འདུལ་བའི་མདོའི་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་བྲྀཏྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๕ · หน้า 85a
ཕྱིར་བའོ། །ཕྱོགས་བཅུའི་དགེ་འདུན་གྱི་ཕྱིར་ཡང་མ་ཡིན་མི་གཅིག་གི་ཕྱིར་ཡང་མ་ཡིན་པར་གཉིས་ཡན་ཆད་དུ་ཡང་རུང་མིང་གིས་བསྔོས་ཏེ། འདི་རྣམས་ཀྱི་ཕྱིར་བྱའོ་ཞེས་བརྩིགས་ན་སྦོམ་པོ། མ་བཏང་བའོ། །ཁང་པའི་གཞི་གཞན་གྱིས་མ་བྱིན་ནམ་མ་ཉོས་པར་
ཐུག་ཐུབ་ཏུ་བརྩིགས་ཏེ་རྐུ་སེམས་དང་མི་ལྡན་པར་བརྩིགས་ན་སྦོམ་པོ། རྐུ་སེམས་དང་ལྡན་པ་ནི་ཕམ་པའི་སྐབས་སུ་འཆད། གང་ཟག་གིས་སོ། །ཁང་པའི་ས་དང་རིན་བདག་ཉིད་ཀྱི་ཡིན་པ་ལས་བརྩིགས་ནའང་སྦོམ་པོ། བརྩམས་པ་ཡང་ངོ་། །གཞན་ཞིག་གིས་ཁང་པ་བརྩིགས་ཏེ་
ལྷག་མར་འགྱུར་བ་ཞིག་འཕྲོ་བོར་ཏེ་ལུས་པ་ལས་དགེ་སློང་ཅིག་གིས་འཕྲོ་བརྩིགས་ན་སྦོམ་པོ། ཉེས་བྱས་པ་ནི་གསོལ་བའི་འོག་ཏུ་ཟིན་པར་མ་བྱས་པའོ། །ཁང་པ་བརྩིགས་པར་དགེ་འདུན་ལ་གསོལ་ཏོ། །གནས་པ་ལས་ཕྱིས་མ་བརྩིགས་པར་བོར་ན་ཉེས་བྱས། ཁང་པའི་གཙུག་
ལག་ཁང་དགེ་འདུན་གྱི་ལྷག་མར་གཏོགས་པ་སྟེ་དྲིས་པའི་འོ། །ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་གྱི་ལྷག་མ་སྟེ་འདུལ་བ་དྲིས་པ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ།། །།རྩ་བ་མེད་པའི་ལྷག་མ་ལ་འཆད་དེ། དགེ་སློང་ཕས་ཕམ་པའི་ཀུན་སྤྱོད་པ། དགེ་སློང་ཕས་ཕམ་པ་མེད་པ་ལ་ཕས་
ཕམ་པ་གང་ཀྱང་རུང་བྱས་སོ་ཞེས་སྐུར་པ་དང་། དགེ་སློང་ཕམ་པ་ཡོད་པ་ཞིག་ལ་ཕམ་པས་སྐུར་ནའང་ལྷག་མར་འགྱུར། ལྟུང་བ་ཡང་འདིར་བདག་གི་ཕྱོགས་སུ་ཡན་ལག་ཏུ་མ་ཡིན་ཏེ། དགེ་སློང་ཕས་དགེ་སློང་མ་ལ་ཕས་ཕམ་པར་སྐུར་པ་དང་། དགེ་སློང་མས་དགེ་སློང་ཕ་ལ་ཕས་ཕམ་
པས་སྐུར་པ་ཡང་། སྡེ་མི་མཐུན་པའི་ཕྱིར་ལྷག་མར་མི་འགྱུར་བ་ནི་མ་ཡིན་ཏེ་ལྷག་མར་འགྱུར་རོ། །ལ་ལ་བརྫུན་གྱིས་བསྒོ་ནའོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དང་ཆོས་ལོག་པ་ལ་བལྟས་པ་ལ་དགེ་སློང་ཚུལ་ཁྲིམས་ལ་དམ་ཞིང་ལོག་པ་ལ་མ་བལྟས་པས་སྐུར་ཀྱང་ལྷག་མར་
འགྱུར། དེ་བཞིན་དུ་ལོག་པ་ལ་བལྟས་པས་ལོག་པ་ལ་མ་བལྟས་པ་ལ་སྐུར་ན་ཡང་ལྷག་མར་འགྱུར། འཕོ་བར་འདོད་པས་སོ། །དགེ་སློང་ཚངས་པར་སྤྱོད་པ་དང་སངས་རྒྱས་ཀྱི་ཆོས་དང་དབྲལ་བར་བྱ་བའི་ཕྱིར་བྱས་པ་དང་། དགེ་སློང་ཕས་ཕམ་པ་མེད་དེ་གཙང་བ་དང་བརྫུན་དུ་
เล่ม ๑๖๕ · หน้า 85b
སྐུར་བ་དང་། བདག་གིས་སྨྲས་ཏེ་གཞན་གྱིས་ཐོས་ཏེ་གོ་བ་དང་། ཡན་ལག་འདི་བཞི་དང་ལྡན་ན་རྩ་བ་མེད་པ་ལ་སྐུར་ན་ལྷག་མ། དེ་རྩ་བ་གཞན་དུ་མ་ཡིན་ནོ། །དགེ་སློང་ཕས་ཕམ་པ་བཞི་ལས་གང་ཡང་རུང་བ་ཅིག་ཡོད་པ་ལས་ཕམ་པ་གཞན་དུ་མིང་གིས་བསྣོར་ཏེ་སྐུར་ན་ཡང་ལྷག་
མ། ཕས་ཕམ་པ་མེད་པ་ལ་བརྐུས་པའི་ཕས་ཕམ་པར་སྐུར་པར་བསམ་པ་ལས་བརྫུན་གྱི་ཕས་ཕམ་པ་བྱས་སོ་ཞེས་སྨྲས་ནའང་ལྷག་མར་འགྱུར། བརྗེད་ན་མེད་པའོ། །དགེ་སློང་ཕས་ཕམ་པ་ཡོད་པར་སྔོན་ཤེས་ཤེས་པ་ལས་བརྗེད་དེ་མི་དྲན་པ་བཞིན་དུ་ཕས་ཕམ་པ་བྱས་སོ་ཞེས་སྐུར་ནའང་ལྷག་
མ། རྐྱེན་མ་ཡིན་པ་ནི་མི་བརྫུན་པར་ཡང་དག་པའི་དོན་ཏོ། །ཕས་ཕམ་པ་ཡོད་པར་མི་ཤེས་བཞིན་དུ་སྐུར་པ་དང་ཕས་ཕམ་པ་ཡོད་པ་ལ་བརྗེད་དེ་སྐུར་པ་དང་ཕས་ཕམ་པ་ཡོད་ལ་མིང་བསྣོར་ཏེ་སྐུར་པ་རྣམས་ནི་ཕས་ཕམ་པ་ཡོད་དེ་བདེན་ཀྱང་བདག་གི་སེམས་ལ་སངས་རྒྱས་ཀྱི་ཆོས་དང་བྲལ་ཞིང་
སྐུར་པ་གདབ་པར་བསམ་པའི་ཕྱིར་ལྷག་མར་མི་འགྱུར་བའི་རྐྱེན་མ་ཡིན་ཏེ་ལྷག་མར་འགྱུར་རོ། །རྩ་བ་མེད་པའི་དགེ་འདུན་གྱི་ལྷག་མའོ། །རྩ་བ་མེད་པའི་དགེ་འདུན་གྱི་ལྷག་མ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།རྣམ་པར་མ་ཡིན་པའི་ཆས་སྐུར་པའི་ལྷག་མ་ལ་
འཆད་དེ། ཚིག་ལས་གཞན་པ་ལ་གནས་ཏེ་ངག་གིས་བརྫུན་ནའོ། །དགེ་སློང་ཕ་དང་དགེ་སློང་མ་གཉིས་ཤིག་ཀྱང་འདུག་ཕ་རོལ་ན་ཤ་བ་རྒྱོ་ཞིང་འཁོད་པ་ལས་ཤ་བ་རྒྱོ་བའི་ཆ་བླངས་ཏེ། དགེ་སློང་ཕོ་མོ་གཉིས་ཤིག་འཁོད་པ་ལ་རྒྱོ་བོ་ཞེས་སྐུར་པ་ལས་བཅས་ཏེ། དགེ་སློང་གཙང་མ་ལ་
གཞན་རྐུ་བ་དང་རྒྱོ་བའི་ཆ་བླངས་ཏེ་སྐུར་ན་ལྷག་མ། ལྷག་མ་རྩ་བ་མེད་པ་རྩིས་མགོ་སྔ་མ་བཞིའི་སྟེང་དུ་རྣམ་པར་མ་ཡིན་པའི་ཆས་སྐུར་པ་འདིས་བསྣན་ཏེ་ལྔར་ལྡན་ན་ལྷག་མ། གཞན་གྱི་ཆས་སྐུར་པའི་དགེ་འདུན་གྱི་ལྷག་མ་སྟེ་འདུལ་བ་རྣམ་པར་འབྱེད་པའི་མདོ།། །།སྦོམ་པོ་ནི་
གཞུག་གནས་མེད་པ་ལ་སྐུར་པའོ། །དགེ་སློང་ཕོ་མཚན་ཆད་པ་མི་ཚངས་པར་སྤྱོད་དུ་མི་རུང་བ་ཞིག་ལ་མི་ཚངས་པར་སྤྱོད་དོ་ཞེས་སྐུར་ན་རྩ་བ་མེད་པ་དང་རྣམ་པར་མ་ཡིན་པའི་ཆ་གང་ཡང་རུང་སྟེ་སྦོམ་པོ། མིང་མ་ཕྱུང་བ་ཡང་ངོ་། །དགེ་འདུན་ནམ་དགེ་སློང་མང་ཞིག་འཁོད་པའི་ནང་
เล่ม ๑๖๕ · หน้า 86a
དུ་མིང་ནས་མ་ཕྱུང་ཞིང་དམིགས་ཀྱིས་མ་བསྔོས་པར་འདིའི་ནང་ན་ནི་ཕམ་པ་ཡོད་ཅེས་སྨྲས་ཏེ་འཕྲིག་ཏུ་བཅུག་པ་ནི་སྦོམ་པོ། ཡང་དག་པར་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དགེ་འདུན་གྱི་དབྱེན་ཀྱང་། ཡང་དག་པར་གཤེགས་པ་ལ་ངན་སེམས་
ཀྱིས་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱས་ཏེ་གསོལ་བ་དང་ཞུ་བ་ལན་གསུམ་དུ་མ་བསྒོ་བ་ནི་སྡིག་གི་འབྲས་བུ་མཚམས་མེད་པར་འགྱུར། ལྟུང་བའི་རིམ་པ་ནི་སྦོམ་པོར་འགྱུར་ཏེ་ངན་སེམས་ཀྱིས་ཁྲག་ཕྱུང་ངོ་ཞེས་སྐུར་པ་དང་དགེ་འདུན་གྱི་དབྱེན་བྱས་སོ་ཞེས་སྐུར་བ་ནི་རྩ་བ་
མེད་པའི་དགེ་འདུན་གྱི་ལྷག་མའི་སྦོམ་པོ། འཕྲིག་དུ་བཅུག་པ་ནི་སྨྲ་སེམས་ཐ་དད་པར་སྨྲས་པ་ལ་སོགས་པ་ནི་ཉེས་བྱས་པའོ། །དགེ་སློང་མང་ཞིག་གི་ཁྲོད་དུ་ལྡེམ་པོ་ངག་ཏུ་ཕས་ཕམ་པ་ཡང་བྱེད་པ་ཡོད་པ་ལྟ་ཞིག་ཅེས་བྱ་བ་དང་འདྲ་བའི་ཚིག་ཟུར་དུ་སྨྲས་ཏེ། དགེ་སློང་དུ་
འཕྲིག་ཏུ་བཅུག་པ་བཞིན་དུ་ཉེས་བྱས་རེ་རེར་འགྱུར་རོ། །རྩ་བ་མེད་པ་དང་བག་སྟེ་དྲིས་པའི་འོ། །རྩ་བ་མེད་པ་དང་བདག་གི་དགེ་འདུན་གྱི་ལྷག་མ་སྟེ་འདུལ་བ་དྲིས་པ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོའོ།། །།དབྱེན་གྱི་ལྷག་མ་ལ་འཆད་དེ། སྦོམ་པོ་ནི་ཕ་རོལ་གྱི་འཁོར་ལས་དྲངས་
པའོ། །གཞན་གྱི་སློབ་མ་དགེ་སློང་ཅིག་གིས་ཁ་དྲངས་ཏེ་བདག་གི་སློབ་མར་བྱས་ན་དགེ་འདུན་གྱི་ལྷག་མའི་དབྱེན་གྱི་སྦོམ་པོ། བཟློག་པ་ལྟ་བུས་མི་གཏོང་བར་ནན་ཏན་བྱེད་པ་ལྟ་བུ་དང་མཐུན་ནོ། །དེ་བ་དཏྟ་ལྟ་བུར་འཁོར་ལོའི་དབྱེན་བྱས་ཏེ་དབྱེན་མ་བྱེད་ཅེས་དགེ་འདུན་གྱིས་གསོལ་བ་
དང་། ཞུ་བའི་ལས་ཀྱིས་ལན་གསུམ་དུ་བསྒོས་ཏེ་མ་ཉན་ནས་དབྱེན་བྱེད་པ་ལྟ་བུ་ལས་ལྡོག་ཏུ་མ་བཏུབ་ན་དགེ་འདུན་གྱི་ལྷག་མར་འགྱུར། རྗེས་སུ་ཕྱོགས་པ་དང་རིགས་སུན་པ་དང་བཀའ་བློ་མི་བདེ་བ་གསུམ་ཡན་ལག་གསུམ་དུ་བསྒོས་ཏེ་མ་བཏང་ན་ལྷག་མར་འགྱུར་རོ། །བཟློག་པ་
བཞིན་དུ་ཞུ་བའོ། །འོག་ནས་གསོལ་བའི་ལས་གསུམ་གྱིས་བསྒོ་བ་ལན་རེ་ལ་སྦོམ་པོ་རེ་རེར་འགྱུར་བ་བཞིན་དུ། དགེ་སློང་མིང་འདི་ཞེས་བྱ་བ་དབྱེན་ལ་ཞུགས་ཀྱིས་དགེ་འདུན་གྱིས་བསྒོ་བའི་ལས་བྱའོ་ཞེས་ཞུ་བའི་ཚེའང་སྦོམ་པོ་གཅིག །ངག་ཐང་ཅིག་གིས་སོ། །གསོལ་བའི་ལས་ཀྱི་བསྒོ་བ་
เล่ม ๑๖๕ · หน้า 86b
ལན་གསུམ་དང་ཞུ་བ་དང་བཞི་བྱེད་པའི་ཚེ་ཚིག་རེ་རེ་ལ་ཉེས་པ་རེ་རེར་མི་འགྱུར་གྱི་བསྒོ་བ་ལན་རེ་རེ་དང་དང་ཞུ་བ་སོ་སོའི་ཚིག་མཇུག་རྫོགས་ཤིང་ཉེས་པ་སོ་སོར་སྦོམ་པོར་འགྱུར། བསླབ་པ་ནི་སོ་སོར་རོ། །དབྱེན་དང་རྗེས་སུ་ཕྱོགས་པ་དང་རིགས་སུན་པ་དང་ངག་དཀའ་བ་གང་ཡང་རུང་དགེ་
འདུན་གྱིས་བྱེད་དུ་མི་གཞུག་པར་ཞུ་བའི་ལས་བྱེད་པའི་ཚེ་སྦོམ་པོ་གཅིག་ཞུས་ནས་ལན་གསུམ་དུ་བསྒོ་བའི་ཚེ་སྦོམ་པོ་རེ་རེ། བསྒོ་བ་དང་ཡང་མ་ཡིན་ནོ། །མདོ་ལྟག་མ་ལྟར་གསོལ་བ་དང་། ཞུ་བ་བཞིས་བསྒོ་ཟིན་ནས་མ་ཉན་ཏེ་སྒོ་བ་བྱེད་པའི་ཕྲིན་པས་བདག་གིས་བསྒོ་བའི་ལས་བགྱིས་
ལགས་ཏེ་མ་ཉན་ནས་དབྱེན་ལ་ཞུགས་སོ་ཞེས་སླར་དགེ་འདུན་ལ་ཟེར་བའི་ཚེ་ན་ལྷག་མར་གྱུར་ཟིན་ནས་ཉེས་པ་གཞན་མེད་དོ། །འཇུག་པར་ནི་སྦྱོར་བ་བཞིན་ནོ། །གསོལ་བ་དང་ཞུ་བའི་ལས་ཀྱིས་བསྒོ་བ་ལན་རེའི་ཚེ་གཏོང་དུ་མི་བཏུབ་ཅིང་ལྷག་མ་བྱེད་པར་འཇུག་པ་ནི་སྦོམ་པོ་རེ་རེར་འགྱུར་རོ། །
བསྐྲད་པའི་དྲན་པ་དང་བརྩད་པ་མ་བྱས་པར་ན་དེའི་འོ། །རིགས་སུན་པའི་ཆོས་སྤྱོད་པ་ལས་དགེ་འདུན་གྱིས་བསྐྲད་པའི་ལས་མ་བྱས་པར་རང་དབང་དང་ལྡན། ཞེ་སྡང་དང་ལྡན། གཏི་མུག་དང་ལྡན། འཇིགས་པ་དང་ལྡན་ནོ་ཞེས་བསུ་སྟེ་སྨྲ་བ་དེའི་ཚེ་ཉེས་བྱས། ངག་དཀའ་བ་ལ་
ཡང་གསོལ་བ་དང་། ཞུ་བས་བསྒོ་བ་མ་བྱས་པར་ཁྱོད་ཀྱང་ང་ལ་ཅང་མ་ཟེར་ཅིག་ང་ཡང་ཁྱེད་ལ་ཅང་མི་ཟེར་རོ་ཞེས་ཟེར་བའི་ཚེ་ཉེས་བྱས། འདི་ལ་མི་བསྒོ་བར་བྱ། མདོ་ལྟག་མ་ལྟར་མ་བསྐྲད་ཅིང་མ་བསྒོ་བར་ཚིག་སྔར་འདོར་ཏེ་སྨྲས་པ་ལ་དགེ་འདུན་གྱིས་ལན་གསུམ་བསྒོ་མི་དགོས་
ཀྱིས་བསྐྲད་དོ་ཞེས་བྱི་ཤུ་ཏ་རས་ཤི་ཏས་བཤད། རིགས་སུན་པ་ནི་སྔར་མ་བསྐྲད་པར་ལན་གསུམ་དུ་བསྒོ་བར་མི་བྱ། ངག་དཀའ་བ་ནི་ལན་གསུམ་མ་བསྒོ་བར་བསྐྲད་པར་མི་བྱའོ། །ཞེས་བྱི་ཙ་ཡ་བར་མས་བཤད། འདི་དག་ལ་མཛའ་བ་དང་ལས་ཀྱིས་མི་བསྒོ་བར་མི་བྱ། དབྱེན་དང་
རྗེས་སུ་ཕྱོགས་པ་དང་རིགས་སུན་པ་དང་ངག་དཀའ་བ་བཞི་ལ་ཞུགས་པ་ཞིག་ཡོད་ན་ཐོག་མར་སུ་དང་མཛའ་བ་དེས་དེ་ལྟར་མ་བྱེད་ཅིག་ཅེས་གྲོས་གདབ་ཅིང་བཅོས། གྲོས་ཉན་དུ་མ་བཏུབ་ན་བསྐྲད་པར་འགྱུར་ཏེ་མཁན་པོ་དང་སློབ་དཔོན་དང་ཡང་བྲལ། དགེ་འདུན་གྱི་ནང་དུ་ཡང་མི་ཆུད་དོ་ཞེས་
เล่ม ๑๖๕ · หน้า 87a
བསྡིགས། དེ་ལྟར་བྱས་དང་ཉན་དུ་མ་བཏུབ་ན་དགེ་འདུན་གྱིས་འཕྲིན་པའི་དགེ་སློང་ཐབས་མཁས་པ་ཞིག་བསྐོས་ཏེ་བསྒོ། འདི་ལྟར་མ་བྱས་ན་མཛའ་བོ་དང་དགེ་འདུན་ལ་ཉེས་བྱས། དེའི་མཐར་མ་བཏང་ནའོ། །དབྱེན་གྱི་ལྷག་མ་ནི་ཡང་ཡན་ལག་མིང་
གིས་སྨོས་པ་འདི་རྣམས་དང་ལྡན་ན་ལྷག་མར་འགྱུར་རོ། །དབྱེན་ལ་ཞུགས་ཏེ་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་བཞིས་བསྒོས་ཏེ་མ་བཏང་བར་འཛིན་ཅིང་འདུག་པ་དང་། ཞུགས་པ་ལས་སོ། །དགེ་འདུན་ཆོས་སོ་སོ་ལ་བལྟ་བར་བྱ་བའི་ཕྱིར་དབྱེ་བར་ཡང་ཞུགས་པ་དང་།
དབྱེན། དབྱེན་ཡང་བྱས་ཏེ་ཕྱེ་བ་དང་དགེ་འདུན་གྱིའོ། །དགེ་སློང་གི་དགེ་འདུན་ཡང་ཡིན་ལ་ཕྱེ་བ་གཉིས་ཀ་སོ་སོར་དགེ་འདུན་དུ་ཡང་ཚང་བ་དང་ཡན་ལག་འདི་བཞིའི་སྟེང་དུ་ལྟག་ནས་བཟློག་པ་ལྟ་བུས་མི་གཏོང་བར་ནན་ཏན་བྱེད་པས་བསྣན་ཏེ་ལྔར་ལྡན་ན་ལྷག་མར་འགྱུར། དགེ་
འདུན་གྱི་དབྱེན་ཏེ་དགེ་འདུན་གྱི་ལྷག་མའོ། །དབྱེན་གྱི་དགེ་འདུན་གྱི་ལྷག་མ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།རྗེས་སུ་ཕྱོགས་པའི་ལྷག་མ་ལ་འཆད་དེ། གྲོགས་སུ་ནན་ཏན་བྱེད་པའོ། །དགེ་འདུན་གྱི་དབྱེན་དུ་ཞུགས་པའི་དགེ་སློང་དེ་རྗེས་སུ་ཕྱོགས་
ཏེ་དབྱེན་ལ་ཞུགས་པའི་དགེ་སློང་དེ་ལ་ཅིའང་མ་ཟེར་ཅིག །དགེ་ཡང་རུང་སྡིག་ཀྱང་རུང་སྟེ་འདུལ་བ་འཛིན་པའོ། །ཆོས་དང་ལྡན་པ་སྟེ་དེ་བཞིན་དུ་བྱེད་དོ་ཞེས་ཟེར་ན་ལྷག་མར་འགྱུར་ཏེ་དབྱེན་གྱི་རྩིས་མགོ་ལྔའི་སྟེང་དུ་འདིས་བསྣན་ཏེ་དྲུག་ཏུ་ལྡན་ན་ལྷག་མ་གསོལ་བ་དང་ཞུ་བ་ལ་སོགས་
པ་བཤད་པ་གཞན་ནི་ལྟག་ཏུ་དབྱེན་བཤད་པ་དང་འདྲའོ། །རྗེས་སུ་ཕྱོགས་པའི་དགེ་འདུན་གྱི་ལྷག་མའོ། །རྗེས་སུ་ཕྱོགས་པའི་དགེ་འདུན་གྱི་ལྷག་མ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།རིགས་སུན་པའི་ལྷག་མ་ལ་འཆད་དེ། བདག་བསྐྲད་པའི་ཕྱིར་བྱེད་པའི་
དགེ་འདུན་ལ་ལོག་པའི་བསམ་པས་འདི་ལྟ་བུར་བྱས་སོ་ཞེས་བརྫུན་དུ་སྨྲས་ནའོ། །དགེ་སློང་རིགས་སུན་པའི་ཆོས་སྤྱོད་པ་ལ་དགེ་འདུན་གྱིས་རིགས་སུན་པའི་ཆོས་སྤྱད་པ་ཉེས་ཀྱིས་དེང་ཤིག་ཅེས་སྨྲས་ན་བསྐྲད་པ་ལས་སླར་དགེ་འདུན་ལ་རང་དབང་ཅན་གྱི་ཚེ་དང་ལྡན་པ་ཁྱེད། ཞེ་སྡང་དང་ལྡན།
เล่ม ๑๖๕ · หน้า 87b
གཏི་མུག་དང་ལྡན། འཇིགས་པ་དང་ལྡན་ནོ་ཞེས་སྨྲ་ཞིང་སྐུར་ནས་གསོལ་བ་དང་ཞུ་བ་བཞིས་བསྒོས་ཏེ་རིགས་སུན་ཅིང་སྡིག་པའི་ཆོས་སྤྱོད་པ་གཏོང་དུ་མ་བཏུབ་ན་དགེ་འདུན་གྱི་ལྷག་མར་འགྱུར་ཏེ། དབྱེན་གྱི་ཡན་ལག་དང་འདྲ་བར་ལྔ་དང་ལྡན་པའི་སྟེང་དུ་འདིས་བསྣན་ཏེ། ལྡན་པར་བྱས་
ན་ལྷག་མར་འགྱུར། རིགས་སུན་པའི་དགེ་འདུན་གྱི་ལྷག་མའོ། །རིགས་སུན་པའི་དགེ་འདུན་གྱི་ལྷག་མ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།ངག་དཀའ་བའི་དགེ་འདུན་གྱི་ལྷག་མ་ལ་འཆད་དེ། དགེ་སློང་རྣམས་ཀྱིས་དགེ་སློང་གི་ཚུལ་ཁྲིམས་ལ་
བསྐུལ་བ་ལ་ཚིག་ཏུ་མི་འབྱེད་པར་དེར་རང་གིས་བྱེད་ནའོ། །དགེ་སློང་ཚུལ་ཁྲིམས་འདྲལ་ཞིང་ཆུའི་ནང་ན་སྲིན་བུ་མི་རྟོག་པར་གསོད་པ་ལ་སོགས་པ་ཁྲིམས་འདྲལ་ཞིང་ལྟུང་བར་གྱུར་པ་དེ་མཐོལ་ཚངས་བྱོས་སྡིག་པ་དང་ལྟུང་བར་འགྱུར་བ་དེ་མ་བྱེད་ཅིག་ཅེས་བསྒོ་བ་ལ་སླར་འཁྱལ་
ཞིང་ཁོ་བོ་ལ་ཚེ་དང་ལྡན་པ་ཁྱོད་ཅི་ཡང་མ་ཟེར་ཅིག །དགེ་འང་རུང་སྡིག་ཀྱང་རུང་བདག་ཀྱང་ཅང་མི་ཟེར་རོ་ཞེས་ཟེར་ཞིང་སླར་ལན་ལོག་པས་ལྡོན་ནམ་ཅང་མི་སྨྲ་བར་འདུག་ཅིང་ངག་དཀའ་བར་བྱེད་པ་ལ་དགེ་འདུན་གྱིས་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་ངག་དཀའ་བར་མ་བྱེད་
པར་ཚུལ་ཁྲིམས་དང་ལྡན་པས་བསྒོ་བ་བཞིན་དུ་ཉོན་ལ་མཐོལ་ཚངས་བྱོས་ཞེས་གསོལ་བ་གསུམ་དང་ཞུ་བ་དང་བཞིས་བསྒོ་སྟེ་མ་ཉན་ན་ལྷག་མར་འགྱུར་ཏེ་དབྱེན་གྱི་རྩིས་མགོ་དང་འདྲ་བ་ལྔའི་སྟེང་དུ་འདིས་བསྣན་ཏེ། ལྡན་པར་བྱས་ན་ལྷག་མར་འགྱུར་ཏེ། ངག་དཀའ་བའི་དགེ་འདུན་གྱི་
ལྷག་མའོ། །ངག་དཀའ་བའི་དགེ་འདུན་གྱི་ལྷག་མ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ་དགེ་འདུན་གྱི་ལྷག་མ་རྫོགས་སོ།། །།བཅུ་གསུམ་དགེ་འདུན་གྱི་ལྷག་མ་ལ་འཆད་པ་འདུལ་བ་སོ་སོའི་ནང་ནས་འབྱུང་བའི་མདོ་སྡེ་ལྷག་མ་ལ་འཆད་པ་རྫོགས་སོ།། །།འདི་
མན་ཆད་སུམ་ཅུ་སྤང་བའི་ལྟུང་བ་ལ་འཆད་དེ། སྤང་བའི་འཆང་བ་ལ་འཆད་དེ། སྔ་མ་མེད་པའི་ཉིན་ཞག་གི་མཐའ་མ་གཏོགས་ཏེ་མེད་པའོ། །གོས་ཤིག་རྙེད་ན་རྙེད་པའི་ནང་པར་གྱི་སྐྱ་རེངས་ཕན་ཆད་སྔར་འདས་པའི་ཞག་རྣམས་ནི་གྲངས་སུ་མི་བརྩིའོ། །ནམ་རྙེད་པ་ནས་མགོ་བཙུགས་ཏེ་དེ་
เล่ม ๑๖๕ · หน้า 88a
བཞིན་དུ་དགེ་སློང་དང་ཉལ་བ་དང་། བུད་མེད་དང་ཉལ་བ་དང་། ཞག་བདུན་པའི་སྨན་དང་དབྱེ་བའི་ཆོས་གོས་ཞག་དྲུག་པ་དང་། གོས་ཁ་སོགས་ཟླ་བ་གཅིག་པ་དང་གཡུལ་ན་ཞག་གཉིས་གནས་པ་ལ་སོགས་པ་ལས། ལྟུང་བར་འགྱུར་རོ་ཅོག་ཐམས་ཅད་ཞག་གི་
མཚམས་བརྩི་བའང་འདི་དང་འདྲ་སྟེ་སྐྱ་རེངས་ཀྱིས་གཅོད་དེ། སྦྱོར་བའི་སྣོད་གནས། སྦྱོར་བ་ནི་ལྟུང་བར་སྦྱོར་བ། སྣོད་ནི་ཞག་བསགས་ནས་ལྟུང་བར་འགྱུར་བ་ལ་བྱ། གནས་ནི་བུད་མེད་དང་དགེ་སློང་ཁྱིམ་གཅིག་ན་འཁོད་ཅིང་གནས་པ་ལ་བྱ་སྟེ་འཆད་པའི་སྤང་བ་ནི་ཞག་བཅུར་སྔགས་མ་བཏབ་
ན་ཉེས་བྱས། བཅུ་གཅིག་གི་སྐྱ་རེངས་བྱུང་ན་ལྟུང་བའོ། །བུད་མེད་དང་ཉལ་བ་ནི་ཐོག་མ་ཉལ་བ་ནས་ཉེས་བྱས་ལ་ཞག་ལོན་ན་ལྟུང་བ། ཞག་ལས་འགྱུར་བ་གཞན་ཡང་དེ་བཞིན་དུ་འདྲ་བར་གོ་བར་བྱ། སྐྱ་རེངས་དང་པོའི་ཐོག་མ་འདིའོ། །སྐྱ་རེངས་ཀྱིས་ཚད་གཟུང་བ་སྐྱ་རེངས་རྣམ་
གསུམ་ཡོད་དེ་སྔོ་རེངས་ནི་དང་པོར་འབྱུང་སྟེ། ལྷོ་ཕྱོགས་ཀྱི་གླིང་དུ་ཉི་མ་ཤར་ནས་ཤིང་འཛམ་བུའི་གློར་བབ་པ་དང་འཛམ་བུའི་གསེབ་ནས་འོད་བྱུང་བ་འཛམ་བུའི་ལོ་མའི་འོད་ཀྱིས་སྔོན་པོར་འབྱུང་སྟེ་དེ་བྱུང་བའི་ཚད་དུ་བརྩིའོ། །དམར་རེངས་ནི་ཤིང་འཛམ་བུ་ལས་ཉི་མ་འཕགས་པ་དང་
འོད་དམར་པོར་བྱུང་བ་ལ་བྱ། སེར་རེངས་ནི་ཉི་མ་ནམ་མཁའ་ལ་མངོན་པར་བྱུང་ནས་འོད་སེར་པོར་བྱུང་བ་ལ་བྱ་སྟེ། སྐྱ་རེངས་ཕྱི་མ་གཉིས་ཀྱིས་ནི་མི་བརྩིའོ། །ཉི་མ་ཤར་ནས་ལས་སུ་མི་རུང་ངོ་། །གསོ་སྦྱིན་དང་ཚུལ་ནས་འབྱུང་བ་དང་ཚུལ་དུ་འཇུག་པ་ནི་ཞག་དུས་ལས་ཀྱང་སྐྱ་རེངས་ཀྱིས་ནི་
ཚད་མི་གཟུང་གི་ཉི་མ་ཤར་ཚུན་ཆད་ལས་བྱར་རུང་ངོ་། །སྤང་བ་ནི་བདག་གིར་འདུ་ཤེས་པ་གཙོ་བའོ། །སྤང་བའི་ལྟུང་བར་འགྱུར་བ་ནི་རྫས་བདག་གི་ལག་ཏུ་འོངས་ཤིང་ཐོབ་ལ་བདག་གི་ཡིན་པར་བསམས་ཤིང་ཤེས་པ་ལས་སྤང་བའི་ལྟུང་བར་འགྱུར་ཏེ་གོས་ཀྱི་སྤུ་ནི། དགེ་སློང་ལ་
བརྟགས་པ་བལ་དང་དར་དང་ཟར་མ་དང་དུ་གུ་ལ་དང་ཀོ་ཏམ་པ་དང་། ཨ་བ་རན་ཏ་ཀ་དང་རས་དང་བདུན་ལས་སྔགས་མ་ཐེབས་ན་སྤང་བར་འགྱུར། མ་བརྟགས་པ་ནི་རྔ་མོ་རེའུ་རི་དགས་ཀྱི་བལ་དང་མཐོ་རིས་ཀྱི་གོས་རྣམས་ནི་སྔགས་མི་འཆགས། འདི་བསྔོས་ན་མེད་པའོ། །གོས་ཤིག་གུད་
เล่ม ๑๖๕ · หน้า 88b
ནས་འོངས་ཏེ་རྙེད་པའི་མི་གཞན་ཞིག་སྦྱིན་པ་དང་གཞན་དུ་གཏང་བར་བསམས་ནས་བསྔོས་ཏེ་བཞག་པ་ནི་སྔགས་མ་བཏབ་ཀྱང་ཉེས་མེད་དོ། །རབ་ཏུ་འབྱུང་བར་འདོད་པའི་ཕྱིར་བསྔོས་ན་ཡང་དེའོ། །གོས་ཤིག་རྙེད་ན་གསར་དུ་རབ་ཏུ་འབྱུང་བ་ཞིག་ཡོད། དེའི་གོས་དང་ཡོ་བྱད་དུ་བྱའོ་ཞེས་
བསྔོས་ཏེ་བཞག་པ་ཡང་སྔགས་མ་བཏབ་ཀྱང་ཉེས་པར་མི་འགྱུར་རོ། །གོས་བརྟགས་པ་ཡང་ངོ་། །གོས་ཤིག་རྙེད་ན་བདག་གི་ཡོ་བྱད་བཅུ་གསུམ་དུ་བསྔོ་བའི་སྔགས་ཀྱིས་བཏབ་པ་དང་གོས་ལྷག་པའི་སྔགས་ཀྱིས་བཏབ་པ་དང་བདག་ལ་མི་དགོས་ཏེ་སླར་བྱིན་པ་དང་བླངས་ནས་གཞན་
སྦྱིན་པར་བསྔོས་པ་དང་འདི་བཞི་གང་ལྟར་བྱས་ཀྱང་ཉེས་པར་མི་འགྱུར་རོ། །འདིར་རྒྱུད་ནི་ཞིགས་པའོ། །གོས་ཤིག་རྙེད་དེ་ཞག་དགུ་ཙམ་ན་སྔགས་ཀྱིས་བཏབ་ན་ཞག་བརྒྱད་ཀྱི་བར་དུ་སྔགས་ཀྱིས་མ་བཏབ་པ་ཞག་དེ་རྣམས་ཞིགས་ཉེས་པར་མི་འགྱུར་བའང་བྱ། ལྷག་པའི་སྔགས་ཀྱིས་
བཏབ་ན་མཁན་པོ་ཡིན་པར་བསམ་པས་བདག་གིས་སེམས་པ་མེད་དེ་ཞིགས་པ་ལ་ཡང་བྱ། སྤང་བར་གྱུར་ཏེ་གཞན་བྱིན་པའི་ཚེ་བདག་གི་བར་སེམས་པ་མེད་པས་ལྟུང་བ་བྱང་བར་འགྱུར་བ་ལའང་བྱའོ། །རང་བཞིན་ལས་ཉམས་པ་ཡང་ངོ་། །གོས་ཤིག་གསར་དུ་འོངས་ཏེ་རྙེད་ན་ཞག་
བརྒྱད་དགུའི་བར་དུ་སྔགས་ཀྱིས་མ་ཐེབས་པ་ལས། དགེ་སློང་སྨྱོས་ན་ཞག་དུ་ལོན་ཀྱང་རུང་སྤང་བའི་ལྟུང་བར་མི་འགྱུར་རོ། །ནམ་དྲན་པ་ནས་ཞག་བཅུ་ཚུན་ཆད་དུ་སྔགས་གདབ། འདི་ཡོད་པ་ལས་གཞན་ཡང་འདི་ལྟ་བུའི་དངོས་པོ་སྐྱེས་སོ། །གོས་ཤིག་རྙེད་ན་སྔགས་ཀྱིས་མ་བཏབ་
སྟེ་སྤང་བའི་ལྟུང་བར་འགྱུར་ན་གོས་སྤང་བར་གྱུར་པ་དེ་རྙེད་ཚུན་ཆད་གོས་གཞན་རྙེད་དོ་ཅོག་སྤང་བར་འགྱུར་རོ། །ལྷན་ཅིག་ཏུ་སྐྱེས་པ་ཞག་བདུན་པ་ཡང་ངོ་། །ཞག་བདུན་པའི་སྨན་དུ་གཏོགས་པ་རྣམས་ཀྱང་གང་ཡང་རུང་སྔ་མ་རྙེད་པ་སྤངས་པར་གྱུར་ན་དེ་ཚུན་ཆད་རྙེད་པ་ཀུན་ཀྱང་སྤང་
བར་འགྱུར་རོ། །རིགས་ཐ་དད་པ་ནི་མ་གཏོགས་སོ། །སྤང་བ་དེའི་ལྟུང་བ་ཡོད་བཞིན་དུ་ཡོ་བྱད་ཙམ་ཡང་བདག་གིར་བྱས་པའོ། །གོས་རྙེད་པ་སྣ་གཅིག་སྤང་བའི་ལྟུང་བར་གྱུར་ན་དེ་རྙེད་ཚུན་ཆད་གོས་གཞན་ཅི་རྙེད་པ་ཀུན་སྤང་དགོས་པ་ནི་སྔགས་མི་འཆགས་པ་ལྷན་པའམ་སྐུད་པ་ཙམ་ཡན་
เล่ม ๑๖๕ · หน้า 89a
ཆད་ཀྱང་སྤང་དགོས་སོ། །དེ་ལས་ཆུང་བའི་དུམ་བུ་ནི་མ་ཡིན་ནོ། །གོས་ཤིག་རྙེད་ན་སྔགས་གདབ་དགོས་པ་ནི་ཁྲུ་གང་འཁོར་བ་ཡན་ཆད་ཅིག་ལས་སྔགས་ཀྱིས་མ་བཏབ་ན་སྤང་བའི་ལྟུང་བར་འགྱུར། ཁྲུ་གང་མན་ཆད་ལ་ནི་སྔགས་ཀྱིས་གདབ་མི་དགོས། དགེ་འདུན་
གྱི་ཡང་ངོ་། །ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ཡང་རུང་ངོ་། །མཚམས་གཅིག་གི་དགེ་འདུན་གྱི་དཀོར་ཡང་རུང་བདག་གི་ཆོས་གོས་གསུམ་གྱི་གོར་བརྙས་ཏེ་སྔགས་ཀྱིས་བཏབ་པ་ལས་བྲལ་ནའང་ལྟུང་བར་འགྱུར་ཏེ་ཕྱོགས་བཅུའི་ནི་སྤང་དུ་མི་དབང་། མཚམས་གཅིག་གི་སྤང་དགོས་
མི་བདོག་པ་དེ་ནི་འདིར་གཙོ་བོའོ། །གོས་ཤིག་རྙེད་དེ་སྤང་བའི་ལྟུང་བར་གྱུར་པ་ལས་གོས་དེ་རྐུན་པོས་ཁྱེར་རམ་ཆུས་ཁྱེར་རམ་མེད་པར་གྱུར་ན་སྤང་ནི་མི་དགོས་ལྟུང་བ་ནི་མཐོལ་དགོས་སོ། །བྲུབས་པ་བཏིང་བ་ན་འདི་གསུམ་ནི་མ་ཡིན་ནོ། །ཚུལ་ནས་བྱུང་སྟེ་བྲུབས་པ་བཏིང་ན་འཆང་བ་དང་བྲལ་བ་དང་
འཇོག་པ་གསུམ་གྱི་ལྟུང་བ་མེད་དེ་གནང་ངོ་། །འདི་ཡན་ཆད་ནི་འཆང་བ་དང་འབྲལ་བ་འཇོག་པ་གསུམ་གྱི་རྩིས་མགོ་འདྲ་སྟེ་འདི་ཡན་ཆད་སྤྱིར་འཆད་དོ། །བདག་གི་ཡོད་བཞིན་དུ་ཞག་བཅུ་འདས་ནའོ། །བདག་གིས་གོས་ཤིག་རྙེད་དེ་ལྷག་པར་འཆང་ན་སྔགས་ཀྱིས་མ་བཏབ་པར་ཞག་
བཅུ་ཚུན་ཆད་དབང་ངོ་། བཅུ་ལས་འདས་ན་སྤང་བའི་ལྟུང་བར་འགྱུར་རོ། །ཕ་རོལ་གྱི་ཐོག་མའོ། །ཞག་བཅུ་འདས་ན་སྤང་བའི་ལྟུང་བར་འགྱུར་བ་ནི་ཞག་བཅུ་གཅིག་གི་སྐྱ་རེངས་དང་པོ་འདས་ནས་སྤང་བའི་ལྟུང་བར་འགྱུར་རོ། །གོས་ལའོ། །འཆང་བའི་སྤང་བ་ནི་ལྷག་མའི་གོས་
ཀྱང་ཡིན་པ་དང་། ཚད་ཀྱི་མཐའ་ནི་འཁོར་གསུམ་ཡོག་པའོ། །གོས་དེ་ཁྲུ་གང་འཁོར་བ་ཡོད་ཀྱང་རུང་འཁོར་གསུམ་ཡོག་པ་ཡང་རུང་། དེ་ཡན་ཆད་དང་འཁོར་གསུམ་ཡོག་པའི་ལྟེ་བ་མན་ཆད་པུས་མོ་ཡན་ཆད་མདུན་དང་རྒྱབ་ཡོག་པ་ལ་བྱ་སྟེ་འདི་ནི་ཆོས་གོས་སྨད་གསུམ་དུ་
བསྔོར་རུང་བའི་ཚད། བསྔོ་བས་མ་བཏབ་ནའོ། །གོས་ལྷག་མ་དེ་སྔགས་ཀྱིས་ཀྱང་མ་ཐེབས་པ་དང་ཡན་ལག་འདི་ལྔ་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར། བཏབ་ཀྱང་འདས་པ་དང་བཅས་ནའོ། །རྙེད་པའི་གོས་ཤིག་སྔགས་ཀྱིས་མ་ཐེབས་ཏེ་སྤང་བའི་ལྟུང་བ་ཡོད་བཞིན་དུ་ལྟུང་བར་
เล่ม ๑๖๕ · หน้า 89b
གྱུར་པ་དེ་ཚུན་ཆད་གོས་རྙེད་དོ་ཅོག་སྔགས་ཀྱིས་བཏབ་ཀྱང་སྔགས་མ་ཆགས་པ་ཡིན་ཏེ་སྤང་དགོས་སོ། །གཞན་ཡོད་ན་མ་བསྔོས་པར་བདག་གིར་བྱས་ན་འདིར་རོ། །ལྟུང་བ་ཡོད་བཞིན་དུ་གོས་ཕྱིས་མ་རྙེད་པ་ཞག་མ་འདས་ཀྱང་སྔགས་མི་འཆགས་ཤིང་སྤང་བར་འགྱུར་བ་ནི་སྔ་མའི་ཁྲིན་
གྱི་ཆད་པས་སྤང་དགོས་སོ། །འཆང་བའི་སྤང་བའོ། །འཆང་བ་སྤང་བའི་ལྟུང་བ་སྟེ། འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།འབྲལ་བའི་སྤང་བ་ལ་འཆད་དེ། ཉེས་མེད་པ་གདིང་བ་དང་བྲལ་བ་ནའོ། །ཆོས་གོས་གསུམ་བདག་གིར་བསྔོས་པ་ལས་བྲལ་
ན་ལྟུང་བར་འགྱུར་རོ་ཞེས་འབྱུང་བས་གདིང་བ་ཡང་བདག་གིར་བསྔོས་པ་ཡིན་ཏེ་བྲལ་ན་ལྟུང་བར་འགྱུར་བར་ཐེ་ཚོམ་ཟ་བའི་ཕྱིར་བཤད་པ་དེ་གདིང་བ་དང་བྲལ་བ་ནི་ལྟུང་བར་ཡང་མི་འགྱུར་ཉེས་པ་ཡང་མེད་དོ། །གདིང་བ་བཞག་སྟེ་མི་འགྲོའོ། །མདོ་ལྟག་མ་ལྟར་གདིང་བ་དང་བྲལ་
ན་ཉེས་མེད་ཅེས་ཏེ་ཞག་ཏུ་ཐོགས་པའི་གནས་ཤིག་ཏུ་འགྲོ་ན་གདིང་བ་བཞག་སྟེ་མི་འགྲོའོ། །བཞག་ན་ཉེས་བྱས། དེ་སྟེ་དེ་རིང་ཕྱིར་འཁོར་སྙམ་པ་མེད་ན་ཡང་ངོ་། །ག་ཞིག་ཏུ་འགྲོས་ཏེ་ཞག་ཏུ་མི་ཐོགས་པར་སླར་འཁོར་བའི་གདེང་ཡོད་པ་ནི་གདིང་བ་བཞག་སྟེ་སོང་ཡང་ཉེས་མེད་དོ། །སླར་
འཁོར་བའི་གདེང་མེད་པ་ལས་གདིང་བ་བཞག་ན་ཉེས་བྱས་སུ་འགྱུར་རོ། །དེ་ལྟར་སོང་བ་ལས་དུས་མ་ཡིན་པ་གྲུབ་ན་དེར་དེ་བརྙས་ཏེ་གནོས་ཤིག །མདོ་ལྟག་མ་ལྟར་སླར་འཁོར་བའི་གདེང་ཡོད་དེ་གདིང་བ་བཞག་སྟེ་སོང་བ་ལས་ཆུ་བྲུག་གམ་དགྲས་ཆོད་དེ་རྐྱེན་ཅིག་བྱུང་ནས་སླར་མ་
འཁོར་ན། དགེ་འདུན་དང་གྲོགས་པོ་དང་ཁྱིམ་པའི་མལ་སྟན་གག་ལ་ཉལ་ཡང་རུང་གདིང་བ་མེད་དུ་མི་རུང་སྟེ་གཞན་ཅིག་ལས་བརྙོས་ལ་ཉོལ་ཅིག །དགེ་འདུན་དང་ཁྱིམ་པའི་མལ་སྟན་ལ་གདིང་བ་མེད་པར་ཉལ་ན་ཉེས་བྱས་ལྕི་བ། གྲོགས་པོའི་མལ་སྟེན་ལ་གདིང་བ་མེད་པར་ཉལ་
ན་ཉེས་བྱས་ཡང་བའོ། །མ་གྲུབ་ན་སྟེང་ནས་དགབ་པ་བཞིན་པ་ལྟ་བ་ལ་རིང་དུ་མ་ལོགས་ཤིག །མདོ་ལྟག་མ་ལྟར་སླར་འཁོར་བའི་གདེང་ཡོད་དེ་སོང་སོང་བ་ལས་རྐྱེན་ཅིག་བྱུང་སྟེ་སླར་མ་འཁོར་བ་ལས་གདིང་བ་བརྙར་ཡང་མ་རྙེད་ན་ཆོས་གོས་སྣམ་བདུན་ལ་ཞེང་དུ་བཞིར་བལྟ་བས་
เล่ม ๑๖๕ · หน้า 90a
ཏེ་བཏིང་ལ་སྲོད་དང་ཐོ་རངས་ནམ་གྱི་སུམ་གཉིས་ཀྱི་བར་དུ་བཅག་པའམ་ཙོག་པུར་འདུག་ལ་མི་ཉལ་བར་ཁ་དོན་བྱ། ནམ་གྱི་གུང་གསུམ་ཆ་ལའང་མལ་སྟན་ལ་མཐང་གིས་མ་རེག་པ་དང་ཆོས་གོས་ལ་མི་གཟན་པའི་ཚུལ་དུ་བསྐུམ་སྟེ་ཉལ། སྦྱར་མ་གཞག་
པའི་མི་རེག་པའི་གནས་སུ་དབྱར་གྱི་རས་ཆེན་མི་གཞག་ཆོས་གོས་སྦྱར་མ་གང་དུ་བསྐུར་དགོས་པར་དབྱར་གྱི་རས་ཆེན་ཡང་མི་གཞག་པར་བསྐུར། ཆོས་གོས་གསུམ་གང་དུ་གཞག་པར་རིགས་པའི་སར་རས་ཆེན་བཞག་ཀྱང་ཉེས་མེད་དེ་གང་དུ་བཞག་པ་དང་གང་དུ་བསྐུར་བའི་
རིགས་པ་འོག་ནས་འཆད་པ་ཡིན་ཏེ་མི་སྟོར་བའི་ཚུལ་དུ་གཞག་པ་ལ་བྱ། ཆར་པ་ལ་ཡང་མ་ཡིན། ཆར་པ་འབབ་བམ་ཆར་པ་འབབ་ཏུ་དོགས་ཏེ། ག་ཞིག་ཏུ་འགྲོ་ན་རས་ཆེན་མི་གཞག་པར་བསྐུར། མ་ཁྱེར་ན་ཉེས་བྱས། ཆུ་རྒལ་ཏེ་འགྲོ་ན་ཡང་མ་ཡིན། ག་ཞིག་ཏུ་འགྲོ་སྟེ་ཆུ་ཞིག་
རྒལ་ན་ཡང་ཆོས་གོས་ཆུས་མི་གཤེར་བར་བྱ་བའི་ཕྱིར་དང་སླར་འོང་ན་ཆུ་བྲུག་སྟེ་མི་ཐར་བའི་བར་དུ་ཆར་པས་ནོན་དུ་འོང་བའི་ཕྱིར་རས་ཆེན་བསྐུར་དགོས་སོ། །འདི་དག་ལ་དོགས་ན་མ་ཡིན། ག་ཞིག་ཏུ་འགྲོ་སྟེ་ཆར་པ་འབབ་ཏུ་དོགས་སམ་ཆུ་བྲུག་གམ་ཆུ་རྒལ་དགོས་པར་དོགས་
ནའང་རས་ཆེན་མི་གཞག་པར་བསྐུར། དགེ་སློང་དང་བཅས། དགེ་སློང་ཡང་ཡོད་ལ། སྒོ་དང་བཅས། ཁང་པའི་སྒོ་དང་སྒོ་ལྕགས་ཀྱང་ཡོད་པ། གནས་དང་བཅས་པ། ཁང་པ་ཡིན་པ་དང་འདི་གསུམ་དུ་ལྡན་པར་ནི་ཆོས་གོས་གཏམས་ཏེ་བཞག་ཀྱང་ཉེས་མེད། གསུམ་ལ་
གཅིག་མ་ཚང་བར་བཞག་ན་ཉེས་བྱས་ཡང་གསུམ་ཆར་ཡང་མེད་པར་གཞག་ན་ཉེས་བྱས་ལྕི་བ། ཆར་པ་འབབ་བམ། གཞིག་ཏུ་འགྲོ་སྟེ་ཆར་པ་འབབ་བམ་འབབ་ཏུ་དོགས་པའམ། ཆུ་རྒལ་ཏེ་འགྲོ་བ་དང་། ཆུ་རྒལ་ཏེ་འགྲོ་དགོས་སམ། དེ་ལྟ་བུ་མེད་པ་དང་། དགྲ་འམ་གཅན་
གཟན་ལྟ་བུས་གཙེ་བ་དང་མེད་པ་དང་། གནང་བ་མེད་པ་དང་། ནད་པ་དང་རྒན་པོ་ལྟ་བུ་ཆོས་གོས་དང་འབྲལ་བར་གནང་བ་དགེ་འདུན་གྱིས་མ་བྱིན་པ་དང་། བཏིང་བ་མ་བྲུབས་ཏེ་ཟླ་བ་ལྔའི་བར་དུ་ཆོས་གོས་དང་འབྲལ་བར་གནང་བ་མེད་པ་དང་། སྦྱར་མ་མེད་པར་གར་ཡང་མི་འགྲོའོ། །
เล่ม ๑๖๕ · หน้า 90b
མིང་གིས་སྨོས་པ་འདི་ལྟ་བུའི་རྐྱེན་མེད་པར་ཆོས་གོས་སྨད་གསུམ་བཞག་སྟེ་གར་ཡང་མི་འགྲོ། འདི་རྣམས་ཀྱི་རྐྱེན་ཡོད་ན་ནི་ཆོས་གོས་བཞག་སྟེ་སོང་ན་ཉེས་མེད་དོ། །ཆོས་གོས་ཀྱི་གནས་ཐོབ་པར་མི་འགྱུར་ན་སྤང་སྟེ་གཞན་ལ་བསྔོ་བའི་ཆོ་གའོ། །ག་ཞིག་ཏུ་འགྲོ་སྟེ་ཞག་མི་ལོན་པར་
སླར་འཁོར་བའི་གདེང་ཡོད་དེ་ཆོས་གོས་བཞག་སྟེ་སོང་སོང་བ་ལས་དགྲས་ཆོད་དམ་ཟམ་པ་ཆད་དམ་ཆུ་བྲུགས་ཏེ་སླར་མ་འཁོར་ན་བདག་གི་ཆོས་གོས་སུ་བསྔོས་པས་ལུས་པ་དེ་ལག་ན་འདུག་པ་ཙམ་དུ་བསམས་ཏེ་གྲོགས་པོ་གཅིག་གི་གན་དུ་དབྱུང་བའི་སྔགས་བྱས་ལ་ཆོས་གོས་སྨད་
གསུམ་གཞན་ལ་བརྙས་ཏེ་སྔགས་གདབ། ཆོས་གོས་ཉིད་མ་རྙེད་ནའང་། དགེ་སློང་གི་གོས་སུ་མིང་གིས་བཏགས་པ་ལས་ཁྱིམ་པའི་རྫས་སམ་སྣམ་བུ་དཀར་པོའམ། རས་ཁ་ཚར་མ་བཅད་པ་ཅི་འདྲ་བ་ཡང་རུང་སྟེ་སྔགས་འཆགས་སོ། །བྱིན་ཅིག །མི་འབྲལ་བར་གནང་བ་ནི་
སྦྱར་མ་ལྕི་བ་ནད་པ་དང་རྒན་པོ་དག་ལའོ། །དགེ་སློང་ནད་པ་དང་རྒན་པོ་ཆོས་གོས་དང་འབྲལ་བ་དགེ་འདུན་ལ་གསོལ་ཞིང་འོང་ན་དགེ་འདུན་གྱིས་སྔར་སྤྱད་བྲིམ་སྟེ་སྤྱོད་ལ་ཆོས་གོས་མི་ཐེག་ཡང་དག་ན་ནད་པ་ཡང་རུང་རྒན་པོ་ཡང་རུང་ཆོས་གོས་དང་འབྲལ་བ་མེད་པར་གནང་བ་བྱིན་
ཅིག །དགེ་འདུན་གྱིས་གནང་བ་མ་བྱིན་ན་ཉེས་བྱས་སུ་འགྱུར་རོ། །བསྔོས་པ་ལས་གནང་བ་མ་ཐོབ་ན་བྱེད་དོ། །འབྲལ་བའི་སྤང་བར་འགྱུར་བ་ནི་ཡན་ལག་འདི་རྣམས་དང་ལྡན་ན་འགྱུར་ཏེ། བདག་གི་ཆོས་གོས་སུ་བསྔོ་བའི་སྔགས་ཀྱིས་ཀྱང་ཐེབས་པ་དང་ནད་པ་དང་རྒན་པོ་ལ་ཆོས་གོས་
དང་འབྲལ་བ་མེད་པར་དགེ་འདུན་གྱིས་ཀྱང་གནང་བ་མེད་པ་དང་། གདིང་བ་བྲུབས་པའི་ཟླ་བ་དང་ལྡན་པ་འབྲལ་བར་གནང་བའི་ཡང་གནང་བ་ནང་དུ་གཏོགས་སོ། །ཕྱིར་དང་བཅས་པའི་གནས་ལས་གཞན་དུ་གནས་ན་སྐྱ་རེངས་བྱུང་ནའོ། །བདག་འདུག་པའི་གནས་ཀྱི་མཚམས་ཀྱི་ཕྱི་
རོལ་དུའང་བྲལ་བ་དང་མཚམས་ཀྱི་ཕྱི་རོལ་དུ་བྲལ་ནས་སྐྱ་རེངས་ཡང་བྱུང་བ་དང་ཡན་ལག་འདི་བཞི་དང་ལྡན་ན་ཆོས་གོས་དང་བྲལ་བའི་སྤང་བའི་ལྟུང་བར་འགྱུར་རོ། །བདག་གནས་པའི་མཚམས་ནི་འོག་ནས་འཆད་པ་རྣམས་ཡིན་ནོ། །མཚམས་བྱས་པ་ནི་གནས་ཀྱི་མཐའ་
เล่ม ๑๖๕ · หน้า 91a
མཚམས་ནི་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་མཚམས་བཅད་པ་དང་ར་བས་བསྐོར་བ་དང་འོབས་དང་ཡུར་བས་བསྐོར་བ་ལ་སོགས་པ་ནི་མཚམས་སུ་གཏོགས་ཏེ། མཚམས་ཀྱི་ཚད་ཅི་ཙམ་གྱིས་ན་ནང་དང་ཕྱི་རོལ་དུ་འགྱུར་བ་ནི་འོག་ནས་འཆད།
བདག་པོ་གཅིག་ན་ནང་གི་མཚམས་ནི་ཐ་དད་པ་མ་ཡིན་ནོ། །ཁང་པ་ཁྱེར་ཀྱང་གཅིག་བདག་པོ་ཡང་གཅིག་ན་ཁང་པ་མིག་གཅིག་གི་ནང་དུ་བདག་འདུག་གམ་ཆོས་གོས་གཞག་པ་ཁང་པ་མིག་གཅིག་གི་ནང་དུ་ཁྱིམ་པ་དང་ཆོས་གོས་སམ་བདག་འདུག་ཀྱང་འབྲལ་བར་མི་འགྱུར། ནོར་
དང་ལྟ་བ་མ་བྱེ་བ་དག་ཀྱང་ངོ་། །བདག་པོ་གཅིག་ཅེས་བྱ་བ་ནི་མི་སྤུན་དུ་ཡོད་ཀྱང་ནོར་ཡང་མ་བགོས་ཞིང་རྨོ་བ་དང་ཕྱུགས་འཚོ་བ་ལ་སོགས་པའི་ལས་ཀྱང་མཐུན། སངས་རྒྱས་ཀྱི་ཆོས་སམ་དེར་ཏིག་གི་ཆོས་གང་ཡང་རུང་ལྟ་བ་ཡང་མཐུན་པ་ནི་ཁང་པ་བྱིན་གཅིག་གི་མིག་གཅིག་གི་
ནང་དུ་སྤུན་གཅིག་དང་བདག་ཉལ་ལ། མིག་གཅིག་གི་ནང་དུ་ཆོས་གོས་དང་སྤུན་གཅིག་གབ་ཀྱང་རུང་གཅིག་དང་འདུག་ན་མི་འབྲལ། ནོར་རམ་ལྟ་བ་གཅིག་བྱེ་ལ་གཅིག་མ་བྱེ་ན་འབྲལ་བར་འགྱུར་རོ། །ཡལ་ག་དང་ཉེ་བའི་ཡལ་ག་མ་འདྲེས་ན་གནས་ཐ་དད་དོ། །ཤིང་དྲུང་གཅིག་
ལ་ཡལ་ག་གཅིག་གི་འོག་གི་ཐད་ཀའི་ས་ལ་བདག་ཉལ་ལ་ཡལ་ག་གཅིག་གི་འོག་གི་ས་ལ་ཆོས་གོས་གཞག་སྟེ་བར་འདོམ་གང་ལས་རིང་བ་ཕན་ནི་འབྲལ་བར་འགྱུར། འདོམ་གང་ཚུན་ཆད་ནི་མི་འགྱུར་ཏེ་ཤིང་གི་ཡལ་ག་དང་ལོ་མ་མ་འདྲེས་པ་ལ་བྱའོ། །ཤིང་གི་ལོ་མ་དང་ཡལ་ག་
མ་འདྲེས་པ་ལ་ཡལ་ག་གཅིག་གི་སྟེང་དུ་ཆོས་གོས་བཞག་ལ་ཡལ་ག་གཅིག་གི་སྟེང་དུ་བདག་ཉལ་ཏེ་བར་ནམ་མཁའ་འདོམ་གང་ཕན་ཆད་ནི་འབྲལ་བར་འགྱུར་རོ་ཞེས་བྱི་ཤུ་ཏས་བཤད། དྲུང་ན་སྤྱིའི་འོ། །ཤིང་དྲུང་གཅིག་གི་ཡལ་ག་དང་མདོར་ཆོས་གོས་བཞག་ལ་ཤིང་གི་རྩ་བ་ལ་
བདག་གི་ལུས་ཀྱིས་རེག་པར་ཉལ་ན་སྤང་བའི་ལྟུང་བར་མི་འགྱུར་རོ། །རྩ་བའི་རྩ་བ་ལ་སོགས་པ་ཡང་ངོ་། །ཤིང་དྲུང་གཅིག་གི་ཡལ་གའི་ཡང་ཡལ་ག་ལ་ཆོས་གོས་བཀལ་ལ་ཤིང་གི་དྲུང་དུ་བདག་གི་ལུས་རེག་པར་ཉལ་ནའང་འབྲལ་བར་མི་འགྱུར་རོ་ཞེས་བྱི་ཙ་ཡ་བར་མས་བཤད།
เล่ม ๑๖๕ · หน้า 91b
ཤིང་གི་རྩ་བའི་ཡན་ལག་སོ་སོའི་སྟེང་དུ་སྣང་བ་ལ་རྩ་བའི་སྟེང་དུ་ཆོས་གོས་སམ་བདག་ཉལ་ལ་ཤིང་ཀར་གཅིག་འདུག་ན་འབྲལ་བར་མི་འགྱུར་ཞེས་བྱི་ཤུ་ཏས་བཤད། ཤིང་གི་ཡལ་ག་དང་འདབ་མ་འདྲེས་པ་ནི་གནས་གཅིག་པའོ། །ཤིང་དྲུང་མང་ཞིང་ལོ་མ་ཀུན་འདྲེས་པར་འདབ་
ཆགས་སུ་འདུག་པ་ནི་བར་དུ་རྩིག་པའམ་ཆུས་མ་ཆོད་ན་ཤིང་གི་ལོ་མ་མ་འདྲེས་ཤིང་བར་ཆད་གང་ན་ཡོད་པ་ཚུན་ཆད་མཚམས་གཅིག །བླ་གབ་ལྟ་བུ་དེའི་འོག་ཏུ་ཞུགས་པ་ན་ཡང་ངོ་། །ཤིང་དྲུང་གཅིག་ལ་ཡལ་ག་བར་ཆད་པ་མེད་པར་གཅིག་ལ་གཅིག་འདྲེས་པས་ཁེབས་པར་འདུག་
ན་ཡལ་གའི་ཐོག་མའི་མཐའ་ཁ་དྲང་དུ་ལོ་མ་ལས་ཐིགས་པ་ལྟུང་ཚུན་ཆད་ཁོ་ར་ཁོར་ཡུག་ཏུ་མཚམས་གཅིག་ཏུ་བརྩིའོ། །ཤིང་རྟ་དང་གྲུ་ཡང་ངོ་། །གྲུ་དང་ཤིང་རྟའི་འོག་གི་ངོས་ལ་ཆོས་གོས་བཞག་ལ་འོག་གི་ས་ལ་བདག་ཉལ་ན་མི་འབྲལ། ཤིང་རྟ་དང་གྲུའི་སྟེང་དུ་གུར་རམ།
ཁང་པར་ཕུབ་པའི་ནང་ནི་མཚམས་གཅིག་ཏུ་བརྩི། ཐོག་མ་ཕུབ་པ་ནི་མགོར་ཆོས་གོས་བཞག་ལ་འཇུག་ཏུ་བདག་ཉལ་ན་འབྲལ་བར་འགྱུར་རོ། །མཚམས་མེད་པ་ནི་ཡན་ལག་གིས་ཡོག་པའི་མཐའོ། །དགོན་པ་ཞིག་ལ་གནས་ཏེ་ཐང་བུ་ཞིག་ལ་ཉལ་ན་བདག་གི་ལུས་འཕྲེས་པའི་
ཡན་ལག་གི་འོག་ཏུ་ཆུད་པ་ནི་མཚམས་གཅིག་ཏུ་བརྩི་སྟེ་མཚམས་ཀྱི་ཚད་གང་ཚུན་ཆད་འབྲལ་བར་མི་འགྱུར་བ་ནི་འོག་ནས་འཆད། ཕྱིར་ལ་འདོམ་གང་འཁོར་བའོ། །མདོ་ལྟག་མ་ལྟར་དགོན་པའི་ཐང་བུ་ལ་ཉལ་བ་ནི་བདག་གི་ལུས་འཕྲེས་པའི་ཡན་ལག་གིས་ཡོག་པའི་མཚམས་
ནས་འདོམ་གང་ཁོ་ར་ཁོར་ཡུག་ཚུན་ཆད་མཚམས་གཅིག་ཏུ་བརྩི་སྟེ་འབྲལ་བར་མི་འགྱུར་རོ། །གྲོང་རྩིག་པས་བསྐོར་བ་ནས་ཅི་ཙམ་དེར་འོད་མའི་ཤིང་རྟ་བ་ལང་དྲུག་དང་ལྡན་པས་ཡོག་པའི་ལམ་མམ་བྱ་གག་འབབ་པའི་གནས་སོ། །ཁྱིམ་པའི་གྲོང་ཁྱེར་ཞིག་ན་གནས་ན་ཕྱི་རས་བསྐོར་
པའི་མཚམས་ནས་ཤིང་རྟ་སྦྲེལ་བའི་སྲོག་ཤིང་འོད་མས་བྱས་པ་བ་ལང་དྲུག་གིས་དྲངས་པ་ཆུའི་སྲིད་ཀྱི་ཚད་ཁོ་ར་ཁོར་ཡུག་ཚུན་ཆད་དུ་ཆོས་གོས་སམ་བདག་འདུག་ལ་གྲོང་གི་ནང་ནོར་དང་ལྟ་བ་བྱེ་ཡང་རུང་སྟེ་ཁྱིམ་གཅིག་གི་ནང་ན་ཆོས་གོས་དང་བདག་འདུག་ཀྱང་འབྲལ་བར་མི་འགྱུར་རོ། །ཕྱི་རའི་
เล่ม ๑๖๕ · หน้า 92a
ར་བའི་ཁ་ནས་བྱ་གག་འཕུར་ཏེ་གང་དུ་བབ་པའི་ཚད་ཚུན་ཆད་ཀྱང་རུང་སྟེ་ཚད་འདི་གཉིས་གང་ཡང་རུང་ངོ་། །སབ་མས་བསྐོར་ན་ར་ལུག་གི་རྡུལ་ཏམ་རང་བཞིན་གྱིས་འཛེམ་པའི་མི་བཤང་བའི་སའི་ལམ་མོ། །སབ་མས་བསྐོར་བའི་གནས་ཤིག་ན་འཁོད་ན་སབ་མ་ནས་ར་
ལུག་འདོང་བའི་རྡུལ་གང་དུ་བབ་པ་ཚུན་ཆད་དམ་མི་ངོ་ཚ་ཤེས་པའི་ཕྱི་རོལ་ཆེ་ཆུང་འདོར་བའི་བཤང་ས་ཚུན་ཆད་གང་ཡང་རུང་མཚམས་སུ་ཆུད་དེ་འབྲལ་བར་མི་འགྱུར་རོ། །འོབས་ཀྱིས་བསྐོར་བ་ནི་སྐས་ཐེམ་པ་བཅུ་གཉིས་པའམ་ཕྱག་དར་བོར་བའི་བོང་རྡོ་སྦོམ་པོའི་ལམ་མོ། །འོབས་ཀྱིས་
བསྐོར་བའི་གནས་ཤིག་ན་འཁོད་ན་འོབས་ཀྱི་ནང་དུ་ཆོས་གོས་ལས་ལ་འོབས་ནས་སྐས་ཐེམ་པ་བཅུ་གཉིས་པ་ཅིག་ཐད་ཀར་བསྙལ་ལ་གང་དུ་ཕྱིན་པ་ཚུན་ཆད་དང་འོབས་ཀྱི་ཁ་ནས་ཕྱག་དར་གྱི་བོང་རྡོ་སྦོམ་པོ་བོར་ཏེ་འདྲིལ་བ་གར་འདྲིལ་བ་ཚུན་ཆད་དུ་བདག་ཉལ་ནའང་། མཚམས་ཀྱི་ནང་
དུ་གཏོགས་ཏེ་འབྲལ་བར་མི་འགྱུར་རོ། །གནས་དེའི་ཁྱིམ་པའི་གྲོང་ཁྱེར་ཞིག་ན་གནས་ན་མཚམས་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་ཚུན་ཆད་འབྲལ་བར་མི་འགྱུར་ཏེ། ཕྲན་ཚེགས་བྱེད་པ་དང་། ཁྱིམ་པའི་ཕྱག་དར་ཁུང་དང་ནས་འཕྱར་བའི་ཕུབ་མ་གར་ཕྱིན་པ་ཚུན་ཆད་དང་
འཆགས་པ་དང་། ཁྱིམ་པ་ཕོ་མོས་བུ་ཁུར་དུ་ཐོགས་ཏེ་འཆགས་པའི་གར་ཕྱིན་པ་ཚུན་ཆད་དང་། འདུག་པའི་རྡུལ་བྱུང་བས་ཇི་ཙམ་དུ་ཡོག་པའོ། །ར་བ་འམ་ཁང་པའི་དྲུང་དུ་མི་འདུག་པའི་རྡུལ་བྱུང་བ་གར་འདུག་པ་ཚུན་ཆད་མཚམས་ཀྱི་ནང་དུ་གཏོགས་ཏེ་འབྲལ་བར་མི་འགྱུར་རོ། །
མཚམས་མེད་པའི་ལམ་དུ་མི་དག་དང་མི་བྲལ་བར་འགྲོ་ན་འདོམ་ལྔ་བཅུར་གཅིག་མེད་པའོ། །ལམ་དུ་ཞུགས་ཏེ་འགྲོ་བ་ནི་ཆོས་གོས་སྔར་སོང་ངམ་ཕྱི་ན་ལུས་ཏེ་བར་དུ་ཆུ་དང་གྲོག་པོས་མ་ཆོད་དེ། ཐང་བུ་མཉམ་པར་འདུག་ན་བར་དུ་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་མཚམས་གཅིག་
ཏུ་བརྩིས་ཏེ་འབྲལ་བར་མི་འགྱུར་རོ། །མཚམས་གཞན་དུ་མ་ཡིན། ལྟག་ཏུ་མཚམས་སྨོས་སོ་ཅོག་ཐམས་ཅད་བར་དུ་ཆུ་དང་རྩིག་པ་ལ་སོགས་པས་མ་ཆོད་ན་མཚམས་མིང་གིས་སྨོས་པ་མི་བརྩན་ཏེ་ཆུ་དང་རྩིག་པ་བརྩན་པར་བྱའོ། །དབུང་ནས་རྒྱང་གྲགས་ཀྱི་མཐའ་ཕན་ཆད་
เล่ม ๑๖๕ · หน้า 92b
ནི་ཐ་དད་དོ། །ཚལ་བུ་ལྟ་བུའང་འདབ་ཆགས་སུ་ལོ་མ་དང་ཡལ་ག་འཛིངས་པར་ས་ཁྱོན་ཆེན་པོ་གཅིག་གི་ནང་གནས་ཏེ་བར་དུ་ཆུ་དང་རྩིག་པས་མ་ཆོད་ན་རྒྱང་གྲགས་གཅིག་ཁོ་ར་ཁོར་ཡུག་ཚུན་ཆད་རང་མཚམས་སུ་གཏོགས་ཏེ་འབྲལ་བར་མི་འགྱུར་རོ། །འབྲལ་བའི་སྤང་བ་སྟེ་
རྣམ་པར་འབྱེད་པའིའོ། །འབྲལ་བའི་སྤང་བ་ལྟུང་བ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།དུམ་བུ་དུམ་བུར་ཀྱང་བསྔོས་པ་མེད་པར་མ་སོང་ངོ་། །བདག་གི་ཆོས་གོས་གསུམ་གང་ཡང་རུང་སྔགས་ཅན་དུ་བསྔོས་པ་ལས་རྙིངས་ཏེ་རལ་ཞིང་དུམ་བུར་གྱུར་ཀྱང་
སྔགས་འདབ་པར་མ་སོང་སྟེ། དེ་དང་བྲལ་ནའང་སྤང་བར་འགྱུར། ཆོས་གོས་གཞན་ལ་བསྔོ་ན་ཡང་དབྱུང་དགོས་སོ། །སྤང་བ་མི་སྐྱེ་བ་མ་ཡིན་ནོ། །བདག་གི་ཆོས་གོས་ཤིག་སྤངས་པར་གྱུར་ཏེ་སྤངས་ཟིན་པ་ལས་སླར་འོངས་ཏེ་སྔགས་འདེབས་ཀྱང་རུང་གཞན་གྱིས་ཆོས་གོས་སྤང་
བའི་ལྟུང་བར་གྱུར་པ་ཞིག་བདག་གི་ཆོས་གོས་སུ་སྔགས་འདེབས་ཀྱང་རུང་སྔགས་འཆགས་སོ། །དགེ་འདུན་གྱི་ཡང་ངོ་། །མཚམས་གཅིག་པའི་དགེ་འདུན་གྱི་དཀོར་ལས་བདག་གི་ཆོས་གོས་གསུམ་གང་ཡང་རུང་ཆོས་གོས་ཀྱི་གོར་བརྙས་ན་སྔགས་ཀྱང་འཆགས། དེ་འབྲལ་བར་
འགྱུར་རོ། །མདོ་ལྟག་མ་ལྟར་དགེ་འདུན་ལས་བརྙས་པའི་ཆོས་གོས་སྔགས་འཆགས་པས་ན་དེ་དང་འབྲལ་ནའང་སྤང་བའི་ལྟུང་བར་འགྱུར་རོ། །གཞན་གནས་ན་གནས་གཞན་དུ་མི་ཉམས་སོ། །དགེ་འདུན་གྱི་གནས་སུ་མུར་འདུག་གམ་ཁྱིམ་པ་ཞིག་གིས་དགེ་འདུན་ལ་གསོལ་ཏེ་ཁང་
པ་བརྙས་ནས་ཁང་བུ་མིག་གཅིག་གི་ནང་དུ་མུར་འདུག་འདུག་གམ་ཁྱིམ་པ་འདུག་ཅིང་ཆོས་གོས་ཀྱང་དེར་ལུས་ཏེ་མིག་གཅིག་གི་ནང་ན་བདག་ཉལ་ཡང་འབྲལ་བར་མི་འགྱུར་རོ། །དེ་བཞིན་དུ་མུར་འདུག་གམ་ཁྱིམ་པའི་གནས་ལས། དགེ་སློང་གིས་བརྙས་ཏེ་མིག་གཅིག་གི་ནང་དུ་
ཁྱིམ་པ་དང་། ཆོས་གོས་འདུག་ལ་མིག་གཅིག་ཏུ་བདག་ཉལ་ཡང་འབྲལ་བར་མི་འགྱུར་རོ། །གཞན་དང་འདིའི་ཆོས་དང་ལྟ་བ་ཡང་མ་ཆུད་པ་མ་ཡིན་ནོ། །སྦྱིན་བདག་གིས་ཁང་བུ་ཁྱེར་ཅིག་བརྩིགས་ཏེ་ཕྱེད་མུར་འདུག་ལ་ཕུལ་ཕྱེད་དགེ་སློང་ངམ་དགེ་འདུན་ལ་ཕུལ་བ་ལྟ་བུ་ལ་
เล่ม ๑๖๕ · หน้า 93a
མུར་འདུག་དབང་བར་ཆོས་གོས་ལུས་ལ་དགེ་འདུན་དབང་བར་བདག་འདུག་ནའང་འབྲལ་བར་འགྱུར། སྤྱིའི་ཕྱི་སྒོ་ཡང་མ་ཡིན་པ་མ་ཡིན་ནོ། །ཁྱིམ་པའི་གྲོང་ཁྱེར་གྱི་དབུས་ན་ཆོས་གོས་སམ་བདག་འདུག་ལ་སྤྱིའི་ཕྱི་སྒོར་ཆོས་གོས་སམ། བདག་གཅིག་
འདུག་ན་འབྲལ་བར་མི་འགྱུར། ནོར་ཞེས་པ་ནི་ཕ་དང་། ནོར་དང་ལྟ་བ་བྱེ་ན་མི་སྤང་གཉིས་ཤིག་ཁང་པ་ཁྱེར་ཅིག་ཀྱང་བུ་འདུག་པའི་ཁང་བུར་ཆོས་གོས་ལུས་ལ་བདག་ཕའི་ཁང་བུར་འདུག་ན་སྤང་བར་འགྱུར། བུའི་ཡང་མ་ཡིན་ནོ། །ནོར་ཡང་གཅིག་ལྟ་བ་ཡང་མ་བྱེ་ན་ཡང་སྤུན་ནམ་
ཕུ་ནུར་མི་འོང་ཡང་འབྲལ་བར་མི་འགྱུར་རོ། །སྤང་བ་ཡང་དེར་རོ། །དགེ་བསྙེན་དགེ་འདུན་ལ་ཁ་ངན་ཟེར་བ་ལས་ཁ་ཟས་མི་བསླང་བ་ཆད་པས་བཅད་པའི་སྤད་སྤུན་གཞན་ལ་བསླངས་ཀྱང་ཉེས་མེད་དོ། །སྨྱེ་གནས་ཀྱང་ངོ་། །སྨྱེ་གནས་སུ་འདུག་པ་དང་གབ་པ་གཉིས་ཀྱང་སྤད་སྤུན་
ནོར་དང་ལྟ་བ་བྱེ་བ་ཞིག་ཅིག་ཅར་དུ་སྤུན་དུ་མ་སྨྱེ་བ་བྱེད་པ་ཞིག་ལ་བལྟས་ཀྱང་ལྟུང་བ་གཅིག་ནོར་དང་ལྟ་བ་བྱེད་དུ་སྤྱོད་པ་བཞིན་དུ་ལྟུང་བ་རེ་རེ་གྲོང་གི་ར་བ་ནི་གཙུག་ལག་ཁང་གིར་མི་འགྱུར་རོ། །གཙུག་ལག་ཁང་གི་ར་བའི་མཚམས་གཅད་པ་ནི་ཁྱིམ་མའི་ས་ལ་ཁ་བརྔམ་དུ་གཅོད་དུ་མི་གནང་
སྟེ་བར་ཆེ་ན་ཡང་མཚམས་སྔར་སྨོས་པ་ལས་མི་གཅད། བར་དོག་ན་ཁྱིམ་པ་དང་ཕར་ཕྱེད་ཚུར་ཕྱེད་དུ་གཅད་པར་མེད་དེ་ར་བའི་རྩིག་སྒལ་གཅིག་གིས་ཆོད་ན་རྩིག་སྒལ་གྱིས་གཅོད་མཚམས་དེ་ལས་འདས་པར་ཆོས་གོས་དང་བྲལ་ན་སྤང་བའི་ལྟུང་བར་འགྱུར། འབྲལ་བའི་སྤང་བའི་
སྟེ་དྲིས་པའིའོ། །འབྲལ་བའི་སྤང་བའི་ལྟུང་བ་སྟེ་འདུལ་བ་དྲིས་པའི་ནང་ནས་འབྱུང་བའི་མདོ། །འབྲལ་བའི་སྤང་བའོ། །འབྲལ་བའི་སྤང་བ་འདུལ་བ་སོ་སོའི་ནང་ནས་འབྱུང་བའི་མདོ།། །།འཇོག་པའི་སྤང་བའི་ལྟུང་བ་ལ་འཆད་དེ། མ་ལངས་པ་ཡང་ལངས་པ་བཞིན་ཏེ་
ལངས་སུ་རེ་བ་ཡོད་ན་སྟེ། ཁྲུ་གང་འཁོར་བའོ། །དགེ་སློང་ལ་ཆོས་གོས་གསུམ་གང་ཡང་རུང་བ་ཅིག་མེད་ལ་ཆོས་གོས་ཀྱི་རྒྱུ་ཞིག་རྙེད་ན་དྲུབས་ཏེ་བསྔོས་ལ་ཆོང་ཤིག །ཆོས་གོས་སུ་མ་ལངས་ལ་གཞན་ལས་ཀྱང་ཆོས་གོས་ཀྱི་རྒྱུའམ་བསྣན་པ་ཞིག་འོང་བ་ཡོད་པ་ན་སྔགས་
เล่ม ๑๖๕ · หน้า 93b
ཀྱིས་མ་ཐེབས་པར་ཟླ་བ་གཅིག་ཚུན་ཆད་དུ་བཅངས་ཀྱང་ཉེས་མེད། གུད་ནས་བསྣན་པ་འོང་བ་མེད་ན་ནམ་རྙེད་རྙེད་དུ་ཁ་སོགས་སུ་མི་དབང་སྟེ་སྔགས་ཀྱིས་མ་ཐེབས་ཏེ་ཞག་བཅུ་འདས་ན་སྤང་བའི་ལྟུང་བར་འགྱུར། བསྔོས་པ་ཡོད་ནའོ། །ཆོས་གོས་གསུམ་ཚད་བཞིན་དུ་ཆོས་གོས་སུ་མི་
ལངས་པའི་གོས་ཤིག་རྙེད་ན་མདོ་ལྟག་མ་ལྟར་ཁ་སོགས་སུ་མི་དབང་སྟེ་སྤང་བའི་ལྟུང་བར་འགྱུར་གྱི་ཞག་བཅུ་མ་འདས་པར་སྔགས་ཀྱིས་གདབ། གཞན་དུ་ན་དེ་ཞག་སུམ་ཅུ་འདས་ནའོ། །ཆོས་གོས་གསུམ་གང་ཀྱང་རུང་མ་ཚང་ལ་གོས་རྙེད་པས་མ་ལངས་ཏེ་རེ་བ་ཡོད་པའི་ཕྱིར་
ཁ་སོགས་པ་ཡང་ཟླ་བ་གཅིག་འདས་ཀྱི་བར་དུ་གུད་ནས་འོང་ཞིང་རྙེད་དུ་རེ་བ་ཡང་མ་ཐོ་བ་ལ་ཁ་སོགས་བདག་ལ་ཡོད་པ་ཡང་སྔགས་ཀྱིས་མ་ཐེབས་ན་སྤང་བའི་ལྟུང་བར་འགྱུར། ཁ་དོག་ལ་སོགས་པ་མི་འདྲ་བ་ནི་མ་ལངས་པའོ། །གོས་སྣོན་པ་གུད་ནས་འོང་བའི་རེ་བ་ཡོད་པ་དེ་བདག་ལ་ཁ་མ་
ལངས་པ་འཆང་བ་དང་ཁ་དོག་མི་མཐུན་པ་དང་། རིགས་ཐ་དད་པ་ཞིག་སྟེ་བདག་གི་ཁ་མ་ལངས་པ་རས་ཡིན་ལ་གུད་ནས་འོང་བ་སྣམ་བུ་ཡིན་པ་དང་བདག་གི་ཁ་མ་ལངས་པ་སྔོན་པོ་ཡིན་ལ་གུད་ནས་འོང་བ་སེར་པོ་ཡིན་པ་ལྟ་བུ་ནི་ཁ་སོགས་སུ་མི་དབང་སྟེ་ཞག་བཅུ་འདས་ཏེ་སྔགས་ཀྱིས་མ་ཐེབས་
ན་སྤང་བའི་ལྟུང་བར་འགྱུར་རོ། །དཀར་པོ་ནི་ཁ་དོག་ཐམས་ཅད་དུའོ། །བདག་ལ་གོས་ཁ་མ་ལངས་པ་འཆང་བ་དེ་དང་རྙེད་དུ་རེ་བ་ནི་རིགས་གཅིག་སྟེ་བདག་ལ་ཡོད་པ་ཡང་རས་ཡིན། གུད་ནས་འོང་བ་ཡང་རས་ཡིན་པ་གཅིག་ཁ་དོག་དཀར་པོ་ཡིན་ན་གཅིག་ཁ་དོག་ཅི་འདྲ་བ་ཡང་ཟླ་བ་གཅིག་
གི་བར་དུ་སོགས་སུ་རུང་སྟེ་སྤང་བར་འགྱུར་རོ། །དེ་ཞག་བཅུ་ལ་སོགས་པར་འབྲལ་བར་འབྱོར་ནའོ། །ཆོས་གོས་ཀྱི་རྒྱུ་མ་ལངས་པ་སྣོན་པ་རྙེད་དུ་རེ་བ་ཡོད་ན་ཁ་སོགས་སུ་ཟླ་བ་གཅིག་ཏུ་གཞག་ཏུ་གནང་བ་ལས་རྙེད་དུ་རེ་བ་དེ་ཞག་བཅུ་ཚུན་ཆད་དུ་འོངས་ན་སྔ་མ་རྙེད་པ་ནས་ཞག་བཅུ་
ཚུན་ཆད་དུ་སྔགས་ཐོབས་ཤིག །ཞག་བཅུ་འདས་ཏེ་མ་ཐེབས་ན་སྤང་བའོ། །དེ་བཞིན་དུ་ཞག་ཉི་ཤུ་ཚུན་ཆད་དུ་རྙེད་དུ་རེ་བ་འོངས་ཏེ་སྔགས་ཀྱིས་མ་ཐེབས་པར་ཞག་ཉི་ཤུ་འདས་ནའང་སྤང་བར་འགྱུར་ཞག་སུམ་ཅུ་ཚུན་ཆད་དུ་རྙེད་དུ་རེ་བ་འོངས་ལ་སྔགས་ཀྱིས་མ་ཐེབས་པར་ཞག་སུམ་
เล่ม ๑๖๕ · หน้า 94a
ཅུ་འདས་ན་སྤང་བའི་ལྟུང་བར་འགྱུར་རོ། །སྦྱར་མ་དེངས་པའི་མཐའ་ནི་ཉིས་རིམ་དུའོ། །ཆོས་གོས་ཆེན་པོ་སར་པར་བྱེད་ན་ཉིས་རིམ་དུ་སྦྱར་དུ་གནང་ངོ་། །གདིང་བ་ཡང་ངོ་། །གདིང་བ་སར་པ་བྱེད་ན་ཡང་ཉིས་རིམ་དུ་སྦྱར་དུ་གནང་ངོ་། །སྟེང་ནས་དགབ་པ་དང་འོག་ཏུ་གནས་
པ་ནི་གཅིག་རིམ་མོ། །ཆོས་གོས་སྣམ་བུ་བདུན་པ་དང་ལྔ་པ་གཉིས་ནི་སར་པ་བྱེད་ནི་གཅིག་རིམ་ལས་མི་གནང་ངོ་། །དུས་སུ་དེངས་ན་ཉིས་རིམ་དུའོ། །ཆོས་གོས་ཆེན་པོ་དང་གདིང་བ་རྙིངས་པ་ནི་བཞི་རིམ་དུ་སྦྱར་དུ་གནང་ངོ་། །ཚལ་བུ་ལྔ་པ་དང་བདུན་པ་གཉིས་ནི་རྙིངས་ན་ཉིས་རིམ་དུ་སྦྱར་
དུ་གནང་ངོ་། །རྙིངས་པའི་ཚད་ནི་དགུན་ནམ་དཔྱིད་ཀྱི་དུས་གཅིག་བསྒོས་པ་ཙམ་གྱིས་རྙིངས་པར་ཆུད་དོ། །ཕྱག་དར་ཁྲོད་ཀྱི་ཆད་པ་མེད་དོ། །ཚེམ་བུ་པ་ཕྱག་དར་ཁྲོད་ནས་བསྡུས་ཤིང་གློན་པ་ནི་རིམ་པའི་གྲངས་ཆད་པ་མེད་དེ་དུས་བློན་དུའང་དབང་ངོ་། །དེངས་པ་དང་སྲབ་པ་ནི་ལྷག་མར་སྦྱིན་པ་
དགོས་པ་ཙམ་དུའོ། །ཆོས་གོས་ཟད་ཅིང་དེངས་ཏེ་བུག་གམ་རྡོལ་ཏམ་རལ་པ་ནི་ཇི་ཙམ་རྡོལ་ཅིང་རལ་པའི་ལྷན་པ་ཅི་དགོས་པ་ཙམ་རན་པར་གླན་ནོ། །མི་དགོས་པར་ལྷག་པར་ཆེར་མི་གླན། ལྷག་པར་མི་སྦྱིན། ཆོས་གོས་གསུམ་དང་གདིང་བ་དང་བཞི་གསར་དུ་བྱེད་པ་དང་རྙིངས་པ་སྦྱོར་
དུ་གནང་བར་ལྷག་ཏུ་གྲངས་བཅད་པ་ལས་ལྷག་པར་མི་གླན། ལྷག་པར་གློན་པའི་ཚེ་ཉེས་བྱས། སྤང་བར་ཡང་བྱེད་དོ། །མདོ་ལྟག་མ་ལྟར་གྲངས་བཅད་པ་ལས་ལྷག་པར་སྦྱོར་དུ་མི་གནང་བ་ལས་སྦྱར་ཏེ་ཞག་བཅུ་འདས་ན་སྤང་བའི་ལྟུང་བར་འགྱུར། སྔགས་ཀྱང་མི་འཆགས། འོས་
པ་ལས་མི་དབྲལ། ཆོས་གོས་དང་གདིང་བ་གསར་དུ་བྱེད་པ་དང་རྙིངས་པ་སྦྱོར་དུ་གནང་བར་གྲངས་བཅད་པ་བཞིན་དུ་སྦྱར་བ་ལས་ཕྱིས་སོ་སོར་བྲལ་ན་ཉེས་བྱས་སོ། །དེ་བཞིན་དུ་ལས་བྱས་ནས་སྦྱར་སྙམ་དུ་སེམས་མ་བསྐྱེད་པས་སོ། །ཆོས་གོས་དང་གདིང་བ་སྦྱོར་དུ་གནང་བ་གྲངས་བཅད་
པ་བཞིན་དུ་སྦྱར་བ་དེ་བཙོ་བ་དང་བཀྲུ་བ་ལ་སོགས་པའི་ལམ་བྱ་བའི་ཕྱིར་ཕྲལ་ཏེ་ལས་ཟིན་ན་སླར་སྦྱར་རོ་སྙམ་དུ་བསམས་ཏེ་ཕྲལ་བ་ནི་ཉེས་མེད་དོ། །བབ་བབ་ཏུ་ཕྲལ་ནས་སྦྱར་བ་ཚུན་ཆད་བཅུ་འདས་ན་སྤང་བའོ། །མདོ་ལྟག་མ་གཉིས་ལྟར་ཆོས་གོས་དང་གདིང་བ་སྦྱར་དུ་གནང་བ་ལས་
เล่ม ๑๖๕ · หน้า 94b
ཕྲལ་བ་ཞག་བཅུ་ཚུན་ཆད་སླར་མ་སྦྱར་ཏམ་ཕྲལ་བ་དེ་སོ་སོར་སྔགས་ཀྱིས་མ་ཐེབས་ན་སྤང་བའི་ལྟུང་བར་ཡང་འགྱུར་རོ། །སྦྱར་མའི་དུམ་བུ་ནི་དགུ་ནས་ཉི་ཤུ་རྩ་ལྔར་ཏེ་ཟུང་མ་གཏོགས་སོ། །ཆོས་གོས་ཆེན་པོ་གསར་དུ་བྱེད་ན་ཚལ་བུ་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དུ་བྱེད་དུ་གནང་
སྟེ་གྲངས་འཆུགས་པར་མི་བྱ་བར་ཁང་འཁྱེར་དུ་བྱས་ཏེ་ཚལ་བུ་བཅུ་གསུམ་དང་བཅོ་ལྔ་དང་བཅུ་དགུ་དང་ཉི་ཤུ་རྩ་གཅིག་དང་། ཉི་ཤུ་རྩ་གསུམ་དང་ཉི་ཤུ་རྩ་ལྔ་གྲངས་འདི་རྣམས་གང་དུ་བྱས་ཀྱང་རུང་ངོ་། །དེ་ཕན་ཆད་ནི་ཚེམ་བུའོ། །ཚལ་བུ་ཉི་ཤུ་ཆ་ལྔ་ནས་མང་བ་ནི་ཚོམ་བུ་ཞེས་
བྱ་སྟེ་ཆོས་གོས་ཆེན་པོའི་སྔགས་མི་འཆགས་སོ། །ཚེམ་བུ་པའི་ཆོས་གོས་ཀྱི་སྔགས་ནི་འཆགས་སོ། །གསུམ་པ་དང་པོ་ནི་ལེབ་ལེབ་པོ་ཕྱེད་དང་གསུམ་མོ། །ཆོས་གོས་ཚལ་བུ་དགུ་པ་དང་བཅུ་གཅིག་པ་དང་བཅུ་གསུམ་པ་གསུམ་ནི་ཞེང་དུ་འགྲོ་བའི་ཚལ་བུ་ཀུན་ཚལ་བུ་རིང་པོ་
མཉམ་པ་གཉིས། རིང་པོའི་ཕྱེད་ཚད་གཅིག་དང་། ཕྱེད་དང་གསུམ་དུ་སྤེལ་ཅིང་གཏང་ངོ་། །གཉིས་པ་ནི་ལེབ་ལེབ་པོ་ཕྱེད་དང་བཞིའོ། །ཆོས་གོས་ཚལ་བུ་བཅོ་ལྔ་པ་དང་། བཅུ་བདུན། བཅུ་དགུ་པ་གསུམ་ནི་ཞེང་དུ་འགྲོ་བའི་ཚལ་བུ་མཉམ་པ་རིང་པོ་གསུམ། རིང་
པོའི་ཕྱེད་ཚད་གཅིག་སྟེ་ཕྱེད་དང་བཞི་མགོ་མཇུག་ཏུ་སྤེལ་ཅིང་གཏང་། གསུམ་པ་ནི་ལེབ་ལེབ་པོ་ཕྱེད་དང་ལྔའོ། །ཆོས་གོས་ཚལ་བུ་ཉི་ཤུ་གཅིག་པ་དང་། ཉི་ཤུ་གསུམ་པ་དང་ཉི་ཤུ་ལྔ་པ་གསུམ་ནི་ཞེང་དུ་འགྲོ་བའི་ཚལ་བུ་རིང་པོ་བཞི་རིང་པོའི་ཕྱེད་ཚད་གཅིག་སྟེ། ཚལ་བུ་ཕྱེད་
དང་ལྔ་ཞེང་དུ་འགྲོ་བའི་མཇུག་ཏུ་བསྣོར་ཅིང་སྤེལ་ཏེ་གཏང་། བདག་གི་ཁྲུ་གསུམ་དང་ལྔ་ནི་ཐུ་བོར་བསྔོའོ། །ཆོས་གོས་གསུམ་ལ་ཆེར་བྱེད་དུ་གནང་བའི་ཚད་ནི་བདག་ཉིད་ཀྱི་ཁྲུ་ཞེང་དུ་ནི་གསུམ། ཆུར་ནི་ལྔར་བྱེད་དུ་གནང་ངོ་། །ཆུང་ངུ་ནི་ཁྲུ་ཕྱེད་ཕྱེད་མ་གཏོགས་སོ། །ཆོས་གོས་
གསུམ་ཆུང་ངུར་བྱེད་ན་གནང་བའི་ཚད་ནི་བདག་ཉིད་ཀྱི་ཁྲུ་ཞེང་དུ་ཕྱེད་དང་གསུམ། ཆུར་ཕྱེད་དང་ལྔ་བྱེད་དུ་གནང་ངོ་། །བར་མ་ནི་དབུ་མའི་ཚད་ལའོ། །ཆོས་གོས་གསུམ་འབྲིང་བྱེད་ན་གནང་བའི་ཚད་ནི་བདག་གི་ཁྲུ་ཞེང་དུ་གསུམ་མན་ཆད་ཁྲུ་ཕྱེད་དང་གསུམ་ཡན་ཆད་ཆུར་ཁྲུ་ཕྱེད་
เล่ม ๑๖๕ · หน้า 95a
དང་ལྔ་ཡན་ཆད་ཁྲུ་ལྔ་མན་ཆད་གག་ཏུ་ཡང་བྱར་རུང་ངོ་། །འོག་ཏུ་གནས་པ་ནི་གཉིས་དང་ལྔའམ་གཉིས་དང་བཞིའོ། །ཆོས་གོས་སྣམ་བུ་ལྔ་པ་ནི་བོངས་ཏེ་མེད་ན་ཞེང་ཁྲུ་དོ་ལ་ཆུར་ཁྲུ་ལྔ་ཡང་རུང་། ཞེང་དུ་ཁྲུ་དོ་ལ་ཆུར་ཁྲུ་བཞིར་བྱར་ཡང་རུང་ངོ་། །འཁོར་
གསུམ་ཡོག་པ་ཡང་ངོ་། །མདོ་ལྟག་མ་ཙམ་དུ་སྦྱར་ཡང་མེད་དེ་ཕོངས་ན་ཆོས་གོས་ཚལ་བུ་ལྔ་པ། འཁོར་གསུམ་ཡོག་ལ་བྱས་ཀྱང་ཉེས་མེད་དེ་སྔགས་ཀྱང་འཆགས་སོ། །ལུས་ཀྱི་བདུན་ཆ་ལས་གཉིས་ནི་ཁྲུའི་དོན་ཏོ། །མིའི་ལུས་དང་ལག་པ་རིང་ཐུང་ཞུགས་ཏེ་ཁྲུས་བཅལ་དུ་
མི་མངོན་ན་ལུས་ལ་ཅི་ཡོད་པ་ལས་བདུན་ཆར་བཅལ་ཏེ་བདུན་ཆ་གཉིས་ལ་ཁྲུ་གང་དུ་བརྩི་སྟེ། ཁྲུ་དེ་ཆོས་གོས་ཀྱི་ཞེང་དུ་ནི་གསུམ་ཆུར་ནི་ལྔའི་ཚད་དུ་བཅལ་ལོ། །མི་འདུས་ན་སྤྲད་པ་བྱའོ། །ཆོས་གོས་ལ་བདག་གི་ཁྲུ་ཚད་བཞིན་དུ་བྱས་ཀྱང་མི་ཚོ་ཞིང་སྦོམ་སྟེ། ཆོས་གོས་ཁ་མི་
འདུས་ཤིང་མི་ཡོག་ན་སྣ་གཉིས་སྒྲོ་གུས་གདགས་ཤིང་སྤྲད་པའམ་བཙེམས་ཏེ་སྤྲད་པར་བྱའོ། །ཚད་ལས་ལྷག་པར་མི་བྱའོ། །ཟླ་བའི་སྤང་བ་སྟེ། རྣམ་པར་འབྱེད་པའོ། །འཇོག་པའི་སྤང་བའི་ལྟུང་བ་སྟེ། འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།ཉེས་བྱས་
པ་ནི་འབྲིང་བ་སྟེ་ཆུང་ངོ་། །ཁྲུ་གང་དུ་མ་ཆོག་པའི་གོས་དང་འཁོར་གསུམ་མ་ཡོག་པ་ཡང་སྔགས་གདབ་དགོས་ཤིང་འཆགས་ཏེ་སྔགས་མ་ཐེབས་པར་ཞག་འདས་ན་སྤང་བའི་ལྟུང་བར་ནི་མི་འགྱུར་གྱི་ཉེས་བྱས་སུ་འགྱུར་རོ། །འཁོར་ཕྱེད་ཀྱང་མི་ཡོག་པ་ནི་རོ་མེད་པའོ། །གོས་ཁ་མ་
ལངས་པ་ནི་རྙེད་དུ་རེ་བ་ཡོད་པའི་ཕྱིར་གཞོག་ཏུ་གནང་བ་རྙེད་དུ་རེ་བ་དེ་འཁོར་གསུམ་ཡོག་པའི་ཕྱེད་མན་ཆད་ཙམ་ཞིག་རྙེད་དུ་རེ་བ་ནི་ཁ་སོགས་སུ་གཞག་ཏུ་མི་གནང་སྟེ། ཞག་བཅུ་འདས་ན་སྤང་བར་འགྱུར་རོ། །མ་བརྟགས་པ་ཡང་ངོ་། །ཁ་སོགས་སུ་གཞོག་པ་དེ་ལ་རྙེད་དུ་རེ་བ་དགེ་སློང་
གིས་གོས་སུ་མ་བརྟགས་པ་རི་དགས་དང་རྔ་མ་ལྟ་བུ་ཞིག་ཡིན་ན་གཞོག་ཏུ་མི་གནང་སྟེ། ཞག་བཅུ་འདས་ན་སྤང་བར་འགྱུར་རོ། །མ་བསྔོས་པ། ཆོས་གོས་ཀྱི་རྒྱུར་མ་བསྔོས་ཤིང་མ་བརྟགས་པ་མིང་གིས་སྨོས་པ་འདི་རྣམས་གག་ཀྱང་རུང་སྔགས་ཀྱིས་མ་བཏབ་ན་ཉེས་བྱས་སུ་
เล่ม ๑๖๕ · หน้า 95b
འགྱུར་རོ། །གདོང་ཕྱིས་དང་། གདོང་ཕྱི་བའི་རས་སམ་སྣམ་བུའི་རས་མ་དང་། ཚགས་དང་། ཆུ་ཚགས་དང་ཆུ་ཚགས་ཀྱི་རྒྱུ་དང་། གདིང་བ་དང་། འོག་ཏུ་གདིང་བའི་སྟན་དང་གོར་བུ་ཁྲུ་གང་དུ་མེད་པ་དང་། དྲེའུ་རྔོག་ལ་སོགས་པ་ཡོ་བྱད་ཀྱི་གོས་རྣམས་ཀྱང་ངོ་། །དྲེའུ་རྔོག་ལ་
སོགས་པ་སྔགས་མ་བཏབ་ན་ཞག་བཅུ་འདས་ན་ཉེས་བྱས་སུ་འགྱུར་རོ། །འདི་རྣམས་ལྟ་བུ་ཞིག་རྙེད་དུ་རེ་བ་ཡོད་པའི་ཕྱི་ཕྱིར་ཁ་མ་ལངས་པ་ལ་སོགས་པའི་ཕྱིར་ཟླ་བ་གཅིག་ཏུ་གཞོག་ཏུའང་མི་དབང་ཡན་ལག་འདི་འཆང་བའི་ཡན་ལག་དང་འདྲ་སྟེ་དེའི་སྟེང་དུ་རྙེད་དུ་རེ་བ་ཡོད་པའི་
ཕྱིར་ཞག་སུམ་ཅུ་འདས་པས་བསྣན། ཟླ་བའི་སྟེ་དྲིས་པའི་འོ། །འཇོག་པའི་སྤང་བའི་ལྟུང་བ་འདུལ་བ་དྲིས་པ་ཞེས་བྱས་པའི་ནང་ནས་འབྱུང་བའི་མདོ། །ཟླ་བའི་སྟེ་སྤང་བའོ། །འཇོག་པའི་སྤང་བ་ལྟུང་བ་འདུལ་བ་སོ་སོ་ནས་འབྱུང་བའི་མདོ།། །།འཁྲུ་བའི་སྤང་བ་ལ་འཆད་དོ། །
སྦྲུམ་མ་གནས་དབེན་པར་རོ། །མཉན་དུ་ཡོད་པ་ན་དགེ་སློང་ཨུ་དའི་ཁུ་བ་སྟོར་བའི་ཤམ་ཐབས་ཆུང་མ་དགེ་སློང་མ་འགུམ་ཏ་ལ་འཁྲུར་བཅུག་ནས་ཤམ་ཐབས་ལ་ཁུ་བ་ཆགས་པ་འགུམ་ཏས་མོ་མཚན་དུ་བཅུག་སྟེ་བུར་ཆགས་ཏེ་བུ་ཀུ་མཱ་ར་ཀཱ་ཤྱ་པ་ཞེས་བྱ་བ་དགྲ་བཅོམ་པ་ཞིག་ཏུ་གྱུར་
པ་སྐྱེས་པ་ལས་བཅས་ཏེ་དགེ་སློང་མ་འདི་ལྟ་བུའི་ཚུལ་དུ་བུ་ལྟོར་ཞུགས་པ་དང་སྔོན་ལྟོ་ན་བུ་ཡོད་པ་ལས་བྱིག་ཤུར་ཞུགས་ཏེ་སྦྲུམ་མ་ནི་གཞན་གྱིས་འཕྱས་སུ་མི་བྱ་ཞིང་མ་མཐོང་བར་དབེན་པར་གཞག་སྟེ་གསོའོ། །དགེ་སློང་མ་འདི་ལ་ཡལ་བར་མི་བྱ། དགེ་སློང་མ་སྦྲུམ་མ་
དབེན་པར་གཞག་པ་ལ་དགེ་སློང་མ་གྲོགས་ཀྱིས་ཡལ་བར་མི་དོར་གྱི་རིམ་གྲོ་དང་ཞལ་ཏ་བྱའོ། །དེ་ལ་ཟས་སྦྱིན། དགེ་སློང་མ་སྦྲུམ་མ་དབེན་པར་གཞག་པ་དེ་ལ་དགེ་སློང་མ་གྲོགས་ཀྱིས་ཟས་དང་གོས་ཀྱང་སྦྱིན་ནོ། །གཉེན་ནི་ཕ་དང་མ་དག་གི་བདུན་རྒྱུད་ཚུན་ཆད་དོ། །གོས་འཁྲུར་
བཅུག་པ་ནི་དགེ་སློང་མ་གཉེན་མ་ཡིན་པ་ལ་འཁྲུར་བཅོལ་ན་ལྟུང་སྟེ་གཉེན་ནི་བདུན་མེས་དང་ཕྱི་ཚུན་ཆད་ཀྱི་རྒྱུད་འཕེལ་བ་ཀུན་གཉེན་དུ་ཆུད་དོ། །དེ་ཕན་ཆད་ནི་གཉེན་མ་ཡིན་པའོ། །འདུ་ཤེས་ནི་གཙོ་བོར་བྱེད་དོ། །སྤང་བའི་ལྟུང་བར་བྱེད་པ་ནི་འདུ་ཤེས་ལས་གྱུར་ཏེ་གཙོ་བོར་ཞེས་བྱ་
เล่ม ๑๖๕ · หน้า 96a
བའོ། །དེ་ནི་འབྲིད་དོ། །དགེ་སློང་མ་གཉེན་མ་ཡིན་པར་ཤེས་བཞིན་དུ་བཀྲུས་པ་ལས་ལྟུང་སྟེ། དགེ་སློང་མ་ལ་མི་གཉེན་པར་ན་ཡང་ངོ་། །དགེ་སློང་མ་གཉེན་མ་ཡིན་པ་ལ་བཅོལ་ན་ལྟུང་སྟེ་ཡན་ལག་གཅིག །དེ་མ་ཐེག་ཡང་ངོ་། །དེ་སློང་མ་ལས་གོས་ལེན་པ་
ཡང་གཉེན་མ་ཡིན་པ་ལས་ལྟུང་བར་བྱེད་པར་འགྱུར་རོ། །བདག་གི་ཆོས་གོས་བསྔོས་པ་རྙིང་པ་བཀྲུ་བའི་རིགས་པའམ། གདིང་བ་དག་ལ་ལ་ལ་བཀྲུ་བ་དང་བཙོ་བ་དང་འཆག་པར་གསོལ་བའོ། །བདག་གི་ཆོས་གོས་གསུམ་པ་དང་གདིང་བ་ཡང་ཡིན་པ་དང་། བཞི་ག་ཡང་རུང་བ་
དང་རྙིང་པ་ཡང་ཡིན་པ་དང་འཁྲུར་ཡང་བཅུག་པ་དང་བདག་གི་ཡང་ཡིན་པ་དང་བསྔོས་པ་ཡང་ཡིན་པ་ཤེས་ཀྱང་བཞིན་པ་དང་བྱས་ནས་ཀྱང་ཟིན་པ་དང་ཡན་ལག་འདི་བཅུ་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར་རོ། །ཡན་ལག་འདི་རྣམས་དང་ལྡན་པར་འཁྲུར་བཅུག་ཀྱང་རུང་འཆག་ཏུ་
བཅུག་ཀྱང་རུང་འཚེད་དུ་བཅུག་ཀྱང་རུང་ལྟུང་བར་འགྱུར་ཕྱོགས་བྱས་ཀྱང་ལས་བྱས་པའོ། །གོས་རྙིང་པ་འཁྲུ་བ་དང་འཆག་པ་དང་འཚེད་དུ་བཅོལ་ཏེ་ཕ་རོལ་གྱིས་ཇི་ཙམ་ལས་བྱས་ན་ལྟུང་བར་འགྱུར་ཞེ་ན། གོས་ཀྱི་མཐའ་མ་ཅུང་ཟད་ཙམ་བཙོས་སམ་བཅག་པ་ཡང་རིལ་གྱིས་བྱས་
པ་དང་འདྲ་སྟེ་སྤང་བར་འགྱུར་རོ། །བྱས་ན་དེར་བྱེད་དོ། །འཁྲུ་བའི་སྤང་བར་གྱུར་པ་ནི་བཙོ་བ་དང་འཁྲུ་བ་དང་འཆག་པ་གསུམ་ལས་བྱ་སྟེ་ཟིན་ན་སྤང་བར་འགྱུར་རོ། །འབྲས་བུའི་མཐར་གཅིག་གོ། །བདག་གིས་གོས་རྙིང་པ་བཙོར་བཅོལ་བ་ལས་དགེ་སློང་མས་བཙོ་བའི་ཕྱིར་བཀྲུས་
པ་དང་བཙོས་ཟིན་ནས་བཅག་སྟེ་བྱིན་ན་བཙོས་པ་དང་བཀྲུས་པ་དང་བཅག་པ་གསུམ་ལ་ཉེས་པའི་དམིགས་སོ་སོར་མི་འགྱུར་གྱི་སྤྱིར་ལྟུང་བ་གཅིག་གོ། །ཚིག་རྣམས་ཀྱིས་འབྲས་བུ་གཅིག་གོ། །གོས་རྙིང་པ་འཁྲུར་བཅོལ་བའི་ཚེ་འདི་ཁྲུས་ཤིག་བཙོས་ཟིན་ནས་ཚོགས་ཤིག་ཅེས་ཚིག་གི་
རིམ་པ་སོ་སོར་བྱས་ཏེ་སྨྲས་ལ། ལས་ཀྱང་དེ་བཞིན་དུ་ཟིན་པར་བྱས་ན་ཡང་སྤང་བའི་ལྟུང་བ་གཅིག་ཏུ་ཟད་དེ་ཉེས་པའི་དམིགས་སོ་སོར་མི་འོང་ངོ་། །འདུ་ཤེས་གཅེས་པས་ཇི་ལྟ་བུའི་དོན་ལ་རྩ་བའོ། །འདུ་ཤེས་ཀྱིས་གཉེན་ཀྱང་མ་ཡིན་ལ། དགེ་སློང་མ་ཁྲིམས་ཉམས་པ་ཡང་མ་ཡིན་
เล่ม ๑๖๕ · หน้า 96b
པར་ཤེས་བཞིན་དུ་འཁྲུར་བཅོལ་ན་སྤང་བའི་ལྟུང་བའོ། །གཉེན་མ་ཡིན་པ་ལ་ཡིན་པར་བསམས་ཏེ་འཁྲུར་བཅོལ་བ་ཡང་ལྟུང་བའོ། །རྩ་བར་ཉེ་བ་ནི་ཅི་ལྟ་བུའི་དོན་མ་ཡིན་ནོ། །གཉེན་ཡིན་པ་ལ་མ་ཡིན་པར་བསམས་ཏེ་བཅོལ་བ་ནི་ཉེས་བྱས་ཏེ་ལྟུང་བར་མི་འགྱུར། འདུ་ཤེས་
བཞིན་དུ་ཐེ་ཚོམ་མོ། །གཉེན་མ་ཡིན་པ་ལ་ཡིན་ནམ་མ་ཡིན་གཏོལ་མེད་དེ་འཁྲུར་བཅུག་པ་ནི་ལྟུང་བའོ། །གཉེན་ཡིན་པ་ལ་ཡིན་ནམ་མ་ཡིན་གཏོལ་མེད་དེ་འཁྲུར་བཅུག་པ་ནི་ཉེས་བྱས་སོ། །དགེ་འདུན་གྱི་འོག་ཁྲིམས་ཀྱི་རྗེས་སུ་བསྲུང་། དགེ་འདུན་གྱི་འོག་ཁྲིམས་ཀྱི་ཡ་ཀར་
ཞིག་བཅད་ན་དེ་བཞིན་དུ་དགེ་སློང་ཀུན་གྱིས་བསྲུང་ངོ་། །མ་བསྲུངས་ན་ཉེས་བྱས། འདི་མན་ཆད་སྐབས་མ་ཡིན་པར་གློ་ཏོར་དུ་འཆད་པ་ནི་ལྟག་ཏུ་ཤེས་བཞིན་བཤད་པའི་ཟླ་བ་འདི་ཡང་ཤེས་བཞིན་དུ་བྱ་བ་ཡིན་ཏེ། གསེབ་ཚགས་སུ་ཁ་བདེར་བཤད་དོ། །དེ་ལ་འོངས་པས་ཀྱང་ངོ་། །
སྔ་ན་དགེ་འདུན་གྱིས་ཀྲི་ཡ་ཀ་ར་བཅས་ཤིང་འདུག་པ་ལ་དགེ་སློང་གུད་ནས་ཕྱིས་འོངས་པས་ཀྱང་སྔ་མས་བཅས་པ་བཞིན་དུ་བསྲུང་ངོ་། །ཡོད་དམ་མེད་པ་ཤེས་པའི་ཕྱིར་དེས་དེ་དྲིས་ཤིག །མདོ་ལྟག་མ་ལྟར་གུད་ནས་འོངས་པའི་དགེ་སློང་གིས་བསྲུང་དགོས་པའི་ཕྱིར་གནས་གག་ཏུ་འོངས་ཀྱང་
རུང་ཀྲི་ཡ་ཀ་ར་ཅི་ཡོད་ཅེས་དྲི། བདག་གུད་དུ་སོང་སྟེ་གཞན་གྱི་གནས་སུ་ཞག་ལོན་ན་དགེ་འདུན་ཕྱི་མས་གསལ་དུ་ཀྲི་ཡ་ཀ་ར་བཅས་ཀྱང་སྲིད་པའི་ཕྱིར་བདག་གིས་གཙུག་ལག་ཁང་དུ་སླར་འོངས་ནས་ཀྲི་ཡ་ཀ་ར་ཅི་ཡོད་ཅེས་དྲི། རིང་པོ་མ་ཐོགས་པར་རོ། །གཙུག་ལག་ཁང་དུ་འོངས་ཏེ་ཀྲི་ཡ་ཀ་
ར་ཅི་ཡོད་ཅེས་དྲི་བ་ནི་འོངས་མ་ཐག་ཏུ་དྲིའོ། །ལེ་ལོ་བྱས་ཏེ་ཕྱིས་དྲི་བར་བསམས་ཏེ་དྲི་བར་མི་བྱའོ། །སངས་རྒྱས་ཀྱིས་གསུངས་པ་ནི་དགེ་འདུན་གྱི་ལས་མི་འགལ་ལོ། །དགེ་འདུན་གྱིས་འོག་ཁྲིམས་བཅས་པ་ལས་སངས་རྒྱས་ཀྱིས་དགེ་སློང་འགའ་ཞིག་ལ་གནང་བ་ནི་ཉེས་མེད་དེ་མཉན་དུ་ཡོད་
པ་ན་དབྱར་ཚུལ་དུ་ཞུགས་ཏེ་སངས་རྒྱས་ཀྱི་གན་དུ་ཨཱ་ནན་ད་གསོ་སྦྱིན་ཞུ་བའི་དགེ་སློང་གཅིག་ཅིག་ལས་འགྲོར་མི་གནང་བར་འོག་ཁྲིམས་བཅས་པ་ལས་དགེ་སློང་དགོན་པ་པ་ཨུ་པ་སེ་ན་ཞེས་བྱ་བ་དགེ་འདུན་གྱི་འོག་ཁྲིམས་བཅས་པར་མི་ཤེས་ཏེ་སངས་རྒྱས་ཀྱི་གན་དུ་ཕྱག་འཚལ་དུ་
เล่ม ๑๖๕ · หน้า 97a
འོངས་པ་དང་སངས་རྒྱས་ཀྱིས་ཁྱོད་འོག་ཁྲིམས་མ་དྲལ་ཏམ་ཞེས་སྨྲས་ནས་འོག་ཁྲིམས་བཅས་པ་མ་ཐོས་ཏེ་ཐུགས་རྗེ་ཅིར་གཟིགས་ཞེས་གསོལ་ནས་ཉེས་མེད་པར་གནང་བ་ལས་བཅས། ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐ་རགས་ལྷག་མ་
གཏོང་བ་ན་དགེ་འདུན་གྱིར་གཞག་པའི་ཕྱིར་ལོང་ཤིག །དགེ་འདུན་གྱི་སྤྱིར་དགེ་སློང་དག་གིས་ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐ་རགས་ལ་སོགས་པ་བདག་ཅག་ལ་ལྷག་སྟེ་མི་དགོས་པའི་ཕྱིར་དགེ་སློང་ཡོ་བྱད་མེད་ཅིང་ཕོངས་པ་ཅི་བདེར་ཁྱེར་ཅིག་ཅེས་ཕུལ་བ་ནི་
དགེ་འདུན་གྱིས་ཅི་བདེར་ལེན་དུ་དབང་སྟེ་བླངས་ཀྱང་ཉེས་མེད་དོ། །ཤཱཀྱའི་རིགས་ལྔ་བརྒྱ་ཐར་པར་ཞུགས་པ་གཉེན་ཕྱུག་པོ་ཕལ་མོ་ཆེས་སོ་སོ་ནས་བྱིན་པས་ཡོ་བྱད་མང་ཞིང་ཕྱུག་པར་གྱུར་ཏེ་དེ་ལ་སངས་རྒྱས་ཀྱིས་ཤཱཀྱའི་རིགས་འདི་རྣམས་ཁྱིམ་གཅིག་ཅིག་ནས་བྱུང་སྟེ་ཁྱིམ་གཅིག་
ཏུ་ཞུགས་པར་གྱུར་ན་ཡོ་བྱད་དབྲི་བར་ཐབས་མཛད་ནས་ཤཱཀྱའི་དགེ་སློང་གིས་ཡོ་བྱད་ལྷག་པ་ཀུན་དགེ་འདུན་ལ་དབུལ་བར་ཨ་ནན་ཏན་ལ་བྱིན་པ་དང་ཨ་ནན་ཏ་མ་བཏུབ་སྟེ་ཡོ་བྱད་ཀུན་དགེ་འདུན་གྱི་ཁྲོད་དུ་ཕུང་པོར་སྤུངས་ཏེ་བོར་བ་ལ་སངས་རྒྱས་ཀྱིས་གཟིགས་ནས་ཕོངས་པ་ཅི་བདེར་
ལོང་ཤིག་ཅེས་བཅས་ཏེ་དེ་ལྟ་བུར་དབུལ་བ་ཞིག་ཡོད་ན་དགེ་འདུན་གྱིས་ཀྱང་ལོང་ཤིག །དེ་ལྟར་བཞག་པ་ལ་ཕོངས་པ་ཅི་བདེར་ལོང་ཤིག །མདོ་ལྟག་མ་ལྟར་དགེ་སློང་དག་གིས་ཡོ་བྱད་ལྷག་པ་ཕོངས་པ་ཅི་བདེར་ཁྱེར་ཅིག་ཅེས་དགེ་འདུན་སྤྱིར་སྤུངས་ཏེ་བཞག་པའི་ཕུང་པོ་ལ་དགེ་སློང་
ཡོ་བྱད་མི་བདོག་པ་རྣམས་དགེ་འདུན་ནམ་ཡོན་བདག་ལ་དྲི་ཞིང་གསོལ་མི་དགོས་ཏེ་ཅི་བདེར་བླངས་ཀྱང་ཉེས་མེད་དོ། །བདག་ཅག་ལ་ཡོད་ན་ལྷག་པར་ཉི་རིམ་དུ་ནི་ལེན་དུ་མི་གནང་ངོ་། །བཀྲུ་བའི་སྤང་བ་སྟེ་རྣམས་པར་འབྱེད་པའི་མདོ། འཁྲུ་བའི་སྤང་བའི་ལྟུང་བ་སྟེ་འདུལ་བ་རྣམ་
པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།བཤང་གཅི་དང་གཟག་པ་དང་འཇིམ་པ་ལ་སོགས་པས་མ་རུང་བར་གྱུར་པ་ལས་བཀྲུས་པའང་མི་དབྲིའོ། །བདག་གི་གོས་རྙིང་པའི་ཕྱི་རོལ་ཆེ་ཆུང་དང་བཀྲུ་བཤལ་གྱི་སྟོར་ཁུང་གི་ཆུ་དང་འཇིམ་པ་ལ་སོགས་པ་ཅིས་རེག་ཀྱང་རུང་གཉེན་མ་
เล่ม ๑๖๕ · หน้า 97b
ཡིན་པའི་དགེ་སློང་མ་ལ་བཅོལ་ན་ཡང་སྤང་བར་འགྱུར། ཉེས་བྱས་པ་ནི། མིང་གིས་སྨོས་པ་འདི་རྣམས་གག་ཀྱང་རུང་སྟེ་གཉེན་མ་ཡིན་པའི་དགེ་སློང་མ་ལ་བཅོལ་ན་ཉེས་བྱས། དྲེའུ་རྔོག་དང་། སྟེན་དྲེའུ་རྔོག་དང་ཕྲུག་སྟན་དང་ན་ནམ་དང་སུག་པར་དད་པར་ཐང་དག་ལ་བྱ། ཁྱིམ་པའི་
གོས་དང་། གོས་ཁ་དོག་མ་བསྒྱུར་བ་དང་། ཁ་ཚར་མ་བཅད་པ་དང་། སྤུ་བུ་ཅན་ལ་སོགས་པ་ཁྱིམ་པའི་གོས་ལ་བྱ། སྔས་དང་སྔས་ཁབ་དང་ཁྲེས་ཤིང་བལ་ཅན་ལ་སོགས་པ་ལ་བྱ། བརྟགས་པ་གོས་ལྷག་གི་སྔགས་ཀྱིས་བརྟགས་པ་དང་། གཞན་སྦྱིན་པར་བརྟགས་པའི་གོས་ལ་
བྱ། བཏང་བདག་གི་གོས་སྤངས་པར་གྱུར་ཏེ་སྤངས་ཟིན་པ་དང་གཞན་གྱི་གོས་སྤངས་པར་གྱུར་པ་དང་། དགེ་འདུན་གྱིའོ། །དགེ་འདུན་གྱི་དཀོར་དང་མིང་གིས་སྨོས་པ་འདི་རྣམས་གག་ཀྱང་རུང་སྟེ་འཁྲུར་བཅུག་ན་ཉེས་བྱས། བཀྲུ་བའི་སྤང་བ་སྟེ་དྲི་བའི་འོ། །བཀྲུ་བའི་སྤང་བའི་ལྟུང་
བ་འདུལ་བ་དྲིས་པ་ཞེས་བྱ་བའི་མདོའོ། །བཀྲུ་བའི་སྤངས་པའོ། །བཀྲུ་བའི་སྤང་བ་འདུལ་བ་སོ་སོ་ནས་འབྱུང་བའི་མདོ།། །།ལེན་པའི་སྤང་བའི་ལྟུང་བ་ལ་འཆད་དེ། དགེ་སློང་མ་ལས་གོས་རིན་པོ་ཆེ་བརྗེ་བའི་ཕྱིར་བླང་། དགེ་སློང་མ་ལ་ཡོན་བདག་གིས་རིན་པོ་ཆེ་ཆེན་པོ་ཞིག་ཕུལ་ན་
དགེ་སློང་ཕ་ལ་གོས་ངན་པ་དང་བརྗེ་བའི་ཕྱིར་དགེ་སློང་མས་གོས་བཟང་པོ་ལོང་ཤིག །དགེ་བསྙེན་རབ་ཏུ་བཟང་པོ་སྦྱིན་པ་ཞེས་བྱ་བས་མཉན་དུ་ཡོད་པར་དགེ་སློང་ཕོ་མོ་སྡེ་གཉིས་ལ་མཆོད་སྟོན་བྱས་ཏེ་ཡོན་ཕུལ་ནས་དགེ་སློང་མས་གོས་རིན་པོ་ཆེ་ཆེན་པོ་ལེན་དུ་མི་དབང་གིས་གོས་ངན་པ་བྱིན་
ཅེས་བྱས་པ་དང་ངན་པ་བྱིན་ན་ང་མིང་སྟོར་རོ་ཞེས་ཟེར་ཏེ་ངན་པ་ཡང་མ་ཡིན་དགེ་སློང་མས་ཀྱང་བཟང་པོ་མ་བླངས་ཏེ་རབ་ཏུ་བོར་བ་ལས་དགེ་སློང་ཕ་དང་བརྗེ་བའི་ཕྱིར་དགེ་སློང་མས་ཀྱང་བླང་དུ་དབང་དགེ་སློང་གིས་ཀྱང་ལོང་ཤིག་པར་བཅས། དགེ་སློང་མ་དང་ལྷན་ཅིག་ཏུ་བརྗེ་བར་བྱ། དགེ་སློང་
མས་མདོ་ལྟག་མ་ལྟར་གོས་རིན་པོ་ཆེ་ཆེན་པོ་བླངས་པ་ལེན་དུ་གནང་བའི་ཕྱིར་བདག་ལ་མི་གཞག་གི་དགེ་སློང་ཕའི་གོས་ངན་པ་དང་རྗེས་ཤིག །དགེ་སློང་ཕ་ཡང་དགེ་སློང་མ་གོས་བཟང་པོ་ཁྱེར་ཏེ་ངན་པ་དང་བརྗེ་བར་འོང་ན་བརྗེ་བར་གྱིས་ཤིག །མཉམ་པའམ། དེ་དགའ་བར་བྱས་ཏེའོ། །
เล่ม ๑๖๕ · หน้า 98a
མདོ་ལྟག་མ་ལྟར་གོས་བཟང་ངན་བརྗེ་བ་ལ་དགེ་སློང་ཕས་ཁ་བརྔམ་ཏུ་བདག་རྒྱལ་བར་མཐུས་མི་བྱའི་གོས་བཟང་པོ་ཅི་རི་བ་བཞིན་དུ་ངན་པ་གྲངས་མང་སྟེ་རིན་མཉམ་པ་དང་དགེ་སློང་མ་མ་དད་ཅིང་མི་དགའ་བ་མེད་པར་མགུ་བར་བྱས་ཏེ་བརྗེའོ། །བླངས་ན་གཉེན་ཡང་མ་ཡིན་
ལ་དགེ་སློང་མ་ཡང་ཡིན་པ་དང་གོས་ཀྱང་བླངས་པ་དང་ཡན་ལག་གསུམ། གསོལ་དགེ་སློང་མ་ལ་གོས་བླངས་པ་དང་གཉེན་མ་ཡིན་པར་ཤེས་བཞིན་པ་དང་ཡན་ལག་ལྔ། གོས་བླངས་པ་དེ་གོས་ཀྱང་ཡིན་པ་དང་ལག་ཏུའང་ཐོབ་པ་དང་ཡན་ལག་འདི་དགུ་དང་ལྡན་ན་སྤང་བར་འགྱུར།
ལྟུང་བ་མེད་པ་ནི་དགེ་འདུན་གྱི་ཕྱིར་གོས་བྱིན་པའོ། །དགེ་སློང་མས་དགེ་འདུན་ཕོ་ལ་གོས་ཤིག་ཡོན་དུ་ཕུལ་བ་ནི་བླངས་ཀྱང་ཉེས་མེད་དོ། །ལེགས་པར་བཤད་པའི་ཕྱིར་བཤད་ཅེས། ཚུལ་ནས་འབྱུང་བ་དང་འཇུག་པའི་ཚེ་དགེ་སློང་ཕས་ཆོས་བསྙད་པ་དང་དགེ་སློང་མ་ལ་དགེ་སློང་
ཕས་ཆོས་བཤད་པ་ལ་ཡིད་ཆེས་ཤིང་དགའ་སྟེ་དེ་ལྟ་བུ་ཆོས་བཟང་པོ་བཤད་པ་ལ་ཡོན་ཕུལ་ལོ་ཞེས་ཕུལ་ན་བླངས་ཀྱང་ཉེས་མེད། རབ་ཏུ་རྫོགས་པའི་ཚེ་དང་རླག་ནའོ། །དགེ་སྦྱོང་ཕོ་ཞིག་བསྙེན་པར་རྫོགས་པའི་ཚེ་དེ་ཡོ་བྱད་དུ་དགེ་སློང་མས་གོས་བྱིན་པ་དང་གོས་སྟོར་ཏམ་གོས་ཆུས་ཁྱེར་
རམ་མེས་ཚིག་གམ་ཕྲོགས་ཏེ་མེད་པ་ལ་སོགས་པ་ལ་དགེ་སློང་མས་གོས་བྱིན་ན་བླངས་ཀྱང་ཉེས་མེད་དོ། །དད་པས་ནོར་བདུན་དུ་བཞག་ནས་སྨྲས་ཏེ་མི་ལྟོས་པས་སོང་ན་ཡང་ངོ་། །དགེ་སློང་མས་དགེ་སློང་ལ་ནོར་སྦྱིན་པར་དད་དེ་མདུན་དུ་བཞག་ནས་མི་འདོད་ཅེས་བྱས་ཀྱང་མ་བཏུབ་སྟེ་ནོར་བོར་
ནས་ནོར་ལ་མི་ལྟོས་པར་སོང་ན་ནོར་དེ་བླངས་ཀྱང་ཉེས་མེད་དོ། །གོས་མ་ཡིན་པ་ཁ་ཟས་ལྟ་བུ་གཞན་ཞིག་དགེ་སློང་ཕས་བླངས་པ་ནི་ཉེས་བྱས་སོ། །ལེན་པའི་སྤང་བ་སྟེ་རྣམ་པར་འབྱེད་པའི་འོ། །ལེན་པའི་སྤང་བའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།ལག་
པར་ཐོབ་པར་གྱུར་ན། དགེ་སློང་མ་ལས་གོས་བླངས་པ་ནི་བདག་གི་ལག་ཏུ་ཐོབ་ན་སྤང་བར་འགྱུར། ལྟ་བའི་སྤྱོད་ཡུལ་དུ་གྱུར་པ་དེ་ནི་སྔ་མའོ། །དགེ་སློང་མ་ལ་གོས་བླངས་པ་བདག་གི་ལག་ཏུ་ནི་མ་བླངས་ཀྱི་ཁྱེར་ཏེ་འོངས་པ་ལ་བདག་གི་མིག་གིས་མཐོང་བར་བཞག་སྟེ་བླངས་པ་ཡང་ལག་
เล่ม ๑๖๕ · หน้า 98b
ཏུ་བླངས་པ་དང་འདྲ་བར་ལྟུང་བར་འགྱུར། དགེ་སློང་མ་ལ་གོས་བླངས་པ་དེ་བདག་གི་ལག་ཉིད་དུ་ནི་མ་འོངས་ཀྱི་ཕས་འོང་བ་ལ་མིག་གིས་མཐོང་བའི་ཚེ་ནི་ཉེས་བྱས་སོ་ཞེས་མཁན་པོ་སྔ་མས་བཤད། སྦྱོར་བ་ནི་མི་ཉེ་བ་ལ་ཁས་བླངས་པའོ། །དགེ་སློང་མ་ལ་དགེ་སློང་ཕས་གོས་བླངས་པ་
དང་གོས་མི་དེ་ལ་ཡོད་ཀྱིས་ཁྱེར་ཅིག་ཅེས་ཟེར་རམ་ཡུལ་འདི་ན་ཡོད་ཀྱི་བླངས་ཏེ་སྦྱིན་ནོ་ཞེས་ཟེར་ན་དེའི་ཚེ་ཉེས་བྱས། མི་འཇིགས་པ་ལ་འདུས་པའི་དབང་གིས་མ་ཡིན་པའི་གོས་སྦྱིན་པ་ལ་སོགས་གཙོ་བོའོ། །དགེ་སློང་མས་གོས་སྦྱིན་ན་མོའི་སེམས་ལ་མི་སྦྱིན་པའམ་འགྱོད་པ་ཡོད་དེ་
སེམས་འཇུག་ཅིང་འཇིགས་པ་དང་ཁེ་དང་ལེན་འདོད་པ་ལྟ་བུར་སེམས་འདུས་པའི་དབང་ཡིན་པར་ཤེས་པ་ནི་གོས་བླངས་ན་ཉེས་པར་འགྱུར་ཏེ་དེ་ལྟ་བུ་མེད་པས་གོས་བྱིན་པ་བླངས་པ་ན་ཉེས་མེད་དོ། །ཁྱིམ་པའམ་གཞན་ཞིག་ལ་འདི་ལྟ་བུའི་སེམས་ཡོད་དེ་བླངས་ན་འང་བུ་ལོན་དུ་འགྱུར་
ཏེ་མི་གཙང་བ་ཞེས་བྱ་བའོ། །ལྟུང་བ་མེད་པ་ནི་རེ་ཞིག་གི་དུས་སུ་སེམས་ཀྱིས་སོ། །བདག་ལ་གོས་མེད་དེ་རེ་ཞིག་དགེ་སློང་མ་ལས་བརྙས་ཏེ་གྱོན་པ་ནི་ཉེས་མེད་དོ། །བརྗེད་དེ་རིན་མ་བྱིན་པའོ། །དགེ་སློང་མ་ལས་གོས་བཟང་ངན་བརྗེས་ཏེ་ངན་པའི་མཁན་མ་ཕྱིས་སྦྱིན་པར་བྱས་
པ་ལས་བརྗེད་དེ་མ་བྱིན་པ་ནི་ཉེས་མེད་དོ། །ནམ་དྲན་པ་ན་སྦྱིན་ནོ། །ཁྱིམ་མིའམ་གཞན་གྱི་བུ་ལོན་ཆགས་པ་བརྗེད་ནའང་ཉེས་མེད་དོ། །ལེན་པའི་སྤང་བ་སྟེ་འདུལ་བ་དྲིས་པ་ཞེས་བྱ་བའི་ནང་ནས་འབྱུང་བའི་མདོ།། །།ལེན་པའི་སྤང་བ་པའོ། །ལེན་པའི་སྤང་བའི་ལྟུང་བ་སྟེ་འདུལ་བ་སོ་
སོའི་ནང་ནས་འབྱུང་བའི་མདོ།། །།སློང་བའི་སྤང་བའི་ལྟུང་བ་ལ་འཆད་དེ་མིའི་རྒྱུད་དུ་གཏོགས་པ། ལམ་རྒྱུད་བཞི་མ་གཏོགས་པར་མིའི་རྒྱུད་གཏོགས་པ་དང་། ཁྱིམ་པར་གྱུར་པ། ཁྱིམ་པའང་ཡིན་པ་དང་། སྲོག་ཆགས་ཁྱིམ་པ་ཡིན་པ་དེ་འཚོ་ཞིང་སྲོག་དང་ལྡན་པ་དང་གཉེན་མ་
ཡིན་པ་ཁྱིམ་པ་དེ་གཉེན་ཡང་མ་ཡིན་པ་དང་། ལྟུང་བྱེད་ཡན་ལག་ནི་ལྔ་དང་ལྡན་ན་སྤང་བར་འགྱུར་རོ། །དེ་མ་ཐག་པའི་གསུམ་པོའོ། །ལྷག་མ་དང་རིན་ཐང་སོ་སོ་བ་གསུམ་ཡང་མདོ་ལྟག་མ་ལས་འབྱུང་བ་ཡན་ལག་བཞི་དང་ལྡན་ན་སྤང་བར་འགྱུར་རོ། །བརྐུས་པ་དང་གོས་རྐུན་པོས་
เล่ม ๑๖๕ · หน้า 99a
ཁྱེར་བ་དང་། རླག་པ་དང་གོས་རླག་སྟེ་འཁྱམ་པ་དང་། ཚིག་པ་དང་། གོས་མེས་ཚིག་པ་དང་། ཕྲོགས་པ་དང་གོས་རླུང་གིས་ཕྲོགས་པ་སྟེ་ཁྱེར་བ་དང་། ཆུས་ཁྱེར་བ་མ་ཡིན་པའི་གོས་སོ། །གོས་ཆུས་ཁྱེར་བ་དང་རྐྱེན་མིང་གིས་སྨོས་པ་འདི་རྣམས་གང་བྱུང་
ཡང་རུང་སྟེ་གཅིག་བྱུང་ན་གོས་སློང་དུ་དབང་ངོ་། །རྐྱེན་འདི་ལྔ་གག་ཀྱང་རུང་མེད་ན་ལྟུང་བར་འགྱུར་ཏེ། འདི་ལ་ཡན་ལག་གཅིག་ཏུ་བརྩིས་ལ་ལྟག་ཏུ་ཡན་ལག་བཞིའི་སྟེང་དུ་འདིས་བསྣན། སློང་བ་ནི་ཉེས་བྱས་པའོ། །གཉེན་མ་ཡིན་པའི་དགེ་སློང་མ་ལ་སློང་བའི་ཚེ་ཉེས་བྱས། ཐོབ་
ན་རྩ་བའོ། །གཉེན་མ་ཡིན་པའི་དགེ་སློང་མ་ལ་གོས་བསླངས་ཏེ་ཐོབ་ན་ལྟུང་བ་ཡིན་ཏེ་ཡན་ལག་གཅིག་གོས་སོ། །གཉེན་མ་ཡིན་པའི་དགེ་སློང་མ་ལ་བསླངས་ཏེ་ཐོབ་པ་དེ་གོས་ཡིན་ན་དང་ཡན་ལག་གཉིས། མ་བྲི་ནའོ། །གཉེན་མ་ཡིན་པའི་དགེ་སློང་མ་ལ་གོས་བསླངས་ཏེ་ཐོབ་པ་དེ་ཁྲུ་
གང་ཡན་ཆད་ཀྱང་ཡིན་པ་དང་། ཡན་ལག་འདི་གསུམ་གྱིས་གོང་མ་ལྔའི་ཐོག་ཏུ་བསྣན་ཏེ་ཚང་ན་སྤང་། རྣམ་པ་གང་མིང་གིས་སྨོས་པ་འདི་རྣམས་བཞིན་དུ་བསླངས་ཏེ་ཐོབ་ན་སྤང་བའི་ལྟུང་བར་འགྱུར། རིན་དང་འདི་ཙམ་རི་བ་ཞིག་བསླངས་ཞེས་བྱས་ཏེ་དེ་བཞིན་ཐོབ་པ་དང་། ཁ་དོག་དང་ཁ་
དོག་སེར་པོའམ་དམར་པོ་ཞིག་བསླངས་ཞེས་བྱས་ཏེ་དེ་བཞིན་ཐོབ་པ་དང་། ཁྲུ་བསླངས་ནའོ། །ཁྲུ་ཚད་མཐོ་ཚད་འདི་ཙམ་ཞིག་བསླངས་ཞེས་བྱས་ཏེ་དེ་བཞིན་ཐོབ་ན་སྤང་བའི་ལྟུང་བར་འགྱུར། ལྟུང་བ་མེད་པ་ནི་གཞན་ནོ། །མདོ་ལྟག་མ་ལྟར་ཚད་དང་ཁ་དོག་མིང་གིས་བསྔོས་ཏེ་བསླངས་པ་ལས་
དེ་བས་ལྷག་པའམ་ཆུང་བ་ཞིག་བྱིན་ན་ལྟུང་བར་མི་འགྱུར་ཏེ་ཉེས་བྱས་སོ། །བསྔོས་ཏེ་བསླངས་པ་ལས་ནོར་གཞན་ཞིག་བྱིན་པ་ནི་ཉེས་མེད་དོ། །ལྷན་པ་དང་སྐུད་པ་བསླངས་པ་ཡང་ངོ་། །ལྷན་པ་དང་སྐུད་པ་ཙམ་གཉེན་མ་ཡིན་པའི་ཁྱིམ་བདག་ལ་བསླངས་ཀྱང་ཉེས་མེད་དོ། །འབྲི་བའི་
ནི་རྒྱུ་དང་སྤུན་ནོ། །གོས་ཀྱི་རྒྱུ་རས་ཀྱི་སྐུད་པ་དང་སྤུན་ལ་སོགས་པ་བསླངས་པ་ནི་ལྟུང་བར་མི་འགྱུར་ཏེ་ཉེས་བྱས། དེའི་རྒྱུ་ཡང་དེ་བཞིན་ནོ། །མདོ་ལྟག་མ་ལྟར་རྒྱུ་དང་སྤུན་རྒྱུ་བལ་དང་ཀ་བ་སེ་བསླངས་ན་ཉེས་བྱས། སློང་བའི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་
เล่ม ๑๖๕ · หน้า 99b
མདོ་སྟེ་སྤང་པའི་ལྟུང་བ་དྲུག་འདས་སོ། །ལྷག་པའི་སྤང་བའི་ལྟུང་བ་ལ་འཆད་དེ། བསྔོ་བ་ཐམས་ཅད་མེད་ན་བསླང་བའི་རིགས་སོ། །དགེ་སློང་གི་ཡོ་བྱད་བཅུ་གསུམ་དུ་བསྔོས་པ་ཐམས་ཅད་མེད་ཅིང་གོས་ཕྲོགས་པ་ལ་སོགས་པའི་རྐྱེན་བྱུང་ན་གཉེན་མ་ཡིན་པའི་ཁྱིམ་པ་ལ་གོས་སློང་བའི་ཡོ་
བྱད་བཅུ་གསུམ་ནི་ཆོས་གོས་གསུམ་ཤམ་ཐབས་སྨད་དཀྲིས་རྔུལ་གཟན་གཡན་པ་དགབ་པ་རས་ཆེན་སྨན་ཟོང་གི་རས་བཏིང་བ་ལུས་ཕྱི་བ་སྐྲ་བཟེད་པ་ཁྲུས་རས་རྔུལ་གཟན་གྱི་འཐེབ་དང་བཅུ་བཞི་ལ་གཡན་པ་དགབ་པ་དང་རས་ཆེན་ནི་སྐབས་སྐབས་སུ་དགོས་པའི་ཕྱིར་གཅིག་ཏུ་བརྩིའོ། །སྤང་
བའི་ལྟུང་བའོ། །ཡོ་བྱད་བཅུ་གསུམ་ཡོད་ལ་གཉེན་མ་ཡིན་པའི་ཁྱིམ་པ་ལ་གོས་བསླངས་ན་སྤང་བའི་ལྟུང་བར་འགྱུར་ཏེ་མིང་དང་ཁྱིམ་པ་དང་གཉེན་མ་ཡིན་པ་དང་འཚེ་བ་དང་ཡན་ལག་བཞིའི་ཐོག་ཏུ་འདིས་བསྣན་ཏེ་ལྔར་ལྡན་ན་སྤང་བའི་ལྟུང་བར་འགྱུར། ཁྱིམ་པའི་གོས་དམ་པ་
ཁྲུ་བཅུ་གཉིས་བླའི་དང་གི་བདུན་དང་གཉིས་པའི་རས། གོས་རྐྱེན་བྱུང་སྟེ་མེད་ན་གཉེན་མ་ཡིན་པའི་ཁྱིམ་པ་ལ་སློང་དུ་གནང་བ་ཡང་ཁྱིམ་པ་གོས་བཟང་པོར་ཆ་བའི་ཚད་དུ་སློང་དུ་དབང་སྟེ་བཟང་པོ་ཆའི་ཚད་ནི་སྟེང་དུ་གྱོན་པ་ཞེང་དུ་ཁྲུ་གསུམ་ཆུར་ཁྲུ་བཅུ་གཉིས་འོག་ཏུ་གྱོན་པ་ཞེང་དུ་
ཁྲུ་དོ་ཆུར་ཁྲུ་བདུན་ཏེ་དེའི་ཚད་དུ་བསླངས་ན་ཉེས་མེད་དོ། །དགེ་སློང་གི་དམ་པ་ནི་ཇི་ལྟར་བཤད་པ་སྦྱར་མའི་རིམ་པ་དང་ཤམ་ཐབས་སོ། །གོས་རྐྱེན་བྱུང་སྟེ་སློང་དུ་དབང་བ་དགེ་སློང་གི་གོས་བཟང་པོའི་ཚད་དུ་བསླངས་ཀྱང་ཉེས་མེད། དགེ་སློང་གི་གོས་དམ་པའི་ཚད་ནི་ཆོས་གོས་ཆེན་
པོ་གསར་དུ་བྱེད་ན་ཉི་རིམ་དུ་སྣང་ངོ་ཞེས་འབྱུང་བ་བཞིན་དུ་ཆོས་གོས་ཆེན་པོ་ཉི་རིམ་དུ་སྦྱར་བའི་ཚད་ཞེང་དུ་ཁྲུ་གསུམ་ཆུར་ཁྲུ་ལྔ་པ་གཅིག་དང་ཤམ་ཐབས་ཞེང་དུ་ཁྲུ་དོ་ཆུར་ཁྲུ་ལྔ་པ་གཉིས་སློང་དུ་དབང་སྟེ་ཉེས་མེད་དོ། །ཟུང་ལས་སློང་བ་གང་གི་ཡང་རུང་ངོ་། །མདོ་ལྟག་མ་
གཉིས་ལྟར་ཁྱིམ་པ་དང་དགེ་སློང་གི་ཚད་རྣམས་གཉིས་སུ་བཤད་པ་གང་ཡང་རུང་སྟེ་བདག་གིར་དགའ་ཞིང་དད་པ་ཅིག་གི་ཚད་དུ་སློང་དུ་དབང་ངོ་། །ཚད་འདི་ལས་ལྷག་པ་ནི་མི་བསླང་ངོ་། །ལྷག་ཏུ་ཁྱིམ་པ་དང་དགེ་སློང་གི་གོས་ལ་སློང་ན་གནང་བར་ཚད་བཙུགས་པ་ལས་ལྷག་པར་
เล่ม ๑๖๕ · หน้า 100a
བསླངས་ཏེ་ཐོབ་པ་སྤང་བར་འགྱུར་རོ། །སྔ་མའི་ཐོབ་ནས་ལྟག་མར་ཡང་ངོ་། །བྱིན་པའི་གོས་ཚད་དུ་བསླངས་པ་ལ་དགེ་སློང་གི་ཆོས་གོས་ཚད་དང་སྦྱར་ན་དེའི་ཚད་པས་ཆུང་སྟེ་དགེ་སློང་གི་ཚད་དུ་སྣོན་ཏེ་བྱིན་ཅིག་ཅེས་བསླངས་ཏེ་བླངས་ན་སྤང་བའི་ལྟུང་བར་འགྱུར་
རོ། །ཆོས་གོས་དང་ཤམ་ཐབས་མི་ལངས་ན་ཆོས་གོས་ཁྲུ་ཕྱེད་དང་ལྔ་དང་ཤམ་ཐབས་འཁོར་གསུམ་ཡོག་པར་སྣོན་ཏེ་བྱིན་ཅིག་ཅེས་བྱས་པ་ནི་ཉེས་མེད་དོ། །དམ་པ་ཐོབ་ན་ལྷག་པ་སྦྱིན། །དགེ་སློང་གི་གོས་ཚད་དུ་ལངས་པ་ལས་ཚད་ལས་ལྷག་པར་བྱིན་ན་ཚད་ལས་ཅི་ལྷག་པ་ཆོད་
སླར་བྱིན་ཅིག་མ་བྱིན་པར་ཁྱེར་ན་སྤང་བའི་ལྟུང་བའོ། །མི་བསླང་བ་ལ་བསླངས་ན་ཉེས་བྱས་པའོ། །གཙོས་ལ་སོགས་པ་མ་བརྟགས་པ་བསླངས་པའི་མི་རིགས་པ་ལས་བསླངས་ན་ཉེས་བྱས། ཡོ་བྱད་བཅུ་གསུམ་ཡོད་བཞིན་དུ་ལྷག་པར་སློང་བ་ནི་ཉེས་བྱས། ཐོབ་ན་རྩ་བའོ། །མདོ་
ལྟག་མ་ལྟར་བསླངས་པ་དེ་ཐོབ་ན། གཙོས་ལ་སོགས་པ་མ་བརྟགས་པ་ཐོབ་པ་ནི་ཉེས་བྱས་ལྕི་བ། ཡོད་བཞིན་དུ་ལྷག་པར་བསླངས་པ་དང་། ཚད་ལས་འདས་པར་བསླངས་པ་ནི་ལྟུང་བའོ། །སྦྱིན་པ་ལས་མ་བྱིན་ན་ཡང་ངོ་། །གོས་ཚད་བཞིན་དུ་བསླངས་པ་ལས་ཚད་ལས་ལྷག་པར་
བྱིན་པ་སླར་བཅད་དེ་སྦྱིན་པའི་རིགས་པ་ལས་མ་བྱིན་ན་སྤང་བའི་ལྟུང་བའོ། །བསླངས་པའི་རིགས་པ་སྤང་བའོ།། །།ལྷག་པའི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།རིན་གྱི་སྤང་བ་ལ་འཆད་དེ། བརྟགས་ཏེ་དགེ་སློང་ལ་གཉེན་མ་ཡིན་པའི་ཁྱིམ་བདག་
ཕོའམ་ཁྱིམ་བདག་མོ་གང་ཡང་རུང་གཅིག་གིས་གོས་ཀྱི་རིན་སྦྱིན་པར་བརྟགས་ཏེ་བཞག་ནས། མ་སྦྲན་པ་ལས་དགེ་སློང་ལ་ནི་གོས་སྦྱིན་པའི་རིན་སྤགས་ཏེ་བཞག་གོ་ཞེས་མ་སྦྲན་པར། ཤེས་ནས་ནི་གཞན་སུ་ཡང་རུང་སྟེ་གཅིག་ལས་བདག་གི་ཕྱིར་གོས་ཀྱི་རིན་སྤགས་ཏེ་བཞག་པར་
ཐོས་ནས། མ་བརྟགས་པ་དང་མཐུན་ནའོ། །ཁྱིམ་པ་དེའི་གན་དུ་སོང་སྟེ་གོས་ཀྱི་རིན་སྤགས་པ་དགེ་བ་ཡིན་གྱིས་ང་བྱིན་ཅིག་ཅེས་བླངས་ནའང་གོས་ཀྱི་རྐྱེན་མེད་པར་གཉེན་མ་ཡིན་པའི་ཁྱིམ་པ་ལ་བསླངས་པ་དང་འདྲ་སྟེ་ལྟུང་བའོ། །ཡན་ལག་འདི་གསུམ་གྱི་སྟེང་དུ་སློང་བའི་ཡན་ལག་བཞིས་
เล่ม ๑๖๕ · หน้า 100b
བསྣན་ཏེ་བདུན་དང་ལྡན་ན་ལྟུང་བ། གཞན་ཡང་དེ་བཞིན་ནོ། །མདོ་ལྟག་མ་ལྟར་གཉེན་མ་ཡིན་པའི་ཁྱིམ་བདག་ཕོའམ་ཁྱིམ་བདག་མོ་གང་ཡང་རུང་གཅིག་གིས་བསྔོས་ཏེ་བཞག་པ་ལས་གཞག་པར་བདག་གིས་ཀྱང་མི་ཤེས་ལས་ཀྱང་མ་ཐོས་པར་བསླངས་ཏེ་ཐོས་ན་ལྟུང་བའོ། །
བརྟགས་པའི་སློང་བའི་སྤང་བའོ། །རིན་གྱི་སྤང་བའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།སོ་སོའི་སྤང་བ་ལ་འཆད་དེ། མི་འཇིགས་པར་སྦྱིན་པ། །རིན་གྱི་སྤང་བ་ནི་ཁྱིམ་ཐབ་བམ་ཆུང་མ་གཅིག་གི་སྤགས་པས་གཅིག་ལ་བག་ཚ་ཞིང་འཛེམ་པ་ཡོད་ཀྱི་སོ་སོའི་
སྤང་བ་ཉིད་ནི་གཉིས་ཀས་སྤགས་པས་གཅིག་ལ་གཅིག་བག་ཚ་ཞིང་འཛེམ་པ་མེད་པ་དེ་གཉིས་ཀས་སྦྱིན་པར་དད་པ་ལ་བསྐུལ་ཏེ་བསླངས་ན་ཡང་ལྟུང་ངོ་། །སྦྱོར་བ་གཅིག་གིས་ཐོབ་པ་ནི་གཅིག་གོ། །ཁྱིམ་ཐབ་དང་ཆུང་མ་གཉིས་ཀས་སོ་སོ་ནས་གཉིས་ཀས་རིན་ཕྱུང་སྟེ་བསྡུས་ནས་དགེ་སློང་གི་ཕྱིར་
གོས་ཀྱི་རིན་དུ་སྤགས་ཏེ་བཞག་པ་ལས་ཐོབ་ནའང་སྤང་བར་འགྱུར་ཏེ་ཡན་ལག་མདོ་འདི་གཉིས་ཀྱིས་ལྟག་མ་རིན་གྱི་སྤང་བའི་ཡན་ལག་རྣམས་ཀྱིས་བསྣན་ཏེ་ཚང་ན་སྤང་བར་འགྱུར། གཞན་བཤད་པ་དང་ཡན་ལག་ཐམས་ཅད་ལྟག་མ་རིན་གྱི་སྤང་བ་བཤད་པ་དང་འདྲའོ། །སོ་སོའི་
སྤང་བའོ། །སོ་སོའི་སྤང་བ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།བསྐུར་པའི་སྤང་བ་ལ་འཆད་དེ། མ་བརྟགས་པའོ། །དགེ་སློང་ལ་མ་བརྟགས་པ་གསེར་དངུལ་ཞིག་གོས་ཀྱི་རིན་བསྐུར་བ་རྒྱལ་པོའམ་ཞང་བློན་ནམ་བྲམ་ཟེ་ཞིག་གིས་དགེ་སློང་གི་ཕྱིར་གོས་ཀྱི་རིན་
དུ་བསྐུར་ཏེ་འོངས་ན། དགག་པ་གོས་ཁྱེར་བའི་མི་དེ་ལ་དགེ་སློང་ནི་གོས་ཀྱི་རིན་མ་བརྟགས་པ་ལེན་དུ་མི་དབང་སྟེ་གོས་ཤིག་བྱིན་ན་ནི་ལེན་གྱི་རིན་མ་བརྟགས་པ་མི་ལེན་ཏོ་ཞེས་དགག་པ་དང་། སྔར་འདྲི་བ་བསྟན་ཏེ་རིན་ཁྱེར་ཁྱེར་བའི་མི་དེ་ན་རེ་གོས་ཀྱི་རིན་མ་བརྟགས་པ་ལེན་དུ་མི་
རུང་ན་གཡོག་གམ་དོན་སྒྲུབ་ཏུ་ཡོད་ཅེས་འདྲི་ན་དགེ་སློང་གིས་དོན་བསྒྲུབ་པ་འདི་ཡིན་ནོ་ཞེས་བསྟན་ཏེ། དོན་བསྒྲུབ་པ་ལ་བསྒོ་ནས་གོས་ཀྱི་རིན་ཁྱེར་ཁྱེར་བའི་མི་དེས་དགེ་སློང་གིས་བསྟན་པའི་དོན་བསྒྲུབ་པའི་མི་དེ་ལ་གོས་ཀྱི་རིན་མ་བརྟགས་པ་འདིས་གོས་ཤིག་ཉོས་ལ་དགེ་སློང་དེ་ལ་བྱིན་ཅིག་ཅེས་
เล่ม ๑๖๕ · หน้า 101a
བསྒོ་ནས། ཕོ་ཉས་སྨྲས་པར་གྱུར་པའི་ཕྱིར། གོས་ཀྱི་རིན་ཁྱེར་ཁྱེར་བའི་ཕོ་ཉ་དེས་སླར་དགེ་སློང་གི་གན་དུ་ཁྱེད་ཀྱིས་དོན་བསྒྲུབ་པ་བསྟན་པའི་མི་དེ་གོས་ཀྱི་རིན་བཞག་སྟེ་རིན་དེས་གོས་སུ་ཉོས་ལ་ཁྱོད་ལ་ཕུལ་ཅིག་ཅེས་བྱས་ཀྱིས་གོས་དེར་ལོངས་ཤིག་ཅེས་སྨྲས་
ནས་བཞག་པ་ལ། སྔར་སྨྲས་ནས་བསྐུལ་བ། དགེ་སློང་གིས་དོན་བསྒྲུབ་པའི་མི་དེ་ལ་གོས་ཀྱིས་བྲེལ་ཏོ་ཞེས་བསྐུལ་བའི་ཚིག་ལན་དྲུག་ལས་ལྷག་པ་དང་ཡན་ལག་མིང་གིས་སྨོས་པ་འདི་རྣམས་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར་རོ། །རྟོག་མི་ནུས་པ་ལ་ནི་མ་བསྐུལ་བའོ། །དོན་བསྒྲུབ་
པའི་མི་དེ་དགེ་སློང་གིས་བསྐུལ་བ་གོས་ཀྱིས་བྲེལ་ཏོ་ཞེས་བྱས་ཀྱང་ཁོར་རོའམ་གཉིད་ཀྱིས་ལོག་གམ་ཡེངས་ཏེ་མ་གོ་ན་བསྐུལ་བར་མི་ཆུད་དེ་ལན་དྲུག་བསྐུར་བའི་གྲངས་སུ་མི་བརྩིའོ། །མ་གྲུབ་ན་གཉིས་སུ་ཡང་ངོ་། །དོན་བསྒྲུབ་པའི་མི་དེ་ལ་དགེ་སློང་གིས་ང་གོས་ཀྱིས་བྲེལ་ཏོ་
ཞེས་ཚོར་ཞིང་གོ་བར་ལེན་གཅིག་བསྐུལ་ནས་མ་བྱིན་ན་ང་གོས་ཀྱིས་བྲེལ་ཏོ་ཞེས་ལེན་གཉིས་ཀྱི་བར་དུ་གོ་ཞིང་ཚོར་བར་བསྐུལ་ལོ། །གསུམ་དུ་ཡང་ངོ་། །མདོ་ལྟག་མ་ལྟར་དོན་བསྒྲུབ་པའི་མི་ལ་ལན་གཉིས་སུ་བསྐུལ་ཀྱང་གོས་མ་བྱིན་ན་ང་གོས་ཀྱིས་བྲེལ་ཏོ་ཞེས་ལན་གསུམ་གྱི་བར་དུ་
གོ་ཞིང་ཚོར་བར་བསྐུལ་ལོ། །གསུམ་ཕན་ཆད་ནི་ཁ་རོག་སྟེ་འདུག་གོ། །མདོ་ལྟག་མ་རྣམས་ལྟར་ལན་གསུམ་དུ་ཚིག་ཏུ་སྨྲས་ཏེ་བསྐུལ་ཀྱང་གོས་མ་བྱིན་ལ་ལན་བཞིའི་ཚེ་ཅང་མི་སྨྲ་བར་ཁོའི་གན་དུ་འགྲོའོ། །ཅི་ལ་བྱོན་ཅེས་འདྲི་ན་ང་དེའི་ཕྱིར་རོ་ཞེས་བྱ། ལན་བཞིར་མི་སྨྲ་བར་བསྐུལ་ཀྱང་
གོས་མ་བྱིན་ན་མི་སྨྲ་བར་ལན་ལྔ་དྲུག་ཏུ་འགྲོའོ། །དྲུག་ལས་ལྷག་པར་བསྐུལ་ཏེ་ཐོབ་ན་སྤང་བའོ། །མ་གྲུབ་ན་སྦྱིན་བདག་ལ་སྦྲན་ནོ། །མདོ་ལྟག་མ་ལྟར་གོས་ཀྱིས་བྲེལ་ཏོ་ཞེས་ཚིག་གིས་ལན་གསུམ་བསྐུལ། ཅང་མི་སྨྲ་བར་ལན་གསུམ་སྟེ་དྲུག་ཏུ་བསྐུལ་ནས་གོས་མ་བྱིན་ན་དགེ་སློང་
དེས་རྒྱལ་པོའམ་ཞང་བློན་གག་གིས་གོས་ཀྱི་རིན་བསྐུར་བ་དེའི་གན་དུ་ཁྱོད་ཀྱིས་གོས་ཀྱི་རིན་བསྐུར་བ་དེ་ངའི་ལག་ཏུ་མ་ཐོབ་ཀྱིས་ཤེས་པར་བྱོས་ཤིག་ཅེས་ཕོ་ཉ་བརྟགས་པའམ་བདག་ཉིད་ཀྱིས་སྦྲན་མ་སྦྲན་ན་ཉེས་བྱས། གོས་ཀྱི་རིན་ཁྱེར་ཁྱེར་བའི་མི་དེས་ཁྱོད་ཀྱི་དོན་བསྒྲུབ་པ་གང་
เล่ม ๑๖๕ · หน้า 101b
ཡིན་ཞེས་མ་དྲིས་པར་བསྟན་ནའང་ཉེས་བྱས། རིན་ཁྱེར་ཁྱེར་བ་ལ་གོས་ཀྱི་རིན་མ་བརྟགས་པ་ལེན་དུ་མི་དབང་ངོ་ཞེས་མ་བཀག་ནའང་ཉེས་བྱས་སོ། །འདི་ལྟ་བུར་གྱུར་ཏེ་བཏང་ནས་འབུལ་ན་གཏང་ངོ་ཞེས་སྨྲས་པ་དང་། བདག་གིས་སེམས་གཟུང་བར་ནན་ཏན་བྱའོ་ཞེས་
ཁས་བླངས་ན་ལོངས་ཤིག །མདོ་ལྟག་མ་ལྟར་ལན་དྲུག་ཏུ་བསྐུལ་ཏེ་གོས་མ་བྱིན་ནས་རྒྱལ་པོའམ་ཞང་བློན་ཐོག་མ་ནོར་བསྐུར་བསྐུར་བ་དེ་ལ་དགེ་སློང་གིས་སླར་སྦྲན་པའི་འོག་ཏུ་དོན་བསྒྲུབ་པའི་མི་དེ་གོས་བཞེས་སུ་གསོལ་ཞེས་འབུལ་དུ་འོངས་ན་ངས་ནོར་བདག་ལ་སླར་སྦྲན་ཟིན་ཏོ་
ཞེས་གྱིས་ལ་མ་ལེན་ཅིག་བླངས་ན་སྤང་བར་འགྱུར། ནོར་བདག་ལ་སྦྲན་ཟིན་གྱིས་མི་ལེན་ཏོ་ཞེས་བྱས་ཀྱང་དོན་བསྒྲུབ་པ་ན་རེ་ངས་ནོར་བདག་གི་སེམས་བཟུང་ཞིང་མི་དགའ་བ་མེད་པ་དང་དད་ཅིང་རུང་བར་བྱའོ་ཞེས་ཟེར་ན་གོས་བླངས་ཀྱང་ཉེས་མེད་དོ། །ལྷག་པར་བསྐུལ་ཏམ་གནས་
ནས་ཁས་མ་བླངས་ནའོ། །དགེ་སློང་གིས་དོན་བསྒྲུབ་པ་ལ་ལན་དྲུག་ལས་ལྷག་པར་བསྐུལ་ཏེ་གོས་ཐོབ་བམ་སླར་ནོར་བདག་ལ་སྦྲན་པའི་འོག་ཏུ་དོན་བསྒྲུབ་པ་ན་རེ་ནོར་བདག་གི་སེམས་གཟུང་ངོ་ཞེས་མི་ཟེར་བར་གོས་བླངས་ན་སྤང་བའི་ལྟུང་བར་འགྱུར་ཏེ་ཡན་ལག་གཉིས་བླངས་ནའོ། །
ལྷག་པར་བསྐུལ་ཏེ་གོས་བླངས་ནས་ལག་ཏུ་ཐོབ་པ་དང་ཡན་ལག་གསུམ་གསུམ་ཆར་ཡང་མི་ཁྱིམ་པ་ནའོ། །ནོར་བདག་དང་ཕོ་ཉ་དང་དོན་བསྒྲུབ་པ་གསུམ་ཆར་ཡང་མིའི་རྒྱུད་ཀྱང་ཡིན་པ་དང་ཁྱིམ་པ་ཡང་ཡིན་པ་དང་ཡན་ལག་གཉིས་སུ་བརྩི་སྟེ་ཡན་ལག་འདི་གཉིས་ཀྱི་སྟེང་དུ་ལྟག་
ཏུ་སྨོས་པ་གསུམ་གྱིས་བསྣན་ཏེ་ལྔར་ཚང་ན་སྤང་བའི་ལྟུང་བར་འགྱུར། མ་སྨྲས་ན་ཉེས་པའོ། །གོས་ཀྱི་རིན་ཁྱེར་ཁྱེར་བའི་ཕོ་ཉས་དོན་བསྒྲུབ་པ་ལ་ནི་རིན་འདིས་གོས་འདི་ཉོས་ལ་མིང་འདི་ཞེས་བྱ་བའི་དགེ་སློང་འདིར་འོངས་དང་བྱིན་ཅིག་ཅེས་ནི་བསྒོའི་སླར་དགེ་སློང་ལ་མ་སྦྲན་པར་
སོང་བ་ལ་དགེ་སློང་གིས་དོན་བསྒྲུབ་པ་ལ་བསྐུལ་ན་ཉེས་བྱས་མ་འགགས་ནའོ། །གོས་ཀྱི་རིན་ཅིག་ཕོ་ཉས་ཁྱེར་ཏེ་འོངས་ཏེ་དགེ་སློང་ལ་ཕུལ་ན་དགེ་སློང་གིས་གོས་ཀྱི་རིན་མ་བརྟགས་པ་མི་ལེན་ཏོ་ཞེས་གོགས་ཤིག །མ་འགགས་ན་ཉེས་བྱས། མ་དྲིས་པར་སྟོན་ནའོ། །གོས་ཀྱི་རིན་
เล่ม ๑๖๕ · หน้า 102a
ཁྱེར་ཁྱེར་བའི་ཕོ་ཉ་དེས་ཁྱོད་ཀྱི་དོན་བསྒྲུབ་པ་གང་ཡིན་ཞེས་མ་དྲིས་པར་དགེ་སློང་གིས་ངའི་དོན་བསྒྲུབ་པ་དེ་ཡིན་ནོ་ཞེས་པ་བསྟན་ན་ཉེས་བྱས་རེ་བ་མེད་ནས་མ་སྦྲན་ནའོ། །དོན་བསྒྲུབ་པ་ལ་ལན་དྲུག་ཏུ་བསྐུལ་བ་སྟེ་གོས་མ་ཐོབ་ན་སླར་ནོར་བདག་ལ་མ་སྦྲན་ནའང་ཉེས་བྱས།
བསྐུར་བའི་སྤང་བའོ། །བསྐུར་བའི་སྤང་བ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོའོ། །སྤང་བའི་ལྟུང་བ་བཅུ་ཕུང་གཅིག་རྫོགས་སོ།། །།སྲིན་བུའི་སྤོང་བ་ལ་འཆད་དེ། ཆོངས་ཤིག་གདིང་བ་དང་། སྟན་ཕྱིང་པར་བཅགས་པའམ་ཤིང་བལ་གྱི་བར་ཚངས་ཅན་དུ་བྱས་
པ་བཅངས་ཀྱང་ཉེས་མེད་དེ་ཆེར་བྱེད་ན་ཞེང་དུ་ཁྲུ་དོ་དང་སོར་དྲུག་ཆུར་ཁྲུ་ཕྱེད་དང་ལྔ། ཅོག་པུ་པའི་སྟན་ཆུང་དུ་བྱེད་ན་ཆུར་ཁྲུ་ཕྱེད་དང་གསུམ་ཞེང་དུ་ཁྲུ་དོ་དང་སོར་དྲུག་ཏུ་བྱའོ། །སྲིན་བུའི་བྱེད་དུ་བཅུག་གམ་བྱས་ནའོ། །སྲིན་བལ་ལ་སྟན་སར་པ་བདག་གིས་བྱས་སམ་གཞན་བྱེད་དུ་བཅུག་
ན་ཡང་སྤང་བའི་ལྟུང་བར་འགྱུར་ཏེ། གཉེན་མ་ཡིན་པ་དང་ཁྱིམ་པ་ཡིན་པ་དང་། གསར་དུ་བྱས་ཏེ་ཟིན་པས་སྤང་བར་འགྱུར་ཏེ་བྱས་ཟིན་པའི་ནི་སྲིན་བུའི་བྱས་པ་དང་ཡན་ལག་འདི་བཞི་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར། ཡན་ལག་འདི་བཞི་ནི་འབའ་ཞིག་དང་ཆའི་སྤང་བའི་ཡན་ལག་
ཏུའང་གཏོགས་སོ། །ཐོག་མ་བཏིང་བ་ནི་བྱས་ཟིན་པའི་མཐའ་འོ། །སྲིན་བུའི་སྟན་བྱས་ཏེ་ཟིན་པ་ལས་སྤང་བར་གྱུར་ཏེ་བྱས་ཟིན་པའི་ཚད་ནི་སྲིན་བུ་ཁོད་བསྙམས་ཏེ་བཏིང་བས་ཟིན་པར་གྱུར་ཏོ་ཞེས་ཊཱི་ཀ་ལས་འཆད། འདུལ་བ་འཛིན་པ་ཁ་ཅིག་ན་རེ་ཀུན་ཟིན་ཏེ་འོག་ཏུ་བཏིང་ན་ཟིན་པའི་ཚད་དོ་
ཞེས་ཀྱང་འཆད་དོ། །འོག་ནས་འབའ་ཞིག་དང་ཆ་གཉིས་བྱུང་བ་ཡང་ཟིན་པའི་ཚད་ནི་འདི་དང་འདྲའོ། །སྲིན་བུའི་ལྟུང་བ་མེད་པ་ནི་བྱས་ཏེ་ཐོབ་པ་དང་སྤྱད་པ་དང་བཅོས་པ་ལའོ། །ལྟུང་བར་མི་འགྱུར་བ་ནི་གཞན་གྱིས་སྲིན་བུའི་སྟན་བྱས་ཏེ་བྱིན་པ་ལ་བླངས་པ་དང་བླངས་པ་དེ་སྤྱད་པ་དང་
རྙིང་པ་ལས་བཅོས་པ་ནི་ཉེས་མེད་དོ། །སྲིན་བུའི་སྤང་བ་སྟེ་རྣམ་པར་འབྱེད་པའོ། །སྲིན་བུའི་སྤང་བའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།དབྲི་བ་ནི་ཉུང་དུས་བསྲེས་པའོ། །སྲིན་བལ་གྱི་སྟན་གསར་དུ་བྱེད་པ་ལ་ཕྱེད་ཡན་ཆད་གཅིག་བལ་དང་ཀ་བ་སེས་
เล่ม ๑๖๕ · หน้า 102b
བསྲེས་ན་ཉེས་བྱས་པའོ། །ཕྱེད་མན་ཆད་ཅིག་བལ་དང་ཀ་བ་སེས་བསྲེས་ཏེ་སྲིན་བལ་མང་ན་ལྟུང་། རྫས་མ་རུང་བར་གྱུར་ནའོ། །སྲིན་བལ་རུལ་བའམ་རྙིང་པ་ལ་སྟན་བྱས་ནས་ཉེས་བྱས་ཏེ་འོག་ནས་འབའ་ཞིག་དང་ཆ་གཉིས་འབྱུང་བ་ཡང་རུལ་པ་དང་རྙིངས་པ་ལས་བྱས་ན་ཉེས་བྱས་པའོ། །
དྲིས་པའོ། །སྲིན་བུའི་སྤང་བ་འདུལ་བ་དྲིས་པའི་ནང་ནས་འབྱུང་བའི་མདོ།། །།སྲིན་བུའི་སྤང་བའོ། །སྲིན་བུའི་སྤང་བ་སྟེ་འདུལ་བ་སོ་སོའི་ནང་ནས་འབྱུང་བའི་མདོ། །འབའ་ཞིག་པའི་སྤང་བ་ལ་འཆད་དེ་ལུག་བལ་ནག་པོ་འབའ་ཞིག །དགེ་སློང་གིས་ལུག་གི་བལ་ནག་པོ་འབའ་
ཞིག་པས་སྟན་སར་པ་བྱས་ན་སྤང་བའི་ལྟུང་བ་སྟེ་ཡན་ལག་དང་ཚད་ནི་ལྟག་ཏུ་སྲིན་བུའི་བཤད་པ་དང་འདྲའོ། །རིགས་ཀྱིས་པའོ། །ལུག་གི་བལ་དཀར་པོའམ་གྲོ་བོ་ལས་ས་ནག་ཏུ་བཙོས་པ་ནི་མ་ཡིན་གྱི་རིགས་ཀྱིས་ནག་པོར་འདུག་པ་ལ་བྱས་ནས་ལྟུང་། དེ་བཞིན་དུ་སྔོན་པོ་དང་སྔོ་ནག་
དང་སྨུག་པོ་དག་ཀྱང་ངོ་། །ལུག་གི་བལ་རིགས་ཀྱིས་ནག་པོར་འདུག་པ་ལ་སྟན་སར་པ་བྱས་ན་སྤང་བའི་ལྟུང་བར་འགྱུར་བ་བཞིན་དུ་མིང་གིས་སྨོས་པ་འདི་རྣམས་རིགས་ཀྱིས་དེ་ལྟར་འདུག་པ་ལ་སྟན་སར་པ་བྱས་ནས་འང་ལྟུང་བའོ། །ཡུལ་ལ་ལ་ཞིག་ན་དཀར་པོ་དཀོན་ན་ཡང་བལ་དཀར་
པོ་འབའ་ཞིག་ལ་སྟན་སར་པ་བྱས་ནའང་སྤང་བའི་ལྟུང་བར་འགྱུར་རོ། །ཡན་ལག་དང་བཤད་པ་ཀུན་སྲིན་བུ་དང་འདྲའོ། །ནག་པོ་འབའ་ཞིག་གི་སྤང་བའོ། །འབའ་ཞིག་པའི་སྤང་བའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།ཆའི་སྤང་བ་ལ་འཆད་དེ།
དེ་དག་ཕྱེད་ལས་ལྷག་ནའོ། །དགེ་སློང་ལུག་བལ་ལ་སྟན་སར་པ་བྱེད་ན་ཕྱེད་ལུག་བལ་ནག་པོ་ལས་གཞུག །བཞི་ཆ་གཅིག་དཀར་པོ་ལས་གཞུག །བཞི་ཆ་གཅིག་ཤོག་བལ་ལས་གཞུག་སྟེ་དེ་ལས་ནག་པོ་དང་དཀར་པོ་ལྷག་ན་སྤང་བར་འགྱུར། ཤོག་བལ་ལྷག་པར་བཅུག་པ་ནི་
ཉེས་མེད་དོ། །འདི་དཀར་པོ་དང་ཤོག་བལ་དུ་ཆ་མཉམ་པར་བསྲེའོ། །ལུག་གི་བལ་སྟན་སར་པ་བྱེད་ན་ཕྱེད་ནག་པོ་ལས་གཞུག །ཕྱེད་དཀར་པོ་དང་ཤོག་བལ་ལས་གཞུག་སྟེ་ནག་པོ་ལ་བཞི་ཆ་གཉིས་དཀར་པོ་ལ་བཞི་ཆ་གཅིག །ཤོག་བལ་ཡང་བཞི་ཆ་གཅིག་གིས་ཐང་དུ་བཅུག་
เล่ม ๑๖๕ · หน้า 103a
སྟེ་བྱའོ། །ལོགས་དང་རྒྱབ་དང་གཉའ་བ་ནས་སྐྱེས་པ་ནི་སྔ་མའི་འོ། །ལུག་གི་རྩིབ་ལོགས་དང་རྒྱབ་དང་། གཉའ་བ་ནས་བལ་བ་ནི་འཇམ་བལ་ཡིན་ཏེ་དཀར་པོ་ཞེས་བྱའོ། །མགོ་དང་རྐང་པ་དང་ལྟོ་བའི་ནི་ཕྱི་མའི་འོ། །ལུག་གི་མགོ་དང་རྐང་པ་དང་ལྟོ་བ་
ནས་བལ་བ་ནི་ཤོག་བལ་ཞེས་བྱ་སྟེ། འདི་རྣམས་ལ་གོང་དུ་བཤད་པའི་ཚུལ་བཞིན་དུ་བསྲེའོ། །ཡན་ལག་དང་བཤད་པ་ནི་ཀུན་རྟག་ཏུ་སྲིན་བུ་དང་འབའ་ཞིག་པ་འཆད་པ་དང་འདྲའོ། །ཆ་གཉིས་ཀྱི་སྤང་བའོ། །ཆ་འདི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།
དྲུག་གི་སྤང་བ་ལ་འཆད་དེ། ཆུ་དང་ཞེང་དང་ལྷག་པ་བཅད་དོ། །དགེ་སློང་གིས་གདིང་བ་ལོ་དྲུག་ཏུ་ལོན་པ་ཞིག་རྙིངས་ཏེ་སྤྱད་དུ་མི་རུང་ནས་དགེ་འདུན་ལ་སྤྱད་བྲིམ་དུ་འོངས་ནས་སར་པ་བྱེད་དུ་གསོལ་ན་དགེ་འདུན་གྱིས་ལྟོས་ལ་རྙིང་པ་སྤྱད་དུ་མི་རུང་ན་སར་པ་བྱེད་དུ་ཆུག་ཤིག །སར་
པ་དེ་ཆུ་ཞེང་དུ་ལྷག་ན་ཚད་བཞིན་ལས་ལྷག་པ་ཆོད་དུ་ཆུག་ཅིག །ཐུང་ངམ་ཆུང་ན་སྐྱེད་དོ། །གདིང་བ་དེ་ཆུང་ངམ་ཐུང་ན་ལྟག་ཏུ་སྲིན་བུའི་ནང་དུ་ཚད་ཆེ་ཆུང་རྣམ་གཉིས་བཤད་པ་གང་ཡང་རུང་གག་གི་ཚད་དུ་དགའ་བར་སྐྱེད་ཅིག་ཆད་ན་སྦྱར་རོ། །གདིང་བ་རྙིང་པ་ཆད་པ་ཞིག་སྟེ་སླར་སྦྱར་ན་
སྤྱད་དུ་རུང་ན་སར་པ་བྱེད་པར་གནང་བ་མི་སྦྱིན་པར་ཆད་པ་འདི་ལྟར་སྦྱོར་ཏེ་ཚེམས་ལ་སྤྱོད་ཅིག་ཅེས་བསྒོ་ཤིག་གྱེས་སམ་སྲབ་ན་ཁ་བསྐང་ངོ་། །གདིང་བ་རྙིང་པ་དེ་གྱེས་སམ་སྲབ་མོར་སོང་སྟེ་གླན་ནམ་སྤྱད་དུ་རུང་བ་ཙམ་གྱི་ཚོད་ནའང་སར་པ་བྱེད་པར་གནང་བ་མི་སྦྱིན་པར་རྙིང་པ་ལྷན་པས་
གློན་ལ་སླར་སྦྱོར་དུ་ཆུག་ཤིག །དཀའ་བར་བྱེད་ན་སྦྱིན་ནོ། །གདིང་བ་རྙིང་པ་དེ་རྙིངས་ཆེས་ཏེ་གླན་ཀྱང་སྤྱད་དུ་མི་རུང་ན་སྟན་སར་པ་བྱེད་པར་དགེ་འདུན་གྱིས་གནང་བ་བྱིན་ཅིག །གནང་བ་མ་ཐོབ་ལ། དགེ་སློང་གིས་སྟན་ལོ་དྲུག་པ་སར་པ་ཞིག་བྱས་ན་དགེ་འདུན་ལ་མ་གསོལ་ཏམ་
གསོལ་ཀྱང་གནང་བ་མ་ཐོབ་པ་དང་། གཞན་ཡོད་དམ། སྟན་ལོ་དྲུག་པ་སྔ་མ་ཡོད་བཞིན་དུ་ཕྱི་མ་གསར་དུ་བྱས་པ་དང་། བདག་གིས་འདོད་དེ་བཏང་ངམ་བདག་སྟན་སར་པ་འདོད་པའི་ཕྱིར་རྙིང་པ་གུད་དུ་བཏང་སྟེ་སར་པ་བྱས་པ་དང་། ལོ་དྲུག་གི་རྒྱུད་མ་འདས་པར། གདིང་བ་
เล่ม ๑๖๕ · หน้า 103b
རྙིང་པ་ལོ་དྲུག་མ་ལོན་པར་སར་པ་བྱས་པ་དང་། གདིང་བ་བྱེད་ནའོ། །ཡན་ལག་འདི་རྣམས་དང་ལྡན་པར་གདིང་བ་སར་པ་བྱས་ཏེ་ཟིན་ན་སྤང་བའི་ལྟུང་བར་འགྱུར་བའོ། །ཡོད་བཞིན་དུ་བརྩམས་ཤིང་བཤམས་ན་ཡང་ངོ་། །སྟན་སར་པ་གཅིག་བྱ་བར་བརྩམས་ཤིང་བཤམས་ཏེ་མགོ་
བཙུགས་པ་ལ་ཟིན་པར་ཕྱི་མ་གཅིག་ཀྱང་བྱ་བར་མགོ་བཙུགས་ཏེ་བཤམས་ན་ཉེས་སོ། །བཤམས་ཏེ་མཐར་བྱིན་ན་སྦྱོར་བ་མ་ལུས་ལྟུང་བ་ཡིན་ནོ། །མདོ་ལྟག་མ་ལྟར་སྟན་རྣམ་གཉིས་བྱ་བར་མགོ་བཙུགས་པ་ལས་སྔ་མ་ནི་མ་ཟིན་གྱི་ཕྱི་མ་ཟིན་ན་ཉེས་བྱས་སོ། །སྔ་མ་དང་གཉིས་ཟིན་
ན་ལྟུང་བའོ། །སྤང་བ་ནི་ཕྱིས་མགོ་བཙུགས་ཤིང་བཤམས་པ་ལས་སྔར་ཟིན་པ་དེ་སྤང་ངོ་། །རབ་ཏུ་འབྱུང་བ་གཞན་གྱིས་ཐ་དད་དོ། །སྔོན་དགེ་སློང་བྱེད་བྱེད་པ་ལས་སླར་ཁྲིམས་ཕུལ་བ་ལས་ཡང་སླར་ཁྲིམས་ནོས་ཏེ་གདིང་བ་སར་པ་བྱས་པ་ནི་སྔོན་དགེ་སློང་བྱེད་པའི་ཚེ་གདིང་བ་བྱས་སུ་ཟིན་
ཀྱང་གདིང་བ་གཉིས་བྱས་པར་མི་བརྩིའོ། །ལོ་དྲུག་གི་སྤང་བའོ། །དྲུག་གི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།མཐོ་གང་གི་སྤང་བ་ལ་འཆད་དེ་གདིང་བ་རྙིང་པས་སར་པའི་གདིང་བ་ལ་བདེ་བར་གཤེགས་པའི་མཐོ་གང་མ་གླན་པར་སྤྱད་ནའོ། །
བདག་གི་གདིང་བ་བསྔོས་པ་རྙིངས་ཏེ་སར་པ་བྱེད་ན་རྙིང་པ་དབུས་ནི་ཟད་ཅིང་རྟོལ་གྱིས་མཐའ་མཁོ་ར་ཁོར་ཡུག་ཏུ་མ་རྟོལ་བ་ལས་བདེ་བར་གཤེགས་པའི་མཐོ་གང་འཁོར་བར་དྲ་སྟེ་གྲུ་བཞིར་སྦྱར་ལ་སར་པ་སྲ་བར་བྱ་བའི་ཕྱིར་སར་པའི་དབུས་སུ་གློན་ཅིག །རྙིང་པ་ཡོད་བཞིན་དུ་སར་པ་
བྱས་ཏེ་རྙིང་པའི་མཐའ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པར་བྱས་ཏེ་སྤྱད་ན་སྤང་བའི་ལྟུང་བའོ། །དེ་སྟེ་ཡོད་ནའོ། །གདིང་བ་རྙིང་པ་ཡོད་ན་སར་པའི་དབུས་སུ་གླན་གྱི་རྙིང་པ་མེད་ན་མ་གླན་པ་སར་པ་བྱས་ཀྱང་ཉེས་མེད་དོ། །དེ་ཙམ་ན་ཡང་ངོ་། །གདིང་བ་རྙིང་པ་ཡོད་ནི་
ཡོད་དེ་མཐའ་ལས་བདེ་བར་གཤེགས་པའི་མཐོ་གང་དུ་མི་འབྱུང་ན་ཡང་ཅི་ཡོད་པ་དེས་གླན་ནོ། །བཅོས་ནུས་ན་ཡང་ངོ་། །གདིང་བ་རྙིང་པ་རྙིངས་ཏེ་བཏང་ནས་བསྡུས་ཤིང་བཙེམས་ལ་བདེ་བར་གཤེགས་པའི་མཐོ་གང་འབྱུང་ནའང་བསྡུས་ཤིང་བཙེམས་ལ་བདེ་བར་གཤེགས་
เล่ม ๑๖๕ · หน้า 104a
པའི་མཐོ་གང་དུ་ཁ་བསྐང་ལ། གདིང་བ་སར་པའི་དབུས་སུ་གླན། དུམ་བུ་བསྡུས་ཏེ་ཡང་ངོ་། །གདིང་བ་རྙིང་པ་དུམ་བུར་སོ་སོར་བྲལ་བ་ཞིག་ན་ཡང་དུམ་བུ་ཀུན་མི་དོར་བསྡུས་པ་གཅིག་ལ་གཅིག་བཙེམས་ཏེ་སར་པའི་དབུས་སུ་གླན། མཐོ་གང་གི་
སྤང་བའོ། །མཐོ་གང་གི་སྤང་བ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།ལམ་གྱི་སྤང་བ་ལ་འཆད་དེ། །ཁུར་ཙ་ཡོད་དམ་མེད་ཀྱང་དཔག་ཚད་གསུམ་ལས་འདས་པར་ལུག་བལ་ཁྱེར་ནའོ། །དགེ་སློང་གིས་བལ་ཞིག་རྙེད་དེ་ཁུར་ཙ་ཡོད་བཞིན་དུ་
བདག་གིས་བླངས་ཏེ་ཁྱེར་ན་ཐོག་མ་ཁྱེར་བའི་ཚེ་ཉེས་བྱས། དཔག་ཚད་གསུམ་དང་རྒྱང་གྲགས་ཕྱེད་དུ་ཕྱིན་ནའང་ཉེས་བྱས་གཅིག །དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་འདས་ན་སྤང་བའི་ལྟུང་བའོ། །ལམ་དུ་ཞུགས་ནས་རྒྱང་གྲགས་ཉིད་ཀྱིས་སོ། །ཁུར་ཙ་ཡོད་
བཞིན་དུ་བལ་ཁྱེར་ན་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་འདས་པས་སྤང་བར་འགྱུར་རོ། །བུད་མེད་དང་། དགེ་སློང་མ་དང་ལམ་དུ་འགྲོགས་པ་ཡང་རྒྱང་གྲགས་གཅིག་འདས་ན་ལྟུང་བའོ། །ཡང་ཡང་གིས་ལམ་དུས་ཀྱང་རྒྱང་གྲགས་གཅིག་འདས་ན་བཟར་དབང་
ངོ་། །ཕྱེད་ནི་སྦྱོར་བའི་འོ། །ཁུར་ཙ་ཡོད་བཞིན་དུ་བལ་དག་ཁྱེར་ཏེ་དཔག་ཚད་དང་རྒྱང་གྲགས་ཕྱེད་འདས་ན་ཉེས་བྱས་སོ། །བུད་མེད་དང་དགེ་སློང་མ་དང་ལམ་དུ་འགྲོགས་པ་ཡང་རྒྱང་གྲགས་ཕྱེད་དུ་འདས་ན་ཉེས་བྱས། ཉེས་བྱས་པ་ནི་རྫུ་འཕྲུལ་ལས་གཞན་གྱི་ཐབས་ཀྱིས་ནམ་མཁའ་ལས་
བླངས་པའོ། །དགྲ་བཅོམ་པའི་འཕྲུལ་གྱིས་བལ་ཁྱེར་བ་ནི་མ་གཏོགས་ཏེ་འཇིག་རྟེན་གྱི་རྫ་འཕྲུལ་གྱིས་བལ་ཁྱེར་བ་དང་སྒྱོགས་ལ་སོགས་པ་ལྟ་བུས་ནམ་མཁའ་ལ་འཕངས་ཏེ་བལ་ཁྱེར་བ་ནི་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་འདས་ན་ཉེས་བྱས་གཅིག །དེ་ཕན་ཆད་རྒྱང་
གྲགས་རེ་རེ་འདས་ཤིང་ཉེས་བྱས་རེ་རེའོ། །སྤྲུལ་པས་ཀྱང་ངོ་། །ཕྱུགས་དང་མི་ལ་སོགས་པ་ཞིག་གུད་དུ་སྤྲུལ་ཏེ་བལ་བསྐུར་བ་ནི་མདོ་ལྟག་མ་བཞིན་དུ་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་འདས་ན་ཉེས་བྱས། ཉེས་མེད་པ་ནི་ཞྭ་དང་ལྷམ་དང་རྔུལ་གཟན་བར་ཚངས་ཅན་དང་
เล่ม ๑๖๕ · หน้า 104b
རྒྱ་ཅང་ལྕག་པོད་སྦུ་གུ་ཅན་ལ་སོགས་པ་དེ་ཙམ་དག་གོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་རྒྱུ་བལ་ཁྱེར་བ་ནི་ཉེས་མེད་དོ། །ཡང་རྡུལ་དང་རྡུལ་ཕྲན་དང་ཆུའི་དང་མེ་ལོང་གི་དང་རི་བོང་གི་དང་རའི་དང་བའི་དང་བུ་གུའི་དང་ཉི་ཟེར་གྱི་རྡུལ་དང་སྲོ་མ་དང་ཤིག་དང་ནས་དང་སོར་དག་སྟེ་སྔ་མ་
དྲུག་ཅིང་ཕྱི་མའོ། །དཔག་ཚད་དང་རྒྱང་གྲགས་བརྩི་བའི་ཐབས་ནི་མིང་གིས་སྨོས་པ་འདི་རྣམས་ལས་བརྩིས་ཏེ་འདི་གོ་རིམས་བཞིན་དུ་སྔ་མ་དྲུག་ལ་ཕྱི་མ་གཅིག་ཏུ་བརྩིའོ། །སོར་བཞི་ཕྲག་དྲུག་ལ་ཁྲུའོ། །ནས་དྲུག་ལ་སོར་གཅིག་སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང་དུ་བརྩིའོ། །ཕྱེད་དང་
བཞི་ལ་མིའོ། །ཁྲུ་དེ་ཕྱེད་དང་བཞི་ལ་མི་གང་དུ་བརྩིའོ། །ཁྲུ་བཞི་ལ་གཞུའོ། །ཁྲུ་དེ་བཞི་ལ་གཞུ་གང་གི་ཚད་དུ་བརྩིའོ། །དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ། །གཞུ་དེ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་གི་ཚད་དུ་བརྩིའོ། །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཏུ་བརྩིའོ། །དེའི་མཐའ་
ཕན་ཆད་ནི་དགོན་པའོ། །དགོན་པར་བརྩི་བའི་ཚད་ནི་གཙུག་ལག་ཁང་ནས་རྒྱང་གྲགས་གཅིག་ཕན་ཆད་དོ། །ལུས་ཀྱིས་ཁུར་མི་བསྐུར། དགེ་སློང་གིས་སྲང་ཁུར་དང་རྒྱབ་ཁུར་ལ་སོགས་པ་ལུས་ཀྱིས་ཁུར་མི་བསྐུར། ལོགས་དང་རྒྱབ་དང་སྟ་ཟུར་དང་མགོ་ལས་ཀྱང་མ་ཡིན་
ནོ། །ལུས་ཀྱི་ཡན་ལག་མིང་གིས་སྨོས་པ་འདི་རྣམས་གང་གིས་ཀྱང་ཁུར་མི་བསྐུར་རོ། །འདི་སྤྱིའི་མ་ཡིན་པར་མ་དོགས་ཤིག །དགེ་སློང་མས་ཀྱང་ཁུར་མི་བསྐུར་བ་འདི་བཞིན་དུ་བསྲུང་ངོ་། །དགེ་སློང་མས་བསྲུང་ངོ་ཞེས་གློ་ཏོལ་དུ་བཤད་པ་ནི་མདོ་ཐམས་ཅད་སྤྱིའི་སེམས་ཡིན་
མོད་ཀྱི་དགེ་སློང་བལ་ཁྱེར་བ་མེད་དེ་མ་གཏོགས་པས་བལ་གྱི་མཇུག་མ་ཁུར་མི་བསྐུར་ཞེས་འབྱུང་བ་ཡང་དགེ་སློང་མའི་ཁྲིམས་སུ་མ་གཏོགས་ཞེས་འཛིན་གྱིས་དོགས་པའི་ཕྱིར་སྨོས་སོ། །ཁུར་ཕྱེད་ལས་ལྷག་པར་མི་འདེགས། དགེ་སློང་ཁུར་ཞིག་ཁུར་དགོས་ན་བདག་གིས་
ཅི་ཐེག་པ་ལས་ཕྱེད་མན་ཆད་ཁུར་ཁྱེར་དུ་དབང་ངོ་། །ཁུར་ཕྱེད་ལ་སོགས་པ་སྟེ། ཁུར་གཅིག་ཏུ་མི་ཆུད་པའི་ཕྱིར་དབང་ངོ་། །བལ་ཁྱེར་བའི་སྤང་བའོ། །བལ་གྱི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།འཁྲུ་བ་ལ་འཆད་དེ།
เล่ม ๑๖๕ · หน้า 105a
གོས་རྙིང་པའི་གནས་སུ་ལུག་བལ་ལོ། །གཉེན་མ་ཡིན་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་བཅོལ་ན་སྤང་བར་འགྱུར་བའི་ཡན་ལག་དང་བཤད་པ་བཞིན་དུ་ལུག་བལ་འཁྲུར་བཅོལ་བའང་དེ་དང་འདྲའོ། །འཆག་པ་རྨེལ་བའོ། །ལུག་བལ་རྨེལ་བ་
དང་འཆག་པ་དང་འཁྲུ་བ་དང་འཚེད་པ་དང་འཁལ་བ་འདི་རྣམས་གང་ཡང་རུང་སྟེ་གཉེན་མ་ཡིན་པའི་ཁྱིམ་པ་ལ་བཅོལ་ན་ལྟུང་བ་སྟེ་གོས་རྙིང་པའི་ཡན་ལག་དང་བཤད་པའི་སྟེང་དུ་འདི་བསྣན་ཏེ་ཚང་ན་སྤང་བར་འགྱུར། བལ་གྱི་ལས་ཀྱི་སྤང་བའོ། །འཁྲུ་བའི་སྤང་བ་སྟེ་འདུལ་
བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།གསེར་གྱི་སྤང་བ་ལ་འཆད་དེ། རིན་པོ་ཆེ་བདག་གིར་བྱས་པའོ། །གསེར་དངུལ་བདག་གི་ཡིན་པར་ཤེས་ཤིང་སེམས་པ་ལས་སྤང་བའི་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །མངོན་སུམ་དུ་དེར་རྫོགས་པའོ། །གསེར་
དངུལ་བདག་གི་ཡིན་པར་ཤེས་ཏེ་མིག་སྔར་ཡང་མཐོང་བ་དང་ཡན་ལག་གཉིས། གསེར་དངུལ་མཐོང་སྟེ་བདག་གི་ཡིན་པར་བསམ་པའི་ཚེ་ན་ཉེས་བྱས་སོ། །བདག་གི་ན་མ་བརྟགས་པའི་འོ། །གསེར་དངུལ་ཡོན་བདག་གི་ཕྱིར་བརྟགས་པའམ་བདག་བཅང་བར་སྔགས་ཀྱིས་མ་
ཐེབས་པ་དང་ཡན་ལག་གསུམ། རེག་གམ་བདག་གི་ལག་གིས་བཟུང་ངམ། རེག་ཏུ་བཅུག་ནའོ། །གཞན་ལེན་དུ་བཅུག་ན་སྤང་བར་འགྱུར་ཏེ་ཡན་ལག་འདི་ལྔ་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར་རོ། །ཇི་ལྟ་ཇི་ལྟ་བུ་ཡང་ངོ་། །གསེར་དངུལ་ལ་བདག་གིས་སྣོད་ནས་བཟུང་ངམ་ཤིང་
གིས་བླངས་སམ་ཐབས་ཇི་ལྟ་བུར་རེག་ཀྱང་ལྟུང་། གཞན་ལ་ལོང་ཞེས་བྱས་སམ་བཅོལ་ཞེས་བྱས་སམ་ཁྱེར་ཞེས་བྱས་སམ་ཞོག་ཅིག་ཅེས་བྱས་སམ་ཐབས་ཅི་ལྟ་བུར་རེག་ཏུ་བཅུག་ཀྱང་ལྟུང་བར་འགྱུར་རོ། །ཟོང་གི་ཟངས་ལ་བྱས་ནས་ཉེས་བྱས་པའོ། །དོང་ཚེ་དང་པ་ནེ་ལྟ་བུ་ཟོང་དུ་
སྤྱོད་པ་ལ་བདག་གིས་རེག་གམ་རེག་ཏུ་བཅུག་ནའང་ཉེས་བྱས། དངུལ་ལམ་གསེར་དང་བསྲེས་པའི་ཟོང་སྟེ་གེ་དར་ལྟ་བུ་ལ་རེག་ན་ལྟུང་བའོ། །ལྟུང་བ་མེད་པ་ནི་གཞན་ལའོ། །ཟངས་ལ་པ་ནེ་ལྟ་བུར་ཟོང་དུ་མ་བྱས་པ་ཟངས་གཞན་ལ་རེག་པ་ནི་ཉེས་མེད་དོ། །རོ་ཉེ་དང་ཁར་བ་དང་ཚོན་
เล่ม ๑๖๕ · หน้า 105b
མོ་སྟེང་དང་ལྕགས་རྣམས་ཀྱང་ངོ་། །མིང་གིས་སྨོས་པ་འདི་རྣམས་ལ་རེག་ནའང་ཉེས་མེད་དོ། །དགེ་ཚུལ་དག་གིས་ཀྱང་ངོ་། །དགེ་སྦྱོང་ཕོ་མོས་ཀྱང་བདག་གི་གསེར་དངུལ་ལ་རེག་ཏུ་མི་དབང་། སྦྱིན་བདག་བདག་པོར་བསྔོས་པ་དང་དོན་བསྒྲུབ་པ་བདག་པོར་ཁས་བླངས་པ་དང་བསྔོས་པ་
ནི་བརྟགས་པའོ། །སྦྱིན་བདག་བདག་པོར་བསྔོས་པ་དང་ཞེས་པ་ནི་ཡོན་བདག་རྒྱལ་པོའམ་ཞང་བློན་ལྟ་བུའི་ཕྱིར་ཁོའི་ཡིན་པར་བསམས་ཏེ་ཁོའི་ཕྱིར་བསོད་ནམས་བསྐྱེད་པ་ལ་སོགས་པར་སྤྱད་པའི་ཕྱིར་བཅངས་པ་དང་རེག་པ་ནི་ཉེས་མེད་དོ། །བསྒྲུབ་པ་ནས་དང་ཞེས་པ་ཡིན་
པར་དུ་ནི་ཁྱིམ་པ་ལ་བདག་གིས་ཡོན་བདག་ཆུང་ངུར་བསྔོ་བའི་མི་ཞིག་ཡོད་ན་ཡང་དེའི་ཕྱིར་བསོད་ནམས་སྤེལ་བ་ལ་སོགས་པར་ཁོའི་ཡིན་པར་བསམས་ཤིང་རེག་པ་དང་བཅས་པ་ནི་ཉེས་མེད་དོ། །བསྔོས་པ་ནི་བརྟགས་པའོ་ཞེས་པ་ནི་བདག་གི་ཡོ་བྱད་བཅུ་གསུམ་ལྟ་བུ་མ་ཚང་བ་ཉོ་བའི་
ཕྱིར་སྔགས་ཀྱིས་བཏབ་པ་ཡང་བཅངས་ཤིང་རེག་པ་ཉེས་མེད་དོ། །ཆོས་ཀྱི་དོན་གྱི་ཕྱིར་མེད་པ་ལས་གཞན་དུ་མི་སྐྱེ། བདག་གི་ཡོ་བྱད་བཅུ་གསུམ་ཡོད་བཞིན་དུ་ཡོ་བྱད་ཉོ་བའི་རིན་དུ་སྔགས་ཀྱིས་བཏབ་ཏེ་བཞག་པ་ནི་སྔགས་མི་འཆགས་ཏེ་སྤང་བའི་ལྟུང་བྱེད་འགྱུར་རོ། །དཀོན་མཆོག་
གསུམ་གྱི་ཕྱིར་སྤྱད་པར་བརྟགས་ཏེ་བཞག་པ་ནི་ཉེས་མེད། བདག་པོ་རིམ་ཡང་ཞིག་པ་མ་ཡིན་ནོ། །སྦྱིན་བདག་ཆེ་ཆུང་དུ་བསྔོས་པ་ལམ་རིང་པོ་ཞིག་ན་འདུག་ན་ཡང་དེའི་ཕྱིར་སྤྱད་པར་བསམས་ཏེ་གསེར་དངུལ་ལ་རེག་པའང་ལམ་རིང་པོའི་ཕྱིར་སྦྱིན་བདག་ཏུ་མི་ཆུད་པ་མ་ཡིན་ཏེ་ཉེས་
མེད་དོ། །བརྟགས་པ་ནི་བདག་གི་དོན་གྱི་ཕྱིར་བའི་ཟས་སོ། །བདག་ཁ་ཟས་དང་བརྒྱགས་ཀྱི་ཟོང་དུ་གསེར་དངུལ་ལ་སྔགས་ཀྱིས་བཏབ་སྟེ་བཅངས་པའང་ཉེས་མེད་དོ། །གཞན་ལ་ཟས་ཀྱི་ཕྱིར་ཚོང་བྱེད་དུ་བཅུག་གམ་རེག་ཏུ་བཅུག་ཀྱང་ཉེས་མེད་དོ། །དེ་བྱ་བར་བཅོལ་བའི་ཕྱིར་ཀཱར་ཥཱ་
པ་ཎ་འཆང་བ་ཡང་ངོ་། །བདག་གི་ཟས་དང་བརྒྱགས་ཟོང་དུ་གཞན་ལ་བསྒྱུར་བར་བཅོལ་བའི་ཕྱིར་ཀཱར་ཥཱ་པ་ཎ་བཅངས་པའང་ཉེས་མེད་དོ། །དགེ་འདུན་དང་གྲོགས་པོ་ལ་བཤོས་གསོལ་བའི་ཕྱིར་པ་ཎ་བཅངས་ཤིང་རེག་པ་དང་ཡོན་བདག་གི་བདག་གིས་ཟན་རིན་དུ་པ་ཎ་ཕོགས་པ་
เล่ม ๑๖๕ · หน้า 106a
བླངས་ཏེ་བཅངས་ཀྱང་ཉེས་མེད་དོ། །ལམ་ཟོང་དུ་ན་རིན་པོ་ཆེ་ཚུན་ཆད་བདག་གུད་དུ་ལམ་རིང་པོར་འགྲོ་སྟེ་བརྒྱགས་སུ་བསྐུར་མི་ཐེག་ན་བརྒྱགས་ཟོང་གསེར་དངུལ་དང་རིན་པོ་ཆེ་ཚུན་ཆད་ཁྱེར་ཞིང་རེག་ཀྱང་ཉེས་མེད་དོ། །མེའི་ཕྱིར་ཤེལ་སྒོང་ཆོངས་ཤིག །
དགེ་སློང་དགོན་པ་པ་མེ་དབྱུང་བའི་ཕྱིར་མེའི་ཤེལ་སྒོང་བཅངས་ཀྱང་ཉེས་མེད་དོ། །ཆག་མ་དང་མེ་ལོང་བཅངས་ཀྱང་ཉེས་མེད་དོ། །མེ་མི་ཕྱིན་པའི་ཤེལ་སྒོང་བཅངས་པ་ནི་ལྟུང་བར་འགྱུར། འདི་མི་དབེན་པར་མ་བཞག་ཅིག །མེའི་ཤེལ་སྒོང་མི་གཏོར་བར་བྱ་བའི་ཕྱིར་
དབེན་པར་བཞག་ཅིང་གཞན་གྱིས་མ་མཐོང་བར་བྱ། མ་བྱིན་པར་ལེན་པ་ལ་མི་བསྟན། མེའི་ཤེལ་སྒོང་རྐུན་པོ་དང་མི་རྒོད་ལྟ་བུ་ལ་མི་བསྟན། འདི་ལས་འབྲས་བུ་འབྱུང་བ་ནི་སྦྱིན། མི་རྒོད་དམ་རྐུན་པོ་མེ་སློང་ན་ཤེལ་སྒོང་མ་མཐོང་བར་ལྐོག་ཏུ་ཕྱུང་ལ་མེ་སྦྱིན་ནོ། །ཆུའི་ཕྱིར་ནོར་བུ་
ཙན་དྲ་ཀན་ཏའོ། །ཆུ་འབྱུང་ཞིང་སྤྱད་པའི་ཕྱིར་ཆུའི་ཤེལ་སྒོང་བཅངས་ཀྱང་ཉེས་མེད་དོ། །བསྲུང་བའི་ཆོ་ག་མཚུངས། ཆུའི་ཤེལ་སྦ་ཞིང་བསྲུང་བ་དང་ཆུ་དབྱུང་བ་གཞན་སློང་བ་སྦྱིན་པ་ནི་མེའི་ཤེལ་ལ་བཤད་པ་དང་འདྲའོ། །རིན་པོ་ཆེའི་ནང་དུ་མ་ཆུད་པ་ཡོ་བྱད་གནང་བའི་རྣམས་
ཀྱང་ངོ་། །དགེ་སློང་གིས་ཡོ་བྱད་དུ་འཆང་དུ་གནང་བའི་རྣམས་གསེར་དངུལ་དང་རིན་པོ་ཆེ་ལས་བྱས་ཏེ་མི་བཅང་། གསེར་དངུལ་དང་རིན་པོ་ཆེ་མ་ཡིན་པའི་སྣོད་སྤྱད་ནི་བཅངས་ཀྱང་ཉེས་མེད་དོ། །འོག་ནས་འཆད་དོ། །ར་གན་དང་ཟངས་དང་ཁར་བ་དང་ཤིང་གི་ལྷུང་བཟེད་བདག་
གིར་མི་བྱ། མིང་གིས་སྨོས་པ་འདི་རྣམས་ལས་སྣོད་སྤྱད་བྱས་ཏེ་བཅང་དུ་མི་གནང་ངོ་། །བདག་གིར་བྱས་པ་འདིའམ་གཞན་དག་ཀྱང་འོང་སྟེ་སྤྱད་ན་སྨན་དང་སྣོད་སྙམ་དུ་སྤྱད་དོ། །མདོ་ལྟག་མའི་ནང་ནས་མིང་གིས་སྨོས་པ་འདི་རྣམས་དང་སྣོད་སྤྱད་གཞན་ལས་བྱས་པ་ཞིག་མི་བཅང་
དུ་འཕངས་སྟེ་མི་བདོག་ནའང་ཁ་ཟས་ནི་སྨན་ཡིན་སྣོད་སྤྱད་དེ་ནི་སྨན་གྱི་སྣོད་སྙམ་དུ་བསམས་ཏེ་བཅངས་ཀྱང་ཉེས་མེད། བསྔོས་པའི་གཉིས་ཏེ་ལྕགས་དང་སའི་འོ། །དགེ་སློང་གིས་ཁ་ཕྱིས་སུ་བཅང་དུ་གནང་ཞིང་བརྟགས་པ་ནི་ལྕགས་དང་ཁམས་གཉིས་ལྷུང་བཟེད་དུ་བྱས་ཏེ།
เล่ม ๑๖๕ · หน้า 106b
ཁ་དོག་བསྒྱུར་བའོ། །ནོར་བུ་དང་། ནོར་བུར་བརྩིའོ་ཅོག་ལ་བྱ། མུ་ཏིག་དང་བཻ་ཌཱུརྱ་དང་། མཆིང་བུ་ལ་བྱ། མན་ཤེལ་དང་བྱུ་རུ་ཆེན་པོ་དང་དངུལ་དང་གསེར་དང་ཨསྨ་གར་བྷ་དང་མུ་ས་ལ་གར་བྷ་དང་ལོ་ཧི་ཏི་ཀ་དང་གཡས་ཕྱོགས་སུ་འཁྱིལ་པའི་རིན་པོ་ཆེ་ལ་སོགས་པའོ། །
མིང་གིས་སྨོས་པའི་ནོར་བུ་དང་རིན་པོ་ཆེ་འདི་རྣམས་ལས་བདག་གིར་བྱས་ཤིང་རེག་གམ་རེག་ཏུ་བཅུག་ན་སྤང་བའི་ལྟུང་བར་འགྱུར་རོ། །འབྲི་བ་ནི་ཟོང་དུ་མ་ཡིན་པ་དག་ཀྱང་ངོ་། །མདོ་ལྟག་མ་ལྟར་རིན་པོ་ཆེ་མིང་གིས་སྨོས་པ་ལ་མ་གཏོགས་པ་རིན་པོ་ཆེའམ་ནོར་བུའི་གཟུགས་སུ་
ནི་འདུག་གི་ཟོང་དུ་ནི་མི་སྤྱོད་ཅིང་མི་བསྒྱུར་བ་ལ་རེག་ན་ཉེས་བྱས། དེ་མ་ཐག་པ་ཡང་ངོ་། །དངུལ་དང་ཉོ་ཚང་གཉིས་ཀྱང་རིན་པོ་ཆེ་མིང་གིས་སྨོས་པ་འདི་རྣམས་ལས་ལྟུང་བར་འགྱུར་རོ། །ཆད་པ་དང་འབྲལ་བ་དང་དུམ་བུ་དང་ཚིག་པ་དང་། ནོར་བུ་དང་རིན་པོ་ཆེ་ལས་མིང་གིས་སྨོས་
པ་འདི་རྣམས་ལྟར་གྱུར་ཏེ་སྤྱད་དུ་མི་རུང་བ་ཞིག་ལ་རེག་ན་ཉེས་བྱས། སྔོན་མི་སྤྱོད་པ་དང་མཚན་མ་མ་བཏབ་པ་དང་ནོར་བུ་དང་རིན་པོ་ཆེ་དང་སྔོན་ཟོང་དུ་སྤྱོད་སྤྱོད་པ་ལས་ད་མི་སྤྱོད་པ་ཞིག་ལ་རེག་ན་ཉེས་བྱས། གཟུགས་བརྙན་ཡང་དེ་བཞིན་ནོ། །ཟོང་གི་པ་ནེའི་གཟུགས་འདྲ་བར་
འདུག་པ་དང་སའམ་ཤིང་ལ་ཁ་དོག་གཞན་གྱིས་བསྒྱུར་ཏེ་གསེར་དངུལ་ལྟ་བུར་འདུག་པའི་ནོར་བུ་ལ་བྱ། གསེར་དང་དངུལ་གྱི་སྤང་བའོ། །གསེར་གྱི་སྤང་བའི་ལྟུང་བ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།དངུལ་གྱི་སྤང་བ་ལ་འཆད་དེ། ལྟུང་བ་ནི་
རྙེད་པར་འདོད་པའོ། །གསེར་དངུལ་དང་གོས་ཟས་ལ་སོགས་པ་ཁེ་སྤོགས་དང་བུན་དུ་གཏོང་ཞིང་ལྷག་འདོད་པའི་ཕྱིར་བྱས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཕ་རོལ་གཉེན་མ་ཡིན་པའི་ཁྱིམ་པ་ན་རྩ་བའོ། །ཕ་རོལ་པོ་གཉེན་མ་ཡིན་པ་ལ་ཁྱིམ་པ་ཡང་ཡིན་པ་
ལ་སོགས་བྱས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གསུམ། སྤོགས་ཕྱིན་པ་ཡང་ངོ་། །ཁེ་འདོད་དེ་གཉེན་མ་ཡིན་པའི་ཁྱིམ་པ་ལས་སྤོགས་ཀྱང་ཕྱིན་པ་དང་། ཡན་ལག་བཞི་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར། དེ་མ་ཐག་པ་ཡང་ངོ་། །འོག་ནས་ཉོ་ཚོང་གི་སྤང་བའི་ལྟུང་
เล่ม ๑๖๕ · หน้า 107a
བ་འབྱུང་བ་ཡང་ཡན་ལག་འདི་བཞི་དང་ལྡན་ན་ལྟུང་བར་འགྱུར་རོ། །དོང་ཙེའམ་རིན་པོ་ཆེས་ཚོང་བྱས་ནའོ། །དོང་ཙེའམ་ནོར་རིན་པོ་ཆེ་ལ་སོགས་པ་ཅིའང་རུང་སྟེ་སྤོགས་བྱས་ནས་ཁེ་ཕྱིན་ན་སྤང་བའི་ལྟུང་བར་འགྱུར་རོ། །སྦྱོར་བ་ནི་གཅིག་གོ། །སྤོགས་
བྱེད་པར་སྦྱོར་ཞིང་རྩོམ་པ་ནི་ནོར་ལག་ཏུ་མ་ཐོབ་ཚུན་ཆད་ཉེས་བྱས་ཏེ་གཅིག་ཏུ་ཟད་དོ། །དཀོན་མཆོག་གི་ཕྱིར་བཤམས་པ་ནི་ཡོད་ན་ཀུན་དགའ་བའམ་དགེ་བསྙེན་ལས་ཡོད་ན་བཅོལ་ཏོ། །དཀོན་མཆོག་གི་ཕྱིར་བྱེད་ཅིང་སྤྱོད་ན་སྤོགས་ཕྱིན་ཀྱང་ཉེས་མེད་དེ། དགེ་བསྙེན་ཏམ་ཞལ་
ཏ་པའམ་རྩེ་རྒོད་ཡིད་བརྟན་པ་ལ་བཅོལ་ཏེ་ཚོང་དང་སྤོགས་བྱེད་དུ་གཞུག་གོ། །གཏའ་ཉི་རིམ་བླངས་ཏེའོ། དཀོན་མཆོག་གི་ཕྱིར་ནོར་རྫས་སྤོགས་ཀྱི་ཕྱིར་བཏང་བ་དེ་ཅི་རི་བ་གཏའ་ཉི་རིམ་བླངས་ལ་སྦྱིན་ནོ། །དཔང་དང་མདོ་ལྟག་མ་ལྟར་སྤོགས་སུ་བཏང་བ་དེ་དཔང་བཙུགས་ལ།
ལོ་དང་ལོ་ཚིགས་སྨོས་ཏེ། ཟླ་བ་དང་ཟླ་བའི་དུས་བཟུང་ལ། །ཞག་དང་ཚེས་གྲངས་བརྩི་སྟེ། །དགེ་འདུན་གྱི་གནས་བརྟན་དང་གཙུག་ལག་ཁང་གང་ཡིན་པ་མིང་གིས་སྨོས་ནས་གཙུག་ལག་ཁང་འདི་གནས་བརྟན་མིང་འདིའོ་ཞེས་བྱ་བ་དང་། གཙུག་ལག་ཁང་སྐྱོང་དང་དགེ་འདུན་གྱི་
གཙུག་ལག་ཁང་སྐྱོང་གང་ཡིན་པའི་མིང་ཡང་སྨོས་ཏེ། ལེན་པ་དང་། མི་སུ་ལ་སྤོགས་སུ་གཏང་བའི་སྡེ་ཆ་དང་མིང་རུས་བཟུང་ལ། ནོར་དང་ནོར་སྤྱི་དང་ཅི་ཁྱེར་བའི་གྲངས་དང་སྤུ་རྟགས་སྨོས་ཏེ། སྤོགས་རྣམས་སླར་སྤོགས་ཇི་ཙམ་དབུལ་བའི་གཏན་ཚིགས་བཟུང་ལ། ལེབ་མ་ལ་
བསླན། ཤོག་ཤོག་ལ་བྲིས་ཏེ་ཆགས་རྒྱ་དང་དཔང་ཡིག་བཟུང་སྟེ་བཞག །འདི་དག་ལ་ཆུད་པར་བྱོས་ཤིག །མདོ་ལྟག་མ་ལྟར་དགེ་འདུན་སྔ་མ་རྣམས་ཀྱིས་ནོར་སྤོགས་སུ་བཏང་བ་ལས་དགེ་འདུན་སྔ་མ་བཞིན་དུ་འདོད་ན་ཕྱི་མ་རྒྱུས་མ་ཤེས་པ་རྣམས་ལ་མི་འདི་ལ་ནོར་འདི་སྙེད་ཅིག་
སྤོགས་སུ་བཏང་སྟེ་ཆགས་རྒྱ་འདི་ཡིན་གྱིས་ངོས་ཤིག་ཅེས་བསྟན། དངུལ་འཚོང་བའི་སྤང་བའོ། །དངུལ་འཚོང་བའི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།འདི་ནི་གཞི་གཅིག་ན་འདུག་ཅིང་བུན་དང་བདེ་དང་སྐྱེད་དུ་གཏང་བ་ལ་བྱའོ། །ཉོ་
เล่ม ๑๖๕ · หน้า 107b
འཚོང་ལ་འཆད་དེ་གཞན་གྱི་གསེར་དངུལ་འབའ་ཞིག་ཏུ་མ་ཟད་ཀྱི་ནོར་ཟས་དང་ཕྱུགས་ཟན་དང་མི་ལ་སོགས་པ་ཡུལ་གཞན་དུ་ལམ་རིང་པོར་ཚོང་སྤོགས་བྱེད་ན་སྤང་བར་འགྱུར། དགེ་འདུན་གྱི་ཟས་ཀྱི་ཕྱིར་རིན་གྱིས་ཉོ་ན་དགེ་འདུན་གྱིས་ལམ་སྦྱིན། ཁྱིམ་པའམ་དགེ་བསྙེན་
ཞིག་གིས་དགེ་འདུན་བཤོས་གསོལ་བའི་ཕྱིར་རིན་དུ་ཕུལ་ཏེ་ཟན་གྱི་རྒྱུ་སྦྱར་དུ་གསོལ་ཞེས་ཟེར་ན་བདག་ཅག་གིས་གཙུག་ལག་ཁང་གི་དགེ་འདུན་ཡང་རུང་དགེ་འདུན་གཞན་གྱི་ཕྱིར་ཡང་རུང་རིན་བླངས་ལ་ཟན་གྱི་རྒྱུ་སྦྱར་རོ། །འོན་ཏེ་དེ་ཉིད་དུ་ན་བྱེ་བྲག་ཡོད་པར་རོ། །མདོ་
ལྟག་མ་ལྟར་དགེ་འདུན་གཞན་ཞིག་གི་ཕྱིར་ཟན་སྦྱིན་པར་རིན་ཕུལ་བ་ནི་ཅི་རི་བ་ཙམ་གྱི་རྒྱུ་སྦྱིན་ནོ། །བདག་ཅག་གིས་དགེ་འདུན་ཟན་སྦྱིན་པར་རྒྱུ་ཕུལ་བ་ནི་བྱེ་བྲག་ཡོད་པར་རིན་ལས་ལྷག་པར་ཟས་ཀྱི་རྒྱུ་ཕྱུང་སྟེ་མཆོད་སྟོན་རྒྱས་པར་བྱའོ། །ཉོའོ་ཟད་ན་དགེ་འདུན་གྱིས་སོ། །དགེ་འདུན་
གྱི་བཤོས་ནར་མའི་རྒྱུ་ཟད་དམ་ཆད་པར་གྱུར་པའི་ཚེ་དགེ་འདུན་གྱི་དཀོར་གསེར་དངུལ་ལམ་ཡོན་བདག་གཅིག་གིས་ཡོན་དུ་འཕུལ་བ་ཞིག་ཡོད་ན་ལས་པའི་དགེ་སློང་གིས་བཙོངས་ཤིང་སྤྱད་ཀྱང་ཉེས་མེད་དོ། །སར་པ་ཡང་ངོ་། །མདོ་ལྟག་མ་ལྟར་དགེ་འདུན་གྱི་བཤོས་ཀྱི་རྒྱུ་ཉོ་བ་ནི་
སྟོན་ཉོས་ན་རིན་ཆུང་བ་དང་སྲོག་ཆགས་མེད་པའི་ཕྱིར་རོ། །འོན་ཏེ་རྙིང་པ་སྲོག་ཆགས་མེད་ན་བཙོང་། དགེ་འདུན་གྱི་ནས་འབྲས་གསང་གསར་ཚོགས་ཆེ་ཞིང་བཤོས་ཐུབ་པར་གྱུར་ན་སྙིང་ནད་དུ་འགྱུར་ཞིང་སྲོག་ཆགས་འཇུག་པ་དང་རུལ་བར་འགྱུར་བའི་ཕྱིར་བཙོངས་ཀྱང་ཉེས་མེད་དོ། །
རིན་མི་གདབ། དགེ་སློང་གི་ཕ་རོལ་ཚོང་བྱེད་པའི་གཟུ་བོ་དང་རིན་ཐང་མི་བཅད། དེ་ལྟར་བྱས་ན་ཉེས་བྱས། ཁྱིམ་པ་སྤྱོད་པའི་ནང་དུ་ལག་པ་མི་གཞུག །དགེ་སློང་གིས་ཁྱིམ་པའི་སོ་ནམ་དང་སྤྱོད་དོ་ཅོག་གི་ནང་དུ་གཏོགས་འདོད་མི་བྱ་བ་དང་ཕ་རོལ་ཚོང་བྱེད་པ་ལ་ད་ཉོས་ཚུར་ཁྱེར་
ཤིག་ཅེས་ཁ་བརྔམ་མི་བྱ་བྱས་ན་ཉེས་བྱས། ཁྱིམ་པ་ལས་ཉོར་གཞུག །དགེ་སློང་གིས་ཆོས་ཀྱི་དོན་དུ་བྱ་བའི་ཕྱིར་ཡོ་བྱད་ཅིག་ཉོས་ན་དགེ་བསྙེན་དད་པའམ་ཁྱིམ་པ་བརྟན་པོ་ལ་བཅོལ་ཀྱང་ཉེས་མེད་དོ། །མ་གྲུབ་ན་དགེ་བསྙེན་ཏམ་ཁྱིམ་པ་ཚོང་བྱེད་པ་མེད་དམ་མ་ནུས་ན།
เล่ม ๑๖๕ · หน้า 108a
ལན་གསུམ་གྱི་བར་དུ་ཚིག་བརྗོད། ནོར་བདག་གིས་ནོར་མི་རི་བ་ལ་རིན་ཆེར་བཏབ་ན་དགེ་སློང་གིས་ཅི་རི་བ་བཤོར་ཏེ་ལན་གསུམ་དུ་དད་པ་དྲིས་ཏེ་ཕ་རོལ་དད་ན་ཚོང་བྱས་ཀྱང་ཉེས་མེད་དཀོན་མཆོག་གསུམ་མ་གཏོགས་པར། དགེ་སློང་གིས་དཀོན་མཆོག་གསུམ་གྱི་ཡོ་
བྱད་དུ་བྱ་བའི་ཕྱིར་ཚོང་དང་ཁེ་སྤོགས་ཕྱུང་བ་ནི་ཉེས་མེད། གཞན་ཞིག་དཀོན་མཆོག་གསུམ་གྱི་ཡོ་བྱད་དུ་ཚོང་བྱེད་པ་ལ་བདག་གིས་མགོན་བྱས་ཏེ་ཟེར་གྱིས་མཐོང་བའམ་རྒྱལ་བར་བྱས་ཀྱང་ཉེས་མེད། ཕ་རོལ་གྱི་ཕྱིར་དག་ཀྱང་སྐྱེད་བྲི་མི་བྱ། དཀོན་མཆོག་གསུམ་ནི་མ་གཏོགས་
བདག་དང་གཞན་གྱི་ཕྱིར་ཚོང་བྱེད་ན་བདག་རྒྱལ་བའམ་ཕ་རོལ་ཕམ་པར་མི་བྱ་སྟེ་མཉམ་པར་བྱ། སྐུགས་མི་གཟུགས། དགེ་སློང་གིས་གདེང་མེད་པར་རྒྱལ་འགྱེད་ཅིང་སྐུགས་བཙུགས་ཏེ་ནོར་ཐོབ་ཀྱང་ཉེས་བྱས་ཤེས་བཞིན་དུ་སྐུགས་བཙུགས་ཏེ་ནོར་ཐོབ་ན་ཕམ་པའི་སྦོམ་པའོ། །དགེ་
འདུན་གྱིས་དེའི་ཕྱིར་དགེ་འདུན་གྱི་ལས་བྱེད་པས་སྦྱིན། དགེ་འདུན་གྱི་དཀོར་གསེར་དངུལ་ལམ་ནས་འབྲས་ལྟ་བུ་ཞིག་ལས་སྤོགས་བྱེད་ན་བར་ཆད་དུ་འགྱུར་བའི་ཕྱིར་དགེ་འདུན་ཀུན་འདུ་མི་དགོས་ཀྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྒོས་པའི་དཀོར་བས་གར་རིགས་པར་ཚོང་བྱས་
ཀྱང་ཉེས་མེད། རྒན་པོ་རྒན་པོ་ལ་མ་དྲིས་པར་དགེ་འདུན་གྱི་ཕྱིར་བ་མི་བཙལ། མདོ་ལྟག་མ་ལྟར་ཚོང་སྤོགས་བྱ་བ་དགེ་འདུན་གྱི་ལས་ཅི་ཡང་རུང་ཏེ་ལས་བྱས་པའི་དགེ་སློང་གིས་གནས་བརྟན་གསུམ་བཞི་ཡན་ཆད་ལ་མ་དྲིས་པར་ལས་མི་བྱ། ལེབ་མ་ལ་བྲིས་ཏེ་འགྲུབ་པར་དེ་
ལ་ནན་ཏན་བྱ། དགེ་འདུན་གྱི་དཀོར་ལས་དཀོར་བས་ཁེ་སྤོགས་སུ་བཏང་བའི་རྣམས་ཁུངས་སུ་བས་པར་མི་འགྱུར་བ་དང་། བདག་དཀོར་པ་ལས་འབྱུང་བའི་ཚེ་བདག་ལ་སྐྱོན་མེད་ཅིང་གཙང་མར་བྱ་བ་དང་སྣོད་གང་བརྩིར་རུང་བའི་ཕྱིར་ཤོག་ཤོག་ལ་བྲིས་ཏེ་གཞག །ཉོ་ཚོང་གི་སྤང་བའོ། །
ཉོ་ཚོང་གི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།སྤང་བའི་ལྟུང་བ་བཅུ་ཕུང་གཉིས་རྫོགས་སོ།། །།ལྷུང་བཟེད་ལ་འཆད་དེ། ལྷུང་བཟེད་ལས་སོ། །དངོས་པོ་ལྷུང་བཟེད་ཀྱང་ཡིན་ལ་ཞག་བཅུ་ལས་འདས་ན་སྤང་བའི་ལྟུང་བར་འགྱུར་བ་དང་། མ་
เล่ม ๑๖๕ · หน้า 108b
བསྔོས་པ་ལས་སོ། །ལྷུང་བཟེད་བསྔོ་བའི་སྔགས་ཀྱིས་མ་ཐེབས་པ་དང་ཞག་བཅུ་འདས་པ་ལས་སྤང་བའི་ལྟུང་བར་འགྱུར་ཏེ་སྐྱ་རེངས་དང་རྩིས་མགོ་ནི་གོང་དུ་གོས་ཞག་བཅུ་འདས་ནས་སྤང་བའི་ལྟུང་བར་འགྱུར་བ་དང་འདྲ། སྤང་སྟེ་རབ་ཏུ་འབྱུང་བར་འདོད་པ་ལ་ཐོབ་པར་བྱ།
དགེ་བསྙེན་ཏམ་རབ་ཏུ་འབྱུང་བར་འོང་བ་ལ་སྦྱིན་ནོ་ཞེས་བསྔོས་པའི་ལྷུང་བཟེད་ནི་ཞག་བཅུ་ལས་འདས་པར་བཅངས་ཀྱང་ཉེས་མེད་དོ། །དེ་ལྟར་སྦྱིན་པར་བསྔོས་པ་ལས་ཕྱིས་མི་སྦྱིན་དུ་མི་རུང་ངོ་། །མ་བརྟགས་པ་ནི། ལྷུང་བཟེད་བསྔོར་མི་རུང་ཞིང་སྔགས་མི་འཆགས་པ་ནི་མིང་
གིས་སྨོས་པ་འདི་རྣམས་ཏེ། སྲེ་བོ་དང་ཚོན་ར་རིར་འདུག་པ་དང་། དཀར་པོ་དང་དཀར་པོ་ཉིད་དུ་འདུག་པ་དང་། ལྷག་པ་ལྷུང་བཟེད་ཆེན་པོའི་ཚད་ལས་འདས་པ་དང་། རྣམས་ཀྱང་ངོ་། །འདི་རྣམས་ལྟ་བུ་ཅིག་ཞག་བཅུ་འདས་པར་བཅངས་ནའང་སྤང་བའི་ལྟུང་བར་མི་འགྱུར་ཏེ་ཉེས་
བྱས། འབྲི་བ་ནི་རྗེན་པ་ཡང་ངོ་། །ལྷུང་བཟེད་སར་བ་རྩིས་མ་བསྐུས་པ་བསྐུས་ཀྱང་ལྷུང་བཟེད་ཆུང་ངུའི་ཚད་དུའང་མ་ཐུབ་པ་ནི་སྔགས་མི་འཆགས་ཏེ། ཞག་བཅུ་འདས་ན་ཉེས་བྱས། ཉེས་མེད་པ་ནི་ལྷུང་བཟེད་ཆུང་ངུ་གཅིག་གོ། །ཀུ་པ་ཏྲ་ལྟ་བུ་ཆུང་ངུ་ཞིག་བསོས་པའི་ལྷུང་
བཟེད་ལས་ལྷག་པར་བཅངས་ཀྱང་ཉེས་མེད། ལྷུང་བཟེད་འཆང་བའི་སྤང་བའོ། །ལྷུང་བཟེད་འཆང་བའི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།འདི་མན་ཆད་ལྷུང་བཟེད་འོག་མ་ལ་འཆད་དེ། རབ་ཏུ་འདོད་པར་མི་བྱ། དགེ་སློང་གིས་
གཞན་གྱི་ནོར་རྫས་བཟང་པོ་ལ་འདོད་ཅིང་ཆགས་པར་མི་བསམ། ཡོ་བྱད་ལ་ཆགས་པར་མི་བྱ། བདག་གི་ཡོ་བྱད་མིང་གིས་སྨོས་པ་བཅུ་གསུམ་ལྟ་བུ་ལ་སོགས་པ་ལ་ཆགས་པར་མི་བྱ། གང་ལ་ཞེན་པ་དེ་མི་བཅང་སྔོན་དགེ་སློང་ཅིག་བདག་གི་ལྷུང་བཟེད་ལ་ཆགས་ཏེ་ཤི་
ནས་ལྷུང་བཟེད་ཀྱི་ནང་གི་སྦྲུལ་གདུག་པར་སྐྱེས་པ་ལས་བཅས་ཏེ་བདག་གི་ཡོ་བྱད་གཅིག་ལ་ཆགས་ན་གང་ལ་ཆགས་པའི་དངོས་པོ་དེ་གཞན་ལ་གཏན་སྤང་། ལྷུང་བཟེད་ཀྱང་མེད་ན་བསླང་། མདོ་ལྟག་མ་ལྟར་བདག་ལ་ཡོ་བྱད་བཅུ་གསུམ་མེད་ན་སློང་དུ་དབང་བ་བཞིན་དུ་ལྷུང་བཟེད་
เล่ม ๑๖๕ · หน้า 109a
ཀྱང་མེད་ན་བསླངས་ཀྱང་ཉེས་མེད། དེ་ཡོད་པ་ལའོ། །ལྷུང་བཟེད་བསྔོས་པ་བདག་ལ་ཡོད་བཞིན་དུ་གཞན་བསླངས་ཏེ་རྙེད་ན་སྤང་བར་འགྱུར་ཏེ་ཡན་ལག་གཅིག །ལྷན་པ་བཞི་ཚུན་ཆད་དེར་གདབ་པའི། ལྷུང་བཟེད་སྔ་མ་བསྔོས་ཤིང་ཡོད་པ་ལྷན་པ་
བཞི་ཚུན་ཆད་བཏབ་སྟེ་སྤྱད་དུ་བཟོད་པ་ལས་ལྷུང་བཟེད་གཞན་ཞིག་བདག་གིས་བཙལ་ཏེ་རྙེད་ན་སྤང་བར་འགྱུར། རིགས་སྤྱད་དུ་བཟོད་ནའོ། །གོང་མ་ལྟར་སྤྱད་དུ་བཟོད་པ་ཞིག་ན་ལྷན་པ་བཞི་ཚུན་ཆད་པ་ཡོད་བཞིན་དུ་གཞན་བཙལ་ན་སྤང་བར་འགྱུར། ལྷན་པ་གཅིག་ཡོད་ལ་
སྤྱད་དུ་མི་བཟོད་ན་གཞན་བཙལ་ཀྱང་ཉེས་མེད་དེ་ཡན་ལག་གཉིས། ཁྱིམ་པ་ཁྱིམ་པའང་ཡིན་པ་དང་ཡན་ལག་གསུམ་གཉེན་ཀྱང་མ་ཡིན་པ་དང་ཡན་ལག་བཞི་ཚོལ་ཞིང་སློང་ནའོ། །མིང་གིས་སྨོས་པའི་ཡན་ལག་འདི་བཞི་དང་ལྡན་པར་ཕ་རོལ་ལས་བཙལ་ཞིང་བསླངས་ཏེ་ལག་ཏུ་
ཐོབ་ན་སྤང་བའི་ལྟུང་བར་འགྱུར་རོ། །འོག་མ་དེ་གཉིས་ཀྱང་དེ་བཞིན་ནོ། །འོག་ནས་འཐག་པའི་སྤང་བ་འབྱུང་བ་གཉིས་ཀྱི་རྩིས་མགོ་ཡང་གཉེན་མ་ཡིན་པའི་ཁྱིམ་པ་ལ་བསླངས་ན་སྤང་བའི་ལྟུང་བར་འགྱུར་ཏེ་ལྷུང་བཟེད་ཀྱི་རྩིས་མགོ་དང་འདྲའོ། །འཐག་པ་དང་སྦྱིན་བདག་དང་གཞན་
ནོ། །ཐགས་འཐག་པའི་ཐག་མའང་ཁྱིམ་པ་སྦྱིན་བདག་རྒྱུ་སྦྱོར་བའང་ཁྱིམ་པ་སྟེ་དེ་གཉིས་ཀའང་གཉེན་མ་ཡིན་པ་ལས་བསླངས་ཤིང་ཐོབ་ན་སྤང་བའི་ལྟུང་བར་འགྱུར། གཅིག་གཉེན་ཡིན་ན་ཉེས་བྱས་སུ་འགྱུར། ཉེས་མེད་པ་ནི་གཉེན་མ་ཡིན་པ་ལས་ཕ་གཉེན་ལས་ན་ཁེ་དང་ལྷུང་
བཟེད་མ་གཏོགས་ཏེའོ། །དགེ་སློང་གིས་གཉེན་ཡིན་པ་ལ་བསླད་དུ་རུང་བ་གཞན་ནི་གཉེན་ལས་བསླངས་ཀྱང་ཉེས་མེད། བདག་ལ་ལྷུང་བཟེད་བསྔོས་པ་བདོག་བཞིན་དུ་སློང་བ་དང་གཉེན་ལ་ལྟག་ཏུ་ཉོ་ཚོང་རྣམ་པ་གཉིས་བཤད་པ་ཁེ་འདོད་པའི་ཕྱིར་ཚོང་བྱས་ན་ཉེས་བྱས་སུ་འགྱུར།
ཉེས་བྱས་པས་བདག་ལྷུང་བཟེད་བསྔོས་པ་ཡོད་བཞིན་དུ་གཞན་ལ་སློང་ཞིང་ཚོལ་བའི་ཚེ་ཉེས་བྱས། དེ་ལས་གྲུབ་ན་རྩ་བའོ། །བསྔོས་པའི་ལྷུང་བཟེད་ཡོད་བཞིན་དུ་བསླངས་པ་ལག་ཏུ་ཐོབ་ན་སྤང་བར་འགྱུར། ཡོད་པར་སེམས་ལ་མེད་ན་འབྲི་བའོ། །ལྷུང་བཟེད་བསྔོས་པ་ཡོད་དེ་ལྷག་
เล่ม ๑๖๕ · หน้า 109b
པར་གཅིག་བསླངས་པ་ལས་ལྷུང་བཟེད་སྔ་མ་བྲང་ནས་རྐུན་པོས་ཁྱེར་ན་ཕྱི་མ་ལག་ཏུ་ཐོབ་པའི་ཚེ་ཉེས་བྱས། བདག་ལ་ལྷུང་བཟེད་བསྔོས་པ་མེད་པར་ཡོད་དོ་སྙམ་དུ་བསམས་ཏེ་གཞན་ལས་བསླངས་ཏེ་ལག་ཏུ་ཐོབ་ནའང་ཉེས་བྱས། བདག་གི་ཡོ་བྱད་དུའོ། །བདག་གི་ལྷུང་བཟེད་དངོས་པོ་ཡོད་
བཞིན་དུ་བདག་ནི་ནོར་རྫས་ཀྱིས་ལྷུང་བཟེད་ལྷག་པ་གཅིག་ཉོས་ནའང་མ་བསྔོས་པར་ཞག་བཅུ་འདས་ན་ཉེས་བྱས། དེ་དག་ཡོད་བཞིན་ནོ། །བདག་ལ་ལྷུང་བཟེད་ཉོ་བའི་ཟོང་ཡོད་བཞིན་དུ་གཉེན་མ་ཡིན་པ་ལས་བསླངས་ཏེ་ལྷུང་བཟེད་ལག་ཏུ་ཐོབ་ན་ཉེས་བྱས། རྣམ་པ་གཅིག་ཏུ་བདག་གི་
ལྷུང་བཟེད་ཡོད་བཞིན་དུ་གཉེན་མ་ཡིན་པ་ལས་བསླངས་ཏེ་བདག་གི་ལག་ཏུ་མ་བླངས་པར་ཕ་རོལ་ལ་བཞག་ན་ཉེས་བྱས་བཟང་པོ་འདོད་པར་བརྗེ་ནའོ། །བདག་གི་ལྷུང་བཟེད་དང་ཡོ་བྱད་ཕ་རོལ་གྱི་བཟང་པོ་ལ་དད་དེ་བརྗེ་ན་ཉེས་བྱས། དགེ་འདུན་ལ་སྤང་ངོ་། །ལྟག་ཏུ་གོས་ལ་
སོགས་པའི་སྤང་བ་ནི་ཞག་གཅིག་གིས་འཆད་དེ་དགེ་སློང་གཅིག་ལ་སྤང་སྟེ་སླར་འོང་བ་ལྟ་བུ་མ་ཡིན་གྱི་ལྷུང་བཟེད་སྤང་བར་འགྱུར་བ་ནི་དགེ་འདུན་ལ་སྤངས་ཏེ་ཐབས་ནི་འོག་ནས་འཆད། དུ་མ་ན་གཅིག་ལ་བསམ་པ་དེའོ། །བདག་གི་ལྷུང་བཟེད་བསྔོས་པ་ཡོད་བཞིན་དུ་ལྷུང་བཟེད་
དྲུག་བདུན་ཙམ་ལྷག་པར་བསླངས་ན་དེའི་ནང་ནས་གང་བཟང་བ་གཅིག་དགེ་འདུན་ལ་སྤང་ངོ་། །གཞན་ཡང་སྤང་ངོ་། །ལྷུང་བཟེད་བཟང་པོ་གཅིག་གོང་མ་ལྟར་དགེ་འདུན་ལ་སྤངས་པས་མི་ཆོག་གི་བསྔོས་པ་གཅིག་བཞག་ལ་གཞན་དུ་ཡོད་པ་གྲོགས་ལྷུང་བཟེད་མེད་པ་ལ་བྱིན་ཏེ་
གཏན་སྤང་ངོ་། །འདི་རབ་ཏུ་འབྱུང་བ་ལའོ། །མདོ་ལྟག་མ་ལྟར་ལྷུང་བཟེད་སྤང་བ་ནི་མུར་འདུག་གི་ཚུལ་དུ་རབ་ཏུ་བྱུང་བ་ལ་སྤང་བ་མ་ཡིན་གྱི་སངས་རྒྱས་ཀྱི་ཚུལ་དུ་རབ་ཏུ་འབྱུང་བ་ལ་ལྷུང་བཟེད་གཞན་སྤང་ངོ་། །ངན་པ་འདི་ལ་སྦྱིན་ནོ། །དགེ་འདུན་གྱི་ནང་ན་ཐ་མར་གྱུར་པའི་
ལྷུང་བཟེད་དེ་སྤང་བར་འགྱུར་བའི་དགེ་སློང་ལ་སྦྱིན། བྲིམས་ཏེ་བླང་། ལྷུང་བཟེད་ལྟུང་བར་གྱུར་པ་དེ་བསྐོས་པའི་དགེ་སློང་གིས་གནས་བརྟན་མན་ཆད་ལ་སུ་བཞེད་པ་བཞེས་ཤིག་ཅེས་བྲིམས་ཏེ་བྲིམ་པའི་ཐབས་འོག་ནས་འཆད། བསྐོས་པས་སོ། །ལྷུང་བཟེད་འདྲིམ་པའི་
เล่ม ๑๖๕ · หน้า 110a
དགེ་སློང་ཞག་གཅིག་གི་སྔོན་ལོགས་སུ་དགེ་འདུན་གྱིས་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྐོའོ། །སང་དགེ་འདུན་འདུས་ཤིང་བྱ་ན་དེས་འདི་བརྗོད་དོ། །དགེ་འདུན་གྱིས་ལས་སུ་བསྐོས་པའི་དགེ་སློང་དེས་དགེ་འདུན་རྣམས་ལ་སང་བདག་གིས་ལྷུང་བཟེད་འདྲིམ་
གྱིས་དགེ་འདུན་ཐམས་ཅད་འདུས་ཤིག་ཅེས་མདོ་འོག་ནས་འབྱུང་བ་སྐད་དུ་བསྒོ་ཞིང་བསྙད། སང་བདག་གིས་ཚེ་དང་ལྡན་པ་ལྷུང་བཟེད་ལྷན་པ་མེད་པ་བྲིམ་གྱིས་ཁྱེད་རྣམས་བདག་བདག་གི་ལྷུང་བཟེད་ཐོགས་ཏེ་དགེ་འདུན་གྱི་ནང་དུ་ཤེག་ཤིག་ཅེས་སོ། །ལས་སུ་བསྐོས་པའི་དགེ་སློང་
གིས་ཞག་གཅིག་གི་སྔོན་ལོགས་སུ་དགེ་འདུན་རྣམས་འདུས་ཤིག་པར་ཚིག་འདི་རྣམས་གུས་པར་བྱས་ཏེ་བརྗོད། འཁོད་པའི་ཕྱིར་ནན་ཏན་བྱ། ལྷུང་བཟེད་འདྲིམ་པའི་དགེ་འདུན་འདུ་བའི་སར་ལས་པའི་དགེ་སློང་གིས་བསྟན་གདིང་བ་དང་མཎྜལ་དང་བྱི་དོར་ལ་སོགས་པ་བྱ་ཞིང་གཎྜཱི་བརྡུང་ངོ་། །
འདོད་པ་བསྐྱེད་པར་བརྩམས་ནས་འབུལ། ལས་པའི་དགེ་སློང་དེས་སྤང་བའི་ལྟུང་བ་བྱུང་བ་དགེ་འདུན་གྱི་འདབ་ཏུ་ཐལ་མོ་སྦྱར་ཏེ་བཞག་ལ་ལྷུང་བཟེད་འདི་སུ་བཞེད་ཅེས་མདོ་འོག་ནས་འབྱུང་བའི་ཚིག་སྐད་དུ་དགེ་འདུན་ལ་དད་པར་བྱ་ཞིང་བསྟན་ཏོ། །ཀྱེ་གནས་བརྟན་ལྷུང་བཟེད་འདི་
ལས་པའི་དགེ་སློང་གིས་ལྷུང་བཟེད་འདྲིམ་པའི་ཚེ་གནས་བརྟན་ནས་མགོ་བཟུང་སྟེ་འཇུག་ཏུ་ཕྱིན་གྱི་བར་དུ་བཙུན་པ་ཚེ་དང་ལྡན་པའམ་སོ་སོའི་མཚན་ནས་བརྗོད་དེ་ཚིག་འོག་ནས་འབྱུང་སྐད་བྱ། གསལ་བ། ཚོན་གསལ་ཞིང་གདོང་པ་ལྟར་སྣང་བ་ལྟ་བུ་ལ་བྱ། ཚད་མ་ཆེ་ཆུང་དུ་མ་
གྱུར་ཅིང་བསྔོར་རུང་བ་དང་བཟང་པོ་ལ་བྱ། སྤྱད་དུ་བཟོད་ཀྱིས་མ་རྡོལ་ལ་མ་གས་པའི་ལྷུང་བཟེད་བཟང་པོ་སྤྱད་དུ་བཟོད་པ་ལ་བྱ། འོན་ཏེ་བཞེད་ན་བཞེས་ཤིག་ཅེས་སོ། །གོང་མ་ལྟར་བརྗོད་དེ་གནས་བརྟན་མན་ཆད་སུ་བཞེད་པ་བཞེས་ཤིག་ཅེས་ལས་པའི་དགེ་སློང་གིས་དགེ་འདུན་
ལ་གསོལ། ཅི་བཞིན་པའི་ཡོན་ཏན་གྱིས་སོ། །སྟེང་མ་ལྟར་བརྗོད་པ་ནི་ལྷུང་བཟེད་ལ་ཡོན་ཏན་མེད་པ་ལ་བཟང་ངོ་ཞེས་བརྗོད་པ་ནི་མ་ཡིན་གྱི་ལྷུང་བཟེད་ཉིད་ཀྱི་ཡོན་ཏན་ཅི་བཞིན་དྲང་པོར་བརྗོད་པ་ལ་བྱ། འདོད་པས་བླང་། སྤང་བའི་ལྷུང་བཟེད་གནས་བརྟན་མན་ཆད་ཀྱིས་བདག་གི་ལྷུང་
เล่ม ๑๖๕ · หน้า 110b
བཟེད་དང་བརྗེ་བར་དད་ན་ནི་བརྗེ་བདག་གི་ལྷུང་བཟེད་བཟང་སྟེ་བརྗེ་བར་མ་དད་དམ་ཆོག་ཤེས་པ་ཞིག་སྟེ་ལྷུང་བཟེད་མ་བརྗེས་ཀྱང་ཉེས་མེད། བླངས་པ་དང་བར་དུ་ཆོད་པ་ལ་མི་བསླང་། ལྷུང་བཟེད་སྤང་བ་དེ་སྔར་གནས་བརྟན་གྱིས་མི་འདོད་ཅེས་བྱས་ཏེ་བཏང་ལ་མི་གཉིས་གསུམ་
འདས་ཏེ་དང་འདོད་ཀྱིས་བྱིན་ཅིག་ཅེས་སྨྲས་ན་གནས་བརྟན་ལ་ཉེས་བྱས་ཏེ་བྱི་ཤུ་ཏས་བཤད། གནས་བརྟན་གྱིས་བདག་གི་ལྷུང་བཟེད་པས་ངན་ཏམ་མི་འདོད་ཅེས་བྱས་ཏེ་བཏང་བ་ལས་བདག་གི་འོག་ན་འཇུག་པས་བླངས་ན་དང་འདོད་ཀྱིས་སླར་འོན་ཅིག་ཅེས་བླངས་ནའང་ཉེས་
བྱས་སློང་བའི་ཚེའང་ཉེས་བྱས་ཞེས་བྱི་ཙ་ཡ་བར་མས་བཤད། ཚིག་ལན་གཉིས་ལ་མི་སྦྱིན་འདས་ན་མ་ཡིན་ནོ། །མདོ་གོང་མ་ལྟར་གནས་བརྟན་གྱིས་མི་འདོད་ཅེས་བྱས་ཏེ་བཏང་བ་ལས་ང་འདོད་ཀྱིས་སླར་འོན་ཅིག་ཅེས་སློང་ན་ལན་གཉིས་ཀྱི་བར་དུ་མི་སྦྱིན་ལན་གསུམ་དུ་སློང་
བའི་ཚེ་སྦྱིན་ནོ། །མ་བྱིན་དང་ཉེས་ནི་མེད་དེ་གནས་བརྟན་དབང་ཆེ་བས་མ་བྱིན་ན་གནས་བརྟན་དང་དགེ་འདུན་འཁྲུག་པའི་ཕྱིར་སྦྱིན་ནོ། །མ་བཏང་མ་བསྔོས་ཤིག་ཅེས་འབྱུང་བ་ལ་བསྒོས། དགེ་འདུན་གྱི་ལྷུང་བཟེད་ངན་པ་དགེ་སློང་སྤང་བ་འབྱུང་བ་དེ་ལ་སྦྱིན་པ་སྦྱིན་དུའང་མི་
གནང་བདག་གིས་བསྔོ་བའི་སྔགས་ཀྱིས་འདེབས་སུའང་མི་གནང་ངོ་ཞེས་དགེ་འདུན་གྱིས་བསྒོ་སྟེ་བཅིངས་པའི་ལྷུང་བཟེད་ཅེས་བྱ། སྤྱོད་ན་མ་ཆག་གི་བར་དུ་དལ་གྱིས་དལ་གྱིས་སོ། །དགེ་འདུན་གྱི་ལྷུང་བཟེད་ངན་པ་དགེ་སློང་སྤང་བ་བྱུང་བ་ལ་བྱིན་པ་དགེ་སློང་དེས་མིག་བཞིན་དུ་བསྲུང་
སྟེ་ནམ་སྤྱད་དུ་རུང་གི་བར་དུ་སྤྱད། ཇི་ལྟར་སྤྱད་པ་ནི་འོག་ནས་འཆད། འདིས་གཉིས་ཀྱང་སྤྱད། དགེ་འདུན་གྱིས་བྱིན་པའི་ལྷུང་བཟེད་ངན་པ་དེ་དང་བདག་གིས་བསྔོས་པའི་ལྷུང་བཟེད་གཉིས་བསོད་སྙོམས་སུ་འགྲོ་བ་ལ་སོགས་ཏེ་སྤྱད་ཅིང་བྱའོ་ཅོག་ཏུ་གཉིས་ཀ་སྤྱད། འདི་རབ་
ཏུ་དགེ་བའི་ཡོ་བྱད་དུ་གཞུག །དགེ་འདུན་གྱི་ལྷུང་བཟེད་ངན་པ་སྣོད་ཀྱང་བཟང་པོར་གཞུག་གནས་ཀྱང་བརྟན་པ་ལ་གཞག་དབྱུང་བའམ་གཞུག་པའི་ཚེའང་ནན་ཏན་དུ་མི་སྣང་བར་བྱ། དེ་ལ་བྱ་བ་རབ་ཏུ་ཆུང་པར་རོ། །བསོད་སྙོམས་བླང་པའི་ཚེ་དགེ་འདུན་གྱི་ལྷུང་བཟེད་ངན་
เล่ม ๑๖๕ · หน้า 111a
པར་འོ་མ་དང་ཕྱེ་ལ་སོགས་པ་ལྷུང་བཟེད་ལ་མི་གནོད་པའི་རྣམས་གཞུག །བཀྲུ་བའི་ཚེའང་དགེ་འདུན་གྱི་ལྷུང་བཟེད་སྔར་འཇམ་པོས་བཀྲུ་ཞིང་ཕྱི། སྐྱུར་བོ་ལ་སོགས་པ་ལྷུང་བཟེད་ལ་གནོད་པ་དག་ནི་བདག་གིས་བསྔོས་པར་གཞུག །དེར་བཟའ་བ་མི་བྱ།
དགེ་འདུན་གྱི་ལྷུང་བཟེད་ངན་པར་ཁ་ཟས་མི་བཟའ་བར་ཁ་ཟས་བཟང་པོ་རྣམས་གཞག་ལ་བདག་གི་ལྷུང་བཟེད་ངན་པའི་ནང་ནས་བླངས་ཏེ་བཟའ། རྣམ་པ་འདི་རྣམས་ལྟར་བྱ་བ་ནི་དགེ་འདུན་གྱི་ལྷུང་བཟེད་ངན་པ་མི་དེངས་པ་དང་། ཡུན་རིང་དུ་ཐུབ་པར་བྱ་བའི་ཕྱིར་རོ། །ལྷུང་
བཟེད་འཚོལ་བའི་སྤང་བའོ། །ལྷུང་བཟེད་འཚོལ་བའི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།འདི་མན་འཆད་འཐག་པའི་སྤང་བ་ལ་འཆད་དོ། །རིན་མེད་པར་སློང་བ་གཞན་ལས་འཐག་པ་ཡང་ངོ་། །བདག་གིས་གོས་ཀྱི་རྒྱུ་དྲུ་བུ་ལྟ་བུ་
བླངས་ཏེ་བདག་ཉིད་ཀྱིས་བཅོལ་ཀྱང་རུང་གཞན་ལ་སྤྲིང་སྟེ་འཐག་ཏུ་བཅོལ་ཀྱང་རུང་ཡན་ལག་འདི་བཞི་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར་ཏེ་གཉེན་མ་ཡིན་པ་དང་ཁྱིམ་པ་མ་ཡིན་པ་དང་ཐ་ག་པ་ཡིན་པ་དང་རིན་མེད་པར་བཅོལ་བ་སྟེ་འདི་བཞི་དང་ལྡན་ན་སྤང་བར་འགྱུར། བདག་
གིས་གླ་བྱིན་ཏེ་འཐག་ཏུ་བཅུག་པ་ནི་ཉེས་མེད། ཡན་ལག་འདི་བཞི་གཅིག་དང་མི་ལྡན་ན་ཉེས་བྱས། གཞན་དང་ལྷན་ཅིག་ཏུ་ན་མི་བྱེད་པ་མ་ཡིན། དགེ་སློང་གིས་གཉེན་མ་ཡིན་པ་གོས་འཐག་ཏུ་བཅོལ་བ་ལས་བདག་གི་གཉེན་གྱིས་གྲོགས་བྱས་ཏེ་ཟིན་ཀྱང་སྤང་བའི་ལྟུང་
བར་འགྱུར། འཐག་པའི་ལྟུང་བའོ། །འཐག་པའི་སྤང་བའི་ལྟུང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།འཐག་པའི་སྤང་བ་འོག་མ་ལ་འཆད་དེ། དེའི་ཕྱིར་འཐག་པ་ལས་སོ། །དགེ་སྦྱོང་དང་དགེ་སྦྱོང་མའི་ཕྱིར་འཐག་ཏུ་བཅུག་པ་ལས་སྤང་བའི་
ལྟུང་བར་འགྱུར་བ་ནི་མ་ཡིན་གྱི་དགེ་སློང་དང་དགེ་སློང་མའི་ཕྱིར་འཐག་ཏུ་བཅུག་པ་ལས་སྤང་བའི་ལྟུང་བར་འགྱུར། བསྐྱེད་ཅིང་འཐག་ཏུ་གཞུག་པར་རམ་བཟང་པོར་ནའོ། །དགེ་སློང་གི་ཕྱིར་གཉེན་མ་ཡིན་པའི་ཁྱིམ་བདག་པོས་ཐ་ག་མ་ལ་གོས་འཐག་ཏུ་བཅོལ་བ་ལས་བྲན་མོས་ཨུ་
เล่ม ๑๖๕ · หน้า 111b
པ་ནན་ཏ་ལ་ཁྱོད་ཀྱི་ཕྱིར་ངའི་ཇོ་བོས་གོས་འཐག་ཏུ་བཅོལ་ལོ་ཞེས་བསྒོ་བ་དང་དགེ་སློང་གིས་ཐ་ག་མ་ལ་གོས་འདི་ངའི་ཕྱིར་གྱིས་གོས་སྲིད་རིང་བ་དང་ཞེང་ཆེ་བ་དང་། སྡུག་ཅིང་བཟང་པོར་གྱིས་ཤིག་དང་བཟའ་བའམ་བརྒྱགས་ཟོང་ཞིག་སྦྱིན་ནོ་ཞེས་བྱས་ཏེ་བསྐྱེད་པ་ལས་བཅས་
ཏེ་ཡན་ལག་གཅིག །ཡོན་བདག་ཀྱང་གཉེན་མ་ཡིན་ཐ་ག་པ་ཡང་གཉེན་མ་ཡིན་ན་སྤང་བར་འགྱུར། གཉིས་ཀ་གཉེན་ཡིན་ན་ཉེས་མེད། གཅིག་གཉེན་ཡིན་གཅིག་གཉེན་མ་ཡིན་ན་ཉེས་བྱས། འོན་ཏེ་སྦྱིན་བདག་གི་ཟད་ན། ཡོན་བདག་གིས་དགེ་སློང་གི་ཕྱིར་
ཐ་ག་མ་ལ་གོས་འཐག་ཏུ་བཅོལ་བ་ལས་དགེ་སློང་གིས་ཆུ་དང་ཞེང་བསྐྱེད་ཅིང་འཐག་ཏུ་བཅུག་པ་དང་རྒྱུ་མ་ཆོག་སྟེ་ཡོན་བདག་ལས་ལན་གཉིས་ལན་གསུམ་དུ་ཐ་ག་མས་བླངས་ཏེ་ཆུ་དང་ཞེང་ཆེར་བྱས་པ་དང་ཡན་ལག་གཉིས། རིན་མི་སྟེར་བ་ཡང་ངོ་། །མདོ་ལྟག་མ་ལྟར་
ཐ་ག་མས་ཆུ་ཞེང་ཆེར་བྱས་ཏེ་དགེ་སློང་དང་གྲེ་སྦྱར་ཏེ་དགེ་སློང་གིས་ཁྱེར་བ་དང་བདག་མོ་དག་སེམས་འཁྲུག་ཏེ་ཐ་ག་མ་གླ་མ་བྱིན་པ་དང་ཡན་ལག་གསུམ་སྦྱིན་བདག་གིས་མ་གནང་བ་དེའི་ཕྱིར་བྱེད་དོ། །སྦྱིན་བདག་གིས་དགེ་སློང་ལ་ཁྱོད་ཀྱི་ཕྱིར་ཐ་ག་མ་ཆེ་གེ་མོ་ཞིག་ལ་གོས་
བཅོལ་གྱིས་ཅི་དགའ་བར་ཁ་ཆོས་གྱིས་ཤིག་ཅེས་བསྒོ་བ་ལས་ཆེ་ཞིང་བཟང་བར་བྱེད་དུ་བཅུག་པ་ནི་ཉེས་མེད་དེ་དེ་ལྟར་མ་བསྒོས་པར་བདག་རང་གིས་འོག་སྦྱར་ཏེ་ཆེ་ཞིང་བཟང་པོར་བྱས་པ་ལས་སྤང་བར་འགྱུར་ཏེ། ཡན་ལག་བཞི་གྲུབ་ན་རྩ་བའོ། །མདོ་གོང་མ་བཞི་ལྟར་བྱས་
ཏེ་གོས་ཟིན་ནས་ལག་ཏུ་ཐོབ་ན་སྤང་བའི་ལྟུང་བར་འགྱུར་ཏེ་ཡན་ལག་ལྔའོ། །སྔར་དེའི་ཕྱིར་ནན་ཏན་བྱེད་པ་ནི་སོ་སོར་ཉེས་བྱས་པའོ། །དགེ་སློང་གིས་ཐ་ག་མ་ལ་གོས་ཆེ་ཞིང་བཟང་དུ་གྱིས་ཤིག་པར་བསྒོ་བ་ལན་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །དེ་བཞིན་དུ་མ་སྦྲན་པར་
དེར་སོང་ནའོ། །དགེ་སློང་གིས་ཐ་ག་མ་ལ་བཟང་དུ་གྱིས་ཤིག་ཅེས་ཁར་ནི་མ་སྨྲས་ཀྱི་མྱུར་དུ་ཟིན་ཅིང་བཟང་བར་བྱ་བར་རེ་བའི་ཕྱིར་ལུས་ཀྱིས་སྟོན་པ་རེ་རེ་ལ་ཉེས་བྱས། བྱི་ཤུ་ཏས་ནི་ཐ་ག་མའི་གན་དུ་སོང་སྟེ། གོས་ཆེ་ཆུང་དང་ཅི་རི་བ་ཙམ་དང་བཟང་ངན་ཅི་འདྲ་བ་ལྟ་བའི་ཕྱིར་
เล่ม ๑๖๕ · หน้า 112a
གཟུང་བའི་ཚེ་ཉེས་བྱས་ཞེས་བཤད། འཐག་པ་བསྐྱེད་པའི་ལྟུང་བའོ། །གོས་འཐག་པ་བསྐྱེད་པའི་སྤང་བ་སྟེ་འདུལ་བ་རྣམ་པར་འབྱེད་པའི་ནང་ནས་འབྱུང་བའི་མདོ།། །།བྱིན་ཕྲོག་གི་སྤང་བ་ལ་འཆད་དེ། དགེ་སློང་དང་ཕྲལ་ན། དགེ་སྦྱོང་ལྟ་བུ་གོས་དང་ཕྲལ་བ་ནི་མ་གཏོགས་ཀྱི་དགེ་སློང་ཕོ་མོ་
གོས་དང་ཕྲལ་བ་ལས་སྤང་བར་གྱུར་ཏེ་ཡན་ལག་གཅིག །བདག་གི་མ་ཡིན་པ་ཕྲོགས་ན། དགེ་སློང་ཨུ་པ་ནན་ཏས་སློབ་མ་ལ་གཡོག་ཏུ་བཀྲི་བར་བྱ་བའི་ཕྱིར་ཆོས་གོས་བྱིན་ཏེ་ཕྱིས་ཕྲོགས་པ་ལས་བཅས། བདག་གི་མ་ཡིན་པ་ཞེས་བྱ་བ་ནི་འདུལ་བའི་སྡེ་དག་ལས་བདག་གིས་ཆོས་གོས་བྱིན་པ་མ་ཡིན་པ་ཕྲོགས་ནའང་
སྤང་བའི་ཡན་ལག་ཏུ་གྱུར་ན་བདག་གིས་བྱིན་པ་ལྟ་ཅི་སྨོས། མཁན་པོ་ཁ་ཅིག་ན་རེ་བདག་གིས་བྱིན་པ་ཉིད་ཕྲོགས་ན་སྤང་བ་ཞེས་བཤད་དེ་ཡན་ལག་གཉིས། དེ་གོས་ནའོ། །སླར་ཕྲོགས་པ་དེ་ཉིད་གོས་ཡིན་པ་དང་ཡན་ལག་གསུམ། འདུས་པའམ། དགེ་སློང་གིས་ལུས་དང་ངག་གཉིས་ཀས་སླར་ཕྲོགས་པ་དང་།
ཐ་དད་པའི་ལུས་དང་ངག་གིས་འཕྲོག་པའི་ཕྱིར་བྱས་པའི་བསྐོས་པ་ལ་བྱེད་དོ། །ཁས་མ་སྨྲས་པར་ལུས་ཀྱིས་ཕྲོགས་ཀྱང་རུང་ལུས་ཀྱིས་མ་བྱས་པར་ཚིག་ནན་ཏུར་གྱིས་ཕྲོགས་ཀྱང་རུང་སློབ་མའམ་གཞན་ལ་འཕྲོག་ཏུ་བཅུག་ཀྱང་རུང་སྟེ་འདི་རྣམས་གང་ཡང་རུང་གཅིག་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར་ཏེ་ཡན་ལག་བཞི།
མཐའ་ནི་ལུས་དང་ཐ་དད་དུ་གྱུར་ཟིན་ནའོ། །དགེ་སློང་གིས་གོས་བྱིན་པ་དེ་སླར་ཕྲོགས་ནས་ལུས་དང་བྲལ་ན་སྤང་བའི་ཡན་ལག་ཏུ་གྱུར་ཏེ་འདི་ལྔ་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར་རོ། །སྦྱོར་བ་ནི་ཉེས་བྱས་པའོ། །དགེ་སློང་གིས་གོས་འཕྲོག་པར་ཤོམ་ཞིང་བཟུང་བའམ་འདྲེན་པའི་ཚེ་ལན་རེ་ཞིང་ཉེས་བྱས་རེ་རེ། འདི་ནི་ཕྱིར་སྦྱིན་པས་
སོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ཏེ་སླར་ཕྲོགས་པ་སྤང་བར་གྱུར་པ་དེ་གོས་གཞན་སྤང་བ་དང་མི་འདྲའི་གོས་དེ་སུ་ལས་ཕྲོགས་པ་དེ་ཉིད་ལ་སླར་གཏན་སྤང་ངོ་། །དེ་ལྟར་མ་སྤངས་ན་སྤངས་པར་མི་ཆུད་དོ། །འདི་བདག་གི་ཕྱིར་ན་ཡན་ལག་མ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་པ་དགེ་སློང་གྲོགས་
ཤིག་འཕྲོག་ཏུ་བཅུག་ན་འཕྲོག་ཏུ་འཇུག་པའི་དགེ་སློང་སྤང་བའི་ལྟུང་བར་འགྱུར། འཕྲོགས་པའི་དགེ་སློང་ལྟུང་བར་འགྱུར། དགེ་སྦྱོང་ཞིག་འཕྲོག་ཏུ་བཅུག་ན་ཉེས་བྱས་ཁྱིམ་པ་ཞིག་འཕྲོག་ཏུ་བཅུག་ན་ཁྱིམ་པ་ལ་སྡིག་ཏུ་འགྱུར། འདི་གསུམ་གང་གིས་ཕྲོགས་ཀྱང་རུང་དགེ་སློང་འཕྲོག་ཏུ་བཅུག་པ་ནི་སྤང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด