འདུལ་བའི་མདོའི་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་བྲྀཏྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๕ · หน้า 30a
བྱས། མི་རིགས་ན་བཟོད་པར་མི་བྱ། སློབ་མ་ཆད་པས་བཅད་པ་ལ་སྔོན་གྱི་ཉེས་པ་མི་གཏོང་ཞིང་འཆགས་སུ་མི་འོང་ན་བདག་གིས་བཀུག་སྟེ་བཟོད་པ་གསོལ་དུ་མི་གཞུག །མ་བཏུབ་ན་ཁང་བུ་ནས་དབྱུང་། ཆད་པ་རྣམ་ལྔ་ལ་སོགས་པའི་ཐབས་
བྱ་སྟེ་ཅིས་ཀྱང་མ་གྱུར་ན་སློབ་མ་དེ་ཁང་བུ་ནས་བསྐྲད་ཕྱུང་སྟེའོ། །ཚགས་དང་རིལ་བ་སྤྱི་བླུགས་དང་ཆོག་པ་ཙམ་བྱིན་ཏེ་དགེ་སྦྱོང་ལའོ། །སློབ་མ་བསྐྲད་པ་དེ་དགེ་སྦྱོང་ཞིག་ན་ཚགས་དང་རིལ་བ་དང་གོས་ཆོག་པ་ཙམ་བྱིན་ཏེ་བཏང་ངོ་། །དགེ་སྦྱོང་ཉིད་ལ་རྫས་མང་པོ་ཞིག་
ཡོད་དུ་ཟིན་ཀྱང་མི་བྱིན་པར་སླར་འོང་བའི་ཕྱིར་གཏར་གཞག་གོ། །ཕྱིར་མ་འོངས་ཏེ་ཐལ་བྱུང་གཞག་ཀྱང་རྐུ་སེམས་མེད་ཀྱི་འོང་བའི་ཕྱིར་གཏར་གཞག་པས་ཉེས་མེད་དོ། །འོན་ཏེ་བསྙེན་པར་རྫོགས་པར་འདོད་པ་ན་ཡོ་བྱད་ལྔ་དང་ངོ་། །སློབ་མ་བསྐྲད་པ་དེ་ཉི་ཤུར་ལོན་དུ་ཉེ་
སྟེ་བསྙེན་པར་རྫོགས་པར་འདོད་པ་ཞིག་ན་ལྟག་ཏུ་དགེ་སྦྱོང་ལ་བརྫངས་པའི་སྟེང་དུ་ཆོས་གོས་གསུམ་དང་། གདིང་བ་དང་ལྷུང་བཟེད་ལྔས་བསྣན་ཏེ་སྦྱིན་ནོ། །བསྙེན་པར་རྫོགས་པ་ཡང་ངོ་། །སློབ་མ་བསྐྲད་པའི་དེ་ཁྲིམས་རྫོགས་པ་ཞིག་ཡིན་ན་སཱུ་ཏྲ་ལྟག་མ་བསྙེན་པར་
རྫོགས་པར་འདོད་པའི་ཐད་དུ་བརྫངས་ཏེ་བསྐྲད་དོ། །སེང་གེ་བཞིན་དུ་མི་རེ་བར་མི་བྱ། སློབ་མ་བསྐྲད་པ་ལ་ཕྱིས་ཡང་སློབ་མར་མི་བྱའོ་ཞེས་རེ་བ་མི་བཅད་སེང་གེ་ནི་རི་དགས་བསད་ནས་ཟོས་པའི་ལྷག་མ་ཕྱིས་བཟའ་བའི་སེམས་མེད་དོ་ཡོད་མི་ཟ་བ་དང་སེང་གེས་ཐལ་མོས་
བསྣུན་པ་ལ་འཆོར་རེ་བའི་སེམས་མེད་པ་བཞིན་དུ་མི་བྱ། ཕངས་པར་འགྱུར་བའི་བྱ་བ་བཅའ་བར་མི་བྱ། དགེ་འདུན་གྱི་འོག་ཁྲིམས་བཅའ་བ་ལ། ཐམས་ཅད་ཞལ་ཚུས་བཅད་པ་ལྟ་བུ་ཁ་ཅིག་ནང་དུ་འགྱུར་བ་དང་གནས་འདིར་དགེ་སློང་སུའང་ཞིག་ཏུ་མི་གཞག་པ་ལྟ་བུ་རྒན་
པོ་དང་ནད་པ་ཤི་བར་འགྱུར་བ་མི་བཅའ། ལོན་པས་ཁ་སུ་བར་འགྱུར། ཞག་ལོན་པས་ཁ་སུ་བར་འགྱུར་ཏེ། ཁ་མ་བཀྲུས་པར་བདག་ལའང་ཕྱག་འཚལ་དུ་མི་གཞུག་བདག་གིས་ཀྱང་གཞན་ལ་ཕྱག་མི་བྱ། བཅའོ་སོ་ཤིང་། ཁ་སུ་བར་གྱུར་པ་སོ་ཤིང་འཆོས་ལ་བཀྲུ། དབེན་
เล่ม ๑๖๕ · หน้า 30b
པར་རོ། །ཁ་ལག་བཀྲུ་བ་ནི་དབེན་པར་བཀྲུའོ། །བཤང་གཅི་བྱ་བ་ཡང་ངོ་། །བཤང་བ་ཡང་དབེན་པར་བྱ། སྤྱོད་པའི་ཤིང་དྲུང་ངམ་རྩིག་དྲུང་དུ་མི་བྱ། མི་མང་པོ་སྤྱོད་པའི་ས་ཤིང་དྲུང་ངམ་རྩིག་དྲུང་ལྟ་བུར་བཤང་གཅི་དང་སོ་ཤིང་མི་བཅའ། དེའི་ཆད་ནི་སོར་བཅུ་གཉིས་
ཙམ་ནས་བརྒྱད་ཡན་ཆད་དོ། །སོ་ཤིང་གི་ཚད་ནི་སོར་བཅུ་གཉིས་མན་ཆད་བརྒྱད་ཡན་ཆད་ལ་བྱ་སྟེ་ཐུང་ངུ་མི་སྣང་བ་ནི་དགེ་སློང་གཅིག་ཅིག་སོ་ཤིང་ཐུང་ངུ་བཅའ་བཅའ་བ་ལས་སངས་རྒྱས་བྱོན་ནས་བོར་དུ་མ་སྤོབས་ཏེ་ཐལ་བྱུང་མིད་པ་ལས་ལྐོག་མར་ཟུག་སྟེ་ཤི་བ་ལས་བཅས།
རིང་བ་ནི་དྲུག་སྡེས་སོ་ཤིང་རིང་པོ་བཅའ་བཅའ་བ་ལས་མི་སྡུག་ཅིང་གཞན་ལ་རྒྱ་ལྕག་གི་ཐབས་སུ་བརྡེག་པ་ལས་བཅས། མཆིལ་མ་མང་པོ་ལ་མེད་ན་བཞི་ལས་ལྷག་པ་ཡན་ཆད་ཀྱིས་སོ། །བད་ཀན་རྒྱས་ཤིང་མཆིལ་མ་མང་ལ་སོ་ཤིང་དཀོན་ཏེ་མེད་ན་སོར་བཞི་ཡན་ཆད་ལ་
བྱས་ཀྱང་ཉེས་མེད་དོ། །གནས་སུ་ན་ཆོལ་ཟངས་ཀྱི་སྟེང་དུ་དོར་བར་མི་རིགས་པ་མ་ཡིན་ནོ། །སོ་ཤིང་བཅའ་བ་དང་ཁ་བཀྲུ་བ་གནས་ཀྱི་ནང་དུ་བྱེད་ན་ཆོལ་ཟངས་ཀྱི་ནང་དུ་བཀྲུས་ཀྱང་ཉེས་མེད་དོ། །ཝའི་ཁར་ནའང་དབེན་པར་མི་འགྱུར་བ་མ་ཡིན་ནོ། །སོ་ཤིང་བཅའ་བ་དང་ཁ་
གདོང་བཀྲུ་བ་ཁང་ཐོག་གི་ཝ་ཁར་བྱས་ནའང་དབེན་པར་ཆུད་དེ་ཉེས་མེད་དོ། །ཁྲུ་གང་འཁོར་བ་དེར་འདི་ལྟ་བུ་དག་ཀྱང་གཏོགས་སོ། །ཝའི་ཁ་ཁྲུ་གང་འཁོར་བ་ཚུན་ཆད་ཝ་ཁར་ཆུད་དོ། །དེ་ཚུན་ཆད་དུ་སོ་ཤིང་དང་ཁ་གདོང་བཀྲུས་ཀྱང་ཉེས་མེད་དོ། །དེའི་རྗེས་སུ་ལྕེ་བཞར་ཁ་
བཀྲུས་པའི་རྗེས་སུ་ལྕེ་བཞར་བཅང་ངོ་། །ལྕེ་བཞར་བ་ནི་ཁབ་ཀྱི་རྒྱུ་ལས་སོ། །ལྕེ་བཞར་བའི་རྒྱུ་ནི་ཁབ་ཀྱི་རྒྱུ་སྟེ། ལྕགས་དང་ཟངས་དང་ཁར་བ་དང་ར་གན་ལས་བྱས་ཏེ་བཅངས་ཀྱང་ཉེས་མེད་དོ། །དེའི་ཕྱིར་སོ་ཤིང་གཤགས་པའང་བརྟགས་པའོ། །ལྕེ་བཞར་བ་སཱུ་ཏྲ་ལྟག་
མ་ལྟར་མ་བཅངས་ན་སོ་ཤིང་གཤགས་པས་བཞར་ཀྱང་རུང་ངོ་། །ཕན་ཚུན་དུ་དེ་མི་རྣོ་བར་བྲུད་སོ་ཤིང་གཤགས་པ་གཅིག་ལ་གཅིག་བྲུད་དེ་ཟུར་རྣོན་པོས་ལྕེ་མི་གཅོད་པའི་ཕྱིར་མི་རྣོ་བས་བྲུད་ཅིང་དལ་བུས་བྱ། རྣོན་པོས་ལྕེ་དང་སོ་དང་རྣ་བ་མི་བྲུད། སོ་དང་ལྕེ་དང་རྣ་བ་ལ་ཅི་ཡང་
เล่ม ๑๖๕ · หน้า 31a
རུང་སྟེ་རྣོན་པོས་ཟུག་ཅིང་སྣད་པའི་ཕྱིར་མི་བྲུད། མི་དལ་བར་མ་ཡིན་པར་དེའི་ཤ་ལ་མི་ན་བར་བྱའོ། །སོ་དང་རྣ་བ་དང་ལྕེ་ལ་བྲུད་པའི་ཚེ་སྣད་ཅིང་ཁྲག་མི་འབྱུང་བའི་ཕྱིར་དལ་བུས་རན་པར་བྲུད། ཁའི་དྲི་མས་འབགས་པའི་ཕྱོགས་མ་བཀྲུས་སམ་
སས་མ་ཕྱིས་པར་ལྕེ་དང་སོ་བཀྲུས་པ་མི་དོར། སོ་ཤིང་འཆའ་འཆའ་བ་དེ་ལ་ཁའི་དྲི་མ་དང་མཆིལ་མས་འབགས་པ་ཆུས་མ་བཀྲུས་སམ་སས་མ་ཕྱིས་པར་མི་དོར། སྒྲ་མ་བྱས་པར་མི་དོར། སོ་ཤིང་དོར་བ་ལ་སེ་གོལ་ལམ་ལུད་པའི་སྒྲ་མ་ཕྱུང་བར་མི་དོར་རོ། །འདི་ནི་དཔེ་སྟེ་
བཤང་གཅི་དང་མཆིལ་མ་དང་། སྣབས་དང་སྐྱུགས་པ་དང་ཚད་པ་དང་གཞན་ཡང་ངོ་། །སོ་ཤིང་དོར་བ་ལ་སྒྲ་བྱ་བ་ནི་དཔེ་སྟེ་དེ་བཞིན་དུ་འདི་རྣམས་དོར་ནའང་སེ་གོལ་དང་ལུད་པའི་སྒྲ་དབྱུང་། མིང་གིས་དོར་བ་འདི་རྣམས་དོར་བ་མ་ཡིན་པ་བོང་རྡོག་ལ་སོགས་པ་ཅི་དོར་ཀྱང་
སྒྲ་དབྱུང་ངོ་། །བཀྲུ་བ་ལ་འདི་དག་གིས་ཀྱང་འགྲུབ་སྟེ་གོ་འདུན་པའམ་ལྕི་སྐམ་གྱིས་ཀྱང་ངོ་། །ཁ་འཁྲུ་བ་ལ་སོ་ཤིང་མེད་ན་འདི་རྣམས་ཀྱིས་བཀྲུར་ཀྱང་རུང་སྟེ་གོ་འདུན་ནི་གླས་གང་དང་རྩྭ་ཀུ་ཤུ་རི་དང་སྤོས་ལ་སོགས་པ་བཏགས་པའི་ཕྱེ་མ་ལ་བྱའོ། །ལུས་ཀྱི་བྱ་བ་འདི་དག་
བྱས་མ་ཐག་ཏུ་མཆོད་རྟེན་ལ་ཕྱག་བྱ། ལྟག་ཏུ་སྨོས་པ་ཁ་ལག་བཀྲུ་བ་ལ་སོགས་པ་ལུས་ཀྱི་ཕྱི་བདར་བྱས་ཟིན་ནས་མཆོད་རྟེན་ལ་ཕྱག་བྱ་མཆོད་རྟེན་མེད་ཀྱང་ཡིད་ཀྱིས་དམིགས་ཏེ་ཕྱག་བྱ། གཏོགས་པ་ན་གནས་པས་ནན་ཏན་དུ་བྱའོ། །ལོ་བཅུར་མ་ལོན་ལ་ཆོས་ལྔ་དང་མི་ལྡན་
གྱི་བར་དུ་བདག་གི་ལས་སུ་བྱ་བར་གཏོགས་པ་ནི་མཁན་པོ་དང་གནས་བརྟན་ལ་གཡོག་དང་རིམ་གྲོ་བྱ་བ་འོག་ནས་འབྱུང་བའི་ལས་རྣམས་ནན་ཏན་དུ་བྱའོ། །དེ་མ་ཐག་ཏུ་ནང་པར་སོང་སྟེ་ཕྱག་བྱ། ནང་པར་ཁ་བཀྲུས་ནས་མཆོད་རྟེན་ལ་ཕྱག་བྱས་མ་ཐག་ཏུ་མཁན་པོ་ལ་ཕྱག་བྱ།
ཁ་མ་བཀྲུས་ན་ཡར་ལུས་སྨད་གསུམ་གྱིས་ཕྱག་བྱ། སྙུན་གསོལ། མཁན་པོ་ཐུགས་བདེའམ་མི་བདེ་སྙུན་གསོལ། གོ་འདུན་ཆུ་དང་སོ་ཤིང་བསྙེན། མཁན་པོ་ཁ་གདོང་འཁྲུ་བ་ལ་སོགས་པའི་ཡོ་བྱད་འདི་རྣམས་བསྙེན་ཅིང་སྟ་གོན་བྱ། ཚང་མང་དུ་བལྟ་སྟེ་བསྙད། མཁན་པོའི་
เล่ม ๑๖๕ · หน้า 31b
བཤོས་རྒྱུ་ཅི་དང་ཅི་ཡོད་པ་ལས་ཚང་མང་དུ་སྦྱོར་དུ་བཅུག་ལ་ཞལ་ཏ་བྱ་སྟེ། འདི་དང་འདི་སྦྱར་རོ་ཞེས་མཁན་པོ་ལ་བསྙད། སྲེས་པ་དབུལ་བར་ཡིད་ལ་བྱ་ཟན་ཟ་བའི་ཚེ་མཁན་པོ་གང་ལ་སྲེས་པ་མང་དུ་བྲིམ་ཞིང་བདག་གི་སྐལ་བའང་མཁན་པོ་ལ་དབུལ་བར་ཤེས་པར་བྱ། ལྷུང་
བཟེད་བཀྲུ། ཟན་ཟ་བའི་མདུན་ལོགས་སུ་མཁན་པོའི་ལྷུང་བཟེད་དང་། ཕོར་གཞོང་ལ་སོགས་བཀྲུ་བཤལ་བྱ། འོན་ཏེ་བསོད་སྙོམས་པ་ཞིག་ན་གསིལ་བ་ཡང་ངོ་། །མཁན་པོ་བསོད་སྙོམས་པ་ཞིག་ཡིན་ཏེ་འཁར་གསིལ་ཁ་ཟས་དང་དྲི་མས་འབགས་ནའང་བཀྲུ། དེ་ལ་དེ་སྟེ་
དགོས་ན་ཚགས་ཀྱང་ངོ་། །མཁན་པོ་བསོད་སྙོམས་ལ་འགྲོ་སྟེ་ཟན་སླར་གནས་སུ་མི་ཟ་འམ། སླར་གནས་སུ་མི་འཁོར་བ་ལྟ་བུ་ལ་ཆུ་ཆགས་དགོས་ནའང་བཀྲུ་སྟེ་བརྫངས། དེའང་དེ་སྟེ་ན་དྲི། སློབ་མའང་སློང་མོ་ལ་འགྲོ་འདོད་ན་བདག་ཀྱང་བསོད་སྙོམས་ལ་མཆི་སྟེ་ལྷན་ཅིག་
འགྲོགས་ཤིང་མཆིར་རུང་ངམ་མི་རུང་ཞེས་དྲི། འོན་ཏེ་ལྷན་ཅིག་ཏུ་འདོད་ན་དེ་ཉིད་དང་ལྷན་ཅིག་ཏུ་འཇུག །བསོད་སྙོམས་ལ་ལྷན་ཅིག་འགྲོགས་སུ་གནང་ངམ་མི་གནང་དྲི་ནས། འགྲོགས་སུ་རུང་ངོ་ཞེ་ན་མཁན་པོ་དང་ལྷན་ཅིག་ཏུ་འཇུག །ཉམ་ང་བ་ལ་སོགས་པ་ལ་མདུན་དུ་འགྲོའོ། །
བསོད་སྙོམས་ལ་ཞུགས་པའི་ལམ་ཉམ་ང་བའམ་ཁྱི་ཟ་བའམ་ཕྱུགས་རྡུང་བ་ལ་སོགས་པ་ཡོད་པ་ལྟ་བུ་ལ་བསེལ་བྱ་བའི་ཕྱིར་སློབ་མས་བག་བྱ་སྟེ་མདུན་དུ་འགྲོའོ། །བསོད་པ་ཞིག་ན་དེ་ལ་བསྔོ། །བསོད་སྙོམས་ལེན་པའི་ཚེ་ཁྱིམ་པས་བདག་ལ་ཁ་ཟས་བཟང་པོ་བསོད་ཅིང་ཞིམ་པ་
བྱིན་ན་མཁན་པོ་ལ་ཕུལ་ཅིག་ཅེས་བསྔོ། །མ་འགྲོགས་ན་འཁོར་ནས་བསྟན། མ་འགྲོགས་ཏེ་སོ་སོར་དོང་ནས་སླར་འཁོར་ན་སློབ་མས་བདག་ཁ་ཟས་ཅི་རྙེད་པ་མཁན་པོའི་སྤྱན་སྔར་བྲིམ་པར་བསྟན། རབ་ཏུ་བཟང་པོ་བཏུ་སྟེ་བསྟབ། སློབ་མས་བདག་གིས་ཁ་ཟས་ཀྱི་ནང་ནས་
བཟང་པོ་བསོད་ཅིང་ཞིམ་པའི་རྣམས་མཁན་པོ་ལ་བདར། དེས་ཀྱང་ཐམས་ཅད་ལ་ཚོད་བཟུང་། མཁན་པོས་ཀྱང་ཟས་བཟང་པོ་བདར་བ་ལ་ཚད་བཟུང་སྟེ་ཅི་རན་པར་བླང་དེ་བཞིན་དུ་བདག་གི་ཕྱིར་སློབ་མ་ལས་ཅི་བྱེད་དོ་ཅོག་ལའང་ཚོད་བཟུང་སྟེ་རན་པར་བྱེད་དུ་གཞུག །ཆུ་སྣོད་དགང་།
เล่ม ๑๖๕ · หน้า 32a
ཟན་མ་ཟོས་པའི་མདུན་དུ་སློབ་མས་བརྟགས་ཆུ་དང་བཏུང་ཆུ་དང་ཕྱི་རོལ་གྱི་ཆུ་སྣོད་གསུམ་སོ་སོར་དགང་། དུས་བསྙད་བསོད་སྙོམས་ལ་འགྲོ་རན་པའི་ཉི་ཚོད་དང་གདུགས་ཚོད་བབ་བམ་མ་བབ་པའི་ཉི་ཚོད་ལ་སོགས་པ་མཁན་པོ་ལ་བསྙད། ཟོས་ནས་ལྷུང་
བཟེད་ལ་སོགས་པ་བཀྲུ། ཟན་ཟོས་ཟིན་ནས་ལྷུང་བཟེད་དང་གཞི་དང་ཕོར་གཞོང་ལ་སོགས་པ་བཀྲུ། འདི་དག་གཞག །སྣོད་སྤྱད་ལ་སོགས་པ་བཀྲུས་ནས་སོ་སོའི་གནས་གནས་སུ་གཞག་པ་ལ་འང་བྱ། མཆོད་རྟེན་ལ་ཕྱག་བྱ་བའི་ཕྱིར་གོ་འདུན་དང་ཆུ་ལ་སོགས་པ་བསྙེན།
མཁན་པོ་མཆོད་རྟེན་ལ་ཕྱག་བྱེད་ཅིང་མཆོད་པའི་ཡོ་བྱད་མེ་ཏོག་དང་ཆུ་དང་སྤོས་དང་གོ་འདུན་ལ་སོགས་པ་བསྙེན་ཅིང་སྟ་གོན་བྱ། རྐང་པ་བཀྲུ་བར་གཏོགས་པ་ལ་ནན་ཏན་དུའོ། །ནུབ་མོ་མཁན་པོ་རྐང་པ་བཀྲུ་བའི་ཡོ་བྱད་ཅི་དགོས་པ་ཀུན་ནན་ཏན་དུ་བསགས། མལ་སྟན་
བཅའ། མཁན་པོའི་མལ་སྟན་ལ་སོགས་པ་སྤྲུག་སྟེ་མལ་བྱ། སྨད་དཀྲིས་ཀྱང་དབུལ། མཁན་པོ་ཉལ་ཁར་སྨད་དཀྲིས་དབུལ་ཤམ་ཐབས་བླང་། སྨད་དཀྲིས་ཕུལ་ནས་ཤམ་ཐབས་བདག་གིས་བླང་། རྐང་པའི་ཆུ་དང་རྟེན་མ་དང་ཆོལ་ཟངས་བསྙེན། རྐང་པ་བཀྲུ་བའི་ཆུ་དང་
རྐང་རྟེན་གྱི་ཤིང་དང་ཟངས་ལ་སོགས་པ་བསྙེན་ཏེ་བཀྲུ། ལྷམ་ཕྱི་མཁན་པོའི་ལྷམ་ལ་རྡུལ་དང་དྲི་མ་ཡོད་པ་ཕྱི། སློང་བའི་བྱེད་པར་མ་བསྐོ་བར་ཕྱགས་མ་ཐོགས་པ་མཐོང་ན་རྟོགས་པ་ཉུང་ངུར་རོ་ཞེས་བྱ། དགེ་འདུན་གྱིས་མཁན་པོས་ཕྱགས་པ་ལ་སོགས་པར་མ་བསྐོས་པར་
མཁན་པོ་ཉིད་ས་ཕྱགས་ཤིང་འདུག་ན་མཁན་པོས་བགྱི་བ་མི་རིགས་ཀྱི་བདག་གིས་བགྱིའོ་ཞེས་བྱ་སྟེ་ལས་བྱ། མཁན་པོ་ན་རེ་ངའི་བསོད་ནམས་ཀྱིས་བླའོ་ཞེས་ཟེར་ན་གཞག་ཀྱང་ཉེས་མེད། གོས་འདྲུབ་པར་མ་བསྐོས་པར་ཁབ་ཐོགས་ཏེ་འཚེམ་ན་ཡང་ངོ་། །ལྟག་མ་བཞིན་
དུ་དགེ་འདུན་གྱིས་ལས་བྱེད་པར་མ་བསྐོས་པར་གོས་འཚེམ་པ་ལ་སོགས་པའི་ལས་བྱེད་ནའང་བདག་གིས་བྱའོ་ཞེས་ལས་དེ་བླང་། བརྟག་པ་བྱ་བ་དང་སྤན་སྤུན་བཏོགས་པ་དང་མེ་ཏོག་དང་འབྲས་བུ་བཏོགས་པ་དང་སོ་ཤིང་ལ་སོགས་པ་ཡང་དགེ་སྦྱོང་གིས་སོ། །ཁ་ར་ལ་སོགས་
เล่ม ๑๖๕ · หน้า 32b
པའི་གཟུགས་སེམས་ཅན་དུ་འདུག་པ་ལ་སོགས་པ་ཞིག་པ་དང་སྤན་སྤུན་ནི་གཙུག་ལག་ཁང་གི་འཁོར་ན་ལྡམ་ལྡུམ་སྐྱེས་པ་ལྟ་བུ་དང་མེ་ཏོག་དང་ཤིང་ཏོག་བཏོགས་པ་ལ་སོགས་པ་དང་། སོ་ཤིང་རྔ་བ་ལ་སོགས་པ་ནི་སློབ་མ་དགེ་སྦྱོང་གིས་བྱ་བར་གཏོགས་སོ། །སྒོ་བརྡབ་ཅིང་
ནང་ན་གནས་པ་ལ་གོ་བར་བྱ། མཁན་པོ་ལ་སོགས་པ་སུའང་རུང་སྟེ་དེའི་དྲུང་དུ་འགྲོ་ལ་སྒོ་བཅད་ན་ནང་ན་འདུག་པ་ལ་གོ་བར་བྱ་བའི་ཕྱིར་སྒོ་བརྡབ། དེ་དལ་བུས་བྱ། སྒོ་བརྡབ་པ་ལ་དལ་བུས་བརྡབས། རྒྱུན་མི་བསྲིང་། སྒོ་བརྡབ་པའི་རྒྱུན་མི་བསྲིང་། དྲག་ཏུ་མི་ཕུལ། སྒོ་དབྱེ་
བའི་ཕྱིར་དྲག་ཏུ་མི་ཕུལ། འཆང་བ་ཡང་ངོ་། །སྒོ་བཅད་པ་ཡང་དག་ཏུ་མི་བཅད། དལ་བུས་ཤེས་བཞིན་དུ་འབྱུང་བ་དང་འཇུག་པ་སྒོ་སྐྱེས་ལ་མི་རེག་པར་རོ། །ཕྱི་ནང་དུ་འགྲོ་བ་ལ་ཤེས་བཞིན་དུ་དལ་བུས་བྱ་སྟེ་སྒོའོ་ཅོག་གི་སྒོ་སྐྱེས་ལ་མི་རེག་པར་བྱ། དེ་ལ་རིམ་གྲོ་བྱའོ། །མཁན་པོ་
ལ་རིམ་གྲོ་བཀུར་སྟི་ཆེར་བྱ། གཞར། མཁན་པོ་ལ་དུས་གསུམ་ཕྲད་པ་ཙམ་གྱིས་མི་ཆོག་གི་བསྙེན་ཅིང་གཞར། དེ་དང་མི་མཛའ་བ་ལ་མ་ཡིན། མཁན་པོ་དང་མི་མཛའ་བ་ལ་མི་གཞར་བ་ནི་མཁན་པོ་མི་དགའ་བར་འགྱུར་བའི་ཕྱིར་རོ། །དེ་ལ་འཛེམ་པར་བྱ། མཁན་པོ་དང་
སློབ་དཔོན་ལ། དེའི་བྱ་བ་ལ་བརྩོན། མཁན་པོ་དང་སློབ་དཔོན་གྱི་ཕྱིར་ལས་བྱ་བ་ལ་རིང་དུ་མི་གཞག་པར་མྱུར་དུ་བརྩོན་འགྲུས་སུ་བྱ། བརྩམས་པ་གུས་ཤིང་གསོང་བོར་བྱ། མཁན་པོ་དང་སློབ་དཔོན་གྱིས་བསྒོ་བའི་ལས་བྱེད་པ་ལ་ནན་ཏན་དུ་བཟང་པོར་བྱ་བ་དང་བཀྲུ་བཤལ་ལ་སོགས་
པ་དག་པར་བྱ་ལྟ་བུ་དང་ལུས་གུས་པའི་ཚུལ་དུ་གསོང་པོར་བྱ། ཟོན་དང་བླ་མར་བཅས་པས། མཁན་པོ་དང་སློབ་དཔོན་ལ་བག་ཡོད་པའི་ཟོན་དང་བཙུན་ཞིང་བླ་མར་བྱ་བ་དང་བཅས་པར་བྱ། རྗེ་བོ་ལྟ་བུ་དམའ་བའི་སེམས་ཀྱིས་སོ། །རྗེ་བོ་ཙམ་དུ་བསམས་ལ་བདག་དམའ་བའི་ཚུལ་
དུ་བྱའོ། །བླ་མ་དང་རྗེ་བོ་ནི་དབང་ཆེ་ཞིང་རག་ལུས་པ་ཡིན་ཏེ་བདག་གི་ཁྲིམས་དང་ཆོས་ལ་སོགས་པའི་རག་མཁན་པོ་ལ་ལུས་པས་མཁན་པོ་དང་སློབ་དཔོན་ལ། ཇོ་བོ་ཙམ་དུ་བསམ་མོ། །ཤེས་བཞིན་དུ་བདག་གི་དོན་ཀྱང་མི་གཅད། ཤེས་བཞིན་དུ་ཞེས་པ་ནི་མཁན་པོ་དང་སློབ་དཔོན་
เล่ม ๑๖๕ · หน้า 33a
ལ་བྱ་བ་ལྟག་ཏུ་བཤད་པ་རྣམས་ལེ་ལོ་དང་བརྗེད་པར་མི་བཏང་ཞིང་རྟག་ཏུ་ཤེས་བཞིན་དུ་དྲན་པར་བྱ། བདག་གི་དོན་ཀྱང་མི་གཅད་ཅེས་པ་ནི་མཁན་པོ་དང་སློབ་དཔོན་ལ་གཡོག་བྱས་པས་ཆོག་པ་ཙམ་དུ་མི་བྱའི་བསླབ་པ་དང་བསྒོམ་པའི་དོན་ཀྱང་མི་གཅད་པར་བྱ།
དགེ་བ་ཚོལ་བ་ཅི་འགྱུར། ཅི་ཡོད་ཀྱང་རུང་སྟེ་བདག་དགེ་བ་ཅི་ལྟར་སྤྱོད་ཅེས་བསམ་ཞིང་དགྲ་བཅོམ་པའི་རིམ་པ་བརྒྱད་ཅི་ཐོབ་ཏུ་སྤྱད་ཅིང་བསྒོམ་པར་བསམས། ལོག་བྱེད་འབྱུང་བའི་ཚེ་བཟློག །བདག་གི་མཁན་པོ་དང་སློབ་དཔོན་ལོག་པ་ལ་བལྟས་པའམ། ཁྲིམས་དག་འདྲལ་
བར་གྱུར་ན་སློབ་མས་མང་པོའི་ཁྲོད་དུ་མི་བྱ་བར་སྐོག་ཏུ་ཁྱོད་ལ་གསོལ་བའི་སྐབས་ཡོད་ན་ཞེས་སྔར་བྱས་ལ་ལོག་པ་ལས་བཟློག་པར་གྲོས་གདབ། དགེ་བ་མི་འཕེལ་ན་གཞན་ལ་དེ་བྱ་བར་གཏོད་ཅིག་ཅེས་གསོལ། སློབ་མ་དེ་བདག་གི་མཁན་པོ་འམ་སློབ་དཔོན་གྱི་འཁོར་ན་དགེ་འདུན་
གྱི་ལས་ཆེ་བ་ལ་སོགས་པ་དང་དགེ་བ་སྤྱོད་དུ་མི་ཁོམ་སྟེ་མི་ལྡོག་སྟེ་གུད་དུ་སོང་ན་ལྡོག་པ་གང་ཡོད་ན་གཞན་ལ་སློབས་ཤིག་པར་གཏད་དུ་ཅི་གནང་ཞེས་བདག་གི་མཁན་པོ་ལ་གསོལ། ཆད་པར་ཤེས་ནས་གནས་སུ་འོངས་ན་གཏད། སཱུ་ཏྲ་ལྟག་མ་ལྟར་སློབ་མ་གསོལ་ན་མཁན་
པོས་ཀྱང་གུད་དུ་བཏང་ནས་ལོབས་པ་ཙམ་གྱི་ཚེ་སློབ་ཏུ་བཏང་བའི་རིགས་ན་གསོལ་བ་བཞིན་དུ་གཏང་། སྡིག་པའི་གྲོགས་པོ་དང་བཟློག །སློབ་མ་གུད་དུ་འགྲོ་བར་གསོལ་བ་དེ་སྡིག་པའི་གྲོགས་པོ་དང་བསྟེན་པར་འགྲོ་བ་ཞིག་ཡིན་ན་མི་བཏང་བར་གཞག །དགེ་བ་འཕེལ་བའི་
ཕྱིར་གཏད་དུ་ཟིན་ནའང་སྡིག་པའི་གྲོགས་པོ་དང་མ་བསྟེན་ཅིག་ཅེས་གདམས་ཏེ་གཏད། དགེ་བར་བསྐོ་བར་དེ་བཏབ། མཁན་པོ་སློབ་མ་ལ་བསོད་ནམས་སུ་འགྱུར་བ་དགེ་བ་སྤྱོད་དུ་གཞུག་པ་དང་། གླེགས་བམ་ལ་སོགས་པ་བྱིན། ལྟུང་བ་ལས་འབྱུང་བའི་ཕྱིར་དང་། སློབ་མ་ལ་
ལྷག་མ་མན་ཆད་ཉེས་པ་ཞིག་བྱུང་ན་ཆད་པ་དང་འཆགས་སུ་གཞུག་ཅིང་དབྱུང་བ་མཁན་པོས་བྱ་བ་དང་། མཐུན་པར་འཚོ་བའི་ཡོ་བྱད་འགྲུབ་པར་ནན་ཏན་དུའོ། །དགེ་སློང་གི་འཚོ་བའི་ཡོ་བྱད་ཆོས་གོས་དང་རིལ་པ་ལ་སོགས་པ་སློབ་མ་ལ་མེད་ན་མཁན་པོས་སྦྱར་ཞིང་བྱའོ། །ལྷན་
เล่ม ๑๖๕ · หน้า 33b
ཅིག་ཏུ་སྤྱོད་པ་དང་། བདག་གི་སློབ་མ་ལ་བྱ། ཉེ་གནས་དང་། བདག་གི་གན་དུ་ཉེ་གནས་སུ་བཅོལ་ཞིང་འདུག་པ་ལ་བྱ། མཁན་པོ་དང་། བདག་གི་མཁན་པོ་ལ་བྱ། སློབ་དཔོན་དང་། བདག་གི་སློབ་དཔོན་བཞི་ལ་བྱ། མཁན་པོ་གཅིག་པ་དང་། བདག་དང་མཁན་པོ་གཅིག་པ་
ལ། སློབ་དཔོན་གཅིག་པ་དང་། བདག་གི་གྲོགས་པོ་བདག་དང་སློབ་དཔོན་གཅིག་པ་ལ་བྱ། འཐམས་པ་དང་། བདག་དང་མཛའ་བ་གཏམ་ཟླར་ཆུད་པ་ལ་བྱ། བརྟན་པ་དང་། བདག་དང་མཛའ་བ་གྲོས་ཀྱི་ཟླར་ཆུད་པ་ལ་བྱ། འདྲིས་པ་དང་། བདག་དང་མཛའ་བའི་ཕྱིར་བདག་གི་
ཡོན་ཏན་བརྗོད་པ་ལ་བྱ། འཐད་པས་བདག་དང་ཡིད་དུ་འོང་བའི་ཕྱིར་ཁོ་བོ་ནོར་ཐུག་ཐུབ་ཏུ་ཁྱེར་ཀྱང་དགའ་བར་འགྱུར་བའོ། །ནད་པའི་གཡོག་བྱ། ན་བ་ཞིག་ཏུ་གྱུར་ན་མིང་གིས་སྨོས་པ་འདི་རྣམས་ཀྱི་གཡོག་བྱ། སྔ་མ་བྱེད་པ་མེད་ན་རིམ་གྱིས་སོ། །སཱུ་ཏྲ་ལྟག་མ་ལྟར་མིང་གིས་
སྨོས་པ་རྣམས་ལས་རིམ་བཞིན་དུ་སྔ་མ་དག་མེད་ན་ཕྱི་མ་རིམ་གྱིས་ནད་གཡོག་བྱ། ལྷོགས་ཤིག་པའི་སློབ་དཔོན་ཡང་འདིར་འདུས་སོ། །སློབ་དཔོན་ལྔ་ལ་ལྷོགས་ཤིག་པའི་སློབ་དཔོན་རིང་མོད་ཀྱི་སློབ་དཔོན་བཞི་དང་འདྲ་བར་ནད་གཡོག་བྱ་བར་གཏོགས་སོ། །ཅིག་ཅར་དེ་མི་ནུས་ན་
གནས་པ་གང་ལ་བཅར་བ་ལའོ། །མཁན་པོ་དང་སློབ་དཔོན་ཀུན་འདུས་ཏེ་ཅིག་ཅར་ན་ལ་ཀུན་གྱི་ནད་གཡོག་ནུས་ན་ཀུན་བྱའོ། །མི་ནུས་ན་མཁན་པོའི་ནད་གཡོག་བྱའོ། །མཁན་པོ་མེད་ན་སློབ་དཔོན་གནས་གང་ལ་བཅར་བ་ལ་བྱ། འདིའི་ཚུལ་དུ་བརྩམས་པ་ལའང་རབ་ཏུ་བྱུང་བ་
བཞིན། དགེ་བསྙེན་རབ་ཏུ་འབྱུང་བར་འདོད་པ་ལའང་རུང་རབ་ཏུ་འབྱུང་བར་སྐྲ་བྲེགས་ཆོས་གོས་བསྐོན་ལ་ཁྲིམས་མ་ཕོག་གི་བར་དུ་ནད་ཀྱིས་བཏབ་པ་ལྟ་བུ་ཡང་དེ་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་ན་བ་བཞིན་དུ་ནད་གཡོག་བྱ་ཞིང་གསོའོ། །ནད་པ་ཚངས་པ་མཚུངས་པར་
སྤྱོད་པ་ལ་མ་གཡེལ་ཅིག་ནད་གཡོག་གོང་དུ་སྨོས་པ་རྣམས་ལས་བྱེད་པ་མེད་པ་ཞིག་ན་ཡང་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པས་དགེ་སློང་ཀུན་གྱིས་གཡོག་བྱའོ། །གཡོག་ཇི་ལྟར་བྱ་བའི་ཐབས་ནི་འོག་ནས་འཆད། དེ་ལ་གཡོག་མེད་ན་མཐའི་བར་དུ་སྦྱིན་ནད་པ་མཚུངས་པར་
เล่ม ๑๖๕ · หน้า 34a
སྤྱོད་པ་ལ་ནད་གཡོག་མེད་ན་དགེ་སློང་གང་ཁྲིམས་གཞོན་པས་ནད་གཡོག་བྱའོ། །དེས་མི་ཆོག་ཅིང་མི་ནུས་ན་གྲལ་རིམ་བཞིན་ན་གང་རྒན་པའི་མཐར་ཐུག་གི་བར་དུ་དགེ་འདུན་ཐམས་ཅད་ཀྱིས་ནད་གཡོག་བྱའོ། །ནད་པ་ནམ་འཆི་བ་འམ་སོས་པའི་མཐར་
དགེ་བ་གཞན་བཏང་སྟེ་གཡོག་བྱའོ། །སངས་རྒྱས་ཉིད་ཀྱིས་ཀྱང་ཕྱག་དར་ཏེ་ནད་པའི་གཡོག་བྱས་པས་དགེ་འདུན་གྱིས་ཀྱང་སྙིང་རྗེ་བའི་ཕྱིར་གཡོག་བྱ་བར་རབ་ཏུ་རིགས་སོ། །དགེ་འདུན་གྱི་སྨན་ལ་ནད་པ་འབའ་ཞིག་གིས་སྤྱད་པར་བརྟགས་པའོ། །དགེ་འདུན་གྱི་སྤྱིའི་སྨན་ལ་
ནད་པས་ནི་སྤྱད་ཅིང་བཟའ་བར་རིགས་ཏེ་བརྟགས་པའོ། །དེ་ནི་སྔོན་མི་ནའང་དགེ་འདུན་ཐམས་ཅད་ལ་དགེ་སློང་སྨན་གྱི་རུབ་མ་བས་སྨན་ཅི་དགོས་ཞེས་ནང་གཅིག་བཞིན་དུ་འབྲིམ་པ་ལས་དྲུག་སྡེས་གྲོགས་ཅིག་ན་བའི་ཕྱིར་མི་ན་བས་ཀྱང་སྨན་མང་དུ་བླངས་ནས་བསྒྱུར་ཅིང་བཙོངས་
ཏེ་སྤྱད་པས་ན་ནད་པ་འབའ་ཞིག་གིས་སྤྱད་པར་བརྟགས་པའོ་ཞེས་བཅས། དེ་མེད་ན་གཡོག་གིས་བསླངས། དགེ་འདུན་སྤྱིའི་སྨན་མེད་ན་ནད་གཡོག་སུ་བྱེད་པས་བསླངས་ཤིང་བཙལ་ཏེ་ནད་པ་གསོའོ། །མ་རྙེད་ན་དགེ་འདུན་གྱིས་སྦྱིན། ནད་གཡོག་གིས་སྨན་བསླང་དུ་མ་རྙེད་
ན་དགེ་འདུན་གྱི་དཀོར་ལས་ཟོང་ཕོག་སྟེ། ནད་གཡོག་ཚོལ་དུ་གཞུག །མེད་ན་སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་ཀྱང་ངོ་། །དགེ་འདུན་གྱི་དཀོར་ལས་སྨན་གྱི་རིན་སྦྱིན་དུའང་མེད་ན་སངས་རྒྱས་ཀྱི་སྐུ་ལ་གསོལ་བའི་རྒྱན་དུ་གཏོགས་པ་མན་ཆད་དཀོར་ལས་ཀྱང་སྦྱིན། སྐོམ་
དང་གདུགས་གཟུགས་པ་ལ་སོགས་པ་མཆོད་པ་དེའི་ཕྱིར་དགེ་འདུན་གྱི་ལས་བྱ། ལྟག་མ་ལྟར་སྨན་བཙལ་ཏེ་གསོས་པས་མ་སོས་ཤིང་ནད་པ་ན་རེ་བསོད་ནམས་ཤིག་བསྐྱེད་ན་ཐིག་གི་བ་སྙམ་ཞེས་ཟེར་ན། དཀོན་མཆོག་གསུམ་ལ་གདུགས་གཟུགས་པ་དང་དགེ་འདུན་ལ་སྐོམ་བྲིམ་
པ་ལ་སོགས་པའི་ཡོ་བྱད་དགེ་འདུན་གྱི་དཀོར་ལས་ཕྱུང་སྟེ་སྤྱད་དོ། །དེའི་མེད་ན་སངས་རྒྱས་ཀྱི་ལས་སོ་ལྟག་མ་ལྟར་དགེ་འདུན་གྱི་དཀོར་མེད་ན་སངས་རྒྱས་ཀྱི་དཀོར་ལས་ཀྱང་ཕྱུང་སྟེ་སྤྱད་དོ། །དེ་དག་གི་བླངས་པ་ལས་མ་ཤི་ཞིང་འབྱོར་ན་སོབས་ཤིག །ལྟག་མ་རྣམས་ལྟར་སྨན་དང་
เล่ม ๑๖๕ · หน้า 34b
བསོད་ནམས་བསྐྱེད་དེ་ནད་པ་དེ་སོས་ནས་ནད་པས་ནད་གཡོག་ལ་དཀོན་མཆོག་དང་དགེ་འདུན་གྱི་དཀོར་ལས་བདག་གི་ཕྱིར་ཇི་ཙམ་གོད་ཅེས་སྨྲས་ལ་བདག་གིས་འབྱོར་པ་ཅི་གོད་པའི་སྐྱིན་པ་སོབས་ཤིག །གཡོག་གིས་གཡོག་མི་བྱ་བར་མི་བྱ། དགེ་སློང་ནད་པའི་གཡོག་སུ་བྱེད་
པས་ནད་པ་ལ་ལེ་ལོ་དང་གཡེལ་བར་མི་བྱེད་པའི་ནད་གཡོག་གིས་གུས་ཤིང་ནན་ཏན་དུ་བྱ། དོན་དང་ཆོས་ཀྱི་ངག་མི་བཅག །དོན་དང་ཞེས་པ་ནི་དགེ་སློང་ནད་པ་ན་རེ་སྨན་དང་ཁ་ཟས་འདི་ལྟ་བུ་ཞིག་འདོད་དེ་བྱིན་ན་ནི་སོས་སོ་ཞེས་ཟེར་བ་དང་། ཆོས་ཀྱི་ངག་མི་བཅག་ཅེས་པ་ནི་ཡི་
གེ་ཀླག་པ་ལ་སོགས་པ་བསོད་ནམས་འདི་ལྟ་བུ་ཞིག་སྐྱེད་ཅིག་ཅེས་ཟེར་ནའང་ནད་གཡོག་གིས་ངག་མི་བཅག་པར་སྦྱར་ཞིང་བྱ། ཆགས་པའི་དངོས་པོ་སློང་ན་མི་དགག །ནད་པ་ཁོ་བདག་གི་ནོར་བཟང་པོ་སྡུག་གུ་ཞིག་ལ་ཆགས་ཏེ་ག་རེ་ཞེས་ཟེར་ན་ནད་གཡོག་གིས་ཕྱུང་སྟེ་བསྟན་ཅིང་སྦྱིན་
ནོ། །མི་བཤད་པར་མི་བྱ། ནད་གཡོག་གིས་ནད་པ་ལ་ཚད་མེད་པ་བཞི་དང་བསམ་གཏན་བཞི་དང་འཕགས་པའི་ལམ་ཡན་ལག་བརྒྱད་ལ་སོགས་པའི་ཆོས་བཤད་དེ་རྟག་ཏུ་དྲན་པར་གྱིས་ཤིག་ཅེས་བསྒོ། ནད་པས་དེའི་ངག་མི་བཅག །ནད་གཡོག་གིས་ཆོས་བཤད་པ་ལ་ནད་པས་
ཀྱང་བསྒོ་བ་བཞིན་དུ་མཉན་ཅིང་དྲན་པར་བྱའི་ངག་མི་བཅག་གོ། །ཤི་དོགས་ན་དེས་དགེ་འདུན་གྱི་མལ་སྟན་ལས་ཐེག་ལ་གང་ཟག་གི་ལ་ཞོག་ཤིག །དགེ་སློང་ནད་པ་དེ་ཚབས་ཆེ་སྟེ་ཤིར་དོགས་ན་དགེ་འདུན་གྱི་མལ་སྟན་གྱི་སྟེང་ནས་ཐེག་ལ་གང་ཟག་གི་མལ་སྟན་བཏིང་སྟེ་དེའི་སྟེང་དུ་སྤོ། །
ཇི་ལྟར་སྤོ་བའི་ཐབས་ནི་འོག་ནས་འཆད། བྱུག་པ་དང་བཀྲུ་བའི་གཏམ་གྱི་སྔོན་དུ་སྒྱུ་ཡིས་སོ། །ནད་པ་དགེ་འདུན་གྱི་མལ་སྟན་ལས་ཐེག་ལ་གང་ཟག་གི་མལ་སྟན་ལ་སྤོ་བ་ནི་ཁྱོད་ཤིར་ཉེར་མལ་འཕོས་ཞེས་མི་བྱའི་སྨན་དཔྱད་དམ་ལུས་ལ་བཀྲུ་བའམ་བྱུག་པའི་ཕྱིར་སྤོ་བ་སྐད་དུ་བྱ་
སྟེ་གང་ཟག་གི་མལ་སྟན་ལ་བཞག །དེ་ལྟ་བུར་ཆད་ན་ནན་ཏན་དུའོ། །ནད་པ་ཤིར་ཉེ་སྟེ་མི་འཚོ་བར་གྱུར་ན་ཡང་ནད་གཡོག་གིས་ལེ་ལོ་མི་བྱ་བར་ནད་གཡོག་གིས་ནན་ཏན་དུ་བསྲུང་ཞིང་བལྟ། ཤི་བའི་གོས་མ་རུང་བ་བྱས་ན་དེས་བཀྲུ་དགོས་སོ། །ནད་པ་ཤི་བ་དེས་མལ་སྟན་དང་
เล่ม ๑๖๕ · หน้า 35a
གོས་ལ་སོགས་པ་ངན་སྐྱུགས་དང་ཁ་ཟས་ལ་སོགས་པས་རེག་ན་ནད་གཡོག་སུ་བྱེད་བྱེད་པས་བཀྲུའོ། །དགེ་འདུན་འདུ་བར་གནས་བརྟན་ཐོག་མར་འགྲོའོ། །དགེ་འདུན་གང་དུ་འདུ་ཞིང་འདོང་བར་ལས་བརྒྱ་རྩ་གཅིག་པ་ལྟ་བུ་གནས་བརྟན་ནས་ཞུ་ཞིང་བྱ་དགོས་
པ་དང་འཁོར་དང་སློབ་མ་སྟོན་ཅིང་བསྐྱང་བ་ལ་སོགས་པ་བྱ་དགོས་ཏེ་མེད་དུ་མི་རུང་བས་ན་འདོང་བའི་ཐོག་མ་ལ་གནས་བརྟན་འགྲོའོ། །འགྲོ་བའི་ཚེ་ལུས་པ་ལ་བསྡད། གྲོང་དུ་མཆོད་སྟོན་ལ་འདོང་སྟེ་གནས་བརྟན་སྔ་ལ་འཁོར་གསེར་བུ་དག་འཕྱི་སྟེ་ལུས་ན་གནས་བརྟན་གྱིས་
ཀྱང་ལུས་པ་ལ་བསྡད། དེ་དག་གིས་ཀྱང་དེ་ལའོ། །གྲོང་དུ་མཆོད་སྟོན་ལ་འདོང་བ་ལས་གནས་བརྟན་ནི་ཕྱི་འཁོར་སློབ་མ་དག་སྔ་སྟེ་ཕྱི་རོལ་དུ་འཐོན་ན་ཡང་སློབ་མ་དག་གིས་གནས་བརྟན་ལ་བསྡད་དོ། །མ་བྱུང་ན་མི་རིང་བར་སོང་སྟེའོ། །སཱུ་ཏྲ་ལྟག་མ་ལྟར་བསྡད་ཀྱང་གནས་
བརྟན་མ་བྱུང་ན་མི་རིང་བར་འཕགས་ཏེ་གནས་བརྟན་ལ་བསྡད། གྲོང་གི་དྲུང་དུ་ཡང་ངོ་། །སཱུ་ཏྲ་ལྟག་མ་ལྟར་མི་རིང་བར་འཕགས་ཏེ་བསྡད་ཀྱང་གནས་བརྟན་མ་བྱུང་ན་གང་དུ་འགྲོ་བའི་གྲོང་གི་དྲུང་དེར་ཀྱང་གནས་བརྟན་ལ་བསྡད་དོ། །དེ་སྟེ་དེར་འཇུག་ཁར་ཕྱིས་འོང་ན་ཡང་
ངོ་། །སཱུ་ཏྲ་ལྟག་མ་ལྟར་གྲོང་དྲུང་ན་སྡོད་སྡོད་པ་ལས་གནས་བརྟན་མ་བྱུང་སྟེ་ནང་དུ་འདོང་ཁར་གནས་བརྟན་ཕྱིས་འོངས་པ་སྣང་ན་ཡང་སླར་བསྡད་དོ། །དེ་སྡེ་སྤྱན་འདྲེན་པ་འོངས་ན་གནས་བརྟན་མ་འོངས་ཀྱི་བར་དུའོ་ཞེས་སྨྲོས་ཤིག །སཱུ་ཏྲ་ལྟག་མ་ལྟར་སླར་བསྡད་པ་ལས་ཁྱིམ་
བདག་སྤྱན་འདྲེན་པ་འོངས་ཏེ་ནང་དུ་གཤེགས་སུ་གསོལ་ཞེས་ཟེར་ན་ཡང་གནས་བརྟན་ཕྱིས་འོངས་པ་སྣང་གིས། གནས་བརྟན་མ་ཕྱིན་གྱི་བར་དུ་སྡོད་ཅིག་ཅེས་བྱ། ལག་ཆུ་གཏོང་བའི་ཚེ་ན་དེ་སྟེ་ཟས་བཟའ་བར་འཇུག་པའི་དུས་ཡོད་ན་ཡང་ངོ་། །སཱུ་ཏྲ་ལྟག་མ་རྣམས་ལྟར་སྡོད་
སྡོད་པ་ལས་གནས་བརྟན་མ་ཕྱིན་ཏེ་གྲོང་གི་ནང་དུ་ལྷགས་ནས་ལག་ཆུ་བཏང་སྟེ་གདུགས་ཚོད་ཡོད་ན་ཡང་གནས་བརྟན་ལ་བསྡད་དོ། །མེད་དེ་སྟན་ལ་འདུག་ན་བཞག་སྟེའོ། །གནས་བརྟན་ཀྱང་མ་འོངས་ལ་གདུགས་ཚོད་ཀྱང་མེད་ན་གནས་བརྟན་ལ་མི་བསྡད་པར་གནས་
เล่ม ๑๖๕ · หน้า 35b
བརྟན་གྱི་གོ་གཞག་ལ་འཁོད་དོ། །འདུག་པ་དང་ཕྱི་རོལ་དུའང་བརྟག །གནས་བརྟན་གྱིས་བདག་གི་འཁོར་ནང་དུ་འཁོད་པའི་ཚེ་དང་མ་འཁོད་པའི་མདུན་གྱི་ཕྱི་རོལ་ཚུན་ཆད་དུ་ཚུལ་བཅོས་པའི་ཕྱིར་བརྟག་ཅིང་བལྟའོ། །སློབ་མ་འཐོར་ཏམ་མ་འཐོར་ཀྱང་བརྟག །ཉེས་པར་
གྱོན་ཏམ་ཉེས་པར་དཀྲིས་ན་མཛེས་པའི་ཕྱིར་དེ་ལ་བརྡ་བྱ། སཱུ་ཏྲ་ལྟག་མ་ལྟར་བརྟགས་ཏེ་ཤམ་ཐབས་ཚུལ་མ་ཡིན་པར་ཉེས་པར་དཀྲིས་སམ་ཆོས་གོས་མི་སྡུག་པར་གྱོན་ན་གང་ཉེས་པར་གྱོན་པ་ལ་ལག་བརྡ་ལ་སོགས་པས་གོ་བར་བྱ་སྟེ་འཆོས་སུ་གཞུག །མ་གོ་ན་གན་ན་འདུག་
པ་ལ་བྱ། སཱུ་ཏྲ་ལྟག་མའི་བརྡས་མ་གོ་ན་གཅིག་ནས་གཅིག་ཏུ་སྦྲན་ཏེ་ཉེས་པར་གྱོན་པའི་གན་ན་སུ་འདུག་པས་འཆོས་སུ་གཞུག །མ་གྲུབ་ན་རང་གིས་ཀྱང་ངོ་། །སཱུ་ཏྲ་ལྟག་མ་གཉིས་ལྟར་བྱས་ཀྱང་མ་གྲུབ་ཅིང་མ་འཆོས་ན་གང་ཉེས་པར་གྱོན་པ་དེ་ཉིད་གནས་བརྟན་གྱི་གན་དུ་བཀུག་
ལ་བདག་ཉིད་ཀྱིས་བཅོས་དེ་ཉིད་ཀྱིས་གསར་བུ་དག་ལ་མ་འཆལ་ཅིག །གནས་བརྟན་གྱིས་འཁོར་དང་གསར་བུ་དག་ལ་བཞད་གད་དང་རྩེད་མོ་དང་ཅལ་ཅོལ་མི་བྱའི་བཙུན་པའི་ཚུལ་དུ་བརྗིད་བྱའོ། །གང་ན་དེ་དག་གཙུག་ལག་ཁང་ངམ་དགོན་པའི་ཚུལ་གྱིས་བསྒོ་ཞིང་བསྒོ་ཤིག །
དགོན་པ་ཞིག་ན་གནས་ནའང་གནས་བརྟན་གྱིས་བདག་གི་འཁོར་རྣམས་དགོན་པའི་ཚུལ་དུ་མི་རྒོད་དང་རྐུན་པོའི་དགྲ་ཐབས་དང་འདྲེ་གདོན་གནོད་པར་བྱེད་པའི་སར་མི་གནས་པ་ལ་སོགས་པ་སློབ་མ་དང་འཁོར་རྣམས་ལ་བསྟན་ཅིང་བསྒོའོ། །གཙུག་ལག་ཁང་ན་གནས་ནའང་འཁོར་
དང་སློབ་མ་རྣམས་ལ་ལྷ་ཁང་གི་འཁོར་གྱི་ཞལ་ཏ་དང་། བྱི་བདར་དང་ལྷ་རིས་ཀྱི་ཞིང་དང་དཀོར་ལ་སོགས་པའི་ལས་བསྟན་ཅིང་བསྒོ། འོངས་པས་བརྟགས་ཏེ་གནས་པ་རྣམས་ལ་མལ་སྟན་གྱི་ཕྱིར་བསྒོ། གུད་ནས་འཁོར་དང་བཅས་པའི་དགེ་སློང་དག་ཅིག་འོངས་ན་འོངས་
པ་དེའི་གནས་བརྟན་གྱིས་བདག་གི་འཁོར་མི་དུ་ཡོད་པ་དང་། མལ་ཆ་དང་གནས་ཁང་ཅི་དགོས་པ་བརྟག་སྟེ་སྔ་ནས་འཁོད་པའི་དགེ་སྐོས་དང་མལ་ཆ་རྫི་ལ་འདི་སྙེད་ཅིག་དགོས་སོ་ཞེས་བསྒོ། འགྲོ་བའི་ས་ན། འཁོར་དང་བཅས་པའི་དགེ་སློང་དག་ཅིག་གུད་དུ་འདོང་ན་ལས་འདི་
เล่ม ๑๖๕ · หน้า 36a
ལ་བརྟག་ཅིང་བྱ་སྟེ། ཕྱོགས་དང་། ཡུལ་ཕྱོགས་གང་དུ་འགྲོ་བའི་ལམ་དང་ས་ཕྱོགས་མ་ནོར་བར་བྱ་བ་དང་། ལམ་གྲོགས་དང་། ལམ་ན་མི་འཇིགས་པར་བྱ་བའི་ཕྱིར་ཚོང་བ་ལྟ་བུ་ལ་སོགས་པ་ལམ་གྲོགས་བཟང་པོ་དང་། གནས་དང་། གང་དུ་འདོང་
བའི་གནས་དེ་བདེ་འམ་མི་བདེ་ཡ་ཀར་ཇི་ལྟ་བུ་ཡོད་པ་སྔ་ནས་དྲི་ཞིང་ཤིས་པར་བྱ་བ་དང་། མལ་སྟན་དང་། གནས་དེ་ན་མལ་སྟན་དང་འཚོ་བའི་ཡོ་བྱད་འབྱོར་ཏམ་མི་འབྱོར་པ་བརྟག་པ་དང་། གྲོགས་དག་ན་བ་ལ་མི་འདོར་རམ་ཞེས་བརྟག་སྟེ་འགྲོ། ཚུལ་འགྲོགས་ཏེ་འདོང་བའི་དགེ་
སློང་དག་གྲོགས་དག་ན་ན་འདོར་མི་འདོར་བ་བརྟག་པ་དང་འདི་རྣམས་ལྟར་གནས་བརྟན་གྱིས་བརྟག་ཅིང་སྦྱར་ཏེ་འདོང་ངོ་། །མི་རིང་བར་འཕགས་ཏེ་ཐམས་ཅད་ཀྱི་ཕྱི་ནས་གང་གིས་ཅུང་ཟད་མ་ལུས་སམ་ཞེས་དྲན་པར་བྱ། སཱུ་ཏྲ་ལྟག་མ་ལྟར་འདོང་བ་གནས་ནས་པ་ཟད་དུ་འཕགས་ཏེ་
གནས་བརྟན་གྱིས་འཁོར་རྣམས་ཀྱི་ལྷུང་བཟེད་དང་ཆུ་ཚགས་ལ་སོགས་པ་བཀུར་བའི་རྫས་དག་མ་ལུས་སམ་ཞེས་བསྐུལ་ཞིང་དྲན་པར་བྱ་བའི་ཕྱིར་བསྒོའོ། །མི་གཡེང་བ་དང་། སྒོ་དྲུག་ཡུལ་དྲུག་ལ་འབྲོས་ཤིང་འཕྱར་བར་མི་གཏང་བ་དང་། མི་ཁེངས་པར་གསར་བུ་དག་ལ་
བསྐོ། ལུས་བསྒྱུར་དང་འགྱིང་བ་ལ་སོགས་པ་མ་བྱེད་ཅིག་ཅེས་གནས་བརྟན་གྱིས་འཁོར་རྣམས་ལ་བསྒོ། གྲོང་དག་ཏུ་འཇུག་ནའང་ཐམས་ཅད་ཀྱིས་ཐམས་ཅད་ལའོ། །གྲོང་དུ་མཆོད་སྟོན་ལྟ་བུ་ལ་གནས་བརྟན་སོ་སོའི་འཁོར་མང་པོ་ཞིག་འདུས་ན་གནས་བརྟན་རྣམས་ཀྱིས་
བདག་བདག་གིས་འཁོར་ལ་བཅོས་ཤིང་བསྟན་དགེ་སློང་ཐམས་ཅད་ཀྱིས་ཀྱང་གཅིག་ལ་གཅིག་བསྟན་ཅིང་བཅོས་པ་ལ་བྱ། ཀུན་ཤེས་པར་རོ། །གྲོང་དུ་འཁོད་པ་ལ་ངོ་མི་ཤེས་ཤིང་མི་བདེ་བའི་ཕྱིར་ལོ་དང་དུས་དང་ཉི་ཚོད་ཅི་ལ་ཞུགས་པ་དང་མཁན་པོ་དང་། སློབ་དཔོན་གང་ཡིན་
པ་ལ་སོགས་པ་ཀུན་གྱིས་ཤེས་པར་བྱ། སཱུ་ཏྲ་འོག་མ་ལྟར་སྤྱོད་པ་ཤེས་པར་བྱ་བ་ལའང་བྱ། སྤྱད་པ་དང་། འགྲོ་ཉལ་འདུག་ལངས་བཞིར་ཚུལ་བཞིན་དུ་སྤྱོད་པ་དང་། སྤྱོད་པ། བསོད་སྙོམས་བྱེད་པའི་ཚེ་ཆང་འཚོང་བ་དང་། སྟུ་འཚོང་མ་དང་ཤན་པའི་ནང་དུ་མི་འགྲོ་བར་
เล่ม ๑๖๕ · หน้า 36b
བསྟན་པ། བསྟན་པ་དང་། སྤྱད་པ་དང་། སྤྱོད་པ་གཉིས་ཚུལ་བཞིན་དུ་ཞིབ་ཏུ་གནས་བརྟན་གྱིས་འཁོར་ལ་བསྟན་པ་ལ་བྱ། ཉེ་བར་སྟོན་པ་དང་། ཁ་ཐོན་སློབ་ཅིང་འབུལ་བ་ལ་སོགས་པ་དང་། བསམ་གཏན་དང་། ཚད་མེད་པ་བཞི་དང་། ཕུང་པོ་དང་ཁམས་དང་། སྐྱེ་
མཆེད་ལ་སོགས་པ་ལ་བྱ། ཁ་ཟས་དང་། བདག་གི་འཁོར་དང་སློབ་མ་ལ་སོགས་པའི་ཁ་ཟས་མེད་ན་ཁྱིམ་པ་ཡོན་བདག་ལ་སྦྱོར་དུ་གཞུག་པ་དང་། རྙེད་པ་དང་། གོས་ལ་སོགས་པ་འཚོ་བའི་ཡོ་བྱད་ཁྱིམ་པ་ཡོན་བདག་སྦྱོར་དུ་གཞུག་པ་དང་། ན་བའི་གསོས་ལ་
སོགས་ཏེ། ན་བའི་སྨན་བཙལ་ཞིང་བསགས་པ་དང་ཡོན་བདག་སྦྱོར་དུ་གཞུག་པ་ལ་སོགས་པ་དང་། དགོས་པ་འགྲུབ་པར་བསྡུ། དགེ་འདུན་གྱི་སོ་ནམ་དུ་བྱ་བ་ཤིང་ཏོག་དང་ཚོད་རྔད་དང་ཤིང་དང་སྣོད་སྤྱད་དང་། གནས་ཁང་བཅོས་པ་ལ་སོགས་པ་ཡོ་བྱད་དུ་དགོས་སོ་
ཅོག་གནས་བརྟན་གྱིས་སྦྱར་ཞིང་བསྡུ། དབྱར་ཚུལ་དུ་ཞུགས་པས་གཙུག་ལག་ཁང་མ་བཅོས་པ་དག་ཤེས་པར་བྱ་སྟེ་འཆོས་སུ་གཞུག །དབྱར་ཚུལ་དུ་ཞུགས་ནས་ཚུལ་གྱི་ཚེ་གཙུག་ལག་ཁང་མི་འདྲལ་ཞིང་མི་ཟག་པའི་ཕྱིར། གནས་བརྟན་གྱིས་ཡོན་བདག་གམ་
བདག་གི་འཁོར་འཆོས་སུ་གཞུག །འཆོས་སུ་གཞུག་པ་ནི་གནས་བརྟན་གྱིས་བརྟགས་ཤིང་བལྟས་ལ་ཤེས་པར་བྱ་སྟེ་འཆོས་སུ་གཞུག་གོ། །འཆོས་ན་སྤྲོ་བར་བྱ། ཚུལ་གྱི་ཚེ་གཙུག་ལག་ཁང་འཆོས་པ་ཡོན་བདག་དང་བདག་གི་འཁོར་སློབ་མ་གང་བྱེད་པ་དག་ལ་འདི་ལྟར་
འཆོས་ན་ཤིན་ཏུ་དགེ་ཞིང་བསོད་ནམས་ཆེའོ་ཞེས་སྤྲོ་བར་བྱའོ། །ཐམས་ཅད་ཀྱི་འཁོར་དུ་ཆུད་པ་གཏམ་འདོད་པ་མཐུན་པའི་ཆོས་ཀྱིས་བསྟབས་ཤིང་བསྡུ། གནས་བརྟན་སོ་སོའི་འཁོར་དུ་གཏོགས་པའི་སློབ་མ་རྣམས་ལ་སློབ་མ་སོ་སོ་ཅི་འདོད་པ་ཡིད་བཞིན་དུ། ཕུང་པོ་དང་ཁམས་
དང་འདུ་མཆེད་དང་འདུལ་བ་ལ་སོགས་པ་གང་འདོད་པ་བཞིན་དུ། གནས་བརྟན་གྱིས་བཤད་ཅིང་བསླབ་པ་ལ་བྱ། གཅིག་ཏུ་ན་གོ་ཤ་དང་རཀྵི་ཏ་དང་བར་མ་ལྟ་བུ་མིང་མཐུན་པའི་སྡེར་གཏོགས་པ་སོ་སོ་གཅིག་ལ་གཅིག་ཆོས་སློབ་ཅིང་བསྟན་པར་དགེ་བའི་བཤེས་གཉེན་བྱ་སྟེ་སློབ་
เล่ม ๑๖๕ · หน้า 37a
ཅིང་ཉན་དུ་གཞུག་པ་ལ་བྱ། དེ་ནི་སོ་སོ་དྲན་པའི་ཚུལ་གྱིས་དགེ་བར་འགྱུར་བའི་ཕྱིར་རོ། །ཁ་རོག་པ་ལ་བག་ཡངས་སུའོ། །སློབ་མ་བསམ་གཏན་སྤྱོད་ཅིང་དབེན་པ་ལ་དགའ་ནའང་བག་ཡོངས་སུ་གཞག །བསམ་གཏན་སྤྱོད་ཅིང་དབེན་པར་འདུག་ཏུ་
གསོལ་ནའང་བསམ་གཏན་གྱི་ལུང་བཤད་ཅིང་བག་ཡངས་སུ་གཞག་ལེ་ལོ་བྱེད་པའི་བག་ཡངས་སུ་ནི་མི་གཞག་གོ། །ཁྱིམ་པ་འོངས་ན་ཟན་བགོ་ཞིང་ངོ་། །གཙུག་ལག་ཁང་ངམ་དགེ་འདུན་གྱི་ནང་དུ་ཁྱིམ་པ་ཞིག་འོངས་ན་ཟན་སྦྱིན། མི་བྱེད་དམ་མི་འདོད་ན་ཆོས་ཀྱི་གཏམ་དེ་
ལ་བྱ་ཞིང་བདག་ཅག་ལ་འདི་ཡོད་དོ་ཞེས་གྱིས་ཤིག །ཁྱིམ་པ་འོངས་པ་དེ་དགེ་འདུན་གྱིས་ཟན་མི་འབྱོར་ཏམ་མི་སྦྱོར་རམ་ཁྱིམ་པ་དེ་ཉིད་ནང་ཟན་མི་འདོད་ཅེས་ཟེར་ན་ཆོས་བཤད་ཅིང་བསྟན་ལ་བདག་ཅག་ལ་མགྲོན་དུ་བྱ་བ་ཆོས་ཡོད་དོ་ཞེས་བྱ། འཁོར་ཅན་གྱིས་ཐམས་ཅད་
ལ་བརྟག །དགེ་འདུན་གྱིས་གནས་བརྟན་གྱིས་བདག་གི་འཁོར་དུ་གཏོགས་པའི་དགེ་སློང་རྣམས་ལེགས་པར་སྤྱོད་དམ་མི་སྤྱོད་པ་བརྟག་ཅིང་བལྟ་དོན་མེད་པ་སྤྱོད་ན་ཆད་པས་བཅད། སཱུ་ཏྲ་ལྟག་མ་ལྟར་བརྟགས་ཏེ། དོན་མེད་པ་དང་མི་དགེ་བ་སྤྱོད་ན་ཆད་པས་བཅད། དེར་
འགྲོ་བ་ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་བྱ། རིགས་ལྔ་ལ་སོགས་པའི་གྲོང་དུ་འགྲོ་ན་བདག་ཚུལ་བཞིན་དུ་བྱ་ཞིང་ཁྱིམ་པ་ཡིད་དང་མི་འགལ་བར་སྤྲོ་བར་སེམས་བསྐྱེད་པའི་ཕྱིར་ཁོ་དང་ཐབས་མཉམ་པ་དག་གིས་དགེ་བ་སྤྱོད་པའི་ཡོན་ཏན་བརྗོད་པ་དང་། ཁོ་ཉིད་ཀྱི་ཆོས་ལས་
དགེ་བར་འགྱུར་བའི་ཡོན་ཏན་ཀྱང་བརྗོད་དེ་སྤྲོ་བར་བྱ། ཐོད་རྒལ་བ་དང་། གཏམ་གཅིག་མཇུག་མ་རྫོགས་པར་གཏམ་གཅིག་མགོ་འཛུགས་པ་ལ་བྱ། ཕྱལ་བའི་གཏམ་མི་བྱ། དོན་མེད་པ་གཏམ་སྒྲུང་ལྟ་བུ་དང་ཁྱལ་པ་གཅིག་གི་རྗེས་ནས་གཅིག་གིས་མཐུད་དེ་ཟད་མི་ཤེས་
པ་ལྟ་བུ་ལ་བྱ་སྟེ། དེ་ལྟ་བུ་བྱོལ་སོང་ལྟ་བུ་ལ་བྱ་སྟེ། འདི་གཉིས་ལྟ་བུ་མི་བྱ། དགེ་སྦྱོང་ཕྱི་མ་སྔར་མི་འགྲོ། གྲོང་དུ་འགྲོ་ན་དགེ་སྦྱོང་གྲལ་དམའ་བ་སྔོན་དུ་མི་འགྲོ། མི་འདུག །གྲོང་དུ་འགྲོ་བའི་གྲོགས་སུ་སོང་སོང་བས་གཏམ་ཟེར་བའི་མདུན་དུ་སོང་སྟེ་བར་མི་
เล่ม ๑๖๕ · หน้า 37b
གཅད། སྨྲ་ན་ལན་གླན། གྲོགས་སུ་སོང་སོང་བ་ལ་ཁྱིམ་མི་དེ་གཏམ་སྨྲ་ན་ལན་གདབ་པས་མི་སྨྲ་བར་སྔར་ཀྱང་མི་སྨྲ་སྨྲ་ན་ལན་མི་གདབ་པར་ཡང་མི་བྱ་བསྒྲུབ་པ་ཡང་ངོ་། །འགྲོགས་སུ་སོང་སོང་བ་དེ་ལ་ཁྱིམ་མི་དེས་ཆོས་ཀྱི་ལས་ཤིག་བཅོལ་ནའང་བསྒྲུབ་ཅིང་
བྱའོ། །གཏམ་གྱི་བར་ཆད་མི་གཞུག་དགེ་སློང་གྲོང་དུ་སོང་སོང་བ་དང་ཁྱིམ་པ་དེ་གཉིས་གཏམ་ཟེར་ཞིང་འཁོད་པ་ལ་འགྲོགས་སུ་སོང་སོང་བས་གཏམ་གྱི་བར་ཆད་གློ་བུར་གྱི་གཏམ་མི་བྱ། ཆོས་མ་ཡིན་པ་སྨྲ་ན་དགག །ཁྱིམ་པ་དང་དགེ་སློང་དེ་གཉིས་འཇིག་རྟེན་གྱི་ཆོས་
དོན་མེད་པ་དང་ལོག་པའི་ཆོས་སྡིག་པ་སྨྲ་ན་གྲོགས་སུ་སོང་སོང་བས་དགག །ཆོས་ཤིག་ན་རྗེས་སུ་ཡི་རང་། ལྷག་མ་དེ་གཉིས་ཆོས་ཤིག་ཏུ་སྨྲ་ན། གྲོགས་སུ་སོང་སོང་བས་བསྟོད་ཅིང་རྗེས་སུ་ཡི་རང་བ་བྱ། ཆོས་ཀྱི་ཕྱིར་གྲུབ་པ་རྙེད་ན་བླངས། ལྟག་མའི་དགེ་སློང་དེས་
ཆོས་བཤད་པ་ལས་ཁྱིམ་པ་དེས་ཡོན་ཞིག་ཕུལ་ནའང་། གྲོགས་སུ་སོང་སོང་བས་བླང་ངོ་། །རིགས་ཀྱང་ན་མི་གཡེང་མི་ཁེངས་འདུག་པར་མ་ཡིན། རིགས་ལྔའི་གྲོང་ལ་སོགས་པར་ལྷགས་ན་དབང་པོ་ལྔ་ཡུལ་ལ་བྲོས་ཏེ་གཡེང་བ་དང་ལུས་སྒྱུར་བྱེད་ཅིང་འགྱིང་བ་མི་བྱ་ཞིང་
གྲོང་བར་དུ་དོན་མེད་པར་ཡུན་རིང་དུ་མི་འདུག །མིག་དབབ། གྲོང་བར་དུ་མིག་དབབ་མིག་ཕབ་ན། དབང་པོ་གཞན་ཡང་མི་རྒོད་པའི་ཕྱིར་རོ། །ཁྱིམ་པ་ལ་ཆོས་ཀྱི་གཏམ་བྱ། ཁྱིམ་པ་ལ་ཁྱིམ་དང་གྲོང་བར་དུ་ཆོས་བཤད་དོ་ཅོག་ཅི་བཤད་པ་དང་ཅི་ལྟར་བྱ་བའི་ཐབས་ནི་
འོག་ནས་འཆད་དོ། །སྦྱིན་པ་དང་། སྦྱིན་པ་བྱས་པའི་ཡོན་ཏན་དང་བསོད་ནམས་བཤད། འདུལ་བ་དང་། དུག་གསུམ་དང་། ང་རྒྱལ་མེད་ཅིང་ཐུལ་བར་བྱ་བ་བཤད། བསྡམ་པ་དང་། འདོད་པ་རྣམ་ལྔ་ལ་མི་ཆགས་པ་དང་ཚུལ་ཁྲིམས་བསྡམ་པའོ། །ཚངས་པར་འཇུག་
པ་དང་། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཁྲིམས་ལྔའི་ཡན་ལག་བཤད། གསོ་སྦྱིན་དང་། ཉིན་ཞག་གཅིག་ལ་ཁྲིམས་བཟུང་བའི་ཡོན་ཏན་བཤད། སྐྱབས་སུ་འགྲོ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་བསོད་ནམས་ཆེ་བར་བཤད། བསླབ་ཚིག་ལེན་དུ་
เล่ม ๑๖๕ · หน้า 38a
དེ་དག་གཞུག །ལྟག་མ་འདི་རྣམས་བཤད་ཅིང་བསྟན་ནས་གང་འདོད་པ་བཞིན་དུ་ཁྲིམས་དཔོག །རྩོམ་པ་ཐམས་ཅད་ལ་ལྷུང་བའི་སྒོར་གྱུར་པ། དྲན་པར་ནན་ཏན་བྱ། ཅི་བྱེད་དོ་ཅོག་ཐམས་ཅད་ལ་ཉེས་པར་འགྱུར་རམ་མི་འགྱུར་སྡིག་ཡོད་དམ་མེད་པ་
ནན་ཏན་དུ་བརྟག་ཅིང་དྲན་པ་སྔོན་དུ་བཏང་སྟེ་ཤེས་པར་བྱ། རག་ལུས་པས་བསྒོ་པ་མི་བྱ་བར་མི་བྱ། གནས་བརྟན་དང་སློབ་དཔོན་ལ་ཆོས་དང་འདུལ་བ་ལ་སོགས་པའི་རག་ལུས་པ་ཡིན་ཏེ། སློབ་མ་ལ་ཆོས་ལ་སོགས་པ་མི་བསྟན་པར་མི་བྱ་བ་མཁན་པོ་ལ་རག་ལས་པས་
བསྒོ་བ་རྣམས་ལ་སློབ་མས་ཀྱང་བྱ་ཞིང་མཉན། འོངས་པ་ལ་ཐོག་མར་མཛའ་བའི་གཏམ་གྱིས་ཚུར་བདེ་བར་འོངས་སམ་ཞེས་བྱ། དགེ་སློང་ཞིག་གུད་ནས་འོངས་ན་མཛའ་བའི་ཚུལ་དུ་བདེ་བར་འོངས་སམ་ཞེས་བྱ། གདོང་གི་ཁ་དོག་མདངས་ཅན་འཛུམ་ཞིང་ཐོག་མར་འགྲོའོ། །
གུད་ནས་འོངས་པའི་གན་དུ་ངོ་མ་ཟུམ་ནག་པར་མི་བྱའི་གདོང་མདངས་ཅན་དུ་བྱས་ལ་འཛུམ་ཞིང་བསུ། ཁྲོ་གཉེར་མེད་པར་རོ། །བསུ་བའི་ཚེ་ཁྲོས་པ་འདྲ་བར་གདོང་བསྡུས་ཏེ་མི་འགྲོ། །འོན་ཏེ་ཁྱིམ་པ་ཞིག་ན་དེ་ལ་ཆོས་ཀྱི་གཏམ་བྱ། ཁྱིམ་པ་ཞིག་གུད་ནས་འོངས་ན་ཡང་
ཆོས་བཤད་པ་ལ་སོགས་པའི་གཏམ་བྱ་ཞིང་བསུའོ། །དེར་མི་འོང་ན་གྲོང་དྲུང་བས་མགུ་བས་ཅི་ནུས་པར་བཙལ། གཙུག་ལག་ཁང་དང་དགེ་འདུན་གྱི་གན་དུ་ཁྱིམ་པ་དག་མི་འོང་ན་གྲོང་དྲུང་གི་གཙུག་ལག་ཁང་ན་འཁོད་པའི་དགེ་སློང་དག་གིས་ཁྱིམ་བདག་ལ་བྲིད་ཅིང་
མགུ་བར་བྱས་ལ་ཅི་ནས་ཀྱང་གཙུག་ལག་ཁང་དང་དགེ་འདུན་གྱི་གན་དུ་འཁོར་བར་བྱ། ཆུ་དང་སྟན་དག་ཀྱང་གཞག །གཙུག་ལག་ཁང་དུ་ཁྱིམ་པ་དག་འོང་བའི་ཕྱིར་མཎྜལ་བྱ་བ་དང་ཁ་ལག་བཀྲུ་བ་དང་ཁྲི་སྟན་ལ་སོགས་པ་གདིང་པར་བྱ། ཕྱག་དར་བྱ་མལ་སྟན་བཅའ་ཆུ་
གཞག །གཙུག་ལག་ཁང་དུ་ནར་མར་བྱ་དགོས་པ་ནི་འདི་རྣམས་ཏེ་གང་གཞོན་པ་ནས་ལས་བྱའོ། །ལྷ་ཁང་གི་འཁོར་ཕྱག་དར་བྱ་དགེ་འདུན་འཁོད་པའི་ཁྲི་སྟན་གདིང་མཎྜལ་དང་ཆག་ཆག་ལ་སོགས་པའི་ཆུ་གཞག །བྲིམ་ཟན་འཇོག་པ་གསར་བུས་བྱ། སྐོམ་བྲིམ་ཞིང་
เล่ม ๑๖๕ · หน้า 38b
ཟན་འཇོག་པ་ཡང་དགེ་སྦྱོང་ཡན་ཆད་ན་གཞོན་པས་བྱའོ། །དགེ་སློང་གིས་བྱེད་ནའང་སྔོན་དུ་བྱིན་ལེན་བྱས་ཏེ་བྲིམ། ཕྱི་འཁོར་དག་གམ་མི་མཐུན་པར་བྱེད་ན་མི་དགག །ལྷ་རིས་ཀྱི་འབངས་རྩེ་རྒོད་དང་། ལྟུམ་པ་ལྟ་བུ་སྲོག་གཅོད་པ་དང་ཆང་འཐུང་བ་ལ་སོགས་པ་ལོག་པའི་
ཆོས་བདག་ཅག་དང་མི་མཐུན་པ་ཞིག་བྱེད་ན་མི་དགག་པར་གཞག །དེ་སྟེ་བདག་དང་གཞན་ལ་མི་གནོད་པའོ། །སཱུ་ཏྲ་ལྟག་མ་ལྟར་ལོག་པའི་ཆོས་སྤྱོད་པ་གཞག་པ་ཡང་བདག་དང་གཞན་ལ་མི་གནོད་ན་མི་དགག་པར་གཞག །འོན་ཏེ་དེ་ལྟར་དེ་ནུས་ན་བཅད་ལ་ཆོས་ཀྱིས་
དབྱུང་ཞིང་བསྒོ། །རྩེ་རྒོད་དམ་ལྟུམ་པ་ལ་སོགས་པ་སྤྱོད་པ་བདག་ཅག་གིས་ནུས་ཤིང་ལྕོགས་ན་ཆོས་བཤད་ཅིང་ཁྲིམས་ཕོག་ལ་ཆོས་ཀྱི་ལས་སུ་བསྒོ་ཞིང་བསོད་ནམས་བསྐྱེད་དུ་གཞུག །ཕྱི་འཁོར་དག་དང་འབྱེ་འམ་འབྲོས་ན་དེའི་ཕྱིར་བཅོས། །རྩེ་རྒོད་དང་ལྟུམ་པ་ལ་སོགས་
པ་ཉིད་ལ་ཉེས་པ་ཞིག་ཡོད་དེ་ཚད་མ་ཐུབ་སྟེ་འབྲོས་སམ་དགེ་སློང་དག་ལ་མི་དགའ་སྟེ་གུད་དུ་འགྲོ་ན་ཅི་ནས་ཀྱང་མི་འབྲོས་པར་ཐབས་ཅི་ཡོད་པས་བཅོས། མི་ནུས་ན་གཞན་དུ་སོང་ཤིག །སཱུ་ཏྲ་ལྟག་མ་ལྟར་མི་འབྲོས་པར་འཆོལ་མ་ནུས་ན་རྩེ་རྒོད་དང་ལྟུམ་པ་མི་དགའ་བ་གུད་དུ་
འབྲོས་སུ་མི་གཞུག་གི་དགེ་སློང་ཉིད་གུད་དུ་འགྲོའོ། །དེའི་ཕྱིར་འཐབ་པའི་མི་སྨྲ། རྩེ་རྒོད་མི་མཐུན་པར་བྱེད་པ་དེ་དག་ལ་འཐབ་མོ་དང་ཕྱིས་ཤ་གླན་པ་ལ་སོགས་པའི་ཚིག་མི་སྨྲ། དགེ་འདུན་གྱི་ཀུན་དགའ་ར་བ་ན་གནོད་པ་བྱེད་ན་འདི་ལྟར་བྱ་སྟེ་ཅི་ལྟར་ཐོགས་ཤིང་། འགྲོ་བ་བདག་
གིས་ཟིན་པར་རོ། །རྩེ་རྒོད་དང་ལྟུམ་པ་ལ་སོགས་པ་ཞིག་གཙུག་ལག་ཁང་གི་འཁོར་དུ་རྐུན་པོ་ཞིག་བྱེད་ན་ཤགས་ཀྱིས་ཐུབ་པར་བྱ་ཞིང་སུན་དབྱུང་བའི་ཕྱིར་སྔ་ནས་རྐུ་ཞིང་མི་སྲུན་ནོ་ཞེས་མི་གཙེའི་ནམ་བརྐུས་པའི་ཚེ་རྫས་དང་བཅས་པར་མངོན་སུམ་དུ་ཟིན་པར་བྱ། རྐུན་པོ་
གཞན་ལའང་འདི་འདྲ་བའི་ཚུལ་དུ་བྱ། མ་ལྕོགས་ན་སུ་ལའང་བྱུང་རྒྱལ་དུ་མི་བསྙད་པར། རྐུན་པོ་བྱེད་པ་དེ་རྫས་ལག་ནས་ཟིན་པར་མ་ནུས་ཤིང་རྐུ་བ་མ་ཆོད་ན་འདི་རྐུའོ་མི་སྲུན་ནོ་ཞེས་གཞན་ལ་བྱུང་རྒྱལ་དུ་མི་བསྙད་ཀྱིས་མིང་གིས་སྨོས་པ་འདི་རྣམས་ལ་བྱ་སྟེ། རྐུན་པོ་ཆོད་པར་
เล่ม ๑๖๕ · หน้า 39a
ནན་ཏུར་གྱིས་ཆེས་གསོལ། གཞོན་ནུ་དང་། རྒྱལ་པོ་ཤི་ན་འཚབ་མ་བྱེད་པ་ལ་བྱ། མཛའ་བོ་དང་། རྒྱལ་པོ་དང་མཛའ་བ་ལ་བྱ་སྟེ་གནང་ཆེན་ལྟ་བུ། བློན་པོ་དང་། བློན་པོ་ཆེན་པོ་ལས་ལ་གཏོགས་པ་ལ་བྱ། དྲ་མ་དང་བློན་པོའི་ལས་ལ་མ་གཏོགས་
པ་རིགས་བཙུན་པ་ཞང་བློན་དྲ་མ་ལྟ་བུ་དང་། རྒྱལ་བུ་དང་། རྒྱལ་པོའི་ཚབ་མར་འོང་བ་མ་ཡིན་པ་ལྟ་བུ་གཞན་ལ་བྱ། ཞབས་འབྲིང་བ་ལ་སྦྲན་ཏེ་འཁོར་དུ་གཙང་མས་ཐུལ་བར་བྱ། རྒྱལ་པོའི་ཞབས་འབྲིང་བ་ནང་འཁོར་ལྟ་བུ་དང་། འདི་རྣམས་ལ་བྱ་སྟེ་བརྡེག་བཙོག་དང་
བསད་ཕྱག་ལྟ་བུའི་ནན་ཏུར་གྱིས་ནི་མི་བྱའི། ཚིག་གི་ནན་ཏུར་གྱིས་ཕྱིན་ཆད་མི་བྱེད་པར་ཐུལ་བར་བྱ། །དགེ་སློང་གི་གནས་སུ་དགེ་སློང་མའོ། །ལྟག་མ་བཤད་པ་ཐམས་ཅད་དགེ་སློང་གིས་བྱའོ། །ཞེས་འབྱུང་བ་དེ་གཞན་དུ་དགེ་སློང་མས་ཀྱང་བྱའོ། །རབ་ཏུ་འབྱུང་བ་ཐམས་ཅད་
དུའོ། །ལྟག་ཏུ་དགེ་སྦྱོང་ཕ་རབ་ཏུ་དབྱུང་བའི་ཆོ་ག་བྱེད་པ་བཞིན་དུ་དགེ་སློང་མ་རབ་ཏུ་འབྱིན་པའི་ཆོ་ག་ཐམས་ཅད་ཀྱང་དེ་དང་འདྲ་བར་བྱ། བསྙེན་པར་རྫོགས་པའི་ཚེ་ནི་དེར་གསོལ་བ་དང་ལས་བྱེད་པ་ལ་སོགས་པ་ལས་གཞན་དུའོ། །དགེ་སློང་མ་བསྙེན་པར་རྫོགས་པར་བྱེད་
པའི་ཚེ་གསོལ་བར་བྱེད་པ་དང་ཁྲིམས་འབོགས་པ་དང་ཞུ་བ་བྱེད་པ་ནི་དགེ་སློང་གཅིག་གིས་བྱའི། གཞན་ཆོས་གོས་བསྔོ་བ་དང་གྲིབ་མ་འཆལ་བ་ལ་སོགས་པ་ཐམས་ཅད་དགེ་སློང་བསྙེན་པར་རྫོགས་པའི་ཆོ་ག་བཞིན་དུ་དགེ་སློང་མ་དག་ཉིད་ཀྱིས་བྱའོ། །འོག་ནས་ཆོ་ག་འབྱུང་བ་
ཐམས་ཅད་ཀྱང་བར་ཆད་དྲི་བའི་ཟླ་དགེ་སློང་གཅིག་གིས་བྱ། གཞན་ནི་ཐམས་ཅད་དགེ་སློང་མས་བྱའོ། །འདིར་དགེ་འདུན་གཉིས་ཀྱིས་སོ། །དགེ་སློང་མ་བསྙེན་པར་རྫོགས་པའི་ཚེ་ན་དགེ་འདུན་ཕོ་དང་། དགེ་འདུན་མོ་སྡེ་གཉིས་ཀྱིས་བྱ་དགོས་ཏེ་ཡུལ་དབུས་སུ་དགེ་འདུན་ཕོ་བཅུ་མོ་
བཅུ་གཉིས་མཐར་ནི་དགེ་སློང་དཀོན་ན་དགེ་སློང་ལྔ་དགེ་སློང་མ་དྲུག་གིས་བྱའོ། །དགེ་སློང་མ་བར་དུ་བཞག་སྟེ་བར་ཆད་སྨྲ། ཁྲིམས་འབོགས་པའི་ཚེ་བར་ཆད་འདྲི་བ་ལ་དགེ་སློང་ཕ་བར་ཆད་འདྲི་བ་དང་ཁྲིམས་རྫོགས་པར་འདོད་པ་དགེ་སློང་མ་གཉིས་ཀྱི་བར་དུ། དགེ་སློང་མ་མཁས་པ་གཅིག་
เล่ม ๑๖๕ · หน้า 39b
འདུག་ལ་གཅིག་ལ་གཅིག་ཚིག་བརྒྱུད་དེ་དྲིའོ། །ངོ་མི་ཚ་བར་བྱ་བའི་ཕྱིར་རོ། །དགེ་སློང་མ་ཞེས་བྱ་བ་བུད་མེད་ཀྱི་རིམ་གཞན་ནོ། །དགེ་སློང་ཕ་ལ་ནི་རབ་ཏུ་འབྱུང་བ་དང་བསྙན་པར་རྫོགས་པའི་ཆོ་ག་གཉིས་ཡོད་ན་དགེ་སློང་མ་ནི་དེ་གཉིས་ཡོད་པའི་སྟེང་དུ། དགེ་སློང་མ་ཞེས་བྱ་བ་ལྷག་
པར་ཡོད་དེ། དགེ་སློབ་མའི་ཆོ་ག་ཅི་ལྟར་བྱེད་པ་ནི་འོག་ནས་འཆད། གནས་ན་དེར་རོ། །དགེ་སློབ་མའི་ཁྲིམས་ནོད་པའི་ཚེ་ནའང་མཁན་མོར་ལན་ཅིག་གསོལ་དགོས། དགེ་སྦྱོང་མ་ནས་དགེ་སློང་མའི་བར་དུ་སྟེ་དུས་ནི་ལོ་གཉིས་ཀྱི་བར་དུ་སྤྱད། དགེ་སློབ་མས་སྤྱད་པའི་སྐབས་ནི།
དགེ་སློང་མར་བྱ། རབ་ཏུ་བྱུང་ནས་དགེ་སློབ་མའི་ཁྲིམས་ནོད་དེ་ལོ་གཉིས་ཀྱི་བར་དུ་དགེ་སློབ་མ་བྱས་ཤིང་སྤྱད་ལ། དེ་ནས་བསྙེན་པར་རྫོགས་པར་བྱ། བསྙེན་པར་རྫོགས་པ་ལས་དེས་ཉུང་ན་སྐྱེ་བའི་དུས་སོ། །བག་མ་མ་བྱས་པའི་དགེ་སློང་མ་ལོ་བཅོ་བརྒྱད་ལོན་པ། དགེ་སློབ་
མའི་ཁྲིམས་ཕོག་སྟེ་དགེ་སློབ་མའང་ལོ་གཉིས་སྤྱད་ལ་ལོ་ཉི་ཤུར་ཀྱང་ཚང་བར་བྱ་སྟེ། བསྙེན་པར་རྫོགས་པར་བྱ། བག་མ་བྱས་པའི་དགེ་སྦྱོང་མ་ནི་ལོ་བཅུ་ལོན་ལ་དགེ་སློབ་མའི་ཁྲིམས་ཕོག་སྟེ། དགེ་སློབ་མའང་ལོ་གཉིས་བྱས་ལ་ལོ་བཅུ་གཉིས་ལོན་ན་བསྙེན་པར་རྫོགས་པར་བྱར་
རུང་ངོ་། །བག་མ་བྱས་ན་ལོ་བཅུ་གཉིས་ཡན་ཆད་བསྙེན་པར་རྫོགས་པར་རོ། །དགེ་སྦྱོང་མ་བག་མ་བྱས་པ་ཞིག་ན་རྒྱོ་མྱོང་ཤིང་ཤེ་ཁྱེར་བའི་ཕྱིར་ལོ་བཅུ་གཉིས་ལོན་པ་ཡན་ཆད་བསྙེན་པར་རྫོགས་པར་བྱར་རུང་ངོ་། །ས་བྱིན་ན་སྐྱེའོ། །དགེ་སློབ་མའི་ཁྲིམས་ཕོག་ཅིང་བྱིན་ན་དགེ་
སློབ་མར་གྱུར་ཏོ། །ལོ་གཉིས་སུ་བརྩི་བའང་དགེ་སློབ་མའི་ཁྲིམས་ཐོབ་པ་ཚུན་ཆད་དུ་བརྩིས། དགེ་སློང་མའི་དགེ་འདུན་གྱིས་སོ། །དགེ་སློང་མའི་ཁྲིམས་དབོག་པ་ནི་དགེ་སློབ་མའི་དགེ་འདུན་གྱིས་དབོག་གོ། །འབོགས་པའི་བདུན་དུ་བར་ཆད་ཀྱང་ལན་ཅིག་དྲི་སློབ་པ་སྡོམ་
པའོ་ཞེས་སྦྱིན། ཁྲིམས་དབོག་པའི་ཚིག་ནི་སློབ་པ་སྡོམ་པའོ་ཞེས་བརྗོད་ཅི་གསོལ་བ་དང་ཞུ་བ་གཉིས་ཀྱིས་བྱ། དེའི་འོག་ཏུ་བསླབ་པ་བརྗོད། དགེ་སློབ་མའི་ཁྲིམས་ཕོག་ཟིན་ནས་ཁྲིམས་ཉིད་གང་ཡིན་པ་བསྟན་ཅིང་བརྗོད་དོ། །ཁྲིམས་ནི་རྒྱང་གྲགས་གཅིག་ཕན་ཆད་གྲོགས་མོ་
เล่ม ๑๖๕ · หน้า 40a
གཅིག་དང་འགྲོགས། ཆུ་རྒལ་ན་ལག་པ་སྦྲེལ་སྐྱེས་པ་དང་མི་རེག་སྐྱེས་པ་དང་ཁྱིམ་གཅིག་ཏུ་མི་ཉལ་སྨྱན་མི་བྱ་གྲོགས་ཀྱི་ཉེས་པ་མི་འཆབ་གསེར་དངུལ་ལ་མི་རེག་གསང་བའི་སྤུ་མི་བྲེགས། ས་མི་རྐོ་བྱིན་ལེན་མ་བྱས་པའི་ཟས་མི་བཟའ་རྩྭ་མི་གཅད་པ་
དང་དགེ་སྦྱོང་གི་ཁྲིམས་བཅུས་བསྣན་ཏེ་ཉི་ཤུ་རྩ་གཉིས། ཚངས་པར་སྤྱོད་པའི་གནས་པར་སྡོམ་པ་མ་ཐོབ་ན་བསྙེན་པར་རྫོགས་པ་མ་ཡིན་ནོ། །བསྙེན་པར་རྫོགས་པར་བྱེད་པའི་མདུན་དུ་ཚངས་པར་སྤྱོད་པའི་གནས་སྡོམ་པ་ཞེས་བྱ་བ་གསོལ་བ་དང་ཞུ་བ་གཉིས་ཀྱིས་ཆོ་ག་བྱ་
དགོས་ཏེ་བར་ཆད་ཀྱང་ལན་ཅིག་དྲིས་ལ་ཚངས་པར་སྤྱོད་པའི་གནས་སྡོམ་པ་སྦྱིན་ཚངས་པར་སྤྱོད་པའི་ཆོ་ག་འདི་མ་བྱས་པར་བསྙེན་པར་རྫོགས་པར་བྱས་ཀྱང་ཁྲིམས་མི་འཆགས། སྔར་གསང་སྟེ་སྟོན་པའི་འོག་ཏུ་སྦྱིན། ཚངས་པར་སྤྱད་པའི་གནས་སྡོམ་པ་སྔར་གསང་སྟེ་སྟོན་པས་བར་
ཆད་དྲིས་ལ་སྦྱིན་ཞིང་དབོག །དགེ་འདུན་གྱིས་སོ། །ཚངས་པར་སྤྱོད་པའི་གནས་སུ་སྡོམ་པའི་ཆོ་ག་སྦྱིན་པ་ནི་དགེ་སློང་མའི་དགེ་འདུན་གྱིས་བྱའོ། །བར་ཆད་དྲིས་ཏེའོ། །དགེ་སློང་མའི་དགེ་འདུན་གྱིས་ཚངས་པར་སྤྱོད་པའི་ཆོ་ག་བྱ་བ་ནི་དགེ་འདུན་མ་ཉིད་ཀྱི་གན་དུའང་ལན་ཅིག་དྲི། གསོལ་
ནས་སོ། །ཚངས་པར་སྤྱོད་པ་དགེ་འདུན་གྱིས་དབོག་པ་ཡང་ཁྲིམས་ནོད་པས་གསོལ་བ་བྱས་ནས་དབོག །ཆོས་གོས་ལྔ་དང་ངོ་། །བསྙེན་པར་རྫོགས་པར་བྱེད་པའི་ཚེ་དགེ་སློང་མ་དེ་ལ་ཆོས་གོས་ལྔ་བསྔོ། །གནས་ལ་ཤིང་དྲུང་མ་གཏོགས་པར་རོ། །གནས་བཞི་ལ་ཤིང་དྲུང་མ་
གཏོགས་པར་གནས་གསུམ་བསྐོ། །ལྟུང་བ་བརྒྱད་དང་། ཕས་ཕམ་པ་བརྒྱད་ཀྱང་བསྒོ་སྟེ་མི་ཚངས་པར་སྤྱོད་པ་དང་། རྐུ་བ་དང་མི་ལ་གསོད་པ་དང་། བརྫུན་དུ་སྨྲ་བ་དང་། སྐྱེས་པས་རེག་སྟེ། འདོད་ཆགས་ལངས་པ་དང་། གྲོགས་མོའི་ཕམ་པ་བཞི་ལས་གཞན་ཀྱང་རུང་བཅབས་
པ་དང་དགེ་སློང་མ་ཆད་པས་བཅད་པ་མ་ཆགས་ཤིག་ཅེས་གྲོས་བཏབ་པ་དང་ངོ་། །ལྕི་བའི་ཆོས་བསྒོ་ལྕི་བའི་ཆོས་བརྒྱད་ཀྱང་བསྒོ་སྟེ། དགེ་འདུན་ཕོ་མེད་པར་ཁྲིམས་རྫོགས་པར་བྱས་པ་དང་གསོ་སྦྱིན་དགེ་སློང་ལ་མ་དྲིས་པ་དང་། དགེ་སློང་དང་ཉེ་བར་ཚུལ་དུ་མ་ཞུགས་པ་དང་། དགེ་
เล่ม ๑๖๕ · หน้า 40b
སློང་གི་ཉེས་པ་ལ་རྒོལ་བ་དང་དགེ་སློང་ཁྲིམས་པར་འཐབ་མོ་བྱེད་པ་དང་། དགེ་སློང་ཕ་ཁྲིམས་རྫོགས་པ་ལ་ཕྱག་མ་བྱས་པ་དང་ལྷག་མའི་ཆད་པ། དགེ་འདུན་ཕོ་ལ་མ་བྱས་པར་ཕྱུང་བ་དང་། དགེ་འདུན་སྡེ་གཉིས་མེད་པར་ཚུལ་ནས་འབྱུང་བ་འཇུག་པ་དང་བརྒྱད་དོ། །ལྟུང་བ་དང་
དགེ་སྦྱོང་གིས་བྱ་བའི་མཚམས་སུའོ། །ལྕི་བ་བརྒྱད་བསྒོ་བའི་སྐབས་ནི་ཕས་ཕམ་པ་བརྒྱད་བསྒོ་བའི་འོག་ཏུ་བསྒོ། ཀྲིད་དྲུག །དགེ་སློང་མར་མི་གནང་རྣམ་པ་དྲུག་ཡོད་དེ། འོག་ནས་མིང་གིས་བཤད་པ་རྣམས་སོ། །འདི་ལ་ཆོས་མི་སྐྱེའོ་ཞེས་སོ། །མི་གནང་བ་རྣམ་པ་འདི་དྲུག་
ལ་ནི་ཞིང་མ་ཡིན་པས་ཁྲིམས་མི་འཆགས་ཏེ་དགེ་སྦྱོང་དང་དགེ་སློང་མའི་ཁྲིམས་ཀྱང་མི་དབོག་ཁྲིམས་ཕོག་པ་ཞིག་ནའང་དབྱུང་། མཚན་གཉིས་པ། ཕོ་མཚན་མོ་མཚན་གཉིས་ཀ་ཡོད་པ། གླེ་འདམས་པ་སྟུ་དང་རྐུབ་གཉིས་འདམས་ཏེ་གཅིག་ཏུ་གྱུར་པའོ། །རྟག་པར་ཁྲག་ཟག་
པ་དང་། རྒྱུན་མི་འཆད་པར་ཁྲག་ཟག་པའི་མོ་མཚན་ནོ། །ཁྲག་མེད་པ། སྟུ་ཁྲག་ཡང་མི་ཟག་པ་སྟེ་བཅུ་གཉིས་མན་ཆད་ལ་མི་ཟག་པ་དང་ལྔ་བཅུ་ཡན་ཆད་ལ་ཁྲག་མི་ཟག་པ་ནི་མ་གཏོགས་ཏེ་དེ་ལ་མི་བྱའོ། །མཚན་མ་ཙམ་པ། མོ་མཚན་ཆུང་ཞིང་མཚན་མ་ཙམ་དུ་འདུག་པ་ལ་
བྱ། མཚན་མ་ཙམ་དུ་གྱུར་བའི་མཚན་མ་དེ་ལས་གསུངས་སོ། །སཱུ་ཏྲ་ལྟག་མ་མཚན་མ་ཞེས་བྱ་བ་ནི་གཅིན་འོང་བའི་བུ་གུ་ཡོད་པ་ཙམ་དུ་ཟད་ཀྱི་མི་ཚངས་པར་སྤྱོད་དུ་མི་བཟོད་པའོ། །སྔོན་རབ་ཏུ་བྱུང་བ། སྔོན་རབ་ཏུ་བྱུང་སྟེ་ཁྲིམས་ཕུལ་བ་དང་འདི་རྣམས་ལྟ་བུ་དམིགས་ཀྱིས་ཀྱང་
མ་ཡིན་ནམ་ཞེས་དྲིས་ལ་ཡིན་ན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ། ཕྲ་མོ་ལ་སོགས་པའི་རབ་ཏུ་དབྱུང་བའི་དངོས་པོར་ཆུད་པའོ། །འདུལ་བའི་སྡེ་ཕྲན་ཚེགས་ཞེས་བྱ་བའི་ནང་ནས་རབ་ཏུ་དབྱུང་བའི་ཆོ་ག་འབྱུང་སྟེ་རྫོགས་སོ།། །།མི་མ་ཡིན་པའི་རྒྱུད་
དང་། བྱང་གི་སྒྲ་མི་སྙན་ནི་སྡོམ་པའི་ཞིང་མ་ཡིན་ནོ། །ལམ་རྒྱུད་ལྔ་ལ་མི་མ་གཏོགས་པའི་ལྷའི་རྒྱུད་ཀྱང་འདོད་པ་རྣམ་པ་ལྔ་ལ་ཆགས་ཤིང་སྐྱིད་པའི་ཕྱིར་ཁྲིམས་མི་འཆགས་བྱོལ་སོང་ཡང་གླེན་པའི་ཕྱིར་ཁྲིམས་མི་འཆགས། ན་རག་ཀྱང་སྡུག་བསྔལ་བས་བསྒྲིབས་པའི་ཕྱིར་
เล่ม ๑๖๕ · หน้า 41a
ཁྲིམས་མི་འཆགས། འདྲེ་ཡང་ཁྲོ་བའི་ཕྱིར་ཁྲིམས་མི་འཆགས། བྱང་གི་སྒྲ་མི་སྙན་གྱི་མི་ཡང་ང་དང་ཁྱོད་ཀྱི་བྱ་བ་མེད་ཅིང་བྱེ་བྲག་མི་འབྱེད་པས་ཁྲིམས་མི་འཆགས། ལམ་རྒྱུད་འདི་བཞི་དང་བྱང་གི་སྒྲ་མི་སྙན་གྱི་མི་འདི་ལྟར་ཁྲིམས་མི་འཆགས་པ་
ཡིན་པས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ། མཚན་ལན་གསུམ་དུ་གྱུར་ན་ཡང་ཡིན་ནོ། །སྐྱེས་པ་ལས་བུད་མེད་ཀྱི་མཚན་དུ་གྱུར་ཡང་བུད་མེད་ལས་སྐྱེས་པའི་མཚན་དུ་གྱུར། དེ་ལས་ཡང་བུད་མེད་ཀྱི་མཚན་དུ་གྱུར་པ་ལྟ་བུའི་མི་ལ་ནི་ཁྲིམས་ཕོག་ཀྱང་མི་
འཆགས་ཏེ་དེ་ལྟ་བུའི་མི་ལ་ནི་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཐོག་མ་དག་གིས་ནི་མི་ཞིག་གོ། །དགེ་སློང་ཞིག་ལས་མཚན་གྱུར་ནའང་ཐོག་མ་ལན་གཉིས་ཀྱི་བར་དུ་ནི་ཁྲིམས་མེད་པར་མ་སོང་གི་ལན་གསུམ་དུ་གྱུར་པའི་ཐ་མས་ཁྲིམས་མེད་པར་སོང་སྟེ་དགེ་
སློང་དུ་མི་རུང་ངོ་། །ལེན་པའི་ཚེ་ནའང་སྐྱེའོ། །ཁྲིམས་མི་འབོགས་པའི་ཚེ་ན་སྐྱེས་པ་ལས་བུད་མེད་ཀྱི་མཚན་དུ་གྱུར་ཀྱང་སྐྱེས་པའི་ཁྲིམས་ཕོག་མོད་ཀྱི་བུད་མེད་ཀྱི་ཁྲིམས་ཐོབ་པར་འགྱུར། བུད་མེད་ལས་མཚན་གྱུར་ཀྱང་དེ་བཞིན། མཁན་པོ་མེད་ཀྱང་དེར་རོ། །མཁན་པོ་མེད་པར་
དགེ་འདུན་དང་སློབ་དཔོན་གྱིས་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་བྱས་ཀྱང་ཁྲིམས་འཆགས་སོ། །བསྙེན་པར་མ་རྫོགས་པས་ཀྱང་ངོ་། །དགེ་སྦྱོང་གི་ཁྲིམས་འབོགས་པའི་ཚེ་མཁན་པོ་དགེ་སྦྱོང་ཉིད་དང་ཁྱིམ་པས་བྱས་ཀྱང་འཆགས། དགེ་སློང་བསྙེན་པར་རྫོགས་
པ་ལ་ནི་མཁན་པོ་ཁྱིམ་པ་དང་། དགེ་སྦྱོང་གིས་བྱས་ན་རུང་བ་དང་མི་རུང་ངོ་ཞེས་བཅས་པ་མེད་དོ། །དགེ་སློང་མ་ཡིན་པར་ཤེས་ན་མི་རུང་ངོ་། །སཱུ་ཏྲ་ལྟག་མ་ལྟར་དགེ་སྦྱོང་གི་མཁན་པོ་ཁྱིམ་པ་དག་གིས་བྱ་སྟེ། དགེ་སྦྱོང་གིས་ཁྲིམས་ནོད་པ་ཉིད་ཀྱི་ཡིད་ལ་མཁན་པོ་དགེ་སྦྱོང་དང་ཁྱིམ་པ་
ཡིན་པར་ཤེས་ཏེ་ཁྲིམས་མི་འཆགས་སོ་སྙམ་བསམ་པ་དང་ཕྱིས་མི་རུང་བར་ཤེས་ན་ཁྲིམས་མེད་ཅིང་མི་འཆགས་པར་འགྱུར་རོ། །ཉིད་ཀྱིས་ཕུལ་ན་མི་རུང་ངོ་། །ཁྲིམས་ནོད་པའི་ཚེ་གང་ནོད་པ་དེས་ང་ལ་མཁན་པོ་མི་དགོས་སོ་ཞེས་ཟེར་ཞིང་མི་འདོད་ན་ཁྲིམས་མི་འཆགས་སོ། །དེ་དག་
เล่ม ๑๖๕ · หน้า 41b
གི་མིང་མ་བརྗོད་ན་མི་རུང་ངོ་། །ཁྲིམས་ནོད་པའི་ཚེ་མཁན་པོ་དང་ཁྲིམས་ནོད་པ་ཉིད་ཀྱི་མིང་མ་བརྗོད་ན་ཁྲིམས་མི་འཆགས་ཏེ། མཁན་པོའི་མིང་མ་བརྗོད་པ་ནི་མི་འཆགས་པ་ཉིད་དུ་མི་འགྱུར། དབང་ལུས་པ་དགེ་འདུན་གྱི་ནའང་མི་རུང་། ཁྲིམས་ནོད་པའི་ཚེ་དགེ་འདུན་ལས་ཁྲིམས་
འཐོབ་པས་ན་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ལོ་ཞེས་བྱ་བའི་མིང་མ་བརྗོད་ནའང་ཁྲིམས་མི་འཆགས། ཁྱིམ་པ་དང་མུར་འདུག་གི་ཚུལ་གྱིས་ན་མི་རུང་། ཀ་ཤ་མེད་པར་མུར་འདུག་དང་ཁྱིམ་པའི་རྒྱུན་དུ་ཞུགས་ཏེ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཁྲིམས་ཕོག་ན་མི་
འཆགས་སོ། །གཅེར་པ་དང་འཁྲུགས་པ་དང་། གོས་མེད་པར་གཅེར་བུ་དང་སེམས་འཁྲུགས་ཤིང་ཁྲོས་པ་དང་། གང་འཆའ་བ་མི་རུང་། བུད་མེད་སྐྱེས་པ་དང་ཉལ་ལོ་ཅོག་ཤི་བ་དང་འདི་རྣམས་ལྟ་བུ་ལ་ཁྲིམས་ཕོག་ཀྱང་མི་འཆགས་སོ། །སྐྱེས་པ་གོང་འཆའ་བ་ནི་གནང་བ་དང་མི་གནང་
བར་ཁྲིམས་བཅས་པ་ནི་མེད་དོ། །འདུལ་བ་འཛིན་པ་ཁ་ཅིག་གིས་ནི་བུད་མེད་དང་འདྲའོ་ཞེས་ཀྱང་བཤད་དོ། །སྤངས་པར་མཚན་མ་ལས་ལྡོག་པ་ཁས་མ་བླངས་ན་མི་རུང་། ཉེས་པ་ཞིག་བྱུང་སྟེ་ཆད་པས་བཅད་ན་ཉེས་པ་མཐོང་ངོ་ཞེས་ཟེར་ཞིང་ཆད་པ་བྱེད་དུ་མི་བཏུབ་པ་དང་ཆད་པས་
བཅད་ན་ངས་ཉེས་མེད་ཀྱི་ཆད་པ་བྱེད་དུ་མི་འདོད་དེ་ཞེས་ཟེར་བ་དང་། སངས་རྒྱས་ཀྱིས་བར་དུ་གཅོད་དོ་ཞེས་གསུངས་པའི་ཆོས་ལ་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བ་འདི་ལྟ་བུའི་ཆད་པ་མ་བྱས་སམ། ཉེས་པ་མ་མཐོལ་བར་ཁྲིམས་ཕུལ་ཏེ་ཁྱིམ་པར་སོང་བ་ལས་སླར་ཁྲིམས་ནོད་
ན་སྔོན་གྱི་ཉེས་པ་དོར་རོ་ཞེས་ཁས་མི་ལེན་པར་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱས་ཀྱང་ཁྲིམས་མི་འཆགས། སྔ་མའི་རིམ་བཞིན་ནི་ཉེས་བྱས་པ་ཙམ་མོ། །ལྟག་ཏུ་དགེ་བསྙེན་དང་དགེ་སྦྱོང་དག་བསྙེན་པར་རྫོགས་པར་རིམ་པར་ཕོག་ཤིག་ཅེས་རིམ་པར་འབྱུང་བ་བཞིན་དུ་མ་བྱས་
ཏེ། ཅིག་ཅར་བསྙེན་པར་རྫོགས་པར་བྱས་ན་ཁྲིམས་ནི་ཆགས་ཏེ་མཁན་པོ་དང་དགེ་འདུན་ལ་ཉེས་བྱས། མཁན་པོར་མི་གསོལ་བ་ཡང་ངོ་། །མཁན་པོར་གསོལ་བའི་ཚིག་མི་བྱས་པར་ཁྲིམས་ཕོག་ན་ཁྲིམས་མི་འཆགས་ཏེ། མཁན་པོ་དང་དགེ་འདུན་ལ་ཉེས་བྱས། བར་ཆད་མ་དྲིས་
เล่ม ๑๖๕ · หน้า 42a
ན་ཡང་ངོ་། །བར་ཆད་མ་དྲིས་པར་ཁྲིམས་ཕོག་ན་ཡང་མཁན་པོ་དང་དགེ་འདུན་ལ་ཉེས་བྱས་སུ་འགྱུར་ཏེ་ཁྲིམས་ནི་འཆགས་སོ། །མེད་ལ་ཁ་བླངས་ཏེ་བྱིན་ན་ཡང་ངོ་། །བསྙེན་པར་རྫོགས་པར་བྱེད་པ་དེ་ལ་འཆགས་མེད་པ་ལྟ་བུ་ཡང་མེད་པར་ཡོད་དོ་ཞེས་
ཟེར་བ་ལ་ཁྲིམས་ཕོག་ན་ཁྲིམས་ནི་འཆགས་ཏེ་མཁན་པོ་དང་དགེ་འདུན་ལ་ཉེས་བྱས། སྐྱེས་པ་བུད་མེད་ལྟ་བུ་དང་བུད་མེད་སྐྱེས་པ་ལྟ་བུ་ནི་མཚན་ཐ་དད་པ་མ་ཡིན་ནོ། །སྐྱེས་པ་བུད་མེད་ཀྱི་གཟུགས་སུ་འདུག་པ་ནི་ཁྲིམས་ཕོག་ཀྱང་ཉེས་བྱས་མཁན་པོ་དང་དགེ་འདུན་ལ་ཡོད་དུ་ཟད་ཀྱི་
ཁྲིམས་ནི་འཆགས་སོ། །ཉེས་པ་ཡོད་པ་ནི་བུད་མེད་སྐྱེས་པ་འདྲ་བ། དགེ་སློང་མའི་ཁྲོད་ན་འདུག་ན་བུད་མེད་ཀྱི་ཁྲོད་ནས་སྐྱེས་པ་གཅིག་ཅིག་གཡོག་བྱེད་ཅིང་འདུག་སྟེ་མི་ཚངས་པར་སྤྱོད་པ་ལྟ་ཞེས་འཕྱ་བའི་ཕྱིར་རོ། །དེ་ལག་ཆད་ལ་སོགས་པའི་ནང་དུ་གཏོགས་སོ། །ལྟག་ཏུ་བཤད་
པ་ཁྲིམས་ནི་འཆགས་ཀྱི་ཉེས་བྱས་ཡོད་དོ་ཞེས་འབྱུང་བའི་སཱུ་ཏྲ་ལྟག་མ་གོང་དུ་ལག་རྡུམ་བཅུག་ན་ཉེས་བྱས་སོ་ཞེས་ཟེར་བ་བཞིན་དུ་ཁྲིམས་ནི་འཆགས་ཀྱི་མཁན་པོ་དང་དགེ་འདུན་ལ་ཉེས་བྱས་སུ་འགྱུར་བ་ལ་བྱ། སྡིག་པའི་མཚན་དང་ཚུལ་ཐ་དད་པ་གླིང་གཞན་ལས་སྐྱེས་པ་ཡང་ངོ་། །
སྨེ་བ་དང་ཤ་མཚན་ལ་སོགས་པ་སྡིག་ཏུ་འགྱུར་བའི་མཚན་དུ་འདུག་པ་དང་། མི་ཡིན་མོད་ཀྱི་རྐང་ལག་ཕྱུགས་སུ་འདུག་པ་ལྟ་བུ་དང་། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གླིང་ཆེན་པོ་དང་གླིང་ཕྲན་གྱི་མི་དང་འདི་རྣམས་ལྟ་བུ་དང་ཁྲིམས་ཕོག་ཀྱང་ཉེས་བྱས་སོ། །སེན་མོ་གཅིག་པ་དང་། སོར་
མོ་འབྱར་ཏེ་སེན་མོ་གཅིག་པ་དང་སོར་མོ་མ་འབྱར་བར་སེན་མོ་གཅིག་ཏུ་འདུག་པ། རྐང་ལག་ལྟེབས་པ་དང་། ཤོག་ཤོག་ལྟ་བ་སྟེ་བཀུག་ནས་རྒྱས་བཏབ་པ་ལྟ་བུར་ལྟེབས་པ། ཕྱེད་ཤི་བ་དང་། གཞོགས་ཕྱེད་སྐམས་པ་དང་། སྤྱི་རིང་བ་དང་། སྤྱི་བོ་ཅོག་ཅོག་པོར་རིང་པོར་འདུག་པ། སྐྲ་ར་རི་
ཅན་དང་། སྐྲ་ཚུམ་བུ་ཚུམ་བུ་ར་རི་ཅན་དུ་འདུག་པ། མདུན་དང་རྒྱབ་སྒུར་བ་དང་། མདུན་འབུར་ཏེ་ཕྱིར་དགྱེ་བ་དང་རྒྱབ་ཏུ་འབུར་ཏེ་ནང་དུ་སྒུ་མི་གཅིག་ལ་གཉིས་ཀར་ལྡན་ཡང་རུང་གཅིག་དང་ལྡན་ཡང་རུང་བ་ལ་བྱ། སོར་མོ་དྲུག་པ་དང་། སོར་མོ་དྲུག་དུ་སྐྱེས་པ་དང་། འབྱར་བ་དང་།
เล่ม ๑๖๕ · หน้า 42b
སོར་མོ་འབྱར་བ་དང་། མེད་པ་དང་། ལག་མཐིལ་འབའ་ཞིག་ཡོད་པ། རྫི་མ་རུང་བ་ཅན་དང་། རྫི་མའི་སྤུ་ནང་རིམ་དུ་སྐྱེས་ནས་མིག་ལ་རྡུང་ཞིང་འཚག །སྲེ་མོ་དང་འུག་པ་དང་། སྲེ་མོའི་མིག་འདྲ་བ། འུག་པའི་མིག་འདྲ་བ། ལོག་པ་དང་། མིག་གི་གྲྭ་མདུན་རྒྱབ་ཏུ་ལོག་པ།
ཕྲད་པ་དང་། སྣ་གོང་དུ་གྱུར་ཏེ་མིག །འཕྱང་བ་དང་། མིག་གི་འབྲས་བུ་ལྷུང་བར་ཐུག་པར་འཕྱང་བ་དང་། མིག་དམར་པོ་དང་། མིག་གི་སྤྲིན་ཚིལ་བུ་དམར་པོར་འདུག་པ། དཀྱིལ་མིག་གི་མིག་ལྟ་བུ་དང་། མིག་ལ་དཀར་པོ་རིམ་པ་གཅིག་ནག་པོ་རིམ་པ་གཅིག་ཨུ་ཤུད་ཀྱི་རི་མོ་
འདྲ་བར་འདུག་པ། མིག་ཡངས་པ། མིག་རྐྱེན་དུ་མ་བབ་པར་ཆེ་བ། གྲྭ་དང་། མིག་ཏུ། མཛེར་པ་སྐྱེས་པ། འབྲུམ་བུ་ཅན་དང་མིག་ལ་འབྲུམ་བུ་ཡོད་པ་ལ་བྱ། ཤུ་བ་ཅན་གྱི་མིག་དག་དང་། མིག་ལ་ཤུ་བ་ཆེན་པོ་ཤུ་བར་འདུག་པ། རྣ་བ་སེར་པོ། །རྣ་བའི་ཁ་དོག་སེར་པོ་ཡུང་བ་
འདྲ་བ། དཀར་པོ། རྣ་བའི་ཁ་དོག་ཤོག་ཤོག་འདྲ་བ། དམར་པོ། རྣ་བའི་ཁ་དོག་ཁྲག་འདྲ་བ། གཅེའུ་ལྟ་བུ། རྣ་བ་གཅེའུ་འདྲ་བ་སྦུ་གུ་ཅན་ནོ། །གཡན་པ། ཤ་རྟག་ཏུ་གཡའ་བ། ཤུ་བ་ཤུ། ཤུ་བ་རེ་རེ་ཙམ་འདུག་པ། ཆེན་པོ། ཤུ་བ་ཆེན་པོར་བྱུང་བ། རྔོ་དང་། གཡན་པ་ལྟ་བུ།
མཇེ་རླིག་པའི་ནང་དུ་ནུབ་པ་དང་། རླིག་པའི་ནང་ན་མཇེ་འདུག་སྟེ་མཇེ་རླིག་པས་གཡོགས་པ། གླེན་པ། ལེགས་ཉེས་ཀྱི་བྱེ་བྲག་མི་ཕྱེད་པ་དང་། ལྕེ་མེད་ཐོག་མ་ནས་མ་སྐྱེས་པ། རྐང་ལག་གཅིག་པ། རྐང་ལག་ཡ་གཅིག་པ། མེད་པའོ། །གཉིས་ཀ་མེད་པ། སྐྲ་སྔོན་པོ། སྐྲ་མཐིང་
གར་འདུག་པ། བལ་གླང་བ། བལ་གླང་གི་མགོར་འདུག་པ། རྟ་ཁྱི། རྟ་མགོ་འདྲ་བ་ཁྱི་མགོ་འདྲ་བ། བ་ལང་། བ་ལང་གི་མགོ་འདྲ་བ། གཉན། ལུག་གི་མགོ་འདྲ་བ། རི་དགས་རི་དགས་གང་ཡང་རུང་གི་མགོ་འདྲ་བ། ཉ་ཉའི་མགོ་འདྲ་བ། སྦྲུལ། སྦྲུལ་མགོ་འདྲ་བ། རིང་
པོ། མགོ་ལྟག་པ་ནས་འཕྲལ་བར་མཆུ་རིང་དུ་འདུག་པ། མགོ་མང་པོ། ལུས་གཅིག་ལ་མགོ་མང་དུ་ཡོད་པ། ཤིང་ཏཱ་ལའི་མགུལ། མགུལ་རིང་བ་དང་ཏཱ་ལ་འདྲ་བར་མགུལ་ལ་ཁྲམ་ཉེར་དུ་འདུག་པ། སྐྲངས་པས་སྤྱོད་ལམ་ཆད་པ། ལུས་སྐྲངས་ཏེ་སྤྱོད་ལམ་བཞིར་སྤྱོད་མི་
เล่ม ๑๖๕ · หน้า 43a
ནུས་པ་ལྟག་ནས་སེན་མོ་གཅིག་པ་ཞེས་བྱ་བ་མན་ཆད་ལྟ་བུར་འདུག་པ་སྤྱོད་ལམ་ཆད་པ། མི་ན་བ་འདི་དག་ཀྱང་ངོ་། །ལྟག་ནས་སེན་མོ་གཅིག་ཅེས་འབྱུང་བ་མན་ཆད་ལྟ་བུར་འདུག་པ་མི་ནར་ཟིན་ཀྱང་བཅུག་ན་ཉེས་བྱས། ན་བ་དེ་དག་ཀྱང་དེར་རོ། །སེན་མོ་གཅིག་
པ་ཞེས་བྱ་བ་མན་ཆད་ཀྱི་གཟུགས་སུ་འདུག་ལ་ན་བའང་བཅུག་ལ་ཉེས་བྱས་ཁྲིམས་ནི་འཆགས། མ་རུང་བར་ནི་རྐུན་པོར་རོ། །ཡུལ་མཐའ་འཁོབ་ཀྱི་བྱེ་བྲག་མི་ཕྱེད་ཅིང་འདུལ་དཀའ་བ་ཞིག་ལས་བཅུག་ནའང་ལྟག་ཏུ་རྐུན་པོའི་རྒྱལ་མཚན་ཅན་བཅུག་ན་ཉེས་བྱས་སོ་ཞེས་འབྱུང་བ་
དང་འདྲ། ཕ་བཞིན་དུ་ཕར་བསམ་པའི་རྒྱལ་པོས་གནང་ན་ཡང་འགྱུར་རོ། །ཕ་མ་ལ་མ་དྲིས་ཀྱང་རྒྱལ་པོའི་འབངས་སུ་གཏོགས་པ་ལས་རྒྱལ་པོས་གནང་སྟེ་བཅུག་ནའང་ཉེས་མེད་དོ། །གནང་བ་དང་དྲི་བ་དང་འཆང་བ་ལ་གསོ་གསོ་བ་ཡང་ཕ་བཞིན། ཕ་མ་ལ་དྲིས་ཏེ་གནང་བ་དང་
ཕ་མ་གཉིས་ཀ་ཤི་སྟེ་མེད་པ་ནི། བུ་ཞིག་གཞན་གྱིས་གསོ་སྟེ་འཆང་འཆང་གསོ་གསོ་བ་ཞིག་ཡིན་ན། ཕ་མ་ལ་དྲི་བ་མ་ཡིན་གྱི་འཆང་ཞིང་གསོ་གསོ་བའི་མི་དེས་གནང་ན། བསྙེན་པར་རྫོགས་པར་རུང་སྟེ་ཉེས་མེད་དོ། །མིའི་རྒྱུད་མ་ཡིན་པ་ལ་མ་ཡིན། ཕ་མ་མིའི་རྒྱུད་མ་ཡིན་ཏེ་བྱོལ་
སོང་ལྟ་ཞིག་ཡིན་ན་དྲི་མི་དགོས་ཏེ་རབ་ཏུ་ཕྱུང་ཡང་ཉེས་མེད་མཚམས་མེད་པར་ཡང་མི་འགྱུར། ཕ་མ་མེད་དེ་གསོ་ཞིང་འཆང་འཆང་བའི་མི་དང་ཕ་མ་བྱོལ་སོང་ཡིན་པ་ཞིག་བསད་ན་མཚམས་མེད་པར་མི་འགྱུར། བསྐྱེད་པ་དག་ལ་དེའོ། །ཕ་མ་བསད་ན་མཚམས་མེད་པར་འགྱུར་ན་ནི་ཕ་མ་གང་
གི་མངལ་དང་ཁུ་བ་ལས་སྐྱེས་པ་དེ་ཉིད་བསད་ན་མཚམས་མེད་པར་འགྱུར། མཚན་དུ་གྱུར་ཀྱང་ངོ་། །བདག་གི་ལུས་བསྐྱེད་པའི་ཕ་མ་ཉིད་ཕོ་མཚན་དང་། མོ་མཚན་གྱུར་པ་ལས་བསད་ཀྱང་མཚམས་མེད་པར་འགྱུར། དེ་ལྟར་བྱས་ན་མ་བསད་པ་ལ་སོགས་པའི་གཙོ་བོ། སཱུ་ཏྲ་ལྟག་མ་
གཉིས་ལྟར་ཕ་མ་མ་ཡིན་ནོ་ཞེས་བཤད་པ་བསད་པའི་ནང་ན་གཙོ་སྟེ། མཚམས་མེད་པར་འགྱུར་བའོ། །བསླུས་པ་ནི་མི་ཚངས་པར་སྤྱོད་པས་ཕམ་པ་ལས་མྱོང་བ་དག་ནའོ། །དགེ་སློང་མས་བསླུས་ན་ཁྲིམས་མི་འཆགས་སོ་ཞེས་འབྱུང་བ་ནི། དགེ་སློང་མ་ཕས་ཕམ་པ་མ་ཡིན་པ་ལ་མི་ཚངས་པར་
เล่ม ๑๖๕ · หน้า 43b
སྤྱོད་ན་དགེ་སློང་མ་བསླུས་པ་ཡིན་ཏེ། དགེ་སློང་མ་མི་འདོད་དེ་ནན་གྱིས་མི་ཚངས་པར་སྤྱོད་པ་དང་། དགེ་སློང་མས་ལག་པ་མེར་བཅུག་སྟེ་དགའ་བར་མ་ཚོར་བ་ལྟ་བུ་སྤྱོད་པ་ཡང་དགེ་སློང་མ་བསླུས་པ་ཡིན་ནོ་ཞེས་སཱུ་ཏྲའི་ཊཱི་ཀ་ལས་འཆད་དོ། །ཁ་ཅིག་ན་རེ་དེས་ནི་བསླུས་པར་མི་ཆུད་དེ་མི་
ཚངས་པར་སྤྱོད་པ་ལས་དགའ་བར་དགེ་སློང་མས་ཀྱང་ཚོར་ན་དགེ་སློང་མ་བསླུས་པ་ཡིན་ནོ་ཞེས་བཤད་དོ། །སྐྱེས་པ་མི་ཚངས་པར་སྤྱོད་པ་སོང་སོང་བ་ལས། དགེ་སློང་མ་འདོད་ཆགས་ཀྱི་སེམས་ཀྱིས་སྔར་ནས་ཕམ་ཟིན་པ་མི་ཚངས་པར་སྤྱོད་ཀྱང་དགེ་སློང་མ་བསླུས་པར་མི་ཆུད་དོ། །
དམས་པ་ལས་སྐྱེས་པར་གྱུར་ན་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་བྱ་བའི་རིགས་སོ། །དགེ་སློང་མ་བྱེད་བྱེད་པ་ལས་ཁྲིམས་ཕུལ་བ་ལས་མཚན་གྱུར་པ་ཞིག་བསྙེན་པར་རྫོགས་པར་འདོད་དེ་འོངས་ན་དགེ་སློང་ཕའི་ཁྲིམས་དཔོག་ཏུ་རུང་སྟེ་འཆགས། མི་ཚངས་པའི་ཕས་ཕམ་
པ་སྤྱོད་པ་ཡང་ངོ་། །དགེ་སློང་མ་ལ་ཕས་ཕམ་པ་བརྒྱད་ཡོད་པ་ལས་དགེ་སློང་ཕའི་ཕས་ཕམ་པ་བཞི་མ་གཏོགས་པ་ལྷག་མ་བཞི་ལས་གང་ཡང་རུང་སྟེ་སྤྱད་པའི་འོག་ཏུ་མཚན་གྱུར་པ་ཞིག་བསྙེན་པར་རྫོགས་པའི་ཁྲིམས་ནོད་དུ་འོངས་ན་ཡང་བསྙེན་པར་རྫོགས་པར་བྱར་རུང་སྟེ་ཁྲིམས་
འཆགས། གནས་པས་བུད་མེད་བསྙེན་པར་རྫོགས་པར་གཏོགས་སོ། །དགེ་སློང་མ་ཁྲིམས་རྫོགས་པར་བྱེད་ན་དགེ་འདུན་ཕ་གུད་དུ་མ་བཙལ་གྱི་གང་ཉེ་ཞིང་གསོ་སྦྱིན་དང་ཚུལ་ནས་འབྱུང་ཞིང་འཇུག་པའི་ཕྱིར་ནས་ཞུ་ཞིང་ལས་བྱེད་པའི་དེ་ཉིད་ཀྱི་དགེ་འདུན་ལས་བྱས་ཞིང་མནོད་དོ། །
ཡང་གཅིག་ཏུ་ན་ཁྲིམས་ནོད་པའི་མཁན་པོ་གུད་ནས་གསར་དུ་འོངས་པ་ཞིག་ཡོད་ན་དེ་ལ་མི་བྱའི་སྔ་ན་འཁོད་འཁོད་པའི་ནང་ནས་མཁས་པ་གཅིག་གིས་མཁན་པོ་བྱའོ། །འགྱུར་བའི་གཏམ་ན་ཞིག །ཁྲིམས་ནོད་པ་ཞིག་ཁྲིམས་ཕོག་པའི་ལས་བྱེད་བཞིན་དུ། ང་ཁྲིམས་མི་ནོད་དོ་ཞེས་
བྱ་སྟེ་མནོད་ན་ཁྲིམས་མི་འཆགས། དྲིས་པ་མང་བའི་རབ་ཏུ་དབྱུང་བའི་དངོས་པོར་ཆུད་པ་རྫོགས་སོ།། །།འདུལ་བ་དྲིས་པ་ཞེས་བྱ་བ་དགྲ་བཅོམ་པ་ཨུ་པཱ་ལིས་དྲིས་པ་ལས་རབ་ཏུ་འབྱུང་བའི་ཆོ་ག་འབྱུང་བའི་མདོ། །རང་བཞིན་སྟོར་བས་བྱས་ན་སླར་ཕུལ་བ་མ་ཡིན་
เล่ม ๑๖๕ · หน้า 44a
ནོ། །དགེ་སློང་འདྲེ་གདོན་ལ་སོགས་པས་མྱོས་ཤིང་མི་དྲན་པར་གྱུར་པ་དང་ལུས་ཀྱི་ཁམས་ལ་ནད་ཞུགས་ཏེ་ཁོང་ནས་དགེ་སློང་ཕར་མི་དྲན་རང་བཞིན་ཉམས་པས་ཁྲིམས་འབུལ་ལོ་ཞེས་ཀྱང་ཕུལ་བར་མི་འགྱུར་རོ། །དེར་མ་ཡིན་ནོ། །ཕ་རོལ་ཕོ་སཱུ་ཏྲ་ལྟག་མ་ལྟར་
མི་དྲན་ཞིང་མྱོས་པ་ཞིག་ལ་ཁྲིམས་འབུལ་ལོ་ཞེས་བྱས་ཀྱང་ཕུལ་བར་མི་འགྱུར་རོ། །ལྐུགས་པ་ལ་མ་ཡིན་ནོ། །ཕ་རོལ་པོ་ལྐུགས་པ་སྨྲ་མི་ཤེས་པ་དང་། འོན་པ་མི་ཐོས་པ་ཞིག་ལ་ཁྲིམས་འབུལ་ལོ་ཞེས་བྱས་ཀྱང་ཕུལ་བར་མི་འགྱུར་རོ། །མི་མ་ཡིན་པའི་རྒྱུད་ལའང་མ་ཡིན།
ལམ་རྒྱུད་ལྔ་ལ་མི་མ་གཏོགས་པར་རྒྱུད་བཞི་གང་ཡང་རུང་སྟེ་ཁྲིམས་འབུལ་ལོ་ཞེས་བྱས་ཀྱང་ཕུལ་བར་མི་འགྱུར་རོ། །མ་གོ་བ་ལ་མ་ཡིན། ཁམས་གཞན་གྱི་སྐད་མི་མཐུན་ཏེ་བརྡ་མི་ཕྲད་པ་དང་། བརྡ་ཕྲད་ཀྱང་སྒྲ་བསྐྱུངས་ཏེ་སྨྲས་པས་མ་གོ་བ་ལྟ་བུ་ནི་ཁྲིམས་འབུལ་ལོ་ཞེས་ཀྱང་ཕུལ་
བ་མ་ཡིན་ནོ། །དབེན་པ་ལ་ཡང་མ་ཡིན་མི་མེད་པ་དགོན་པའི་ཁང་སྟོང་ལྟ་བུ་དབེན་པ་སུས་ཀྱང་མ་ཐོས་པར་ཁྲིམས་འབུལ་ལོ་ཞེས་བྱས་ཀྱང་ཕུལ་བ་མ་ཡིན་ནོ། །དབེན་པར་འདུ་ཤེས་སུ་འང་མ་ཡིན། དགོན་པ་འམ་ཁང་སྟོང་མི་མེད་པ་སྙམ་དུ་བསམས་ཏེ་ཁྲིམས་འབུལ་ལོ་ཞེས་བྱས་སུ་
ཟིན་ཀྱང་ཁྲིམས་ཕུལ་བར་མི་འགྱུར་སཱུ་ཏྲ་འདི་ཡན་ཆད་ལྟག་མའི་རྣམས་སླར་བཟློག་སྟེ། དེ་རྣམས་ལྟ་བུ་མ་ཡིན་པ་ལ་ཁྲིམས་འབུལ་ལོ་ཞེས་བྱས་ན་ཕུལ་བར་འགྱུར། སློབ་པ་འབུལ་ལོ། །ཡིད་ལ་ཁྲིམས་འབུལ་བར་བསམས་ཏེ་སློབ་པ་འབུལ་ལོ་ཞེས་བྱས་པ་བདག་གནས་ཤིང་
སྤྱོད་པ་སློབ་པ་འབུལ་བ་ཡིན་པས་ཕུལ་བར་འགྱུར། སངས་རྒྱས་ཡིན་ལ་ཁྲིམས་འབུལ་བར་བསམས་ཏེ་སངས་རྒྱས་འབུལ་ལོ་ཞེས་བྱས་ནས་སངས་རྒྱས་ལ་ཕྱོགས་ཤིང་བརྟེན་པ་ཡིན་པའི་ཕྱིར་ཁྲིམས་ཕུལ་བར་འགྱུར་རོ། །ཆོས་ཞི་བའི་ཆོས་མྱ་ངན་ལས་འདས་པའི་ཕྱིར་ཞུགས་པ་
ཆོས་འབུལ་ལོ་ཞེས་བྱས་ནའང་ཁྲིམས་མེད་པར་འགྱུར་རོ། །དགེ་འདུན་ཐོག་མ་བདག་དགེ་འདུན་ལས་འཐོབ་ཅིང་མཚུངས་པར་སྤྱོད་པའི་གྲོགས་དགེ་འདུན་ཡིན་པས་དེ་ཕུལ་ནའང་མེད། མདོ་སྡེ་བདག་ཐོག་མ་མདོ་སྡེའི་ཕྱིར་སློབ་པ་དང་ཉན་པ་དང་སྤྱོད་ཅིང་སྒོམ་པའི་ཕྱིར་ཁྲིམས་བླངས་པ་
เล่ม ๑๖๕ · หน้า 44b
ཡིན་པས་མདོ་སྡེ་དབུལ་ཞེ་ན་མེད་པར་འགྱུར། འདུལ་བ། འདུལ་བའི་སྡེ་ཉིད་སློབ་པའི་ཁྲིམས་ཡོད་པས་འབུལ་ལོ་ཞེས་བྱས་ནའང་ཁྲིམས་མེད་པར་འགྱུར་རོ། །མ་ལྟ་བུ། མ་ལྟ་བུ་ནང་དུ་མདོ་སྡེ་དང་འདུལ་བ་ཀུན་འདུས་ཏེ་མྱ་ངན་ལས་འདས་པའི་ཆོས་ཉིད་ཡིན་པས་མ་ལྟ་བུ་འབུལ་
ལོ་ཞེས་བྱས་ན་ཁྲིམས་མེད་པར་འགྱུར། སློབ་དཔོན་སློབ་དཔོན་ལྔ་ལ་གནས་ཤིང་། ཆོས་དང་ཁྲིམས་ལ་སོགས་པ་དེ་ལས་སློབ་པ་ཡིན་པས། དེ་ལ་འབུལ་ལོ་ཞེས་བྱས་ན་ཁྲིམས་མེད་པར་འགྱུར། མཁན་པོ། །བདག་ཐོག་མ་ཁྲིམས་ནོད་པའི་ཚེ་མཁན་པོ་ལ་གནས་ནས་
ཁྲིམས་ནོད་པ་དང་། ཕྱིན་ཆད་ཀྱང་དེ་ལ་གནས་ཤིང་སྤྱོད་པ་ཡིན་པས་དེ་འབུལ་ལོ་ཞེས་བྱས་ནའང་མེད་པར་འགྱུར། ཁྱིམ་གནས་སུ་བདག་ཟུང་ཤིག་གམ། བདག་ཁྱིམ་པར་ཟུང་ཤིག་ཅེས་བྱས་ནའང་ཁྱིམ་པ་ལ་ཁྲིམས་མེད་པ་ཡིན་པས་ཁྲིམས་ཕུལ་བར་འགྱུར་ཏེ། དགེ་སྦྱོང་ངམ་
བདག་དགེ་སྦྱོང་དུ་ཟུང་ཤིག་ཅེས་བྱས་ནའང་། དགེ་སྦྱོང་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་མེད་པས་ན། ཁྲིམས་ཆེན་པོ་ནི་ཕུལ་བར་འགྱུར། དགེ་སྦྱོང་གི་ཁྲིམས་ནི་ཡོད། ཉུག་རུམ་མམ། མ་ནིང་རྣམ་པ་ལྔ་ལ་མཚན་བཅད་པ་ལ་མ་རུལ་པའམ་སྟེ་ཉུག་རུམ་དུ་ལྟོས་ཤིག་ཅེས་བྱས་
ནའང་ཁྲིམས་མི་འཆགས་ཏེ་མེད་པར་འགྱུར་རོ། །མ་ནིང་ངམ། མ་ནིང་རྣམ་བཞི་ལྟ་བུར་ལྟོས་ཤིག་བྱས་ནའང་ཁྲིམས་མི་འཆགས་པའི་ཕྱིར་ཕུལ་བར་འགྱུར་རོ། །དགེ་སློང་མ་དགེ་སློང་མ་བསླུས་པར་ལྟོས་ཤིག་ཅེས་བྱས་ནའང་དགེ་སློང་མ་བསླུས་པ་ཁྲིམས་མི་འཆགས་པ་ཡིན་པའི་
ཕྱིར་ཁྲིམས་མི་འཆགས་པར་འགྱུར་ཏེ་ཕུལ་བར་འགྱུར། བསླུས་པ་འམ་རྐུན་གནས་སམ། བདག་རྐུན་གནས་སུ་གཟིགས་ཤིག་ཅེས་བྱས་ནའང་རྐུན་གནས་སུ་ཁྲིམས་མི་འཆགས་པའི་ཕྱིར་ཕུལ་བར་འགྱུར། ཐ་དད་དུ་གནས་པ་འམ། སངས་རྒྱས་ཀྱི་ཆོས་ལ་གཞན་ལོག་པར་
བལྟས་པ་དེ་བ་ཧ་ཧིའི་ཆོས་ལྟ་བུ་སྟེ། ཐ་དད་པར་ལྟོས་ཤིག་ཅེས་བྱས་ནའང་ཁྲིམས་ཕུལ་བར་འགྱུར། མི་གནས་པ་འམ། ཚུལ་ཁྲིམས་དང་ལྟ་བ་དང་ལྷན་ཅིག་མི་གནས་པ་སྟེ་ཕས་ཕམ་པ་ལྟ་བུ་ལ་བྱ་སྟེ། མི་གནས་པར་ལྟོས་ཤིག་ཅེས་བྱས་ན་ཁྲིམས་མེད་པར་འགྱུར། མུར་འདུག་གམ་
เล่ม ๑๖๕ · หน้า 45a
མུར་འདུག་ཏུ་འཇུག་པ་འམ། དགེ་སློང་ལས་མུར་འདུག་ཏུ་ཞུགས་ཏེ་ཆོས་གོས་བོར་ནས་སྐྱ་རེངས་བྱུང་བ་འམ། ཆོས་གོས་བོར་ཀྱང་སེམས་ཀྱིས་མུར་འདུག་ལ་ཕྱོགས་ན་ཁྲིམས་མེད་པར་སོང་ངོ་ཞེས་བྱ་བ་ལྟ་བུ་སྟེ། མུར་འདུག་ཏུ་འཇུག་པར་ལྟོས་ཤིག་ཅེས་བྱས་
ནའང་ཁྲིམས་མེད་པར་འགྱུར་བའི་ཕྱིར། མ་བསད་པ་མ་བསད་པར་ལྟོས་ཤིག་ཅེས་བྱས་ནའང་ཁྲིམས་མེད་པར་འགྱུར། ཕ་བསད་པའམ་ཕ་བསད་པར་ལྟོས་ཤིག་ཅེས་བྱས་ནའང་ཁྲིམས་མེད་པར་འགྱུར། དགྲ་བཅོམ་པ་བསད་པ། དགྲ་བཅོམ་པ་བསད་པར་ལྟོས་ཤིག་ཅེས་བྱས་
ནའང་ཁྲིམས་མེད་པར་འགྱུར། དགེ་འདུན་ཕྱེ་དགེ་འདུན་ཕྱེ་བར་ལྟོས་ཤིག་ཅེས་བྱས་ནའང་ཁྲིམས་མེད་པར་འགྱུར་རོ། །ཡང་དག་པར་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་ལྟོས་ཤིག་ཅེས་བྱས་ནའང་ཁྲིམས་མེད་
པར་འགྱུར་ཏེ་ཕུལ་བར་ཆུད། མ་བསད་པ་ཞེས་འབྱུང་བའི་སཱུ་ཏྲ་མན་ཆད་མཚམས་མེད་པ་ཡིན་ཏེ། ཁྲིམས་མི་འཆགས་པས་ན་དེ་ལྟ་བུར་ལྟོས་ཤིག་ཅེས་བྱས་ནའང་ཁྲིམས་ཕུལ་བར་འགྱུར་བ་ཡིན་ནོ། །སཱུ་ཏྲ་འདི་ཡན་ཆད་ཁྲིམས་ཕུལ་བར་འགྱུར་རོ་ཞེས་འབྱུང་བ་ཀུན་དུ་སཱུ་ཏྲ་ཀུན་སེམས་
ཀྱིས་འབུལ་བར་བསམས་ན། སཱུ་ཏྲ་ལྟག་མའི་ཚིག་གང་ཡང་རུང་སྟེ་སྨྲས་ན་ཁྲིམས་མེད་ཅིང་ཕུལ་བར་འགྱུར་རོ། །ཆོག་གོ་བདག་ནི་ཚེ་དང་ལྡན་པ་དག་ཚངས་པ་མཚུངས་པར་སྤྱོད་པ་དང་གནས་པའི་སྤྱོད་པས་ཆོག་གོ། །མི་འདོད་དོ་ཞེས་བྱས་ལ་སེམས་ཀྱིས་ཀྱང་ཁྲིམས་ཕུལ་པར་བསམས་ན་ཁྲིམས་
ཕུལ་བར་འགྱུར་ཏེ། དེ་ལ་གནས་པ་ཞེས་བྱ་བ་ནི་གཙུག་ལག་ཁང་ན་གནས་པར་གཅིག་དང་ཟས་དང་ནོར་རྫས་ལ་སོགས་པ་འཚོ་བའི་ཡོ་བྱད་གཅིག་ཏུ་སྤྱོད་པར་གནས་པ་ལ་བྱ། སྤྱོད་པ་ཞེས་བྱ་བ་ནི་དགེ་འདུན་གྱི་ལས་བརྒྱ་རྩ་གཅིག་ལྟ་བུ་ལ་མཐུན་པར་སྤྱོད་པ་ལ་བྱའོ། །གནས་པ་དང་སྤྱོད་པ་
དང་གཉིས་ཀ་ཆོག་གོ་ཞེས་སྨྲས་ནའང་ཕུལ་བར་འགྱུར། གནས་པ་དང་སྤྱོད་པ་གཅིག་གིས་ཆོག་གོ་ཞེས་བྱས་ནའང་ཕུལ་བར་འགྱུར། ཕུལ་བའི་ཆོ་གའོ།། །།མི་ཚངས་པར་སྤྱོད་པའི་ཕས་ཕམ་པ་འཆད་དོ། །བཅུག་རེག་དགའ་བར་ཚོར་ན་འོ། །མི་ཚངས་པར་སྤྱོད་པ་ཕམ་པའི་ཡན་ལག་དྲུག་
เล่ม ๑๖๕ · หน้า 45b
དང་ལྡན་ན་ཕམ་སྟེ་བཅུག་ཀྱང་བཅུག་རེག་ཀྱང་རེག་དགའ་བར་ཚོར་བ་དང་ཡན་ལག་གསུམ། འཛག་བྱེད་དོ། །གཅིན་འཛག་པ་སྟེ་ཕོ་མཚན་ལ་བྱ་སྟེ། ཕོ་མཚན་གྱིས་བཅུག་པ་དང་ཡན་ལག་བཞི་དེར་རོ། །ཕོ་མཚན་གྱིས་མོ་མཚན་དུ་བཅུག་པ་དང་ཡན་ལག་ལྔ་མ་ཉམས་པར་རོ། །
མོ་མཚན་དང་། ཁ་དང་། རྐུབ་གསུམ་མ་སྣད་ཅིང་མ་ཉམས་པར་བྱས་པ་དང་ཡན་ལག་འདི་དྲུག་ལྡན་ན་ཕམ་པར་འགྱུར། ཡན་ལག་གཅིག་མ་ཚང་ན་སྦོམ་པོར་འགྱུར། ཁའམ་རྐུབ་ཀྱི་ལམ་དུའོ། །ཁ་དང་རྐུབ་ཀྱི་ལམ་དུ་མི་ཚངས་པར་སྤྱད་ན་ཡང་མོ་མཚན་དང་འདྲ་སྟེ་ཕམ་མོ། །ཉམས་
པར་ན་སྦོམ་པོའོ། །མོ་མཚན་དང་ཁ་རྐུབ་གསུམ་ཉམས་ཤིང་སྣད་པ་ལྟ་བུ་ལ་མི་ཚངས་པར་སྤྱད་ན་སྦོམ་པོར་འགྱུར་རོ། །མི་བཟོད་པ་ལ་འབྲི། བུད་མེད་ལོ་བཅུ་གཉིས་ལོན་པ་མན་ཆད་རྒྱོར་མི་བཟོད་ཅེས་ཀྱང་བྱ། ཁ་ཅིག་ལོ་མང་ཡང་རྒྱོར་ཡང་མི་བཟོད་པ་ཡང་ཡོད། ཁ་ཅིག་ལོ་ཉུང་
ལ་རྒྱོར་བཟོད་པ་ཡང་ཡོད། མདོར་ན་གང་ཡང་རུང་སྟེ། རྒྱོར་མི་བཟོད་པའམ་མི་རུང་བ་ཞིག་ལ་མི་ཚངས་པར་སྤྱོད་ན་སྦོམ་པོར་འགྱུར། མི་འབྲི་བ་ནི་ཕས་ཕམ་པར་འགྱུར་ཏེ། སྦོམ་པོར་མི་འབྲི་བ་ནི་འོག་ནས་འབྱུང་བ་རྣམས་ལ་མི་ཚངས་པར་སྤྱོད་ནའོ། །མིའི་རྒྱུད་མ་ཡིན་བ། ལམ་རྒྱུད་
ལྔ་ལ་མི་མ་གཏོགས་པའི་ལམ་རྒྱུད་བཞི་གང་ཡང་རུང་སྟེ། སྒོ་གསུམ་ལས་གང་དུ་མི་ཚངས་པར་སྤྱོད་ཀྱང་ཕམ། ཕོ་སྐྱེས་པའི་སྒོ་གཉིས་སུ་སྤྱད་ན་ཡང་ཕམ་མ་ནིང་མ་ནིང་རྣམ་ལྔར་བཤད་པ་ལ་གང་ཡང་རུང་སྒོ་གསུམ་དུ་མི་ཚངས་པར་སྤྱོད་ན་ཕམ། འཇུག་པ། ཕོ་མཚན་དཀྲིས་ཏེ་
མི་ཚངས་པར་སྤྱོད་ན་ཡང་ཕམ། མཇུག་ནས་དཀྲིས་པ། མོ་མཚན་རས་ལྟ་བུས་གཡོགས། ཕོ་མཚན་གྱིས་རས་དང་བཅས་ཏེ་ནང་དུ་བཅུག་ནས་སྤྱད་པ་ཡང་ཕམ། ཕོ་མཚན་དང་མོ་མཚན་གཅིག་དཀྲིས་གཅིག་མ་དཀྲིས་པར་སྤྱད་ཀྱང་རུང་གཉིས་ཀ་དཀྲིས་ཏེ་མི་ཚངས་པར་སྤྱད་ནའང་ཕམ།
ཤི་བ་ལ་ཡང་ངོ་། །ཤི་བའི་རོ་ལ་སྒོ་གསུམ་གང་ཡང་རུང་སྟེ་མི་ཚངས་པར་སྤྱད་ན་ཕམ། མ་ཚོར། གཉིད་ལོག་པ་འམ་ར་རོ་བ་ལྟ་བུ་ལ་མི་ཚངས་པར་སྤྱོད་དེ་ཕ་རོལ་མ་ཚོར་ཡང་ཕས་ཕམ། རང་བཞིན་སྟོར་བར་གྱུར་པ། སྨྱོས་ཤིང་རང་བཞིན་སྟོར་བ་ལ་མི་ཚངས་པར་སྤྱད་དེ་ཕ་རོལ་གྱིས་མ་ཚོར་
เล่ม ๑๖๕ · หน้า 46a
ཡང་ཕས་ཕམ། མི་འདོད་པ་ཡང་ཆུད་དོ། །ཕ་རོལ་པོ་མི་ཚངས་པར་སྤྱད་པར་མི་བཏུབ་སྟེ་ནན་གྱིས་མི་ཚངས་པར་སྤྱད་ན་ཡང་ཕས་ཕམ། རང་གི་འཇུག་གནས་སུ་ཡང་ངོ་། །བདག་གི་ཁ་དང་རྐུབ་ཏུ་བདག་གི་ཕོ་མཚན་གྱིས་མི་ཚངས་པར་སྤྱད་ཀྱང་ཕམ་སྟེ། མཚན་རིང་དང་
རྒྱབ་མཉེན་ལས་བཅས། སྔོན་དུ་ཕྱིར་བདར་ཏེ་ནང་དུ་བཏང་བར་བསམས་ན་ཡང་ངོ་། །མོ་མཚན་ཕྱི་རོལ་དུ་དཀུང་དཀུང་ལ་ཁུ་བ་ནང་དུ་བཏང་བ་དང་ནང་དུ་དཀུང་དཀུང་ལ་ཁུ་བ་ཕྱི་རོལ་ཏུ་ཕོ་བ་གཉིས་གང་བྱས་ཀྱང་སྟུ་འཚོང་མ་བྲད་དྲ་ཀ་ཕྱི་ལས་དགེ་སློང་སུན་དྷ་ར་ནན་ད་ལ་འདི་ལྟ་བུར་མི་ཚངས་པར་སྤྱོད་དང་
ཕས་ཕམ་པར་མི་འགྱུར་རོ་ཞེས་བྱས་ནས་དགེ་སློང་དེས་འདི་འདྲ་བར་བྱས་པ་ལས་བཅས། མི་དབེན་པར་ཉིན་མོ་ལོགས་ཀྱིས་ཕབ་སྟེ་མི་ཉལ། ས་མི་དབེན་པར་དགེ་སློང་གཉིད་ལོགས་ཀྱིས་ཕབ་སྟེ་མི་ཉལ། ཉལ་ན་ཉེས་བྱས་དགེ་སློང་གཅིག་ཅིག་ལོགས་ཀྱིས་ཕབ་སྟེ་ཉལ་ཉལ་བ་ལས་ཕོ་མཚན་
སྒྲེན་ཅིང་འདུག་པ་ལ། བུད་མེད་སྦོམ་མོ་ཞེས་བྱ་བས་མཐོང་ནས་ཐལ་བྱུང་མོ་མཚན་དུ་བཅུག་སྟེ་སྤྱད་པ་ལས་བཅས་དབེན་པ་ནི་འོག་ནས་འཆད། དབེན་པ་ནི་རྣམ་པ་གསུམ་སྟེ། ཉིན་མོ་ཉལ་དུ་རུང་བའི་ས་དབེན་པ་ནི་རྣམ་པ་གསུམ་ཡོད་དེ་མིང་གིས་འོག་ནས་འཆད་པ་ཡིན་ནོ། །མཐའ་བསྐོར་ཏེ་
སྒོ་བཅད་ཅིང་གནས་པ་དང་། དབེན་པའི་ས་གཅིག་ནི་ར་བའམ་ཁང་པ་ལྟ་བུ་མཐའ་བསྐོར་ཅིང་འདུག་པ་ལ་སྒོ་གཏན་པ་བཅུག་སྟེ་ཉལ་ན་ཉེས་མེད། དགེ་སློང་སྲུང་དུ་བཅུག་པ་དང་། དབེན་པའི་ས་གཅིག་ང་མ་སད་ཀྱི་བར་དུ་སྲུངས་ཤིག་ཅེས་བསྒོ་སྟེ་ཉལ་བ་ནི་ཉེས་མེད་དེ་དབེན་པ་གཉིས་ཤམ་
ཐབས་ཀྱི་མཐའ་མ་མདུད་པ་བོར་བའོ། །བདག་གི་ཤམ་ཐབས་ཀྱིས་དམ་དུ་དཀྲིས་ཏེ་མདུད་པ་བོར་ནས་ཉལ་ནའང་ཉེས་མེད་དེ་དབེན་པ་འདི་གསུམ་མོ། །ཕས་ཕམ་པའི་ཐོག་མ་སྟེ་རྣམ་པར་འབྱེད་པའི་འོ། །ཕས་ཕམ་པ་དང་པོ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།
འདི་མན་ཆད་ལས་ཀྱི་དངོས་པོ་འཆད་པ་ཡན་ཆད་འདུལ་བ་གཞན་གྱི་ནང་ནས་འབྱུང་བའི་མདོའང་འཆད་མོད་ཀྱི། གཞི་རྣམ་པར་འབྱེད་པས་བཟུང་སྟེ་ཐམས་ཅད་འདུལ་བ་རྣམ་པར་འབྱེད་པའི་ནང་དུ་འདུའོ། །གང་ན་བུད་མེད་འདོད་པ་ཅན་གྱི་དེར་མི་འགྲོ། བུད་མེད་འདོད་ཆགས་ཆེ་ཞིང་སྦྱར་བ་
เล่ม ๑๖๕ · หน้า 46b
སྐྱེས་པ་མཐོང་ན་ཟེ་ལྡང་བ་ལྟ་བུའི་དྲུང་དུ་མི་འགྲོ །ཡོན་བདག་ཅིག་གིས་ཤཱཀྱིའི་རིགས་དགེ་སློང་བཟང་པོ་དག་ཅིག་སྤྱན་དྲངས་ཏེ་འོངས་པ་དང་ཡོན་བདག་དེའི་ཆུང་མ་དགེ་སློང་དག་གི་ཤ་ཚུགས་བཟང་པོ་ལས་འདོད་ཆགས་ལངས་ཏེ་ཤི་བ་ལས་བཅས། གང་ན་མི་མ་ཡིན་པས་མི་བདེ་བར་བྱེད་པ་
དེར་མི་གནས། དགོན་པའམ། ཤིང་དྲུང་ལྟ་བུ་ན་གནོད་སྦྱིན་ལ་སོགས་པ་ཀྱལ་ཀ་བྱེད་ཅིང་འོངས་པའི་གནས་སུ་མི་འདུག །དགེ་སློང་གཅིག་ཅིག་དགོན་པ་ན་བསམ་གཏན་སྤྱོད་ཅིང་འདུག་པ་ལ་གནོད་སྦྱིན་མོ་གཅིག་ཅིག་བུད་མེད་དུ་སྤྲུལ་ཏེ་འོངས་ནས་ལན་དུ་མར་མི་ཚངས་པར་
སྤྱད་པར་སྟེན་ཏེ། དགེ་སློང་མ་བཏུབ་པ་དང་རྒྱལ་པོ་བིམ་བི་ས་རའི་མཐོངས་སུ་བོར་བ་ལས་བཅས། འདོད་ཆགས་ཆེ་བས་སྒྲེའུ་ཆོངས་ཤིག །འདོད་ཆགས་ཆེ་ཞིང་ཁུ་བ་རྟག་ཏུ་ཟགས་པས་སྒྲེའུ་བཅང་། དགེ་སློང་མ་མྲྀ་ག་ར་ཏ་རྒྱུན་དུ་ཞུགས་པས། སངས་རྒྱས་ཀྱི་གཅུང་དགེ་སློང་
སུན་དྷ་ར་ནན་ད་ལ་སངས་རྒྱས་དང་ནོར་ཏེ་ཕྱག་བྱས་ནས་རྐང་པ་ལས་བཟུང་བ་དང་། འདོད་ཆགས་ལངས་ཏེ་ཁུ་བ་སྟོར་ནས། དགེ་སློང་མའི་མགོ་སྟེང་དུ་ལྟུང་བ་ལས་བཅས། ར་ལྤགས་སམ་ཤ་བ་འམ་བྱི་བའི་ཡང་ངོ་། །མདོ་ལྟག་མ་ལྟར་སྒྲེའུ་བྱ་བའི་རྒྱུ་ནི་མི་རྩུབ་ཅིང་མི་ན་བའི་ཕྱིར་
རེའུ་དང་ཤེའུ་དང་བྱི་ལའི་པགས་པ་ལས་སྒྲེའུ་བྱའོ། །དྲི་མི་ཞིམ་པར་མི་འགྱུར་བའི་ཕྱིར་བསྔལ་བས་སོ། །སྒྲེའུ་ལ་ཁུ་བ་རེག་པ་དྲི་མི་ཞིམ་པ་མེད་པར་བྱ་བའི་ཕྱིར་དར་ཕྱེ་དང་། ཨ་རུ་ར་དང་། ལས་ལ་སོགས་པའི་ཕྱི་མ་བསྔལ་བས་བསྐུའོ། །བཀྲུ་ཞིང་བསྐམ། སྒྲེའུ་དེ་སྐབས་
སྐབས་སུ་བཀྲུ་ཞིང་བསྐམ་མོ། །དེའི་ཚེའི་ཕྱིར་གཞན་ཡང་ངོ་། །མདོ་ལྟག་མ་ལྟར་བཀྲུ་ཞིང་བསྐམ་པའི་ཚེ་སྒྲེའུ་དགོས་པའི་ཕྱིར་འཐེབ་གཅིག་བྱ། མང་དུ་ཟགས་ན་གདིང་བར་བྱ། ཁུ་བ་མང་དུ་ཟགས་ན་སྒྲེའུའི་ནང་དུ་ཕྱེ་མ་ལ་སོགས་པ་གདིང་། ཕྱེ་མའམ་སས་སོ། །མདོ་ལྟག་མ་
ལྟར་སྒྲེའུ་ནང་དུ་བླུགས་པ་ནི་ཕྱེ་མ་དང་ས་ལས་བླུགས་སོ། །ཕྱག་འཚལ་བ་དང་། བཟའ་བའི་ཚེ་བཞག་ལ་ཁྲུས་བྱས་ཏེའོ། །མཆོད་རྟེན་ལ་ཕྱག་འཚལ་བ་དང་ཟན་བཟའ་བའི་ཚེ་སྒྲེའུ་བཞག་སྟེ་ཁྲུས་བྱས་ལ་འགྲོའོ། །ཕྲ་མོར་གཏོགས་པའི་ཕས་ཕམ་པའི་དང་པོའོ། །འདི་ཡན་ཆད་ནི་
เล่ม ๑๖๕ · หน้า 47a
འདུལ་བ་ཕྲ་མོ་ཞེས་བྱ་བའི་ནང་ནས་མི་ཚངས་པར་སྤྱོད་པ་ཕས་ཕམ་པ་འཆད་པའི་མདོ་འབྱུང་བའོ།། །།ཁའི་ནི་སོ་ལས་འདས་པའོ། །མི་ཚངས་པར་སྤྱད་པ་ནི་སོ་ལས་འདས་ན་ཕམ། རྐུབ་ཀྱི་རྒྱུད་ནི་འཛུམས་པའི་མཚམས་སོ། །རྐུབ་ཏུ་མི་ཚངས་པར་སྤྱད་ན་
འཛུམས་པའི་མཚམས་འདས་ན་ཕམ། འཛག་བྱེད་ཀྱི་ནི་ཁ་ཤུན་ནོ། །མོ་མཚན་དུ་མི་ཚངས་པར་སྤྱད་ན་ཕྱི་རོལ་གྱི་པགས་པ་དང་ནང་གི་ཤའི་མཚམས་ཀྱི་ཁ་ཤུན་འདས་ན་ཕམ། ཆུད་པ་ནི་དཀྲིས་སོ། །ཕོ་མཚན་ནི་སྒོ་གསུམ་གྱི་ནང་དུ་དཀྲིས་འདས་ན་ཕམ། ཕྱོགས་སུ་ཡང་ཀུན་སྣང་
ན་སྣང་བའོ། །སྒོ་གསུམ་ལས་ཉམས་པ་ནི་སྦྲུལ་གྱིས་ནི་ཆུང་དུ་ཟོས་ཀྱང་ཉམས་པར་བརྩི་སྲིན་བུས་ནི་ཁ་ནང་དུ་ཆེར་ཟོས་ན་ཉམས་པར་བརྩི་སྐྲངས་པ་ནི་སྒོ་ཉིད་ཀྱི་འཁོར་སྐྲངས་ན་ཉམས་པར་བརྩི། འདི་རྣམས་ཡན་ཆད་ལྟ་བུ་ཞིག་ལ་མི་ཚངས་པར་སྤྱད་ན་སྦོམ་པོར་འགྱུར་ཆུང་ཟད་
སྣང་བ་ལ་ནི་མི་བྱའོ། །སྐྲངས་སམ། སྒོ་གསུམ་ལས་སྐྲངས་པ། རུལ་ཏམ། སྒོ་གསུམ་ལས་རུལ་ཅིང་མྱགས་པའོ། །ཞིགས་སམ། སྒོ་གསུམ་ལས་ཞིགས་པ་དང་གྱེས་པ་དང་ཁམ་བུ་ཁམ་བུར་ཆད་པ་ལྟ་བུ་ལ་བྱ། སྲོག་ཆགས་ཀྱིས་ཟོས་པ་ནི་ཉམས་པའོ། །སྦྲུལ་དང་སྲིན་བུ་ལ་སོགས་པ་སེམས་
ཅན་གྱིས་ཟོས་པ་ལ་བྱ་སྟེ། འདི་རྣམས་ལྟ་བུ་ལ་མི་ཚངས་པར་སྤྱད་ན་སྦོམ་པོར་འགྱུར། རྐེད་པར་བཅང་པའི་གཞུག་གནས་ལ་མི་འབྲི། རོ་ལྟ་བུ་རྐེད་པར་བཅད་པའི་སྒོ་གསུམ་དག་ཀྱང་རུང་སྟེ་སྤྱད་ན་ཕམ། གཞུག་གནས་དབུས་ནས་གཤེགས་ཏེ་སྦྱར་བའི་མཚམས་སུ་མི་མངོན་ན་ཡང་ངོ་། །
རོ་ལྟ་བུ་མོ་མཚན་ནས་ལུས་ཆུ་གཤེགས་སུ་གཤེགས་ཏེ་སླར་སྦྱར་ནས། སྦྱར་བའི་མཚམས་མི་མངོན་པ་ཞིག་ལ་མི་ཚངས་པར་སྤྱད་ན་ཕམ་པར་འགྱུར། མངོན་ན་མདོ་བཞིན་པའི་རིམ་མོ། །མདོ་ལྟག་མ་ལྟར་གཤེགས་པའི་མཚམས་མངོན་པ་ཞིག་ལས་མི་ཚངས་པར་སྤྱད་ན་སྦོམ་པོ། སྦོམ་
པོར་བྱེད་པ་ནི་ཕག་ལ་སོགས་པ་བཅོས་ཏེ་སྤུ་ཕྱི་བའོ། །ཕག་ལ་སོགས་པ་སེམས་ཅན་གྱི་གཟུགས་བཙོ་སྟེ་སྤུ་ཕྱི་བ་ལ་སོགས་པ་ལྟ་བུ་ཞིག་གི་སྒོ་གསུམ་དུ་མི་ཚངས་པར་སྤྱད་ན་སྦོམ་པོ། མགོ་བཅད་པའི་ཁར་ཡང་ངོ་། །མགོ་ལྐོག་མ་ལྟ་བུར་བཅད་པའི་ཁར་མི་ཚངས་པར་སྤྱད་ན་སྦོམ་
เล่ม ๑๖๕ · หน้า 47b
པོ། འཇུག་པ་དང་འཇུག་གནས་ལུས་དང་སོ་སོར་བྲལ་བ་ལ་ཡང་ངོ་། །སྒོ་གསུམ་དང་ཕོ་མཚན་ལྟ་བུ་ལུས་དང་བྲལ་ཏེ་གུད་ན་བཅད་ཅིང་འདུག་པ་ལྟ་བུ་ལ་འདོད་ཆགས་ཀྱིས་བདག་གིས་སྤྱད་དམ་ཆད་ཅིང་འདུག་པ་ན་གཅིག་གི་ནང་དུ་གཅིག་བཅུག་ན་སྦོམ་པོ། གཞན་ཡང་ཕ་རོལ་གྱི་དང་
ཕ་རོལ་གྱིར་འཇུག་པའོ། །གཞན་གྱི་མོ་མཚན་དུ་གཞན་གྱི་ཕོ་མཚན་བཅུག་པ་བདག་གིས་བྱས་ན་སྦོམ་པོ་སྟེ་དཔེར་ཕྱུགས་རྒལ་བ་ལྟ་བུ་ཕོ་མཚན་མི་ཆུད་ཅིང་འདུག་པ་ལ་བདག་གིས་ཆུད་པར་བྱས་པ་ལྟ་བུའོ། །གཞན་ཡང་ལུས་བཅད་པའི་ཁུང་བུར་རོ། །རོ་ལྟ་བུ་ལ་བཅད་ཅིང་ཕུག་སྟེ་
དེའི་འཕྲོ་དང་བུ་གུར་མི་ཚངས་པར་སྤྱད་ནའང་སྦོམ་པོ། མ་ནིང་གི་འཇུག་གནས་ཕུག་རྡུགས་སུའོ། །མ་ནིང་གི་མོ་མཚན་གཅིན་འོང་བའི་ཁུང་བུ་ཙམ་ཡོད་དུ་ཟད་དེ་མི་ཚངས་པར་སྤྱད་དུ་མི་རུང་བ་ཞིག་ལ་སྤྱད་ན་སྦོམ་པོ། མཆུ་དག་ལ་ཡང་ངོ་། །མཆུ་དང་མཆུའི་ཕྱི་རོལ་དུ་འམ་འདོད་
ཆགས་ཀྱི་སེམས་ཀྱིས་མི་ཚངས་པར་སྤྱད་པའི་ཕྱིར་ཕོ་མཚན་གྱིས་རེག་ན་སྦོམ་པོའོ། །མཚམས་ཀྱི་ཕྱིར་ཕན་ཆད་ཀྱང་ངོ་། །སོའི་ཕྱི་རོལ་མཆུའི་ནང་རོལ་མཁུར་བ་ཕན་ཆད་དུ་འདོད་ཆགས་ཀྱི་སེམས་ཀྱིས་མི་ཚངས་པར་སྤྱད་ན་སྦོམ་པོ། སྒྲེའུར་ཡང་ངོ་། །སྒྲེའུར་འདོད་ཆགས་ཀྱི་སེམས་
ཀྱིས་མི་ཚངས་པར་སྤྱད་ན་སྦོམ་པོ། བལྟབ་པ་དང་མི་རེག་པར་བཅུག་པར་བྱས་པ་ཡང་ངོ་། །སྐྲ་མི་ནུབ་པའི་ཕྱིར་ཕོ་མཚན་རྐེད་པར་བཀུག་ནས་བལྟབ་སྟེ་བཅུག་པ་དང་མོ་མཚན་ལ་མ་རེག་པ་ཞིག་ཏུ་བཅུག་སྟེ་སྤྱད་ན་སྦོམ་པོ། དེའི་ཐ་མར་བཤད་པ་དཀྲིས་པ་ཞེས་པ་ཐམས་ཅད་ཀུན་མི་
རིག་པར་འགྱུར་བ་མ་ཡིན་ནོ། །ཕོ་མཚན་དཀྲིས་པ་དང་མོ་མཚན་ལ་གཡོགས་ཏེ་ཕུལ་བ་དང་གཡོགས་པ་བཅས་ཏེ་ནང་དུ་སོང་བ་གང་ཡང་རུང་བཀབ་པ་དང་དཀྲིས་པ་གཉིས་ཀ་བྱ་སྟེ། བཅུག་ཀྱང་རུང་སྟེ་འདི་ལྟར་བྱས་ཤིང་སྤྱད་དོ་ཅོག་རེག་པར་མི་འགྱུར་ཞིང་ཕས་མི་ཕམ་པར་འགྱུར་བ་ཡང་མ་
ཡིན་གྱི་དར་ལྟ་བུ་སྲབ་མོས་དཀྲིས་ཏེ་རེག་པའི་དྲོད་དང་ལྡན་པར་མི་ཚངས་པར་སྤྱད་པ་ནི་ཕས་ཕམ་པའོ། །གཞན་གྱིས་དཀྲིས་པ་ནི་མ་རེག་པར་འཇུག་པ་ལ་གསུངས་སོ། །མོ་མཚན་དང་ཕོ་མཚན་དཀྲིས་ཤིང་བཀག་པ་ཀོ་ལྤགས་སམ། སྣམ་བུའམ། ཕྱིང་པ་ལྟ་བུ་སྟུག་པོས་བྱས་ཏེ་རེག་པ་
เล่ม ๑๖๕ · หน้า 48a
དང་མི་ལྡན་པར་མི་ཚངས་པར་སྤྱད་ན་སྦོམ་པོ། ཕས་ཕམ་པ་དང་པོ་དྲིས་པའི་ཆུད་པའོ། །ཕས་ཕམ་པ་བཞིའི་དང་པོ་སྟེ་མི་ཚངས་པར་སྤྱད་པ་འདུལ་བ་དྲིས་པ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ།། །།དགེ་སློང་ཡིན་པར་མི་དྲན་པ་ནི་རང་བཞིན་ཉམས་པའོ། །འདྲེ་གདོན་
དང་རླུང་ནད་ལ་སོགས་པས་སྨྱོས་ཤིང་མྱོས་ཏེ། དགེ་སློང་ཡིན་པར་མི་དྲན་པར་མི་ཚངས་པར་སྤྱོད་པ་ནི་ཕས་ཕམ་པར་མི་འགྱུར། ཉམས་པ་ནི་གཉིས་ཏེ་ནང་དང་ཕྱིའོ། །མོ་མཚན་ནང་ཉམས་ཤིང་སྣད་ཀྱང་རུང་གཉིས་ཀ་སྣད་ཅིང་ཉམས་ཀྱང་རུང་སྟེ་མི་ཚངས་པར་སྤྱད་ན་སྦོམ་པོ། ཕ་རོལ་གྱིས་
སྨྲས་ནས་ཁས་བླངས་ན་བསླབ་པ་ཞིག་གོ། །དགེ་སློབ་མ་ལ་ཕ་རོལ་པོ་ཞིག་གིས་མི་ཚངས་པར་སྤྱོད་དོ་ཞེས་ཟེར་ཞིང་འོངས་པ་ལ་མི་ཚངས་པར་སྤྱད་པར་བྱའོ་ཞེས་ཁས་བླངས་ན། དགེ་སློབ་མའི་ཁྲིམས་ཞིག་གོ། །དེའང་དབོག་གོ། །མདོ་ལྟག་མ་ལྟར་ཁྲིམས་ཞིག་པ་དེ་སླར་དབོག་
ཏུ་མི་རུང་ངོ་། །ལོ་གཉིས་སུ་བསྡད་པ་ནི་ཁྲིམས་ཕྱི་མ་ཕོག་པ་ནས་བརྩིའོ། །ཁ་ཅིག་ན་རེ་མི་ཚངས་པར་སྤྱད་པར་ཁས་བླངས་ཤིང་མི་ཚངས་པར་སྤྱད་པ་བྱས་པ་ཡང་དབོག་ཏུ་རུང་ཞེས་ཟེར་ཏེ། དེ་ལྟ་མ་ཡིན་གྱི་མི་ཚངས་པར་ནི་མ་སྤྱད་ཁས་ནི་བླངས་ཏེ་བསླབ་པ་ཞིག་པ་དེར་སླར་དབོག་ཏུ་
རུང་ངོ་། །དགེ་སློང་ཕས་ནི་སྦོམ་པོ། དགེ་སློང་ཕལ་གཞན་ཞིག་ན་རེ་ཁྱོད་ཀྱི་རྐུབ་ཏུ་མི་ཚངས་པར་སྤྱད་ན་རུང་ངམ་ཞེས་དྲིས་ཏེ། རུང་ངོ་ཞེས་སྨྲས་ན་སྦོམ་པོ། མ་ཟུམས་པར་གྱུར་པ་ལ་ཡང་ངོ་། །མོ་མཚན་ཆེ་ལ་དངོས་པོར་མ་ཟུམས་པར་འདུག་པ་ལ་མི་ཚངས་པར་སྤྱོད་ན་ཡང་སྦོམ་པོ།
གཞུག་པའི་ཕྱིར་རྨར་ཕུལ་བ་ཡང་ངོ་། །མོ་མཚན་དུ་གཞུག་པར་འདོད་པའི་ཕྱིར་ཅི་འདྲ་བར་འདུག་ཅེས་ལག་པས་མྱངས་ཤིང་མནམས་ན་ཡང་སྦོམ་པོ། འཇིགས་ཤིང་ངོ་ཚ་བས་འདོད་ཆགས་མ་གྲུབ་པ་ཡང་ངོ་། །འཇིགས་པ་ནི་གནོད་སྦྱིན་མོ་ཞིག་བུད་མེད་དུ་འཁྲུལ་ཏེ་མི་ཚངས་པར་སྤྱད་པ་
དང་སྤྱད་པའི་ཚེ་འཕྲུལ་མ་ནུས་ནས་སླར་གནོད་སྦྱིན་ཉིད་ཀྱི་ལུས་སུ་གྱུར་ནས། དགེ་སློང་དེ་སྔངས་ཏེ་སྐྲག་པས་དགའ་བར་མ་ཚོར་བ་ལས་བཅས། ངོ་ཚ་བ་ནི་དགེ་སློང་ཞིག་གིས་མ་ལ་མི་ཚངས་པར་སྤྱད་པ་དང་སྤྱད་པའི་ཚེ་མས་སྨྲས་པ་ཁྱོད་ཐོག་མ་ཡང་འདི་ནས་འོངས་ན་ད་ཡང་སླར་དེར་འཇུག་
เล่ม ๑๖๕ · หน้า 48b
ཅིང་སྤྱོད་དམ་ཞེས་བྱས་པ་དང་། དགེ་སློང་དེ་ངོ་ཚ་སྟེ་དགའ་བར་མ་ཚོར་བ་ལས་བཅས་རྣམ་པ་འདི་གཉིས་ལྟར་སྤྱད་ན་སྦོམ་པོ། ཕོ་མཚན་གས་པས་ཁུ་བ་མ་གྲུབ་པ་ཡང་ངོ་། །མོ་མཚན་ཆུང་ངུ་ཞིག་ལ་སྤྱད་དེ་ཕོ་མཚན་སྣད་ཅིང་པགས་པ་རལ་པའམ། འཆུས་པ་ལྟ་བུའམ། ཕོ་མཚན་གས་ཤིང་
སྣད་པ་ལྟ་བུ་ཞིག་གིས་མི་ཚངས་པར་སྤྱད་པ་ལས་དགའ་བར་མ་ཚོར་ན་ཡང་སྦོམ་པོ། མ་སྒྲེན་པར་བཅུག་ན་ཡང་ངོ་། །ཕོ་མཚན་མ་སྒྲེན་པར་མོ་མཚན་དུ་བཅུག་ན་སྦོམ་པོ། ལག་པ་ནས་ལག་པར། རྐང་པ་ནས་རྐང་པར་ཚིགས་ནས་ཚིགས་སུ། མཚན་ནས་མཚན་དུ་མ་འབྱོར་ན་ཡང་ངོ་། །
ལུས་ཆེ་ཆུང་ཞུགས་ཏེ་མོ་མཚན་དུ་མི་ཚངས་པར་སྤྱད་དུ་རུང་ཡང་། རྐང་ལག་དང་ཚིགས་དང་། མཚན་ལ་སོགས་པ་འཕགས་པར་ཆེ་ཆུང་ཞུགས་པ་ལས་མི་ཚངས་པར་སྤྱད་ནའང་སྦོམ་པོར་འགྱུར་རོ། །གཡོས་པ་ཙམ་དང་ལྡན་པ་ཡང་ངོ་། །གཞན་གྱིས་ནན་གྱིས་མི་ཚངས་པར་སྤྱད་དེ་དགའ་བར་
ནི་མ་ཚོར་གྱི། ཆུང་ཟད་བག་ཙམ་གྱི་དགའ་བར་ཚོར་ན་སྦོམ་པོ། དགེ་སློང་རྡོས་བཏབ་པ་ཞིག་གཉིད་ལོག་པ་ལས་ཕོ་མཚན་སྒྲེན་པ་བུད་མེད་ཞིག་གིས་མཐོང་སྟེ་ཐལ་བྱུང་མོ་མཚན་དུ་བཅུག་སྟེ་སྟེང་ནས་བཀུད་པ་དང་དགེ་སློང་ཕས་ཚོར་ཏེ་ཉམ་ཆུང་ཞིང་རྔོན་པས་འཕྲ་འཕྲ་སྟེ་བག་ཙམ་གཡོས་པ་
ལས་བཅས། ཤིང་དང་བ་སོ་དང་། རྡོ་དང་གོས་ཀྱི་གཟུགས་ལ་དེ་ལ་བྱས་ནས་འོན་ཏེ་མཚན་གྱི་མཚམས་ཙམ་ན་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་ལས་བུད་མེད་ཀྱི་གཟུགས་སུ་བྱས་པ་ལས་མི་ཚངས་པར་སྤྱད་པར་བརྩལ་བ་དང་། ནང་ན་འདྲེ་གདོན་གནས་པས་མོ་མཚན་ཉི་ཚེ་བུད་མེད་
ཀྱི་དང་འདྲ་བ་མ་གྱུར་པ་ཞིག་ལ་སྤྱད་ན་སྦོམ་པོར་འགྱུར། ལུས་ཀྱི་ཡན་ལག་ཐམས་ཅད་ཀྱིས་རེག་པར་གྱུར་ན་རྩ་བའོ། །མདོ་ལྟག་མ་ལྟ་བུའི་གཟུགས་སུ་བྱས་པ་ལ་མི་ཚངས་པར་སྤྱད་པ་དང་ལུས་ཀྱི་ཡན་ལག་ཐམས་ཅད་མི་དང་འདྲ་བར་གྱུར་ན་ཕས་ཕམ་པའོ། །བསྙེན་པར་རྫོགས་
པས་མོ་མཚན་དུ་རྐང་པ་བཅུག་ན་ཡང་ངོ་། །མི་ཚངས་པར་སྤྱོད་དུ་སོང་སོང་བ་ལས་མོ་མཚན་ཆེ་བར་གྱུར་ནས་ཕོ་མཚན་གྱིས་ནི་མ་སྤྱད་ཀྱི་རྐང་པ་བཅུག་པ་ལས་བཅས་ཏེ་མི་ཚངས་པར་སྤྱད་པའི་ཕྱིར་མོ་མཚན་དུ་རྐང་པ་བཅུག་ནའང་སྦོམ་པོ། གཞུག་གནས་ཀྱི་ཕྱི་རོལ་དུ་ཕོ་མཚན་གྱིས་རེག་པ་དེ་
เล่ม ๑๖๕ · หน้า 49a
ཙམ་གྱིས་ཀྱང་ངོ་། །བུད་མེད་གཅིག་ཅིག་སྒྲེན་མོར་ཁྲོན་པ་ན་ཆུ་ཆུ་བར་དགུས་པ་དང་། བར་རམ་སབ་མོའི་རྒྱབ་ནས་དགེ་སློང་ཅིག་གིས་སབ་མོ་ལ་བུ་གུ་ཡོད་པའི་ནང་ནས། ཕོ་མཚན་བཅུག་སྟེ་མོ་མཚན་ལ་རེག་པར་བྱས་པ་ལས་བཅས་ཏེ་མོ་མཚན་ལ་ཕོ་མཚན་
རེག་པ་ཙམ་གྱིས་ཀྱང་སྦོམ་པོ། བསྙེན་པའི་ཕྱིར་གཞན་ལ་བསྒོ་ན་ཡང་ངོ་། །མི་གཞན་ལ་ཁྱོད་མི་ཚངས་པར་སྤྱོད་ཅིག་ཅེས་བསྒོ་ན་སྦོམ་པོ། རང་བཞིན་དུ་སྒྲེན་པ་ནི་མི་འབྲིའོ། །ཕོ་མཚན་ཡོད་ནས་སྒྲེན་པས་མི་ཚངས་པར་སྤྱད་ཀྱང་ཕས་ཕམ་པར་མི་འགྱུར་རོ་སྙམ་དུ་བསམས་ཏེ་སྤྱད་ཀྱང་
ཕས་ཕམ་པ་ཡིན་པ་མ་ཡིན་ནོ། །མདུན་དང་རྒྱབ་གཉིས་གང་དུ་བརྩལ་ནས་དེ་ལས་གཞན་དུ་ཟིན་ན་ཡང་ངོ་། །མོ་མཚན་དུ་མི་ཚངས་པར་སྤྱོད་པར་བསམས་ཏེ་སྤྱོད་སྤྱོད་པ་ལས་རྐུབ་ཏུ་སོང་སྟེ་འདོད་ཆགས་གྲུབ་ན་ཡང་ཕས་ཕམ་མོ། །ལམ་གྱི་ལྷག་མར་ཡང་གཞུག་གོ་ཞེ་ན་ཡང་མི་འབྲིའོ། །
སྒོ་གསུམ་ཆར་དུ་མི་ཚངས་པར་སྤྱད་ལ་སྒོ་ཐ་མ་གཅིག་ཏུ་འདོད་ཆགས་གྲུབ་པར་བྱའོ་ཞེས་བསམས་ཏེ་སྤྱད་པ་ལས་སྒོ་གཉིས་སུ་ནི་མ་སྤྱད་ཀྱི་སྒོ་དང་པོར་འདོད་ཆགས་གྲུབ་ནས་གཉིས་སུ་མ་སྤྱད་པའི་ཕྱིར་ཕམ་པར་མི་འགྱུར་བ་མ་ཡིན་ཏེ་ཕམ་མོ། །ཞིག་གོ་ཞེས་བསམས་ན་ཡང་མ་ཡིན་ནོ། །
ཕག་ཅིག་བཅིངས་ཤིང་འདུག་པ་ལས། དགེ་སློང་གིས་སྙིང་རྗེ་བའི་ཕྱིར་ཐུག་ཐུབ་ཏུ་བཏང་བ་ལས་ཕག་བདག་གིས་དགེ་སློང་གིས་བཏང་བར་ཐོས་ནས་དགེ་སློང་ཁྱོད་ནི་ཁྲིམས་ཞིག་ཅིང་མེད་པའོ་ཞེས་བསྒོ་བ་དང་། ཁྲིམས་ཞིག་པ་ནི་མ་ཡིན་མོད་ཀྱི། དགེ་སློང་གིས་ཀྱང་ཁྲིམས་ཞིག་པ་ཡིན་
ནོ་སྙམ་བསམས་ནས་མི་ཚངས་པར་སྤྱད་པ་ལས་བཅས་ཏེ་ཕྱིས་མི་ཚངས་པར་སྤྱོད་པའི་ཚེ་ཕམ་མོ། །ནད་དབྱུང་བའི་ཕྱིར་ཡང་མི་རུང་ངོ་། །ཆུས་བགགས་པ་དང་ཕོ་མཚན་ལ་ཤུ་བ་བྱུང་བའི་ནད་ལ། སྨན་པ་ན་རེ་མི་ཚངས་པར་སྤྱད་ན་ཕན་ནོ་ཞེས་ཟེར་ཏེ་ནད་ལ་ཕན་པའི་ཕྱིར་མི་ཚངས་པར་སྤྱད་ཀྱང་
ཕམ། ལམ་ལ་གཞན་དུ་འདུ་ཤེས་སམ་ཡིད་གཉིས་སུའང་མ་ཡིན། སྣར་ཕོ་མཚན་བཅུག་སྟེ་སྤྱད་པར་བསམས་པ་ལས་ཁར་སོང་སྟེ། འདོད་ཆགས་གྲུབ་པ་དང་། འདོད་ཆགས་ནི་ཁར་སྤྱད་དུ་གྲུབ་ཀྱི། འདོད་ཆགས་ཁར་གྲུབ་བམ་སྣར་གྲུབ་གཏོལ་མེད་དེ་ཐེ་ཚོམ་ཟ་བ་ལྟ་བུ་ཡང་
เล่ม ๑๖๕ · หน้า 49b
ཕས་ཕམ་པར་འགྱུར་རོ། །ལམ་མ་ཡིན་པ་ཡང་དེ་ལྟར་སྦོམ་པོའོ། །སྒོ་གསུམ་མ་ཡིན་པར་རྣ་བ་དང་སྣ་ལ་སོགས་པར་མི་ཚངས་པར་སྤྱད་ནའང་སྦོམ་པོ། ལྟུང་བ་མེད་པ་རིངས་པས་བུད་མེད་ཀྱི་སྟེང་དུ་ལྟུང་ནའོ། །སྔངས་པའམ་རིངས་པ་ལྟ་བུས་རྡེག་འཆོས་ཏེ་བུད་མེད་ཀྱི་སྟེང་དུ་འགྱེལ་བ་
ནི་ཉེས་མེད་དོ། །མི་འདོད་བཞིན་དུ་ཕོངས་པས་མགུལ་ནས་འཇུས་ན་ཡང་ངོ་། །བུད་མེད་འདྲེ་ལྟ་བུས་སྔངས་ཏེ་འཇིགས་པའི་ཕྱིར། དགེ་སློང་མི་འདོད་དུ་བཞིན་མགུལ་ནས་འཇུས་ནའང་ཉེས་མེད་དོ། །མཆུ་དང་མཆུར་རེག་པ་ཡང་ངོ་། །སྒོ་ལྟ་བུ་ལ་བུད་མེད་དང་དགེ་སློང་ཕས་བྱུང་ཚུས་བྱུང་
སྟེ་འཕྲལ་ལ་གདོང་ཐུག་ཏུ་ཕྲད་ནས་མཆུ་གཉིས་རེག་ཏུ་ཟིན་ཀྱང་ཉེས་མེད། ཁྱི་མོའི་མདུན་དུ་མི་གཅི་བར་བྱ། དགེ་སློང་གཅིག་ཅིག་ཁྱི་མོའི་མདུན་དུ་ཁ་བལྟས་ཏེ་གཅིན་གཅི་བ་དང་། ཕོ་མཚན་ལ་ཁྱིའི་སྙིང་ལ་ཤ་གཞན་ཞིག་སྙམ་སྟེ་བརྒྱུགས་ནས་ཁར་བཅུག་པ་ལས་བཅས་ཏེ། ཁྱི་མོའི་
མདུན་དུ་ཉེས་བྱས་དགོན་པ་གང་དུ་སྲོག་ལ་དམའ་བ་དེར་མི་གནས། ཆུ་གང་དུ་ཕོ་མཚན་ཟིན་གྱིས་དོགས་པས་སྒྲེན་མོར་མི་འབོག་དགེ་སློང་གཅིག་ཅིག་ཆུ་རྒལ་བ་དང་། ཆུར་གནས་པའི་སེམས་ཅན་ཞིག་གིས་ཕོ་མཚན་ཁར་བཅུག་པ་དང་། དགེ་སློང་གི་ཡིད་ལ་ཕོ་མཚན་སེམས་ཅན་གྱི་ཁར་སོང་
གིས་ཕས་ཕམ་མོ་སྙམ་དུ་ཐེ་ཚོམ་ཟོས་པ་ལས་ཕས་ཕམ་པར་ནི་མི་འགྱུར་གྱི། ཕྱིན་ཆད་ཕོ་མཚན་ཟིན་གྱིས་དོགས་པའི་ཆུ་ལ་རས་ཀྱིས་མ་དཀྲིས་པར་མ་འབོགས་ཤིག་ཅེས་བཅས་ཏེ་རས་ཀྱིས་མ་དཀྲིས་པར་འབོག་ན་ཉེས་བྱས། དེར་གྲུ་ལ་ཤེས་བཞིན་དུ་རྒལ། གྲུ་ལ་རྒལ་བའི་ཚེའང་གྲུ་བུབ་ན་
བུད་མེད་ཀྱིས་མི་ཟིན་པ་དང་རྒྱལ་བའི་ཕྱིར་ཕོ་མཚན་མི་ཟིན་པར་རས་ཀྱིས་དཀྲི་བ་ཤེས་བཞིན་དུ་བྱ། དེ་ལྟར་འདུ་ཤེས་མ་བཞག་ན་ཉེས་བྱས། བའི་ནང་དུ་འགྲོ་ན་ཡང་ངོ་། །བ་ལང་གི་ཁྲོད་དུ་འགྲོ་ན་འང་རྡུང་དུ་འོང་བའི་ཕྱིར་བག་བྱ་བ་དང་བ་ལང་མི་རེག་པར་ཤེས་བཞིན་དུ་མ་བྱས་ན་ཉེས་བྱས། ཁྲོན་
པའི་ཆུར་བརྟག་པ་ཡང་ངོ་། །ཁྲོན་པའི་ནང་ན་བུད་མེད་འགྱེལ་ཞིང་འདུག་པ་སྔངས་ཏེ་བདག་ལ་འཛིན་དུ་འོངས་པའི་ཕྱིར་སྔ་ནས་ཅི་ཡོད་བརྟག་པ་དང་གཅིག་ཏུ་ན་བུད་མེད་ཁྲོན་པའི་ཁ་ན་འགྲེང་ན་མོ་མཚན་གྱི་གཟུགས་བརྙན་ཆུའི་ནང་དུ་འོང་བ་མཐོང་ན་འདོད་ཆགས་སྐྱེ་བའི་ཕྱིར་བུད་མེད་ཆུ་ཆུ་བ་
เล่ม ๑๖๕ · หน้า 50a
ཡོད་ན་ཁྲོན་པར་མི་བརྟགས་པར་མ་བྱས་ན་ཉེས་བྱས། བསོད་སྙོམས་ཟས་ཀྱི་ཕྱིར་གྲོང་དུ་སྤྱད་པ་གྲོང་བར་དུ་བསོད་སྙོམས་སྤྱོད་པའི་ཚེ་བུད་མེད་ལ་མི་རེག་པ་ལ་སོགས་པ་ཤེས་བཞིན་དུ་མ་བྱས་ན་ཉེས་བྱས། རབ་ཏུ་བརྟག་པར་བྱ་སྟེ་རབ་ཏུ་དབྱུང་། རབ་ཏུ་དབྱུང་བ་ཞིག་
འོངས་ན་ཕོ་ཡིན་ནམ་མོ་ཡིན་པ་རྟོགས་པར་བྱ་སྟེ་རབ་ཏུ་དབྱུང་། མ་བརྟགས་ན་ཉེས་བྱས། གཅིག་པུ་བླ་གབ་མེད་པ་ན་ལོགས་མི་དབབ། བླ་གབ་མེད་པ་ན་གྲོགས་མེད་པར་གཉིད་མ་ལོག་ཀྱང་ལོགས་ཀྱིས་ཕབ་སྟེ་མི་ཉལ་ཐལ་བྱུང་གཉིད་ཀྱིས་ལོག་པར་འགྱུར་བའི་ཕྱིར་ཏེ་ལོགས་ཀྱིས་ཕབ་ན་
ཉེས་བྱས། སྒོ་མ་བཅད་པའི་ཁྱིམ་དུ་དགེ་སློང་མས་བསམ་གཏན་མི་བྱ་བ་དང་ཡང་ངོ་། །སྒོ་མ་བཅད་པར་དགེ་སློང་མ་བསམ་གཏན་མ་བྱེད་ཅིག་མ་ཉལ་ཅིག་སྐྱེས་པ་ཐུག་ཐུབ་ཏུ་རྒྱོར་ཡང་ངོ་། །ཕས་ཕམ་པ་དང་པོ་སྟེ་བྱེ་བྲག་ཏུ་གདོན་མི་ཟ་བའོ། །ཕས་ཕམ་པ་བཞིའི་དང་པོ་མི་ཚངས་པར་
སྤྱོད་པ་འདུལ་བ་བྱེ་བྲག་ཏུ་གདོན་མི་ཟ་བ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ་མི་ཚངས་པར་སྤྱོད་པ་དང་པོ་རྫོགས་སོ།། །།མ་བྱིན་པར་ལེན་པའི་ཕས་ཕམ་པ་ལ་འཆད་དེ། འཕྲོག་པ་དང་། བདག་གིས་འཕྲོག་པ་དང་བརྐུས་པ་ལའང་རུང་སྟེ་ཡན་ལག་གཅིག །འཕྲོག་ཏུ་བཅུག་
པའོ། །མངོན་སུམ་དུ་འཕྲོག་ཏུ་བཅུག་ཀྱང་རུང་རྐུར་བཅུག་ཀྱང་རུང་སྟེ་ཡན་ལག་གཅིག །ཕོ་ཉས་ཀྱང་ངོ་། །ཕོ་ཉ་བཏང་སྟེ་རྐུར་བཅུག་ཀྱང་རུང་འཕྲོག་ཏུ་བཅུག་ཀྱང་རུང་ཡན་ལག་གཅིག །ཡན་ལག་བདུན་དུ་བརྩི་ན་ནི་ཡན་ལག་གོང་མ་གཉིས་དང་གསུམ་ལ་ཡན་ལག་གཅིག་ཏུ་བརྩིའོ། །
མ་བྱིན་པའོ། །བདག་གི་ནོར་ཀྱང་མ་ཡིན་གཞན་གྱིས་ཀྱང་མ་བྱིན་པ་ལ་བྱ་སྟེ་ཡན་ལག་གཅིག །མ་ཤ་ཀ་ལྔ་ལ་སོགས་པའོ། །སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་ཞོའི་བརྒྱད་ཆ་གཅིག་གིས་ཕམ་དེང་སང་དུས་དང་སྦྱར་ཏེ། རྒྱ་གར་ཡུལ་གྱི་མ་ཤ་ལས་བོད་ཀྱི་དངུལ་གྱི་ཐང་དུ་བརྩིས་
ན། དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དོ། །བརྒྱད་ཆ་གཅིག་ཡན་ཆད་བརྐུས་ན་ཕམ་སྟེ་ཡན་ལག་གཅིག །སངས་རྒྱས་ཀྱི་ཚེ་པ་ན་རིན་ཆུང་བས་ལྔས་ཕམ། དེང་སང་རིན་ཆེ་བས་བཞི། རྐུ་སེམས་ཀྱིས་སོ། །རྐུ་སེམས་ཀྱིས་རྐུ་བ་ལ་བྱ་སྟེ་ཡན་ལག་གཅིག །མིའི་རྒྱུད་ཀྱི་བཅངས་པ་ལའོ། །ལམ་
เล่ม ๑๖๕ · หน้า 50b
རྒྱུད་བཞི་མ་གཏོགས་པར་མིའི་ནོར་ལ་བྱ་སྟེ་ཡན་ལག་གཅིག །ཡན་ལག་བཅུར་བརྩིས་ན་ནི་མདོ་འདི་ཉིད་ལས་མི་ནོར་ལས་བླངས་པ་གོང་ནས་བཤད་དེ་ཡན་ལག་གཉིས་སུ་བརྩི། ཡན་ལག་བདུན་གྱིས་ཕམ་པར་བརྩི་ན་ཡང་ཡན་ལག་འདི་གཉིས་སུ་བགྲང་ངོ་། །དེར་འདུ་ཤེས་པའོ། །མིའི་
རྒྱུད་ཀྱི་ནོར་ཡིན་པར་འདུ་ཤེས་པ་ལ་ཡན་ལག་གཅིག །ནོར་བདག་གི་སེམས་ཀྱིས་ཀྱང་མ་བཏང་སྟེ་བདག་གི་ཡིན་པར་སེམས་པ་ཡན་ལག་གཅིག་སྟེ། ཡན་ལག་འདི་བཅུ་དང་ལྡན་ན་ཕམ། མ་ཚང་ན་སྦོམ་པོ། ཡན་ལག་བདུན་གྱིས་ཕམ་པར་བྱས་ན་འདི་གཉིས་ལ་གཅིག་ཏུ་བརྩིའོ། །བདག་
པོ་ལས་རླག་ནས་སེམས་ཀྱིས་མ་བཏང་ན་རེ་བ་མ་ཆད་པའོ། །གོས་དང་ནོར་རྫས་ལ་སོགས་པ་རླུང་དང་ཆུས་ཁྱེར་བ་ལྟ་བུར་འཁྱམས་པ་ལ་ནོར་བདག་གི་སེམས་ལ་སླར་རྙེད་དུ་རེ་བའི་སེམས་ཡོད་པ་ལས་བརྐུས་ན་ནི་ཕམ། སླར་རྙེད་དུ་རེ་བའི་སེམས་མེད་ན་བདག་པོ་མེད་པའི་ནོར་དུ་བརྩིའོ། །གསོན་
མར་བསྔོས་པ་བདག་པོར་འགྱུར་རོ། །སངས་རྒྱས་དང་ཆོས་ཀྱི་དཀོར་དང་ལྷ་མ་སྲིན་ལ་སོགས་པའི་ནོར་དུ་བསྔོས་ཤིང་སྲུང་མ་ཡོད་པ་ལས་བརྐུས་ན་ཕམ། བྱ་དང་རི་དགས་ལྟ་བུ་གསོན་མ་ལ་རྒྱན་བཏགས་པ་ལས་བརྐུས་ནའང་བདག་པོ་མི་ཡིན་པས་ཕམ་མོ། །བཟའ་བའི་ཕྱིར་བྱིན་པ་ནི་བསམ་པའི་
རྒྱུད་མེད་དེ། ཕྱུགས་ལ་ཆོས་དང་རྩྭ་དང་ཆུ་ལ་སོགས་པ་སྦྱིན་པར་བསྔོས་པ་ལས་བརྐུས་པ་ནི་ཕྱུགས་ལ་བསྔོས་པའི་སྟེང་དུ་ཕྱུགས་ཀྱིས་ཟོས་ནས་མེད་པར་འགྱུར་བས་ན་སྦོམ་པོ། མ་ཞུགས་ནས་བདག་པོ་མ་ཡིན་ཏེ། རི་དགས་དང་བྱ་དང་གཅན་གཟན་ལ་སོགས་པ་བཤོར་བར་མི་བཏང་བ་དང་
ལིངས་བཏབ་པ་ལ་སོགས་པ་ཁོངས་སུ་མ་ཆུད་ཅིང་དང་རུམ་འབྱོར་བ་ལས་བརྐུས་པ་ནི་བདག་པོ་མེད་པར་བརྩིའོ། །རི་དགས་དང་བྱ་དང་གཅན་གཟན་དག་བཟུང་བའི་ཕྱིར། མེ་བཏང་བ་ལ་སོགས་པའོ། །རི་དགས་དང་བྱ་དང་གཅན་གཟན་ལ་སོགས་པ་བཤོར་བའི་ཕྱིར་ལིངས་དང་མེ་ལ་སོགས་པ་
དང་། རུ་འབྱོར་ཅིང་ཁོངས་སུ་ཆུད་པ་དང་། ཁོངས་སུ་མ་ཆུད་ཀྱང་མངའ་ལྟ་བུ་ཕོག་སྟེ་སྨས་པ་སྙགས་མ་ཕྱི་བཞིན་འོངས་པ་ལྟ་བུ་ལས་བརྐུས་ན་ནི་བདག་པོ་ཡོད་པར་འགྱུར་ཏེ་ཕམ་མོ། །ཁོངས་ནས་བརྐུས་པ་ཡང་ཕམ་མོ། །མ་ཆུད་ན་དངོས་པོ་ཅན་དུ་གཟུང་ངོ་། །ནོར་བདག་མིའམ་བྱོལ་
เล่ม ๑๖๕ · หน้า 51a
སོང་གང་ཡིན་གཏོལ་མེད་པའི་ནོར་ཞིག་ལ་སུའི་ཡིན་ཀྱང་རུང་གི་བརྐུའོ་ཞེས་བསམས་པ་ནི་ནོར་བདག་མི་ཡིན་ན་ཕམ་པར་འགྱུར། ཕྱུགས་ཀྱི་ཡིན་ན་སྦོམ་པོར་འགྱུར་མི་ཡིན་ན་སླར་གཞག་གོ་ཞེས་བསམས་པ་ནི་མིའི་ཡིན་ཀྱང་བླངས་ཏེ་སླར་གཞག་ན་མི་ཕམ་མོ། །
རྐུ་བའི་ཚེ་གནས་དང་དུས་ཀྱི་རིམ་གྱིས་སོ། །རྐུས་པའི་ནོར་གྱི་རིན་ཐང་བརྩི་བ་ནི་ནས་འབྲས་ལ་སོགས་པ། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཀྱི་རིན་ཐང་དུ་བརྩི། ལྷོ་བལ་ཡུལ་དང་བོད་ཡུལ་ལྟ་བུ་ནོར་རྒྱུ་གཅིག་ལ་རིན་ཆེ་ཆུང་དུ་འགྱུར་བ་ཡང་ཡུལ་ལམ་གནས་དེ་ཉིད་ཀྱི་རིང་ཐང་དུ་བརྩི་སྟེ་ཚང་
ན་ཕམ་སྟེ་གླ་རྩི་དང་ཁ་ར་ལྟ་བུའོ། །མི་འདོད་པ་རྣམས་ལྟུང་བ་མེད། བུམ་པའམ་གདང་ཤིང་ངམ་ཞྭ་བརྐུས་པ་ལས། བུམ་པའི་ནང་ན་རྫས་ཡོད་པ་གདང་ཤིང་དང་ཞྭའི་ཟླ་ལ་ནོར་འོངས་ཏེ་མི་འདོད་དེ་སླར་བསྐྱལ་བར་བྱས་པ་ན་ཕམ་པར་མི་འགྱུར་རོ། །ཞྭ་དང་གདང་ཤིང་དང་བུམ་པ་ཉིད་
ཀྱིས་རིན་ཐང་བརྩིའོ། །བདག་གིར་དང་གཞན་གྱི་ནོར་རྫས་ཞིག་ལ་ནོར་དེ་བདག་གི་ཡིན་པར་མཐོང་སྟེ་སྤྱད་པ་དང་། རེ་ཞིག་གི་དུས་དང་། གྲོགས་པོའི་རྫས་ཕྲན་ཚེགས་ཞིག་བརྙའོ་ཞེས་མ་བྱས་ཀྱང་སྐད་ཅིག་ཙམ་སྤྱད་པ་དང་། ཡིད་བརྟན་པའི་སེམས་ཀྱིས་དང་། གྲོགས་པོ་ཡིད་བརྟན་
ཏེ་མི་དགའ་བར་མི་འགྱུར་བའི་རྫས་ཞིག་ལ་ཐུག་ཐུབ་པར་སྤྱད་པ་དང་། གཞན་ལ་གསོལ་ཏེ་ནའོ། །རྫས་ཐུན་མོང་དུ་སྤྱད་དོ་ཞེས་སྔར་འཐམས་ཏེ་སྤྱད་པ་འཕྲལ་ལ་བརྙས་ཏེ་སྤྱད་པ་དང་འདི་རྣམས་ལྟ་བུ་སྤྱད་པ་ན་རྐུ་སེམས་མེད་ན་ཉེས་མེད་དོ། །གཞན་ཡང་རྐུ་བའི་སེམས་མེད་ནའོ། །
རྐུ་སེམས་མེད་པར་ནོར་རྫས་བཟང་ངན་ལྟ་བའི་ཕྱིར་ལག་གིས་གཟུང་བ་ལྟ་བུ་དང་གཞན་ཞིག་གིས་བརྐུ་བའི་ཕྱིར་དེ་འདྲ་བ་ཞིག་ལོང་སྟེ། ང་ལ་བྱིན་ཅིག་ཅེས་ཟེར་བ་ལ་བདག་གིས་རྐུ་བར་མི་ཤེས་ཤིང་བདག་ལ་རྐུ་སེམས་མེད་པར་ཁོའི་ཁ་ཐབས་བཞིན་དུ་བླངས་ཏེ་བྱིན་པ་ལ་སོགས་
པ་ནི་ཉེས་མེད་དོ། །སྙིང་རྗེ་བའི་ཕྱིར་འཁྲུལ་གྱིས་བཏང་ན་ཡང་ངོ་། །ཨ་ནན་ཏའི་བྱིན་དའི་བུ་སྟོན་ཀའི་དུས་ཀྱི་རྐུན་པོས་བརྐུས་པ་ལས་མཽད་གལ་གྱིས་རྐུན་པོ་བུ་གཉིས་ལ་སྙིང་རྗེ་བའི་ཕྱིར་དམག་མི་ཕལ་མོ་ཆེར་སྤྲུལ་ཏེ་བསྡིགས་ནས། རྐུན་པོས་བུ་སླར་བཏང་བ་དང་། དྲུག་སྡེ་ཕས་ཕམ་
เล่ม ๑๖๕ · หน้า 51b
པར་གྱུར་ཏོ་ཞེས་བརྒལ་ནས་སྙིང་རྗེ་དང་འཕྲུལ་གྱིས་བྱས་པས་ཉེས་མེད་པའོ་ཞེས་བཅས། ཐམས་ཅད་དུ་ཡང་སྦྱོར་བའི་ཉེས་བྱས་པའོ། །ཕས་ཕམ་པ་དང་ལྷག་མ་དང་ལྟུང་བ་དང་བཞི་སོ་སོར་མཐོལ་བ་དང་མང་པོ་བསླབ་པ་དང་། ལྟུང་བ་འདི་སྡེ་ལྔ་ཐོག་མ་བྱེད་ཅིང་སྦྱོར་བའི་ཚེ་ན་གང་
ཡང་རུང་སྟེ་ཉེས་བྱས་པའོ། །དེ་སྟེ་རྩ་བའི་སྡེ་འདིར་ནི་སྦོམ་པའོ། །ཕས་ཕམ་པ་བཞི་ལས་གང་ཡང་རུང་སྟེ་ཐོག་མ་ཕམ་པར་བྱེད་ཅིང་སྦྱོར་བའི་ཚེ་ཉེས་བྱས་ཀྱི་ཐོག་ཏུ་སྦོམ་པོ་རེ་རེ་ཡང་ཡོད་དོ། །སྦོམ་པོར་འགྱུར་བ་ཞིག་སྤྱོད་ནའང་ཐོག་མར་ཉེས་བྱས་པ་ཡོད་དེ་དེའི་འོག་ཏུ་ཕམ་པ་ལ་
བརྩོན་པས་སྦོམ་པོའོ། །མདོ་བཞིན་པའི་ཡང་དེ་བཞིན། བཅུ་གསུམ་དགེ་འདུན་གྱི་ལྷག་མར་འགྱུར་བ་ཞིག་སྤྱོད་ནའང་ཐོག་མ་སྦྱོར་བའི་ཚེ་ཉེས་བྱས་སུ་གྱུར་པའི་འོག་ཏུ་སྦོམ་པོ་གཅིག་ཀྱང་ཡོད་དོ། །མ་ཚང་བ་བརྐུས་ན་ཡང་ངོ་། །མིའི་ནོར་ལས་བརྐུས་པ་ལས་དངུལ་ཞོའི་བརྒྱད་ཆ་གཅིག་
ཏུ་མ་ཚང་བ་མན་ཆད་ནི་བརྐུས་ཏེ། བླངས་ཀྱང་སྦོམ་པོར་འགྱུར་རོ། །བདག་པོ་མེད་པའི་གཏེར་ཡང་ངོ་། །ནོར་བདག་གིས་ནོར་གཏེར་དུ་སྦས་པ་ལས་ཤི་ནས། བུས་རྒྱུས་མི་ཤེས་པ་ལྟ་བུ་དང་། རྒྱལ་པོའི་ས་རིས་ཀྱི་ནང་དཀོར་ཁུང་ཡོད་པ་མངོན་པར་མ་བཏོད་ཅིང་། རྒྱལ་པོས་མི་ཤེས་པ་ལྟ་བུ་
ལ་བརྐུས་ན་རིན་ཐང་ཚང་ཡང་སྦོམ་པོའོ། །བདག་གི་ཡང་ངོ་། །དགེ་སློང་ཨ་ཛི་ཏ་ལ་ཆོས་གོས་བཟང་པོ་ཅིག་ཡོད་དེ། དགེ་སློང་ཅིག་གིས་མཐོང་ནས་བརྐུ་བར་བྱས་པ་དང་། ཨ་ཛི་ཏས་ཚོར་ཏེ་བདག་གི་ཆོས་གོས་ཀྱི་གནས་སུ་ཁོའི་ཆོས་གོས་གཞག་པ་དང་། དགེ་སློང་དེས་ཆོས་གོས་དེ་བརྐུས་
ཏེ་གུད་དུ་བལྟས་ན་བདག་གི་ཆོས་གོས་ཡིན་པར་གྱུར་པ་ལས་བཅས་ཏེ། བདག་གི་རྫས་ལ་གཞན་གྱི་ནོར་དུ་བསམས་ཏེ་བརྐུས་ན་ཡང་སྦོམ་པོ། རྒྱུད་གཞན་གྱི་ཡང་ངོ་། །མི་མ་གཏོགས་པ་ལམ་རྒྱུད་བཞི་གང་ཡང་རུང་སྟེ་ནོར་རྫས་བརྐུས་ན་སྦོམ་པོ། བདག་གིར་མ་བྱས་ཀྱང་། བདག་
གི་ནོར་དུ་བྱ་བའི་ཕྱིར་མ་བརྐུས་ཀྱང་འདི་རྣམས་ལྟར་བྱས་ན་སྦོམ་པོ། སྦས་སམ། ནོར་ཆུད་གཟན་ཅིང་མེད་པར་བྱ་བའི་ཕྱིར་སའི་ནང་ལ་སོགས་པར་སྦས་པ་དང་། མ་རུང་བར་བྱས་པ་དང་། ནོར་རྫས་མེར་བསྲེགས་སམ། ཆུ་ལ་བསྐུར་རམ་དྲལ་བཅོམ་པ་ལ་སོགས་པ་ཆུད་གཟན་པ་
เล่ม ๑๖๕ · หน้า 52a
དང་། བཅིངས་པ། ནོར་བདག་དང་མི་ཕྲད་པར་བྱ་བའི་ཕྱིར་གནག་རྟ་ལྟ་བུ་བཅིངས་ཤིང་བཏགས་པ་ལྟ་བུ་དང་། འཕྲོལ་བ་ལ་སོགས་པ་དང་། གནག་རྟ་ལ་སོགས་པ་བཏགས་པ་ལས་སྟོར་ཅིང་མེད་པར་བྱ་བའི་ཕྱིར་འཕྲོལ་ཏེ་འཁྱམ་དུ་བཏང་བ་དང་། ཕྲལ་བ་ཡང་
ངོ་། །འདི་རྣམས་ལྟ་བུ་ལ་སོགས་པ་ནོར་བདག་དང་ནོར་དུ་ཕྲལ་བའི་ཕྱིར་ཆུད་གཟན་པའི་ཕྱིར་བྱས་པ་མེད་པར་བྱས་པ་ནི་སྦོམ་པོའོ། །ཉེས་བྱས་པ་ནི་སྙིང་རྗེའི་སེམས་ཀྱིས་བཏང་ནའོ། །རི་དགས་དང་གཅན་གཟན་རྙི་དང་། རྒྱ་ལ་ཟིན་པ་དང་ཕྱུགས་ལ་སོགས་པ་བསད་པར་བཏགས་ཤིང་
བཅིངས་པ་ལ། རི་དགས་ལ་སོགས་པ་དང་བདག་པོ་གཉིས་ཀ་ལ་སྙིང་རྗེའི་ཕྱིར་ཐུག་ཐུབ་ཏུ་བཏང་བ་ནི་ཉེས་བྱས། རྒྱ་དང་རྙི་ལ་སོགས་པ་སྙིང་རྗེ་བའི་སེམས་ཀྱིས་དྲལ་ཅིང་བཏང་བ་ཡང་ཉེས་བྱས་ཏེ། སྙིང་རྗེ་ལ་རྣམ་གཉིས་སོ། །བཟློག་ཀྱང་མ་བྱས་པ་མ་ཡིན། རྐུན་པོས་དགེ་སློང་ལ་རྐུ་
བའི་རྒྱུས་དྲིས་པ་ལ། དགེ་སློང་གིས་སྐྱེས་པ་མེད་དོ། །ཁྱི་མི་ཟའོ་ཞེས་བྱ་སྟེ། རྐུ་བར་བསྟན་པའི་འོག་ཏུ་སྔར་སྨྲས་པ་བརྫུན་བྱ་སྟེ། རྐུ་བའི་མི་རིགས་སོ་ཞེས་སླར་བཟློག་ཀྱང་སྦོམ་པོར་འགྱུར་རོ། །མ་རེག་པ་ཚུན་ཆད་སྦྱོར་བའི་སྦྱོར་བའོ། །ནོར་རྐུ་བར་བསམས་ནས་ནོར་ལ་མ་རེག་ཚུན་
ཆད་སྦོམ་པོ་ལ་སྦྱོར་བ་སྟེ་ཉེས་བྱས་སུ་འགྱུར་རོ། །བེན་ན་གོམ་པ་རེ་རེ་ཞིང་ངོ་། །མཁན་པོ་ལྟ་བུས་སློབ་མ་ལ་ཆོས་གོས་བསྐུར་ཏེ་ཕྱི་བཞིན་དུ་འབྲང་དུ་བཅུག་པ་ལས། སློབ་མ་དེས་རྐུ་བར་བསམས་ཏེ། བེན་ན་གོམ་པ་དུ་བོར་བ་རེ་རེ་ཞིང་ཉེས་བྱས་རེ་རེར་འགྱུར་རོ། །དེའི་རྒྱུད་ན་སེམས་ཅན་
སོ་སོ་ལས་སོ། །མི་གཉིས་གསུམ་ཡན་ཆད་མང་པོ་ཞིག་གི་ནོར་ལ་དགེ་སློང་ཅིག་གིས་བརྐུས་ན་མི་དེ་རྣམས་ཀྱི་སོ་སོའི་ནོར་སྐལ་ལས་རིན་ཐང་ཚང་ན་མིང་དུ་ཡོད་པ་བཞིན་དུ་ཉེས་བྱས་དང་། སྦོམ་པོ་རེ་རེ་ཡང་ཡོད། ཕས་ཕམ་པ་ནི་སྤྱིར་གཅིག་ཏུ་ཟད་དེ་སྡིག་ནི་མི་དུ་ཡོད་པ་བཞིན་དུ་ཕས་ཕམ་
པ་རེ་རེའི་སྡིག་ཡོད། རིན་ཐང་མ་ཚང་ན་སྦོམ་པོ་དང་ཉེས་བྱས་རེ་རེ་ཡོད་དུ་ཟད་དོ། །ཕུར་པ་ལས་བཀྲོལ་བ་ནི་གྲུ་ལ་རེག་པ་མ་ཡིན་ནོ། །གྲུ་བརྐུ་བའི་ཕྱིར་ཉག་ཐག་ཕུར་པ་ལས་བཀྲོལ་བ་ནི་གྲུ་ལ་རེག་པ་མ་ཡིན་ཏེ། སྦོམ་པོར་མི་འགྱུར་གྱི་ཉེས་བྱས་པའོ། །ཁུར་གྱིས་རྐུ་བར་དེར་བྱེད་ཅིང་བརྐུས་པར་
เล่ม ๑๖๕ · หน้า 52b
ནའོ། །སྣམ་བུའམ་རས་སམ་ནོར་གང་ཡང་རུང་བ་ལས། མང་མོ་ཞིག་ཁུར་དུ་དྲགས་ཏེ་རྐུ་བ་ནི་བརྐུ་བར་བསམས་པའི་ཕྱིར་ཉེས་བྱས་ནི་གཅིག་ཏུ་ཟད། འདྲ་བའི་ཕྱིར་སྐྱེད་ཅིང་སྡུད་པ་ལ་རེག་པ་རེ་རེ་ཞིང་སྦོམ་པོ་རེ་རེ། དྲགས་ཟིན་ནས་འདེགས་པར་རེག་པའི་ཚེ་ཡང་སྦོམ་པོ་གཅིག །བཏེག་
སྟེ་འཕགས་ན་ཕམ་པར་འགྱུར། བཏོགས་ནས་ཕུང་པོར་ནའོ། །ཤིང་ཏོག་བཏོགས་ནས་སྣོད་དུ་སྡུད་པའི་ཚེ་སྡུད་པར་རེག་པ་རེ་རེ་ལ་སྦོམ་པོ་རེ་རེ་བསྡུས་ཟིན་ནས་བཏེག་པར་རེག་པའི་ཚེ་སྦོམ་པོ་གཅིག་བཏེག་སྟེ་འཕགས་ན་ཕམ། ཉེས་བྱས་ནི་བརྐུ་བར་བསམས་པའི་ཕྱིར་གཅིག་ཏུ་
ཟད་དོ། །ཡལ་ག་བཀལ་ཏེ་བཅད་པ་ནི་ཤིང་ཏོག་དང་མེ་ཏོག་ལ་སོགས་པ་དུ་ཡོད་ཀྱང་སྦོམ་པོ། སྤྱིང་བ་ནི་གནས་ཀྱི་སྟེང་ནས་ནོར་གྱི་སྤྱི་བོ་ནུབ་ནའོ། །ཆུ་དང་ས་ལྟ་བུའི་ནང་དུ་ནོར་བརྐུ་བའི་ཕྱིར་སྦྱོར་བ་ནི་ནོར་གྱི་སྤྱི་བོ་ནུབ་ཅིང་མི་སྣང་ན་ཕམ། ཆུའི་ཞབས་སུ་ནོར་སོང་སྟེ་ཆུ་དང་པས་
སྟེང་ནས་བལྟར་སྣང་བ་ནི་སྦོམ་པོ་སྟེ་ཆུའི་འོག་གི་སའི་ནང་དུ་སྤྱིངས་ཏེ་མི་སྣང་ན་ཕམ། བཀུར་བའི་སེམས་ཀྱིས་གང་འདི་ནས་ཕྱིས་བཀུར་བར་ནའོ། །མདོ་ལྟག་མ་ལྟར་སྦས་ཏེ་བཞག་པའི་ཚེ་མི་ཕམ་གྱི་ཕྱིས་བླངས་ཏེ་ཁྱེར་བའི་ཚེ་ཕམ་མོ་ཞེས་ཀླན་ཀ་ཚོལ་བའི་ཕྱིར་མདོ་འདི་འཆད་དེ་སྦ་སྟེ་བཞག་
ནས་ཕྱིས་བླངས་ཏེ་བཀུར་རོ་ཞེས་བསམས་སུ་ཟིན་ཀྱང་སྦས་པའི་ཚེ་ནོར་མི་སྣང་ན་ཕམ་པར་འགྱུར་རོ། །བཤལ་བ་ནི་ཐོག་མའི་གཞིའི་མཚམས་ལས་མཇུག་མ་འདས་ནའོ། །ནོར་ཞིག་ས་ལས་བཤལ་ཏེ་རྐུ་ན་གཞི་ག་ལ་འདུག་པའི་ནོར་གྱི་མཐའ་མ་འམ་མཇུག་མ་འདུག་པའི་མཚམས་ལས་
འདས་ན་ཕམ་པར་འགྱུར། དེ་ལྟར་འགྱུར་བ་ཡང་ནོར་འདུག་པའི་གཞི་ལ་སའི་སྲུབས་སམ་བང་རིམ་ལྟ་བུའི་མཚམས་མེད་ན་ནོར་གྱི་མཇུག་མའི་མཚམས་འདས་ན་ཕམ། ཡོག་པའི་ནང་དུ་ཆུད་པ་ནི་དེར་མ་ཡིན་ནོ། །ནོར་བཤལ་ཏེ་རྐུ་བའི་འོག་ན་མཚམས་སམ་ས་སྒལ་ཞིག་ཡོད་ན་ནོར་གྱི་
མཇུག་མའི་མཚམས་མ་འདས་ཀྱང་ས་སྒལ་དེ་འདས་པས་ཕམ་པར་འགྱུར་ཏེ། དཔེར་ན་ཞིང་རོལ་གྱི་སྟེང་ནས་ཤིང་རིངས་རྐུ་བ་ལྟ་བུའོ། །དེའི་གཟུགས་ནི། མཚམས་འདས་ན་ཕམ་པར་འགྱུར་བའི་མཚམས་ཀྱི་གཟུགས་ནི་འདི་རྣམས་ལྟ་བུ་གང་ཡང་རུང་ངོ་། །འཕགས་པ་དང་། ས་སྐྲངས་
เล่ม ๑๖๕ · หน้า 53a
པ་ལྟ་བུའི་བང་རིམ་དང་། གས་པ་དང་། ས་གས་པའི་སེར་ཁ་དང་། ཡི་གེ་དང་། ཡི་གེའི་འབྲུ་ཚིག་ལས་གཅིག་གི་སྟེང་དུ་ཐལ་བ་དང་། ཁ་དོག་དང་གཞན་དང་། ཁ་དོག་སྣ་ཚོགས་སུ་འདུག་པ་ལས་གཅིག་ལས་ཁ་དོག་གཞན་གྱི་སྟེང་དུ་ཐལ་བ་དང་། མཚམས་དང་།
ས་ཤིང་ལ་སོགས་པའི་སྲུབས་ལྟ་བུ་དང་། རྣང་སྒལ་ལོ། །ཞིང་གི་རྣང་སྒལ་ལྟ་བུ་དང་འདི་རྣམས་གང་ཡང་རུང་སྟེ་བཤལ་བ་ལས་མཚམས་འདས་ན་ཕམ། སྲོག་ཆགས་ཀྱི་མུ་ནི་ཐ་དད་དཔེར་མངོན་ན་རྩིབ་མ་ལ་སོགས་པ་ལས་སོ། །ཕྱུགས་ལྟ་བུ་ལ་གོས་གཡོགས་སམ་བཀལ་བ་ལས་རྐུ་ན་
བསྙིལ་ཏམ་བཤལ་ཏེ། ཕྱུགས་རིང་ན་རྩིབ་མའམ་རུལ་བ་དག་གི་གཟུགས་མངོན་པར་སྣང་བ་གང་ཡང་རུང་འདས་ན་ཕམ། ཕྱུགས་ཚོན་པོ་རུས་པ་མི་མངོན་པ་ནི་ལུས་ལས་འདས་ཤིང་འཕགས་ན་ཕམ། གདིང་བ་བཏིང་བ་ཡང་གནས་བཞིན་ནོ། །ཕྱིང་པའམ་ཕྱར་བ་ལྟ་བུ་བཏིང་བའི་སྟེང་ནས་
བཤལ་ཏེ་རྐུ་ན་ས་ལ་བཤལ་བའི་མཚམས་དང་འདྲ་བར་ཕྱར་བའི་སྲུབས་སམ་ཁ་དོག་ཐ་དད་པའི་མཚམས་འདས་ན་ཕམ། བཙུགས་པ་ཡང་བཞག་པ་བཞིན་ནོ། །སྐྱེ་ཤིང་ངམ་མདའ་འཕངས་པ་ལྟ་བུ་ས་ལ་ཟུག་པ་ཞིག་ལས་རྐུ་ན་ཕྱུང་སྟེ་ས་ལས་འཕགས་ན་ཕམ་མོ། །གྱོན་པ་ནི་ཕྲལ་ནའོ། །
གོས་སམ་མགོ་རྒྱན་དང་གདུ་བུ་ལ་སོགས་པ་ལུས་ལ་ཐོགས་པ་ཞིག་ལས་རྐུ་ན་ལུས་ལས་ཕྲལ་ཏེ་འཕགས་ན་ཕམ། སོར་གདུབ་ལྟ་བུ་མཛུབ་མོའི་ཚིགས་འགའ་ཙམ་འདས་ནས་མི་ཕམ་གྱི་མཛུབ་མོ་ལས་འདས་ཏེ་འཕགས་ན་ཕམ། ཤོ་གམ་ནི་དེའི་ས་འདས་ནའོ། །ཤོ་གམ་གྱི་རྒྱུད་དུ་འགྲོ་
སྟེ། བདག་གི་ནོར་ལས་ཤོ་གམ་པ་དབང་བར་འགྱུར་བ་ཞིག་མི་སྦྱིན་པར་བསམས་ཏེ་སོང་བ་ནི་ཤོ་གམ་གཅོད་པའི་སའམ་མཚམས་འདས་ན་ཕམ་མོ། །མི་ནི་དུས་བྱས་ཏེ་དེ་སྟེ་དེར་གྲུབ་ནའོ། །མི་རྐུ་བ་ནི་དུས་བྱས་ཏ་དུས་མལ་དུ་ཕྲད་ན་ཕམ། དུས་ལ་རྣམ་པ་གསུམ་སྟེ་གོས་འདི་འདྲ་བ་
ཞིག་གྱོན་ནས་ཤོག་ཤིག་ཅེས་བྱ་བ་ལྟ་བུ་དང་། ཉི་ཚོད་འདི་ཙམ་ན་ཤོག་ཤིག་བྱས་པ་དང་། ཤིང་ངམ་རྡོ་འདིའི་དྲུང་དུ་ཤོག་ཤིག་ཅེས་བྱ་བ་ལྟ་བུ་གང་ཡང་རུང་ངོ་། །བྱ་ནི་དེ་སྟེ་དེ་ལྟར་སྤུར་ནའོ། །བྱ་རྐུ་བ་ནི་རྐུ་བའི་ས་ལོགས་སུ་བསྐྲད་སྤུར་ན་འཕུར་ཏེ། འཕགས་མ་ཐག་ཏུ་ཕམ། རྐུ་བའི་གནས་
เล่ม ๑๖๕ · หน้า 53b
མ་ཡིན་པར་ལོགས་ཤིག་ཏུ་འཕུར་བ་ནི་སྦོམ་པོ། བྱོལ་སོང་བཏགས་པ་ལས་བཀྲོལ་ནའོ། །རི་དགས་རྙི་ལས་ཟིན་པའམ་ཕྱུགས་ཕུར་པ་ལ་བཏགས་པ་ལྟ་བུ་རྐུ་ན་མ་འཕགས་ཀྱང་བླ་སྟེ་བཀྲོལ་མ་ཐག་ཏུ་ཕམ་མོ། །ཁྱུ་ལས་སམ་བཟུང་བ་ནི་མི་སྣང་བར་གྱུར་ནའོ། །ཕྱུགས་ཁྱུ་ལྟ་
བུ་ལས་རྐུ་ན་བཅིངས་ཏེ་བཞག་ཀྱང་རུང་བཀར་ཏེ་དེད་ཀྱང་རུང་བཟུང་སྟེ་ཁྲིད་ཀྱང་ཕྱུགས་ཕལ་མི་སྣང་བར་གྱུར་ན་ཕམ་མོ། །སྔགས་ཀྱིས་བཀུག་པ་ནི་སྣང་ནའོ། །སྔགས་བྱས་ཏེ་རྐུ་བ་ནི་སྔགས་ཀྱི་མཐུས་ནོར་རང་འོང་བ་མིག་སྔར་སྣང་ཞིང་མཐོང་ན་ཕམ། ནོར་འོང་ངམ་མི་འོང་བྱ་ར་བས་
བཙུགས་ཏེ་བྱ་ར་བས་མཐོང་ན། དགེ་སློང་གིས་མ་མཐོང་ཡང་ཕམ། ཕྱི་བཞིན་དུ་འགྲོ་བ་དང་། སློབ་མ་ལྟ་བུ་ལ་མཁན་པོའི་རྫས་ཤིག་བསྐུར་ཏེ་ཕྱི་བཞིན་དུ་འབྲང་བ་ལས་རྐུ་བ་དང་། སྐྱེལ་བ་ནི། ནོར་ཞིག་སྐྱེལ་དུ་བཏང་བ་ལས་རྐུ་བ་དང་འདི་རྣམ་གཉིས་ལྟར་རྐུ་ལ་འོག་ནས་མིང་གིས་
བཤད་པ་ལྟར་བྱས་ན་ཕམ་པར་འགྱུར་ཏེ། བེན་ཏམ། རྐུ་བའི་ཚེ་བེན་ཏེ་འདུག་པ་དང་། ལོག་གམ་ལམ་ལས་སླར་ལོག་སྟེ་སོང་བ་དང་། གྱུ་འམ། ལམ་ནས་གཡས་གཡོས་སུ་གྱུ་འམ། ཞུགས་སམ། ནགས་སམ་ཁང་པ་ལྟ་བུར་ཞུགས་པ་དང་། འཛེགས་ན་དེ་ཁྱེར་བ་སྔོན་བཞིན་ནོ། །ཤིང་
ངམ་བྲག་ལྟ་བུ་ལ་འཛེགས་པ་དེ་རྣམས་གང་ལྟར་བྱས་ཀྱང་རུང་སྟེ། ཕྱུགས་ཁྱུ་ལས་བརྐུས་ན་མི་སྣང་ན་ཕམ་པ་བཞིན་དུ། འདི་ཡང་མི་སྣང་བར་གྱུར་ན་ཕམ། གྲུ་ནི་ཐང་དང་ཡུར་བ་དང་མཚེའུ་ལས་ཀྱང་ངོ་། །གྲུ་རྐུ་བ་ནི་ཐང་ལ་ཁུར་དུ་ཁྱེར་བ་དང་ཡུར་བའི་ཆུ་ལས་དྲངས་པ་དང་མཚོ་ལས་
ཀྱང་རུང་སྟེ་ཐོག་མའི་གནས་མི་སྣང་བར་གྱུར་ན་ཕམ་མོ། །རྒྱུན་གྱི་རྗེས་སུ་ཡང་ངོ་། །ཆུ་འབབ་པའི་རྒྱུན་བཞིན་དུ་གྲུ་དྲངས་ཏེ་རྐུ་བ་ཡང་ཐོག་མ་འདུག་འདུག་པའི་གནས་མི་སྣང་བར་གྱུར་ན་ཕམ། ཐད་ཀར་ནི་འགྲམ་དག་མི་སྣང་ནའོ། །མཚོའམ་ཆུ་ཁ་ཚོན་ཆེན་པོ་ལྟ་བུ་ལ་གྲུ་ཐད་ཀར་
དྲངས་ཏེ་རྐུ་ན་ཕ་རོལ་གྱི་འགྲམ་དུ་མ་ཕྱིན་ཀྱང་ཐོག་མ་འདུག་པའི་ས་མི་སྣང་ན་ཕམ། གཞན་ནི་དེར་ཕྱིན་ནའོ། །ཆུ་ཁ་ཚོན་ཆུང་ངུ་ལས་གྲུ་དྲངས་ཏེ་རྐུ་ན་ཐོག་མ་འདུག་འདུག་པའི་གནས་སྣང་ཡང་ཕ་རོལ་དུ་ཕྱིན་ན་ཕམ། རྒྱུན་ལས་བཟློག་པ་ནི་ཚུགས་འདས་ནའོ། །གྲུ་ཆུ་འབབ་པའི་རྒྱུན་
เล่ม ๑๖๕ · หน้า 54a
ལས་སླར་བཟློག་སྟེ་གྱེན་དུ་དྲངས་ཏེ། རྐུ་ན་ག་ལས་འདོར་བའི་གྲུ་ཚུགས་འདས་པ་ན་ཕམ། གླགས་པ་མ་གཏོགས་ཏེ་བདག་གི་ལས་ཀྱི་མཐའ་གྲུབ་པར་འདོད་པ་དེའི་ཕྱིར། ཞིང་གི་ཆུ་རྐུ་བ་ནི་ལུད་དང་རྨོ་བརྐོ་དང་ཡུར་ཁུགས་ལྟ་བུ་བཟང་དུ་བྱས་ཏེ། ནས་བཟང་
པོར་སྐྱེས་པ་ནི་མ་གཏོགས་པར་བདག་གི་ཞིང་གི་ལས་བཟང་དུ་བྱས་ཤིང་ནས་བཟང་དུ་སྐྱེས་པར་གྲུབ་པར་འདོད་པའི་ཕྱིར། གཞན་གྱི་ལས་ཀྱི་མཐར་ཆུང་དུ་བཏང་ངམ། གཞན་གྱི་ཞིང་གི་ལས་བྱས་པ་ལ་ཆར་པ་ཆེ་བའི་ཚེ་གཞན་གྱི་ཞིང་དེ་ལ་བདག་ཞིང་གི་ཆུ་བྱོ་སྟེ་བཏང་། བགགས་
ནའོ། །ཐན་པ་བྱུང་བའི་ཚེ་གཞན་གྱི་ཞིང་གི་ཆུ་བཅད་དེ་བདག་གི་ཞིང་ལ་བཏང་བས། སྟོན་ཆུ་དེའི་ཡོན་ཏན་གྱིས་བཟང་ངན་གྱི་ཁྱད་ཅིག་ཞུགས་ན་ཕམ་མོ། །ཤས་འཐོབ་པའི་ཕྱིར་རྐུན་པོ་ལ་རྒྱུས་བསྟན་ནའོ། །རྐུན་ཤས་འདོད་པའི་ཕྱིར་རྐུན་པོ་ལ་རྒྱུས་བསྟན་ན་སྦོམ་པོའོ་ཞེས་
མདོ་ཚིག་ལྟག་ནས་འཆད་པ་ཡིན་མོད་འདི་ནི་ཤས་འདོད་པའི་ཕྱིར། རྐུན་པོ་ལ་རྒྱུས་བསྟན་ཏེ་རྐུན་པོས་ཤས་བྱིན་ཏེ་རིང་ཐང་ཚང་ན་ཕམ་མོ། །ས་དང་ཁྱིམ་ལ་མུ་འཁོར་དུ་བཅུག་ཅིང་བསྲེས་ནའོ། །ཞིང་ས་དང་ཁྱིམ་ས་ལྟ་བུ་རྐུ་ན་བདག་གི་ཞིང་དང་མུ་བསྲེས་ཏེ་ར་བའམ་འོབས་ལྟ་
བུས་བསྐོར་ནས་ར་བའམ། འོབས་ལྟ་བུ་སྣ་ཕྲད་དེ་ས་དེ་ལ་རིན་ཐང་བརྩིས་ཏེ་ཚང་ནའང་ཕམ་མོ། །དེ་སྟེ་རྒྱལ་པོའི་འཁོར་དུ་ཤགས་བཀྱེ་སྟེ་རྒྱལ་ནའོ། །ཞིང་ས་དང་ཁྱིམ་ས་ལྟ་བུ་ལ་གཞན་ཞིག་དང་ས་མཚམས་ལ་མི་འདུམ་མམ། ངོ་ལྡོག་སྟེ་རྒྱལ་པོ་ལ་ཤགས་བཀྱེ་ནས། དགེ་སློང་མི་
དབང་བ་ལས་རྒྱལ་པོས་དགེ་སློང་དབང་ངོ་ཞེས་བཅད་ན་ཕམ། དེ་བཞིན་དུ་ནོར་རྫས་གང་ཡང་རུང་ངོ་། །དེ་སྟེ་ཡུལ་དཔོན་ལ་བརྩམས་པ་ལས་ཕ་རོལ་གྱིས་བཏང་ནའོ། །ཞིང་ས་དང་ཁྱིམ་ས་ལ་མཚམས་དང་མུ་འམ། ངོ་ལྡོག་པ་ཡུལ་དཔོན་ནམ་མི་དྲ་མ་ཞིག་ལ་ཞལ་ཆེ་བཀྱེ་བ་ལས། ཡུལ་
དཔོན་ཡང་རུང་ཞལ་ཆེའི་ཟླ་ཡུལ་བདག་ཀྱང་རུང་སྟེ་དགེ་སློང་མི་དབང་མོད་ཀྱི་རྩོད་དཀས་ཀྱིས་ཐོང་ཞེས་བསམས་ནས་བཏང་ངམ། ཡུལ་དཔོན་གྱིས་ཐོང་ཞེས་ཟེར་བ་བཞིན་བཏང་ན་ཕམ་པར་འགྱུར། ནོར་རྫས་གཞན་ལ་རྩོད་པའང་དེ་དང་འདྲའོ། །དེ་ནི་སྦྱོར་བའོ། །ཞིང་ས་ལྟ་བུ་ངོ་ལྡོག་པ་ཡུལ་
เล่ม ๑๖๕ · หน้า 54b
དཔོན་ལྟ་བུས་དགེ་སློང་མི་དབང་བ་ལ་དབང་བར་བཅད་ནས་ཡུལ་དག་མ་རངས་ཏེ་མ་བཏང་ནས་ཞལ་ཆེ་སྤོས་ཏེ་བཀྱེ་ན་གྲངས་དུ་སྤོས་པ་བཞིན་དུ་སྦོམ་པོ་རེ་རེ། དགེ་སློང་མི་དབང་ལ་ཞལ་ཆེ་ཡང་ཡུལ་བདག་དབང་བ་བཅད་པ་ལས་དགེ་སློང་གིས་མ་བཏང་སྟེ་གྲངས་སྤོས་ཏེ་བཀྱེ་ན་གྲངས་དུ་
སྤོས་པ་བཞིན་དུ་སྦོམ་པོ་རེ་རེའོ། །རྐུ་བའི་སེམས་མེད་ན་ཤོ་གམ་གྱི་རྒྱུད་དུ་ཉེས་པ་འབྱུང་བར་མ་དོགས་ཤིག །ཤོ་གམ་གྱི་རྒྱུད་ཡོད་པར་མི་ཤེས་ལ་རྐུ་སེམས་ཀྱང་མེད་ན་ཤོ་གམ་དུ་འགྱུར་བའི་རྫས་ཤོ་གམ་གྱིས་འདས་ཀྱང་ཉེས་མེད་དོ། །དགེ་སློང་རྒན་པོ་ཞིག་གིས། དགེ་སློང་གཞོན་ནུ་རྒྱུས་
མི་ཤེས་པ་ཞིག་ལ་ཤོ་གམ་ལས་བཟླ་བའི་ཕྱིར་ཤོ་གམ་དུ་འགྱུར་བའི་ནོར་བརྐུས་ནས། ས་མཚམས་འདས་པ་དང་སླར་བླངས་ནས། དགེ་སློང་གཞོན་ནུ་ནོར་ཁྱེར་ཁྱེར་བ་དང་ཅི་ལྟར་མ་ཚོར་གྱི་ཕམ་པར་གྱུར་སྙམ། ཐེ་ཚོམ་ཟོས་ནས་དེ་ཉེས་པར་མི་འགྱུར་རོ་ཞེས་བཅས། ནོར་གང་གིས་
ཁྱེར་བ་དེས་སྦྱིན། དགེ་སློང་ལ་གཞན་གྱི་ནོར་ཤོ་གམ་དུ་འགྱུར་བ་ཞིག་བསྐུར་ཏེ་ཤོ་གམ་པའི་སར་འོངས་ནས་ཤོ་གམ་པ་ཅི་དབང་བ། དགེ་སློང་ཁྱེར་ཁྱེར་བ་དེ་སྦྱིན་ནོ། །བཏང་བ་ལས་གཞན་གྱི་བཟླས་ན་བརྐུས་པ་མ་ཡིན། དགེ་སློང་ལ་ཤོ་གམ་མ་བཅད་ཅིག་པར་གནང་སྟེ་བཏང་བ་ལས།
དགེ་སློང་དེས་གཞན་གྱི་ནོར་ཞིག་ཁྱེར་ཏེ་ཤོ་གམ་པ་ཅི་དབང་བ་ནོར་བདག་སྦྱིན་པའི་ཕྱིར་མ་བྱིན་ན་སྦོམ་པོའོ། །བདག་བཀུར་བའི་ཕྱིར་མ་བྱིན་ན་ཕམ་པ་བདག་བཀུར་བའམ། ནོར་བདག་སྦྱིན་པ་གཉིས་ཀར་ཡང་མ་བསམས་ལ་ཤོ་གམ་པ་ཅི་དབང་བ་མ་བྱིན་ན་ཉེས་བྱས་འདི་ནི་མདོའི་ཊཱི་ཀ་ལས་འབྱུང་།
ཞལ་ནས་གསུངས་པ་ལས་ནི་གཞན་གྱི་ནོར་ཤོ་གམ་ལས་བཟླས་ཏེ་ཤོ་གམ་པ་ཅི་དབང་བ་མ་བྱིན་ན་ཕམ་མོ་ཞེས་འབྱུང་བར་ཟད། བཅས་པའི་གཞི་ནི་རྒྱལ་པོ་འབྱི་འབྱི་ས་རས། དགེ་སློང་ལ་ཤོ་གམ་མི་གཅད་པར་གནང་བ་ལས། དགེ་སློང་གཅིག་ཅིག་གིས་འདྲོན་པོ་གཞན་གྱི་ནོར་ཤོ་
གམ་དུ་འགྱུར་བ་ཁྱེར་ཏེ་ཤོ་གམ་པ་དབང་བ་མ་ཡིན་པ་ལས་བཅས། མ་བཏང་ན་གཞན་ལས་མི་བཟླ། དགེ་སློང་གི་ནོར་ལ་ཤོ་གམ་མི་གཅད་པར་གནང་བ་མེད་པ་ལ་གཞན་དབང་ཆེན་པོའམ་ཁ་དྲག་པ་ལ་བདག་གི་ནོར་ཤོ་གམ་དུ་འགྱུར་བ་དེ་བསྐུར་ཏེ། ཤོ་གམ་པ་དབང་བ་མ་བྱིན་ཏེ་རིན་
เล่ม ๑๖๕ · หน้า 55a
ཐང་ཚང་ན་ཕམ། མ་ཚོར་བར་འདའ་བར་འགྱུར་བ་ནན་ཏན་མི་བྱ་བར་མི་བྱ། བདག་གི་སྣོད་ཀྱི་ནང་དུ་གཞན་གྱིས་ཤོ་གམ་དུ་འགྱུར་བའི་ནོར་བཅུག་ནས་མ་ཚོར་བར་ཤོ་གམ་ལས་འདས་པར་འགྱུར་བའི་ཕྱིར་སྔ་ནས་བསྲུང་ཞིང་ཚོར་བར་བྱ། ཚོང་པ་དང་དགེ་སློང་དག་
ཅིག་འགྲོགས་པ་དང་ཚོང་པས་ཤོ་གམ་དུ་འགྱུར་བའི་རྫས། དགེ་སློང་གི་སྣོད་དུ་མ་ཚོར་བར་བཅུག་ནས་ཤོ་གམ་འདས་ཏེ་ཚོར་ནས་ཐེ་ཚོམ་ཟོས་པ་ལས་ཉེས་བྱས་གཞན་ནི་མེད་ཀྱི་ཕྱིན་ཆད་ཚོར་བར་བྱོས་ཤིག་ཅེས་བཅས། མ་ཚོར་ན་ཉེས་བྱས། སྲུང་མ་དགེ་སློང་དུ་མ་ཞོག་ཤིག །
མདོ་ལྟག་མ་ལྟར་ཤོ་གམ་དུ་འགྱུར་བའི་ནོར་བདག་གི་སྣོད་དུ་གཞན་གྱིས་མི་བཅུག་པར་བྱ་བའི་ཕྱིར། བསོད་སྙོམས་སམ་གཅིག་ལ་འགྲོ་ན། དགེ་སློང་གཉིས་གསུམ་སྲུང་མར་ཞོག་ཤིག་མ་བཞག་ན་ཉེས་བྱས། དེ་དེའི་ཟས་སྦྱིས་སྦྱིན། སློང་མོ་ལ་དོང་པ་རྣམས་ཀྱིས་སྲུང་མར་
བཞག་པའི་ཟས་སོ་སོ་ནས་འཐེབ་ལྷག་པར་བླངས་ལ་ཕྱིས་སྦྱིན། དེས་དགག །སྲུང་མར་གཞག་པ་རྣམས་ཀྱིས་ཀྱང་བདག་ཅག་གི་སྣོད་ཤོ་གམ་དུ་འགྱུར་བའི་རྫས་ཤིག་འཇུག་ན་མི་གཞུག་པར་དགག །བཅུག་ན་བསྙད་སྲུང་མ་རྣམས་ཀྱི་མཐུས་མ་ནུས་ཏེ་བདག་ཅག་གི་སྣོད་དུ་ནོར་
ཞིག་བཅུག་ན། གྲོགས་ལ་བཅུག་གོ་ཞེས་བསྙད། མེད་ན་མཚན་གདབ། སྲུང་མ་གཞག་ཏུ་དགེ་སློང་གྲངས་ཀྱིས་མེད་ན་སྣོད་ཀྱི་ཁ་རྒྱ་འམ་མཚན་མ་བཏབ་སྟེ་སློང་དུ་འགྲོའོ། །མ་བཏབ་ན་ཉེས་བྱས། དྲིས་ཏེ་བླངས། བདག་གི་རྫས་ཚོང་པ་ལ་གཏམས་པ་ཞིག་སླར་ལེན་ན་ཤོ་
གམ་དུ་འགྱུར་བའི་རྫས་མ་བཅུག་གམ་ཞེས་འདྲི་སྟེ་བླང་། གཞན་གྱི་རྫས་ཤིག་བསྐུར་ནའང་ཤོ་གམ་དུ་འགྱུར་བ་མེད་དམ་ཞེས་དྲིས་ཏེ་བླང་། མ་དྲིས་ན་ཉེས་བྱས། དབྱུང་བར་གཞན་མ་གྲུབ་ན་རེ་ཞིག །བདག་གི་རྫས་རྒྱའམ་མཚན་མ་བཏབ་པ་ཉམས་ལ་དྲིས་ཀྱང་ལན་མི་སྟེར་ཏེ།
དགེ་སྦྱོང་མེད་ན་དབྱུང་བའི་ཕྱིར་སྣོད་ལ་རེག་པ་དང་གསེར་དངུལ་ལྟ་བུ་ཡོད་དེ། ལག་གིས་བཟུང་སྟེ་ཕྱུང་ཡང་ཉེས་མེད། ཆད་པར་བསྔོས་པ་ལས་མ་བྱིན་པའོ། །ཤོ་གམ་དུ་འགྱུར་བའི་ནོར་ཞིག་དཀོན་མཆོག་གསུམ་མམ་ཕ་མ་ལ་བསྔོས་པ་ཞིག་ནའང་། ཤོ་གམ་པས་མ་གནང་ན་
เล่ม ๑๖๕ · หน้า 55b
ཤོ་གམ་པ་ཅི་དབང་བ་སྦྱིན་དགོས་སོ། །མ་བྱིན་ན་སྦོམ་པོ། གྲོགས་པོ་དང་ཁྱིམ་པ་ལྟ་བུ་ཞིག་ལ་བསྔོས་ཏེ་མ་བྱིན་ནའང་སྦོམ་པོ་ཤོ་གམ་པས་བཏང་བར་བྱས་པའི་ཕྱིར་ཐབས་འོག་ནས་བཤད། དེ་གཏོང་བའི་ཕྱིར་ཕ་མ་དག་གི་བསྔགས། ཤོ་གམ་དུ་འགྱུར་བའི་ནོར་ཕ་མ་དག་ལ་བསྔོས་པ་
ལ་ཤོ་གམ་འདོད་ཅེས་ཟེར་ན་ཕ་མའི་དྲིན་ཆེ་བའི་ཡོན་ཏན་བསྔགས་ཏེ། ཁྱོད་ཀྱིས་བཏང་བའི་རིགས་སོ་ཞེས་བྱས་ལ་མ་བཏུབ་ན་ཅི་དབང་བ་སྦྱིན་དགོས། དཀོན་མཆོག་གི་ཡང་ངོ་། །ཤོ་གམ་དུ་འགྱུར་བའི་ནོར་དཀོན་མཆོག་གསུམ་ལ་བསྔོས་པ་ཞིག་ལ་མ་བཏང་སྟེ་ཤོ་གམ་འདོད་ཅེས་
ཟེར་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་བསྔགས་ཏེ་སྡིག་ཆེ་བར་བཤད་ལ་ཤོ་གམ་བཅད་པའི་མི་རིགས་སོ་ཞེས་བྱས་ལ་མ་བཏང་ན་སྦྱིན་དགོས་སོ། །སྦྱིན་པ་ནི་གཞན་གྱི་ཕྱིར་གཅིག་ལས་བསྐྱི་བའི་ཆོས་ཀྱིས་སོ། །ཕ་མ་དང་དཀོན་མཆོག་གཉི་ག་ལ་སོ་སོར་བསྔོས་པ་ཞིག་ལས་
ཤོ་གམ་སྦྱིན་དགོས་པར་གྱུར་ན་ཤོ་གམ་པ་ཅི་དབང་བ་ཕ་མ་འམ། དཀོན་མཆོག་གི་ནོར་གཅིག་ལས་བསྐྱི་བའི་ཆོས་སུ་བྱས་ཏེ་སྦྱིན་ནོ། །གོད་པའི་ཁ་ཡོ་ནི་ཕྱིས་བསྙམ་མོ། །ཤོ་གམ་དུ་འགྱུར་བ་དང་བཅས་ཏེ་ལམ་དུ་མི་འགྲོ། བདག་གི་རྫས་ཤོ་གམ་དུ་འགྱུར་བ་ཞིག་ཁྱེར་ཏེ།
མི་འགྲོ་ཤོ་གམ་དུ་འགྱུར་བ་ཁྱེར་ན་རྒྱང་གྲགས་རེ་རེ་ཤོ་གམ་དུ་མི་འགྱུར་ཞིང་ཉེས་མེད་པ་ནི་རས་ཀྱི་ཁ་གཉིས་ཁ་བཅད་པའ་མ། ཁ་དོག་བསྒྱུར་བ་ལས་ཡོ་བྱད་དུ་གཏོགས་པ་ལུས་གང་ཉི་ཚེ་ཁྱེར་ཏེ་སོང་བ་ནི་ཉེས་མེད། བསྒྱུར་བ་ནི་དེར་མི་འགྱུར་ཏེ་ལྕི་བ་ནི་བཙིར་བས་ཀྱང་ངོ་། །དགེ་
སློང་གི་ཡོ་བྱད་དུ་གོས་ཁ་དོག་བསྒྱུར་བ་ཤོ་གམ་དུ་མི་འགྱུར་བ་ནི་ལྕི་བ་བཙིར་ཏེ་བཙོས་པ་ཡན་ཆད་དུ་ཁ་དོག་བསྒྱུར་བ་ནི་ཤོ་གམ་མི་གཅོད་དེ་བཙོང་བ་ལྟ་བུའི་ནོར་ཁ་དོག་བསྒྱུར་ཏེ་མང་དུ་ཁྱེར་བ་ནི་ཤོ་གམ་དུ་འགྱུར་རོ། །ཁ་ཚར་བཅད་ན་ཡང་ངོ་། །རས་ལྟ་བུ་བདག་གི་ཡོ་བྱད་དུ་བྱ་བའི་
ཕྱིར་ཡ་ཏོག་མ་ཏོག་གཉིས་ཀའི་ཁ་ཚར་བཅད་པ་ཡང་ཤོ་གམ་དུ་མི་འགྱུར། བཙོང་བའི་ཟོང་ལྟ་བུ་མང་དུ་ཁྱེར་བ་ནི་ཤོ་གམ་དུ་འགྱུར། མ་མཐོང་ན་དེ་ལ་ཡིད་མ་བརྟན་ཅིག །དགེ་སློང་ཤོ་གམ་གྱི་རྒྱུད་དུ་འགྲོ་བ་ཞིག་གིས། དགེ་སློང་གྲོགས་གཅིག་ལ་རས་འདི་ཁ་ཚར་ཆོད་ལ་ཁ་དོག་
เล่ม ๑๖๕ · หน้า 56a
བསྒྱུར་ཏེ་རྫོངས་ཤིག་པར་གཏམས་པ་ལས། དགེ་སྦྱོང་དེས་ལེ་ལོ་བྱས་ཏེ་ཁ་ཚར་ཀྱང་མ་བཅད། ཁ་དོག་ཀྱང་མ་བསྒྱུར་བར་སྣོད་དུ་བཅུག་ནས། དགེ་སློང་ནོར་བདག་གི་ཡིད་ལ་བཙོས་གྲངས་སྙམ་སྟེ། ཤོ་གམ་བས་བཙལ་བ་དང་མ་བཙོས་པར་གྱུར་ནས་ཕྱིན་
ཆད་མ་མཐོང་བ་ལ་ཡིད་མ་བརྟན་ཅིག་པར་བཅས་ཏེ་བདག་གི་སྣོད་ན་ཤོ་གམ་དུ་འགྱུར་བ་ཡོད་དམ་མེད་མ་བལྟས་ན་ཉེས་བྱས། གཞན་གྱི་འཚོ་བ་མི་གཅད། ཤོ་གམ་པ་ཤོ་གམ་གྱིས་འཚོ་བ་ལ་ཤོ་གམ་མི་སྦྱིན་པའི་ཕྱིར་འདྲོན་པོ་བཀག་པའམ་ལམ་བསྒྱུར་ཏེ་མི་དགྱེ། དེ་བཞིན་
དུ་རྔོན་པའམ་ཉ་བའམ་ཆང་འཚོང་བ་ལ་སོགས་པས་འཚོ་བ་ལ་ནན་ཏུར་རམ་མཐུས་འདི་ལྟར་མ་སྤྱོད་ཅེས་མི་དགག་དགག་ན་ཉེས་བྱས། མ་བརྟན་པ་ལ་བརྟན་པར་མི་བྱ། དགེ་སློང་གཅིག་ལ་ལྷུང་བཟེད་ཆེ་ཆུང་གཉིས་ཤིག་ཡོད་པ་ལས། དགེ་སློང་དེ་གུད་དུ་སོང་བའི་འོག་ཏུ་དགེ་སློང་
གཅིག་གིས་ལྷུང་བཟེད་ཆུང་ངུ་དེ་བདག་གི་ལྷུང་བཟེད་ཀྱི་ནང་དུ་ཤོང་ན་ཉོ་ཞེས་བཅུག་སྟེ་སོང་བའི་ཕྱིར་བཅུག་པ་དང་ལྷུང་བཟེད་བདག་པོས་མཐོང་ནས་བརྐུས་སོ་ཞེས་བརྟན་པ་ལས་བཅས་ཏེ་ཡིད་མ་བརྟན་པའི་དགེ་སློང་དང་ཁྱིམ་པའི་རྫས་ལ་ལག་མི་གཞུག་ཐུག་ཐུབ་ཏུའང་མི་སྤྱད་སྤྱད་
ན་ཉེས་བྱས་སོ། །དེར་འགྱུར་བ་ནི་འོག་མའི་བླ་མ་དག་ལའོ། །གྲོགས་པོ་ཡིད་བརྟན་པར་ཆུད་པ་ནི་མཛའ་བོ་ཆེ་ཆུང་རྣམ་གསུམ་སྟེ་མཛའ་བོ་ཆེན་པོའི་གསང་བའི་ཚིག་འབྲིང་པོ་ལ་མི་བྱ་ཆུང་ངུའི་ཚིག་ཆེན་པོ་ལ་བྱ། འབྲིང་པོའི་ཚིག་ཆེན་པོ་ལ་བྱ་འབྲིང་པོའི་ཚིག་ཆུང་ངུ་ལ་མི་བྱ་དེ་ལྟར་
བྱས་ན་ཉེས་བྱས་སོ། །མཛའ་བོ། མཛའ་བོ་ནི་འདི་རྣམས་ཏེ་གྲོས་མཐུན་པ་དང་། ཡིད་མཐུན་པ། ཚིག་གསང་བ་སྤོབས་ཤིང་མྱ་ངན་ལངས་པ་ལ་མཐོང་། མྱ་ངན་མེད་པར་ནུས་པ་དང་། བླ་མ་དྲན་པ། མཁན་པོ་སློབ་དཔོན་དང་སྡུག་པའི་ཕྱིར་རྟག་ཏུ་དྲན་པ་དང་། མཆོད་པ། མཛའ་
བའི་ཕྱིར་ཁ་ཟས་དང་གོས་ལ་སོགས་པས་མཆོད་ཅིང་འདུལ་བ་དང་། བསྔགས་པ་སྟེ། མཛའ་བའི་ཕྱིར་གཅིག་ལ་གཅིག་ཡོན་ཏན་བསྔགས་ཤིང་བསྟོད་པ་དང་། བླངས་ན་དགའ་བའོ། །མཛའ་བའི་ཕྱིར་རྫས་ལ་སོགས་པ་ཐུག་ཐུབ་ཏུ་སྤྱད་ན་དགའ་བ་དང་མཛའ་བོ་འདི་རྣམས་ལ་གང་
เล่ม ๑๖๕ · หน้า 56b
ཡང་རུང་གཅིག་ལ་རབ་འབྲིང་རྣམ་གསུམ་དུ་ཕྱེ་སྟེ། མདོ་གོང་མ་བཞིན་དུ་མཛའ་བོ་ཆུང་ངུ་ལ་ཆེན་པོའི་ཚིག་མི་བྱ་བ་ལྟ་བུའོ། །ལས་ཀྱི་ལག་པོད་དུས་གྱིས་ཤིག །དགེ་སློང་གཅིག་ཅིག་ལ་ལྷུང་བཟེད་ཆུང་ངུ་ཞིག་བདོག་པ་ལས་དགེ་འདུན་གྱིས་ལས་ཤིག་ཏུ་བསྐོས་པ་དང་། མ་ནུས་ཏེ་གྲོགས་གཅིག་ལ་
བཅོལ་བ་དང་གྲོགས་དེ་ལྷུང་བཟེད་བདོག་པ་དེ་གླར་བླངས་ནས་ལས་བྱས་པ་ལས་བཅས་ཏེ། གྲོགས་ཀྱིས་ལས་བཅོལ་བ་ལས་གླ་བླངས་ན་ཉེས་བྱས་ཏེ། ཕས་བཅོལ་ན་ཡང་ལས་དེ་ལག་པོད་དུ་བྱ། བསོད་ནམས་ཀྱི་བློས་ཀྱང་ངོ་། །དགེ་སློང་ལས་མི་ནུས་པ་ཞིག་གིས་བྱེད་པར་བཅོལ་
ན་སྙིང་རྗེ་ཞིང་ལས་མི་ནུས་པ་ལ། བསོད་ནམས་སུ་འགྱུར་བར་བསམས་ཏེ་བཅོལ་བ་ཅི་ནུས་སུ་བྱ། གླས་མ་ཡིན་ནོ། །དགེ་སློང་རྒན་པོ་ལས་མི་ནུས་པའམ་གྲོགས་གཞན་ཞིག་གིས་ལས་བཅོལ་ནའང་། མདོ་ལྟག་མ་གཉིས་ལྟར་བསོད་ནམས་ཀྱི་བློ་དང་ལག་པོད་དུ་བྱའི་ལྷུང་བཟེད་ལྟར་
གླ་མི་བླང་ངོ་། །ཡུལ་སྐད་ཀྱིས་ནི་མི་བསླུའོ། །དགེ་སློང་མ་སྐད་མི་མཐུན་པ་གཉིས་ཤིག །སྔ་ཕྱིར་དོང་བ་ལས་སྔར་སོང་བའི་ཆོས་གོས་ལྷུང་སྟེ། ཕྱི་མས་བདག་གི་སྐད་དུ་བོས་ཏེ་བརྡ་མ་ཕྲད་ནས་བླངས་ཏེ་ཁྱེར་ཁྱེར་བ་ལས་ཆོས་གོས་བདག་མོས་བརྐུས་སོ་ཞེས་བརྡ་བ་ལས་བརྡ་མི་ཕྲོད་
པ་ཉེས་མེད་དོ་ཞེས་བཅས། ལྟུང་བ་བླངས་ན་རིང་དུ་མི་བཅང་། མདོ་ལྟག་མ་ལྟར་ཆོས་གོས་ལྟུང་བ་ལྟ་བུ་བླངས་ཏེ་ཁྱེར་ཁྱེར་བ་རིང་དུ་མི་གཞག་པར་བདག་པོ་ལ་སྦྱིན་ནོ། །རིང་དུ་བཞག་ན་ཉེས་བྱས། གཙུག་ལག་ཁང་སྐྱོང་ལ་གཏད། ནོར་རྫས་ལྟུང་བ་ཞིག་རྙེད་དེ་བླངས་ན་གཙུག་ལག་
ཁང་སྐྱོང་ལ་གཏད་དེ་སུའི་ཡིན་པ་རྨེད་དུ་གཞུག །རབ་ཏུ་བྱུང་བའི་ངོ་ཤེས་ན་དགེ་འདུན་ལ་བསྟན། ནོར་རྫས་རྙེད་པ་དེ་དགེ་སློང་གི་རྫས་ཤིག་ཡིན་པར་ཤེས་ན་གཙུག་ལག་ཁང་སྐྱོང་གི་དགེ་འདུན་ལ་བསྟན་ཏེ་བདག་པོ་ཡོད་ན་སྦྱིན་ནོ། །བདག་པོ་མ་དམིགས་ན་རྒྱུ་ཐག་ལ་གདགས།
ནོར་རྫས་རྙེད་པ་དེ་བདག་པོ་ཁུངས་མ་ཕྱིན་ཏེ་གང་ཡིན་གཏོལ་མེད་ན་གཙུག་ལག་ཁང་དུ་རྒྱུ་ཐག་བྲེས་ཏེ། དེ་ལ་བཏགས་ལ་གཞག །ནད་པས་མ་བསྒོ་བར་སྨན་མི་བླངས་དགེ་སློང་མ་ནད་པ་ཞིག་ལ་ཡོན་བདག་དང་བ་ཞིག་ཡོད་དེ་ནད་པས་མ་བསྒོ་བར་ནད་གཡོག་གིས་ཡོན་བདག་ཡུངས་
เล่ม ๑๖๕ · หน้า 57a
མར་ཐུག་ཐུབ་ཏུ་ནད་པའི་ཕྱིར་བླངས་པ་ལས་བཅས་ཏེ། ནད་པས་མ་བསྒོ་བར་ནད་གཡོག་གིས་བླངས་ན་ཉེས་བྱས། མ་བྱིན་པར་ལེན་པའི་ཕས་ཕམ་པ་སྟེ་རྣམ་པར་འབྱེད་པའོ། །མ་བྱིན་པར་ལེན་པའི་ཕས་ཕམ་པ། འདུལ་བ་རྣམ་པར་འབྱེད་པའི་མདོ།། །།
བདག་པོ་དང་བཅས་པས་གནང་བ་ལས་བརྟག་པ་གཞན་དུ་བདག་གིར་མི་བྱ། ཚོང་པས་ཤིང་རྟ་ཆག་སྟེ་བལ་བོར་བ་ལ་དྲུག་སྡེས་ལྷར་བརྗེད་ནས་ཡུལ་མི་ཀུན་གྱིས་ཀྱང་ནོར་རྫས་ལ་སོགས་པས་མཆོད་པའི་ཕྱིར་ཕུལ་བ་ལས་དྲུག་སྡེས། ངེད་ཀྱི་ལྷའི་ནོར་ཡིན་གྱིས་བསྐུར་རོ་ཞེས་བྱས་ཏེ།
ཁྱེར་བ་ལས་བཅས་ཏེ་ནོར་བདག་གིའམ་ལྷ་མ་སྲིན་གྱི་ཁྱེར་ཅིག་པར་བསྒོ་བ་མ་གཏོགས་པར། ལྷ་མ་སྲིན་གྱི་ནོར་བདག་པོ་མིས་བསྲུངས་པ་ལས་བླངས་ན་ཕམ། ཚོར་བ་ཡོད་པའི་ལྷ་མ་སྲིན་གྱི་ནོར་ལས་བླང་ན་སྦོམ་པོ། ཚོར་བ་མེད་པའི་ལྷ་མ་སྲིན་ལས་ནོར་བླངས་ན་ཉེས་བྱས་སོ། །
བདག་གིར་བྱས་པ་ལས་མི་དབྲོག །བདག་གི་རྫས་རྐུན་པོས་ཁྱེར་བ་ཁོས་སླར་མ་བྱིན་པར་མི་དབྲོག །བརྐུས་ཏེ་ཁྱེར་བ་ལས་མཐོང་ཡང་རུང་། བརྐུས་ཏེ་ཁྱེར་ལ་ངོས་ཟིན་ཀྱང་རུང་སྟེ། ཁོས་མ་བྱིན་པར་མ་བསྐུར་བར་ཞོག་ཅེས་བྱས་སམ་སླར་བླངས་ན་ཉེས་བྱས། དེ་ལ་ཆོས་བཤད་དེ་བསླངས་
ན། བདག་གི་རྫས་རྐུན་པོས་ཁྱེར་བ་ལས་ཁོའི་ལག་ན་འདུག་ན་བརྐུས་པའི་སྡིག་ཏུ་འགྱུར་བ་དང་། སླར་བྱིན་ནས་བསོད་ནམས་ཆེ་བར་བཤད་དེ་བསླང་། རིན་ཕྱེད་ཙམ་གྱིས་ཀྱང་ངོ་། །མདོ་ལྟག་མ་ལྟར་བྱས་ཏེ་མ་སྟེར་ན་ཅི་རི་བའི་རིན་ཕྱེད་ཙམ་གྱིས་ཀྱང་བསླུའོ། །ལྷུང་བཟེད་དང་
ཆོས་གོས་ནི་རིན་ཚང་བས་ཀྱང་བླང་ངོ་། །ལྷུང་བཟེད་དང་ཆོས་གོས་ལྟ་བུ་རྐུན་པོས་ཁྱེར་ཏེ་ཆོས་བཤད་ཀྱང་སླར་མི་སྟེར་ན་ཅི་རི་བའི་རིན་ཚང་བས་ཀྱང་སླར་བླུའོ། །རིན་ཚང་བས་སླར་བླུ་དགོས་པ་ནི་བདག་ལ་མཁོ་ཞིང་ཉེས་པ་མི་འབྱུང་བའི་ཕྱིར་རོ། །མི་སྡུག་པར་འགྱུར་བར་དོགས་པ་བོར་
བའོ་ཞེས་འགྲོ་བ་མང་པོས་མ་མཐོང་བར་མི་བླང་། ཕག་དང་བུ་རམ་ཤིང་རྐུན་པོས་ཁྱེར་བའི་ལྷག་རོལ་ལ་དྲུག་སྡེས་བླངས་ནས་ཁྱེར་བ་དང་། ནོར་བདག་གིས་ཟིན་ཏེ་ཡུལ་མི་མ་དགའ་བ་ལས་བཅས་ཏེ་ལྷག་རོལ་དེ་ལྟ་བུ་ཞིག་བླངས་ནའང་། མི་གཞན་གྱིས་མཐོང་ཞིང་ཤེས་པར་བྱས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด