག་གིས་གདབ་པར་བྱ་ཞེས་པ་དང་། ནད་པ་ལས་སོ་ཞེས་པ་དང་། འདི་བཅོས་ཞེས་པ་དང་། མི་རུང་ན་གཤེགས་པ་དབྱིག་གུའི་ཐོག་མར་བཏགས་ཏེ། བརྡབ་ཅེས་པ་དང་། དེ་ལྟར་ཡང་མི་རུང་ན་ལྕི་བའམ་ས་དང་བསྲེས་ལ་ཀ་བའི་གསེབ་བམ་
རྩིག་ངོས་བྱུག་ཅེས་པ་དང་། སྦྱིན་བདག་གིས་བསོད་ནམས་ཡུན་དུ་སྤེལ་བའི་ཕྱིར་རོ་ཞེས་བྱ་བ་ནི་མལ་སྟན་བྱི་བདར་གྱིས་རྟགས་དེ་ལྟར་གྱིས་ཤིག་པའོ། །སྒོ་ཁང་ངམ་ཁྱམས་སུ་མལ་མི་བཅའ་བཅས་ནའང་མི་གཞག་ཅེས་པ་དང་། ཁ་ཆར་གྱི་གཉེན་པོར་བརྒྱད་དང་བཅུ་བཞི་ལ་ཁྱམས་སུ་གདོན་ཞེས་པ་ནི་དགེ་
སློང་གི་རྫས་བརྐུས་པ་སྐད་དུ་ཁྱིམ་པ་ཟེར་བའི་གཉེན་པོ་འདི་ལྟར་གྱིས་ཤིག་པའོ། །ཁྲི་དང་ཁྲིའུ་བཅང་ཞེས་པ་དང་། བསྟར་བ་ལ་མི་གཟན་པར་རྐང་པའི་མ་ཐོག་ཁ་ད་ཆད་དུ་བྱ་བ་དང་ཕམ་མཚམས་ཀྱི་སྟེང་དུ་བླང་བའམ་ར་དས་དཀྲི་བར་རོ་ཞེས་པ་དང་ཁྲི་རྐང་པ་རི་མོ་ཅན་དགེ་འདུན་མ་ཡིན་པ་བདག་གིར་མི་བྱ་ཞེས་
པ་དང་། སྟན་བཟང་པོ་དང་རྒྱབ་རྟེན་ཅན་ཡང་མ་ཡིན་ཞེས་པ་དང་མར་མེའི་ཤིང་ཡང་མ་ཡིན་ཞེས་པ་དང་། ཡལ་ག་མང་པོ་ཞེས་ཀྱང་ཁ་ཅིག་ཅེས་པ་ནི་ཁྲིའི་རྐང་པ་ས་ལ་མི་གཟན་པར་བྱ་བ་དང་། ཁྲིའུ་ལ་སོགས་པ་འདི་དག་ལྟ་བུ་གང་ཟག་གི་སྒོར་མ་སྲེལ་ཅིག་པའོ། །གོར་བུ་དང་རློང་ཅན་དང་སྔས་རྣམས་བཅང་
เล่ม ๑๖๔ · หน้า 258a
ཞེས་པ་དང་། བཞི་དང་གཉིས་བལྟ་བ་སྟེ་བཙེམས་པའོ་ཞེས་པ་དང་། ཤིང་བལ་གྱིས་དག་པ་ཅེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ནི་གང་ཟག་གིས་ཀྱང་ཆོངས་ཤིག་པའོ། །དེ་ལ་བཞི་དང་གཉིས་བལྟབ་ཅེས་པ་ནི་སྲིད་དུ་ཁྲུ་བཞི་ཞེང་དུ་ཁྲུ་དོ་བལྟབ་པའི་སྔས་གྱིས་ཤིག་པའོ། །མ་བརྟགས་པར་ཉལ་
བར་མི་བྱ་ཞེས་པ་དང་། དྲན་པ་ཉེ་བར་མ་བཞག་པ་མ་ཡིན་ཞེས་པ་དང་། ཁྲི་གཅིག་གམ་གདིང་བའམ་ཞེས་པ་དང་གཞན་ལའང་ཟླ་དང་ལྷན་ཅིག་ཏུ་མ་ཡིན་ཞེས་པ་དང་། མེད་ན་ཁྲེལ་ཡོད་པ་དང་གདིང་བ་སོ་སོར་བྱ་སྟེ་རློད་ཅན་ལ་སོགས་པས་བར་བཅད་དྲན་པ་ཉེ་བར་གཞག་ལ་ཉལ་བར་བྱ་ཞེས་པ་དང་། ཁྲི་ལ་གསུམ་
ལས་ལྷག་པར་ཕལ་ཆེར་ལྷན་ཅིག་མི་བཀོད་ཅེས་པ་དང་། ཁྲི་རིང་པོ་ལས་གཉིས་ལས་མ་ཡིན་ཞེས་པ་དང་། ཁྲིའུ་ཆུང་ངུ་གཅིག་ལས་མ་ཡིན་ཞེས་པ་དང་། ལོ་གསུམ་གྱི་ཁྱད་ཞུག་པ་པ་དང་སྟན་ལ་ལྷན་ཅིག་ཏུ་མ་ཡིན་ཞེས་པ་དང་། ཁྱིམ་པའི་དེར་སྟན་མེད་ན་དྲན་པ་ཉེ་བར་གཞག་པ་མཁན་པོ་དང་ཡང་ལྷན་ཅིག་ཏུ་
འདུག་པར་བྱ་ཞེས་པ་དང་། ཁྱིམ་པ་དང་ནི་གར་ཡང་མ་ཡིན་ཞེས་པ་དང་། བསྙེན་པར་མ་རྫོགས་པ་དང་མ་ཡིན་ཞེས་པ་དང་། ཟ་མ་མ་ནིང་མ་གསོད་པ་ལ་སོགས་པ་མུ་སྟེགས་སུ་ཞུགས་པ་རྐུན་བུར་གནས་པ་ཐ་དད་དུ་གནས་པ་མི་གནས་པ་རྣམས་དང་མ་ཡིན་ཞེས་པ་དང་། བསླབ་པ་བྱིན་པ་དང་མ་ཡིན་ཞེས་པ་དང་། བསྙེན་
པར་རྫོགས་པའི་དགེ་འདུན་འདུས་པ་མ་གཏོགས་པ་གཞན་དུ་དྲེའུ་རྔོག་གི་སྟན་ལ་མ་ཡིན་ཞེས་པ་དང་། མུ་སྟེགས་སུ་ནི་མ་གཏོགས་ཞེས་པ་དང་། གནོད་པས་བྲེལ་བའི་ཚེ་ཉེས་མེད་ཅེས་པ་ནི་བྲེལ་བའི་རྐྱེན་མེད་པར་མིང་གིས་སྨོས་པ་འདི་དག་ལྟར་མ་བྱེད་ཅིག་པའོ། །སྦེད་པའི་ཚེ་གཉིས་ཡོད་ན་གཅིག་གིས་ཁྲིའམ་
ཁྲིའུ་བསྐུར་གཅིག་གིས་ནི་རློང་ཅན་ལ་སོགས་པའོ། །དགེ་འདུན་གྱིས་ལ་བག་མེད་པར་བཤལ་ཅིང་དྲུད་པར་མ་ཡིན་ཞེས་པ་དང་། ཅི་ནས་ཀྱང་དུ་བ་དང་དྲི་མ་དང་རྡུལ་གྱིས་ཕོག་པར་མི་བྱ་ཞེས་པ་དང་། འདི་མི་གཙང་བའི་སའམ་དེའི་ཉེ་འཁོར་དུ་མ་ཡིན་ཞེས་པ་དང་། ཆུད་གཟན་ཅིང་མི་དོར་ཞེས་པ་དང་། སྐམ་
སྲད་ཕུག་རྡོལ་བ་གླན་ཞེས་པ་དང་། རལ་ན་ཆུད་བུ་ཞེས་པ་དང་། དབུས་ཟད་ན་ཐ་མ་དབུས་སུ་བསྣོར་ཞེས་པ་དང་། འོས་ན་གཙོ་ཞེས་པ་དང་། བཅོས་སུའང་མི་རུང་ན་མར་མེའི་གསལ་བར་བྱས་ལ་དཀོན་མཆོག་གི་ཡོ་བྱད་དང་གང་ཟག་ཡོན་བདག་གིར་རོ་ཞེས་པ་དང་། དེར་ཡང་མི་རུང་ན་འདིའི་ཐབས་ནི་འཇི་བ་དང་
เล่ม ๑๖๔ · หน้า 258b
བསྲེས་ལ་དཀོན་མཆོག་གི་རྩིག་པ་དང་། ཀ་བ་དང་། སྒོ་འཕར་གྱི་གསེབ་ཏུ་བྱུག་པར་ཞེས་པ་དང་། མནོས་ཏེ་ཁྱེར་བས་སོ་ཞེས་པ་དང་། ལྷག་མ་ནི་གཎྜཱིས་བསྡུས་པའི་དགེ་འདུན་གྱིས་སོ་ཞེས་པ་ནི་མི་གཉིས་འགའ་འཁོད་ལ་མལ་སྦེད་ན་ལག་རབ་ཏུ་བསྐུར་བ་ལ་སོགས་པ་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །
དེ་ལ་མནོས་ཏེ་ཁྱེར་བས་སོ་ཞེས་པ་ནི་མལ་སྟན་སོ་སོར་ཁྱེར་བའི་རིམ་གྲོ་ནི་སོ་སོར་ནོས་པ་དེ་དག་ཉིད་ཀྱིས་གྱིས་ཤིག་པའོ། །ལྷག་མ་ནི་ཞེས་པ་ནི་མ་བགོས་པར་སྤྱི་ལ་འདུག་པ་རྣམས་ནི་དགེ་འདུན་སྤྱིས་བསྡུས་ལ་སྤྲུག་བརྡབ་དང་འཚེམ་འདྲུབ་གྱིས་ཤིག་པའོ། །དགེ་འདུན་གྱིས་བརྐུས་པར་མཐོང་བ་ནུས་ན་མི་
ཟློག་པར་མ་ཡིན་ཞེས་པ་དང་། གཏད་པའི་ཚེ་དགེ་འདུན་གྱི་ལག་ཡེལ་བར་མི་བྱ་གནས་སུ་མ་འཁོར་གྱི་བར་དུ་ཁྱེར་བས་སྤྱད་ཅེས་པ་དང་། དེ་ཉིད་ཀྱི་གནས་སུ་བསྐུར་དུ་མི་རུང་ན་དེ་གནས་གཞན་དུ་སྤྱད་པར་བྱ་ཞེས་པ་ནི་དགེ་འདུན་གྱི་དཀོར་རྐུན་པོས་ཁྱེར་བ་ཟློག་པའི་ངོ་བཟློག་བྱ་བ་དང་། གཏད་པའི་ཚེ་
དགེ་འདུན་གྱི་རྫས་ཡལ་བར་མི་དོར་བ་དང་། མ་བོར་བར་ཁྱེར་བ་སླར་མ་འཁོར་གྱི་བར་དུ་ཁྱེར་བ་ཉིད་སྤྱོད་དུ་དབང་བ་དང་། རྫས་དེ་ཉིད་ཀྱི་གནས་སུ་སླར་བསྐུར་རམ་བསྐུར་དུ་མ་བདེའམ་མ་ནུས་ན་གནས་གཞན་དུའང་ཁྱེར་ལ་སྤུ་མ་བསྒྱུར་བར་དེ་བཞིན་དུ་སྤྱོད་ཅིག་པ་རྣམས་སུ་སྟོན་པའོ། །གནས་གཞན་གྱི་
ཟས་དང་ཡོ་བྱད་གནས་གཞན་དུ་མི་སྤྱོད་ཅེས་པ་དང་། འདི་གཞན་དུའང་མི་སྤྱད་ཅེས་པ་དང་། ཁྱེར་ན་འབུལ་དུ་གཞུག་ཅེས་པ་དང་། མི་སྟེར་ན་སུས་སྦྱིན་པ་ལ་བདེ་ཞེས་པ་ནི་གཙུག་ལག་ཁང་གཅིག་གི་ཟས་དང་། ཡོ་བྱད་གཙུག་ལག་ཁང་གཞན་དུ་མི་སྤྱད་པ་དང་། གཞན་ལ་སྦྱིན་པར་ཡང་མི་བྱ་བ་དང་ཁྱེར་ན་
སླར་དགུག་པ་དང་། མི་སྟེར་ན་སུ་བདར་གཏོང་བ་དེ་ལ་དོས་ཤིག་པ་རྣམས་སོ། །དགེ་འདུན་གྱི་ཤས་ལ་དབང་བས་རྩི་ཞིང་མི་འཁོར་བ་ནི་སྤྱད་ཀྱང་བདག་གི་བཞིན་དེ་ཉེས་མེད་ཅེས་པ་བདག་ཉིད་ཀྱང་དགེ་འདུན་གྱི་དེའི་ནང་དུ་གཏོགས་ཤིང་ཤས་ལ་དབང་བ་ཞིག་ན་རྩི་ཤིང་ལྷག་མ་ཙམ་གྱི་ཚོད་སྤྱད་ཀྱང་བླ་
བའོ། །མ་བགོས་པར་སྤྱིའི་འཁོར་དུ་སྤྱོད་པ་གོ་རིམས་མེད་ཅེས་པ་དང་། སློང་བ་ལྷན་ཅིག་ན་ནི་དེ་ལྟའོ་ཞེས་པ་དང་། འདི་སྤྱོད་བཞིན་དུ་འཕྲོ་ལ་མི་འཕྲོག་ཅེས་པ་ནི་དགེ་འདུན་གྱི་ཟངས་ལ་སོགས་པའི་སྤྱི་འཁོར་དུ་སྤྱོད་པའི་རྫས་ལ་རྒན་རིམས་མེད་པ་དང་། མཉམ་པར་བརྙས་ན་གདོད་རྒན་རིམས་
เล่ม ๑๖๔ · หน้า 259a
ཡོད་པ་དང་། རྫས་དེས་སྤྱོད་བཞིན་པའི་འཕྲོ་ལ་ཁ་རྔམ་མ་བྱེད་ཅིག་པ་རྣམས་སོ། །རྐང་པ་བཀྲུ་བའི་ས་ནི་ཆུ་ཕོག་ན་དེའོ་ཞེས་པ་དང་། བཤང་སར་ཞུགས་ན་དེའོ་ཞེས་པ་ནི་རྐང་པ་བཀྲུ་བའི་གཞི་སྤྱི་མཐུན་དུ་འདུག་ལ་སྔ་མ་གཅིག་དེར་འོངས་ཏེ། རྐང་པ་ཆུས་ཕོག་པ་ཡན་ཆད་དེ་དབང་
བར་གྱུར་པ་དང་། སྣམ་ཕྱི་སར་ཞུགས་ཟིན་ན་དེ་དབང་བའོ། །ཅོག་པུར་འདུག་པ་མི་བསླང་ཞེས་པ་དང་། འདི་ལ་རྒན་རིམས་མེད་ཅེས་པ་དང་། ལས་དང་ཟས་ཀྱིས་སྨོས་པའི་དགེ་སློང་མ་ཡིན་ཅེས་པ་དང་། གྲལ་མི་བསྣོར་ཞེས་པ་ནི་བསམ་གཏན་ལ་ཞུགས་ཟིན་པ་མ་སློང་ཤིག་པ་དང་། དེ་ལྟར་བཀོད་པ་
ལ་རྒན་རིམས་མེད་པ་དང་། ལས་བྱེད་པ་དང་ཟས་ཟ་བཞིན་བའི་འཕྲོ་ལས་མ་སློང་ཤིག་པ་དང་། གྲལ་རིམས་བསྣོར་ཏེ་ཆལ་བར་འཁོད་པ་ལྟ་བུ་མ་བྱེད་ཅིག་པའོ། །སྤྱིའི་འཁོར་དུ་སྤྱོད་པས་སུ་འདོད་པས་སྤྱད་ཟིན་ན་མི་བཀྱིག་ཅེས་པ་ནི་སྤྱིའི་འཁོར་གྱི་རྫས་དེ་ཟིན་ནས་སུ་འདོད་པ་ལ་མ་བཀྱིག་པར་བྱིན་ཅིག་
པའོ། །བྱེད་པའི་འཕྲོ་ལ་སྐབས་སུ་སྟན་བཏང་ཡང་བྱ་བ་མ་བྱས་པའོ་ཞེས་པ་དང་། དེ་ལྟ་བུའི་ཚེ་གོས་སམ་པུས་འཁྱུད་གཞག་ཅེས་པ་ནི་ཚོན་ལ་སོགས་པའི་ལས་བྱེད་པའི་སྐབས་སུ་དོན་ཆེད་གཞན་གྱི་དབང་གིས་སྟན་དེ་ལ་མ་འདུག་པར་གུད་དུ་སོང་ཡང་དེས་ད་དུང་བྱ་བ་བྱས་ཟིན་པ་མ་ཡིན་པ་དང་། དེ་ལྟ་བུའི་ཚེ་
བདག་གིས་གོས་སམ་པུས་འཁྱུད་ལ་སོགས་པའི་མཚན་མ་དེར་འོར་ལ་གུད་དུ་སོང་ཤིག་པའོ། །འདོད་པའང་ཡོད་ལ་འབྱོར་ཡང་རུང་བཞིན་དུ་དགེ་འདུན་གྱིས་སྨྲས་པར་སྙད་འདོགས་ཤིང་མི་སྤྱད་ཅེས་པ་འདི་ལྟ་བུ་ལ་དགོས་ཀྱིན་ཕྱོགས་ཀྱང་བླ་ཞེས་པ་ནི་དགེ་འདུན་གྱི་རྫས་སྤྱི་འཁོར་དུ་སྤྱོད་པ་དེ་བཞིན་འདོད་པ་
ཡོད་ལ་གུད་དུ་བྱར་རུང་བཞིན་དུ་བདག་གི་ཚོན་ལ་སོགས་པ་ཡོད་ཅིང་མ་ཟིན་པ་སྐད་དུ་རྫས་སྣ་འགའ་ཡོད་པ་ལ་སྙད་འདོགས་ཤིང་བྱར་ཡོད་བཞིན་དུ་འཁྱིག་པར་མ་བྱེད་ཅིག་པ་དང་། དེ་ལྟར་སྙད་འདོགས་ཤིང་མི་སྟེར་ན་ཕྲོགས་ཀྱང་བླ་བའོ། །དགེ་འདུན་གྱིས་གཏུན་དང་གཏུན་བུ་བཅང་ཞེས་པ་དང་། འདྲེག་
མཁན་གྱིས་སྤྱད་ཀྱང་ཞེས་པ་དང་། སྣོད་དུ་བཅུག་ལ་རྩིག་ངོས་ལ་གཟར་ཞེས་པ་དང་། སྟེའུ་དང་སྟ་རེ་དང་གཟོང་བུ་ལ་སོགས་པ་དང་། དེའི་སྣོད་ཀྱང་ཞེས་པ་དང་། དགེ་སློང་བསྙེན་ན་འདི་དག་དང་ཁང་སྤྱད་ཡན་ཆད་སྦྱིན་ཞེས་པ་དང་། མིང་གིས་སྨོས་པའི་བཟོ་སྤྱད་འདི་རྣམས་དགེ་འདུན་གྱིས་ཆོངས་ཤིག་
เล่ม ๑๖๔ · หน้า 259b
པ་དང་། བསྙེན་ན་འདི་དག་ལ་སོགས་པ་ཁང་པའི་སྤྱད་ཡན་ཆད་ཀྱང་བྱིན་ཅིག་པའོ། །དགེ་སློང་མ་འཆིང་བུའི་སྣོད་མི་བཅང་ཞེས་པ་དང་། འབྲུ་མར་གྱི་སྣོད་ཐམས་ཅད་ཀྱིས་བཅང་ཞེས་པ་དང་། སྲང་བརྒྱད་ནི་མན་ཆད་བཞི་ནི་ཡན་ཆད་ཤོང་བའོ་ཞེས་པ་དང་། འདི་ལྕགས་ཀྱིས་དོལ་ཡང་ཞེས་པ་དང་། འདི་ལྕགས་
ཀྱིས་སྐྱེད་ཀྱང་ཞེས་པ་དང་། ཁམ་པའི་སྒྱེད་པོ་ཡ་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ཆོངས་ཤིག་པའོ། །སྡོམ་པ་ཐོབ་པ་ན་ཁར་བ་ཞེས་པ་དང་། ཁ་དོག་གཅིག་པ་ཡང་ཞེས་པ་དང་། འདི་དབོག་ཞེས་པ་དང་། རྒས་སམ་ནད་པ་ཞིག་ནའོ་ཞེས་པ་དང་། འདི་གཉིས་ཚིག་གཅིག་གིས་སྦྱིན་དུ་རུང་ཞེས་པ་ནི་ཁང་
བ་དང་འདྲ་བའི་སྡོམ་པ་ཐོབ་ན་རྒན་པོ་དང་ནད་པས་བཅང་དུ་རུང་བ་དང་འདི་དག་ལྟ་བུ་ལ་སྡོམ་པ་ཅིག་ཅར་དུའང་དབོག་དུ་རུང་བ་རྣམས་སུ་སྟོན་པའོ། །སྡིག་སྦུར་ལ་སོགས་པའི་གཉེན་པོར་ཁར་བ་སྒྲ་ཅན་བཅང་ཞེས་པ་དང་། ཁར་བའི་དུང་འགས་ན་དབུབས་སུ་གཞུག་ཅེས་པ་དང་ཐ་མ་ལྕམ་ཁྲིས་བྱ་ཞེས་པ་ནི་
ཁར་བ་སྒྲ་ཅན་འདི་ལྟར་བྱས་པ་ཆོངས་ཤིག་པའོ། །བཏགས་པའམ་མ་བཏགས་པའི་གདུགས་བཅང་ཞེས་པ་དང་། ཡུ་བ་རྐྱེན་དུ་བབ་པ་ཞེས་པ་དང་། འདི་དང་གྲོང་གི་དབུས་སུ་མི་འགྲོ་ཞེས་པ་དང་། ལམ་དུ་ནི་གློས་ཕབ་སྟེའོ་ཞེས་པ་དང་། ཆར་འབབ་ན་བསོད་སྙོམས་ལས་སྤྱད་ཅེས་པ་དང་ཡུ་བ་
བཙུགས་ན་ནི་མི་རུང་བ་མེད་ཅེས་པ་དང་། ཆར་ཆད་ན་ཁྱིམ་དུ་གདམས་ཞེས་པ་དང་། ལོག་ནས་བླང་ཞེས་པ་ནི་གདུགས་བཅང་བ་དང་སྤྱད་པའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །རོལ་མོ་མཁན་སྨད་འཚོང་ཆང་འཚོང་རྒྱལ་པོའི་ཁྱིམ་རིགས་ངན་གྱི་ཁྱིམ་རྣམས་སུ་མི་སྤྱད་ཅེས་པ་དང་། མི་གཙང་
བའི་ཕྱོགས་སུ་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པའི་གནས་འདི་རྣམས་སུ་མ་འགྲོ་མ་འདུག་ཤིག་པའོ། །རིན་པོ་ཆེར་གྱུར་པའི་གོས་དང་དགོན་པར་མི་གནས་ཞེས་པ་དང་། ལ་བ་ལ་ནི་མེ་རུ་ཀའི་ཕྱེ་མས་བཏབ་ན་སྲོག་ཆགས་མི་སྐྱེ་ཞེས་པ་དང་། ཤིང་ཀུན་ཡང་ངོ་ཞེས་པ་དང་། ནིའི་ན་འབའ་དང་འབའ་
ཤ་ཀའི་འདབ་མ་ཡང་དེའི་ངོས་གཅིག་ཏུ་ཕུར་ལ་དེ་ལ་ཕན་རབ་ཅེས་པ་དང་། དེའི་ཕྱིར་བསྒོམ་པ་ཡང་ཞེས་པ་ནི་ཡང་ལ་བ་རིན་པོ་ཆེ་དགོན་པ་བས་མ་སྤྱོད་ཅིག་པ་དང་། ལ་བ་དང་སྲིན་ལ་སོགས་པའི་སྲོག་ཆགས་མི་འཆགས་པའི་ཐབས་འདི་ལྟར་གྱིས་ཤིག་པའོ། །དགོན་པ་པས་ཕྱོགས་ལམ་ཚེས་
เล่ม ๑๖๔ · หน้า 260a
གྲངས་སྐར་མ་རྣམས་ལ་མཁས་པར་བྱ་ཞེས་པ་དང་། མེ་དང་ཆུ་རྟག་པར་བསྡོགས་ཞེས་པ་དང་། ཕྱེ་སྦྲང་རྩི་མར་དེ་རྣམས་ཅི་འབྱོར་པར་བཤམ་ཞེས་པ་དང་། འབྱོར་ན་ཟས་ཀྱི་ལྷག་མ་ཡང་ངོ་ཞེས་པ་ནི་དགོན་པ་པས་སྐར་མ་ལ་སོགས་པ་ལ་མཁས་པར་བྱ་བ་དང་། ཆོམ་རྐུན་འཚེ་
བའི་སྟ་གོན་འདི་ལྟར་གྱིས་ཤིག་པའོ། །དགེ་སློང་མ་དགོན་པར་མི་གནས་ཞེས་པ་དང་། དབྱར་མོ་ཐང་གྲོང་ཁྱེར་གྱི་དབུས་སུ་བྱ་ཞེས་པ་དང་། འདིའི་སྒོར་འདི་མི་འཁོད་ཅེས་པ་དང་། སྣང་ཡལ་ཅན་ནས་མ་ཡིན་ཞེས་པ་དང་། ལམ་གྱི་བཞི་མདོར་མ་ཡིན་ཞེས་པ་དང་། སྒྲེན་མོར་མ་ཡིན་ཞེས་པ་དང་། རྔུལ་
གཟན་ཙམ་ཡང་བགོ་ཞེས་པ་དང་། ཁྱིམ་པའི་དྲུང་དུ་ཕྲག་པ་མ་གཡོས་པ་མ་ཡིན་ཞེས་པ་དང་། འདི་སྐྱིལ་མོ་ཀྲུང་ནི་སྐྱིལ་མོ་ཀྲུང་གི་ཕྱེད་དུའོ་ཞེས་པ་དང་། ཟག་བྱེད་ཀྱི་སྒོར་སྲིན་བུ་མི་འཇུག་པར་གོས་ལ་སོགས་པས་ཀླུབས་ཞེས་པ་དང་། དགེ་སློང་གིས་དགེ་སློང་མ་གཙུག་ལག་ཁང་དུ་འོང་དུ་མི་སྟེར་བར་
མི་བྱ་ཞེས་པ་དང་། འདི་དག་དུལ་བ་ནི་མི་སྨྲ་བ་དང་། ལུང་མི་སྦྱིན་པ་དང་། གསོ་སྦྱིན་དང་ཚུལ་ནས་འབྱུང་བ་བཀྱིགས་པས་སོ་ཞེས་པ་དང་། དགེ་སློང་གིས་མ་གནང་བར་གཙུག་ལག་ཁང་དུ་མི་འཇུག་ཅེས་པ་དང་། ཞུ་བ་ལས་མཉན་ཏེ་ཁོན་མི་བྱེད་པ་ལྟ་ན་ཅི་ནས་ཀྱང་ཁོན་མེད་པ་ན་གནང་ངོ་ཞེས་སོ་ཞེས་པ་ནི་
དགེ་སློང་མས་བསླབ་པ་དང་། དགེ་སློང་མ་གདུལ་བའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །གནས་སུ་གཏོགས་པ་གོང་མ་ལྟར་བསྟན་ནས། དེ་དག་སྲུང་བ་ལ་སོགས་པའི་རིམ་གྲོ་བྱ་བ་སྟོན་པ་ནི་རྐེད་གཏན་གཟེར་གཏན་ཟུང་མིག་ཀྱོག་པོ་རྣམས་ཀྱིས་གཙུག་ལག་ཁང་བསྡོམ་ཞེས་པ་དང་། ནུབ་ཀར་ཁང་
སྐྱོང་གིས་གཙུག་ལག་ཁང་བྱུལ་ཞིང་བསྡོམ་ཞེས་པ་དང་། བག་ཚ་ན་མེལ་ཚེ་གཟུགས་ཞེས་པ་དང་། དེར་བསྐོས་པ་གཉིད་དང་མཉམ་པར་འཇོག་པ་བཏང་ཞེས་པ་དང་། གནས་བརྟན་གྱིས་ཁང་སྐྱོང་ལ་འདིར་རིམ་གྲོ་བྱ་བ་རྣམས་བྱས་སམ་ཞེས་སྨྲ་ཞེས་པ་དང་། གལ་ཏེ་གཙུག་ལག་ཁང་ནས་སྟོར་བ་བསྡོམ་
པར་བྱ་བ་རྣམས་ཀྱིས་མ་བསྡོམས་ན་སྐྱིན་ཁྲིན་ཁང་སྐྱོང་ལ་དབབ་ཅེས་པ་དང་། མ་ཚང་བ་དེ་ཉམས་པ་དེ་སྙེད་ཀྱི་ཁྲིན་ཏེ་ཞེས་པ་དང་། ལྡེ་མིག་དང་ལྡེ་མིག་ཀྱོག་པོ་བཅང་ཞེས་པ་དང་། བསྡོམས་པ་ཇི་སྙེད་པ་རྣམས་ཀྱི་སྒོ་མ་བསྡོམས་པར་མི་འགྲོ་ཞེས་པ་དང་། གནས་སྟོང་པར་ལྷགས་ན་འདིར་དགབ་པ་ལ་
เล่ม ๑๖๔ · หน้า 260b
སོགས་པ་བྱ་ཞེས་པ་དང་། སྣོད་སྤྱད་འཐོར་བ་བརྟུལ་ཞེས་པ་དང་། དེར་འོས་པ་ཞིག་ན་བཀྲུས་ཏེའོ་ཞེས་པ་དང་། རུང་བར་བྱེད་པ་ཡོད་ན་ལྡམ་ལྡུམ་བཙལ་ཞེས་པ་དང་། ཁྱིམ་པ་དག་དེར་འོངས་ན་ཆོས་ཀྱི་གཏམ་དང་། གཞན་ཡང་ཅི་ནུས་པའི་ཆོས་བྱ་ཞེས་པ་རྣམས་ཡིན་ཏེ། གནས་ཀྱི་ནང་གི་རིམ་གྲོ་མིང་གིས་སྨོས་པ་འདི་དག་
ལྟར་གྱིས་ཤིག་པའོ། །ནང་གི་བྱ་བ་དེ་ལྟར་བསྟན་ནས་ཕྱི་རོལ་གྱི་བྱ་བ་རྣམས་བསྟན་པ་ནི་ཤིང་སྐྱེད་དུ་མི་རུང་བ་མེད་ཅེས་པ་དང་། འདི་བསྐྱེད་ནས་མི་བསྲུང་བ་མ་ཡིན་ཞེས་པ་དང་། དེའི་ཤིང་ནི་མེ་ཏོག་ཆགས་ཀྱི་བར་དུའོ་ཞེས་པ་དང་། གཞན་ནི་འབྲས་བུའི་བར་དུའོ་ཞེས་པ་དང་། རིང་ནའང་ལོ་ལྔར་རོ་ཞེས་པ་དང་། དགེ་སློང་
ལ་བཅོལ་བ་ནི་བདག་གི་བཞིན་ཞེས་པ་དང་། རྐང་ལག་བཀྲུ་བ་དང་སོ་ཤིང་བཅའ་བ་དང་། ལྷུང་བཟེད་བཤལ་བ་དང་། ཁྲུས་བྱ་བ་རྣམས་ནི་འདིའི་རིམ་གྲོའོ་ཞེས་པ་དང་། ལྷགས་པས་མི་ཁྱེར་བར་ཁང་བུའི་དབུས་སུ་གཞུག་ཅེས་པ་དང་། སྐར་ཁུང་གདོད་ཅིང་གཟེར་བུ་དབྱུང་ཞེས་པ་དང་། ཁབས་ཀྱིས་གཡོགས་
ཞེས་པ་དང་། སྟེང་གི་ཁང་བུ་འདྲུལ་བའི་ཕྱིར་སོ་ག་བཤུ་ཞེས་པ་དང་། ཆར་གྱིས་འདྲལ་བའི་ཕྱིར་སྔ་མ་ཡང་ངོ་ཞེས་པ་དང་། འཁྲུང་བའོ་ཅོག་ལ་གཡེལ་བར་མི་བྱ་ཞེས་པ་དང་། འཁོར་གྱི་སྤེན་དུ་བགོ་ཞེས་པ་དང་། ཁ་ཅིག་ཏུ་སོ་ཤིང་བཟའ་ཁ་ཅིག་ཏུ་གདོང་བཀྲུ། ཁ་ཅིག་ཏུ་རྐང་ལག་ལ་སོགས་པ་བཀྲུ་
བར་བྱ་བའི་ཉི་ཚེ་ལྟར་མ་ཡིན་ཞེས་པ་དང་། འབྲས་བུ་དང་མེ་ཏོག་སྲུང་བའི་དགེ་སློང་བསྐོ་ཞེས་པ་དང་། ཟ་བའི་ཚེ་གཞན་གྱིས་བརྗེ་ཞེས་པ་དང་། དང་པོར་ཟོས་ལ་དེར་འགྲོ་ཞེས་པ་རྣམས་ནི་ཕྱི་རོལ་གྱི་ལས་སུ་བྱ་བ་ནི་ཤིང་བསྐྱེད་པ་ལ་སོགས་པའི་རིམ་གྲོ་འདི་ལྟར་གྱིས་ཤིག་པའོ། །གོ་རེ་ལོང་གི་བྱ་བ་
རྣམས་བསྡུས་ཏེ་སྟོན་པ་ནི་ཀློག་པས་རིམ་གྲོ་ལྷག་པར་བྱེད་པ་མི་ནུས་པ་ལ་སྐུད་པར་བཏང་ཞེས་པ་དང་། དེའི་འདྲུལ་བ་ཤེས་ཏེ་བསྟན་པ་དང་། ཀློག་པ་དང་བྲི་བ་རྣམས་ཀྱིས་དགེ་སློང་མ་ལ་རྗེས་སུ་བརྩེ་བར་བྱ་ཞེས་པ་དང་། སྤྲིང་ཡིག་བྲི་ཞེས་པ་དང་། བརྗེད་ངས་པས་བཟུང་བའི་ཕྱིར་འདུལ་བ་ཡང་འདི་མི་བྲི་
ཞེས་པ་དང་། སོ་སོར་ཐར་པའང་འདིར་དེ་བཞིན་ཞེས་པ་དང་། དེ་དང་འབྲེལ་པ་ཡང་ཞེས་པ་དང་། གང་ཟག་གི་ཡང་ཞེས་པ་དང་། མཚན་གདབ་པ་ནི་ཉེས་མེད་ཅེས་པ་དང་། དགེ་འདུན་གྱི་སྟན་ཆ་ལ་མིང་བྲི་ཞེས་པ་དང་། མིང་འདི་ཞེས་བྱ་བའི་སྦྱིན་པའི་ཆོས་ཀྱི་གཙུག་ལག་ཁང་ཞེས་སོ་ཞེས་པ་དང་། གོས་ལ་ཞེས་
เล่ม ๑๖๔ · หน้า 261a
པ་དང་། གཞན་ལ་ཡང་དེ་བཞིན་ཞེས་པ་རྣམས་ཡིན་ཏེ་འཕྲལ་གྱི་སྤྱད་པ་གོ་རེ་ལོང་དུ་བྱ་བ་ནི་འདི་དག་ལྟར་གྱིས་ཤིག་པའོ། །དེ་ལ་དེ་དང་འབྲེལ་ཞེས་པ་ནི་འདུལ་བའམ་སོ་སོར་ཐར་པ་དང་འབྲེལ་བ་སྟེ། དེ་ལ་འདུལ་བ་དང་འབྲེལ་པ་ནི་དངོས་པོ་དང་ཕྲན་ཚེགས་སུ་འབྲེལ་པའོ། །སོ་སོར་ཐར་པ་དང་འབྲེལ་
པ་ནི་རྣམ་པར་འབྱེད་པའོ། །སྟོན་པར་བྱེད་པ་ནི་དྲི་མ་ལ་སོགས་པ་དང་ཅིག་ཅར་དུ་དེ་ལྟར་བསྟན་ནས། འདོན་པར་རྩོམ་པས་བྱ་བ་རྣམས་སྟོན་པ་ནི་སངས་རྒྱས་ཀྱི་ཚིག་ལ་ཆེད་དུ་དགྱེར་བ་དང་། འབྲུ་རེ་ནས་སྦྱར་བར་མི་བཀླག་ཅེས་པ་དང་། གཞན་ལ་སྟོན་པར་ནུས་པས་སངས་རྒྱས་ཀྱི་ཚིག་ལ་བརྩོན་པའང་མི་བཏང་
བར་ཕྱི་རོལ་གྱི་གཙུག་ལག་ཡང་བསླབ་ཅེས་པ་དང་། དེའི་དུས་ནི་ཉིན་གྱི་སུམ་ཆ་མི་བཙལ་བའོ་ཞེས་པ་དང་། མཚན་མོ་ཡང་ཞེས་པ་དང་། གསོད་པའི་སྔགས་མནོད་ཅེས་པ་དང་། གདབ་པར་ཡང་བྱ་ཞེས་པ་དང་། གནོད་བས་མ་ཡིན་ཞེས་པ་དང་། འདི་དག་གི་ཕྱག་གི་གོ་ར་དཀོན་མཆོག་གསུམ་གཞུག་ཅེས་པ་
དང་། ལྷ་གཞན་ལ་ཕྱག་མི་བྱ་ཞེས་པ་དང་། མི་མཆོད་ཅེས་པ་དང་། བསྟི་སྟང་མི་བྱ་བ་ནི་མ་ཡིན་ཞེས་པ་དང་། དེའི་གནས་སུ་ཕྱིན་ན་དེའི་མདུན་དུ་སོང་བ་ལ་སེ་གོལ་གྱིས་སྦྲན་ཏེ། ཞལ་ནས་གསུངས་པའི་ཚིགས་བཅད་བརྗོད་ཅིང་ཕན་གདགས་ཞེས་པ་དང་། གཏར་སྤྱད་དང་། ཁབ་རལ་དང་རམ་ཕྱིས་མ་གཏོགས་པར་ལག་བཟོ་
མི་བྱ་མི་བསླབ་དེའི་ཆ་སྤྱད་ཀྱང་མི་བཅང་ཞེས་པ་དང་། གསོ་བ་ལ་མཁས་པས་ཚངས་པ་མཚུངས་པར་སྤྱོད་པ་བསོད་ནམས་ཀྱི་བསམ་པས་གསོ་བར་བྱའི་རྔན་དགས་ཀྱི་བསམ་བས་ནི་མ་ཡིན་ཞེས་པ་དང་། བཀྲུ་སྨན་བཏང་ནས་མི་འགྲོ་ཞེས་པ་དང་། དེ་ལྟ་བུའི་རྐྱེན་ཅིག་ན་བཀྲུ་བ་གྲང་བ་ལ་སོགས་པའི་ཆོ་ག་དང་ཉེན་བསྟན་ཏེ་འགྲོ་
བར་བྱ་ཞེས་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་དང་མཚན་མཐུན་པའི་འདྲེག་མཁན་ལ་ལས་དབེན་པའི་ཕྱོགས་སུ་བྱ་ཞེས་པ་དང་། ཁྲི་རྐང་པ་ཆག་པ་བཅོས་པ་ཡང་ཞེས་པ་དང་། དཀོན་མཆོག་གི་ཕྱིར་ཕྲེང་བ་བརྒྱུ་བ་ཡང་ཞེས་པ་དང་། དཀོན་མཆོག་མཆོད་པའི་ཕྱིར་སེམས་ཅན་གྱི་གཟུགས་མ་ཡིན་པའི་རི་མོ་བྲི་ཞེས་པ་
དང་། དེའི་ས་གཅོད་པ་དང་ཞེས་པ་ཡིན་ཏེ་འདོན་པ་ལ་སོགས་པས་བཀླག་པ་དང་བསླབ་པ་ལ་སོགས་པའི་ཚུལ་འདི་དག་ལྟར་གྱིས་ཤིག་པའོ། །འདོན་པར་རྩོལ་བར་བྱ་བ་རྣམས་དེ་ལྟར་བསྟན་ནས། ཤི་བའི་ཡན་ལག་ཏུ་བྱ་བ་རྣམས་སྟོན་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་ཤི་བའི་ལུས་ལ་མཆོད་པ་བྱ་ཞེས་པ་དང་། གལ་ཏེ་
เล่ม ๑๖๔ · หน้า 261b
རྨ་ལ་སྲོག་ཆགས་མེད་པ་ཞིག་ན་བསྲེག་ཅེས་པ་དང་། ངེས་པ་ཁོ་ནར་བརྟག་ཅེས་པ་དང་། སྤང་ཐར་རམ་རྩང་པོ་སྐུར་བར་རོ་ཞེས་པ་དང་། མི་རུང་ན་ནགས་ཁུང་དུ་གཞག་ཅེས་པ་དང་། སྔས་བྱང་ཕྱོགས་སུ་བསྟན་ལ་གློ་གཡས་པས་བསྙལ་ཞེས་པ་དང་། སྔས་སུ་རྩྭ་བམ་གཞུག་ཅེས་པ་དང་། རྩྭའམ་ལོ་མ་དགབ་
ཅེས་པ་དང་། ཆོས་བསྒྲགས་པ་དང་། སྦྱིན་པ་བཤད་པར་བྱ་ཞེས་པ་དང་། རེག་པས་གོས་དང་བཅས་ཏེ་བཀྲུ་ཞེས་པ་དང་། བལ་གྱིས་ཀྱང་རྐང་ལག་བཀྲུ་ཞེས་པ་དང་། མཆོད་རྟེན་ལ་ཕྱག་བྱས་ཏེ་འཇུག་ཅེས་པ་རྣམས་ཡིན་ཏེ། ཤི་བའི་ཡོ་བྱད་ནི་འདི་ལྟར་གྱིས་ཤིག་པའོ། །མཆོད་རྟེན་ལ་རྣམ་པ་གཉིས་ཏེ་
ཞེས་པ་དང་། སྦུབས་ཅན་དང་ཀ་བ་ལྟ་བུའོ་ཞེས་པ་ནི་མཆོད་རྟེན་ལ་ཁོང་སྟོང་མ་ཡིན་པ་རྣམ་པ་གཉིས་ཡོད་པའོ། །འདི་དག་རབ་ཏུ་བྱུང་བ་ལའང་འོས་སོ་ཞེས་པ་དང་། དགེ་ནའོ་ཞེས་པ་ནི་རབ་ཏུ་བྱུང་བའི་མཆོད་རྟེན་ནི་བྱས་ཀྱང་བླ་བའོ། །སངས་རྒྱས་ཀྱི་ནི་རྣམ་པ་ཐམས་ཅད་དུའོ་ཞེས་པ་དང་། རྣམ་པ་ནི་བང་རིམ་
བཞིན་རྐེད་སྐབས་བུམ་པ་བྲེ་སྲོག་ཤིང་ཕང་ལོ་བཅུ་གསུམ་ཆར་ཀབ་རྣམས་སོ་ཞེས་པ་ནི་སངས་རྒྱས་ཀྱི་མཆོད་རྟེན་མིང་གིས་སྨོས་པ་འདི་དག་ལྟ་བུ་རྣམ་པ་ཚར་བྱུང་བར་གྱིས་ཤིག་པའོ། །རང་སངས་རྒྱས་ཀྱི་ཆར་ཀབ་མེད་པའོ་ཞེས་པ་ནི་རང་སངས་རྒྱས་ཀྱི་མཆོད་རྟེན་ནི་གོང་མ་ལྟ་བུ་ལ་ཆར་ཀབ་མེད་པར་གྱིས་ཤིག་པའོ། །
ཉན་ཐོས་པ་ནི་ཕང་ལོ་དང་འབྲས་བུར་སྦྲེལ་བ་ལ་གཅིག་གིས་ལྷག་ཅེས་པ་ནི་རྒྱུན་དུ་ཞུགས་པའི་མཆོད་རྟེན་ནི་ཕང་ལོ་གཉིས་དང་། ལན་ཅིག་ཕྱིར་འོང་བ་ནི་ཕང་ལོ་གསུམ་དང་། ཕྱིར་མི་འོང་བའི་ཕང་ལོ་བཞི་དང་དགྲ་བཅོམ་པའི་ནི་ཕང་ལོ་ལྔ་པ་ལྟ་བུར་འབྲས་བུའི་གྲངས་ལས་ཕང་ལོ་རེ་རེས་སྐྱེད་ཅིག་
པའོ། །དེ་བཞིན་གཤེགས་པའི་དྲུང་ན་སྔོན་འཁོར་དུ་འཁོད་པའི་གྲལ་ཐབས་ཇི་ལྟ་བ་བཞིན་དུ་སོ་སོར་བཤམ་ཞེས་པ་ནི་མཆོད་རྟེན་བཅོམ་ལྡན་འདས་ཀྱི་འཁོར་དུ་རྩིག་ན་གཡས་ཕྱོགས་སུ་ནི་ཤཱ་རིའི་བུ་གཡོན་ཕྱོགས་སུ་མཽད་གལ་འཕགས་པ་ཀུན་དགའ་བོ་ནི་རྒྱབ་ན་འདུག་པ་ལྟ་བུ་ལ་སོགས་པ་སྔོན་གྱི་གྲལ་
ཐབས་ཇི་བཞིན་དུ་གྱིས་ཤིག་པའོ། །འདི་ལ་གྲལ་རིམས་བཞིན་དུ་མི་བྱ་བ་མ་ཡིན་ཞེས་པ་ནི་འདི་དག་ལྟར་བྱ་བ་ཡང་གནས་བརྟན་འོད་སྲུངས་ཆེན་པོ་ལ་སོགས་པ་སྔོན་གྱི་རྒན་གྲལ་བཞིན་དུ་གྱིས་ཤིག་པའོ། །སོ་སོའི་སྐྱེ་བོ་ནི་སྤྱིལ་པོར་རོ་ཞེས་པ་ནི་སོ་སོའི་སྐྱེ་བོའི་མཆོད་རྟེན་ནི་ཕང་ལོ་མེད་པའི་སྤྱིལ་
เล่ม ๑๖๔ · หน้า 262a
པོར་གྱིས་ཤིག་པའོ། །འདི་ནི་དགེ་འདུན་ཀུན་དགའི་ཕྱི་རོལ་དུ་བྱ་ཞེས་པ་ནི་སོ་སོ་སྐྱེ་བོའི་མཆོད་རྟེན་ཀུན་དགའི་ཕྱི་རོལ་དུ་བརྩིགས་ཤིག་པའོ། །འཕགས་པའི་མཆོད་རྟེན་ལ་ནི་མཆོད་པར་འོས་ཞེས་པ་ནི་འཕགས་པའི་མཆོད་རྟེན་ལ་ནི་ལོ་དུས་སུ་མཆོད་པའི་ཡོ་ལང་གྱིས་ཤིག་པའོ། །
ཉན་ཐོས་པའི་མཆོད་རྟེན་ལ་ཕུལ་བའི་ཤས་ནི་ཚངས་པ་མཚུངས་པར་སྤྱོད་པ་ཞེས་པ་ནི་ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་བའི་ཤས་ནི་དགེ་འདུན་གཞན་ལ་ཡང་དབང་བའོ། །མུ་ཏིག་ནི་སྨྲས་པ་བཞིན་དུ་བྱ་ཞེས་པ་ནི་མུ་ཏིག་ཡོན་དུ་ཕུལ་བ་བཏགས་ལ་དྲི་གཙང་ཁང་གི་སྐྱང་ནུལ་ལ་སོགས་པ་གོང་དུ་སྨོས་པ་བཞིན་
གྱིས་ཤིག་པའོ། །རོལ་མོའི་ཆ་སྤྱད་དང་། དུང་དག་ནི་སངས་རྒྱས་ལ་དབུལ་ཞེས་པ་ནི་རོལ་མོའི་ཆ་སྤྱད་དུ་རུང་བ་རྣམས་ནི་སངས་རྒྱས་ལ་ཕུལ་ཅིག་པའོ། །འདི་དག་ཞིག་རལ་དུ་གྱུར་པའི་བཅོས་པར་གཞག་ཅེས་པ་ནི་མཆོད་རྟེན་བཅོས་པའི་ཟོང་དུ་ཡང་ཡོན་དུ་ཕུལ་བ་ལས་ཞོག་ཤིག་པའོ། །མཆོད་
པར་འོས་པ་ཡང་ཞེས་པ་ནི་བ་དན་ལ་སོགས་པ་མཆོད་པར་འོས་པ་ཞིག་ཕུལ་ན་ཡང་མཆོད་པའི་ཡོ་བྱད་དུ་གྱིས་ཤིག་པའོ། །སངས་རྒྱས་ཀྱི་མཆོད་རྟེན་ལྕགས་ལས་བྱ་བ་ཡང་ཆོས་སོ་ཞེས་པ་དང་། གསེར་དངུལ་བཻཌཱུརྱ་ཤེལ་དང་སྦུག་དང་སེ་མོ་དོའི་མཆོད་རྟེན་ཡང་ཞེས་པ་ནི་འདི་དག་གིས་མཆོད་
རྟེན་བྱས་ཀྱང་མི་རུང་བ་མེད་པའོ། །འདིའི་འཁོར་བྱ་ཞེས་པ་དང་། དང་པོ་དགའ་ལྡན་གྱི་གནས་ནས་མཇུག་ཏུ་མྱ་ངན་ལས་འདས་ཀྱི་བར་དུ་གཏམ་རྒྱུད་ནི་དེའོ་ཞེས་པ་ནི་འཁོར་འདི་དག་ལྟ་བུར་རི་མོར་བྲིས་པའམ་བྱས་པའི་མཆོད་རྟེན་ཡང་གྱིས་ཤིག་པའོ། །རྡོ་ཐལ་གྱིས་བྱུག་ཅེས་པ་དང་།
དཀར་པོར་རོ་ཞེས་པ་དང་། མར་མེའི་སྟེགས་ཀྱང་ཞེས་པ་དང་། མུ་སྐོར་གྱིས་བསྐོར་ཞེས་པ་དང་། རྟ་བབས་པ་སྒྲེངས་ཞེས་པ་དང་། འདི་ལ་རྒྱལ་མཚན་གཟུགས་ཞེས་པ་དང་། འདི་ནི་རྣམ་པ་བཞི་སྟེ་ཞེས་པ་དང་། སེངྒེའི་རྒྱལ་མཚན་ཆུ་སྲིན་གྱི་རྒྱལ་མཚན་ཀླུའི་རྒྱལ་
མཚན་ཁྱུ་མཆོག་གི་རྒྱལ་མཚན་རྣམས་སོ་ཞེས་པ་ནི་མཆོད་རྟེན་གྱི་ཡོ་བྱད་འདི་དག་ལྟར་གྱིས་ཤིག་པའོ། །ཁང་བཞག་གཏམས་པ་བྱ་ཞེས་པ་དང་། འདི་ལ་རྟ་བབས་གཟུགས་ཞེས་པ་དང་། སྔ་ཁང་བྱ་ཞེས་པ་དང་། འདི་ལ་མུ་སྐོར་བྱ་ཞེས་པ་དང་། བ་བཅག་གིས་བྱུག་ཅེས་པ་དང་།
เล่ม ๑๖๔ · หน้า 262b
རྩིག་པ་རྒྱ་སྐྱེགས་ཀྱིས་བྲི་ཞེས་པ་དང་། སྤོས་ཆུས་གདབ་ཅེས་པ་དང་། ཏིལ་མར་ཡུང་བ་ཙན་དན་གུར་གུམ་རྣམས་ཀྱིས་ཆག་ཆག་བྱ་ཞེས་པ་དང་། ཚེར་མ་མི་བསྐྲུན་ཞེས་པ་དང་། ཕྲེང་བ་གཟར་བའི་གླང་སོ་གཟུགས་ཞེས་པ་དང་། སློང་བ་ནས་སོ་ཞེས་པ་དང་། མེ་དབུག་ཅེས་པ་དང་།
མེ་མར་ཞེས་པ་དང་། མཆོད་པའི་ཕྱིར་ཁྱིམ་པ་འཛེག་ཏུ་གཞུག་ཅེས་པ་དང་། མེད་ན་དགེ་ཚུལ་སྤོས་ཆུས་རྐང་བ་བཀྲུ་ཞེས་པ་དང་། འདི་མེད་ན་བསྩུང་གིས་དྲིལ་ཅེས་པ་དང་། གོས་ཀྱིས་དཀྲིས་ཏེ་སྟོན་པའི་འདུ་ཤེས་མངོན་དུ་བྱ་ཞིང་ཆེད་ལ་དམིགས་ཏེ་དྲན་པར་རོ་ཞེས་པ་དང་། དེ་ཡང་
དགེ་སློང་གིས་དེ་བཞིན་བྱ་ཞེས་པ་དང་། དེའི་ཕྱིར་ཐག་པ་དཔྱང་ཞེས་པ་དང་། རིན་པོ་ཆེའི་ཕྲེང་བ་གདགས་ཞེས་པ་ནི་མཆོད་རྟེན་གྱི་ཕྱི་ངོས་སུ་གང་གཞག་པར་བྱ་བ་ལ་སོགས་པ་འདི་དག་ལྟར་གྱིས་ཤིག་པའོ། །ཆུད་མི་གཟན་པར་གཡོགས་པའི་སྦུབས་སུ་གཞུག་ཅེས་པ་དང་། འདིར་
མི་གནག་པའི་ཕྱིར་མཐངས་གདོད་ཅེས་པ་ནི་མཆོད་རྟེན་ལ་ཆར་ཆུ་ལ་སོགས་པས་མི་རྫི་བར་ཁབ་ཀྱིས་དགབ་པ་དང་། དེ་ལ་ཡང་མཐངས་ཐོད་ཅིག་པའོ། །སངས་རྒྱས་ཀྱི་སྐུ་གཟུགས་བྱ་ཞེས་པ་དང་། འདི་ལའང་དུས་དུས་སུ་མཆོད་ཅེས་པ་དང་། བཙས་པ་རལ་བུ་གཙུག་པུད་བྱང་
ཆུབ་རྣམས་ཀྱི་མཆོད་པ་ཡང་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས་བྱ་ཞིང་མཆོད་པ་དང་པོ་བལྟམས་པ་ལ་སོགས་པའི་མཆོད་པའི་ཡོ་ལང་ཡང་གྱིས་ཤིག་པའོ། །འདི་གྲོང་ཁྱེར་དུ་གཤེགས་པ་བྱ་ཞེས་པ་དང་། འདི་དགེ་སློང་གིས་དྲང་དུ་རུང་ཞེས་པ་དང་། འདི་ནི་གསར་བུ་ལ་
འབབ་ཅེས་པ་དང་། འཁོར་ལྔས་ཞམ་འབྲིང་བྱ་ཞེས་པ་དང་། ཡོན་ནི་རྒན་རིམས་ཀྱིས་བླང་ཞེས་པ་དང་། འདི་ལས་སིལ་སྙན་གསིལ་ན་དགེ་བ་དང་། གཞན་ཡང་བསྟི་སྟང་ཆེར་བྱ་ཞེས་པ་དང་། ཀྱེ་སྐྱེས་བུ་དག་སྟོན་པའི་མཆོད་པ་ལ་ཞུགས་ཤིག་ཅེས་རོལ་མོ་གཞན་
འདེབས་པ་ནི་ཉེས་མེད་ཅེས་པ་དང་། སང་ངམ་གནངས་སངས་རྒྱས་གཤེགས་སོ་ཞེས་གྲོ་ག་ལ་བྲི་ཞིང་གླང་པོའི་སྟེང་དུ་བསླངས་ལ་གདུགས་དང་རྒྱལ་མཚན་དང་བ་དན་གྱིས་བསྐོར་ཏེ། ལམ་དང་ལམ་པོ་ཆེ་དང་བཞི་མདོ་དང་སུམ་མདོར་བསྒྲགས་པར་བྱ་ཞེས་པ་ནི་སངས་རྒྱས་
เล่ม ๑๖๔ · หน้า 263a
ཀྱི་སྐུ་གཟུགས་གྲོང་ཁྱེར་དུ་གཤེགས་པའི་ཡོ་ལང་དང་ཆོ་ག་ཡང་འདི་ལྟར་གྱིས་ཤིག་པའོ། །བྱང་ཆུབ་སེམས་དཔའི་གཟུགས་བྱ་བའམ་ཆོས་སོ་ཞེས་པ་དང་། འདི་ལའང་རྒྱལ་མཚན་ལ་སོགས་པས་བསྐོར་ཞེས་པ་དང་། མུ་སྐོར་གྱིས་བསྐོར་ཞེས་པ་དང་། ལྕགས་ཀྱི་ཀ་བས་ཀྱང་ཞེས་པ་དང་།
དེ་ལ་བ་དན་གདགས་ཞེས་པ་དང་། འཁོར་བྱ་ཞེས་པ་དང་། རྐང་གདུབ་དང་རྣ་རྒྱན་མ་གཏོགས་པ་དེའི་རྒྱན་དུ་གཞུག་ཅེས་པ་དང་། སྤོས་ཀྱི་ཤིང་ལོ་བྱ་ཞེས་པ་དང་། ཁྱོགས་ལ་བསླང་ཞེས་པ་དང་། ཤིང་རྟས་ཀྱང་ཞེས་པ་དང་། དེར་གདུགས་དང་རྒྱལ་མཚན་དང་བ་དན་གཟུགས་ཞེས་པ་དང་། མེ་ཏོག་གི་
ཀེའུ་གཅུན་ལ་དབུལ་བསྐོན་ཞེས་པ་དང་། ཡོན་དབུལ་དུ་གཟུད་ཅེས་པ་དང་། ཕུལ་བ་རྣམས་གནས་པའི་རྒན་གཞོན་ཀུན་གྱིས་བསྐུར་ཞེས་པ་དང་། གནས་བརྟན་རྣམས་ཀྱིས་བསྲུང་ཞེས་པ་དང་། ཤིང་རྟ་ལ་ཕྲེང་བའི་སྒྲོམ་གདོད་ཅེས་པ་དང་། དྲིའི་སྒྲོམ་ཡང་གདོད་ཅེས་པ་དང་། ཕྲེང་བ་བསྐོན་ཞེས་པ་ནི་བྱང་ཆུབ་
སེམས་དཔའི་གཟུགས་བྱ་ཞིང་གྲོང་ཁྱེར་དུ་གཤེགས་པ་ལ་སྩོགས་པའི་མཆོད་པའི་ཡོ་བྱད་འདི་ལྟར་གྱིས་ཤིག་པའོ། །དེ་ལ་འཁོར་བྱ་ཞེས་པ་དང་དགའ་ལྡན་ནས་བབས་ཏེ་གཤེགས་པ་ལ་སོགས་པ་མྱ་ངན་ལས་འདས་པའི་བར་དུ་གྱིས་ཤིག་པའོ། །རོལ་མོ་བརྟུལ་མཆོད་པ་ཟིན་སྐྱེ་བོ་གྱེས་ནས་རྒྱན་བསིལ་ཞེས་
པ་དང་། མཚན་མོའོ་ཞེས་པ་དང་། རབ་ཏུ་བྱུང་བའི་གནས་སུ་མཆོད་པའི་ཡོ་ལང་བཤམ་པ་ནི་ཆོས་སོ་ཞེས་པ་ནི་མཆོད་པ་ཟིན་ནས་མཚན་མོ་བརྟུལ་བ་དང་། རབ་ཏུ་བྱུང་བའི་གནས་སུ་ཡོ་ལང་མཆོད་པ་གྱིས་ཤིག་པའོ། །འདུལ་བ་རྒྱས་པ་དེ་ལྟར་བསྟན་ནས་ཕྲན་ཚེགས་ལས་མདོར་གསུངས་པ་སྟོན་པ་ནི་མི་རུང་བ་དང་མཐུན་
ལ་རུང་བ་དང་འགལ་བ་ནི་མི་རུང་བའི་ཁོངས་སུ་བསྡུའོ་ཞེས་པ་དང་། ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ་ཞེས་པ་ནི་ཉལ་བཞིན་དུ་ཟ་བར་མ་བྱེད་ཅིག་ཅེས་དངོས་སུ་ནི་མ་བཀག་ལ་རུང་བ་དང་། འགལ་ཞིང་མི་རུང་བ་དང་མཐུན་ནོ་ཅོག་ནི་མི་རུང་བའི་ཁོངས་སུ་བསྡུ་བ་དང་། ཁམ་ཕོར་དུ་ཟོ་ཤིག་ཅེའམ་
རྒྱུན་ཆུ་རྩྭ་དང་བསྲེས་པ་འཐུང་ཤིག་ཅེས་པ་ལྟ་བུར་གསལ་པོར་གསུངས་མོད་ཀྱི་མི་རུང་བ་དང་འགལ་ལ་རུང་བ་དང་མཐུན་ནོ་ཅོག་ནི་རུང་བའི་ཁོངས་སུ་བསྡུ་བ་ལྟ་བུའོ། །གནས་ཀྱི་དངོས་པོར་གཏོགས་པ་ཕྲན་ཚེགས་ལ་སོགས་པའོ། །འདུལ་བ་མདོའི་འགྲེལ་པ་སློབ་དཔོན་པྲཛྙཱ་ཀ་རས་མཛད་པ་རྫོགས་སོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด