འདུལ་བའི་མདོའི་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་བྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๖๕ · หน้า 306a

བའི་ཚེ་ལྷག་མ་གང་ཉེས་པའི་མིང་ནས་དབྱུང་ངོ་། །ཕྱིར་བྱ་བའི་དངོས་པོ་གཏོགས་སོ། །འདི་མན་ཆད་དུས་དང་དུས་མ་ཡིན་པ་དང་བསྡུས་པའི་དངོས་པོ་ལ་འཆད་དོ། །དགེ་འདུན་གྱི་ལྷག་མ་ཞེས་མི་ཤེས་ལ། བརྗེད་ནས་བཅབས་པའི་སེམས་མ་བཞག་ཅིང་། བྱས་སམ་མ་

ཡིན་ནམ། ཅི་ལྟར་རམ་ཅི་འདྲ་བར་དྲན་པར་མ་ནུས་པ་དང་། དགེ་སློང་འགའ་ཞིག་གིས་དགེ་འདུན་གྱིས་ལྷག་མ་བྱས་པ་ལས་བཅབ་པར་ནི་མ་བསམས་ཀྱི་དངོས་པོ་བརྗོད་དམ་ནོར་ཏེ་ལུས་པ་ལས་ཕྱིས་མཐོལ་ན་བཅབས་པའི་ཆད་པར་ནི་མི་འགྱུར་གྱི། མགུ་བའི་ཆད་པ་ཞག་དྲུག་བྱ་བར་

ཟད། བསྙེན་པར་མ་རྫོགས་པར་རམ་སྤང་བར་གྱུར་ན་བཅབས་པ་མི་ལྡང་ངོ་། །དགེ་སྦྱོང་དང་སྤངས་པ་ལྟ་བ་ཞིག་གིས་དགེ་འདུན་གྱིས་ལྷག་མ་བྱས་ནས་བཅབས་པ་ལས་ཕྱིས་མཐོལ་ན་བཅབས་པའི་ཆད་པ་ནི་གཉིས་ཀ་ལའང་ཉེས་མེད་དེ་སྤངས་པས་ནི་ཞག་དྲུག་མགུ་བ་བྱ། དགེ་སྦྱོང་ནི་

ཉེས་བྱས་སུ་ཟད། སྨྱོས་པའི་འདུ་ཤེས་ཉམས་ན་ལྟུང་བ་ཡང་སྟེ་ཕས་ཕམ་པའི་ཡན་ཆད་ཀྱང་ངོ་། །དགེ་སློང་རང་བཞིན་ཉམས་ཏེ་སྨོས་པའི་ཚེ། ཕས་ཕམ་པ་ལ་སོགས་པ་ལྟུང་བ་སྡེ་ལྔ་གང་བྱས་ཀྱང་ཉེས་མེད། མ་བཅབས་ན་ཡང་ངོ་། །སྔོན་སངས་རྒྱས་ཀྱིས་ཁྲིམས་མ་བཅས་པའི་

ཚེ་ལྟུང་བ་སྡེ་གང་བྱས་ཀྱང་ཉེས་མེད། མི་ཤེས་པ་ནི་མ་ཡིན་ནོ། །དགེ་སྦྱོང་འགའ་ཞིག་ཁྲིམས་མི་ཤེས་ཀྱི་ཉེས་པ་བྱས་ཀྱང་བླ་གྲང་སྙམ་ཏེ་བྱས་པ་ནི་མི་བརྩན་ཀྱི་གང་བྱས་དངོས་པོ་བཞིན་དུ་སྦྱར་ཞིང་མཐོལ་ལོ། །མངོན་པར་མ་དད་པ་ཡང་ངོ་། །སོ་སོར་ཐར་པའི་ནང་ནས་ལྟུང་བ་སྡེ་ལྔ་བྱུང་བ་

ལས་དང་དེ་ཤ་ཆང་ལ་སོགས་པ་ཟོས་ཀྱང་ཉེས་མེད་ཅེས་ཟེར་བ་དེ་མི་བརྩན་ཏེ་ལྟུང་བ་གང་བྱས་པ་མཐོལ་དུ་གཞུག་གོ། །མངོན་པ་མི་ཤེས་པར་འདུ་ཤེས་ན་ཡང་ངོ་། །དགེ་སློང་གྲོགས་ཀྱིས་ལྟུང་བ་སྟེ་ལྔ་ལྟ་བུ་མ་བྱེད་ཅིག་ཅེས་བསྟན་ན་ཁྱོད་བདག་ཀྱང་མི་སྲུང་ན་ང་ལ་བསྟན་ཅི་དགོས་ཞེས་ཟེར་ན་

དེ་སྐད་ཟེར་བ་མི་བརྩན་ཏེ་ལྟུང་བ་གང་བྱས་པ་བཞིན་དུ་མཐོལ་དུ་གཞུག་གོ། །ས་གཞན་དུ་གནས་པ་ནི་ཚུན་ཆད་ཀྱང་ངོ་། །སྤངས་པ་རྣམ་བདུན་གྱི་ནང་ནས་དང་པོ་བཞི་དང་ལྷག་མའི་ཆད་པ་དང་མགུ་བར་བྱེད་པ་དང་རྩ་བའི་མགུ་བར་བྱེད་པ་དང་། ཚེ་གཅིག་གི་བར་དུ་སློབ་པ་བྱིན་པ་རྣམས་ན་རེ་

เล่ม ๑๖๕ · หน้า 306b

ངེད་ས་གཞན་ན་གནས་ཀྱིས་དགེ་འདུན་གྱིས་ལྷག་མ་བྱས་པ་བཅབས་ཀྱང་ཉེས་མེད་ཅེས་ཟེར་བ་མི་བརྩན་གྱི་བཅབས་པའི་ཆད་པ་དང་མགུ་བ་ཚུལ་བཞིན་དུ་བྱེད་དུ་གཞུག་གོ། །དགེ་འདུན་གྱིས་ལྷག་མ་ཡིད་གཉིས་ཀྱིས་བཅབས་ན་ཤེས་པ་བཞིན་ནོ། །འགའ་ཞིག་གིས་དགེ་འདུན་གྱིས་ལྷག་མ་བྱས་

པའི་འོག་ཏུ་ལྷག་མའམ་སྦོམ་པོ་གང་ཡིན་མི་ཤེས་ཏེ་ཐེ་ཚོམ་ཟ་ནའང་ཐེ་ཚོམ་ཟ་བ་མི་བརྩན་ཏེ་གང་ཉེས་པའི་དངོས་པོ་མཐོལ་དུ་གཞུག །གང་གིས་སྔར་བཅབས་པའི་མི་ལྡང་བར་སྤྱོད་པ་ཡང་མེད་དོ། །ལྟག་མའི་མདོ་རིང་པོ་ལས་དགེ་འདུན་གྱིས་ལྷག་མ་བྱས་པར་མི་ཤེས་པ་དང་སྤངས་

པ་དང་། དགེ་སྦྱོང་གསུམ་ལ་བཅབས་པའི་ཆད་པ་མེད་པ་ནི་མིང་སྨོས་སུ་ཟད་པ་དེ་བཅབས་པའི་ཆད་པ་མེད་བཞིན་དུ་བཅབས་པའི་ཆད་པ་བྱེད་དུའང་མ་གཞུག་ཅིག །ཉེས་བྱས་པ་ནི་སྤྱོད་པ་ལ་ནན་ཏན་བྱེད་ཅིང་སྤངས་ནའོ། །དགེ་འདུན་གྱིས་ལྷག་མའི་ཆད་པས་བཅད་དེ་ཆད་པ་སྤྱོད་པའི་

ཚེ། རྒྱལ་པོ་འམ་བློན་པོའི་དབང་གིས་ཆད་པ་བྱེད་པའི་བར་ཆད་དུ་གྱུར་པ་ནི་མ་གཏོགས་ཀྱི་ཆད་པ་ཞག་བཞི་ལྔ་བྱས་པའི་འོག་ཏུ་ཞག་གཅིག་གཉིས་བསྣན་ཏེ་མི་བྱའོ་ཞེས་ཟེར་བའི་ཚེ་ཉེས་བྱས་གཅིག །དེའི་སྡེ་ལས་སྤྱོད་ནའང་དེར་རོ། །དགེ་འདུན་གྱིས་ལྷག་མ་བྱ་བར་སེམས་པའི་

ཚེ་ཉེས་བྱས་གཅིག །འགྲུབ་པ་ལས་མ་བྱས་ནའོ། །ལྷག་མ་བྱས་ནས་ཕ་རོལ་ལ་མཐོལ་ནས་ཆད་པ་གོར་མི་བྱེད་པར་ཕྱིས་བྱའོ་ཞེས་ཟེར་བའི་ཉེས་བྱས་གཅིག །སྤྱོད་པ་མེད་པའི་གནས་ལས་ཕྱིར་འོངས་ན་དེའི་གནས་སོ། །དགེ་འདུན་གྱིས་ལྷག་མའི་ཆད་པས་བཅད་དེ་ཞག་མ་

འཁོར་བར་ཁྱིམ་པར་བབས་པ་ལས་ཕྱིས་དགེ་སློང་དུ་ཞུགས་ན་འང་སྔ་མའི་ཆད་པའི་ཆད་པ་བྱ། དངོས་པོ་སྦྱང་བའི་ལྷག་མ་བསྒྲུབ། མདོ་གོང་མ་ལྟར་དགེ་འདུན་གྱིས་ལྷག་མའི་ཆད་པས་བཅད་པ་ལས་ཁྱིམ་པར་བབས་པ་ལས་ཕྱིས་དགེ་སློང་དུ་ཞུགས་ན་ལྷག་མའི་ཆད་པ་དང་མགུ་བ་དང་

དབྱུང་བ་རྣམས་ལ་ནན་ཏན་དུ་བསྒྲུབ་ཅིང་བྱ། བཅབས་པའི་དུས་ཆད་པར་མི་ཤེས་ན་ཉུང་དུ་མི་འགྱུར་བ་ལ་གནས་སོ། །དགེ་འདུན་གྱིས་ལྷག་མ་བྱས་ནས་ཞག་དུ་བཅབས་པ་མི་ཤེས་ན་ཞག་བཅོ་ལྔ་ཙམ་གླེངས་ཏེ་བྱ། སྤྱད་པར་བྱ་བ་གཙང་མའི་འོག་ཀྱང་ངོ་། །མདོ་གོང་མ་ལྟར་དགེ་

เล่ม ๑๖๕ · หน้า 307a

འདུན་གྱིས་ལྷག་མ་བྱས་ནས་ཞག་གྲངས་ཤེས་ན་ཞག་དུ་བཅབས་པ་བཞིན་དུ་ཆད་པ་བྱ། མི་ཤེས་ན་ལྷག་མ་བྱས་པའི་སྔ་རོལ་ནས་མགོ་བཟུང་སྟེ་གྲངས་ལ་ཀླག་སྟེ་བྱ། ཟླ་བ་བཞིས་གཙང་མའི་མཐར་རོ་ཞེས་སོ། །དགེ་འདུན་གྱིས་ལྷག་མ་ཞིག་བྱས་ནས་བཅབས་པ་སྟེ་

བཅབས་པ་ཉིད་ཟླ་བ་གཉིས་གསུམ་དུ་ལོན་གཏོལ་མེད་ན་ཟླ་བ་ཕྱེད་དང་བཞི་ཙམ་བྱས་ཏེ་བཀླག །བཅབས་པ་ཚད་མེད་པའོ་ཞེས་སོ། །དགེ་འདུན་གྱིས་ལྷག་མ་བྱས་ནས་བཅབས་པའི་ཞག་གྲངས་དང་འདི་མན་ཆད་བཅབས་སོ་ཞེས་པའི་ཚད་ཡོད་ན་དེ་བཞིན་བྱ་ཞག་གྲངས་དང་བཅབས་པའི་ཚད་

མེད་ན་སྟེང་མ་ལྟར་བཀླགས་ཏེ་བྱ། བསམས་ཏེ་ཁུ་བ་ཕྱུང་བ་བླངས་ལ་ཚད་མེད་པ་ཞེས་སོ། །ཁུ་བའི་དགེ་འདུན་གྱི་ལྷག་མ་བྱུང་ངམ་མ་བྱུང་གཏོལ་མེད་དེ་ཡིད་གཉིས་དང་ཐེ་ཚོམ་དུ་གྱུར་ཏེ་མ་མཐོལ་བ་ལས་བཅབས་པའི་ཞག་གྲངས་ནོར་བར་བཀླགས་ཏེ་བྱ་བ་བཞིན་དུ་ངག་དཀའ་བའི་དགེ་འདུན་

གྱི་ལྷག་མ་ཡན་ཆད་ཀྱང་ཐབས་འདི་དང་འདྲ་བར་བྱའོ། །ཅི་སྲིད་དུ་བསམས་པ་དེ་སྲིད་དུ་སོང་བ་འདིར་ནན་ཏན་དུ་བྱའོ། །མི་གཅིག་གིས་དགེ་འདུན་གྱི་ལྷག་མ་གསུམ་ཅིག་ཅར་བྱས་ན་ཆད་པ་དང་མགུ་བ་བྱ་བ་སོ་སོར་བྱར་ཀྱང་རུང་ཅིག་ཅར་བྱར་ཀྱང་སྟེ། ཅི་ལྟར་ཅིག་ཅར་བྱ་བ་ནི་འོག་ནས་

འཆད། ཆད་པར་མི་ཤེས་ན་ཚད་མེད་པ་ཞེས་བྱ་བ་ལ་གནས་ཏེའོ། །དགེ་འདུན་གྱིས་ལྷག་མ་ལྟ་བུ་གཅིག་བྱས་པའི་འོག་ཏུ་གཅིག་བྱུང་སྟེ་དུ་བྱས་པའི་གྲངས་དང་ཚད་གཏོལ་མེད་ན་ཆད་པ་མགུ་བར་ཅིག་ཅར་བྱ། ཚད་ཡོད་ལ་མང་ན་མང་པོ་ཞེས་སོ། །དགེ་འདུན་གྱིས་ལྷག་མ་ལྟ་བུ་མང་ཞིག་

ཅིག་ཅར་བྱ་སྟེ་ལྷག་མ་གང་བྱས་པ་དང་ཞག་གྲངས་ཤེས་ན་བདག་གིས་ལྷག་མ་འདི་སྙེད་ཅིག་བྱས་སོ་ཞེས་མཐོལ་ཏེ་མགུ་བ་དང་ཆད་པ་བྱས་ཏེ་འོག་ནས་འཆད་དོ། །དུས་ལྷག་པའི་འོ། །མདོ་གོང་མ་ལྟར་དགེ་འདུན་གྱིས་ལྷག་མ་མང་ཞིག་ཅིག་ཅར་བྱས་པ་ལས་བཅབས་པའི་ཞག་གྲངས་དང་

གང་གང་བྱུང་བ་དྲན་ན་གང་སྔར་བྱུང་བའི་ཚངས་པ་དང་མགུ་བ་བྱས་ན་གཞན་གྱི་ཆད་པ་དང་མགུ་བ་བྱས་ན་ཚངས། མིང་ལ་སོགས་པས་སོ། །དགེ་འདུན་གྱིས་ལྷག་མ་མང་ཞིག་ཅིག་ཅར་བྱས་པ་ལས་དགེ་འདུན་གྱི་དྲུང་དུ་མཐོལ་བའི་ཚེ་བྱས་ནས་ཅི་སྲིད་ལོན་པ་དང་གང་གང་བྱས་པ་བརྗོད།

เล่ม ๑๖๕ · หน้า 307b

ལྕི་བ་དང་མི་བཟད་པའི་བསམ་པས་བྱས་པ་ལ་སོགས་པས་སོ། །མདོ་གོང་མ་ལྟར་དགེ་འདུན་གྱི་དྲུང་དུ་མཐོལ་བ་ནི་ཐམས་ཅད་མཐོལ་བ་མི་དགོས་ཀྱི་ལྷག་མའི་ནང་ན་ལྕི་ཞིང་སྡིག་ཆེ་བ་བཞི་གཅིག་མཐོལ་བས་ཆོག །སྤྱོད་པ་ན་སྔོན་བཞིན་བྱུང་བ་དང་ཕྱིར་བྱ་བ་འདོད་པ་སྐྱེས་ན་སོ་སོར་སྦྱིན་གཅིག་

ཏུ་སྤྱད། དགེ་སློང་གཅིག་གིས་དགེ་འདུན་གྱི་ལྷག་མ་བྱས་ནས་བཅབས་པའི་ཆད་པ་ཟླ་བ་གཅིག་བྱེད་པའི་ཚེ་ཟླ་བ་ཕྱེད་འཁོར་བའི་འོག་ཏུ་ཡང་དགེ་འདུན་གྱིས་ལྷག་མ་ཞིག་བྱས་ན་སྔ་མའི་ཆད་པ་དང་ལྷན་ཅིག་བྱར་མི་རུང་གི་སྔ་མའི་ཞག་སྤངས་ལ་ཕུབ་ལ་གདོད་མགོ་ནས་གསོལ་བ་དང་ཞུ་བའི་

ལས་ཀྱིས་ཆད་པ་བྱེད་དུ་གཞུག་གོ། །འདི་དང་བཅབས་པའི་མགུ་བར་བྱ་བ་འགྲུབ་པ་མེད་དོ། །དགེ་སློང་གཅིག་ཅིག་གིས་དགེ་འདུན་གྱི་ལྷག་མ་བྱས་ནས་ཞག་དྲུག་མགུ་བ་བྱེད་པའི་ཚེ་ཡང་ཡང་ལྷག་མ་ཞིག་བྱས་ནས་ཞག་གཉིས་གསུམ་བཅབས་ན་བཅབས་པའི་ཆད་པ་གུད་དུ་བྱ་མི་

དགོས་ཀྱི་མགུ་བའི་ཆད་པ་སྔ་མ་སྤངས་ལ་ཕུབ་ལ་གདོད་བྱའོ། །དུས་དང་དུས་མ་ཡིན་པ་དང་བསྡུ་བའི་དངོས་པོའོ། །འདི་མན་ཆད་དུས་དང་དུས་མ་ཡིན་པའི་ཀུན་དུ་ལྟུང་བའི་ཕྲན་ཚེགས་སུ་གཏོགས་པ་ལ་བཤད། ཉིན་གཅིག་གིས་མཐའ་མ་ཡིན་པའི་ཆད་ན་བཅབས་པ་མི་སྐྱེའོ། །

ལྷག་མ་བྱས་ནས་ཞག་གཅིག་གི་སྐྱ་རེངས་ཚུན་ཆད་ནི་བཅབས་པར་མི་ཆུད་ཀྱི་ཞག་གཅིག་གིས་འདས་ནས་མ་མཐོལ་བར་བཅབས་པར་འགྱུར་རོ། །སྨྲར་ཡན་ལག་མེད་ལ་དེའི་སེམས་མེད་ན་བཅབས་པའོ། །ལྷག་མ་བྱས་ནས་མཐོལ་དུ་དགེ་སློང་གྲོགས་མེད་ཅིང་བདག་གི་སེམས་ལ་

བཅབས་པར་མ་བསམས་ན་མ་མཐོལ་ཀྱང་བཅབས་པར་མི་འགྱུར་རོ། །མེད་པ་བཞིན་དུ་མི་འགྲོ་བ་དང་སོང་བའི་དབང་གིས་ནའོ། །ལྷག་མ་བྱས་ནས་བདག་འཁོར་དུ་མཐོལ་དུ་དགེ་སློང་གྲོགས་མེད་དེ་རྒྱང་གྲགས་གཅིག་གཉིས་ཕན་ཆད་གཅིག་ན་དགེ་སློང་འདུག་ལ་གཅིག་ལ་མཐོལ་དུ་འགྲོར་

ལམ་དུ་ཆུས་ཆོད་དེ། འབྲུག་གམ་མི་རྒོད་དམ་སྟག་གཟིག་ལྟ་བུའི་རྐྱེན་གྱིས་མ་ཐར་ལ། བདག་གི་སེམས་ལ་བཅབས་པའི་སེམས་མེད་ན་མ་མཐོལ་ཀྱང་ཉེས་མེད་དོ། །དེའི་དོན་གྱི་དབང་གིས་བྱས་ན་ཡང་ངོ་། །ལྷག་མར་གྱུར་པའི་འོག་ན་ཉེ་འཁོར་དུ་མཐོལ་དུ་ནི་དགེ་སློང་མེད་རྒྱང་

เล่ม ๑๖๕ · หน้า 308a

གྲགས་གཉིས་གསུམ་ཙམ་གྱི་དགེ་སློང་འདུག་པ་ལ་ནམ་ཕྲད་པ་ན་མཐོལ་བར་བསམས་ཏེ་སེམས་ལ་བཅབས་པའི་སེམས་མེད་ན་ལེ་ལོ་བྱས་ཏེ་མྱུར་དུ་མ་མཐོལ་ཀྱང་བཅབས་པར་མི་འགྱུར། དོན་མེད་པར་ཉེས་བྱས་པའོ། །མདོ་གོང་མ་ལྟར་ལྷག་མ་བྱས་པ་ལས་

གུད་ན་དགེ་སློང་ཡང་ཡོད་ལམ་ན་འཇིགས་པའི་རྐྱེན་ཡང་མེད་བཞིན་དུ་ལེ་ལོ་བྱས་ཏེ་མྱུར་དུ་མ་མཐོལ་ན་ཉེས་བྱས། མཐའ་ཚུན་ཆད་ན་ཡང་ངོ་། །ལྷག་མ་བྱས་ནས་བཅབས་པའི་སེམས་མེད་དེ་ཞག་གཅིག་གི་སྐྱ་རེངས་མ་བྱུང་ཚུན་ཆད་དུ་མ་མཐོལ་བའི་ཚེའང་ཉེས་བྱས་སོ། །བཅབས་

པའི་སེམས་མ་བཏང་ན་དེའི་སེམས་སོ། །ལྷག་མར་གྱུར་པ་ལ་བཅབས་པར་བསམས་ཏེ་དགེ་སློང་ཡོད་བཞིན་དུ་མ་མཐོལ་ན་ཞག་གཅིག་གི་སྐྱ་རེངས་བྱུང་ནས་བཅབས་པའི་སེམས་ཀྱང་དྲུང་ན་དགེ་སློང་འཁོད་པ་ལ་མ་མཐོལ་ན་སྐྱ་རེངས་བྱུང་ན་བཅབས་པར་འགྱུར། ཉེས་མེད་པ་ནི་

ཕས་ཕམ་པའི་ལྟུང་བའི་ཕྱིར་མ་བྱས་ནའོ། །ཕས་ཕམ་པ་ལྟ་བུས་ཕྱིས་ཕམ་པ་དང་ལྟུང་བ་ལ་སོགས་པ་སྡེ་ལྔ་གང་བྱས་ཀྱང་ལྷག་མ་དང་ལྟུང་བ་སོ་སོའི་ཆད་པ་དང་མཐོལ་བ་བྱ་མི་དགོས་ཀྱི་ཉེས་བྱས་མཐོལ་བས་ཆོག །དཔེར་ན་ཏ་ལའི་མགོ་བཅད་ན་ལོ་མ་མེད་མོད་ཀྱང་སྦོམ་པོ་ཡོད་བཞིན་དུ་

ཕས་ཕམ་པ་ཡང་ཁྱིམ་པ་དང་མི་འདྲ་བར་ལྟུང་བ་སྡེ་ལྔ་གང་བྱས་ཀྱང་ཉེས་བྱས་ཞེས་བཤད་དོ། །དུས་དང་དུས་མ་ཡིན་པ་དང་བསྡུས་པའི་དངོས་པོ་སྟེ་དྲིས་པའི་འོ།། །།འདི་མན་ཆད་དུས་དང་དུས་མ་ཡིན་པའི་གནས་ཐ་དད་པའི་དངོས་པོ་ལ་འཆད་དེ། ཆད་པ་དང་མགུ་བར་བྱེད་པ་སྤྱོད་པ་

དག་གིས། དགེ་འདུན་གྱི་ལྷག་མའི་ཆད་པ་དང་མགུ་བར་བྱེད་པའི་དགེ་སློང་བཙུན་པ་ཞིག་ལ་དགེ་སློང་ཆད་པ་བྱེད་པ་འོག་མ་ཞིག་གིས་མདོ་འདི་ལས་མིང་གིས་སྨོས་པ་ལྟར་བདག་ལ་བྱེད་ན་དགའ་བར་ཡང་མི་བསམས་ལ་བྱེད་དུའང་མི་གཞུག །རྗེས་དང་ཕྱག་དང་ཕྱིར་ལྡང་བ་དང་ཐལ་མོ་སྦྱོར་བ་དང་

བསུ་བའི་ལས་རྣམས་རང་བཞིན་དུ་གནས་པའི་དགེ་སློང་ལས་བདག་གིར་མི་བྱ། འདི་དག་གིས་མི་བྱ་བ་ལ་གཞན་གྱིས་ཀྱང་དེ་ལ་དེར་གཏོགས་སོ། །མདོ་གོང་མ་ལྟར་ཆད་པ་དང་མགུ་བ་བྱེད་པ་ལ་ཆད་པ་མེད་པའི་དགེ་སློང་གིས་ཀྱང་ཕྱག་དང་བཀུར་སྟི་ལ་སོགས་པ་མི་བྱ་ཞིག །གོམ་པ་

เล่ม ๑๖๕ · หน้า 308b

དབེན་པ་ལས་གཞན་དུ་འདི་དང་ལྷན་ཅིག་ཏུ་མི་བཅག་ཆད་པ་དང་ལྷན་ཅིག་ཏུ་མཉམ་པར་འགྲོགས་ཏེ་བཅག་པའམ་ཆད་པ་པ་སྔར་བཏང་སྟེ་མི་བཅག །སྟན་དམའ་བ་ལ་མི་འདུག །ཆད་པ་པ་སྟན་མཐོན་པོ་ལ་བཞག་སྟེ་ཆད་པ་མེད་པ་སྟན་དམའ་བ་ལ་མི་འདུག །གྲོང་ན་འགྲོ་

ན་དགེ་སྦྱོང་ཕྱི་མའི་རང་བཞིན་ལས་ཀྱང་ངོ་། །ཆད་པ་པ་གནས་བརྟན་ཀྱང་རུང་སྟེ་གྲོང་དུ་འགྲོ་བའི་ཚེ་ཆད་པ་མེད་པ་གྲལ་དམའ་བའང་སྔར་འགྲོ། །གཡོགས་པ་གཅིག་ཏུ་ཉལ་བ་མི་བརྟག །དགེ་སྦྱོང་དང་ལྷན་ཅིག་ཏུ་ཞག་གཉིས་ཉལ་དུ་མི་དབང་བ་བཞིན་དུ་ཆད་པ་པ་དང་ནུབ་གཅིག་ཁྱིམ་དུ་ཉལ་

ན་ཉེས་བྱས། རབ་ཏུ་དབྱུང་བ་དང་རབ་ཏུ་རྫོགས་པར་བྱ་བ་དང་གནས་སྦྱིན་པ་དང་། དགེ་སྦྱོང་གི་ཕྱིར་གཞག་པ་མི་བྱ། ཆད་པ་དང་མགུ་བར་བྱེད་པའི་དགེ་སློང་གིས་ལས་འདི་རྣམས་མི་འདུག་ཅིང་མི་བྱའོ། །གསོལ་བ་དང་ཀློག་པ་ལའང་ཁས་མི་བླང་། ཆད་པ་དང་མགུ་བར་བྱེད་པས་

གསོལ་བ་དང་ཞུ་བའི་ལས་མི་བྱ། དགེ་འདུན་གྱིས་ཀྱང་མི་བསྒོ། །ལས་བྱ་བ་དང་དགེ་སློང་མ་ལ་བཤད་པ་དང་དགེ་འདུན་གྱི་ཡིད་བརྟན་པར་བསྒོས་ན་ཡང་ངོ་། །ཆད་པ་པ་དང་མགུ་བར་བྱེད་པས་ལས་འདི་རྣམས་མི་བྱ། སྔོན་བསྒོས་པའི་ལས་ཀྱང་མི་བྱ། ཆད་པ་པ་དང་མགུ་བ་བྱེད་

པའི་དགེ་སློང་སྔོན་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པའང་མི་བྱ། དགེ་སློང་མ་ལ་མི་བཤད་པ་ཡང་ངོ་། །ཆད་པ་པའི་དགེ་སློང་གིས་སྔོན་ལྔ་ཕྲུགས་དང་ལྡན་ཏེ་དགེ་སློང་མ་ལ་འཆད་པར་བསྐོས་པའང་མི་བཤད། གསོ་སྦྱོང་གི་སོ་སོར་ཐར་པ་འཆད་པ་བཞིན་ཡོད་ནའང་བཤད་པ་མི་བྱ།

སོ་སོར་ཐར་པ་འཆད་ཅིང་གསོ་སྦྱོང་བྱེད་པའི་ཚེ། གཞན་ཤེས་པ་ཡོད་ན་ཆད་པ་པས་སོ་སོར་ཐར་པ་མི་ཀླག །དགེ་སློང་གི་འཁྲུག་པ་མི་གླེང་། དགེ་སློང་གྲོགས་ལ་ལྷག་མ་མན་ཆད་ཀྱི་ཉེས་བྱས་ཤིག་ཡོད་ནའང་སྔར་སྐབས་དབྱེ་བར་མ་གསོལ་བར་མི་བཅོས་མི་བརྒལ། ཆད་པ་

པའི་དགེ་སློང་གིས་དགེ་སློང་གཙང་མའི་ཉེས་པ་མི་བཅོས་ཞེས་བྱི་ཤུ་ཏས་བཤད། དགེ་འདུན་གྱིས་མ་སྤངས་པ་ལའོ། །སྤངས་པ་རྣམ་བདུན་གྱི་ཆད་པས་བཅད་པ་ལྟ་བུ་ལ་ཆད་པ་པས་ཉེས་པ་བཅོས་པ་ནི་ཉེས་མེད། ཚིག་དང་བཅས་པ་ཕུར་པ་དང་བཅས་པ་དག་མི་བྱ། ཆད་པ་པའི་

เล่ม ๑๖๕ · หน้า 309a

དགེ་སློང་གིས་དགེ་སློང་གཙང་མ་ལ་མིང་གིས་སྨོས་པ་འདི་རྣམས་སྐད་དུ་མི་བྱ། བསྟན་པར་གསོ་སྦྱོང་དང་དབྱུང་བ་དང་ཞུ་བ་ཀློག་པའི་མི་གཞག །ཆད་པ་པའི་དགེ་སློང་གིས་དགེ་སློང་གཙང་མ་ལ་མིང་གིས་སྨོས་པ་འདི་རྣམས་སྐད་དུ་མི་བྱ། འདིས་འདུ་བར་མི་བྱ།

ཆད་པའི་དགེ་སློང་དང་སྤངས་པ་རྣམས་བདུན་གྱི་དགེ་སློང་གཉིས་ལྷན་ཅིག་ཏུ་མི་འདུ། གང་བྱས་པའི་ཕྱིར་ཆད་པ་སྤང་། ཆད་པ་པའི་དགེ་སློང་གིས་སྔ་མའི་ཉེས་པ་འགྱོད་དེ་ཕྱིན་ཆད་མི་བྱ་བར་ཡི་དམ་བཅའ། གཞན་ཉེས་པ་དག་ཀྱང་ངོ་། །ལྷག་མའི་ཆད་པ་བྱེད་པའི་ཚེ་ཕྱིན་ཆད་

ཉེས་བྱས་དང་ལྟུང་བ་ཡན་ཆད་ཀྱང་མི་བྱའོ་ཞེས་ཡི་དམ་བཅའ་ཞིང་ནན་ཏན་དུ་བསྲུང་། ཚངས་པ་མཚུངས་པར་སྤྱོད་པ་ལ་ཉེས་པ་མི་བྱ། ཆད་པ་པའི་དགེ་སློང་གིས་དགེ་སློང་གཙང་མ་ལ་ཉེས་པ་མི་བྱ་ཞིང་ཡིད་ལ་འང་ངན་སེམས་མི་བསྐྱེད། དཀའ་བའི་དོན་མེད་པར་མ་གྱུར་ཅིག་ཅེས་ཡིད་ལ་བྱ།

ལྷག་མའི་ཆད་པ་བྱེད་པའི་ཚེ་ཆད་པ་འདི་ནམ་བྱུང་བ་དང་ཐབས་ཅི་ལྟར་བྱས་ན་དགེ་འདུན་འབྱུང་སྙམ་དུ་རྟག་པར་ཡིད་ལ་བསམ་ཞིང་ནན་ཏན་བྱ། ནང་པར་ལངས་ནས་སྒོ་དབྱེ། ཆད་པ་པའི་དགེ་སློང་གིས་ནང་པར་ལངས་ནས་སྒོ་ལ་སོགས་པ་དབྱེ། མེ་མར་སྣོད་དབྱུང་། ཆད་པ་པའི་དགེ་སློང་

གིས་ནུབ་མོ་གཙུག་ལག་ཁང་དུ་མེ་མར་བུས་ལ་དགེ་འདུན་སླད་རོལ་ཆེ་ཆུང་དུ་གཤེགས་པའི་ལམ་དུའང་བུད། གཙུག་ལག་ཁང་གི་ཆག་ཆག་དང་། །ཕྱག་དར་དང་རབ་ཏུ་གཞོན་ནུའི་ལྕི་བའི་བྱུག་པ་སྦྱིན། ཆད་པ་པའི་དགེ་སློང་གིས་གཙུག་ལག་ཁང་གི་ནང་དུ་མིང་གིས་སྨོས་པ་འདི་

རྣམས་བྱ། བཤང་གཅིའི་གནས་བཀྲུ །ཆད་པ་པས་བྱ་དུས་དང་འབྱོར་པའི་ཕྱི་བ་དང་ས་དང་ཆུ་གཞག །ཆད་པ་པའི་དགེ་སློང་གིས་བཤང་གཅིའི་སར་དུས་དུས་སུ་བཀྲུ་བའི་ཆུ་དང་ཕྱི་བའི་ས་ལ་སོགས་པ་གཞག །དགུན་གྲང་བའི་ཚེ་ཆུ་དྲོན་གཞག་དབྱར་ཚ་བའི་ཚེ་ཆུ་གྲང་གཞག་ཝ་བཀྲུ །

ཆད་པ་པའི་དགེ་སློང་གིས་ཝ་ལ་བཤང་གཅིས་འབགས་པ་ཐམས་ཅད་བཀྲུ། །སྟན་གདིང་། ཆད་པ་པའི་དགེ་སློང་གིས་སྟན་གདིང་བ་ནི་དགེ་འདུན་བཤོས་གསོལ་བ་དང་ཆོས་གསན་པའི་གདན་དུས་སུ་གདིང་། དུས་ཤེས་པར་བྱ་སྟེ་ཕོག་དང་དེའི་སྣོད་གཞག་ཆད་པ་པའི་དགེ་སློང་གིས་དུས་

เล่ม ๑๖๕ · หน้า 309b

དུས་སུ་དགེ་འདུན་གཙུག་ལག་ཁང་དུ་ཕྱག་བཞེས་པའི་ཕྱིར་མེ་ཏོག་དང་པོག་སྤོས་ལ་སོགས་པ་བསོག །དེ་སྟེ་ནུས་ན་སྟོན་པའི་ཡོན་ཏན་བརྗོད་ན་ཡང་ངོ་། །ཆད་པ་པའི་དགེ་སློང་གིས་དགེ་འདུན་གཙུག་ལག་ཁང་དུ་ཕྱག་བཞེས་ནས་བསྐོར་བའི་ཚེ་པོག་ཐོགས་ཏེ་དང་པོར་སོང་ལ་སངས་རྒྱས་ལ་སྟོཏྟྲ་

བཀླག །དེ་སྟེ་མ་ཡིན་ན་ཆད་པ་ལ་བསྐོ། །ཆད་པ་པ་སྟོཏྟྲ་མི་ཤེས་ན་རོགས་པོ་མཛའ་བོ་ལ་གསོལ་བ་བཏབ་སྟེ་སྟོཏྟྲ་ཀླག་ཏུ་གཞུག་ཚོགས་ནས་གཎྜཱི་བརྡུང་། ཆད་པ་པའི་དགེ་སློང་གིས་བཤོས་ལ་སོགས་པ་ཚོགས་ནས་གཎྜཱི་བརྡུང་། དེ་སྟེ་ཚེ་ཆ་ན་དགེ་སློང་ལ་བསླབ། ཆད་པ་པའི་དགེ་སློང་

གིས་ཉི་མ་ཚ་བའི་ཚེ་དགེ་འདུན་བཤོས་གསོལ་བ་ལ་བསིལ་ཡབ་ཀྱིས་གཡབ་པོ། །ཐམས་ཅད་རབ་ཏུ་རྫོགས་པའི་ཐ་མར་དེའོ། །ཆད་པ་པའི་གྲལ་ནི་ཁྲིམས་རྫོགས་པ་ཐམས་ཅད་ཀྱི་མཇུག་ཚེ་ལུས་ཐམས་ཅད་ཀྱི་སྟེང་དུ་འདུག་གོ། །བཟའ་བ་བྱས་ནས་མལ་སྟན་གཡོགས་པར་སྦ། ཆད་པ་

པའི་དགེ་སློང་གིས་དགེ་འདུན་བཤོས་གསོལ་ཟིན་ནས་དགེ་འདུན་གྱི་གདན་ལ་སོགས་པ་སྤྲུགས་ཏེ་བལྟབ་ལ་མལ་སྟན་གྱི་ཁང་བུའམ། གནས་དབེན་པར་གཞག །ལྷུང་བཟེད་ཀྱི་གཞི་དོར། ཆད་པ་པའི་དགེ་སློང་གིས་གདན་བརྟུལ་ནས་ལྷུང་བཟེད་ཀྱི་གཞི་རྩྭ་དང་ས་ལ་བྲལ་བྲུལ་ལུས་

པ་ཐམས་ཅད་ཕྱགས་ཏེ་དོར། དུས་ཤེས་པར་བྱས་ཏེ་མཆོད་རྟེན་ཕྱགས། ཆད་པ་པའི་དགེ་སློང་གིས་དུས་དུས་སུ་མཆོད་རྟེན་ཐམས་ཅད་ཕྱགས་ཤིང་ཕྱི་བདར་བྱ། རབ་ཏུ་གཞོན་ནུའི་ལྕི་བའི་བྱུག་པ་སྦྱིན། ཆད་པ་པའི་དགེ་སློང་གིས་དགེ་འདུན་འདུ་བའི་སར་གཙུག་ལག་ཁང་དུ་བ་ལང་གི་

ལྕི་བས་བྱུག །འདུ་བའི་དུས་སུ་གདིང་བ་ནས་ཡོན་ཏན་གྱི་བར་དུ་ཆུད་པའོ། །ཆད་པ་པའི་དགེ་སློང་གིས་ནུབ་མོ་དགེ་འདུན་འདུ་བའི་སར་གདན་བཏིང་ལ་དགེ་བརྟག་བྱ། དེ་སྟེ་ནུས་ན་ཞག་བརྗོད། ཆད་པ་པའི་དགེ་སློང་གིས་དགེ་བརྟག་བྱས་པའི་འོག་ཏུ་ཞག་གྲངས་འདི་སྙེད་འདས་སོ་

ཞེས་དགེ་འདུན་ལ་བརྗོད། མི་ནུས་ན་དགེ་སློང་གཞན་བསྐོ། ཆད་པ་པའི་དགེ་སློང་གིས་དགེ་བརྟག་བྱ། མི་ནུས་ན་གཞན་སུ་ནུས་པ་ལ་བཅོལ་ཏེ་གསོལ། ཆད་པ་པའི་དགེ་སློང་དག་གིས་རྐང་པ་ནུབ་མོ་བཀྲུ། ཆད་པ་པའི་དགེ་སློང་གིས་དགུན་དང་དབྱར་ལ་སོགས་པའི་

เล่ม ๑๖๕ · หน้า 310a

དུས་བཞིན་དུ་ཆུ་གྲང་དྲོར་སྦྱར་ཏེ་དགེ་འདུན་གྱི་རྐང་པ་བཀྲུ། དུས་དང་འབྱོར་པའི་ཆུས་སོ། །བསྐུ་བ་ཡང་ངོ་། །ཆད་པ་པའི་དགེ་སློང་གིས་དགེ་སློང་དག་གི་རྐང་པ་བཀྲུས་ནས་སྣུན་གྱིས་བསྐུ། མི་འདོད་ན་སྣུམ་དབུལ། ཆད་པ་པའི་དགེ་སློང་གིས་ལྟག་མ་ལྟར་ཆད་པ་པའི་དགེ་

སློང་གི་རྐང་པ་བཀྲུ་ཞིང་སྣུམ་གྱིས་བསྐུས། བཏུབ་ན་ཕྱི་དེ་ཉིན་ཟས་བཟང་པོ་དང་ཁུར་བ་དབུལ་གཙུག་ལག་ཁང་གི་མཐའ་འཁོབ་ཏུ་འོས། ཆད་པ་པའི་དགེ་སློང་གིས་ཆད་པ་བྱེད་པའི་ཚེ། གཙུག་ལག་ཁང་གི་ནང་ནས་གནས་ཁང་ངན་པ་གཅིག་ཏུ་གཞག །རིགས་པ་ནི་རྙེད་པ་ཐམས་ཅད་

ལའོ། །དད་པའི་བྲམ་ཟེའམ་ཡོན་བདག་གཅིག་གིས་དགེ་འདུན་གྱི་སྤྱིར་ཡོན་ཕུལ་བ་ལ་ཆད་པ་པའི་དགེ་སློང་ཡང་ཕལ་དང་འདྲ་བའི་ཡོན་སྐལ་སྦྱིན། དགེ་བའི་ཕྱོགས་བྱ། དགེ་སློང་ཆད་པ་པས་ཆད་པ་བྱེད་པའི་ཚེ་དུས་གསུམ་དུ་བདག་གི་དགེ་བ་རྒྱུན་མི་ཆད་པར་བྱ། དེ་བཞིན་དུ་འདིར་

དེའི་རང་བཞིན་ཚོལ་བ་དང་སློབ་པ་སྦྱིན་པའོ། །མི་ཚངས་པར་སྤྱོད་ན་ཚེ་གཅིག་ཏུ་སློབ་པ་བྱིན་པའི་དགེ་སློང་དང་ལྟུང་བ་སྡེ་ལྔ་ལས་གང་བྱུང་གཏོལ་མེད་དེ་ཐེ་ཚོམ་ཟོས་ནས་རང་བཞིན་ཚོལ་དུ་བཅུག་པའི་དགེ་སློང་གཉིས་ཀྱི་སྟེང་དུ་སྨོས་པའི་ཆད་པ་པས་བྱའོ་ཞེས་བྱ་བ་ཐམས་ཅད་བྱའོ། །བཤད་པ་

ནི་མ་ཡིན་ནོ། །ཚེ་གཅིག་ཏུ་སློབ་པ་བྱིན་པ་དང་རང་བཞིན་ཚོལ་དུ་བཅུག་པའི་དགེ་སློང་གཉིས་ཀྱིས་སོ་སོར་ཐར་པ་འཆད་པའི་ཚེ་དགེ་སློང་གཙང་མ་ལ་ཁ་ཐོན་ཤེས་པ་མེད་ཀྱང་སོ་སོར་ཐར་པ་མི་བཤད། སྔ་མ་ནི་བཤགས་པས་རང་བཞིན་དུ་ཆུད་དོ། །ལྟུང་བ་སྡེ་ལྔ་ལས་གང་བྱས་གཏོལ་མེད་དེ་

ཐེ་ཚོམ་ཟོས་ནས་རང་བཞིན་ཚོལ་དུ་བཅུག་པའི་དགེ་སློང་ནི་ནམ་དྲན་ནས་དགེ་སློང་ལ་མཐོལ་ན་གཙང་མར་འགྱུར་རོ། །ཕྱི་མ་ནི་དགྲ་བཅོམ་པར་ན་འོ། །དགེ་སློང་གི་ཚངས་པར་སྤྱད་ནས་ཚེ་གཅིག་ཏུ་སློབ་པ་བྱིན་པ་ནི་ནམ་དགྲ་བཅོམ་པར་གྱུར་ན་གཙང་མར་ཆུད། སྒོ་དབྱེ་ཚུན་ཆད་གཙུག་ལག་

ཁང་པ་ལ་སོགས་པར་ཡང་བྱས་པ་བཞིན་དུ་སྤྱད་པའོ། །ལྷག་མའི་ཆད་པ་དང་མགུ་བ་བྱེད་པའི་ཞག་གྲངས་ཁོ་ནར་དབྱུང་དུ་དགེ་འདུན་ཉི་ཤུར་མ་ཚང་ངམ་ཚང་ཡང་ཡན་ལག་དང་མ་ལྡན་ན་དགེ་འདུན་ཉི་ཤུར་ཚང་གི་བར་དུ་བསྡད། དེ་ལྟར་སྡོད་པའི་ཚེ་དགེ་འདུན་ཚང་ཚང་གི་བར་དུ་ཆད་པ་དང་

เล่ม ๑๖๕ · หน้า 310b

མགུ་བ་རྒྱུན་མི་ཆད་པར་བྱ་བའང་མ་ཡིན་བར་དུ་བཅད་དེ་ཡོད་བཏང་བའང་མ་ཡིན་གྱི་དགེ་འདུན་ཉི་ཤུར་ཚང་ཚང་གི་བར་དུ་ལས་འདི་རྣམས་བྱའོ། །བསྡུས་པའི་དངོས་འདྲིས་པའི་འོག་གི་མདོ་ཆད་པ་དང་ཞེས་ཟེར་བ་མན་ཆད་འོག་མའི་མདོ་དཀའ་བའི་དོན་མེད་པར་མ་གྱུར་ཅིག་ཅེས་བྱས་ཏེའོ་ཞེས་འབྱུང་

བ་ཡན་ཆད་ཀྱི་ཆད་པའི་ལས་ཐམས་ཅད་བྱ་དེ་མན་ཆད་ཀྱི་ཆད་པའི་ལས་ནི་བྱ་མི་དགོས། དེ་ལྟར་ཆད་པ་བྱེད་པའི་ཚེ། གཙུག་ལག་ཁང་གི་ནང་ན་གང་ངན་པ་གཅིག་ཏུ་བཞུགས་ཏེ་དགེ་འདུན་སྤྱིར་ཡོན་ཕུལ་བའི་སྐལ་ཡང་སྦྱིན་ནོ། །དེ་བཞིན་དུ་སྤྱོད་པ་དང་སྨད་པ་དང་བསྐྲད་པ་དང་བརྟལ་བ་དང་

སྤངས་པ་དག་ཀྱང་ངོ་། །དགེ་འདུན་གྱི་སྤང་བ་རྣམ་བདུན་གྱིས་ཆད་པའི་དགེ་སློང་སྤངས་པའི་གནས་ནས་འདུག་པའི་ཚེ་ཆད་པ་དང་ལས་བྱ་བའམ་མི་བྱ་བའི་སྐབས་དང་གནས་ནི་མདོ་ལྟག་མ་བཞིན་དུ་བྱས་ཏེ་དགེ་འདུན་ཡོན་ཕུལ་བའི་ཡོན་སྐལ་ལ་ནི་མི་དབང་སྔོན་སྤངས་པའི་ཆད་པ་མ་བྱུང་བའི་ཚེ་

སྤྱིར་ཡོན་ཕུལ་བ་ལས་སྤང་བའི་འོག་ཏུ་དགོས་པའི་སྐལ་བ་ནི་དབང་སྟེ་བླངས་ཀྱང་ཉེས་མེད་ལ་དགེ་འདུན་གྱིས་སྦྱིན། བཤད་པ་ནི་མ་ཡིན་ནོ། །སོ་སོར་ཐར་པའི་ཚེ་དགེ་སློང་གཙང་མ་ལ་ཁ་ཐོན་ཤེས་པ་མེད་ཀྱང་མདོ་གོང་མ་ལྟར་སྤང་བ་རྣམ་བདུན་གྱིས་ཆད་པས་བཅད་པའི་དགེ་སློང་གིས་མི་ཀླག །

སྤངས་པ་འདི་དག་གིས་སྤངས། སྤང་བ་རྣམ་བདུན་གྱིས་ཆད་པས་བཅད་པའི་དགེ་སློང་གཙང་མ་དང་ལྷན་ཅིག་མི་འཁོད་ཅིང་གཏམ་མི་བྱ་བ་དང་ཁ་ཟས་མི་སྤྱད། མི་རིགས་པ་ནི་དེའི་ཕྱིར་རྙེད་པ་ལའོ། །སྤང་བ་རྣམས་བདུན་གྱི་ཆད་པས་བཅད་པའི་དགེ་སློང་མཚན་མ་བཏང་གི་བར་དུ་དགེ་

འདུན་སྤྱིར་ཡོན་ཕུལ་བས་ཤས་མི་སྦྱིན་མ་སྤངས་པའི་སྔ་རོལ་གྱི་ཡོན་ནི་དབང་ངོ་། །བྱེ་བ་བཞིན་དུའོ། །དགེ་སློང་དགེ་བ་དང་མི་དགེ་བ་སྡེ་གཉིས་སུ་གྱུར་པ་ལ་ཕན་ཚུན་གཏམ་དང་ཁ་ཟས་མི་སྤྱད་པ་བཞིན་དུ་སྡང་བ་རྣམ་བདུན་གྱིས་ཆད་པས་བཅད་ལའང་ཁ་ཟས་ལ་སོགས་པ་མི་སྤྱད་པ་དང་མི་དགེ་

བ་བཞིན་དུ་བལྟ། དེ་བཞིན་དུ་བྱེ་བ་ལ་ཆོས་མ་ཡིན་པའི་སྐྱབས་སོ། །དགེ་སློང་དགེ་མི་དགེ་རྣམ་པ་གཉིས་སུ་གྱུར་པའི་ཚེ། དགེ་སློང་གཅིག་ཅིག་ལུས་དགེ་བའི་ནང་ན་འདུག་ལ་སེམས་མི་དགེ་བའི་ནང་དུ་ཕྱོགས་པར་དགེ་འདུན་གྱིས་ཤེས་ན་དགེ་འདུན་གྱིས་སྟེང་དུ་མགུ་བ་བྱས་ལ་དབྱུང་དུ་དགེ་

เล่ม ๑๖๕ · หน้า 311a

འདུན་མ་ཚང་ན་དགེ་འདུན་དུ་ཚང་གི་བར་དུ་ཆད་པ་བྱ་བ་དང་མི་བྱ་བའི་སྐབས་བྱ་བ་བཞིན་དུ་འདིར་ཀྱང་དེ་བཞིན་བྱ། མི་སྐྱེ་བ་ནི་རང་བཞིན་དུ་མི་གནས་པ་ལ་སྟེ་ཆད་པ་དང་མགུ་བར་བྱ་བ་དང་བསླབ་པ་སྤྱོད་པའོ། །དགེ་འདུན་གྱིས་ལྷག་མའི་ཆད་པ་དང་མགུ་བ་བྱེད་པ་དང་ཚེ་གཅིག་ཏུ་

སློབ་མ་བྱིན་པ་གསུམ་གྱིས་གཙང་མའི་དགེ་སློང་གཉིས་གསུམ་ཞིག་ལ་ཆད་པ་དང་མགུ་བ་བྱས་པར་མི་ཆུད། དགེ་འདུན་ནམ་ཡིན་པ་ལ་ཡང་ངོ་། །མདོ་གོང་མ་ལྟར་ཆད་པས་བཅད་པའི་དགེ་སློང་གིས་གཙང་མའི་དགེ་འདུན་དུ་མ་ཚང་པ་ལ་ཆད་པ་དང་མགུ་བ་བྱས་ཀྱང་ཚངས་པར་མི་ཆུད་དོ། །དེའི་

གནས་སུ་ཞུགས་པ་ལས་ཆད་ན་ཡང་ངོ་། །མཚམས་གཅིག་གི་དགེ་འདུན་ཉི་ཤུ་ཞིག་འཁོད་པ་ལས་གྲངས་བཅད་དེ་སོ་སོར་བསྔོས་ནས་འདི་ལ་བྱ་འདི་ལ་མི་བྱ་ཞེས་བྱས་ཏེ་ཆད་པ་བྱས་ན་ཆད་པ་བྱས་པར་མི་ཆུད་དོ། །མངས་ཞེས་མི་སྤང་ཆད་པ་པའི་དགེ་སློང་གིས་ཐོག་མ་ཆད་པ་བྱུང་བའི་གནས་ན་

དགེ་འདུན་དུ་ལོངས་པ་ཡོད་བཞིན་དུ་འདི་ལ་མི་བྱའི་གུང་དུ་དགེ་འདུན་ཉུང་ངུ་ལ་ཆད་པ་བྱའོ་ཞེས་ཟེར་ཏེ་སོང་ནས་ཆད་པ་བྱས་པ་ནི་ལས་སུ་མི་རུང་ལ་ཉེས་བྱས། གནས་བརྟན་དང་སོ་སོར་ཐར་པ་དང་བཅས་པར་ནན་ཏན་བྱ། ཆད་པ་པའི་དགེ་སློང་གིས་ཐོག་མ་ཆད་པ་བྱུང་བའི་གནས་ན་དགེ་འདུན་ཡོན་

ཏན་དང་མི་ལྡན་ཞིང་གནས་བརྟན་དང་སོ་སོར་ཐར་པ་འཆད་པ་མེད་ན་གཙུག་ལག་ཁང་གཞན་གྱི་དགེ་འདུན་ལ་ཆད་པ་བྱས་ཀྱང་ཉེས་མེད། གང་དུ་དར་གསུམ་ལ་སོགས་པ་ཐམས་ཅད་དུ་གཏོགས་པ་སྤྱོད་པས་དེར་སྤྱད། ཆད་པ་དང་མགུ་བར་བྱེད་པ་དང་ཚེ་གཅིག་ཏུ་སློབ་པ་བྱིན་པ་གསུམ་གྱིས་

དགེ་འདུན་ལ་ཆད་པ་བྱར་མི་རུང་གི་ཆད་པ་པ་ཉིད་དགེ་འདུན་དུ་ལངས་པས་ཆད་པ་བྱས་ན་བྱས་པར་མི་ཆུད་དོ། །ཐོག་མ་ལས་གཞན་དུ་སྐྱ་རེངས་འབྱུང་བར་མི་བྱ། ཆད་པ་བྱེད་པའི་ཚེ་རྐྱེན་བྱུང་བ་ལ་སྔགས་ཀྱིས་བསྔོས་ཏེ་འགྲོ་བ་ནི་མ་གཏོགས་ཆད་པའི་ཞག་གྲངས་མ་འཁོར་གྱི་བར་དུ་མཚམས་

ཀྱི་ཕྱི་རོལ་དུ་ཞག་གཅིག་སྐྱ་རེངས་འབྱུང་བར་མི་གནས། བྱ་བ་འདས་པ་དགེ་འདུན་འཁོར་བ་ལ་བརྗོད། ཆད་པ་དང་མགུ་བ་བྱེད་པའི་ཚེ་ནུབ་མོ་དགེ་འདུན་འདུས་པ་ལ་བདག་གི་ཞག་གྲངས་སྔ་མ་འདི་སྙེད་ཅིག་ནི་འདས་འདི་སྙེད་ཅིག་ནི་ཕྱི་ན་ལུས་ཞེས་གསོལ་ཞིང་བརྗོད། ཉིན་རེ་ཞིང་བྱ་བ་ནི་དེ་སྟེང་རིང་

เล่ม ๑๖๕ · หน้า 311b

དུ་མི་སྤྱད་པ་ཡང་མ་ཡིན་ནོ། །ཆད་པ་པ་དང་མགུ་བར་བྱེད་པའི་ཚེ་ཞག་གྲངས་ཉུང་ན་སྔ་མ་ལྟར་ཉིན་རེ་བཞིན་བརྗོད་པ་ཡིན་ན་ཆད་པ་ཟླ་བ་གཉིས་གསུམ་གྱིས་བཅད་ན་ཉི་མ་གསུམ་ཞིང་དགེ་འདུན་ལ་ཞག་འདི་ཉིད་ཅིག་འདས་སོ་ཞེས་གསོལ་ཞིང་བརྗོད། འདིར་གསུམ་མམ་བཞིའོ། །ཆད་པ་པ་ལ་

གསུམ་བཞི་ཞིག་བྱེད་པའི་ཚེའང་ཉི་མ་གསུམ་ཞིང་དགེ་འདུན་ལ་ཞག་འདི་སྙེད་ཅིག་འདས་སོ་ཞེས་གསོལ་ཞིང་བརྗོད། དགེ་སྦྱོང་དང་ཁྱིམ་པ་འཁོད་ན་མི་གསོལ། དོན་འདི་བྱེད་པ་དེས་ཟུར་མི་བྱ། ཆད་པ་བྱེད་པའི་ཚེ་དགེ་སློང་གཙང་མ་པས་ངོ་ཚ་བ་དང་སྨད་པར་བྱ། དེ་སྟེ་འཐབ་མོ་བྱེད་

པར་འོངས་པར་ཐོས་ཏེ་འཇིགས་ན་དགེ་འདུན་ནམ་གང་ཟག་གི་གནས་སུ་བཏང་། ཆད་པ་པའི་དགེ་སློང་ཆད་པ་བྱེད་པའི་ཚེ་གུད་ནས་དགེ་སློང་འཐབ་མོ་པ་ཞིག་འོང་བར་ཐོས་ན་དགེ་འདུན་ནམ་གང་ཟག་གི་དྲུང་དུ་འཐབ་མོ་པ་སླར་མཆིས་ཀྱི་བར་དུ་བདག་གི་ཆད་པ་བཏང་ངོ་ཞེས་གསོལ་ཏེ་སྔོན་གྱི་

གྲལ་གར་བབ་པར་འདུག་ལ། ཕྱིས་འཐབ་མོ་པ་སོང་ནས་སྔོན་ཞག་ཇི་སྙེད་བྱས་པའི་མཇུག་ནས་བཟུང་སྟེ་བྱ་བདག་གིས་དགེ་འདུན་ལ་ནི་ལན་གསུམ་དུ་བཟླས། འཇིགས་པ་དང་བྲལ་ནས་དེ་ཉིད་དུ་བླངས། མདོ་གོང་མ་ལྟར་འཐབ་མོ་པ་སོང་ནས་ཆད་པ་པའི་མཇུག་ནས་བཟུང་སྟེ་བྱ།

བདག་གིས་དགེ་འདུན་ལ་ནི་ལན་གསུམ་དུ་བཟླས། འཇིགས་པ་དང་བྲལ་ནས་དེ་ཉིད་དུ་བླངས། མདོ་གོང་མ་ལྟར་འཐབ་མོ་པ་སོང་ནས་ཆད་པ་པའི་མཇུག་སྔོན་གྱི་ཞག་གྲངས་ནས་བཟུང་སྟེ་བྱ་བའང་དགེ་འདུན་ལ་བདག་གིས་ལྷན་ཅིག་གསོལ་ཏེ་བྱིན། ཆད་པ་པ་མ་སོང་གི་བར་དུ་མི་བྱ།

གཞན་ལ་གནས་པའི་དངོས་པོའོ། །འདི་མན་ཆད་གནས་པ་ཐ་དད་པའི་དྲིས་པའི་དངོས་པོ་ལ་འཆད་དེ། དེའི་ཉིན་ཞག་གི་ཆད་པ་ནི་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གཡོགས་པ་གཅིག་ཏུ་ཆད་པ་དང་མགུ་བར་བྱེད་པ་སྤྱོད་པ་དང་ལྷན་ཅིག་ཏུ་ཉལ་ནའོ། །ཆད་པ་དང་མགུ་བར་བྱེད་པའི་ཚེ་

དགེ་སློང་གཙང་མ་དང་ལྷན་ཅིག་ཏུ་ཉལ་ན་ཞག་ཏུ་ཉལ་བ་ཆད་པ་དང་མགུ་བར་བྱེད་པའི་ཞག་གྲངས་ལ་མ་གཏོགས་ཏེ་འབྱུང་ངོ་། །མཚམས་ཀྱི་ཕྱི་རོལ་དུ་ཡང་ངོ་། །ཆད་པ་པ་ཆད་པ་བྱེད་པའི་ཚེ་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ཉིད་ཀྱང་ཞག་གྲངས་སུ་མི་ཆུད་པའི་སྟེང་དུ་ཆད་པ་སྔ་མ་བྱས་པའི་ཞག་

เล่ม ๑๖๕ · หน้า 312a

གྲངས་ལའང་ཕྱི་རོལ་དུ་སོང་བ་དབྲིའོ། །མ་བརྗོད་ན་ཡང་ངོ་། །ཆད་པ་ཟླ་བ་གཅིག་གིས་བཅད་དེ་བྱེད་པའི་ཚེ་ཞག་གསུམ་ཞིང་དགེ་འདུན་ལ་ཞག་འདི་སྙེད་ཅིག་བརྗོད་པ་ལས་དེ་ཞག་བཞི་ཉིན་པར་བརྗོད་པ་ནི་ཉེས་མེད་དེ་བཞི་ལས་འདས་ན་ཆད་པ་སྔ་མ་བྱས་པའི་ཞག་གྲངས་

ལས་ཞག་བཞི་དབྲིའོ། །བསྙེན་པ་པ་དེའི་མཚམས་ནི་མི་ཉེ་ན་མི་སྐྱེ། མདོ་གོང་མ་ལྟར་དགེ་འདུན་ལ་བརྗོད་པ་ནི་མཚམས་ཀྱི་ཕྱི་རོལ་དུ་བརྗོད་ན་ཞག་གསུམ་ཞིང་བརྗོད་ཀྱང་ཆད་པ་སྔ་མ་བྱས་པའི་ཞག་གྲངས་ལས་ཞག་གསུམ་དབྲིའོ། །ཉེས་མེད་པ་ནི་དེའི་ཉིན་པར་ལྡོག་ན་མཚམས་གཞན་དུ་

སོང་ན་ཡང་ངོ་། །ཆད་པས་བཅད་པ་དེ་ཆད་པ་བྱེད་པའི་ཚེ་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་ཞག་མ་ལོན་པར་སླར་འོངས་པ་ནི་ཉེས་མེད། ཆད་པ་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་ཏུ་ཆད་པ་པ་མི་ཉལ། ཆད་པ་པ་མང་ཞིག་འཁོད་དེ་ལྷན་ཅིག་ཉལ་ན་ཉེས་བྱས་སུ་འགྱུར་བས་གནས་ཐ་དད་དུ་

འཁོད། མུར་འདུག་གི་ཆད་པ་ལ་གནས་པ་དང་དེར་ལྷན་ཅིག་ཏུ་ན་འདིར་ཉེས་མེད་དོ། །མུར་འདུག་རབ་ཏུ་འབྱུང་བའི་ཚེ་སེམས་བརྟགས་པའི་ཕྱིར་ཟླ་བ་གཅིག་དགེ་འདུན་གྱི་འཁོར་དུ་གཞག་པ་དང་། ལྷན་ཅིག་ཉལ་བ་ཉེས་མེད་དོ་ཞེས་བྱི་ཤུ་ཏས་བཤད། མུར་འདུག་སེམས་བརྟག་

པའི་ཕྱིར་ཟ་བ་གཅིག་ཏུ་གཞག་པའང་ལྷན་ཅིག་ཏུ་ཉལ་ན་ཉེས་མེད་དོ་ཞེས་བྱི་ཛ་ཡས་བཤད། ས་གཞན་དུ་གནས་པ་སྤྱད་པ་དངོས་ཏེ་དྲིས་པའོ། །འདི་མན་ཆད་འདུལ་བའི་དངོས་པོ་ལ་འཆད་དེ། མ་གྲགས་པ་ནི་རྩ་བ་མ་ཡིན་ནོ། །དགེ་སློང་ཞིག་གིས་ལྟུང་བ་སྡེ་ལྔ་ལས་གང་ཡང་རུང་སྟེ་བྱུང་ན་

དོགས་པ་ནི་མི་བཙན་གྱི། མཐོང་བ་དང་ཐོས་པས་བརྒལ་བ་དང་གླེང་བ་ནི་ཉེས་མེད། མི་སྐྱེ་བ་ནི་དབྱུང་བའི་སྨྲ་བ་ཟིན་ནས་དབྱུང་བ་བཞག་པའོ། །དགེ་སློང་ཚུལ་ནས་དབྱུང་བའི་ཚེ་ཚུལ་ནས་མ་བྱུང་བར་དགེ་སློང་ཡོན་ཏན་དང་ལྡན་པ་ཞིག་ན་རེ་ཁྱོད་ཚུལ་ནས་མ་འབྱུང་ཤིག་ཅེས་ཟེར་ན་མི་

འབྱུང་བྱུང་ཟིན་པའི་འོག་ཏུ་དེ་སྐད་ཟེར་བ་མི་བརྩན། དེ་བཞིན་དུ་ནད་པ་ལ་བྱེད་ན་ཡང་ངོ་། །དགེ་སློང་ཚུལ་ནས་བྱུང་བའི་ཚེ་ནད་པ་ཞིག་ན་རེ་ཁྱོད་དང་བཅད་པ་ཡོད་ཀྱིས་རེ་ཞིག་ཚུལ་ནས་མ་འབྱུང་ཤིག་ཅེས་ཟེར་བ་ལས་བྱུང་བ་ནི་ཉེས་མེད་དོ། །ཕོ་ཉས་ཀྱང་ངོ་། །ནད་པའི་བང་ཆེན་གྱིས་

เล่ม ๑๖๕ · หน้า 312b

མ་འབྱུང་ཤིག་ཅེས་ཟེར་བའང་མི་བརྩན་ཏེ་འབྱུང་། ནད་པ་ལ་ཡང་ངོ་། །ནད་པ་ཚུལ་ནས་འབྱུང་བའི་ཚེ་མི་ན་བ་ཞིག་གིས་ཁྱོད་སྐད་ཅིག་ཚུལ་ནས་མ་བྱུང་ཤིག་ཅེས་ཟེར་ན་མི་བསྡད་པར་བྱུང་ཡང་ཉེས་མེད། བས་མི་བླང་། མདོ་གོང་མ་ལྟར་ཚུལ་ནས་འབྱིན་པའི་ཆེ་ནད་པ་དང་ཕོ་ཉ་ལྟ་བུ་ཞིག་ན་

རེ་ཚུལ་ནས་མ་བྱུང་བར་སྡོད་ཅིག་ཅེས་ཟེར་བའི་ཚེ་ཁས་མི་བླང་བར་འབྱུང་ངོ་ཞེས་བྱ། ཚེ་དང་ལྡན་པ་ཁྱོད་སྡོད་ཅིག་ཁྱོད་ནད་པ་སྟེ་སྦྱོར་བ་མི་བཟོད་ཀྱིས་ཞེས་སོ། །དགེ་སློང་ཚུལ་ནས་འབྱུང་བའི་ཚེ་ནད་པ་ཞིག་ན་རེ་ཚུལ་ནས་མ་བྱུང་བར་སྡོད་ཅིག་ཅེས་ཟེར་ཞིང་རྒོལ་ཞིང་འོང་བ་ལ་ཚེ་དང་ལྡན་པ་ཁྱོད་

ནད་པ་ཡིན་ཏེ་དབང་པོ་ཉམས་ཤིང་རྒོལ་ནི་མི་ནུས་ཀྱིས་རེ་ཞིག་སྡོད་ཅིག་ཅེས་བསྒོ་སྟེ་དགེ་འདུན་གྱིས་དགེ་སློང་ཚུལ་ནས་དབྱུང་ངོ་། །ཚེ་དང་ལྡན་པ་ནད་པའི་ཕོ་ཉ་འདི་རྒོལ་མི་རུང་ངོ་ཞེས་སླར་བསྒོ། དགེ་སློང་ཚུལ་ནས་འབྱུང་བའི་ཚེ་ནད་པའི་ཕོ་ཉ་ཞིག་འོངས་ཏེ་རེ་ཞིག་མ་འབྱུང་ཤིག་ཅེས་པ་

ལ་དགེ་འདུན་གྱིས་འདི་སྐད་དུ་བསྒོ། ནད་པ་ཉིད་དབང་པོ་ཉམས་པས་རྒོལ་བ་ལ་སོགས་པའི་ཚིག་མི་བརྩན་གྱི་སྡོད་ཅིག་ཅེས་དེ་ལ་བསྒོ་སྟེ་དགེ་སློང་ཚུལ་ནས་དབྱུང་ངོ་། །བྱས་པའམ་བྱེད་པའི་རང་བཞིན་མ་ཆུད་པར་གླེང་པ་ཡང་ངོ་། །ཚུལ་ཁྲིམས་མི་ཤེས་པའི་དགེ་སློང་ཞིག་གིས་དགེ་

སློང་གཙང་མ་ལ་ཕས་ཕམ་པ་བཞིས་སྐུར་བ་ལྟ་བུ་ནི་མི་བརྩན་གྱི་སྐུར་བ་ནི་གང་སྐུར་པའི་ཉེས་པ་དང་སྦྱར། ལྷག་མ་ཡང་དུས་མ་ཡིན་པར་མི་འཇུག །ལྟུང་བ་སྡེ་ལྔ་ལྟ་བུ་ཞིག་གིས་ཕ་རོལ་ལ་རྒོལ་བའི་ཚེའང་ལས་བྱེད་པ་དང་འབྲེལ་པའི་སྐབས་སུ་མི་བརྒལ་གྱི་དལ་བའི་སྐབས་སུ་བརྒལ།

དྲན་པ་དང་ཤེས་བཞིན་པ་གཞག་པར་མ་ཡིན། ཚུལ་ནས་འབྱུང་བ་དང་ཐོས་པ་དང་མཐོང་བ་ལྟ་བུས་རྒོལ་བའི་ཚེ་བརྒལ་ན་ཉེས་སམ་མ་ཉེས་པ་དང་། བདག་གིས་མཐོང་བ་ལས་ལྷག་པར་བསྐུར་ཏམ་མ་བསྐུར་བར་བསམས་ཏེ་བརྒལ། གཅིག་ཏུ་མ་ཆད་པར་མ་ཡིན། སྟེང་མ་ལྟར་རྒོལ་བའི་

ཚེའང་དགེ་སྦྱོང་དང་ཁྱིམ་པའི་དྲུང་དུ་མི་བརྒལ་གྱི་དབེན་པར་བརྒལ། སྐབས་མ་ཕྱེ་བར་མ་ཡིན། མདོ་གོང་མ་ལྟར་རྒོལ་བའི་ཚེ་སྐབས་མ་ཕྱེ་བར་མི་བརྒལ། བྱུང་ན་དེར་རོ། །ཚུལ་ནས་འབྱུང་བའི་ཚེ་ན་དགེ་སློང་སོ་སོ་ནས་ཐམས་ཅད་ཀྱིས་སྐབས་ཕྱེ་ཟིན་ནས་སྐབས་མ་ཕྱེ་བར་བརྒལ་

เล่ม ๑๖๕ · หน้า 313a

ཀྱང་ཉེས་མེད་མི་དྲན་ན་དྲན་པར་བྱ། ལྟག་མ་ལྟར་སྐབས་ཕྱེ་བའི་འོག་ཏུ་དགེ་སློང་ལ་བརྒལ་ཏེ་ཕ་རོལ་གྱི་ཉེས་པ་མི་དྲན་ན་དན་རྟགས་ཀྱིས་བརྒལ། འདི་མི་བྱེད་ལ་ཚིག་དང་བཅས་པ་འདིར་བྱ། ཕ་རོལ་ལ་རྒོལ་བའི་ཚེ་སྐབས་དབྱེར་གསོལ་ཏེ་སྐབས་འབྱེད་དུ་མི་བཏུབ་ན་ཚིག་

དང་བཅས་པ་བྱས་ཏེ་འོག་ནས་འཆད། ཚེ་དང་ལྡན་པ་ཚིག་དང་བཅས་པ་བྱའོ། །སྟེང་མ་ལྟར་སྐབས་དབྱེར་རུང་མ་བཏུབ་ན་ཁོ་བོ་ཅག་གཉིས་མི་བརྩན་གྱི་སྟེང་དུ་གུད་དུ་འགྲོར་མི་རུང་གིས་གནས་འདི་ན་ཁྱེད་སྐད་ཅིག་འདུག་ཅེས་བྱ། ཁྱོད་གནས་ནས་ང་ལ་མ་དྲིས་པར་འགྲོ་བར་མ་བྱེད་ཅིག །

ལྟག་མ་ལྟར་སྐབས་འབྱེད་དུ་མ་བཏུབ་ན་ངས་ཁྱོད་ལ་རྒོལ་བ་ཡོད་ཀྱིས་ང་ལ་མ་དྲིས་ཀྱི་བར་དུ་ཁྱོད་གུད་དུ་མ་འགྲོ་ཤིག་ཅེས་བསྒོ། །ཚེ་དང་ལྡན་པ་བརྟགས་པའི་ཚིག་ཡོད་དེ་ཞེས་སོ། །ལྟག་མ་ལྟར་སྐབས་འབྱེད་དུ་མ་བཏུབ་ན་བརྟགས་པའི་ཚིག་ཁྱོད་ལ་རྒོལ་བ་ཡོད་ཀྱི་ང་ལ་མ་དྲིས་ཀྱི་བར་དུ་གུད་དུ་

མ་འགྲོ་ཤིག་ཅེས་བསྒོ། །དེ་ལྟར་ཡང་དུལ་བར་མ་གྱུར་ན་མི་བཤད། གོང་མ་ལྟར་བྱས་ཀྱང་མ་དུལ་ཏེ་སྐབས་འབྱེད་དུ་མ་བཏུབ་ན་ཆོས་ལ་སོགས་པ་བདག་ལ་དྲི་བའི་རྣམས་ཀྱང་མི་བཤད། སྨྲ་བ་ལ་སོགས་པས་ཀྱང་འདི་ལ་ཟློག །སྐབས་འབྱེད་དུ་མ་བཏུབ་པའི་དགེ་སློང་དེ་དག་ལ་གཏམ་

ཟེར་ན་ལན་མི་བླན། ལམ་སྲང་ངམ་གྲོང་བར་ན་འདུག་ན་བྱོལ་ཏེ་འགྲོ། འོན་ཀྱང་ན་གསོ་སྦྱོང་གཞག་ཐབས་ལྟག་མ་ལྟར་བྱས་ཏེའང་མ་དུལ་ཞིང་སྐབས་མི་འབྱེད་ན་དེ་དང་ལྷན་ཅིག་ཏུ་གསོ་སྦྱོང་མ་བྱེད་ཅིག་ཅེས་དགེ་འདུན་ཐམས་ཅད་ལ་བསྒོ། །འོན་ཀྱང་ན་དབྱུང་བ་ལའོ། །ཐབས་ལྟག་མ་ལྟར་

བྱས་ཏེ་མགུ་ཞིང་སྐབས་འབྱེད་ན་དེ་དང་ལྷན་ཅིག་ཏུ་ཚུལ་ནས་མ་འབྱུང་ཞིག་ཅེས་དགེ་འདུན་ཐམས་ཅད་ལ་བསྒོ་ཞིང་ཚུལ་ནས་ཀྱང་མི་དབྱུང་། །འཇོག་པ་གཞག་པས་དེ་དང་ལྷན་ཅིག་ཏུ་བྱས་ནའང་བཤགས་པའོ། །ལྟག་མ་ལྟར་རྒོལ་བ་དང་སྐབས་འབྱེད་དུ་མ་བཏུབ་པ་གཉིས་ནང་འདུས་

སྟེ། གསོ་སྦྱོང་དང་ཚུལ་ནས་འབྱུང་བ་གཉིས་ལྷན་ཅིག་གཅིག་ཏུ་བྱས་ནས་དགེ་འདུན་ལ་མ་གསོལ་ཀྱང་བཟོད་པའང་བྱ། ཚུལ་ནས་འབྱུང་བ་དང་གསོ་སྦྱོང་ཀྱང་ལྷན་ཅིག་བྱར་རུང་། དེ་སྟེ་སྐབས་ཕྱེ་ནས་མི་འཇམ་ན་ཕུར་པ་དང་བཅས་པ་བྱ། ལྟག་མ་ལྟར་ཉེས་བྱུང་བ་ལ་རྒོལ་བས་

เล่ม ๑๖๕ · หน้า 313b

སྐབས་འབྱེད་པར་གསོལ་ཏེ། སྐབས་དབྱེ་བའི་འོག་ཏུ་ཚིག་མི་འཇམ་ཞིང་སླར་གཤེ་ན་ཕུར་པ་དང་བཅས་པའི་ཚིག་བྱས་ཏེ་ཕུར་པས་བཅས་པའི་ཚིག་ནི་འོག་ནས་འཆད། འདིར་རབ་གནས་ཆེ་གེ་མོ་ཞིག་ཏུའམ་དངོས་པོ་ཞིག་ཁོ་བོ་གང་དུ་འདོད་པར་སྨྲའོ་ཞེས་ནས་ལྟུང་བ་བརྗོད་དེ་ཉེས་པ་བསྟན་པས་

སྤངས་པའོ། །མདོ་གོང་མ་ལྟར་སྐབས་ཕྱེ་བའི་འོག་ཏུ་ཚིག་མི་འཇམ་པར་ཟེར་ན་གནས་དང་དུས་འདིའམ་གཞན་གྱི་གནས་དང་གཙུག་ལག་ཁང་དུ་འོངས་པའི་ཚེའམ་ཤིང་དྲུང་དང་ཁྱིམ་དྲུང་དུ་ཕྲད་པའི་ཚེ་ལྟུང་བའམ་ཉེས་པ་བྱས་པའི་མིང་ནས་བྱུང་སྟེ་བརྗོད་པ་འདིས་བརྒལ་ལོ། །ལས་བྱས་ཏེ་

ཁོའི་དྲུང་ནས་སྤངས་ཏེ་འགྲོའོ། །ཚུལ་ཁྲིམས་དང་ལྟ་བ་དང་སྤྱོད་པ་དང་འཚོ་བ་བཞིན་པ་ནི་དེ་དག་ཐམས་ཅད་ལ་གླེང་བ་ལ་སོགས་པ་བྱ་བ་རྩ་བ་དང་བཅས་པ་ལ་སྐྱེའོ། །ཕ་རོལ་རྣམ་པ་འདི་རྣམས་འདི་ལྟ་བུ་ཞིག་སྤྱོད་ཅིང་བྱེད་པ་ལ་བརྒལ་བ་ནི་ཉེས་མེད་དེ་རྒོལ་དུ་དབང་། རྩ་བ་

ངན་པས་མི་བྱ། ཕ་རོལ་ལ་རྒོལ་བའི་ཚེ་འོལ་ཕྱིར་མཐོང་བ་དོགས་པས་མི་བརྒལ་གྱི་ཡིད་ཆེས་པར་མཐོང་བ་དང་ཐོས་པ་དང་དོགས་པའི་གཏན་ཚིགས་ཡོད་ན་བརྒལ། འདིར་དངོས་བདེན་ཡང་རྐྱེན་མ་ཡིན་ནོ། །ཕ་རོལ་ལ་ཉེས་པ་ཡོད་བདེན་དུ་ཟིན་ཀྱང་། བདག་གིས་ལེགས་པར་མ་

མཐོང་ན་མི་བརྒལ། བརྒལ་ཀྱང་མི་བརྩན་ཏེ་ལྟུང་བ་སྡེ་ལྔ་གང་ལ་བརྒལ་བའི་ཉེས་པར་གྱུར་ཏེ་མཐོང་བ་ལ་འཆད། ཕ་རོལ་གྱི་ཉེས་པ་ཡང་དག་ཀྱང་བདག་གིས་མང་པོ་སྙམ་དུ་བསམ་ཞིང་མི་དོགས་པར་དང་ཕ་རོལ་གྱི་ཉེས་པ་ཡང་དག་སྟེ་མི་ཚིག་སློབ་པའི་ཚིག་ལ་བདག་གིས་ཡིད་མ་

ཆེས་བཞིན་དུ་རྒོལ་བ་མི་བརྩན་ཏེ་རྒོལ་བའི་མི་དེ་ལྟུང་བ་གང་ལ་བརྒལ་བའི་ཉེས་པ་དང་སྦྱར། བདག་གིས་མངོན་དུ་མཐོང་བ་དང་དགེ་བསྙེན་དད་པས་མགྲིན་པར་རལ་ཀྱུ་འོས་ཀྱང་ཆོས་མི་གཏོང་བ་ལྟ་བུ་དང་། ཕ་རོལ་སྔོན་ངན་པ་གསུམ་ལྟ་བུ་ལས་བརྒལ་བ་ནི་དངོས་པོ་མ་ཉེས་ཀྱང་རྒོལ་བ་བརྩན་ཏེ་

གང་གིས་བརྒལ་བ་བཞིན་དུ་སྦྱར། བྱེད་པའི་མཚན་མ་དང་གཞན་གྱི་ཚིག་དང་བདག་གིས་ཐོས་པ་རྣམ་གསུམ་གྱིས་འདི་ལྟར་ཐོས་ནའོ། །ཕ་རོལ་མི་ཚངས་པར་སྤྱོད་པར་མདོ་འདི་ལྟར་བརྟགས་པར་བདག་གིས་ཐོས་ཏེ་བརྒལ་བ་ནི་ཉེས་མེད་དེ་རྒོལ་བ་བཞིན་དུ་སྦྱར། ཡིད་མ་ཆེས་པ་ནི་

เล่ม ๑๖๕ · หน้า 314a

རྩ་བ་མ་ཡིན་ནོ། །ཕ་རོལ་དངོས་པོ་ཉེས་པ་བདེན་ཀྱང་བདག་གིས་ཡིད་མ་ཆེས་ན་མི་བརྒལ། འདུལ་བའི་དངོས་པོའོ།། །།དུ་མས་ཤེས་ན་གླེངས་པ་ལ་སོགས་པར་འདོད་པས་སོ། །དགེ་སློང་ཕོ་མོ་གང་ཡང་རུང་སྟེ། དགེ་འདུན་གྱི་ལྷག་མ་མན་ཆད་ཉེས་བྱས་ཡན་ཆད་

གཅིག་བྱུང་ན་ཚུལ་ནས་འབྱུང་བ་དང་གསོ་སྦྱོང་གི་ཚེའང་དགེ་སློང་དང་དགེ་སློང་མ་བཞི་ལྔ་མན་ཆད་གཅིག་གིས་ཁྱོད་ལ་བརྒལ་བ་ཞིག་གིས་ཚུལ་ནས་ཀྱང་མ་འབྱུང་ཞིག་ཅེས་གསོ་སྦྱོང་ཀྱང་མ་བྱེད་ཅིག་ཅེས་བསྒོ་ན་རྒོལ་དུ་གནང་ངོ་། །ཚུལ་གྱི་སྔ་ལོགས་སམ་ཚུལ་གྱི་ཕྱི་ལོགས་སུ་བརྒལ་བ་ནི་མི་གནང་

ངོ་། །མི་དབྱུང་བ་དེ་མི་གཞག །མདོ་གོང་མ་ལྟར་བརྒལ་བ་དེ་ཚུལ་ནས་དབྱུང་བའི་ཉིན་པར་ཁོ་ན་ལ་བརྒལ་ཏོ། །གསོ་སྦྱོང་མ་ཡིན་པར་དེ་མ་ཡིན། གསོ་སྦྱོང་གི་ཚེའང་གསོ་སྦྱོང་གི་ཉིན་པར་བརྒལ་ཏོ། །བྱེད་པ་ནའམ་བྱས་ནས་འཇོག་པ་བུད་མེད་དུ་གྱུར་ཏམ་གཞན་སྐྱེས་པ་ལ་བཞག་ན་

ཡང་གཞག་པ་མ་ཡིན་ནོ། །ལྟག་མ་ལྟར་བརྒལ་བ་ནི་དགེ་སློང་ཕས་ནི་དགེ་སློང་མ་ལ་བརྒལ་ཞིང་ཚུལ་དང་གསོ་སྦྱོང་ནས་མི་དབྱུང་བར་རུང་། དགེ་སློང་མས་རྒོལ་དུ་མི་གནང་། རྒལ་བའི་དགེ་སློང་ཉིད་མཚན་གྱུར་ཏེ་བུད་མེད་ཀྱི་མཚན་ཐོབ་ན་རྒོལ་དུ་མི་གནང་། རང་བཞིན་སྟོར་བས་མ་ཡིན།

དགེ་སློང་རང་བཞིན་སྟོར་ཏེ་སྨྱོས་སམ་མི་དྲན་པ་ཞིག་ཕ་རོལ་ལ་རྒོལ་ཞིང་ཚུལ་ནས་དབྱུང་བ་དང་གསོ་སྦྱོང་གི་ཚེ་རྒོལ་ཞིང་ཁྱེད་ཚུལ་དང་གསོ་སྦྱོང་བྱེད་དུ་མི་གནང་གི་འདུག་ཤིག་ཅེས་ཟེར་དུ་མི་གནང་། ཚུལ་ཁྲིམས་མེད་པ་དང་། དགེ་སློང་གི་ཁྲིམས་རྩ་བ་བཞི་ལས་གང་ཡང་རུང་གི་ཆགས་པས་ཡོན་ཏན་

དང་ལྡན་པ་དང་ཚུལ་དང་གསོ་སྦྱོང་གི་ཚེ་བརྒལ་ཀྱང་མི་བརྩན་ཏེ་ཚུལ་དང་གསོ་སྦྱོང་བྱ་ཞིང་དབྱུང་བར་བྱ། གཅིག་པུས་མ་ཡིན་ལོག་པ་ལ་ལྟ་བའི་དགེ་སློང་གིས་ཡོན་ཏན་དང་ལྡན་པའི་དགེ་སློང་ལ་བརྒལ་ནའང་མི་བརྩན་ཏེ་ལྟུང་བ་བཞིན་འདི་དག་ལ་མ་ཡིན། དགེ་སློང་སྨྱོན་པའམ་མི་དྲན་པ་ཞིག་

ལ་གཙང་མའི་དགེ་སློང་གིས་ཚུལ་དང་གསོ་སྦྱོང་གི་ཚེ་མི་དབྱུང་བར་བརྒལ་ཀྱང་མི་བརྩན་ཏེ་ཚུལ་དང་གསོ་སྦྱོང་ནས་དབྱུང་། གདུལ་བའི་དངོས་པོ་སྟེ་དྲིས་པའི་འོ།། །།དགེ་འདུན་འབྱེད་པ་ཐ་དད་པར་བྱེད་ནུས་པ་ལ་མི་འདོད་བཞིན་དུ་མི་གླེང་། དགེ་སློང་ཚུལ་ཁྲིམས་དང་མི་

เล่ม ๑๖๕ · หน้า 314b

ལྡན་པ་ཞིག་སྡེ་སྣོད་གསུམ་ཤེས་ཤིང་འཁོར་དང་རགས་པ་ཞིག་ལ་ཉེས་པའི་དམིགས་ཡོད་དེ་བདག་གིས་བརྒལ་ཀྱང་ཁོ་མི་དགའ་བ་ལ་ཕྱེས་ཤ་ཁོན་དུ་འགྱུར་བ་ཙམ་གྱིས་ཆོད་ན་མ་བརྒལ་ཀྱང་ཉེས་མེད། གླེངས་པ་ལ་མཐར་མི་བྱ། དགེ་སློང་ཁ་དམན་པ་ཞིག་ལ་ཉེས་པའི་དམིགས་ཡོད་དེ་ཕ་རོལ་

འཁོར་དང་རགས་པ་ཞིག་གིས་བརྒལ་ན་གནོང་བཀུར་ཞིང་ཁས་བླངས་ཏེ་བཟོད་པར་གསོལ་མ་ཉེས་ནའང་ཚིག་དྲག་པོས་མི་བྱ་བར་འདི་ལྟར་བདག་གིས་མ་ཉེས་སོ་ཞེས་དལ་གྱིས་བཤགས། གང་དུ་མི་འཕྲོད་པ་དེ་དང་ལྷན་ཅིག་ཏུ་མནན་པར་མི་གནས། དགེ་སློང་འཁོན་ཡོད་པ་ཞིག་དང་གནས་

གཅིག་ནའང་ལྷན་ཅིག་མི་འཁོད། ལམ་དུའང་མི་འགྲོགས། གནས་གནས་ས་གཅིག་ནའང་མི་གནས། ཁོ་གནས་གནས་པའི་ས་དེར་ཡང་མི་འགྲོ། །གཞན་དུ་ན་སྟན་གཉིས་གསུམ་སྤངས་ཏེའོ། །མདོ་གོང་མ་ལྟར་འཁོན་ཡོད་པའི་དགེ་སློང་དེ་དང་མཆོད་སྟོན་ནམ་གྲལ་གཅིག་ཏུ་

གནས་པར་གྱུར་ན་བར་དུ་སྟན་གཉིས་གསུམ་ཙམ་སྤོགས་ཏེ་ཁྱེད་ཅིག །གཞན་གྱིས་ཀྱང་དེ་བཞིན་ནོ། །འཁོན་བྱུང་བའི་དགེ་སློང་ཕ་རོལ་མི་སྲུན་པའི་དགེ་སློང་ནི་ན་རྒན་ཡོན་ཏན་ཅན་གྱི་དགེ་སློང་ནི་གཞོན་ན་གཞོན་ནུས་ཀྱང་སྟན་གཉིས་གསུམ་སྤོགས་ཏེ་ཞོག་ཤིག །དེས་གཙུག་ལག་ཁང་

བཀོལ་ཏེ་སྦྱིན། ལྟག་མའི་དགེ་སློང་འཁོན་ཡོད་པ་གཉིས་གཙུག་ལག་ཁང་འགོད་པའི་ཚེ། དགེ་འདུན་གྱིས་ཀྱང་ཁང་བུ་འདབ་ཆགས་སུ་མི་སྦྱིན་པར་ལྷོ་བྱང་ཤར་ནུབ་གནས་སོ་སོར་སྤགས་ཏེ་གཞག །བླངས་པ་ཡང་ངོ་། །ལྟག་མ་ལྟར་དགེ་འདུན་གྱིས་ཁང་བུ་ལྷན་ཅིག་བྱིན་ནའང་

བདག་ཅག་གཉིས་ཀྱིས་ལྷན་ཅིག་ཏུ་མི་འཁོད། ཆོས་དང་འདུལ་བ་འདི་དག་ལས་ཏེ་ཆོས་མ་ཡིན་པ་ལ་ཆགས་པར་ཤེས་ནས་དགེ་འདུན་འདུ་བ་མེད་དོ། །དགེ་སློང་གཉིས་ཤིག་ལྟ་བ་སོ་སོར་དམིགས་ཏེ་གཅིག་ནི་སངས་རྒྱས་ཀྱི་ཆོས་དང་ཚུལ་ལ་དམིགས། གཅིག་ནི་ལོག་པ་ལ་དམིགས་ཏེ་དེ་

གཉིས་རྩོད་པ་ལས་གཞན་ཞིག་གིས་བསྡུམས་ཏེ་མི་དགེ་བ་ལ་ཕྱོགས་པ་སླར་སངས་རྒྱས་ཀྱི་ཆོས་ལ་ཕྱོགས་ཏེ་གཉིས་དུམ་ན་ནི་ཉེས་མེད། དེ་སྟེ་མ་དུམ་པར་དེ་གཉིས་ཀའང་སོ་སོ་ནས་དགེ་སློང་བཞི་བཞི་ལྔ་ལྔར་སོ་སོར་ནོས་བྱས་ཏེ་བཞི་ལ་དགེ་སློང་གཅིག་ཀྱང་མེད་ན་དགེ་འདུན་གྱི་དབྱེན་བྱས་པར་

เล่ม ๑๖๕ · หน้า 315a

ཆུད་དེ་ལྷག་མར་ནི་མི་འགྱུར་རོ། །དེ་བས་ན་དེ་དང་གཞན་དུ་སྟེ་ལས་སྤྱད་པ་མི་སྐྱེ་ཕན་ཚུན་དུ་མི་བྲེལ་ཏོ། །ལྟག་མ་ལྟར་དགེ་འདུན་གྱི་དབྱེན་དུ་གྱུར་པ་ཕྱི་མཚམས་གཅིག་གི་ནང་ན་འཁོད་ན་ཕན་ཚུན་དུ་གཅིག་ལ་གཅིག་དད་པས་མ་དྲིས་ཀྱང་དགེ་མི་དགེ་སོ་སོར་

བལྟས་ཤིང་ཚུལ་ནས་འབྱུང་བ་དང་གསོ་སྦྱོང་གི་ཚེ་ལས་བྱས་པ་འང་གཙང་སྦྲར་ཆུད་དེ་ལས་འགྲུབ་བོ། །འཐབ་མོ་ལ་གནས་པ་དེ་དང་དེའི་རྒྱེན་པོར་འདིའི་ཆོས་པས་ཕྱག་མི་བྱ། ལྟག་མའི་དགེ་མི་དགེའི་དགེ་སློང་སྡེ་གཉིས་སུ་ཆད་པ་དེ་ལ་མི་དགེ་བའི་དགེ་སློང་དེ་ལ་དགེ་བ་ལ་ཕྱོགས་པའི་དགེ་

སློང་སྡེ་ལྔས་ཕྱག་མི་བྱ། མི་ལྡང་། སྟན་ལ་སྤྱན་མི་དྲོང་། གཏམ་དང་། གཏམ་ཀུན་དང་། མགུ་བར་བྱེད་པ་དང་། རྟོག་པ་དང་ལྟ་བ་དང་འདི་དག་མི་བྱ་ལོག་པ་ལ་བལྟས་པའི་དགེ་སློང་ལ་སངས་རྒྱས་ཀྱི་ཆོས་ལ་ལྟ་བའི་དགེ་སློང་སྡེ་ལྔས་མིང་གིས་སྨོས་པ་འདི་རྣམས་མི་བྱ། མལ་སྟན་ངན་

པ་བྱིན་ཏེ་ལག་བརྡ་བྱ། ལོག་པ་ལ་བལྟས་པའི་དགེ་སློང་དེ་ཡོན་ཏན་དང་ལྡན་པའི་གཙུག་ལག་ཁང་དུ་འོངས་ནས་ནུབ་མོ་མལ་སྟན་མི་སྦྱིན་པ་མ་ཡིན་ཏེ་རྡོལ་བའམ་ངན་པ་ཚིག་གིས་མི་སྦྱིན་པར་ལག་བརྡས་སྦྱིན། ཚིག་གིས་གཞན་ཐོས་པར་རོ་ཞེས་གཞན་དག་གོ། །ལྟག་མ་ལྟར་ལོག་པ་ལ་བལྟས་

པའི་དགེ་སློང་སྟན་མི་སྨྲ་བར་ལག་བརྡས་སྦྱིན་ནོ་ཞེས་འདུལ་བའི་གཞུང་ལས་འཆད་དེ་ལྟག་མ་ཡིན། འདི་ནི་འདུལ་བ་འཛིན་པའི་ཚིག་སྟེ་སྟན་སྦྱིན་པ་མི་དགེ་བའི་དགེ་སློང་ཐོས་པར་བྱས་ཏེ་སྦྱིན་ཞེས་བཤད། གཙུག་ལག་ཁང་མཐའ་འཁོབ་ལས་སོ། །ལོག་པ་ལ་བལྟས་པའི་དགེ་སློང་ནུབ་མོ་

གཙུག་ལག་ཁང་དུ་འོངས་ན་སྤངས་པའི་དགེ་སློང་བཞིན་དུ་ཁང་པ་མཐའ་འཁོབ་ངན་པ་སྦྱིན། བདག་ཀྱང་རྒན་པོའོ་ཞེས་སྨྲས་ན་ཁྱོད་ཀྱང་དགེ་སྦྱོང་ཤཱཀྱའི་བུ་ནའོ་ཞེས་བདག་ལ་འཆའ་འམ། ཅི་ལྟར་ཁྱོད་ཀྱིས་འདི་ལྟ་བུར་གྱུར་པའི་འདི་ལྟ་བུའི་གཏམ་སྟེ། ཁྱོད་ཀྱི་སྟོན་པ་སྙིང་རྗེ་ཅན་གྱིས་འདི་

གནང་གི་འདི་ཡང་མི་དབང་ངོ་ཞེས་གཞན་ལ་སྨྲའོ། །ལོག་པར་བལྟས་ཤིང་དགེ་འདུན་དབྱེན་དུ་འཇུག་པའི་དགེ་སློང་ཞིག་འོངས་ན་གཙང་མའི་དགེ་སློང་གིས་བཀུར་སྟི་ལ་སོགས་པ་མི་བྱ་ཞིང་ཕྱག་མི་འཚལ་བ་དང་མལ་སྟན་ངན་པ་སྦྱིན། བརྒྱ་ལ་ལོག་པར་བལྟས་པའི་དགེ་སློང་རྒན་པ་ཞིག་སྟེ་

เล่ม ๑๖๕ · หน้า 315b

ང་ལ་ཅིའི་ཕྱིར་བཀུར་སྟི་མི་བྱ་བ་དང་མལ་སྟན་ངན་པ་སྦྱིན་ཞེས་ཟེར་ན་དགེ་སློང་གཙང་མ་པས་མདོ་འདི་ལ་མིང་གིས་སྨོས་པ་སྐད་དུ་དགེ་སློང་རོགས་པོ་གཅིག་ལ་བརྒྱད་པ་སྐད་དུ་སྨྲ་སྟེ་ཟུར་གྱིས་ལོག་པར་བལྟས་པ་བརྒྱད་དོ། །དགེ་སློང་མས་སྟན་དོར་བ་མི་དབྲི། ལོག་པའི་དགེ་སློང་ཞིག་འོངས་ན་དགེ་སློང་

མས་ཕྱག་མི་བྱ་བར་སྟན་ལས་ལྡང་། དགེ་སློང་གིས་བསོད་སྙོམས་སྦྱིན་ལོག་པའི་དགེ་སློང་ལ་དགེ་བསྙེན་རྣམས་ཀྱིས་མཆོད་སྟོན་བྱ་ཞིང་སྤྱན་དྲངས་བསོད་སྙོམས་ལ་འོངས་ན་ཟན་སྦྱིན། བཤགས་པ་བྱས་པ་དེའང་འདུས་པའི་རྙེད་པ་མེད་པར་འདུ་བའི་མི་ལྡང་། ལོག་པར་བལྟས་པའི་དགེ་

སློང་སླར་སངས་རྒྱས་ཀྱི་ཆོས་ལ་ལྟ་ཞིང་ཡོན་ཏན་ཅན་གྱི་དགེ་སློང་ལ་བཤགས་སོ་ཞེས་ཟེར་ན་ཁ་ཟེར་བ་ཙམ་གྱིས་གནང་བ་མི་བྱའི་གསོལ་བ་དང་ཞུ་བའི་ལས་ཀྱི་ཐབས་འོག་ནས་འབྱུང་བ་ལྟར་བྱ། གསོ་སྦྱོང་མ་ཡིན་པར་རང་བཞིན་དུ་གནས་པ་མི་འཐོབ། ལོག་པ་ལ་བལྟས་པའི་དགེ་སློང་སྔོན་

གྱི་མཚན་མ་བོར་ནས་གསོལ་བ་དང་ཞུ་བའི་ལས་བྱས་དེ་འཁོན་འཆགས་ཤིང་གསོལ་ན་གསོ་སྦྱོང་ལན་ཅིག་བྱས་ནས་གདོད་ཡིད་ཆེས་ཏེ་གནང་བར་བྱའོ། །བྱིན་ན་དེ་བྱ། ལོག་པ་ལ་བལྟས་པའི་དགེ་སློང་འཆགས་ཤིང་གསོལ་ན་དགེ་འདུན་གྱིས་ཀྱང་གསོ་སྦྱོང་ལན་ཅིག་བྱ། དེ་ལས་ཀྱིས་

སོ། །གསོ་སྦྱོང་བྱིན་པའི་ཚེ་ན་གསོལ་བ་གསུམ་ཞུ་བ་དང་བཞིའི་ལས་ཀྱིས་ལོག་པ་ལ་བལྟས་པའི་དགེ་སློང་གནང་བ་སྦྱིན་ནོ། །སྔ་མ་ཡང་ངོ་། །ཐོག་མ་དགེ་འདུན་འདུ་བའི་ཚེ་ནའང་གསོལ་བ་དང་ཞུ་བའི་ལས་ཀྱིས་འདུས་ཏེ་གདོད་ལོག་པ་ལ་བལྟས་པའི་དགེ་སློང་དགུག །བརྟགས་པ་ནི་འདུ་

བ་དང་། བཀྲ་ཤིས་པའི་ཕྱིར་དང་གནོད་པའི་གསོ་སྦྱོང་ངོ་། །མིང་གིས་སྨོས་པ་འདི་རྣམས་ནི་དུས་ལ་མ་བབ་ཀྱང་གསོ་སྦྱོང་བྱ། དེའི་སྟེང་དུ་བཅུ་བཞི་དང་བཅོ་ལྔའི་གསོ་སྦྱོང་གིས་བསྣན་ཏེ་སྤྱིར་ལྔ་བྱའོ། །དེར་དེའི་མཚན་མ་ཉིད་དུས་སོ། །ལྟག་མའི་གསོ་སྦྱོང་གི་རྣམ་པ་དེ་ཉིད་ཀྱིས་དུས་ལ་

བབ་པར་དམིགས། དམིགས་སུ་ཕེབས་པར་བྱ་བའི་དེ་རྣམས་ལྟག་འོག་བསྣོར་ཅིང་མི་བྱ། ལས་ཐ་དད་པའི་དངོས་པོའོ།། །།ཆོས་མ་ཡིན་པ་སྨྲ་བ་དང་མཚམས་ཀྱི་ནང་དུ་སོ་སོར་ནི་ཐ་དད་པ་སྟེ་དབྱེ་བའི་སེམས་ཀྱིས་ལས་བྱས་ནའོ། །མཚམས་གཅིག་གི་ནང་ན་འཁོད་པའི་དགེ་འདུན་

เล่ม ๑๖๕ · หน้า 316a

ལས་བཞི་ཡན་ཆད་དགེ་འདུན་དུ་ལངས་པ་ཞིག་གིས་ལོག་པ་ལ་བལྟས་ཏེ་ལས་བརྒྱ་རྩ་གཅིག་པོ་སོ་སོར་ཐ་དད་དུ་བྱ་སྟེ་གཅིག །གཅིག་དད་པ་མ་དྲིས་ན་ཚིག་གིས་མ་འཐབ་ཀྱང་དབྱེན་དུ་ཆུད་དེ་ལྷག་མར་མི་འགྱུར། དེར་བདག་གིར་ལས་ཀྱིས་ན་སྐྱེའོ། །མདོ་གོང་མ་

ལྟར་དགེ་འདུན་དགེ་མི་དགེ་སྡེ་གཉིས་སུ་ཆད་པ་གཅིག་ལ་གཅིག་དད་པ་མ་དྲིས་ཀྱང་དགེ་འདུན་གྱི་ལས་སུ་རུང་ངོ་། །བདག་གི་ཕྱོགས་སུ་མ་ཡིན་པར་ན་མ་ཡིན་ནོ། །དགེ་མི་དགེ་མཚམས་གཅིག་གི་ནང་ན་དགེ་འདུན་དགེ་མི་དགེ་སྡེ་གཉིས་སུ་ཆད་པ་ལས་མི་དགེ་བ་བསྐྲད་ཀྱང་རུང་དགེ་

བས་མི་དགེ་བ་བསྐྲད་ཀྱང་རུང་བསྐྲད་པར་ནི་མི་འགྱུར་གྱི་སྐྲོད་སྐྲོད་པ་ཉེས་མེད། དགེ་འདུན་གྱི་ཆོས་སུ་སྨྲ་བས་བྱས་ན་བྱས་པའོ། །དགེ་བ་དང་མི་དགེ་བའི་དགེ་འདུན་མཚམས་གཅིག་གི་ནང་ན་འཁོད་པ་ལས་དགེ་བའི་དགེ་འདུན་གྱིས་མཚམས་བཅིང་བ་དང་བཀྲོལ་བ་ནི་མི་དགེ་བའི་དགེ་

སློང་ལའང་བཅིང་བ་དང་བཀྲོལ་བར་ཆུད་དོ། །མི་དགེ་བའི་དགེ་སློང་གིས་མཚམས་བཅིང་བ་དྲང་བཀྲོལ་བ་ནི་ཁོ་བདག་གི་ལས་སུ་རུང་གི་དགེ་བའི་དགེ་སློང་གིས་མཚམས་བཅིང་བ་དང་བཀྲོལ་བར་མི་ཆུད་དེ་ལས་སུ་མི་རུང་ངོ་། །དེ་སྟེ་དེ་ན་བར་མ་ཡོད་ན་དགེ་སློང་མ་ལ་བཤད། དགེ་འདུན་དགེ་

མི་དགེ་སྡེ་གཉིས་སུ་གྱུར་པ་ལ་དགེ་སློང་མ་ལ་ཆོས་འཆད་པར་བསྐོས་པ་དེ་དག་དགེ་མི་དགེ་གང་དུའང་མ་བལྟས་ན་ད་བསྐོ་མི་དགོས་ཀྱི་སྔོན་བཞིན་དུ་ཤོད་ཅིག་ཡིད་ཀྱིས་མི་དགེ་བ་ལ་བལྟས་ལ་སྔོན་བསྐོས་པ་མི་བརྩན་ཏེ་འཆད་དུ་མི་དབང་ངོ་། །ཆོས་ཀྱི་འདི་སྐྱབས་བཏང་ན་བྲེལ་པའོ། །དགེ་མི་དགེ་

བའི་དགེ་སློང་གཉིས་སུ་ཆད་པ་ལས་དགེ་སློང་གཅིག་ཅིག་གང་དུའང་མ་བལྟས་ལ་དགེ་འདུན་གྱི་ལས་བྱེད་པའི་ཚེ། དགེ་བ་ལ་བལྟས་པའི་དགེ་སློང་གིས་དགེ་སློང་དེ་ལས་མ་དྲིས་ན་ལས་སུ་མི་རུང་། མི་དགེ་བའི་དགེ་སློང་གིས་མ་དྲིས་ཀྱང་ཉེས་མེད། འཇུག་པས་ན་དེ་བཞིན་དུ་ཞིག་པའོ། །

ལྟག་མའི་དགེ་སློང་དགེ་མི་དགེ་གང་དུའང་མ་བལྟས་པ་དེ་ཕྱིས་དགེ་མི་དགེ་གཅིག་ལ་བལྟས་ན་བར་མ་ཞེས་མིང་དེ་ཞིག་སྟེ་མེད་དོ། །དེ་མི་བྱ། བར་མའི་དགེ་སློང་དེ་དགེ་མི་དགེ་རྣམ་གཉིས་བསྡུ་བར་དགོས་པའི་ཕྱིར་སངས་རྒྱས་ཀྱིས་བསྟོད་པ་ཡིན་ཏེ། དགེ་སློང་དེ་གང་ལའང་མི་འཇུག །

เล่ม ๑๖๕ · หน้า 316b

དགེ་སློང་མའི་དགེ་འདུན་ཕྱོགས་དང་གཞན་གྱི་ཕྱོགས་སུ་གནས་ན་གཞག །དགེ་སློང་མའི་དགེ་འདུན་མོ་ཞིག་འཐབ་སྟེ་དབྱེན་དུ་འགྱུར་བ་ཙམ་གྱིས་ཆོད་ན་ཡང་དེ་གཉིས་ཀས་གསོ་སྦྱོང་དང་ལས་སོ་སོར་མི་བྱ་བར་གཅིག་ཏུ་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་པའི་དགེ་འདུན་ལས་དད་པ་དྲིས་

ཤིང་སོ་སོར་ཐར་པ་འཆད་པའི་དགེ་སློང་དང་། གསོལ་བའང་དེ་གཉིས་ཀ་སྤྱིས་བྱའོ། །གཅིག་ལ་གཅིག་དད་པ་མ་དྲིས་ན་ལས་སུ་མི་རུང་ངོ་། །དེ་ལྟར་བྱེད་ནས་མ་ཡིན། ལྟག་མའི་དགེ་སློང་མའི་དགེ་འདུན་སོ་སོར་བྱ་བེར་གྱུར་ན་བསྡུམ་ཞིང་གདུལ་བའི་ཕྱིར་དགེ་སློང་ཕའི་དགེ་འདུན་གྱིས་ཀྱང་

གཉིས་ཀ་ལ་དད་པ་མ་བྱིན། གསོལ་ན་འདུ་བར་བསྒོ། །ལྟག་མའི་དགེ་སློང་མ་བྱེ་བ་དགེ་འདུན་ལ་དད་པ་གསོལ་དུ་འོངས་ན་དགེ་འདུན་གྱིས་དད་པ་མ་བྱིན་པར་སྔོན་དུ་སྲིད་མོད་ཀྱང་གཉིས་མ་འཐབ་པར་མཚན་མ་འོར་ལ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་འགྱུར་ན་གདོད་སྦྱིན་ནོ་ཞེས་གྱིས་ཤིག །

དབྱར་གྱི་ཆོས་སྨྲ་བའི་སྒྱུར་རོ། །གཙུག་ལག་ཁང་གི་གྲོང་རྐྱེན་གྱི་ནོར་དབྱར་ཚུལ་ན་འཁོད་པའི་ཚེ། དགེ་སློང་དགེ་མི་དགེ་རྣམ་གཉིས་སུ་བལྟས་པ་ལས་རྐྱེན་གྱི་ནོར་དེ་རྣམས་ནི་དགེ་བ་ལ་ཕྱོགས་པ་དབང་ངོ་། །གཉིས་ཀ་འདུས་པའི་དགེ་འདུན་ལ་བགོ་བར་རིགས་པ་མ་ཕྱེ་བར་བྱིན་ན་

ཡང་ངོ་། །ཡོན་བདག་དད་པ་ཞིག་གིས་དགེ་མི་དགེ་དགེ་འདུན་གཉིས་ཀྱི་སྤྱིར་ཡོན་ཞིག་ཕུལ་ནས་དགེ་བ་ལ་ལྟ་བའི་དགེ་འདུན་དབང་གི་མི་དགེ་བ་མི་དབང་ངོ་། །དེ་སྟེ་དགེ་འདུན་གྱི་ཚད་དུ་ནི་དེ་དག་ལའོ། །དགེ་མི་དགེའི་དགེ་འདུན་ཡོན་བདག་ཞིག་གིས་གུད་དུ་སྤྱན་དྲངས་ཏེ་ཡོན་ཞིག་ཕུལ་ན་མི་

དགེ་བ་ལ་བལྟས་པའི་དགེ་སློང་གྲངས་མང་སྟེ་དགེ་བ་ལ་བལྟས་པའི་དགེ་འདུན་གྲངས་ཉུང་ཡང་ཡོན་དབང་ངོ་། །དེ་སྟེ་ཉུང་ལ་དེ་དག་དོར་ན་གང་གི་ཐུ་བར་བྱིན་པའོ། །མདོ་གོང་མ་ལྟར་གྲངས་མང་ཉུང་དུ་འཁོད་པ་ལས་ཡོན་བདག་གིས་ཡོན་སྤར་སྤར་དུ་བགོས་ཏེ་བྱིན་ན་དེ་བཞིན་དུ་སོ་སོར་དབང་

ངོ་། །གཉིས་ཀྱི་སྤྱིར་བྱིན་ན་མི་དགེ་བའི་དགེ་འདུན་དུ་ལངས་ལ་དགེ་བའི་དགེ་འདུན་དུ་མ་ལངས་ན་ཕྱེད་མར་བགོ། དེ་སྟེ་གཉིས་ཀར་ན་གཉིས་ཀས་སོ། །ཡོན་བདག་གིས་དགེ་མི་དགེའི་དགེ་འདུན་གྱི་མདུན་དུ་ནོར་རམ་ཡོན་སྤུངས་ན་དགེ་བའི་དབང་། མི་དགེ་བའི་དགེ་འདུན་གྱི་མདུན་དུ་སྤུངས་

เล่ม ๑๖๕ · หน้า 317a

ན་མི་དགེ་བ་དབང་། གང་ཟག་གི་ཆར་ཏེ་དགེ་འདུན་གྱི་མ་ཡིན་ནོ། །དགེ་བའི་དགེ་སློང་ནི་དགེ་འདུན་དུ་མ་ལངས་མི་དགེ་བའི་དགེ་སློང་ནི་དགེ་འདུན་དུ་ལངས་པ་ཞིག་ལ་དེ་གཉིས་སྤྱི་ལ་ཡོན་བདག་གིས་ཡོན་ཞིག་ཕུལ་ན་ཐམས་ཅད་ཅི་ཐོབ་པ་གང་ཟག་རེ་རེའི་ཐད་དུ་

སོ་སོར་གོས་ཤིག །ལས་བྱས་པའི་དངོས་པོ་སྟེ། དྲིས་པ་དང་མན་བཀར་ཆུད་པའོ།། །།འདི་མན་ཆད་འཁོར་ལོའི་དབྱེན་ལ་འཆད་དེ། ཆོས་ལས་ཐ་དད་དུ་འགྱུར་བ་ནི་གསོལ་བའམ་ཚུལ་ཤིང་ལེན་པ་སྟེ། དེའི་ཕྱིར་གྱིས་ན་དགེ་འདུན་གྱི་དབྱེན་ནོ། །དགེ་འདུན་གྱི་དབྱེན་

དུ་གྱུར་པ་ནི་རྗེས་སུ་ཕྱོགས་པ་བཞི་བདག་དང་ལྔ་ཕ་རོལ་ཀྱང་དགེ་འདུན་དུ་ལངས་པ་ལས་འགྱུར་ཏེ་དབྱེན་གྱི་དགེ་སློང་དེས་སངས་རྒྱས་ཀྱི་ཚུལ་ཁྲིམས་ལས་ཚུལ་ཁྲིམས་ལྔས་ང་ལ་ལྷག་སྟེ་ཁྱེད་སུ་དག་གི་རྗེས་སུ་ཕྱོགས་པ་ཚུལ་ཤིང་འདི་ལོང་ཤིག་ཅེས་ཏེ། ཚུལ་ཤིང་བླངས་དང་ལོག་པ་ལ་བལྟས་

པ་དེས་གསོལ་བ་དང་ཞུ་བའི་ལས་ཀྱིས་རྗེས་སུ་ཕྱོགས་པ་རྣམས་བསྡུས། དེ་ལོག་པ་ལ་བལྟས་པ་ལ་དང་དགེ་བ་ལ་ཕྱོགས་པའི་དགེ་འདུན་གྱིས་ཀྱང་ཁྱེད་དེ་ལྟར་དབྱེན་མ་བྱེད་ཅིག་ཅེས་གསོལ་བ་གསུམ་དང་ཞུ་བ་དང་བཞིའི་ལས་ཀྱིས་བསྒོ་སྟེ་མ་བཏུབ་ན་དེ་དགེ་འདུན་གྱི་ལྷག་མ་དང་དབྱེན་དུ་འགྱུར་

རོ། །འདི་མི་སྐྱེ་བ་ནི་དགེ་འདུན་གྱི་ཚད་དུ་ཆ་མེད་པ་དང་དབྱེ་བར་བྱེད་པ་ན་གཞན་དང་མཚམས་ཀྱི་ནང་གི་དགེ་འདུན་གྱི་ཚད་དུ་མེད་ནའོ། །མཚམས་གཅིག་གི་དགེ་འདུན་ལས་དགེ་བ་ལ་བལྟས་པའི་དགེ་འདུན་བཞི་མི་དགེ་བ་བལྟས་པ་ཡང་རྗེས་སུ་ཕྱོགས་པ་བཞི་བདག་དང་ལྔ་སྟེ། དགེ་

འདུན་འཁོད་འཁོད་པ་ལས་གཅིག་ཏུ་སྔར་བལྟས་པ་ལས་དབྱེན་དུ་འགྱུར་རོ། །མི་དགེ་བའི་དགེ་སློང་ཡང་གྲོགས་པོ་གསུམ་བདག་དང་བཞི་ནི་དབྱེན་དུ་མི་འགྱུར། དགེ་བ་བལྟས་པ་དགེ་འདུན་དུ་མ་ཚང་ནའང་དབྱེན་དུ་མི་འགྱུར། བྱེད་པ་ནི་བྱེ་བར་མ་ཡིན་ནོ། །དགེ་མི་དགེ་སོ་སོར་

བལྟས་པ་ལས་དགེ་བའང་བཞི་མི་དགེ་བའང་བཞི་དེའི་སྟེང་དུ་མི་དགེ་བ་ལས་བལྟས་པ་བདག་གིས་བསྣན་ཏེ་དགུ་ཚང་ན་དབྱེན་དུ་འགྱུར་རོ། །ཆོས་དང་ཆོས་མ་ཡིན་པ་དེའི་རང་བཞིན་གྱིས་གདོན་མི་ཟ་བར་ན་མཚམས་མེད་པའོ། །དགེ་སློང་སུའང་རུང་སྔོན་དེ་བ་དཏྟས་དབྱེན་བྱས་པའི་ཚེ།

เล่ม ๑๖๕ · หน้า 317b

དེ་བ་དཏྟས་དགེ་འདུན་གྱི་དབྱེན་བྱེད་ནུས་སམ་མི་ནུས་ཞེས་དགེ་སློང་ཁ་ཅིག་གིས་གསོལ་ན་བཀའ་སྩལ་པ་སྔོན་ངས་ཀྱང་ད་བ་དཏྟས་དབྱེན་བྱས་ཏེ་ལག་པོད་ཆགས་པའི་སྟེང་དུ་གྲོགས་ཀྱང་དགེ་འདུན་དུ་ལངས་པས་དབྱེན་བྱ་ནུས་སུ་ཞེས་བྱུང་བ་དང་དེ་བ་དཏྟས་ན་རེ་སངས་རྒྱས་དེ་སྐད་གསུངས་པ་ལ་བལྟས་

ན་ངས་དབྱེན་ནུས་ཀྱི་ཚུལ་ཁྲིམས་ལྷག་པ་ལྔ་བཟུང་ངོ་ཞེས་བྱ་བ་ལས་བཅས་ཏེ་དེ་ལྟར་བྱས་ན་མཚམས་མེད་པར་འགྱུར། ཆོས་སུ་འདུ་ཤེས་ནའང་འབྱེད་པར་རོ། །དེ་བ་དཏྟ་སྐད་དུ་ཐམས་ཅད་སྟོང་པར་མྱ་ངན་ལས་བཟླས་ཏེ་བཏང་བ་སྐྱིད་པ་གཅིག་ཡོད་དེ་ཕས་གཉིས་ན་ཁམས་གསུམ་གྱི་ཆོས་

བྱེད་པ་སྐྱིད་ཀྱིས་ང་ལོགས་སུ་ཁམས་གསུམ་གྱི་ཆོས་ལ་ཕྱོགས་ཤིག་ཅེས་དབྱེན་བྱས་ན་དབྱེན་དུ་འགྱུར་རོ། །འཁོར་ལོ་བྱེ་བའི་དངོས་པོའོ།། །།འདི་མན་ཆད་རྩོད་པའི་དངོས་པོ་ལ་འཆད་དེ། བཞི་འཁྲུག་པའི་ཕྱིར་དགེ་འདུན་ནི་དོན་རྣམ་པ་བཞིའི་ཕྱིར་འཁྲུག་སྟེ་འོག་ནས་འཆད། དོན་ལ་དེ་

ལྟར་བཟློག་པ་དང་སྤངས་པ་ལྟུང་བ་དང་བཅས་པ་ལས་ལ་འདུ་བ་མི་སྦྱིན་པའོ། །མིང་གིས་སྨོས་པ་འདི་རྣམས་ལྟ་བུར་གཅིག་གི་ནོན་གཅིག་གིས་བྱས་ཏེ་དགེ་སློང་བཞི་བཞི་ལྔ་ལྔར་སོ་སོར་འཆད་དེ་དེ་ལས་རྩོད་པ་བྱུང་བ་དང་། ཐོག་མའི་མཚན་མ་གཅིག་ཏུ་ཆད་པར་བྱེད་པ་ཞི་བར་བྱ། རྩོད་པ་རྣམ་པ་བཞི་

ལ་གདུལ་བ་རྣམ་པ་བདུན་གྱིས་གདུལ་ཏེ་ཐོག་མའི་དོན་ལས་བཟློག་ཅེས་ཟེར་བ་ལ་མངོན་པས་གདུལ་བར་ལོབས་པ་ལ་མངོན་པར་སྦྱིན་ཞེས་ཟེར་བ་དེ་འབུལ་ཏེ་སྡེ་སྣོད་གང་མང་དུ་ཐོས་པ་དང་ཡོན་ཏན་དང་ལྡན་ཞིང་གང་ཆོས་འཆད་པ་དེའི་ཡུས་སུ་བྱའོ། །གཞན་ནི་འོག་ནས་འཆད། མཚན་མ་གཉིས་པ་ནི་

འདི་དང་དག་པ་སྦྱིན་པའོ། །དང་འོག་གི་སྤངས་པ་ནི་མངོན་པ་དང་དྲན་པ་དང་མི་བླུན་པ་གསུམ་གྱིས་གདུལ་བར་བྱེད་དེ་ཞིབ་ཏུ་འོག་ནས་འཆད། མཚན་མ་གསུམ་ནི་ཕྱིར་བྱ་བས་དབྱུང་བར་བསྐོ་བ་བྱིན་པས་སོ། །ལྟུང་བ་དང་བཅས་པ་ལ་ཞེས་ཟེར་བ་ལ་འཆད་དེ་མང་དང་ངོ་བོ་ཉིད་ཀྱིས་འདུལ་བར་བྱེད་

དེ་ཞིབ་ཏུ་འོག་ནས་འཆད། མཐའ་ནི་སྦྱིན་དུ་གཞུག་པས་སོ། །ལས་ལ་འདུ་བ་ནི་སྦྱིན་ཞེས་ཟེར་བ་ལ་འཆད་དེ། རྩྭ་གདིང་བ་དམ་བཅའ་བའི་འདུལ་བ་དང་། ཁོ་བདག་དགེ་འདུན་གྱི་མདུན་དུ་བཤགས་ཤིང་འདུལ་བར་བྱེད་དེ་ཞིབ་ཏུ་འོག་ནས་འཆད། སྨྲ་བ་བདག་གིས་མ་ནུས་ན་དགེ་བ་དཀར་

เล่ม ๑๖๕ · หน้า 318a

གཅག །ཐོག་མའི་དོན་ལ་རྩོད་པ་ནི་དོན་གང་ཡིན་གང་མ་ཡིན་པ་མཁས་པ་གཅིག་གིས་གཟུ་བོ་བྱས་དཀར་གཅག །དགེ་སློང་གིས་སོ། །ལྟག་མ་ལྟར་གཟུ་པོ་དང་དཀར་གཅོག་པ་ནི་དགེ་སྦྱོང་དང་ཁྱིམ་པས་མི་བྱའི་དགེ་སློང་མཁས་པས་གཟུ་པོ་བྱ་ཞིང་དཀར་གཅག །

དེ་མངོན་པར་འདོད་པ་ལའོ། །ལྟག་མའི་དགེ་སློང་གཟུ་བོ་བྱེད་དེ་རྩོད་པའི་དགེ་སློང་གཉིས་གཅིག་དགེ་སློང་གཟུ་བོ་དེ་ལ་དད་པ་གཅིག་མ་དད་པ་མ་ཡིན་གྱི་གཉིས་ཀ་དང་ན་གཟུ་བོ་དང་དཀར་གཅོག་པ་བྱ། དེ་དག་གོ། །ཁོ་གཉིས་ཀ་གཟུ་བོ་ལ་དད་ན་གཟུ་བོར་བྱ། གཅིག་ཡན་ཆད་ལའོ། །གཟུ་

བོ་ནི་ཁོ་དག་གཉིས་ཀ་དང་ན་གཅིག་ཡན་ཆད་གཅིག་གིས་ཀྱང་ཚིག་དེ་སྟེ་མང་ན་ཉི་ཤུ་ཙམ་གྱིས་བྱར་ཡང་རུང་ངོ་། །བར་མས་སྤྲོ་བར་བྱ། ལྟག་མའི་གཟུ་བོས་ཀྱང་དེ་གཉིས་བསྡུམ་པར་མ་ནུས་ན་དགེ་འདུན་གྱིས་དགེ་སློང་གཅིག་ལ་དད་པ་དྲིས་ལ་གཟུ་བོར་བསྐོས་ཏེ་དེའང་གསོལ་བ་དང་ཞུ་བའི་

ལས་ཀྱིས་བྱ། དགེ་འདུན་གྱིས་དེ་རྟག་ཏུ་བསྒོ། །ལྟག་མའི་གཟུ་བོ་དེ་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་དགེ་སློང་དེ་ལ་དད་པ་དྲིས་ཏེ་ནམ་འཐབ་མོ་ཞི་བའི་བར་དུ་གཟུ་བོར་བསྒོ། །གསོལ་བ་དང་ཞུ་བ་གཉིས་ཀྱིས་བསྒོ། །འཐབ་མོར་མི་འཇུག་པ་ལས་བསྒོ། །ལྟག་མ་ལྟར་གཟུ་

བོར་གཞུག་པའི་དགེ་སློང་དེ་ཁོ་བདག་ཉིད་འཐབ་རྩོད་ཅན་ནམ་ཕ་རོལ་འཐབ་པ་ལ་དགའ་ཞིང་འཆུག་པ་དེ་ལ་ནི་མི་བསྒོའི་དགེ་འདུན་ཐམས་ཅད་ཀྱང་མདུན་དུ་དགའ་བའི་དགེ་སློང་དེ་ལ་བསྒོའོ། །ངོ་ཚ་བ་དང་སློབ་པ་འདོད་པ་དེ་ལས་སོ། །ལྟག་མ་གཟུ་བོའི་དགེ་སློང་དེ་ཚུལ་ཁྲིམས་ལ་གནས་ཤིང་གཞན་གྱིས་

ཀྱང་ཁྲེལ་གྱིས་དོགས་ཁོ་བདག་ཀྱང་ངོ་ཚ་ཞེས་དེ་ལྟ་བུ་ལས་བསྒོ་སྟེ་ཞིབ་ཏུ་འོག་ནས་འཆད། འདུལ་བ་གདོན་མི་ཟ་བ་དང་། མཁས་པ་དང་། འདས་པའི་སྤྱོད་པ་ལ་སྦྱོང་བ་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་ལྟ་བུ་དང་ལྡན་ན་རྩོད་པའི་དགེ་སློང་གི་གཟུ་བོ་དང་དཀར་གཅོག་པར་དགེ་འདུན་གྱིས་

བསྐོ་མི་བཟློགས་པ་ལས་སོ། །ལྟག་མའི་གཟུ་བོར་ནོར་ངོ་དང་གཉེན་ངོར་བྱེད་ཅིང་ངོ་བཟློག་མི་ཕོད་པ་ལས་ནི་བསྒོའི། བརྟན་ཅིང་མི་འགྱུར་ཏེ་རྡོ་རྗེ་དང་འདྲ་བ་ལས་བསྒོ། བརྟན་ཅིང་བརྩམས་པ་མི་འཁྲུག་པ་ལས་སོ། །བརྟན་ཅིང་ཁོང་རྩོད་པའི་ཚེ་ནའང་སེམས་འཁྲུགས་པ་ཕྱིས་ཀྱང་ཤ་འཁོན་

เล่ม ๑๖๕ · หน้า 318b

གྱིས་མི་འཇིགས་ཤིང་ངོ་བཟློག་ཕོད་པ་ལས་བསྒོ། འཐབ་མོར་མི་འཇུག་པ་ལས་བསྒོའོ་ཞེས་བྱ་བའི་མདོ་མན་ཆད་ཀྱི་མདོ་དེའི་ནང་ནས་མིང་གིས་སྨོས་པ་འདི་རྣམས་དང་ལྡན་པ་ལས་གཟུ་བོར་དགེ་འདུན་གྱིས་བསྒོ། སྙོམས་པ་ལས་སོ། །སྙོམས་ཤིང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་

དང་མི་ལྡན་པ་ལས་བསྒོ། བསྒོ་བ་ལས་སོ། །ཁོང་གཉིས་ཀྱི་ཚིག་ལན་ཚིག་གིས་ཁོང་དུ་ཆུད་པ་ལས་བསྒོ། ཕྱིར་བསྒོ་ནུས་པ་ལས་སོ། །འཐབ་པའི་དགེ་སློང་དེ་གཉིས་ལན་ཐེབས་པར་བསྒོ་ནུས་པ་ལས་བསྒོ། མཛངས་པ་ལས་སོ། །འཐབ་པ་ལ་གཉིས་ལ་བསྒོ་བའི་ཚེ་ཚིག་འབྲུ་

ཐམས་ཅད་བསམ་མི་དགོས་པར་སྨྲ་ནུས་པས་བསྒོ། དེས་ཞི་བར་མ་ནུས་ན་དགེ་འདུན་ལ་དོར། ལྟག་མ་ལྟར་གཟུ་བོར་བསྒོ་བའི་དགེ་སློང་དེས་འཐབ་མོ་པ་ཞི་བར་མ་ནུས་ན་དགེ་འདུན་གྱི་ཐད་དུ་སོང་སྟེ་དགོངས་ཤིག་འཕགས་པའི་དགེ་འདུན་བདག་གིས་ནི་རྔོ་མ་ཐོགས་ཀྱི་མཛད་དུ་གསོལ་

ཅེས་བྱ་བ་དགེ་འདུན་ལ་ཕུལ་ཅིག །དེ་དག་གིས་མ་ནུས་པ་བསྒོ། ལྟག་མ་ལྟར་དགེ་འདུན་ལ་སླར་ཕུལ་ཏེ་ལོ་གཅིག་གཉིས་ཀྱི་བར་དུ་དགེ་འདུན་གྱིས་འདུལ་བའི་ཐབས་ཀྱིས་ཞི་བར་གྱིས་ཤིག་དེས་ཀྱང་མ་ནུས་ན་ཡང་གཟུ་བོ་ལ་བསྒོ་སྟེ་ཞིབ་ཏུ་འོག་ནས་འཆད། དགེ་འདུན་གྱིས་ཚད་ལས་

མི་ཉུང་བའོ། །དགེ་འདུན་གྱིས་གདུལ་བར་མ་ནུས་ན་ལྟག་ཏུ་བཤད་པའི་དགེ་སློང་དེས་ཀྱང་ཡོན་ཏན་དང་མཐུ་ཆེ་བ་བཞི་ཡན་ཆད་དགེ་འདུན་དུ་ལངས་པ་ལས་གཟུ་བོར་བསྒོ། བདག་གིས་ཏེ་བསྐོས་ཏེ་མི་ནུས་ན་ནུས་པ་ལའོ། །ལྟག་མའི་དགེ་སློང་བཞི་པོས་ཀྱང་གདུལ་བར་མ་ནུས་ན་དེ་བས་ཀྱང་

མཁས་ཤིང་མཐུ་ཆེ་བའི་དགེ་སློང་དེ་བཞི་ལ་དབུལ། བླ་མ་མ་བྱས་མི་ནུས་ན་གང་ནས་བླངས་པ་དེར་གཞག །ད་གཟོད་ཀྱི་བཞི་པོ་དེས་ཀྱང་གདུལ་བར་མ་ནུས་ན་སྔ་མའི་དགེ་སློང་བཞི་པོ་ལ་སླར་གཏོད་ཅིང་། དེས་ཀྱང་མ་ནུས་ན་ཐོག་མའི་དགེ་འདུན་ལ་རིམ་པས་ཕྱིར་གཏད། དགེ་འདུན་

གྱིས་ཀྱང་མ་ནུས་ན་དང་པོ་དགེ་སློང་གཟུ་བོར་བསྐོས་པ་དེ་ལ་གཏད། དེས་ཀྱང་མ་ནུས་ན་ཐོག་མ་བསྐོ་བའི་དགེ་འདུན་ལ་ཕྱིར་དབུལ། ཕྱིར་འོངས་ན་རྩ་བའི་དགེ་འདུན་གྱིས་ཕྱིར་སྦྱོང་བར་སྤོ་བར་བསྐོ། ཐབས་ལྟག་མ་ལྟར་རིམ་པས་བཏུལ་ཏེ་མ་ཐུལ་ན་དགེ་འདུན་གྱིས་དགེ་སློང་གི་ནང་

เล่ม ๑๖๕ · หน้า 319a

ནས་གསུམ་བཞི་ཞིག་བསྐོས་ཏེ་དེ་དང་སྦྲོགས་ལ་མཚམས་ཐ་དད་པའི་གཞན་གྱི་གཙུག་ལག་ཁང་དུ་གདུལ་བར་ཆོལ་ཅིག །དེ་གནས་བརྟན་དང་བཅས་པ་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གཞན་དུ་གཞུག །མཚམ་ཐ་དད་པའི་གཙུག་ལག་ཁང་གཞན་དུ་བཅོལ་

བ་ཡང་གཙུག་ལག་ཁང་དེ་ན་གནས་བརྟན་ཡོན་ཏན་དང་ལྡན་པ་དང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པ་རྟག་ཏུ་ཀློག་པའི་དགེ་འདུན་དེ་ལྟ་བུའི་གཙུག་ལག་ཁང་དུ་གཏད་ཅིང་བཅོལ། གྱུར་པ་ཐོག་མར་བསྒོས་ཏེ་ཟླ་བ་གསུམ་གྱི་དུས་སུ་སྦྱིན། གཙུག་ལག་ཁང་གཞན་དུ་བཅོལ་བའི་ཚེ། ཚུལ་སྐྱེལ་

བའི་དགེ་སློང་རྣམས་ཀྱིས་དགེ་འདུན་བཞི་པ་ལ་ཐོག་མ་ནས་ཇི་ལྟར་རྩོད་ཅིང་དགེ་སློང་དང་དགེ་འདུན་གྱི་རིམ་པར་ལྟག་ཏུ་སྨོས་པ་བཞིན་དུ་མཐར་ཆགས་ཀྱིས་བཏུལ་ཀྱང་མ་ཐུལ་ཏོ་ཞེས་གཏམ་རྒྱུས་ཀྱིས་ཐོག་མར་སྨོས་པ་ལ་དའང་ཁྱེད་ཀྱིས་ཟླ་བ་གཉིས་གསུམ་གྱི་བར་དུ་ཐུལ་ལ་བརྒྱ་ལ་མ་ཐུལ་ན་སླར་ཡི་གེ་

སྤྲིང་ཤིག་ཅེས་བསྒོ། དེས་འདིའོ། །ཕ་ལོགས་སོ། །གཙུག་ལག་ཁང་དུ་དགེ་འདུན་དེས་ཀྱང་མ་ཐུལ་ན་དང་པོ་སྐྱེལ་དུ་འོངས་པའི་དགེ་སློང་དེ་རྣམས་ལ་སླར་ཡི་གེ་སྤྲིང་ཤིག་སླར་ཕུལ་ན་དེ་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་ལྟ་བུ་འཛིན་པ་ལའོ། །དེ་ལྟར་ཡི་གེ་བཏང་ནས་ཐོག་མ་

སྐྱེལ་སྐྱེལ་བའི་དགེ་སློང་དེ་དག་ལ་ཕྱིར་གཏད་ན་སླར་དགེ་འདུན་གང་དུ་ཁྲིད་དེ་མ་འོང་བར་གཙུག་ལག་ཁང་གང་ན་མདོ་སྡེ་དང་འདུལ་བ་དང་མ་ལྟ་བུའི་དགེ་སློང་གང་ན་ཡོད་པ་དེར་ཁྲིད་དེ་ཐོག་མའི་གཏམ་རྒྱུས་ནས་ཤོད་དེ་ཡང་དེར་ཆོས་ཤིག །ཟླ་བ་དྲུག་ཏུའོ། །ལྟག་མ་ལྟར་བཅོལ་བ་ཟླ་

བ་དྲུག་གི་བར་དུ་ཁྱོད་ཀྱིས་ཐུལ་ལ་མ་ཐུལ་ན་སླར་ཡང་ཡི་གེ་ཐོང་ཤིག་བསྒོ་ཤིག །དེས་གནས་བརྟན་གྲགས་པ་ལའོ། །ལྷག་མ་ཟླ་བ་དྲུག་ཏུ་བཏུལ་ཏེ་མ་ཐུལ་ན་སླར་བསྐྱལ་བ་ལས་དགེ་སློང་བང་ཆེན་པ་དེ་རྣམས་ཀྱིས་ཀྱང་གང་ན་གནས་བརྟན་མཆོག་ཏུ་གྲགས་པ་དེ་ལྟ་བུ་ལ་ཐོག་མའི་

གཏམ་རྒྱུས་ནས་ཤོད་དེ་བཅོལ་ཅིག །མཐའ་མེད་པར་རོ། །ལྟག་མའི་གནས་བརྟན་དེ་ནི་དུས་འདི་ཙམ་གྱི་བར་དུ་གདུལ་ཞེས་བྱ་བ་ནི་མ་ཡིན་གྱི་ནམ་གདུལ་བའི་ཚད་ཀྱིས་བཟུང་ངོ་། །དེས་འདིའི་གང་ཡང་བདག་གིར་བྱ་བ་ཡང་སྤང་གནས་བརྟན་གྲགས་པ་དེས་འཐབ་མོ་པ་གཉིས་

เล่ม ๑๖๕ · หน้า 319b

གདུལ་བའི་ཚེ་འཐབ་མོ་པའི་དགེ་སློང་གིས་ཡོན་ནམ་སྤྱན་གཟིགས་ཕུལ་ན་གནས་བརྟན་དེས་མི་བླང་། གོ་འདུན་དང་སོ་ཤིང་ཡན་ཆད་དོ། །ལྟག་མ་ལྟར་སྤྱན་གཟིགས་མི་བླང་བར་མ་ཟད་ཀྱི་མིང་གིས་སྨོས་པ་འདི་རྣམས་ཀྱང་མི་བླང་། སྟན་གཅིག་ལ་འདུག་པ་དང་འཆགས་གཅིག་ཏུ་འཆག་པ་དང་

གཏམ་དང་གཏམ་ཀུན་ཀྱང་ངོ་། །གནས་བརྟན་དེས་འཐོབ་པའི་དགེ་སློང་དང་གྲལ་དང་སྟན་གཅིག་པ་དང་འཆག་པའི་ས་དང་གཏམ་དང་གཏམ་རྒྱུད་དང་བཅས་པ་ལ་སོགས་པ་འདི་རྣམས་ལྟ་བུ་མི་བྱ། བསྙེན་ན་འདི་སྐད་སྨྲའོ། །ལྟག་མ་ལྟར་ཡོན་དང་སྤྱན་གཟིགས་མ་བསླངས་པ་དང་

འཐབ་པའི་དགེ་སློང་ན་རེ་ཅི་ཉེས་ཏེ་སྤྱན་གཟིགས་ཀྱང་མི་ལེན་གཏམ་ཡང་མི་ཟེར་ཞེས་སྨྲ་ན་གནས་བརྟན་གྱིས་འོག་ནས་འབྱུང་བ་སྐད་དུ་བྱ། ཚེ་དང་ལྡན་པ་ཁྱོད་མི་རྙེད་ཅིང་མ་རྙེད་ལ་ངན་པ་རྙེད་དེ་བཟང་པོ་མ་རྙེད་དོ། །གང་ཁྱོད་རབ་ཏུ་བཤད་པ་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ན་འཐབ་མོ་སྐྱེ་བ་དང་སྨྱོན་

ཐབས་སྐྱེ་བ་ལ་སྤྱོད་དམ་དགྲ་བྱེད་རྩོད་པར་གྱུར་ཏོ། །ཚེ་དང་ལྡན་པ་འཐབ་མོ་མ་བྱེད། སྨྱོན་ཐབས་མ་བྱེད། དགྲར་མ་བྱེད་མ་རྩོད་འཐབ་པ་ལ་གཉིས་ཀ་རྒྱལ་བ་མེད་དོ། །གཅིག་རྒྱལ་གཅིག་ཕས་ཕམ་མོ། །བརྒྱུགས་པ་ལས་གཉིས་ཀ་མི་རྒྱལ་ཏེ་གཅིག་རྒྱལ་གཅིག་ཕས་ཕམ་མོ་ཞེས་

སོ། །གནས་བརྟན་གྱིས་འཐབ་མོ་པ་སྡེ་གཉིས་ལ་འཐབ་ཅིང་རྩོད་པ་ཉེས་པའི་ཚུལ་དུ་གཅིག་རྒྱལ་གཅིག་ཕམ་མོ་ཞེས་ཟེར་བའི་མདོ་ཡན་ཆད་ཀྱི་ཚིག་གིས་བསྒོ་བ་ལ་བྱ། མང་པོའི་བློ་ལྟར་བཅའོ་ཞེས་བསྒྲུབ་པའི་རྣམ་པ་གཞན་ནོ། །ལྟག་མ་ལྟར་གནས་བརྟན་གྱིས་ལོ་མང་ཞིག་གི་བར་དུ་

སྦྱངས་ཀྱང་ཞལ་ཆེ་མ་ཅོད་ན་དང་པོའི་དགེ་འདུན་ལ་ཕུལ། དགེ་འདུན་གྱིས་འཐབ་མོ་པ་ལ་བསྒོ་བ་ཁྱེད་ཀྱིས་ཞལ་ཅེ་དགེ་འདུན་གྲངས་མང་བ་རྒྱལ་བར་གཅོད་དོ་ཞེས་བསྒོ་སྟེ་འོག་ནས་འཆད། ཆོས་གདོན་མི་ཟ་བར་འགྱུར་གྱི་ཚུལ་གདོན་མི་ཟ་བར་མ་ཡིན་ནོ། །དགེ་འདུན་གྱིས་འཐབ་མོ་བ་ལ་འདི་

སྐད་ཀྱང་བསྒོ། །སྐབས་འདིར་ཚུལ་ཁྲིམས་དང་མི་ལྡན་ན་མི་བརྩིའི་ཆོས་ཀྱི་གཞུང་ལས་བྱུང་བ་བཞིན་ཞལ་ཅེ་གཅད་དོ་ཞེས་བསྒོ། །བརྒལ་བ་དང་རྒོལ་བ་ཆུད་པའི་ཕྱིར་ཏེ་དེར་ཆུད་པས་གདོན་མི་ཟ་བའོ། །འཐབ་མོ་པ་གཉིས་ཚུས་ཕར་བརྒལ་བ་དང་ཚུས་ཕར་རྒོལ་བ་དང་གཉིས་ལ་དགེ་འདུན་

เล่ม ๑๖๕ · หน้า 320a

གྱིས་ཞལ་ཅེ་གདོན་མི་ཟ་བར་བཅད་དེ་གཏོད་པར་བྱའོ། །རྒོལ་བ་དང་ཕྱིར་རྒོལ་བས་དྲག་པོར་གཟུང་ཞིང་རབ་ཏུ་ཞེན་ལ་དེ་དག་ནུས་པས་དགེ་འདུན་གྱི་དབྱེན་དུ་དོགས་ན་འདི་ལ་གནས་པར་བྱ་འཐབ་མོ་རྒོལ་བ་གཉིས་ཕས་རྒོལ་བ་དང་ཚུར་རྒོལ་བ་གཉིས་སེམས་ལ་རབ་ཏུ་བཟུང་སྟེ་

མི་གཏོང་བར་ནན་ཏན་བྱེད་ན་དགེ་འདུན་གྱིས་ཞལ་ཅེ་མྱུར་དུ་མ་བཅད་ན་དགེ་འདུན་ཕལ་མོ་ཆེ་སྡེ་གཉིས་སོ་སོར་ཆད་པས་ཡུན་རིང་ན་དབྱེན་དུ་འགྱུར་གྱིས་དོགས་པའི་ཕྱིར་ཞལ་ཅེ་མྱུར་དུ་བཅད་པ་དང་བསྡུམ་པར་བྱ། སྡོམ་པ་བྱེད་པའི་ཕྱིར་མ་ཡིན་ནོ། །སེམས་ལ་ཉེས་པར་བསམ་པ་ནི་ཡིད་ལ་

འགྱོད་པས་ཚངས་ཀྱི་ལུས་དང་ངག་གི་ཉེས་བྱས་པ་ནི་མཐོལ་དགོས་སོ། །གནས་བརྟན་གྱིས་མཐར་ཀུན་དུ་ཉོན་མོངས་ནའོ། །དགེ་འདུན་གང་མང་བ་བརྩན་པར་ཞལ་ཅེས་གཅད་པ་ནི་ཐོག་མར་དཀར་གཅག་ཅེས་བྱ་བ་མན་ཆད་གནས་བརྟན་ཆེན་པོས་ཡུན་རིང་དུ་སྦྱངས་ཞེས་བྱ་བའི་བར་དུ་ཉོན་

མོངས་ཤིང་མ་བཏུལ་བར་དགེ་འདུན་མང་བ་རྒྱལ་ལོ་བར་ཞལ་ཅེ་མི་གཅད་དོ། །རྩ་བའི་དགེ་འདུན་ལའོ། །ལྟག་མ་ལྟར་དགེ་འདུན་མང་བ་རྒྱལ་ལོ་བར་ཞལ་ཅེ་གཅད་པ་ནི་དང་པོ་ཉིད་དུལ་བར་བསྒོ་བའི་དགེ་འདུན་ཞེས་ཞལ་ཅེ་གཅད་དོ། །ཚུལ་ཤིང་འཛིན་པས་འདི་བསམ་པ་གཟུང་བར་

བྱ། ལྟག་མ་ལྟར་དགེ་འདུན་མང་ཉུང་དུ་གྲངས་གཟུང་བའི་ཕྱིར་ཚུལ་ཤིང་རྣམ་པ་གཉིས་བཤམས་པ་ལ་དགེ་བའི་ཚུལ་ཤིང་བླངས་པ་མང་ན་དགེ་བ་ལ་ཕྱོགས་པ་རྒྱལ་བར་བྱ། ཆོས་མ་ཡིན་པའི་ཚུལ་ཤིང་མང་དུ་བླངས་ན་དེ་རྒྱལ་བར་བྱའོ་ཞེས་དགེ་འདུན་གྱིས་དེ་ལྟར་བཤམས་ནས་བརྩིས་མགོ་འོག་མ་

ལྟར་བྱའོ། །ཚུལ་ཤིང་འདྲིམ་པ་བསྒོ། དགེ་འདུན་གྱིས་གསོལ་བ་དང་ཞུ་བ་གཉིས་ཀྱི་ལས་ཀྱིས་དགེ་འདུན་གྱི་ནང་ནས་དགེ་སློང་ལས་ཚུལ་ཤིང་འདྲིམ་པ་ཅིག་བསྐོ། །ཚུལ་ཤིང་དེས་གཞག་པ་རྣམ་པ་གཉིས་སུའོ། །ཚུལ་ཤིང་འདྲིམ་པ་དེས་ཚུལ་ཤིང་རྣམ་གཉིས་འོག་ནས་འབྱུང་བ་

བཞིན་དུ་སྟ་གོན་བྱས་ཏེ་གཞག །མི་འཁྱོར་བ་དང་མི་སྒུར་བ་དང་ཁ་དོག་བཟང་པོ་བསུང་ཞིམ་པོ་ཤིན་དུ་འཇམ་པ་ཆོས་ཀྱི་ཚུལ་ཤིང་ངོ་། །མིང་གིས་སྨོས་པ་འདི་རྣམས་མཐུན་པ་ནི་དགེ་བ་ལ་ཕྱོགས་པ་ནི་ཚུལ་ཤིང་ངོ་། །གཞན་ལ་བཟློག་ལའོ། །ཚུལ་ཤིང་སྒྲུབ་འཁྱོར་བ་ཁ་དོག་མི་བཟད་

เล่ม ๑๖๕ · หน้า 320b

པ་བསུང་མི་ཞིམ་པ་རྩུབ་པ་ལ་སོགས་པ་ནི་མི་དགེ་བ་ལ་ཕྱོགས་པའི་ཚུལ་ཤིང་ངོ་། །འདུ་བའི་ཕྱིར་དགེ་འདུན་ལ་ཞུ། ཚུལ་ཤིང་འདྲིམ་པའི་དགེ་སློང་གིས་སང་ཚུལ་ཤིང་འདྲིམ་པའི་ཕྱིར་དགེ་འདུན་ཐམས་ཅད་འདུ་བར་མཛོད་ཅིག་ཅེས་ཞུ་བའི་ལས་བྱ། ཐམས་ཅད་འདུ་བར་མཛོད་ཅིག །བདག་གིས་

ཚུལ་ཤིང་བྲིམ་མོ་ཞེས་སོ། །དགེ་མི་དགེ་ལ་ཕྱོགས་པའི་དགེ་འདུན་ཐམས་ཅད་སང་ནང་པར་སྔར་གཤེགས་ཞེས་བདག་གིས་ཚུལ་ཤིང་བྲིམ་མོ་ཞེས་བསྒོ་ཤིག །དེ་སྟེ་དེ་ལྟར་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པར་འགྲུབ་པར་ཤེས་ན་དད་པ་བྱིན་ཡང་འདུས་པར་མི་བྲིམ། ཕྱི་དེ་ནང་པར་ཚུལ་ཤིང་

འདྲིམ་པའི་དགེ་བ་ལ་ཕྱོགས་པའི་དགེ་སློང་ནི་དད་པ་འམ་ཚིག་བྱིན་ལེན་དེ་འདུས་པ་ནི་ཉུང་མི་དགེ་བ་ལ་ཕྱོགས་པའི་དགེ་སློང་ནི་མང་ན་ཐབས་བྱ་སྟེ། དགེ་བའི་དགེ་འདུན་མང་དུ་ནམ་ཚོགས་ཀྱི་བར་དུ་ཕྱིར་བཤོལ། ཚུལ་ཤིང་འདྲིམ་པའི་ཚེ་ཆོས་ཀྱི་ཚུལ་ཤིང་ལག་པ་གཡས་སུ་བླངས་ལ་གཞན་

གཡོན་དུ་བླངས་ཏེ་བྲིམ་ཚུལ་ཤིང་བྲིམ་པའི་ཚེ་བྲིམ་པའི་དགེ་སློང་དེས་ཆོས་ལ་ལྟ་བའི་ཚུལ་ཤིང་བཟང་པོ་ནི་ལག་པ་གཡས་ཀྱིས་བླངས་ལ་མི་དགེ་བ་ལ་ཕྱོགས་པའི་ཚུལ་ཤིང་ངན་པ་ལག་པ་གཡོན་པར་གཞག་སྟེ་དགེ་འདུན་ལ་བྲིམ། སྦས་ལ་སྔོན་དུ་བསྟན་ཏེ་ཉེ་བར་ཞུས་ཏེ་གནས་བརྟན་འདི་ནི་ཆོས་

ཀྱི་ཚུལ་ཤིང་སྟེ། མི་སྒུ་མི་འཁྱོག་མི་སྒུར་ཁ་དོག་བཟང་པོ་བསུང་ཞིམ་པར་ཤིན་ཏུ་འཇམ་གྱིས་ལང་ཤིག་ཅེས་སོ། །ཚུལ་ཤིང་འདྲིམ་པའི་ཚེ་ཚུལ་ཤིང་ངན་པ་ནི་ནད་པ་ནི་སྣོད་ཀྱི་ནང་དུ་བཅུག་སྟེ་ཁ་གཡོགས་ལ་ཚུལ་ཤིང་བཟང་པོ་སྔར་བྱུང་ལ་གནས་བརྟན་དག་ལ་ཉེ་བར་བསྟན་ཏེ་མིང་གིས་སྨོས་

པ་འདི་སྐད་དུ་ཚུལ་ཤིང་གི་ཡོན་ཏན་བསྔགས་ཏེ་བྲིམ་པར་བྱའོ། །གཞན་སློང་ན་ཚིག་གཉིས་ཀྱི་བར་དུ་མི་སྦྱིན། ཚུལ་ཤིང་བྲིམ་པའི་ཚེ་གནས་བརྟན་དེ་ཚུལ་ཤིང་ངན་པ་སློང་ན་འདྲིམ་པའི་དགེ་སློང་གིས་གནས་བརྟན་དེ་ལ་ཁྱོད་ལྟ་བུའི་གནས་བརྟན་སྡེ་སྣོད་གསུམ་ཐུལ་ཅིང་ཡོན་ཏན་དང་ལྡན་པ་

ཚུལ་ཤིང་འདི་བླངས་པ་རིགས་མོད་ཅེས་དེ་སྐད་ལན་གསུམ་གྱི་བར་དུ་བསྒོ་སྟེ། དེ་སྟེའང་མ་བཏུབ་ན་ཚུལ་ཤིང་ངན་པ་སྦྱིན། ཇི་ལྟར་ཆོས་འབྱུང་བར་དེ་བཞིན་དུ་ཤེས་ཏེ། བྲིམ་པ་བཙུམས་ཏེའམ་བསྟེན་ཏེའོ། །ཚུལ་ཤིང་འདྲིམ་པའི་ཚེ་ཚུལ་ཤིང་བྲིམ་པའི་དགེ་སློང་གིས་ཅི་ནས་ཀྱང་ཚུལ་ཤིང་བཟང་པོ་

เล่ม ๑๖๕ · หน้า 321a

ནི་བླངས་ཤིང་ཚུལ་ཤིང་ངན་པ་ནི་མི་འདོད་པ་ན་ཐབས་ཅི་ཡོད་པ་སྦྱར་ཏེ་ཚུལ་ཤིང་སྦས་ན་ལེགས་སམ་མ་བྱུང་ལེགས་པའི་ཐབས་ཀྱང་འཕྲལ་ལ་བལྟས་ཤིང་ཅི་ནས་ཚུལ་ཤིང་བཟང་པོ་ལེན་པར་གྱིས་ཤིག །ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོས་ཆོས་ཀྱི་ཚུལ་ཤིང་བླངས་སློབ་དཔོན་དང་

མཁན་པོ་གཅིག་པ་དང་འཐམས་པ་དང་བརྟན་པ་དང་བཤེས་དྲན་པ་དང་ཡིད་དུ་འོང་བས་ཀྱང་ན་ཁྱོད་ཀྱིས་ཀྱང་ཆོས་ཀྱི་ཚུལ་ཤིང་ལོང་ཤིག །གནས་བརྟན་ལ་བྲིམ་པའི་འོག་ཏུ་འོག་མ་གཞོན་ནུ་རྣམས་ལ་ཚུལ་ཤིང་འདྲིམ་པའི་ཚེ་མོད་ལ་མིང་གིས་སྨོས་པ་འདི་སྐད་ཀྱི་ཚིག་དགེ་སློང་གཞོན་ནུ་དེའི་

རྣ་དྲུང་དུ་ཚུལ་ཤིང་འདྲིམ་པས་བཤུབས་ཏེ་ཐམས་ཅད་ཀྱིས་ཀྱང་བླངས་པའི་རིགས་སོ་ཞེས་གྱིས་ལ་ལེན་དུ་ཆུག་ཤིག །ཁྱོད་ཀྱིས་དེ་དག་མི་དགའ་བར་མ་གྱུར་པར་ཞེས་ངག་གིས་རྣ་དྲུང་དུ་བཟླས་ཏེའོ། །ལྟག་མ་ལྟར་ཁྱོད་ཀྱི་མཁན་པོ་དང་སློབ་དཔོན་མཛའ་བོ་ལ་སོགས་པ་ཐམས་ཅད་ཀྱིས་ཚུལ་

ཤིང་བླངས་ཟིན་ན་ད་ཁྱོད་ཀྱིས་མ་བླངས་པ་དང་མི་དེ་རྣམས་དང་ཡང་ཁྱོད་ཆོས་ཀྱི་བྱ་བར་འོང་སྟེ་མ་ལེགས་ཀྱིས་ཚུལ་ཤིང་ལོང་ཤིག་ཅེས་རྣ་དྲུང་དུ་བཤུབས་ལ་གྱིས་ཤིག །ཆོས་མ་ཡིན་པའི་ཚུལ་ཤིང་མི་བླང་། ཚུལ་ཤིང་བྲིམ་པའི་ཚེ་ཚུལ་ཤིང་ལེན་པས་ཀྱང་ཚུལ་ཤིང་ངན་པ་བླངས་ན་ཉེས་བྱས་

ཏེ་དེ་ནི་སྤྱིའི་ཁྲིམས་སོ། །མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་ལྟ་བུ་འཛིན་པ་ལ་མ་དྲིས་པར་མ་ཡིན། ཚུལ་ཤིང་ལེན་པའི་ཚེ་མིང་གིས་སྨོས་པ་འདི་ལྟ་བུ་དང་ལྡན་པའི་དགེ་སློང་ལ་མ་དྲིས་ཀྱི་བར་དུ་དགེ་སློང་གཞན་གྱིས་ཀྱང་ཚུལ་ཤིང་མི་བླང་མ་བརྟགས་པར་བླངས་ན་ཉེས་བྱས། བྱེ་བར་

འདོད་པས་མ་ཡིན། ཚུལ་ཤིང་བླང་བའི་ཚེ་ཆོས་མ་ཡིན་པའི་ཚུལ་ཤིང་ངན་པ་བླངས་ཏེ་ཡིད་ལ་དགེ་འདུན་དབྱེན་བྱའོ་སྙམ་བསམས་ཏེ་བླངས་ན་ཉེས་བྱས་ཏེ་དེ་བས་ན་མི་བླང་། ཆོས་མ་ཡིན་པས་རྒྱལ་བ་མ་ཡིན། ཚུལ་ཤིང་ལེན་པའི་ཚེ་ཆོས་མ་ཡིན་པ་ལ་ཕྱོགས་པ་དེ་རྒྱལ་བར་བྱ་སྙམ་སྟེ་ཡིད་

ལ་བསམས་ཏེ་བླངས་ན་ཉེས་བྱས། འདིར་འགྱུར་བར་ཤེས་ན་མ་ཡིན་ཚུལ་ཤིང་ལེན་པའི་ཚེ་ཆོས་མ་ཡིན་པ་ལ་ཕྱོགས་པ་རྒྱལ་བར་ཤེས་ན་ཚུལ་ཤིང་ངན་པ་མི་བླང་། མཉམ་ན་ཉན་ཐོས་ཆེན་པོའི་ཕྱིར་ཚུལ་ཤིང་གཞག །ཚུལ་ཤིང་བྲིམས་ཏེ་དགེ་མི་དགེ་གཉིས་ཚུལ་ཤིང་མཉམ་ན་ཉན་ཐོས་ཀྱི་

เล่ม ๑๖๕ · หน้า 321b

གནས་བརྟན་ཆེན་པོར་བྲིམ་ནའོ། །ལག་ཀ་ཞེས་བྱ་བའི་སྐལ་བར་བཞག་སྟེ་དགེ་བའི་ཕྱོགས་པའི་ཚུལ་ཤིང་དུ་བརྩིས་ཏེ་དགེ་བ་ལ་ཕྱོགས་པ་ལ་རྒྱལ་བར་བྱ། ཆོས་མ་ཡིན་པར་འདི་ལྟ་བུ་ཞི་བར་གྱུར་ན་མི་སྐྱེའོ། །ལྟག་མ་ལྟར་གནས་བརྟན་གྱི་ཚུལ་ཤིང་གིས་བསྣན་ཀྱང་མི་དགེ་བ་ལ་ཕྱོགས་པའི་ཚུལ་

ཤིང་མང་ན་དེ་ལས་སླར་མི་སྐྱོ་བར་བཟོད་པར་གསོལ་ཏེ་ཉེས་པར་ཁས་བླངས་ན་དེས་ནི་དུམ་པར་འགྱུར་རོ། །ཐོག་མར་གཟུ་བོར་བསྐོས་པ་མན་ཆད་འདི་ཡན་ཆད་ནི་མངོན་པར་གདུལ་བར་འོས་པ་ལྟ་བུ་ལས་མངོན་པར་གདུལ་བ་སྦྱིན་ཞེས་ཟེར་བ་ལ་འཆད་དེ་རྩོད་པ་བཞིའི་དང་པོའོ། །ཁ་ན་མ་ཐོ་བ་མེད་

པ་ལས་བརྒལ་ན་གཙང་མ་སྦྱིན། དགེ་སློང་ཕས་ཕམ་པ་མེད་པ་ལ་བརྒལ་ན་མ་ཉེས་པའི་ཡུས་གཙང་མ་སྦྱིན་ཏེ་དཔེར་དྲབ་བྱམ་ལྱ་བུད་ཏྲ་བུ་མི་ཀ་སྤུན་གཉིས་ཀྱིས་བརྒལ་བ་ལྟ་བུ་སྟེ་ཞིབ་ཏུ་འོག་ནས་འཆད། དེའི་བརྒལ་བ་བཞི་སྟེ་དངོས་པོ་མེད་པ་དང་། ནན་ཏན་གཞན་གྱི་དབང་གིས་

དང་། མཐོལ་བ་ལ་མ་བལྟས་པ་དང་། སྨྱོན་པས་བྱས། རྣམ་པ་འདི་བཞི་ལ་སོ་སོར་ཐར་པའི་ནང་ནས་དྲན་པའི་འདུལ་བས་སྦྱིན་པ་དང་། མི་བླུན་པའི་འདུལ་བས་སྦྱིན་པ་གཉིས་འཆད་པ་དེ་འོག་ནས་འབྱུང་། དང་པོ་གསུམ་ལ་དྲན་པའི་འདུལ་བ་སྦྱིན། མདོ་ལྟག་མའི་མིང་གིས་སྨོས་པ་

བཞི་ལ་དང་པོ་གསུམ་ལ་དྲན་པའི་འདུལ་བས་འདུལ། ཐ་མ་ལ་མི་སླེན་པས་སོ། །ལྟག་མ་སྨྱོས་པས་བྱའོ་ཞེས་བྱ་བ་ལ་མི་གླེན་པའི་འདུལ་བས་སྦྱིན་ཏེ་སྔོན་སྨྱོས་ཏེ་མི་དྲན་པའི་ཚེ་ཉེས་བྱས་པ་ངན་པར་གྱུར་ན་མི་དྲན་ན་ཕྱིན་ཆད་དགེ་བ་སྡོམ་དུ་གཞུག །ལྟུང་བ་དང་བཅས་པ་ལས་འཁྲུག་པ་

གསུམ་བྱུང་སྟེ། གྱུར་པ་མེད་པ་དང་གྱུར་པ་དང་། དེ་ལ་རྣམ་པ་གཉིས་ཏེ། ཕྱོགས་པ་དང་དགེ་འདུན་ཐམས་ཅད་པའོ། །ཕྱོགས་པ་དང་ཕ་རོལ་གྱི་ཕྱོགས་འཆོས་པས་སོ། །ཐོག་མ་ལ་ཕྱིར་འཆོས་པ་ཁས་ལེན་པར་བྱེད་པས་སོ། །གཉིས་ལ་ནི་མངོན་སུམ་གྱིས་འདུལ་བས་སོ། །གསུམ་པ་

ལ་རྩྭ་བཏིང་བས་སོ། །འདིར་མང་པོའི་ཕྱིར་དགེ་འདུན་ལ་གཤེགས་པ་མ་ཡིན་པ་གཅིག་གིས་བཅོས་སོ། །ལྟག་མ་ལྟར་སེམས་འདུལ་ཞིང་ཞི་ཟིན་ནས་ལྷག་མའི་ཉེས་པ་ཞིག་ཡིན་ན་ལྷག་པའི་ཆོས་བཞིན་དུ་མཐོལ། སྤང་བའི་ལྟུང་བ་ཉེས་པ་བྱུང་ན་དེའི་ཆོ་ག་བཞིན་མཐོལ། ལྟུང་བ་དང་ཉེས་པ་

เล่ม ๑๖๕ · หน้า 322a

དང་སོ་སོར་མཐོལ་བ་ཞིག་ཉེས་པར་གྱུར་ན་ཕྱིག་གཤུད་དུ་ཡོད་པའི་མིང་ནས་ཕྱུང་ལ་མིང་འདིས་འདི་ལྟ་བུ་ཞིག་ཉེས་སོ་ཞེས་དགེ་སློང་གཅིག་གིས་ཐམས་ཅད་ཀྱི་ཉེས་པ་དང་མིང་ནས་ཕྱུང་ལ་མཐོལ་ན་ཐམས་ཅད་ཚངས་པར་འགྱུར་རོ། །དུ་མ་ལྷན་ཅིག་ན་ཡང་ངོ་། །ལྟག་མ་

ལྟར་དགེ་སློང་གཅིག་གིས་སྤྱིར་མཐོལ་ཀྱང་རུང་སོ་སོར་ཐམས་ཅད་ཀྱི་མིང་དང་ལྟུང་བའི་མིང་དང་ཞིབ་ཏུ་བཤད་དེ། དགེ་སློང་གཅིག་གིས་མཐོལ་བས་གཙང་མར་གྱུར་པ་ནི་རྩྭ་བཏིང་བས་འདུལ་བའི་སྐབས་འདི་འདྲ་བས་མཐོལ་དུ་རུང་ངོ་། །གང་གིས་འདི་ལྟར་བརྗོད་དེ་ཤེས་པ་སྣང་བས་སོ། །ལྟག་

མ་ལྟར་རྩྭ་བཏིང་བའི་ཉེས་པ་མཐོལ་བ་ཉེས་པ་ཁས་བླངས་པའི་ཕྱོགས་ཀྱི་དགེ་འདུན་ཙོག་ཙོག་པོར་འདུག་ལ་མཉེས་པའི་དགེ་འདུན་རྣམས་བདེ་བར་འདུག་པའི་མདུན་དུ་ཉེས་པའི་ནང་གི་དགེ་སློང་གིས་ཐམས་ཅད་ཀྱི་ཉེས་པ་ལུང་མ་ནོས་ཏེ་གཙང་མའི་དགེ་སློང་ལ་མཐོལ་བའི་ཚེ། ཐོག་མ་བདག་

ཉིད་ཀྱི་ལྟུང་བ་སྡེ་བཞི་ཅི་ཉེས་པ་མཐོལ་ལ་དེའི་འོག་ཏུ་དགེ་འདུན་ཕལ་གྱི་ཅི་དང་ཅི་ཉེས་པ་མཐོལ་བར་དགེ་སློང་དེ་སྨྲའོ། །ཕྱོགས་གཞན་དང་མཉམ་དུ་ནའོ། །ལྟག་མ་ལྟར་མཐོལ་བ་ཆོས་དང་ཆོས་མ་ཡིན་པ་གཉིས་ཀ་ཕ་ཟད་ཚུ་ཟད་དུ་གྲལ་མཉམ་པར་འདུག་ལ། ལྟག་མ་ལྟར་ལས་བྱ་བ་ནི་

ལས་བརྒྱ་རྩ་གཅིག་ལས་གང་ཡིན་པ་དེས་བྱའོ། །དམ་མ་བཅས་པ་དང་བརྫུན་དུ་ན་མཐོལ་བར་མི་སྐྱེའོ། །ལྟུང་བ་སྡེ་བཞིའི་སྤྱིའི་མཐོལ་བ་སྟེ་གང་ཡང་རུང་མཐོལ་བའི་ཚེ། ལྟུང་བའི་མིང་དང་དངོས་པོ་གང་ཉེས་པ་འདིས་ཉེས་སོ་ཞེས་མཐོལ། གང་ཉེས་བྱས་པ་ཐམས་ཅད་མི་དྲན་ན་ཁོ་བོ་

ནོངས་པ་མཆིས་སོ་ཞེས་སྤྱིར་མི་དྲིལ་བར་ཕས་ཕམ་པའི་ཡན་ལག་ལས་ཅི་ཉེས་པ་དང་ཉེས་བྱས་ཡན་ཆད་ཡན་ལག་དང་ཡན་མཛེར་ཅི་མཆིས་པ་མཐོལ་ལོ་ཞེས་བརྗོད་དོ། །བརྒལ་བ་བཅས་པར་ན་ཡང་བརྟགས་པའོ། །ལྟུང་བ་སྡེ་ལྔ་ལས་གང་ཡང་རུང་དགེ་སློང་གིས་དགེ་སློང་གཅིག་ཡན་ཆད་དགེ་

འདུན་ཐམས་ཅད་ལའང་ཉེས་ན་རྒོལ་དུ་གནང་ངོ་། །དེ་བཞིན་དུ་དེ་ལྟར་བརྒལ་བ་ཡང་ངོ་། །ལྟག་མའི་ཚིག་བཟློག་སྟེ་གང་ཟག་གཅིག་ལ་དགེ་སློང་གཅིག་ཡན་ཆད་དགེ་འདུན་གྱིས་བརྒལ་ནའང་ཉེས་མེད་དེ་རུང་ངོ་། །འདིར་གྲངས་ཀྱི་བྱེ་བྲག་ནི་མ་ཆད་དོ། །མདོ་ལྟག་མ་གཉིས་ཉེས་པ་ལ་ཕན་

เล่ม ๑๖๕ · หน้า 322b

ཚུན་དུ་རྒོལ་བའི་དགེ་སློང་གྲངས་སུ་ཆད་པ་མེད་དེ་ཉེས་ན་དུས་བརྒལ་ཀྱང་རུང་ངོ་། །ལུས་དང་ངག་བསྡམས་པ་དང་། སྡེ་སྣོད་ཤེས་པ་དང་ཕྱིན་ཅི་ལོག་ཏུ་མི་སྟོན་པ་དང་། ཆོས་ཀྱིས་འདུལ་བ་དང་། དེ་དག་གིས་བཟློག་པ་དགེ་འདུན་གྱི་དབུས་སུ་བསམ་པ་དང་གསུམ་དུ་ལྡན་ན་རྒོལ་བ་ལ་བཀུར་

སྟི་བྱ། དགེ་སློང་གཅིག་གིས་ལྟུང་བ་སྡེ་ལྔ་ལ་བདག་སྡོལ་ན་སྐབས་དབྱེར་གསོལ་ཞེས་བྱ་སྟེ། ཕ་རོལ་གྱིས་སྐབས་ཕྱེ་ན་མིང་གིས་སྨོས་པ་འདི་རྣམས་དང་ལྡན་པའི་དགེ་སློང་གིས་བརྒལ་ན་དེའི་ཚིག་བརྩན་པར་བྱའོ། །ཚུལ་ཁྲིམས་ལོག་པ་དང་ཕྱིན་ཅི་ལོག་ཏུ་སྨྲ་ན་མཐར་བྱ། ཕས་ཕམ་པ་

བྱུང་བ་དང་ཆོས་ལོག་པ་ལ་བལྟས་ཏེ་ཡང་དག་པའི་ཆོས་ནི་མ་ཡིན་ཞིང་ངན་གྱི་འཇིག་རྟེན་གྱི་ཆོས་རྐུ་བ་དང་ཕྱོགས་ལ་སོགས་པ་ལ་དགའ་སྐྱིད་དོ་ཞེས་ཟེར་བ་གཉིས་ཤིག་ལྟུང་བ་སྡེ་ལྔ་ལས་སྐབས་ཕྱེ་ཤིག་བརྒལ་ལོ་ཞེས་ཟེར་ན་དེ་ལ་སྐབས་མི་དབྱེ་བར་ཚིག་གིས་སྤྱོས་ལ་བསྐྲད་དེ་བཏང་ངོ་། །དེ་ནི་བདག་

ཅག་དང་སྡེ་མི་མཐུན་པའི་ཕྱིར་རོ། །བསྒོ་བ་མ་ཆུད་ཅིང་སྡེ་སྣོད་འཛིན་པ་འདི་ལྟ་བུའི་ཚུལ་མ་ཡིན་ནོ། །ལྟག་མ་ལྟར་སྡེ་སྣོད་གསུམ་ཚིག་ཤེས་ཏེ་དོན་མ་ཆུང་ན་ལུས་དང་ངག་གིས་ཚུལ་ཁྲིམས་དང་ལྡན་པ་དང་ཕྱིན་ཅི་ལོག་ཏུ་མི་སྟོན་ཀྱང་སྟེ་ཕ་ལོག་ལ་བརྒལ་ཀྱང་དགེ་སློང་དེའི་ཚིག་མི་བརྩན་ནོ། །

བསམས་པ་རིགས་པའི་ཕྱིར་དེ་ལ་བསྐོ། །ལྟག་མ་སྡེ་སྣོད་གསུམ་ཚིག་ཤེས་ཏེ་དོན་མི་ཤེས་ཤིང་ལྟག་མ་ལུས་དང་ངག་གི་ཁྲིམས་དང་ལྡན་ཞིང་ཕྱིན་ཅི་ལོག་ཏུ་མི་སྟོན་པ་དེ་ལྟ་བུ་ཞིག་རྒོལ་དུ་འོངས་ན་སྐབས་ཀྱང་མི་དབྱེ། བསྐྲད་དེ་མི་བཏང་བར་ཚིག་གཞན་གྱིས་བརྗོད་དེ་ལན་མི་སྦྱིན་པར་གཞག་གོ། །

གནས་དང་རྟག་ཏུ་ལུས་དང་ངག་ཕྱིན་ཅི་ལོག་མ་ཡིན་པ་དང་། སྡེ་སྣོད་གསུམ་དང་ལྡན་པ་ལ་བྱ། མི་གནས་པའོ། །ལྟག་མ་བཞིན་མི་གནས་པ་སྟེ་གནས་པ་དང་མི་གནས་པ་ཉིད་ནི་འོག་ནས་གཉེར་གསོད་དོ། །གནས་ནི་དུས་དང་ཡུལ་དང་སྤྱོད་ལམ་དང་ནན་ཏན་ནོ། །རྒོལ་བའི་དགེ་

སློང་ལྟག་མའི་ཡོན་ཏན་དང་ལྡན་པས་དགེ་སློང་ཉེས་པ་ལ་བརྒལ་ནས་བདེན་ནམ་བརྫུན་པ་དགེ་སློང་རྒོལ་བ་དཀར་གཅག་པའི་ཕྱིར་དགེ་འདུན་གྱིས་དགེ་སློང་གཉིས་སྔ་ཕྱིར་བཏང་སྟེ་མིང་གིས་སྨོས་པ་འདི་རྣམས་ལྟར་དོན་རྟགས་དང་མཐུན་ན་རྒོལ་བ་དེའི་ཚིག་བརྩན་པར་བྱའོ། །རྒོལ་བ་པ་མི་སྐྱེ་བ་ནི་

เล่ม ๑๖๕ · หน้า 323a

གནས་དག་གུད་དུ་བསྐྱོད་པ་དང་རྟོག་པ་དང་རྟོགས་པ་བྱུང་བའོ། །མི་གནས་པ་ཞེས་བྱ་བ་ནི་རྟག་ཏུ་དུས་དང་ཡུལ་དང་སྤྱོད་ལམ་དང་ནན་ཏན་བཞི་ལྟར་དགེ་འདུན་གྱིས་ལྐོག་ཏུ་ལན་ཅིག་གམ་གཉིས་དྲིས་ཏེ་དགེ་སློང་ཡོན་ཏན་དང་ལྡན་པས་བརྒལ་བའི་ཚིག་དང་གལ་ཏེ་ཡུལ་དང་དུས་ལ་

སོགས་པ་མི་མཐུན་པར་གྱུར་ན་ཡོན་ཏན་ལྡན་པས་བརྒལ་ཀྱང་དེའི་ཚིག་མི་བརྩན་ནོ། །ཞེ་སྡང་གི་ཕྱིར་བརྒལ་ན་ནི་ལྟག་མ་ཀུན་དང་ལྡན་ཀྱང་རྒོལ་དུ་མི་གནང་ངོ་། །ཁས་བླངས་རྒོལ་བཟད་པའོ། །ལྟག་མ་ལྟར་ཡོན་ཏན་དང་ལྡན་པའི་དགེ་སློང་གིས་ཉེས་སོ་ཞེས་ཁས་བླངས་ན་ཅི་ཉེས་པའི་དངོས་པོ་

མཐོལ་ན་ཚངས་པར་འགྱུར་རོ། །བདེན་པ་མཐོང་བ་དང་ཡོན་ཏན་གྱིས་རབ་ཏུ་མཆོག་སྟེ་གཞན་སྨྲ་ན་བརྟག་པར་བྱས་ཏེ་ཁྱིམ་མི་ན་ཡང་ངོ་། །དགེ་སློང་གཅིག་ལ་ཁྱིམ་པ་གཅིག་དང་། དགེ་སློང་གཅིག་དང་གཉིས་ཀྱིས་བརྒལ་ཏེ་ཁྱིམ་པ་ནི་རྒྱུན་དུ་ཞུགས་པ་འམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་

པ་ཞིག་ཡིན། དགེ་སློང་ནི་ཐ་མལ་པ་ཞིག་ཡིན་ན་ཁྱིམ་པ་དེས་བརྒལ་བའི་ཚིག་བརྩན་པར་བྱའོ། །དགེ་སློང་གཉིས་ཤིག་རྒོལ་ན་གང་ཡོན་ཏན་དང་ལྡན་པ་དང་གང་འབྲས་བུ་ཐོབ་པ་བརྩན་པར་བྱའོ། །གཞན་དང་ལྷན་ཅིག་ཏུ་གཏུག །དགེ་སློང་གཅིག་གིས་གཅིག་ལ་བརྒལ་ན་མི་དེས་ཉེས་

པའི་གན་ན་གཞན་སུ་ཡོད་ཅེས་ཟེར་ན་དགེ་འདུན་གྱིས་གན་ན་འདུག་པའི་མི་དེ་ལ་ལྐོག་ཏུ་ཕོ་ཉ་གཅིག་གིས་དྲེས་ཏེ་རྒོལ་བ་གཉིས་མཐུན་ན་དེ་བཞིན་དུ་གཅད་དོ། །ཐེ་ཚོམ་བྱུང་ན་ཤེས་པ་མ་ཡིན་ནོ། །རྒུན་ཆུ་འཐུངས་པ་ལ་གཅིག་གིས་ཀུན་ཆང་འཐུངས་སོ་ཞེས་བརྒལ་ན་དངོས་པོ་རྒུན་ཆུ་ཡིན་པས་

བརྒལ་བ་མི་བརྩན་གྱིས་འཐུངས་པའི་ཚིག་བརྩན་ནོ། །ཁས་བླངས་པ་བཞིན་དུ་འདི་གདོན་མི་ཟ་བར་རོ། །དགེ་སློང་ཞིག་ཉེས་པར་གྱུར་ཏེ་ཉེས་པར་བདག་གིས་ཤེས་ནས་མཐོལ་ནས་ཚངས་སོ། །མ་རྟོགས་པ་ནི་མ་ཆུད་པའོ། །དགེ་སློང་ཞིག་གིས་ལྟུང་བ་སྡེ་ལྔ་ལས་གང་རུང་བ་ཉེས་པ་གཅིག་

བྱས་ཏེ་མཐོལ་ཅིག་ཅེས་བསྒོ་ན་ངས་མ་བྱས་ཞེས་ཟེར་ཞིང་མཐོལ་དུ་མི་བཏུབ་པ་དང་གཅིག་ཏུ་ཉེས་པ་བྱས་སམ་ཞེས་དྲིས་ན་བྱས་ཞེས་ནི་ཁས་བླངས་ལ་གང་བྱས་ཞེས་དྲིས་ན་མ་ཤེས་ཞེས་ཟེར་ན་སྤང་བར་བྱའོ། །དགེ་འདུན་ལ་ཁས་བླངས་ནས་མི་ཤེས་ན་བཙལ་བ་བསྒོ་ཞིང་བཟུང་། དགེ་སློང་ཞིག་གིས་

เล่ม ๑๖๕ · หน้า 323b

ཉེས་པ་བྱས་ཏེ་ཉེས་པར་ནི་དྲན་ཏེ་ཁས་བླངས། དངོས་པོ་གང་བྱས་པ་མི་དྲན་ན་དགེ་འདུན་གྱིས་གསོལ་བ་དང་ཞུ་བ་བཞིའི་ལས་ཀྱིས་ནམ་དྲན་གྱི་བར་དུ་སེམས་སུ་གཞུག །དེའི་རང་བཞིན་ཚོལ་བ་དེ་ལ་ཕན་པས་ན་དེའི་རང་བཞིན་ཚོལ་བའོ། །མདོ་གོང་མ་ལྟར་གསོལ་བ་དང་ཞུ་བའི་ལས་ཀྱིས་དྲན་པར་སེམས་

སུ་བཅུག་ལ་དེའི་རང་བཞིན་ཚོལ་ཞེས་བྱ་བ་ནི་ལྟག་མ་མི་དྲན། ནམ་དྲན་གྱི་བར་དུ་ཚོལ་དུ་གཞུག་པ་ལ་བྱའོ། །སྨད་པའི་ལས་ཀྱི་གཟུགས་ལ་འདི་ལས་གླགས་ཅེས་བྱའོ། །ལྟག་མ་ལྟར་ཉེས་པ་བྱས་པ་དྲན་གྱི་བར་དུ་འདུལ་བ་འཛིན་པ་ཁ་ཅིག་ན་རེ་གསོལ་བ་དང་ཞུ་བའི་ལས་ཀྱིས་ནམ་དྲན་གྱི་བར་དུ་

ཆད་པས་བཅད་དེ་སྤངས་པ་བདུན་དང་འདི་དང་བརྒྱད་དུ་བྱའོ་ཞེས་བཤད་དོ། །དེ་མདོ་སྡེ་དང་འགལ་བས་མི་བཟང་བའི་ཕྱིར་རོ། །ལྷག་མའི་མཁན་པོ་ཚིག་ནི་མི་བཟང་ངོ་། །ཇི་ལྟར་མི་བཟང་ཞེ་ན་མདོའི་མདོ་ལས་འབྱུང་བ་སྤང་བ་རྣམ་པ་བདུན་ལས་མེད་པས་ན་བསྐྲད་ཀྱང་མི་བསྐྲད། ཆད་པས་ཀྱང་མི་

བཅད་དོ་ཞེས་སངས་རྒྱས་ཀྱིས་གསུངས་པའི་མདོ་ལས་འབྱུང་བས་ན་འདུལ་བ་འཛིན་པའི་ཚིག་མི་བཟང་ངོ་། །ཞི་བ་བས་ན་དགར་བའོ་ཞེས་མི་འདོད་དོ། །ཞི་བ་ཞེས་བྱ་བ་རྟག་ཏུ་རང་བཞིན་ཚོལ་བ་ལ་འཆད་དེ་བདུན་ཤིན་ཏུ་ཞི་བའི་ནང་དུ་བགྲང་གི་སྤང་བ་བདུན་གྱི་ནང་དུ་འདི་དང་བརྒྱད་དུ་མི་བརྩིའོ། །འདི་སྤང་

བར་བརྩིས་ན་བདུན་ཤིན་ཏུ་ཞིབ་པ་དྲུག་ཏུ་འགྱུར་བའི་ཕྱིར་འདུལ་བ་འཛིན་པའི་ཚིག་མི་བརྩན་གྱི་མདོའི་གཞུང་བརྩན་ནོ། །སྤྱོ་བ་ལ་སོགས་པ་ཡང་འདི་ལྟ་སྟེ་མ་བཅས་པས་སོ། །སྤྱོ་བ་ཞེས་བྱ་བ་ནི་སྤང་བ་རྣམ་བདུན་ཏེ། སྤང་བ་རྣམ་བདུན་ལས་བརྒྱད་མེད་ཀྱིས་བརྒྱད་དུ་ཡང་མི་བྱ། དྲུག་ཏུ་ཡང་མི་

དབྲི་བར་བདུན་སོ་ན་གཞག་གོ། །འདི་ཤེས་བཞིན་དུ་མི་ཤེས་སོ་ཞེས་པར་ཆུད་ན་མ་མཐོང་བ་གྲགས་པ་སྐྱེས་པར་འགྱུར་རོ། །ཞི་བར་བྱ་བའི་ཕྱིར་མི་བསྒྲིམས་པར་མི་བྱ། རྟག་ཏུ་རྩོད་པ་རྣམ་བཞི་ལ་ཞི་བ་རྣམ་བདུན་གྱིས་ཚུལ་བཞིན་དུ་ཞི་བར་མ་བྱས་ན་དགེ་འདུན་ཐམས་ཅད་དབྱེན་གྱི་སྦོམ་པོར་འགྱུར་

རོ། །འཐབ་མོའི་དངོས་པོའོ། །འདི་ཡན་ཆད་འཐབ་མོའི་དངོས་པོའོ།། །།འདི་མན་ཆད་འཐབ་མོའི་དངོས་པོ་དྲིས་པ་ལ་འཆད། བྱས་པའི་འཐབ་མོ་ནི་ཞི་བ་ཐམས་ཅད་ལ་འཇུག་གོ། །སྤང་བ་སྤང་བ་རྣམ་བཞིའི་མཇུག་ལས་ལ་འདུ་བ་མི་སྦྱིན་ཞེས་བྱ་བ་དེ་ལ་ཤིན་ཏུ་ཞི་བར་བདུན་ཀས་འདུལ་

เล่ม ๑๖๕ · หน้า 324a

ལོ། །བསྐང་བར་མི་རིགས་པ་དགེ་འདུན་གྱིས་སྤྱོད་པ་ལ་འཁོར་བ་མ་ཡིན་ནོ། །རྟག་ཏུ་ལས་བརྒྱ་རྩ་གཅིག་ནང་དུ་མི་ཆུད་པ་ལས་ཕས་ཕམ་པ་བྱུང་བ་དང་བསྐྲད་པ་དང་དགེ་སྦྱོང་ཁྱིམ་པ་ལ་སོགས་པ་མི་ཆུད་པ་བཞིན་དུ་དགེ་འདུན་འཐབ་པའི་གཟུ་བོའང་དེ་རྣམས་ཀྱིས་ཀྱང་མི་

རུང་ངོ་། །རབ་ཏུ་རྟོགས་པས་གཞན་གྱི་ལ་གཏོགས་སོ། །དགེ་སྦྱོང་མ་དང་དགེ་སློབ་མ་ཞིག་འཐབ་མོ་བྱུང་ན་དགེ་སློང་མས་གདུལ་ལོ། །དགེ་སྦྱོང་ཕ་འཐབ་མོ་བྱུང་བ་ནི་དགེ་སློང་གིས་ཞི་བར་བྱའོ། །རིགས་པ་ནི་སྐྱེས་པས་བུད་མེད་ཀྱི་ལའོ། །དགེ་སློང་མ་ནང་རྩོད་པར་གྱུར་པ་ལ་དགེ་སློང་གིས་ཞི་

བར་བྱས་པ་ནི་ཉེས་པ་མེད་དོ། །དགེ་སློང་འཁྲུགས་པ་ལ་དགེ་སློང་མས་ཞི་བར་བྱེད་དུ་མི་དབང་ངོ་། །ཞི་བ་ནི་འཚོ་བའམ་རབ་ཏུ་རྫོགས་པ་ལས་འཕོས་ནའོ། །དགེ་སློང་སྡེ་གཉིས་སུ་རྩོད་པ་ཀུན་ཞི་བར་གྱུར་ཏམ། ཁྱིམ་པར་བབས་ན་ཀུན་ཞི་བར་གྱུར་ཏོ། །ཕྱོགས་གཞན་དུ་སྤང་བ་རྙེད་པའོ། །

དགེ་སློང་གིས་གཞན་ལ་བརྒལ་བ་ལས་ཆོས་མ་ཡིན་པ་ལ་ཕྱོགས་ཏེ་སོང་ན་དེས་ཀྱང་ཞི་བར་འགྱུར། ཕས་ཕམ་པའམ་ཁྱིམ་པ་ཞིག་ཏུ་བབས་ནའང་ཞི་བར་གྱུར་ཏོ། །གཞན་དུ་སོང་བ་དང་ནང་ཡུན་རིང་པོས་བཏབ་ན་ཡང་ངོ་། །ལྟག་མ་ལྟར་རྒོལ་བའི་དགེ་སློང་ཡུལ་ལས་རིང་པོ་ཞིག་དུ་སོང་ནའང་

འཐབ་མོ་ཞི་བར་འགྱུར། ནད་ཡུན་རིང་པོ་ཞིག་གིས་བཏབ་ནའང་ཞི་བར་འགྱུར། རྒོལ་བ་དང་ཕྱིར་རྒོལ་བ་ལས་སོ། །དགེ་སློང་གཉིས་ཤིག་རྩོད་ཅིང་འདུག་འདུག་པ་ལས་རྩོད་པའི་འཕྲོ་ལས་ཤིའམ་ཁྱིམ་པར་བབས་ཏེ་ལམ་རིང་པོར་བབས་ན་ཞི་བར་འགྱུར་རོ། །འཐབ་མེའི་དངོས་པོ་སྟེ་

དྲིས་པའི་འོ། །འཐབ་མོའི་དངོས་པོ་རྫོགས་སོ།། །།འདི་མན་ཆད་མལ་སྟན་གྱི་དངོས་པོ་ལ་འཆད་དེ། སོ་སོར་ཐར་པའི་སྡོམ་པའི་མཆོག་ལས་རབ་ཏུ་བྱུང་བས་ཕྱག་བྱ། དགེ་སློང་རྣམ་ལྔ་དང་དགེ་བསྙེན་ཕ་དང་དགེ་བསྙེན་མ་དང་དུས་ཁྲིམས་པ་དང་བརྒྱད་རིམ་པ་བཞིན་དུ་གོང་མ་

ལ་ཕྱག་བྱ། མཉམ་ན་རྒན་པ་ལ་བྱའོ། །དགེ་སློང་སྡེ་ལྔ་ནང་གང་རྒན་པ་ལ་ཕྱག་བྱ། མཚན་གཞན་ལ་མ་ཡིན། དགེ་སློང་གིས་དགེ་སློང་མ་ལ་ཕྱག་མི་བྱ། དགེ་སྦྱོང་གིས་ཀྱང་མི་བྱ། སྐྱེས་པ་མི་དམའ་བ་ལ་བུད་མེད་ཀྱིས་ཕྱག་བྱ། དགེ་སློང་ཁྲིམས་རྫོགས་པ་ལ་དགེ་སློང་མ་

เล่ม ๑๖๕ · หน้า 324b

དགྲ་བཅོམ་ཞིང་ལོ་བརྒྱ་ལོན་ཀྱང་ཕྱག་བྱ། ས་གཞན་ལ་གནས་པ་དང་ཞིག་པ་དང་དགེ་སློང་མ་སུན་ཕྱུང་བ་དང་། ཆོས་མ་ཡིན་པའི་སྐྱབས་སོ་སོར་གནས་པ་དང་། མཚམས་མེད་པ་བྱས་པ་དང་། ཉལ་བ་དང་ཏིང་ངེ་འཛིན་མ་རྙེད་པ་དང་། བྲེལ་པ་དང་། གཞན་ལ་སེམས་པ་དང་། རྒྱབ་ཀྱིས་

ཕྱོགས་པ་དང་། གཞན་གྱི་གྲོང་ན་འདུག་པ་དང་། ཟན་ལ་འདུག་པ་མ་གཏོགས་སོ། །མིང་གིས་སྨོས་པ་འདི་རྣམས་ལ་དགེ་སློང་ཕ་དང་དགེ་སློང་མས་ཕྱག་མི་བྱ། དགེ་སློང་གིས་ཀྱང་འདི་རྣམས་ཁྲིམས་ཉམས་པ་ལ་ཕྱག་མི་བྱ། ཁྱིམ་པས་རབ་ཏུ་བྱུང་བ་ལའོ། །དགེ་སློང་སྡེ་ལྔ་ལ་ཁྱིམ་

པས་ཕྱག་བྱ། སངས་རྒྱས་ལ་ཐམས་ཅད་ཀྱིས་སོ། །སངས་རྒྱས་ལ་བྱང་ཆུབ་སེམས་པ་མན་ཆད་ལྷ་མ་སྲིན་དང་སེམས་ཅན་ཐམས་ཅད་ཀྱིས་ཕྱག་བྱ། གཙུག་ལག་ཁང་བྱ། གང་ཟག་དང་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་རབ་ཏུ་བརྩིགས་ཀྱང་ཉེས་མེད་དེ་ཐབས་འོག་ནས་འཆད། ངོས་

གཅིག་གི་དབུས་སུ་དྲི་གཙང་ཁང་བྱ། གཙུག་ལག་ཁང་གྲུ་བཞིར་བྱས་པའི་དབུས་ཀྱི་ངོས་ལ་དྲིས་གཙང་ཁང་བྱ། དེ་དང་མངོན་སུམ་དུ་སྒོ་ཕུབས་སོ། །གཙུག་ལག་ཁང་གར་ལྟ་བར་ཕྱི་སྒོ་དེར་གདོད་དོ། །གྲུ་བཞིར་ན་དགེ །གཙུག་ལག་ཁང་གྲུ་བཞིར་བརྩིགས་ན་དགེ་བས་རིགས་སོ། །

ངོས་གསུམ་པ་ཡང་ངོ་། །རྐུན་པོ་མེད་ཅིང་མི་འཇིགས་པའི་གནས་སུ་གཙུག་ལག་ཁང་ངོས་གསུམ་དུ་བརྩིགས་ལ་ངོས་གཅིག་མ་བརྩིགས་ཀྱང་རུང་བླང་། གཙུག་ལག་ཁང་ལྷག་མ་གཉིས་ཡོན་དུ་ཕུལ་ན་བླང་། གཙུག་ལག་ཁང་དུ་གནས། དགོན་པར་གནས་པ་ནི་སངས་རྒྱས་ཀྱིས་

ཀྱང་བདེ་བར་བསྔགས་ན་དེ་ན་གནས་པ་ལ་ཐེ་ཚོམ་ཟ་བ་ཡོད་དེ་གནས་ཀྱང་ཉེས་མེད་དོ། །གཞན་དགེ་འདུན་གྱི་དངོས་པོ་ལ་དགེ་འདུན་གྱི་ཕྱིར་རམ་གང་ཟག་དགེ་སློང་གི་ཕྱིར་ན་དངོས་པོ་གནས་པར་བྱ། དགེ་འདུན་གྱི་གཙུག་ལག་ཁང་གི་འཁོར་ནའང་གཙུག་ལག་ཁང་བརྩིག་པའི་ས་ཡངས་པ་

ཞིག་ཡོད་དེ་དགེ་སློང་ཞིག་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་བརྩིག་ཅེས་ཟེར་ཀྱང་རུང་གང་ཟག་བདག་འདུག་ན་ཅི་གནང་ཞེས་གསོལ་ན་སྦྱིན་ནོ། །དེས་ཏེ་སྦྱིན་བདག་ཡོད་ན་དེས་གནང་ནའོ། །ལྟག་མ་ལྟར་ས་སྦྱིན་པ་ཡོན་བདག་ཡོད་ན་ཡོན་བདག་ལ་དྲིས་ཏེ་སྦྱིན། ཡོན་བདག་མེད་ན་དགེ་འདུན་གྱིས་

เล่ม ๑๖๕ · หน้า 325a

སྦྱིན། གྲོང་ཁྱེར་གྱི་ནང་ངམ་ཕྱི་རོལ་དུ་ངལ་བསོ་བའི་གནས་བརྟགས་པའོ། །གྲོང་གི་འདབ་དང་ལམ་གྱི་མདོ་དང་གཙུག་ལག་ཁང་གི་འདབ་ཏུ་དགེ་སློང་གིས་མི་ཕལ་མོ་ཆེ་ཡན་མན་དུ་འགྲོ་བ་ལ་ཕན་པའི་ཕྱིར་བསིལ་ཁང་བརྩིགས་ཀྱང་ཉེས་མེད་དོ། །བདག་གི་ཁྲོན་པ་འདོད་ཆགས་ཀྱི་

རྐྱེན་སྤང་བའི་ཕྱིར་བསྒྲིབས་པའི་རྩིག་པ་བྱ། གཙུག་ལག་ཁང་གི་འདབ་ན་ཁྲོན་པ་ཡོད་དེ་དགེ་སློང་དང་ཁྱིམ་པ་གཉིས་ཀ་ཆུ་དེར་ཆུ་ན་འདོད་ཆགས་སྤང་བར་བྱ་བའི་ཕྱིར་ཁྲོན་པ་སྐྱེད་དུ་སོ་ཕག་གིས་བརྩིགས་ཏེ་དགེ་སློང་དང་ཁྱིམ་པ་ཆུ་ཆུ་ཆ་གཅིག་ལ་གཅིག་མི་མཐོང་བར་བྱ། བུད་མེད་ཆུ་སློང་ན་སྙིམ་

པ་བཀང་ཞིང་བླངས་ཏེ་དེའི་རྒྱུན་ཆད་མེད་པར་མ་ཡིན། བུད་མེད་ཆུ་སློང་ན་བུམ་པས་ཁ་ལུགས་སུ་མི་བླུད་པར་སྙིམ་པ་བཀང་སྟེ་འཐུང་དུ་གཞུག་གོ། །ཐོག་མ་དགེ་སློང་བཟང་པོ་ཞིག་གིས་བུད་མེད་ལ་ཆུ་ཁ་ལུགས་སུ་བླུད་དེ་བུད་མེད་ལྟོ་ཆུས་གང་སྟེ་ཤི་བ་ལས་བཅས། དབྱར་གྱི་ནང་གི་རྙེད་པའི་ཚེ་

འོངས་པ་ལ་རིགས་གཙུག་ལག་ཁང་གཅིག་ན་རྐྱེན་གྲོང་དང་ཞིང་མང་ཞིག་ཡོད་དེ་དགེ་སློང་སུ་འོངས་པ་གཙུག་ལག་ཁང་དེའི་རྐྱེན་གྱི་ཤས་དབང་བ་ལས་དགེ་འདུན་ཐམས་ཅད་དབྱར་ཚུལ་དུ་ཞུགས་པའི་ཚེ། དགེ་སློང་ཞིག་གུད་ནས་འོངས་ཏེ་ཞག་བཞི་བཅུ་རྩ་ལྔ་ཚུན་ཆད་སླེབས་ན་དབྱར་ཚུལ་གྱི་

ཤས་ཀྱང་དབང་ངོ་། །རྙེད་པ་མ་སྤྱད་པ་ལས་སུ་མ་ཡིན། གཙུག་ལག་ཁང་ན་གསོལ་ཆང་ལ་སོགས་པ་འགོད་པ་ལ་ཤས་མི་འདོད་པའི་དགེ་སློང་ཞིག་ཡོད་ན་རབ་ཏུ་དགེ་བ་ཡིན་གྱི་གང་ཟག་བཅུ་གཉིས་ཀྱིས་ལས་སུའང་མི་བསྐོ། །ཐོག་མ་མི་རྙེད་པ་ལ་ཟས་སྦྱིན། དགེ་སློང་ཞིག་གུད་ནས་འོངས་ཏེ་

ཚུལ་གྱི་ཚེ་ཞག་བཞི་བཅུ་རྩ་ལྔ་ཚུན་ཆད་མ་སླེབས་ན་ཚུལ་གྱི་ཡོན་སྐལ་ནི་སྦྱིན་ཟས་ནི་མི་སྦྱིན་གཞན་ཐོབ་ལ་མི་འཇུག །ལྟག་མ་ལྟར་གུད་ནས་འོངས་པའི་དགེ་སློང་གིས་ཚུལ་དུ་ཞུགས་པ་ལ་བཞི་བཅུ་རྩ་ལྔ་མ་སླེབས་ན་ཡོན་དབང་ངོ་ཞེས་འོངས་པའི་དགེ་སློང་གིས་མི་མནོད་དོ། །ཉེས་མེད་པ་ནི་དེའི་ཕྱིར་མ་

སོང་བར་གཙུག་ལག་ཁང་གཞན་དུ་གདུགས་ཚོད་བབ་སྟེ་ཟོས་ནའོ། །གཙུག་ལག་ཁང་གཅིག་ཏུ་འགྲོ་བའི་ཚེ་ཁྱིམ་ཟན་ཟ་བས་འགྲོའོ་ཞེས་བསམས་ཏེ་སོང་ན་ཉེས་བྱས། ལས་ཀྱི་ཕྱིར་སོང་སོང་བ་ལས་འཕྲལ་ལ་གཡར་དྲངས་ཏེ་སོང་བ་ནི་ཉེས་མེད། མུ་གེའི་ཚེ་བདག་གིས་མ་བླངས་པར་ན་ཡང་

เล่ม ๑๖๕ · หน้า 325b

ངོ་། །མུ་གེ་བྱུང་བའི་ཚེ་བདག་གི་ཟན་ནར་མ་ངན་གྱི་གཞན་གྱི་མཆོད་སྟོན་བྱེད་ན་བདག་གིས་མ་བླངས་པར་མཆོད་སྟོན་ལ་སོང་བ་ནི་ཉེས་མེད་དོ། །དགེ་སློང་གི་ཚོད་ལས་ལྷག་མ་བླངས་ན་ཡང་ངོ་། །མུ་གེའི་མགྲོན་དུ་བོས་ན་ཕྱིན་ཆད་ཟས་མི་རྙེད་པའི་ཕྱིར་བདག་ཕུལ་གང་ཞིག་རྟག་པར་ཟ་བ་ཡིན་ན་དེའི་

ཚེ་ན་ནི་ཕུལ་བཞི་ལྔ་ཅི་ཆུད་དུ་ཟོས་ཀྱང་ཉེས་མེད་དོ། །གཙུག་ལག་ཁང་ཡལ་བར་མི་བྱ། དགེ་སློང་ཕོ་སྨོས་ཀྱིས་གཙུག་ལག་ཁང་ཞིག་རལ་ཞིག་བྱུང་ན་བཅོས་པར་བྱ། སྦྱིན་བདག་ལས་བཅོས་པའི་ཕྱིར་སྤྲོ་བར་བྱ། ལྟག་མ་ལྟར་གཙུག་ལག་ཁང་བཅོས་པའི་རྒྱུ་ཡོན་བདག་དད་པ་ལ་ཆོས་བཤད་དེ་

བསླང་། མ་གྲུབ་ན་དགེ་འདུན་གྱིས་ལས་ཅི་ནུས་སུ་བསྐོ། །ཡོན་བདག་ལ་བསླངས་ཏེ་མ་རྙེད་ན་དགེ་འདུན་གྱི་དཀོར་ལས་ཕྱུང་སྟེ་བཅོས། བདག་གིས་བཅོས་ན་ཡང་ངོ་། །གཙུག་ལག་ཁང་བཅོས་པ་ལྷ་བྲན་དང་རྩེ་རྒོད་མེད་ན་དགེ་སློང་ཉིད་ཀྱིས་བཅོས། རྙེད་པ་ལེན་པས་གཙུག་ལག་ཁང་

བྱུག །ཚུལ་ནས་བྱུང་སྟེ་ཡོན་འགོད་པ་ལ་སོགས་པ་འདོད་ཆེ་ཆུང་སྟེ་མ་བླངས་པ་ནི་མ་བཅོས་ཀྱང་ཉེས་མེད་དེ་བས་ཡོན་ཤས་བླངས་པ་རྣམས་ཀྱིས་ནི་གཙུག་ལག་ཁང་རལ་ན་བཅོས། དད་པའི་རྙེད་པ་གཙུག་ལག་ཁང་གིར་མ་ཡིན། གཙུག་ལག་ཁང་གི་རྐྱེན་ནི་མ་ཡིན་གྱི་ཡོན་བདག་དད་པ་ཞིག་

གིས་བདག་ལ་ནོར་རྫས་བྱིན་པ་ལས་དགེ་སློང་ཁ་ཅིག་ན་རེ་ཁྱོད་ཀྱང་ཡོན་བླངས་པ་ཡིན་གྱི་ཆོས་ཤིག་ཅེས་ཟེར་ན་མི་དེས་ནི་དགེ་འདུན་ནང་ན་ཡོན་བླངས་པ་མ་ཡིན་པས་མ་བཅོས་ཀྱང་ཉེས་མེད་དོ། །སྒོ་བཅད་དེ་གཙུག་ལག་ཁང་ནས་འགྲོ། །དགེ་སློང་ཡན་མན་དུ་འགྲོ་ན་གནས་ཁང་གི་སྒོ་ལྕགས་བཅུག་

ལ་དམ་གཞག་བྱས་ཏེ་འགྲོ། །གནས་ཁང་ཉིད་ཀྱི་སྒོ་ལྕགས་མེད་ན་ཕྱི་སྒོ་ལྕགས་གཞུག །སྲུང་མ་བཞག་སྟེའོ། །དགེ་སློང་ཐམས་ཅད་མཆོད་སྟོན་ལ་སྤྱན་དྲངས་པ་ལྟ་བུར་འདོད་ན་དགེ་སློང་གཅིག་སྲུང་མར་གཞག །མེད་ན་ཟན་སྦྱིན། སྲུང་མའི་དགེ་སློང་དགེ་འདུན་གྱིས་ཟས་གཞག །

གཙུག་ལག་ཁང་ན་ཟས་ཀྱི་རྒྱུ་མེད་ན་བུས་པ་གཅིག་སྔར་ཁྲིད་དེ་ཟན་མནོས་ལ་བསྐུར། བསྐུར་བའི་དབང་མེད་དམ་པར་མ་ཆད་པར་མི་དབྱེ། ཡུལ་ན་ཆོམ་པོ་པ་མང་ཞིང་ཁྱིམ་རྟག་པར་བཅོམ་པར་གྱུར་ན་དེའི་ཚེ། མཚན་མོ་སྒོ་ཕྱེ་ཞེས་ཟེར་ཞིང་འོང་ཡང་མ་བརྟགས་པར་སྒོ་མི་དབྱེའོ། །སྟེང་

เล่ม ๑๖๕ · หน้า 326a

དུ་འཛེགས་ཏེ་ལྟའམ་ཁྱེད་རིམས་ཀྱིས་མ་བཏང་ངམ་ཞེས་པའི་མིང་གིས་སྨྲར་གཞུག་གོ་ཞེས་འདི་ནི་ཐབས་སོ། །མཚན་མོ་དགེ་སློང་གི་སྐད་དུ་ཟེར་ཞིང་སྒོ་ཕྱེ་ཞེས་ཟེར་ན་ཁང་པ་སྟེང་དུ་འཛེགས་ཏེ། ཁྱེད་སུ་ཡིན་གང་ནས་འོངས་ཞེས་སྨྲས་ཏེ་ང་དགེ་སློང་ཡིན་ནོ་ཞེས་ཟེར་ན་ཁྱོད་

རིམས་ནད་ཆེས་བྱ་བ་ནི་སྔོན་རྐུན་པོ་ཞིག་གིས་དགེ་སློང་ནན་ལ་བོར་ནས་སྒོ་འབྱེད་དུ་བཅུག་པ་ལས་བཅས་ཏེ་དེ་ཕྱིན་ཆད་དགེ་སློང་འོག་ཁྲིམས་བཅས་པ་ཕྱིན་ཆད་རྐུན་པོ་ཞིག་གིས་ནན་ལ་བོར་ཏེ་སྒོ་འབྱེད་དུ་བཅུག་ན་ང་རིམས་ནའོ་ཞེས་མན་ངག་གི་ཚིག་བྱ། གནས་དང་མིང་དང་ཕ་དང་མ་ལ་སོགས་པ་མངོན་

པར་ཤེས་ཏེའོ། །ཁྱིམ་པ་ཞིག་སྒོ་ཕྱེ་ཞེས་འབོད་དུ་འོངས་ན་རྐུན་པོ་ཡིན་ནམ་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་ཡུལ་དང་མིང་དང་ཕ་མ་ལ་སོགས་པའི་དན་རྟགས་དྲིས་ཏེ་ཐོག་ཏུ་ཕེབས་ན་སྒོ་དབྱེ། མངོན་པར་མ་ཤེས་ཏེ་འཇིགས་ན་མི་དབྱེ། ལྟག་མ་སྐད་དུ་མངོན་རྟགས་དྲིས་ཏེ་རྟགས་ལ་མ་བབ་

འཇིགས་ན་སྒོ་མི་དབྱེ། དགོན་པ་བས་ཁྱི་བཅང་དགོན་པ་པས་འཇིགས་པའི་ཕྱིར་ཁྱི་བཅང་ཡང་ཉེས་མེད། དེས་ནང་པར་ལངས་ནས་གཙུག་ལག་ཁང་དང་མཆོད་རྟེན་གྱི་བར་བལྟ། དགོན་པ་ལ་གནས་པའི་དགེ་སློང་གིས་ནང་པར་ལངས་ནས་གཙུག་ལག་ཁང་དག་གི་བར་ན་ཁྱིའི་གཅིན་རྟུག་

ཡོད་དམ་མེད་བལྟ་དེ་སྟེ་བཤང་བ་བྱས་ན་དོར། ལྟག་མ་ལྟར་བལྟས་ཏེ་བཤང་གཅི་བྱས་ན་དོར། གཅིས་ན་དྲུད་དེ་སྡེར་མོས་དྲུད་ན་བསྙམས་ཁྱིས་གཅིས་ན་སས་དྲུད་དེ་བསྙམས། དེ་དག་གི་གནས་སུ་དཀྱིལ་འཁོར་བྱ། ལྟག་མ་ལྟར་ཁྱིས་གཅིས་པ་དང་བཤང་བ་གཉིས་ལ་བ་ལང་གི་རྙི་བས་དཀྱིལ་

འཁོར་བྱ། ལྷུང་བཟེད་ཀྱི་ལྷག་མ་འདི་སྦྱིན། དགེ་སློང་ཟས་ཟོས་པའི་ལྷག་མ་ཁྱི་ལ་སྦྱིན། མཆོད་རྟེན་དང་གཙུག་ལག་ཁང་གི་མཚམས་ཀྱི་ཕྱི་རོལ་དུའོ། །ལྟག་མ་ལྟར་ཁྱི་ལ་ཟས་སྦྱིན་པ་ནི་གཙུག་ལག་ཁང་གི་མཚམས་ཀྱི་ཕྱི་རོལ་ཏུ་སྦྱིན། སྤྱོད་ལམ་ཅི་འདོད་པར་བསྟན་པ་སྦྱིན། སློབ་

མས་མཁན་པོ་ལ་ཁ་ཏོན་ལྟ་བུ་ནོས་ནས་སླར་འབུལ་ཞིང་ནོད་པ་ནི་སྤྱོད་ལམ་བཞི་གང་སྤྱོད་ཀྱང་རུང་སྟེ་མནོད་དུ་རུང་ངོ་། །ཁམས་མཉམ་པ་འམ་ཞེས་འདྲི་ཞིང་ཐོག་མར་ཕྱག་འཚལ་ཏེ་གསར་བུས་བླངས་པའི་ཕྱིར་སྤྱོད་ལམ་བྱ། ལྟག་མ་ལྟར་མཁན་པོ་ལ་ཁ་ཏོན་འབུལ་ཞིང་ནོད་པའི་སློབ་མས་ཕྱག་

เล่ม ๑๖๕ · หน้า 326b

བྱས་ལ་བསྙུན་གསོལ་ནས་གུས་པའི་ཚུལ་དུ་བསྟི་སྟང་བྱས་ཏེ་ན་ཞེས་ཟེར་ན་ཅི་ན་བའི་ཆོ་ག་བྱ། མི་ན་ན་ཁ་ཏོན་འབུལ་ཞིང་མནོད། ཐལ་མོ་སྦྱར་ཏེའོ། །ཁ་ཏོན་ནོད་པའི་ཚེ་ཐལ་མོ་སྦྱར་ཏེ་གུས་པའི་ཚུལ་དུ་མནོད། །ལུས་དང་སེམས་བཏུད་དེའོ། །ཁ་ཏོན་ནོད་ཅིང་འབུལ་བའི་ཚེ་ལུས་བཏུད་དེ་གུས་

པར་མནོད། དྲང་པོས་སོ། །ཁ་ཏོན་ནོད་པའི་ཚེ་མདུན་ནས་དྲང་པོར་མནོད། འཆག་ན་གོམ་པ་བོར་ཏེ་བཅག་ཅིང་ངོ་། །མཁན་པོ་འཆག་ན་འགྲོ་བཞིན་ཁ་ཏོན་ནོད་ཅིང་དབུལ་ལོ། །ལངས་ན་འགྲེངས་ཏེའོ། །མཁན་པོ་འགྲེངས་ཏེ་འདུག་ན་བདག་ཀྱང་འགྲེངས་ཏེ་མནོད། འདུག་གམ་འཕྲེས་

ན་འདུག་སྟེའོ། །མཁན་པོ་འདུག་གམ་འཕྲེས་ན་བདག་གིས་ཀྱང་འདུག་སྟེ་མནོད་ཅིང་དབུལ། སྟན་དམའ་བ་ལས་སོ། །མཁན་པོ་ལས་ཁ་ཏོན་ནོད་པའི་ཚེ་བདག་སྟན་དམའ་བ་ལ་འདུག་སྟེ་མནོད། གཞོན་ནུ་ན་སྨྲས་སོ། །སློབ་མ་གཞོན་ནུ་ཞིག་ཐུག་ཐུབ་ཏུ་སྟན་ལ་འདུག་ཏུ་མི་དབང་གི་འདུག་

ཤིག་ཅེས་བསྒོ་ན་འདུག །མ་སྨྲས་ན་ཙོག་ཙོག་པོར་རོ། །མཁན་པོས་སྟན་ལ་འདུག་ཤིག་པར་མ་བསྒོ་ན་ས་ལ་ཙོག་ཙོག་པོར་འདུག་གོ། །མང་དུ་ལེན་ན་དྲིས་ཏེའོ། །སློབ་མ་ཁ་ཏོན་གྲངས་མང་མོ་ཞིག་ནོད་དེ་རིང་དུ་ཙོག་ཙོག་པོར་འདུག་མི་ནུས་ན་མཁན་པོ་ལ་སྟན་ལ་འདུག་གོ་ཞེས་དྲིས་ཏེ་འདུག །ཐོས་

པའི་སྤྱོད་ཡུལ་སྤངས་ཏེ་ཁ་ཏོན་ནོ། །ཁ་ཏོན་སློབ་པ་མཁན་པོས་མི་ཐོས་པའི་ལམ་ཙམ་ན་འདུག་སྟེ་བསླབ། མིག་ལམ་དུ་གནས་ཏེའོ། །ཁ་ཏོན་སློབ་པ་མཁན་པོ་རྣ་བ་མི་ན་བ་ཙམ་དུ་མིག་ལམ་དུ་སྣང་བར་བྱས་ཏེ་འདུག །ཆ་མནོས་ནས་ཕྱོགས་ཅིག་ཏུ་སོང་སྟེ་བསྒྲུབ། མཁན་པོ་ལས་ཆ་མ་ནོད་དེ་

ལང་ལོང་མེད་པའི་སར་འདུག་སྟེ་བསམ་གཏན་བྱ། རབ་ཏུ་བཏོན་རབ་ཏུ་མཚན་མར་བྱས་ཏེ་ཐེ་ཚོམ་མེད་པར་བྱས་ཏེ་ཆ་མནོས་པས་ཡང་ངོ་། །ཁ་དོན་ནི་སློབ་པ་ཐགས་ཐོགས་མེད་པར་ཤེས་པར་བྱ་བ་དང་ལེའུ་གང་ལས་གར་ཐུག་པ་ཡིད་ལ་མཚན་མར་བཟུང་བ་དང་ཕྱིས་ཀྱང་མི་བརྗེད་པར་བྱས་ལ་ཕྱི་

མའང་ཁ་ཏོན་མནོད། གཙུག་ལག་ཁང་དང་ཟས་སྐོམ་དང་ཐུག་པ་དང་བཅའ་བ་དང་འབྲས་བུ་འགོད་པ་བསྐོ། །མིང་གིས་སྨོས་པ་འདི་རྣམས་འགོད་པའི་དགེ་སློང་གསོལ་བ་དང་ཞུ་བ་གཉིས་ཀྱི་ལས་ཀྱིས་བསྐོ་དམ་པ་མ་ཡིན་པ་ཙམ་ཡང་ངོ་། །ཁ་ཟས་ལ་སོགས་པ་མི་ཟ་བ་ཞིག་འགོད་ནའང་ལྟག་མ་ལྟར་

เล่ม ๑๖๕ · หน้า 327a

བྱས་ཏེ་དགེ་སློང་བསྐོ་ལྷག་མ་ཉི་མ་གཞན་ལ་བྲིམ་ཞེས་སོ། །ཡོན་བདག་གིས་དགེ་འདུན་ལ་མཆོད་སྟོན་བྱས་ཏེ་ཁ་ཟས་ལྷག་མ་ཞིག་འབུལ་ན་ཡང་བཟའ་བའི་ཕྱིར་སྡུད་པའི་དགེ་སློང་གཅིག་བསྐོ། སྣོད་སྦེད་པ་ཡང་ངོ་། །དགེ་འདུན་གྱི་སྣོད་སྤྱད་བརྙར་སྦྱིན་པ་དང་སྡུད་པའི་དགེ་སློང་

གཅིག་བསྐོ། དབྱར་གྱི་རས་ཆེན་གྱི་ཡང་ངོ་། །དགེ་འདུན་སྤྱིར་དབྱར་གྱི་རས་ཆེན་མང་ཞིག་ཡོད་ན་ལོ་ཕྱི་མ་ལ་དགོས་པའི་ཕྱིར་དགེ་སློང་གཅིག་ལས་སུ་བསྐོ། དྲུབ་པའི་ཡང་ངོ་། །དྲུབ་པ་གདིང་བ་པའི་སྲུང་མ་གཅིག་བསྐོ། གོས་ཀྱི་ཡང་ངོ་། །ཡོན་བདག་དང་བས་དགེ་འདུན་ཡོན་མང་ཞིག་

ཕུལ་ན་སྲུང་མ་གཅིག་བསྐོ། འགྱེད་པའི་ཡང་ངོ་། །དགེ་འདུན་གྱི་གོས་འགྱེད་པའི་དགེ་སློང་གཅིག་བསྐོ། །རྫས་སྲུང་བའི་མངག་གཞུག་པ་ཡང་ངོ་། །མངག་གཞུག་པ་ལ་སོགས་པ་བསྐོ་བའི་སར་བུ་རྒན་པོ་གཅིག་དང་གཙུག་ལག་ཁང་སྐྱོང་གཅིག་བསྐོ། སྣོད་སྲུང་བ་ཡང་ངོ་། །དགེ་

འདུན་གྱི་སྣོད་སྲུང་བའི་དགེ་སློང་གཅིག་བསྐོ། །འདིའི་ལས་ནི་འདྲིམ་ཞིང་ཟོས་ན་སྦེད་པའོ། །ལྟག་མའི་སྣོད་སྲུང་བའི་དགེ་སློང་གིས་ཁར་གཞོང་གཡོག་ས་ཕོག་ལ་ཟས་ཟོས་ཟིན་ནས་བཀྲུས་ཏེ་སླར་དྲུབ། ཆུ་སྲུང་ཡང་ངོ་། །ཆུ་འཆགས་པའི་སྤྱད་དང་གྲང་བ་དང་དྲོ་བ་ལ་སོགས་པའི་ཞལ་ཏ་

བ་གཅིག་བསྐོ། མཛེས་པ་སྲུང་བ་ཡང་ངོ་། །མཛེས་པ་བསྲུང་བའི་དགེ་སློང་གཅིག་བསྐོས་ཏེ་འོག་ནས་འཆད། དེས་བརྟག་ཅིང་ཐོག་མར་སེ་གོལ་གྱི་སྒྲ་བྱ་བ་དང་རབ་ཏུ་བྱུང་བ་དབྱིབས་ངན་པ་དང་སྟོན་པ་ལ་དབྱིབས་སུ་བསྐོ་བའོ། །མཛེས་པ་སྲུང་བ་ཡང་འདི་ཡིན་ཏེ། དགེ་སློང་གསར་བུ་དང་

དགེ་སྦྱོང་ལ་སོགས་པ་སྤྱོད་ལམ་བཞི་ངན་ཅིང་གོས་ཀྱི་ཚགས་མ་ལེགས་པ་ལ་འདི་ལྟར་ལེགས་པར་གྱིས་ཤིག་ཅེས་བསྒོ། འདི་ལྟ་སྟེ། ཟས་ཀྱི་ཚེ་སྒྲ་བསྐྱུངས་པ་དང་རབ་ཏུ་བསྡམ་པ་དང་རབ་ཏུ་གཡོགས་པ་དང་སྒྲ་བསྐྱུངས་ཏེ་མཆོད་རྟེན་ལ་ཕྱག་བྱ་བ་དང་ཅི་ལྟར་རྒན་རིམས་སུ་བྱའོ། །མཛེས་པ་སྲུང་

བས་ཟས་ཟ་བའི་ཚེ་སྒྲ་བསྐྱུངས་ཤིག་པར་བསྒོ་བ་དང་། ལུས་མགོ་བསྒྱུར་བ་དང་། ལག་བརྐྱང་མི་བྱ་བ་དང་ཤམ་ཐབས་པུས་མོ་མི་འདའ་བ་དང་གོས་རྙིལ་བར་མི་བསྒོ་བ་དང་ཁ་ཟས་ཟ་བའི་ཚེ་ཡང་བྱིན་དང་མ་བྱིན་འོན་ཅིག་ཅེས་མི་བྱ་བ་དང་དུས་གསུམ་དུ་མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་སྒྲ་བསྐྱུངས་ལ་གྲལ་རིམས་

เล่ม ๑๖๕ · หน้า 327b

བཞིན་དུ་བསྒོ། ཁྱམས་སྲུང་པ་ཡང་ངོ་། །ཁྱམས་སྲུང་བའི་དགེ་སློང་གཅིག་བསྐོ་སྟེ་འོག་ནས་འཆད། དེས་ཐོག་མར་ཟས་ལ་སྨྱག་མ་བླངས་ཏེ་བྱ་རོག་དང་བྱེའུ་དང་ཕུག་རོན་ལ་སོགས་པ་ཟ་བའི་ཚེ་བསྐྲད་ལྟག་མའི་ཁྱམས་སྲུང་ཞེས་བྱ་བ་དགེ་འདུན་ལས་སྔར་ཟན་ཟོས་ལ་དགེ་འདུན་བཤོས་གསོལ་བའི་

ཚེ་བྱ་ལ་སོགས་པ་གན་དུ་མི་འོང་པར་བསྐྲད་ཅིང་བསྲུང་། མལ་སྟན་སྲུང་བ་ཡང་ངོ་། །དགེ་འདུན་གྱི་མལ་སྟན་བགོ་བ་བསྲུང་བ་དང་། ཟླ་བ་ཕྱེད་ཕྱེད་ཙམ་ཞིང་རེས་ཀྱིས་བསྒོ་ཞིང་བསྲུང་བའི་དགེ་སློང་གཅིག་བསྐོ། །བྱི་བོའི་མལ་སྟན་སྲུང་བའོ། །དགེ་སློང་ལམ་དུ་ཞུགས་ན་ཤིང་དྲུང་ལྟ་བུར་

གནས་བརྟན་དང་གསར་བུ་རྒན་པོ་གཞག་པར་བསྐོས་པའི་དགེ་སློང་གཅིག་བསྐོ། བརྟགས་པའི་མཆོད་རྟེན་དུ་འཇིག་རྟེན་འཇུག་པ་སྲུང་བ་ཡང་ངོ་། །དགེ་སློང་འདུས་ཏེ་ཉ་དང་ཤ་ལ་སོགས་པ་བཟའ་བའི་ཚེ་ཁྱིམ་པས་མཐོང་ན་ཁ་ན་མ་ཐོ་བ་ཟེར་བའི་ཕྱིར་དགེ་སློང་གཅིག་སྒོ་སྲུང་དུ་གཞུག །མལ་

སྟན་གྱི་དངོས་པོའོ། །འདི་ཡན་ཆད་མལ་སྟན་གྱི་དངོས་པོ་ལ་འཆད།། །།འདི་མན་ཆད་མལ་སྟན་གྱི་དངོས་པོ་ཕྲན་ཚེགས་པ་འཆད། མུན་པར་ཕྱག་འཚལ་བའི་གནས་སུ་ཕྱག་དང་བཅས་པའི་ཚིག་དབྱུང་། མཚན་མོ་དགེ་འདུན་གྱི་གན་དུ་ཕྱིན་ན་མུན་པར་ཕྱག་བྱས་ན་ཉེས་བྱས་སུ་འགྱུར་

བའི་ཐལ་མོ་སྦྱར་ཏེ་བཏུད་ལ་ཕྱག་འཚལ་ཞེས་ཚིག་བརྗོད། གཞན་དུ་སོང་སྟེ་མཚམས་སུ་ཕྱིན་ན་ཕྱག་མི་བྱ། དགེ་སློང་ཞིག་བདག་གི་གཙུག་ལག་ཁང་ནས་གུད་དུ་སོང་སྟེ་སླར་གནས་སུ་འོངས་ན་བདག་པས་རྒན་པ་ཐམས་ཅད་ལ་ཕྱག་བྱས་པ་བཞིན་པ་ནི་ཚངས་པའི་ཕྱག་གིས་སོ། །ལྟག་མ་ལྟར་དགེ་

སློང་མང་སྟེ་རེ་རེ་ནས་ཕྱག་འཚལ་མི་ནུས་ན་གུས་པའི་ཚུལ་དུ་སྤྱིར་ཕྱག་བྱ། འཁོན་བྱུང་བ་ལ་ཕྱག་མི་བྱ། བདག་དང་འཁོན་ཡོད་པའི་དགེ་སློང་ལ་ཕྱག་མི་བྱ། ཕྱག་བྱས་ན་ཨ་རོག་གྱ་མི་བྱ་བར་མི་བྱ། བདག་དང་གཞོན་པ་དང་ཁྱིམ་པ་ཕྱག་འཚལ་ན་ཨ་རོག་གྱ་བྱ། ཕྱག་བྱ་བ་འདས་པ་ལའང་

ཕྱག་མི་བྱ་བར་མི་བྱ། ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལ་སོགས་པ་མྱ་ངན་ལས་འདས་པའི་མཆོད་རྟེན་ནམ་བདག་གི་མཁན་པོ་ཚེ་འདས་པ་ལའང་མིང་ནས་བརྗོད་དེ་ཕྱག་བྱ། འབགས་པ་ལ་ཕྱག་མི་བྱ་སྟེ་འོག་ནས་འཆད། འབགས་པས་མ་ཡིན་ནོ། །གཅིག་འབགས་པ་ལ་གཅིག་མ་འབགས་

เล่ม ๑๖๕ · หน้า 328a

པས་ཕྱག་མི་བྱ། འདི་ཡིས་བདག་གིས་མི་བྱ། བདག་པས་ན་རྒན་པ་འབགས་པ་ལ་གཞོན་ནུ་མ་འབགས་པས་ཕྱག་མི་བྱ་སྟེ། བྱས་ཀྱང་རྒན་པོས་དགའ་བར་མི་བསམ་འབགས་པ་ལས་ཀྱང་ངོ་། །གནས་བརྟན་ལྟ་བུ་མ་འབགས་པ་ཞིག་གིས་ཕྱག་འཚལ་ནའང་དགའ་བར་

མི་བསམ་འབགས་པ་རྣམ་གཉིས་ཏེ་ཟ་བའི་ནི་སོ་ཤིང་ཡན་ཆད་དོ། །འབགས་པ་ཞེས་བྱ་བ་ནི་རྣམ་གཉིས་ཏེ་བདག་ཐོག་མར་ཟས་ཟོས་ནས་སོ་ཤིང་ཟོས་ཀྱི་བར་དུ་བདག་ཀྱང་ཕར་ཕྱག་མི་བྱ། ཕས་ཀྱང་ཕྱག་འཚལ་དུ་མི་གཞུག །མི་གཙང་བ་ནི་དེའི་ས་འཆོས་པ་ཡན་ཆད་དོ། །འབགས་པ་

གཅིག་ནི་བཤང་གཅི་ཆེ་ཆུང་རྣམས་གཉིས་ཀྱི་བཀྲུ་བཤལ་མ་བྱས་ཀྱི་བར་དུ་ཕར་ཀྱང་ཕྱག་མི་བྱ། ཚུར་ཀྱང་ཕྱག་འཚལ་དུ་མི་གཞུག །འབགས་པ་དང་འདྲ་བ་ནི་འདིར་སྒྲེན་མོ་དང་གོས་གཅིག་པའོ། །འབགས་པ་དང་འདྲ་བ་ནི་ཁྱེད་རེངས་ལྟ་བུར་འདུག་པ་ལ་ཕར་ཀྱང་ཕྱག་མི་འཚལ། དེ་ལྟ་བུ་ཚུར་

ཀྱང་ཕྱག་འཚལ་དུ་མི་གཞུག །ཕྱག་ནི་རྣམ་གཉིས་ཏེ་འཁོར་ལྔས་དང་། བྱིན་པ་མནན་པ་དང་ཡང་ངོ་། །ཕྱག་ལ་རྣམ་པ་གཉིས་ཏེ་གཅིག་ནི་ལུས་ས་ལ་གཏུགས་ཕྱག་འཚལ་བ་གཅིག་ནི་ཕ་རོལ་གྱི་རྐང་པ་ནས་བཟུང་སྟེ་ཕྱག་བྱ་བ་སྟེ། འདི་གཉིས་ནི་ཕྱག་ཏུ་གཏོགས། སྦྲིད་པ་བྱུང་ན་སོས་ཞེས་

མི་བྱ་ཚེའི་མཐའ་བ་དང་ཁྱིམ་པ་མ་གཏོགས་ཏེའོ། །ཁྱིམ་པ་སྦྲིད་པ་བྱུང་བ་དང་དགེ་སློང་རྒན་པོ་ནད་པ་ལ་སོས་ཞེས་བྱས་ཀྱང་ཉེས་མེད། གསར་བུ་ལ་ཨ་རོག་གྱ་བྱ། བདག་པས་གཞོན་པའི་དགེ་སློང་དང་དགེ་སྦྱོང་སྦྲིད་པ་བྱུང་ན་ཨ་རོག་གྱ་བྱ། རྒན་པ་ལ་ཕྱག་བྱ། བདག་པས་རྒན་པ་

སྦྲིད་པ་བྱུང་ན་ཕྱག་བྱ། སྦྲིད་པ་བྱུང་ནའོ། །གཞོན་ནུ་སྦྲིད་པ་བྱུང་ན་རྒན་པོ་ལ་ཕྱག་བྱ། ཡང་དག་པར་གཤེགས་པ་ལ་མིང་དང་རུས་དང་ཚེ་དང་ལྡན་པ་ཞེས་མི་བོད། ཡང་དག་པར་གཤེགས་པ་ལ་མིང་གིས་སྨོས་པ་འདི་རྣམས་སྐད་དུ་མི་བྱ། ཉེ་བའི་ཚིག་མེད་པར་མིང་དང་རུས་ནས་

མི་བོད། །སངས་རྒྱས་ལ་སངས་རྒྱས་ཞེས་ཟེར་བའི་ཚིག་འབའ་ཞིག་མི་བྱའི་སངས་རྒྱས་བཅོམ་ལྡན་འདས་ཞེས་ཟེར་བ་ལྟ་བུའི་ཚིག་གཉིས་བྱ། རྒན་རབས་ལའང་མ་ཡིན། བདག་པས་རྒན་པ་ལ་བན་དེ་ཞེས་བྱ་བ་དང་དེའི་མིང་དང་གཉིས་ཐབས་ཅིག་ཏུ་བརྗོད། མཐུན་པ་ནི་གནས་

เล่ม ๑๖๕ · หน้า 328b

བརྟན་དང་ཚེ་དང་ལྡན་པ་ནི་ཉེ་བའི་ཚིག་གོ །གནས་བརྟན་ལ་བཙུན་པ་ཞེས་བྱ་སྟེ་འོག་མིན་ནས་བོད། འོག་མ་ལ་ཚེ་དང་ལྡན་པ་ཞེས་བྱ་སྟེ་མིང་ནས་བོད། དེ་ལྟར་མ་བྱས་ན་ཉེས་བྱས། སྔ་མ་ལས་མ་ཡིན། སངས་རྒྱས་འདས་པ་ལ་ཚེ་དང་ལྡན་པ་དང་བཙུན་པའི་སངས་རྒྱས་ཞེས་མི་བོད། འོང་

པ་དང་འགྲོ་བ་འགྲུབ་པའི་དངོས་པོ་ལས་སར་པ་པ་གཙུག་ལག་ཁང་དུ་གཞག །དགེ་སློང་གིས་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་བརྩིག་ན་དགོན་པ་དང་དབེན་པར་མི་བརྩིག་གི་མི་མང་པོ་འདུ་ཞིང་ཕྱག་འཚལ་བའི་གནས་སུ་བརྩིག །ཚལ་དང་རྩིང་བུ་དང་བཅག་པ་ཡང་ངོ་། །ལྟག་མ་ལྟར་

གཙུག་ལག་ཁང་བརྩིག་པ་ནི་ཚལ་ཆུ་བཟང་པོ་དང་། མེ་ཏོག་བཟང་པོ་དང་འཆག་པ་སྤང་བར་བྱ། ཉེ་མཚམས་ཀྱང་ངོ་། །གཙུག་ལག་ཁང་གཅོང་རོང་དང་གད་ཁར་མི་བརྩིག་པར་བདེ་བར་བརྩིག །ལང་ལོང་དང་སྒྲ་དང་སྐད་དང་དབྱངས་ཉུང་བར་རོ། །མི་མང་པོ་འདུ་བའི་སར་གཙུག་ལག་

ཁང་བརྩིག་པ་དང་། སྤངས་ཤིང་དབེན་པ་གླུ་གར་དང་ཅ་ཅོ་ཉུང་བའི་སར་བརྩིག །སྦྱིན་བདག་གིས་གནང་ན་གཙུག་ལག་ཁང་བྱ་བའི་ཕྱིར་གྱི་དངོས་པོས་དེ་བྱ་བའི་དེའི་སྣོད་དུ་བྱ། གཙུག་ལག་ཁང་བརྩིག་པའི་སྟ་ཟོར་དང་གཞོར་སྤྱད་ཉོན་ཉེས་སམ་མ་ཉེས་ཞེས་དྲིས་ཏེ་མ་ཉེས་ཞེས་ཟེར་ནའོ། །དེ་

གཞག་པའི་ཕྱིར་ཁུང་བུ་སྦྱིན། ལྟག་མའི་གཞོར་སྤྱད་མི་འཁྱམས་པའི་ཕྱིར་ཁང་བུ་གཉིས་བརྩིགས་ཏེ་སྤྱད་དེར་བྲུབ། དེར་མཁོ་བ་ཡུངས་མར་ལ་སོགས་པ་རན་པར་ཉོ། །ལས་མི་རྣམས་ཀྱི་རྐང་ལག་བསྐུ་བ་དང་འབྲེང་བ་དང་ཤིང་རྟའི་མིག་བསྐུ་བའི་མར་ཉོས་ཏེ་གཞག །ཅི་ལྟར་ཐོ་ངན་པ་དེ་ལྟར་ལས་

སར་པའི་ཟས་སོ། །གཙུག་ལག་ཁང་བརྩིག་པའི་ཞལ་ཏ་བའི་དགེ་སློང་དགེ་འདུན་དང་ཟན་ཐང་མཉམ་པར་ཐོ་ངན་གྱིས་བསྙམས་ཤིང་སྦྱིན། གཙུག་ལག་ཁང་མེད་ན་དེའི་གནས་འཁོར་གྱི་གཙུག་ལག་ཁང་དུའོ། །གཙུག་ལག་ཁང་བརྩིག་པའི་དགེ་སློང་ལས་ཀྱིས་བྲེལ་ཏེ་དགེ་འདུན་ནང་དུ་མ་

འོངས་ན་དགེ་འདུན་གྱིས་ཟན་ཐང་བཞིན་དུ་ག་ལ་འདུག་པར་བསྐྱལ་ཏེ་སྦྱིན། ཐོབ་ན་བླངས། ལས་པའི་དགེ་སློང་ལས་ཆེ་བའི་ཕྱིར་དགེ་འདུན་དང་ཡོན་བདག་གིས་ཕ་ལ་ཟན་བླངས་ཏེ་བྱིན་ཀྱང་བརྟགས་པའོ། །གཙུག་ལག་ཁང་གི་མཐའ་ནི་རིམ་ལྔའོ། །དགེ་སློང་གིས་གཙུག་ལག་ཁང་རྩིག་ན་སྙི་

เล่ม ๑๖๕ · หน้า 329a

བའི་ཕྱིར་རིམ་པ་ལྔ་རྩིག་ལས་མི་བརྩིག་གོ། །དགེ་སློང་མའི་ནི་རིམ་གསུམ་མོ། །དགེ་སློང་མའི་གཙུག་ལག་ཁང་རིམ་གསུམ་ལས་མི་བརྩིག །དྲི་གཙང་ཁང་དང་སྒོ་ཕུབས་མི་གཉིས་ཀྱིས་ལྷག་པར་རོ། །དྲི་གཙང་ཁང་དང་སྒོ་ཕུབས་ནི་བསིལ་བའི་ཕྱིར་བདུན་བརྩེགས་སུའང་

བརྩིག་ཏུ་རུང་ངོ་། །ལྕི་སྟོ་མི་ཐུབ་ན་གཞག་པ་ནི་ཉེས་མེད་དོ། །གཙུག་ལག་ཁང་རིམ་ཞིག་བརྩིགས་ཏེ་ཀ་བ་དག་གིས་མི་ཐུབ་ན་བརྩག་མ་དང་པོ་གཞིག་ཀྱང་ཉེས་མེད་དོ། །བརྩམས་ལ་ཆེ་བར་རམ་ཆུང་བར་བཅགས་པ་ཡང་ངོ་། །ཡོན་བདག་གིས་གཙུག་ལག་ཁང་ཞིག་དང་པོ་ཆུང་ངུར་བརྩིགས་

པ་ལས་ཕྱིས་དད་པ་སྐྱེས་ཏེ་དེ་བཤིགས་ཏེ་ཆེར་བྱས་ཀྱང་རུང་ངོ་། །ཆེན་པོ་ཞིག་བརྩམས་པ་ལས་རྒྱུ་ཟད་དེ་ཕྱིས་བསྐྱུངས་ཏེ་བརྩིགས་ཀྱང་ཉེས་མེད་དོ། །ཆེ་བའི་ཕྱིར་ན་མཆོད་རྟེན་དང་གཟུགས་ཀྱང་ངོ་། །ལྕེ་ཏེའམ་སྐུ་བའི་གཟུགས་ཐོག་མ་ཆུང་ངུར་བརྩིག་པར་བརྩམས་པ་ལས་དེ་ལས་ཆེར་བསྐྱེད་པའི་

ཕྱིར་བཤིགས་ཏེ་ཆེར་བརྩིགས་ཀྱང་ཉེས་མེད་དོ། །ཞིག་སྟེ་འདྲང་བའི་ཕྱིར་ན་ཟིན་ཀྱང་ངོ་། །མཆོད་རྟེན་རྙིང་པ་ཞིག་དེ་ཙམ་གྱི་ཚོད་ནམ་དེ་བས་ཆེ་བར་བྱ་བའི་ཕྱིར་བཤིགས་ཏེ་བྱས་ཀྱང་ཉེས་མེད། ཕྱོགས་བཅོས་པའི་ཕྱིར་ཀྱང་ངོ་། །མཆོད་རྟེན་ནམ་གཟུགས་ཕྱོགས་གཅིག་རལ་ལམ་ཞིག་

པ་དེ་ཉི་ཚེ་བཤིགས་ལ་སླར་བཅོས་ཀྱང་ཉེས་མེད། གདུགས་ལ་སོགས་པ་དབབ་པ་ཡང་ངོ་། །ལྕེ་ཏིའི་འཕང་ལོ་རྙིང་པ་སླར་ཕབ་ལ་སར་པ་བཙུགས་ཀྱང་ཉེས་མེད་དོ། །བཤིགས་པའི་སྡིག་ཀྱང་ཉེས་མེད། གཞན་གཟུགས་པའི་ཕྱིར་ན་ཡང་ངོ་། །ལྕེ་ཏིའི་གདུགས་དང་སྲོག་ཤིང་དང་འཕང་ལོ་

མ་ལེགས་པ་སླར་ཕབ་ལ་ལེགས་པ་བཙུགས་ཀྱང་ཉེས་མེད་དོ། །དེའི་ཕྱིར་བ་ཉེ་བར་མ་བཞག་པར་མི་དབབ། ལྟག་མ་ལྟར་མཆོད་རྟེན་ནམ་གཟུགས་བཤིགས་པ་ནི་ཡོ་བྱད་ཐམས་ཅད་སོགས་ལ་གཞིག་གིས་མ་སོགས་པར་བཤིགས་ཏེ་ཕྱེད་རལ་དུ་མི་བསྡུ་བར་མི་དོར། སྐྱེས་པའི་རབས་

ལ་སོགས་པ་བྲིས་པ་དང་སངས་རྒྱས་ཀྱི་ཚིག་བྲིས་པ་ཡང་ངོ་། །མཛངས་བླུན་གྱི་རྒྱུད་བྲིས་པ་དང་ཞལ་ནས་གསུངས་པའི་ཚིག་རྩིག་པའི་ངོས་ལ་བྲིས་པ་དང་སླར་དེ་བཞིན་དུ་བརྩིག་ཅིང་བཅོས། རི་གང་བཅག་པ་འབོགས་པར་བྱ་བའི་ཕྱིར་ཀྱང་ངོ་། །རི་མོ་དང་སྐྱོང་ནུལ་གོས་པ་ཞིག་ཡོད་ན་གང་དུ་བགོས་

เล่ม ๑๖๕ · หน้า 329b

པ་དེར་རི་མོ་དང་སྐྱོང་ནུལ་བཟང་དུ་བྱ། བྱ་བ་བརྩམས་ཏེ་མ་བྱས་པ་ལྷག་མ་གཞན་གྱིས་སོ། །དགེ་སློང་མ་ཡོན་བདག་གིས་གཙུག་ལག་ཁང་ཕྱེད་ཙམ་བརྩིགས་ནས་མ་ཟིན་པར་བོར་བ་ལ་དགེ་སློང་གིས་ཟིན་པར་བརྩིགས་ཀྱང་ཉེས་མེད། དེ་སྟེ་དགེ་འདུན་གྱི་ཕྱིར་ན་ཕྱེད་ལངས་པ་ལས་བསླབ་པ་སྦྱིན།

དགེ་འདུན་གྱི་ཕྱིར་ཡོན་བདག་གིས་གཙུག་ལག་ཁང་ཕྱེད་ཙམ་ཞིག་བརྩིགས་པ་ལས་དགེ་སློང་གིས་གྲོགས་བྱས་ཏེ་ཟིན་པར་བརྩིགས་ཀྱང་ཉེས་མེད་དོ། །དེ་སྦྱིན་པའི་དུས་ནི་དེ་སྟེ་དགུན་ན་ཕྱི་དྲོའོ། །ལྟག་མ་ལྟར་ཡོན་བདག་གིས་གཙུག་ལག་ཁང་བརྩིགས་པ་དགེ་སློང་གིས་བཏང་བ་ནི་དགུན་གྲང་

ན་ཕྱི་དྲོ་གཏང་། དཔྱིད་ཚ་ན་སྔ་དྲོའོ། །དཔྱིད་ཚ་ན་སྔ་དྲོ་གཏང་ངོ་། །ཟས་ཀྱི་བྱ་བའི་དུས་མ་ལུས་པར་རོ། །གཙུག་ལག་ཁང་སློང་བའི་དགེ་སློང་བསོད་སྙོམས་པ་ཡིན་པ་ཞིག་དུས་ལས་སྔར་བསོད་སྙོམས་ལ་འགྲོ། །གཙུག་ལག་ཁང་ཞིག་ན་དུས་པས་སྔར་བཟའ། སྟ་གོན་མ་བྱས་པར་བསོད་

སྙོམས་ལ་མི་འཇུག །གཙུག་ལག་ཁང་བརྩིགས་པའི་དགེ་སློང་བསོད་སྙོམས་ལ་འཇུག་པའི་ཚེ། རྡུལ་དང་འཇི་བ་མེད་པར་བྱས་ཏེ་འགྲོ། །རྐང་པ་དང་ལག་པ་བཀྲུས་པ་ནི་དེའི་མཐའོ། །ལྟག་མ་ལྟར་བཀྲུ་བ་ལུས་ཀུན་བཀྲུ་མ་ནུས་ན་རྐང་ལག་བཞི་བཀྲུ། ནང་པར་ཟས་སར་པས་བསྐུལ།

གཙུག་ལག་ཁང་བརྩིགས་པའི་དགེ་སློང་གིས་ཡོན་བདག་ལ་དགེ་སློང་གསར་བུས་ལས་བྱེད་པ་རྣམས་བཀྲེས་ཀྱིས་ནང་པར་གཡར་སུས་སྦྱིན་ནོ་ཞེས་བསྒོ། །ཕྱི་དྲོ་རྐང་ལག་གི་བསྐུ་བ་དང་སྐོམ་ཀྱང་ངོ་། །ཡོན་བདག་ལ་ལས་བྱེད་པའི་དགེ་སློང་རྣམས་ལ་རྐང་ལག་ལ་མར་ལ་སོགས་པས་བསྐུ་བའི་

རིགས་སོ་ཞེས་བྱ། ཁང་བུ་དག་གི་སྒོ་བྱ། གཙུག་ལག་ཁང་བརྩིགས་ན་ཁང་བུར་སྒོ་བྱ། སྒོ་ལེབ་སྦྱིན། སྒོ་ལ་སྒོ་ལེབ་སྦྱིན་ལག་གཟུངས་ཡང་མིག་དང་པགས་པའི་དུམ་བུའོ། །སྒོ་ལེབ་ལ་ནང་ནས་དྲང་པ་དང་ཕྱིར་གཅད་པའི་ལག་གཟུངས་དང་ཡང་མིག་དང་སྒོ་དབྱེ་བ་ཀྲིག་ཀྲིག་མི་ཟེ་བར་ཀོ་

བས་དཀྲི། སྐར་ཁུང་གདོད། ཁང་བུ་ལ་སྐར་ཁུང་གདོད་དེ། དབུས་སུའོ། །སྐར་ཁུང་རྩིག་པའི་དབུས་སུ་གདོད། །ཕྱི་རུབ་ཅིང་ནང་ཡངས་པ་རྒྱ་མཚོ་མཆིང་རྣམས་ལྟ་བུར་རོ། །སྐར་ཁུང་གི་ཐབས་འདི་འདྲ་བར་བྱས་ན་སྣང་ཡེལ་ཆེ། ཤར་བུ་སྦྱིན། སྐར་ཁུང་ལ་ཤར་བུ་སྦྱིན།

เล่ม ๑๖๕ · หน้า 330a

སྒོ་ལེབ་དང་ཟུང་ང་དང་རྒྱབ་གཏན་དང་སྐེད་གཏན་དང་ར་རྐང་གི་དབྱུག་པ་བཅང་། སྒོ་ལ་སྒོ་ལེབ་དང་སྒོ་མི་གྱེས་པའི་ལྕགས་ཀྱི་ཟུང་ང་དང་སྒོ་ལ་རྒྱབ་གཏན་ལ་སོགས་པ་མིང་གིས་སྨོས་པ་འདི་རྣམས་སྦྱིན། བཙེམ་པའི་གསོར་ཀྱང་ངོ་། །སྐར་ཁུང་ཆར་བུ་ཅན་དུ་བྱས་ལ་ནང་དུ་མི་ཤོར་

བར་བྱ་བའི་ཕྱིར་སྲད་བུའི་དྲ་བ་བྲེ། ཁང་བུའི་མདུན་དུ་ཁྱམས་བྱ། ཁང་བུ་བརྩིགས་པ་ནི་མདུན་དུ་ཁྱམས་སུ་བྱ། ཕ་གུ་བདུན་ནམ་བརྒྱད་གདིང་བ་སྦྱིན། སྒོ་སྐྱེས་མཐོ་སྟེ་ཁང་བུ་དང་ཁྱམས་དམའ་བ་མཉམ་པར་བྱ་བའི་ཕྱིར་གཞི་ཕ་གུ་གདིང་། དེའི་སྟེང་ཤིང་ལེབ་ཀ་གཏན་དུ་གདིང་། གཙུག་

ལག་ཁང་གི་ཀ་བའི་གཞི་ཐོག་ཐག་ཏུ་གཞི་ཤིང་བཟང་པོ་གཅིག་བཞག་ལ་དེའི་སྟེང་དུ་ཀ་བ་གཟུགས། དེའི་ཀ་བ་ཕྲེང་དུའོ། །ལྟག་མའི་ཀ་བའི་ཕྲེང་དུ་གཟུགས། དེ་དག་ལ་ཀ་ཞུའོ། །ཀ་བ་དེ་རྣམས་ལ་ཀ་ཞུ་སྦྱིན། དེ་དག་ལ་གདུང་བྲེ། ཀ་བ་དང་ཀ་ཞུ་བཙུགས་པ་ལ་གདུང་བྲེ། དེ་དག་

ལ་ཕྱམ་མོ། །དེའི་འོག་ཏུ་ཕྱམ་བྲེ། དེ་དག་ལ་སྤང་ལེབ་པོ། །ཕྱམ་གྱི་སྟེང་སྤང་ལེབ་གཞིབ། དེ་ལྟར་ཕ་གུ་གདིང་། སྤང་ལེབ་ཀྱི་སྟེང་དུ་ཕ་གུ་གདིང་། དེ་དག་ལ་སོ་ཕག་གི་ཕྱེ་མའོ། །ཕ་གུའི་སྟེང་དུ་སོ་ཕག་བཀྲུམ་པ་བདལ། མི་ལྟུང་བའི་ཕྱིར་བེ་ཏི་ཀ་བྱ། མི་ལྟུང་བར་བྱ་བའི་

ཕྱིར་སྒོ་དང་ཁྱམས་ཀྱི་མདུན་དུ་མདའ་ཡབ་བྱ། དེ་མི་གཡོ་བའི་ཕྱིར་དེ་ལ་འབྲེལ་པ་བྱ། ལྟག་མའི་མདའ་ཡབ་མི་གཡོ་བར་ཤིང་གིས་སྦྲེལ། ལྕགས་ཀྱི་གཟེར་བུས་དེ་དག་ལ་སྦྲེལ། དེའི་མདོར་མི་འཁྲུལ་པར་ལྕགས་གཟེར་གྱིས་གདབ། འཛེག་པའི་ཕྱིར་ཐང་མ་སྐས་བྱ། རིམ་ཀང་སྟེང་

མ་ལ་འཛེག་པའི་ཕྱིར་ཐང་མ་སྐས་བྱ་འོག་མ་ནི་རྡོ་ལས་འོག་མའི་སྐས་ནི་རྡོ་ལས་བྱ། བར་མ་ནི་ཁམ་པ་ལས། བར་མའི་སྐས་ནི་ཁམ་པ་ལས་བྱ། སྟེང་མ་ཤིང་ལས་རིགས་གསུམ་གྱི་དང་པོའི་སྐས་ནི་ཤིང་ལས་བྱ། སྐས་ལ་འཛེག །ལྟག་མ་ལྟ་བུའི་སྐས་མེད་ན་ཤིང་ལ་ཐག་པས་བྲེས་པའི་

སྐས་ལ་འཛེག །ཤིང་དང་སྨྱིག་མ་དང་ཐག་པའི་ཡང་ངོ་། །ལྷག་མའི་སྐས་ཀྱི་རྒྱུ་ནི་མིང་གིས་སྨོས་པ་འདི་རྣམས་ལ་བྱ། རྫབ་ཏུ་མི་འགྱུར་བའི་ཕྱིར་མཐངས་ཀྱི་གཞི་དང་སྒོ་ཁང་དུ་ཕ་གུ་གདིང་། སྒོ་ཁང་དང་ཁྱམས་ལ་སོགས་པ་རྫབ་ཏུ་མི་འགྱུར་བའི་ཕྱིར་གཞི་སོ་ཕག་གིས་གདིང་། དེའི་སྟེང་དུ་

เล่ม ๑๖๕ · หน้า 330b

སོ་ཕག་གི་ཕྱེ་མས་གདིང་། ལྟག་མའི་སོ་ཕག་གི་སྲུབས་སུ་སོ་ཕག་བཀྲུམ་པའི་ཕྱེས་བདལ། དེ་ལ་མདོ་ཡང་ངོ་། །སྟེང་མའི་སོ་ཕག་གི་སྟེང་དུ་རྡོ་ཐལ་གྱིས་སྐྱོང་ནུལ་ཐོགས། མེད་ན་རྐང་བའི་སྐྱབས་ཀྱི་ཕྱིར་ཤིང་ལེབ་ཀྱང་ངོ་། །ལྟག་མ་ལྟར་འདམ་རྫབ་ཀྱི་སར་སོ་ཕག་གིས་མ་བཏིང་ན་ག་ལས་

གར་འགྲོ་བའི་སར་ཤིང་ལེབ་གདིང་། བར་བར་དུ་ཕ་གུ་ཡང་ངོ་། །ཤིང་ལེབ་གདིང་དུ་མེད་ན་སོ་ཕག་གིས་གོམ་པ་རེ་རེར་གཞག །མཆོད་རྟེན་ཀྱང་དེ་བཞིན་ནོ། །མཆོད་རྟེན་བསྐོར་བ་ན་འདམ་རྫབ་ཡོད་ན་ལྟག་མའི་རིམ་པ་ལྟར་གང་འབྱོར་པ་གདིང་ངོ་། །དེར་འདོམ་ཙམ་བྱས་ན་བྱས་པའོ། །

མཆོད་རྟེན་གྱི་དྲུང་དུ་ཤིང་དང་སོ་ཕག་གཞག་པ་འདོམ་གང་ཙམ་ནས་མི་ཉེ་བར་གཞག །སེང་གེའི་སྟན་གྲུ་བཞི་པོ་བྱ། བཅུ་བཞི་དང་བཅོ་ལྔའི་ཚེ་ཆོས་འཆད་པའི་ཁྲི་འོག་ཏུ་སེང་གེ་འདུག་ཏུ་རུང་བར་སྟེང་གྲུ་བཞི་པོར་བྱ། རྐང་པ་སེང་གེ་གདོང་དུ་བྱ། ལྟག་མའི་ཁྲི་འདུག་པའི་གཞི་རྐང་པ་སེང་

གེ་བཞིའི་གཟུགས་བྱའོ། །སྤྲོ་བའི་ཚེ་གཟུང་བའི་ཕྱིར་གཞི་ཆར་བུ་ཡང་ལྕགས་ཀྱི་ཡང་མིག་གདགས། སེང་གེའི་ཁྲི་ཡན་མན་སྤོ་བའི་ཕྱིར་གྲྭ་བཞིར་ལྕགས་ཀྱི་ཡང་མིག་བཏགས་ཏེ་བསྐུར་དུ་རུང་བར་བྱ། གཤུར་བུ་གདགས། ཁྲིའི་སྟེང་གི་གཞི་སྣམ་བུ་སོར་བཞི་ཙམ་གྱིས་དྲ་བར་བྲེ། བར་ཚངས་

ཅན་གདིང་། དེའི་སྟེང་དུ་ཤིང་བལ་ཅན་གྱི་སྟན་གདིང་། སྟེང་དུ་གནམ་ཡོལ། ཁྲི་སྟེང་ན་ཆོས་འཆད་པ་ལ་སྟེང་དུ་གནམ་ཡོལ་བྱ། སྦྱར་བ་ཡང་ངོ་། །གྲྭ་བཞིར་འཕན་གདགས། ཐང་མ་སྐས་བྱས་ཏེ་མི་བསྐྱོད་ན་ཐག་བུ་ལས་སོ། །སེང་གེའི་ཁྲི་མི་བསྐྱོད་པར་གནས་གཅིག་ན་གཞན་སོ་ཕག་

ལས་ཐང་མ་སྐས་བྱ། སྤོས་ཤིང་ལས་སོ། །ཡན་མན་སྤོང་དགོས་ན་ཤིང་སྐམ་འདོམ་གང་ཙམ་པ་བྱ། མི་འགྲུབ་སྐས་ཀྱང་ངོ་། །སྐས་ཐང་མ་སྐས་མ་འབྱོར་ན་ཤིང་ལ་བྲེས་པའི་སྐས་བྱ། རྐང་པའི་ཁྲེའུ་ཡང་ངོ་། །སེང་གེའི་ཁྲི་ལ་འདུག་པའི་ཚེ་རྐང་པ་གཞག་པའི་ཁྲིའུ་གཅིག་གཞག །མཆོད་

སེང་གེའི་ཁྲི་ལ་འདུག་པའི་མདུན་དུ་མེ་ཏོག་དང་། པོག་སྤོས་དགྲམ། ལོ་མའི་ཕུང་པོ་སྟེང་དུ་གདིང་། ལྟག་མ་ལྟར་མེ་ཏོག་ལ་སོགས་པ་མཆོད་པ་མེད་ན་ཤིང་ལོ་སྔོན་པོ་དགྲམ། རྩྭ་ཐུམ་ཀྱང་ངོ་། །རྐང་པ་གཞག་པའི་ཁྲིའུ་མེད་ན་ཁྲིའུ་སྐྱིན་པ་རྩྭ་ཐུམ་གཞག །རྐང་པ་འཕྱང་བའི་ཕྱིར་རོ། །

เล่ม ๑๖๕ · หน้า 331a

ལྟག་མ་ལྟར་རྩྭ་ཐུམ་མ་བཞག་ན་རྐང་པ་འཕྱང་སྟེ་ནང་དུ་འགྱུར་རོ། །དེར་རྡོས་ཀྱང་འགྲུབ་པོ། །རྩྭ་ཐུམ་མེད་ན་སོ་ཕག་གམ་རྡོས་ཀྱང་ངོ་། །བྱ་རོག་དང་བྱེའུ་དང་ཕུག་རོན་དག་ཟན་ཟ་བ་ལ་མི་འཚེ་བའི་ཕྱིར་དྲ་བ་སྦྱིན། ཁྱམས་ན་དགེ་འདུན་བཤོས་གསོལ་བ་ལ་མིང་གིས་སྨོས་པའི་

བྱ་རྣམས་མི་འོང་བར་བྱ་བའི་ཕྱིར་དྲ་བས་བྲེ། དེ་རྣམ་པ་བཞི་སྟེ། དྲ་བའི་གཞི་རྣམ་བཞི་སྟེ་འོག་ནས་འཆད། མོ་ལ་ཛོ་དང་བལ་བ་ཟ་དང་ཤ་ན་ཤིང་བལ་གྱིས་ཞེས་སོ། །མིང་གིས་སྨོས་པ་འདི་རྣམས་ལས་དྲ་བའི་རྒྱུ་བྱ། གྲུ་བཞིར་ཡང་མིག་གདགས། ཁྱམས་ཀྱི་གྲྭ་དྲ་བ་གདགས་པའི་ཡང་

མིག་བྱ། དེ་ལ་བཅིང་། དྲ་བ་ཡང་མིག་ལ་གདགས། ཤིང་གི་ནི་རྒས་ཤིང་འདྲུལ་བས་དེའི་ཕྱིར་ལྕགས་ཀྱིའོ། །དྲ་བ་གདགས་པའི་མིག་ཤིང་ལས་བྱས་ན་སྙི་བའི་ཕྱིར་ལྕགས་ལས་བྱ། དེའི་ཕྱོགས་གཅིག་ཏུ་བུ་གུ་བྱ། དྲ་བའི་ཕྱོགས་གཅིག་ཏུ་སྒོ་གདོད། ཟོས་ནས་འཇུག་པའི་ཕྱིར་

རོ། །དགེ་འདུན་བཤོས་གསོལ་ནས་ཟན་བྲུལ་ལ་ཕུག་རོན་ལ་སོགས་པ་ཐུར་གཞུག་པའི་ཕྱིར་སྒོ་དབྱེ། གདུག་ཚོད་ཀྱི་ཚེ་དེ་དགག །བཤོས་གསོལ་བའི་ཚེ་བྱ་མི་འོང་བའི་ཕྱིར་དྲ་བའི་སྒོ་གཅད། ཁྱམས་སུ་ཆར་པ་མི་འབབ་པར་ལེབ་ལེབ་པོས་དགབ་ཀ་བའི་བར་དུ་བྱའོ། །ཁྱམས་སུ་དགེ་

འདུན་བཤོས་གསོལ་བའི་ཚེ་རྫི་ཆར་མི་འོང་བར་བྱ་བའི་ཕྱིར་ཕྱམ་དང་ཀ་བའི་བར་ནས་སྤང་ལེབ་ཀྱིས་གཡོགས། སྣང་བའི་ཕྱིར་ཕྱོགས་སུ་བཏང་། ལྟག་མ་ལྟར་གཡོགས་པ་མུན་པ་གནག་ན་མདོ་མདོར་བུ་ག་གདོད། དེ་མེད་ན་ཀི་ཏ་ཀའམ་རེ་ལྡེས་སོ། །སྤང་ལེབ་ཀྱིས་གཡོག་ཏུ་མེད་ན་དཔར་རམ་རེ་

ལྡེས་གཡོགས། དབྱར་གྱི་ཟླ་བ་བཞིའི་ཐ་མར་དབྱུང་། དབྱར་ཟླ་བ་བཞི་འདས་ནས་དཔར་དང་རེ་ལྡེ་སླར་དབོག །བཀད་ས་ཟླུམ་པོ་བྱ། དགེ་འདུན་གྱི་བཀད་ས་ཟླུམ་པོར་བྱ། གནས་གྲང་བའི་ཕྱི་ལོགས་རྩིག་པ་སྦྱིན། བཀད་ས་གྲང་བའི་ཕྱིར་རྒྱབ་ཐོག་ཐག་ཏུ་རྩིག་པས་བསྐོར་ཀ་བ་ཕྲེང་དུའོ། །མདུན་

ཐོག་ཐག་ཏུ་ཀ་བ་ཕྲེང་བར་གཟུགས་སྐར་ཁུང་གདོད། དགེ་སློང་གཉིས་གསུམ་ཙམ་འདུག་པའི་མདོ་མདོར་སྐར་ཁུང་གདོད། སྟན་གྱི་ཡང་ཐོག་དང་དེའི་འོག་ཏུ་མུ་མཉམ་པར་བྱ། ལྟག་མར་སྐར་ཁུང་གདོད་པ་ཧ་ཅང་མི་མཐོ་བར་སྟན་གོར་ཚད་ཙམ་ནས་ཡན་ཆད་དུ་གཟུགས། དྲ་བ་ཅན་དང་

เล่ม ๑๖๕ · หน้า 331b

སྒོ་ལེབ་གཞུག །སྐར་ཁུང་དེ་ལ་སྒོ་ལེབ་དང་དྲ་བས་བྲེ། བཟའ་བའི་དང་མེའི་དང་འདུ་བའི་དང་འཆག་པའི་གནས་བྱ། མིང་གིས་སྨོས་པ་འདི་རྣམས་ཀྱི་གནས་ཁང་བྱ། གློ་ཕྱོགས་ཞར་བར་གཡོགས་པ་བྱ། དགེ་སློང་གཙུག་ལག་ཁང་མ་ཟིན་གྱི་བར་དུ་རྩིག་པ་ལ་བཅར་ལ་སྟེང་རྩས་གཡོགས་

པའི་ཁྱིམ་བྱས་ལ་དེར་གནས། ས་ཕུག་ཀྱང་བརྟགས་པའོ། །ཕུག་ན་གནས་ཀྱང་ཉེས་མེད། བ་གམ་ཀྱང་ངོ་། །རྩིག་པའི་གློ་ལ་བ་གམ་འདྲ་བར་བྱས་ཏེ་སྟེང་གཡོགས་པའི་ཁུང་བུར་གནས་ཀྱང་ཉེས་མེད། ཁྱམས་བཞིན་དུ་དེང་བེ་རི་ཀའང་ཆུད་དོ། །རྩིག་པའི་བུ་གུར་ཤིང་བཅུག་ལ་ཤིང་

གི་སྟེང་དུ་ཤིང་ལེབ་ཀྱིས་བྲེས་ཏེ་ཤིང་ལེབ་ཀྱི་མདོ་དང་ཀ་བ་གཉིས་སུ་མི་ལྟུང་བའི་ཕྱིར་ལྕགས་ཀྱི་གཟེར་བུས་གདབ། ར་བས་བསྐོར་བ་རབ་ཏུ་བྱུང་བའི་ཀུན་དགའ་ཡང་ངོ་། །གཙུག་ལག་ཁང་གི་ཁོར་ཡུག་ཏུ་ར་བ་བརྩིགས་ནའང་ཉེས་མེད། རྩིག་པ་ལ་སྟོར་ཁུང་གདོད་པ་ཡང་ངོ་། །ར་བ་ལ་ཆུ་འགྲོ་ཞིང་

མི་འཁྱིལ་བའི་ཕྱིར་མདོ་མདོར་སྟོར་ཁུང་གདོད་དོ། །སབ་མོ་དང་འོབས་ཀྱིས་ཀྱང་ངོ་། །ར་བས་གཙུག་ལག་ཁང་བསྐོར་བ་བཞིན་དུ་སབ་མོ་དང་འོབས་ཀྱིས་བསྐོར་ཀྱང་རུང་ངོ་། །གང་ཟག་ལ་གཙུག་ལག་ཁང་འཁོར་དང་བཅས་པའོ། །ལྟག་ཏུ་གཙུག་ལག་ཁང་བརྩིག་པའི་རྣམས་ལྟ་བུར་

ཡོན་བདག་གཅིག་གིས་ཐམས་ཅད་བརྩིགས་ཏེ་དགེ་སློང་གཅིག་ལ་ཡོན་དུ་ཕུལ་བའང་ལེན་དུ་དབང་ངོ་། །ཐམས་ཅད་སྔོན་པོ་ལ་སོགས་པའི་མཚན་མ་མངོན་སུམ་པའི་ཕྱིར་མལ་ཁང་གི་རྩིག་པ་སྔོན་པོ་ལ་སོགས་པ་སྣ་བཞིར་བྱ། དགེ་སློང་བསམ་གཏན་བྱེད་པ་ལ་ལ་སེར་པོ་ལ་དམིགས་ལ་ལ་

དཀར་པོ་ལ་དམིགས་ལ་ལ་དམར་པོ་ལ་དམིགས་ལ་ལ་སྔོན་པོ་ལ་དམིགས་པས་བདག་གིས་ཉལ་ཁང་ངོས་བཞིར་ཚོན་སྣ་བཞིས་བསྐུས་ལ་དགེ་སློང་མཚན་མ་གང་ལ་དམིགས་པ་དེ་ལ་བསམ་གཏན་བྱེད་ཅིང་བསྒོམ། རབ་ཏུ་བྱུང་བའི་ཀུན་དགའ་བྲིས་པའང་བརྟགས་པའོ། །ར་བ་དང་ཁྱམས་ལ་

སོགས་པའང་རི་མོ་འདྲིར་གནང་བའོ། །སྒོར་གནོད་སྦྱིན་བྲིས་ཏེ་ལག་ན་རྡོ་རྗེ་ལ་སོགས་པ་ཐོགས་པའོ། །དགེ་སློང་སོ་སོའི་ཁྱིམ་བུའི་སྒོ་གཡས་གཡོན་དུ་གནོད་སྦྱིན་གྱི་གཟུགས་བྲིས་ལ་ལག་ན་རྡོ་རྗེའམ་མཚོན་ཆ་ཐོགས་པ་བྲིས། སྒོ་ཁང་དུ་འཁོར་བའི་འཁོར་ལོ་རྒྱུད་ལྔ་བྱ། གཙུག་ལག་ཁང་

เล่ม ๑๖๕ · หน้า 332a

སྒོའི་ཁང་དུ་ལམ་རྒྱུད་ལྔར་འཁོར་བའི་འཁོར་ལོ་བྲིས། ལྟག་ཏུ་ལྷ་དང་མིའོ། །ལམ་རྒྱུད་ལྔ་ལ་སྟེང་དུ་ལྷ་དང་མི་བྲི། འོག་ཏུ་ངན་སོང་གསུམ་བྲི། གླིང་བཞི་ཡང་ངོ་། །ལྟག་ཏུ་མིའི་ཁམས་བྲི་བར་གླིང་བཞིའང་དེར་བྲི། རྫུས་ཤིང་སྐྱེ་བའི་སེམས་

ཅན་འཁོར་ལོ་ཆུ་ཆུན་བཞིན་དུ་འཁོར་ཞིང་སྐྱེ་བ་ཡང་ངོ་། །འཁོར་ལོ་རྒྱུད་ལྔ་བྲིས་པའི་འཁོར་ཡུག་ཏུ་རྒྱུ་རྐྱེན་བཅུ་གཉིས་སྐྱེ་ཞིང་འཁོར་བའི་རྒྱུད་བྲི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དབུས་སུ་ཕུག་རོན་དང་སྦྲུལ་དང་ཕག་ལྟ་བུར་རོ། །འཁོར་ལོ་དབུས་སུ་འདི་གསུམ་གྱི་གཟུགས་བྲིས་ཏེ་

ཕུག་རོན་ནི་འདོད་ཆགས། སྦྲུལ་ནི་ཞེ་སྡང་ཕག་ནི་གཏི་མུག་གོ། །གླེན་པས་སྔ་མ་དག་མིད་པ་ལྟ་བུར་རོ། །ལྟག་མ་ལྟར་བྲིས་པ་ལ་ཕག་གིས་ཕུག་རོན་དང་སྦྲུལ་གཉིས་མེད་པ་ལྟར་བྱས་ཁ་གཞག །རྐྱེན་དུ་འཚོགས་ཏེ་བྱུང་བའི་ཡན་ལག་ཁོ་ར་ཁོར་ཡུག་ཏུའོ། །མ་རིག་པ་ནས་རྒ་ཤིའི་བར་

དུ་འཁོར་བའི་རྒྱུད་ཡི་གེར་བྲིས། དེ་དག་ཐམས་ཅད་མི་རྟག་པས་མིད་པ་ལྟ་བུའོ། །གནོད་སྦྱིན་ལྟ་བུའི་གཟུགས་ཤིག་བྲིས་ལ་དེ་ཁམས་གསུམ་དང་ལམ་རྒྱུད་དྲུག་ཐམས་ཅད་མིད་པ་ལྟ་བུར་བྱ། ཡ་རོལ་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་མངོན་པར་སྟོན་

པར་རོ། །འཁོར་ལོའི་ལྟག་ཏུ་སངས་རྒྱས་ཀྱི་གཟུགས་ཤིག་བྲིས་ལ་དེའི་གཡས་ཕྱོགས་སུ་དཀྱིལ་འཁོར་ལ་སྟོན་པ་དང་འདྲ་བ་བྲིས་ཏེ་སུ་འཁོར་བ་ལས་འདའ་བར་འདོད་ན་འཕགས་པའི་ལམ་བརྒྱད་སྦྱངས་ན་མྱ་ངན་ལས་འདའ་བའི་ལམ་འདིར་འགྲོའོ་ཞེས་བསྟན་པ་འདྲ་བར་བྲི། ཚིགས་སུ་བཅད་

པ་ཚོལ་ཅིག་ཅེས་པ་དང་གཉིས་འོག་ཏུའོ། །སངས་རྒྱས་བཞུགས་པའི་དྲུང་ན་མར་སོ་སོར་ཐར་པའི་སྨད་དྲ་ལ། རྩ་ཁྱིམ་པ་ལ་གླང་གིས་ས། །ཞེས་བྱ་བའི་ལོགས་གཉིས་བྲིས་ཏེ་གཞག་དེར་འཆད་པ་གཞག །དེ་རྣམས་འཆད་པའི་དགེ་སློང་གཅིག་བསྐོས་ཏེ་རྟག་པར་གཞག །དེའི་འཁོར་དུ་

རྫུ་འཕྲུལ་ཆེན་པོ་དང་བདུད་བཏུལ་བ་དག་གོ། །འཁོར་ལོའི་འཁོར་དུ་སངས་རྒྱས་དུ་ཤི་ཏ་ནས་བབས་ནས་རྫུ་འཕྲུལ་ཆེན་པོ་བྱུང་སྟེ་བདུད་བཏུལ་བ་བྲིའོ། །ཁྱམས་སུ་སྐྱེ་བའི་རྒྱུད་དོ། །ཁྱམས་ཀྱི་ངོས་ལ་མཛངས་བླུན་གྱི་རྒྱུད་ཞིབ་ཏུ་བྲི། དྲི་གཙང་ཁང་གི་སྒོ་ཁར་གནོད་སྦྱིན་ཕྲེང་བ་ཐོགས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด