འདུལ་བའི་མདོའི་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་སཱུ་ཏྲ་བྲྀཏྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๕ · หน้า 168a
དགེ་སྦྱོང་དང་ཁྱིམ་པ་མེད་ན་བདག་གི་བྲུབས་པ་ཉེས་མེད་དོ། །དེ་བརྐོས་ཏེའོ། །ལྟག་ཏུ་བཤད་པ་ལྟར་དཀོན་མཆོག་གི་དཀོར་བྲུབ་པའི་གནས་མེད་པ་དགེ་སློང་དང་ཁྱིམ་པའང་མེད་ན་བདག་གིས་ས་བརྐོས་ཏེ་སྤྱད་ཀྱང་ཉེས་མེད། མེད་ན་སྦྱིན།
ལྟག་མ་ལྟར་སྦས་པ་ལས་འཇིགས་པའི་རྐྱེན་རྐུན་པོ་མེད་ན་ཕྱུང་ལ་སོ་སོའི་རྐྱེན་དུ་གཞག །དབྱུང་བའང་དེ་བཞིན་ནོར་སྦས་པ་སླར་དབྱུང་བའི་ཚེ་དགེ་སྦྱོང་དང་ཁྱིམ་པ་མེད་ན་བདག་གིས་ཕྱུང་ཞིང་རེག་ཀྱང་ཉེས་མེད། ཉེས་མེད་པ་ནི་མི་མ་ཡིན་པའི་གནས་ན་བསོད་ནམས་
ལས་སྐྱེས་པ་དེ་སྟེ་དེ་དག་ཏུ་རིན་པོ་ཆེའི་སའམ་སྟེགས་ལ་སོགས་པ་ཡང་ངོ་། །ལྷ་བྲན་ལྟ་བུ་ཁོ་བདག་གི་བསོད་ནམས་ཀྱིས་ཁང་ཁྱིམ་དང་ས་གཞི་ཡན་ཆད་རིན་པོ་ཆེ་དང་གསེར་དངུལ་དུ་འདུག་པ་ཞིག་གིས་དགེ་སློང་སྤྱན་དྲངས་ཏེ་སྤྱད་ཅིང་རེག་པ་ནི་ཉེས་མེད་དོ། །བཟའ་བའི་
སྣོད་གཞན་མེད་ན་ཡང་ངོ་། །སཱུ་ཏྲ་ལྟག་མ་ལྟར་རེག་ཀྱང་ཉེས་མེད་པ་ནི་བཟའ་བའི་སྣོད་སྤྱད་དང་། རྫས་གཞན་མེད་ན་རེག་ཀྱང་ཉེས་མེད། མལ་སྟན་དུ་འདུག་པ་ཡང་ངོ་། །ལྟག་ཏུ་བཤད་པ་ལྟར་སྤྱན་དྲངས་པ་ལ་ཞག་དུ་གནས་ནའང་ཁྲི་སྟན་རིན་པོ་ཆེ་ལ་འདུག་ཅིང་
ཉལ་བའང་ཉེས་མེད་དོ། །སོང་ཤིག་ཐེག་པས་སོ། །ལམ་རིང་པོར་འགྲོ་ན་རྟ་དང་ཤིང་རྟ་དང་བལ་གླང་དང་ཁྱོགས་ལ་བཞོན་དུའང་རུང་ངོ་། །ཆོས་ཀྱི་དོན་གྱི་དབང་གིས་ཏེ། ཆོས་ཀྱི་དོན་གྱི་ཕྱིར་གཞན་གྱིས་བཀུག་གམ་བདག་ཆོས་སློབ་པའི་ཕྱིར་འགྲོ་བ་ནི་བཞོན་དུ་
དབང་ངོ་། །རྒྱན་ཅན་ལ་མ་ཡིན། རྟ་དང་ཤིང་རྟ་ལ་སོགས་པ་གསེར་དངུལ་དང་རིན་པོ་ཆེས་བརྒྱན་པ་ལ་མི་བཞོན། རྒན་པོ་དང་ནད་པ་མ་ཡིན་པ་གཞན་མ་ཡིན། ཆོས་ཀྱི་ཕྱིར་བཞོན་དུ་དབང་བ་ཡང་ནད་པ་དང་རྒན་པོ་འགྲོ་མི་ཕོད་པ་བཞོན་དུ་དབང་ངོ་། །འདུག་ཅིང་ཆོས་
ཉན་པའི་ཕྱིར་རིན་པོ་ཆེའི་སེང་གེའི་ཁྲི་ལ་མི་རྟག་པ་ཡིད་ལ་བྱ་སྟེ་བཅོམ་ནའོ། །ཆོས་བཤད་པ་དང་ཁ་སྟོན་བྱེད་པའི་ཕྱིར་རིན་པོ་ཆེ་ལ་སོགས་པའི་ཁྲིའི་སྟེང་དུ་འདུག་ནའང་མི་རྟག་ཅིང་འཇིག་པར་འགྱུར་རོ་སྙམ་བསམས་ཏེ་འདུག་ནའང་ཉེས་མེད་དོ། །འཇུག་ན་
เล่ม ๑๖๕ · หน้า 168b
ཁྱིམ་པའིའོ་ཞེས་བཅས་པ་དག་ལས་བརྟག །ཁྱིམ་པའི་ཁྲི་སྟན་རིན་པོ་ཆེ་ཞིག་ལ་གཞག་ནའང་ཁྱིམ་པའི་རྫས་དེ་མི་རྟག་ཅིང་འཇིག་པ་ཡིན་ཏེ་སྤྱད་པས་བསོད་ནམས་རྟག་པར་འགྱུར་རོ་བར་བསམས་ཏེ་འདུག་ནའང་ཉེས་མེད། གསེར་གྱིས་སྤྲས་དྲིལ་བུས་བསྐོར་
བའི་གོས་ལ་ཡང་ངོ་། །ཁྱིམ་པའི་ཁྲི་སྟན་ལ་གསེར་གྱིས་སྤྲས་པའི་དྲིལ་བུས་བརྒྱན་པ་ཞིག་ནའང་ལྟག་མ་ལྟར་བསམས་ཏེ་སྤྱད་དོ། །དེར་ནོར་བུས་སྤྲས་གསེར་དངུལ་གྱིས་བརྒྱན། ཁྱིམ་པའི་ཁྲི་སྟན་གསེར་དངུལ་གྱི་གྱིམ་ཕག་དང་ནོར་བུས་བརྒྱན་པ་ཞིག་ལ་
སྤྱོད་ནའང་ལྟག་མ་ལྟར་བསམས་ཏེ་སྤྱད་དོ། །དེ་དག་ཀྱང་གཞུག །ཁྱིམ་པའི་ཁྲི་སྟན་རྒྱན་ཅན་ལ་སྤྱོད་སྤྱོད་དེ་ཆར་པ་བབ་སྟེ་དྲུང་ན་ཁྱིམ་པ་མེད་ན་བསྐྱལ་ཞིང་སྦ་བའི་ཕྱིར་རེག་ཀྱང་ཉེས་མེད་དོ། །མ་བརྟགས་པ་མ་ཡིན་པ་ནི་སྟོན་པར་འདུ་ཤེས་བཞག་སྟེ་ཁྱིམ་པ་དང་
དགེ་སྦྱོང་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་ཆོས་ཀྱི་དོན་ཀྱི་ཕྱིར་རེག །དགེ་སྦྱོང་དང་ཁྱིམ་པ་མེད་པ་སངས་རྒྱས་ཀྱི་སྐུ་གཟུགས་གསེར་དངུལ་དང་རིན་པོ་ཆེ་ཞིག་ལས་བྱས་པ་སྦ་བརྟུལ་དང་བྱི་བདར་བྱེད་ན་སྟོན་པ་ཡིན་པས་མཆོད་པའི་དོན་གྱི་ཕྱིར་རེག་གོ་ཞེས་བསམས་
ཏེ་རེག་ཀྱང་ཉེས་མེད་དོ། །དེའི་རྫས་ཀྱང་ངོ་། །སངས་རྒྱས་དང་ཆོས་ཀྱི་རྒྱན་དང་དཀོར་ལ་སོགས་པ་ལ་ལྟག་མ་ལྟར་བསམས་ཏེ་བཟུང་ཞིང་སྤྱད་ཀྱང་ཉེས་མེད། རྣ་ཆ་བགོ་ཞིང་མི་སྤྱད། དགེ་སློང་གིས་ལུས་རྒྱན་རྣ་ཆ་ལ་སོགས་པ་མི་གདགས། རྒྱ་ཆོངས་ཤིག །
རྒྱ་བཅངས་ཀྱང་ཉེས་མེད་དོ། །མི་བགོ་བའོ། །རིན་པོ་ཆེ་ལས་བྱས་པའི་རྒྱ་དང་རིན་པོ་ཆེ་ལུས་ཀྱི་རྒྱན་དུ་བྱས་པ་ལ་རྒྱ་བྲིས་པ་མི་བཅང་ངོ་། །ཞ་ཉེ་ཟངས་ར་གན་ཁར་བ་རྒྱ་སྐྱེགས་ཤིང་རྡོ་ཁམ་བ་སོ་རྭ་ལས་སོ། །རྒྱའི་རྒྱུ་ནི་མིང་གིས་སྨོས་པ་འདི་རྣམས་ལ་བྱའོ། །འདི་
རྣམས་ལ་ལུས་ཀྱི་རྒྱན་དུ་བྱས་པ་ལས་རྒྱ་འདྲིར་ཀྱང་མི་གནང་ངོ་། །མཚན་མ་ནི་དགེ་འདུན་གྱི་ན་དབུས་སུ་འཁོར་ལོ་ངོས་སུ་རི་དགས་གཉིས་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་ངོ་། །དགེ་འདུན་གྱི་སྤྱིའི་རྒྱ་ནི་ཐབས་འདི་ལྟར་བྲིའོ། །གང་ཟག་གི་ན་ཀེང་
เล่ม ๑๖๕ · หน้า 169a
རུས་སམ་མགོ་ཐོད་དོ། །དགེ་སློང་གང་ཟག་གི་རྒྱ་ནི་མིང་རུས་མི་བྲི་བར་མིའི་ཀེང་རུས་དག་བྲིའོ། །སོ་མངས་ཀྱིས་སྐྲ་མི་བཤད་དགེ་སློང་གིས་མགོ་སོ་མངས་ཀྱིས་སྐྲ་མི་བཤད། དཔེར་ན་འདི་བཞིན་ནོ། །སོ་མངས་ཀྱིས་མི་བཤད་པ་བཞིན་དུ་རྩ་
དང་ཐུར་མ་དང་ཕག་ཟེ་ལ་སོགས་པ་ཅིས་ཀྱང་མི་བཤད། མེ་ལོང་ལ་བཞིན་མི་བལྟ། དགེ་སློང་མེ་ལོང་ལ་བལྟར་མི་གནང་ངོ་། །ཆུ་ཡང་ངོ་། །ཆུའི་ནང་དུ་གདོང་གི་གཟུགས་འབྱུང་བའི་ཕྱིར་ཆུ་ལའང་བཞིན་མི་བལྟ། ལྟུང་བ་མེད་པ་ནི་ཆུ་བརྟག་པའི་ཕྱིར་དང་
གཉེར་མ་དང་སྐྲ་སྐྱ་བ་བལྟ་བའོ། །ཆུ་དང་མེ་ལོང་ལ་བལྟས་ཀྱང་ཉེས་མེད་པ་ནི་ཆུ་བརྟག་པའི་ཕྱིར་ཆུའི་ནང་དུ་བཞིན་གྱི་གཟུགས་བརྙན་མཐོང་བ་དང་གཉེར་མ་དང་རྒས་པའི་ཚད་བལྟ་བའི་ཕྱིར་བལྟས་པ་ནི་ཉེས་མེད། སྔོན་དང་མཐའ་མའི་མཚན་མ་བཟུང་བ་ལའོ། །
རྒན་པོ་དང་གཉེར་མ་མེ་ལོང་ལ་བལྟ་བ་ཉེས་མེད་པ་ནི་མི་རྟག་པར་ཚོར་ཞིང་དགེ་བ་ལ་འགྲུས་པར་འགྱུར་བའི་ཕྱིར་ཉེས་མེད་དོ། །སོར་རིས་གསུམ་མི་བྱ། ས་དཀར་རམ་ཙན་དན་གྱིས་ལུས་ལ་མུར་འདུག་བཞིན་དུ་མཛུབ་རིས་མི་བྱ། རོ་ཙ་ནས་མི་བྱུག །བསུང་ཞིམ་པོ་
གླང་གི་ལྟོ་ནས་འོང་པས་ལུས་ལ་མི་བྱུག །བསུང་གི་མ་ཡིན། དྲི་བསུང་ངོ་ཅོག་གིས་ལུས་ལ་མི་བྱུག །བསོད་ནམས་ཀྱི་ཕྱིར་ན་བསུང་གི་ཕྱེ་མས་རྐང་པ་ལ་སྤྱད་བསུང་ཞིམ་པོ་ཞིག་ཡོན་བདག་གིས་བྱིན་ཏེ་ལུས་ལ་མི་བསྐུར་མི་རུང་ཞེས་ཟེར་ན་མིག་ལ་ཡང་
ཕན་པའི་ཕྱིར་རྐང་པ་ལ་བསྐུ། དེའི་མདུན་དུ་མི་དབྱིད། བསུང་གིས་རྐང་པ་ལ་བསྐུས་པ་ཡོན་བདག་གུད་དུ་མ་སོང་གི་བར་མི་དབྱིད། དེས་བྱུགས་ནས་དགེ་འདུན་འདུས་པ་མ་ཡིན། དྲི་བསུང་གིས་བསྐུས་ཏེ་དགེ་འདུན་འདུས་པའི་ཁྲོད་དུ་མི་འགྲོ། ཁྱིམ་པ་རྣམས་
ལ་ཆོས་མི་བཤད། དྲི་བསུང་གིས་བསྐུས་ཏེ་ཁྱིམ་པ་ལ་ཆོས་མི་བཤད། རིགས་སུ་མི་འགྲོ། དྲི་བསུང་གིས་བསྐུས་ཏེ་གྲོང་ལ་སོགས་པར་མི་འགྲོ། མཐར་ནི་ཁྲུས་བྱ། ན་བའི་ཕྱིར་དྲི་གསུང་གིས་ལུས་ལ་བྱུགས་པ་དང་། རྐང་པ་ལ་བྱུགས་པ་ན་ཡོན་བདག་སོང་ངམ་
เล่ม ๑๖๕ · หน้า 169b
མི་དོགས་ན་ཁྲུས་བྱས། དེ་བླང་གཞན་གྱིས་དྲི་བསུང་བྱིན་ཏེ་བླངས་ཀྱང་ཉེས་མེད་མེ་ཏོག་དང་ཕྲེང་བ་ཡང་ངོ་། །མེ་ཏོག་གི་ཕྲེང་བ་ལ་སོགས་པ་ཞིག་བྱིན་ན་བླངས་ཀྱང་ཉེས་མེད། མཆོད་རྟེན་ལ་བསྐོ། མེ་ཏོག་དང་དྲི་བསུང་བླངས་པ་དེ་མཆོད་རྟེན་ལ་འབུལ་ལོ། །ཉན་ཐོས་
པའི་ཡང་ངོ་། །མེ་ཏོག་དང་དྲི་བསུང་བླངས་པ་དེ་ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་ཀྱང་ཉེས་མེད་དོ། །སྦྱིན་བདག་མི་དགའ་ན་སྔས་སམ་ཕོངས་སུའོ། །མེ་ཏོག་བླངས་པ་མྱུར་དུ་མཆོད་རྟེན་ལ་ཕུལ་བ་སྦྱིན་བདག་མིག་སྔ་ན་འདུག་སྟེ་དགའ་ན་སྐད་ཅིག་སྔས་སམ་ཕོངས་ལོགས་
སུ་གཞག །སྒོ་མངོན་པར་མི་བྱ། མེ་ཏོག་བཞག་པ་དེ་གཞན་གྱིས་མི་མཐོང་བར་བྱ་བའི་ཕྱིར་སྒོའི་ཐད་ཀར་སྣང་བར་མི་བཞག །རྩིག་པ་མེ་ཏོག་གི་ཕྲེང་བ་སྒོའི་ཡ་རོལ་ལམ་མ་རོལ་གྱི་རྩིག་པ་ལ་གདགས་ཕྲེང་བ་སྤྱད་པ་ནི་ཁབ་ཀྱིས་སམ་ཚེར་མས་བཙུགས་ཏེའོ། །
མེ་ཏོག་རྩིག་པ་ལ་གདགས་པ་ནི་ཁབ་བམ་ཚེར་མ་རྩིག་པ་ལ་གཙུགས་ཏེ་གདགས་སོ། །མིག་ལ་ཕན་པ་ནི་བསུང་རབ་སྟེ་དུས་དུས་སུ་བསྣམས། མེ་ཏོག་ལ་སོགས་པ་དྲི་བསུང་མིག་ལ་ཕན་པའི་ཕྱིར་སྣར་བསྣམས་ཀྱང་ཉེས་མེད། ཚངས་པའི་སྐུད་པ་ཐོགས་ཤིང་མི་སྤྱད།
མུར་འདུག་དང་བྲམ་ཟེ་ལ་སོགས་པའི་ཆོས་སུ་སྐུད་པས་སེ་རལ་ཁར་མི་གདགས། སྐུད་པའི་མ་ཡིན། སངས་རྒྱས་ཀྱི་ཆོས་ཀྱི་སྔགས་ཀྱི་སྐུད་པའི་ཐག་བུ་མགུལ་པ་དང་ལག་པར་མི་གདགས། ཕྲག་པ་གཡོན་པའི་དྲུང་དུ་ཆོ་གའི་ཕྱིར་སྤྱད་པ་ཡང་ངོ་། །སངས་རྒྱས་
ཀྱི་ཆོས་ཀྱི་སྐུད་པའི་ཐག་གུ་གདགས་ནའང་མི་སྣང་བར་བྱ་བའི་ཕྱིར་ཕྲག་པ་གཡོན་པའི་དྲུང་དུ་གདགས། གར་བབ་བབ་ཏུ་མི་དོར། སཱུ་ཏྲ་ལྟག་མ་ལྟར་ཐག་གུ་བཅིངས་པ་མི་དགོས་ན་གཙང་སྦྲ་དང་བཙུན་པར་བྱ་བའི་ཕྱིར་བབ་ཅོལ་དུ་མི་དོར། ལྷག་མ་དང་བཅས་པ་
གོས་ཀྱི་གྲྭའམ་སྐ་རགས་ཀྱི་ཐོག་མར་བཅིང་། ཕྲག་པ་སྔགས་ཀྱི་ཐག་བུས་བཏགས་པ་ལས་ནད་ཐག་གི་སྟེ་མ་བྱང་གི་བར་དུ་ནི་ཕྲག་པ་ལས་བཀྲོལ་ལ་གོས་ཀྱི་གྲྭའམ་སྐ་རགས་ཀྱི་ཐོག་མ་ལ་གདགས། དེ་སྟེ་མ་ཡིན་ན་ཀ་བའམ་རྩིག་པའི་སེར་ཀར་གཞུག །ཕྲག་པ་ལ་
เล่ม ๑๖๕ · หน้า 170a
བཏགས་པའི་ཐག་བུ་ནད་སོས་ཏེ་མི་དགོས་ན་ཀ་བའམ་རྩིག་པའི་གསེབ་ཏུ་གཞུག །བྲོ་དང་གླུ་དང་རྔ་མི་སྤྱད། དགེ་སློང་གིས་བྲོ་དང་གླུ་དང་རྔའི་སྒྲ་ལ་སོགས་པ་མི་བྱ། དྲུག་སྡེས་རོལ་མོ་མཁན་གྱི་ཆས་སུ་ཞུགས་ཏེ་རོལ་མོ་བྱས་པ་ལས་བཅས།
མི་བསླབ། རོལ་མོ་དང་རྫ་རྔ་ལ་སོགས་པ་བདག་གིས་གཞན་ལ་མི་བསླབ། མི་བསྙེན། གཞན་ལའང་རོལ་མོའི་ཆོ་ག་སློབ་ཏུ་མི་གཞུག །བལྟར་མི་འགྲོ། རོལ་མོ་བྱེད་པ་ལ་བལྟར་མི་འགྲོ། དགེ་སློང་མས་ཀུན་འཇོལ་མི་བྱ། དགེ་སློང་མས་བྲོ་མི་བརྡུང་།
བྱ་བ་ནི་སྟོན་པའི་ཡོན་ཏན་བརྗོད་པ་དང་སུམ་རྒྱུད་སྦྱིན་པ་དང་དབྱངས་བྲོ། དབྱངས་བྱས་ཀྱང་ཉེས་མེད་པ་ནི་བསྟོད་པ་དང་སུམ་རྒྱུད་ཀྱི་ཚིགས་སུ་བཅད་པ་ཀླག་པ་ལ་སོགས་པ་ལ་བྱས་ཀྱང་ཉེས་མེད། དེ་དག་བསླབ། སྟོཏྟྲ་དང་སུམ་རྒྱུད་དང་དབྱངས་དག་བསླབས་ཀྱང་
ཉེས་མེད། དབེན་པའི་ཕྱོགས་སུའོ། །དབྱངས་བསླབ་པ་གཞན་གྱིས་མ་ཐོས་པར་དབེན་པར་བསླབ་བོ། །ངོམ་ཟུམ་དང་རྩེད་མོ་དང་ཅ་ཅོ་དང་དྲོག་དྲོག་པོ་དང་ལྟར་ལྟར་པོ་དང་ལུས་ཀྱིས་བསྙེགས་པ། མིང་གིས་སྨོས་པ་འདི་རྣམས་ལྟར་རྒྱགས་པའི་ཡན་ལག་མི་བྱ།
དྲོག་དྲོག་པའི་བསམ་པས་ལུས་དང་ངག་གིས་མི་བྱ། འདོད་ཆགས་དང་རྩེད་མོའི་སེམས་ཀྱིས་ལུས་དང་ངག་གི་སྒོ་ནས་རྩེད་མོ་ལ་སོགས་པ་ཇིའང་མི་བྱ། ཆས་བགོ་ཞིང་དབྱེ། རྐང་པ་བཀྲུས་ནས་རྡུལ་གྱིས་མི་གོས་པར་བྱ་བའི་ཕྱིར་ལག་འགྲོས་བྱས་པ་ལྟ་བུ་ཁྲིམས་ཀྱང་
བསྲུངས་ལ་རྩེད་མོ་ཡང་བྱས་པ་ལྟ་བུ་ལ་སོགས་པ་མི་བྱ། སྣོད་དུ་བྲིམ་ཞིང་བཏུང་བ་མི་བྱ། སྣོད་གཅིག་གི་ནང་དུ་ཧུབ་རེས་མི་བྱ། དེ་བཞིན་དུ་ཟན་ཟ་བའི་ཚེ་གཅིག་ལ་གཅིག་ཁ་ཟས་དང་སྣོད་སྤྱད་བདར་ཞིང་མི་བཤུགས། མེ་ཏོག་གི་རྒྱན་མི་བཅིང་མེ་ཏོག་སྣ་ཚོགས་
སྤེལ་ཞིང་བརྒྱུ་བ་ལ་སོགས་པ་རྒྱན་དུ་བྱ་བའི་བཟོ་ལག་དར་ཏེ་མི་བྱ། མི་བགོ །མེ་ཏོག་གི་རྒྱན་ལ་སོགས་པ་ལུས་ལ་མི་བགོ །རོལ་མོ་པའི་བྱ་དགའ་མི་སྦྱིན། རོལ་མོ་མཁན་རོལ་མོ་བྱེད་བྱེད་པའི་ཕྱིར་བྱ་དགའ་མི་སྦྱིན། ཐ་མལ་པའི་ཚེ་མི་བརྒྱུག །རྐྱེན་མ་བྱུང་བར་
เล่ม ๑๖๕ · หน้า 170b
ཐ་མལ་པར་འགྲོ་བའི་ཚེ་དྲག་ཏུ་མི་བརྒྱུག །དྲག་ཤུལ་དང་མཆང་བ་མི་བྱ། ལུས་ཀྱི་དྲག་ཤུལ་དང་མཆངས་པ་ལ་སོགས་པ་མི་བྱ། བརླ་དང་དཔུང་པ་དང་ཉྭ་ཐབས་བཟློག་ཤིང་བརྗེ་བར་མི་བྱ། ཕྱི་ཚར་དང་སྔ་ཚར་ལ་སོགས་པ་ལུས་ཀྱིས་བསྒྱུར་བ་རྐང་པ་གཉའ་བའི་སྟེང་དུ་
བཞག་པ་ལ་སོགས་པ་མི་བྱ། ཆུ་ལ་རྡོ་ཕྱར་མི་བྱ། ཆུའི་སྟེང་དུ་རྡོ་འཕངས་ཏེ་ཕྱར་རར་འགྲོ་བ་མི་བྱ། ལག་ཆངས་ཀྱི་ཆུས་མི་གཏོར། ཆུ་སྦལ་སྐད་ཀྱི་སྒྲ་མི་བྱ། ལག་པའི་ཐལ་མོས་ཆུ་ལ་བརྡབས་ཏེ་སྒྲ་མི་དབྱུང་། ཆུ་ལ་ཕྱིལ་མོ་མི་ཉུག་ཆབ་བྲོམ་དང་ས་འགྲེད་མོ་ལ་
སོགས་པ་ལ་ཕྱིས་མོ་མི་བྱ། བལ་གླང་སྐད་དང་རྟ་སྐད་དང་གླང་པོའི་སྐད་དང་རྨ་བྱ་དང་ཀོ་ཀོ་ལའི་སྐད་དུ་མི་བྱ། མིང་གིས་སྨོས་པ་འདི་རྣམས་ཀྱི་སྐད་མི་སྨྲ་མི་དབྱུང་། ཁའི་དུང་འབའ་འབའ་མི་བྱ། ཁ་ནས་དུང་འདྲ་བ་ཟེར་བ་དང་འབའ་འབུ་བླག་བླུག་ལ་སོགས་པ་མི་བྱ། ཏྲོག་ཏྲོག་
པོའི་དངོས་པོར་གཏོགས་པའོ། །རིན་པོ་ཆེ་ལ་རེག་པའི་ལྟུང་བ་རྫོགས་སོ།། །།འཁྲུག་པའི་ལྟུང་བ་ལ་འཆད་དེ། དཔྱིད་ཀྱི་ལྷག་མ་ཕྱེད་དང་གཉིས་དང་དབྱར་གྱི་ཐོག་མའི་ཟླ་བའོ། །དབྱར་ཟླ་ར་བའི་ཚེས་ནས་དབྱར་ཟླ་ཐ་ཆུངས་ཉ་ཕན་ཆད་ཟླ་བ་ཕྱེད་དང་གསུམ་ནི་ཚ་བས་
ན་དུས་ལ་བབ་ཏེ་ནམ་བཀྲུས་ཀྱང་ཉེས་མེད། གོས་མེད་པའི་གཉིས་པོ་རྙེད་པ་དེའི་ཚུལ་ལོ། །ཡང་ཡང་ཟ་བའི་རྐྱེན་དུས་མ་གཏོགས་པར་ན་བ་དང་ལམ་དང་གྲུར་ཞུགས་པ་དང་ལས་དང་གཞིའི་རྐྱེན་གཅིག་བྱས་ནའང་འཁྲུར་དབང་སྟེ་ཉེས་མེད་དོ། །རླུང་གིས་མ་བརྟུལ་ནའོ། །
རླུང་གིས་གོས་མ་བཟློག་གམ་རྡུལ་གྱིས་ལུས་ལ་མ་ཕོག་པ་ལས་བཀྲུས་ན་ལྟུང་བར་འགྱུར་གྱི་རླུང་དང་རྡུལ་གྱིས་ཕོག་པ་ནི་བཀྲུས་ཀྱང་ཉེས་མེད། གོས་ཀྱི་གྲྭ་འགུལ་བ་དེའི་མཐས་སོ། །རླུང་གིས་ཕོག་པའི་ཚད་ནི་གོས་ཀྱི་གྲྭ་འགུལ་བ་ཡན་ཆད་ཀྱིས་འཁྲུར་དབང་། ཆར་
གྱིས་མ་བབ། ཆར་གྱིས་བབ་པ་ནི་འཁྲུར་དབང་སྟེ་བཀྲུས་ཀྱང་མི་ལྟུང་ངོ་། །དེ་ཐིགས་གཉིས་ལྟུང་ནའོ། །ཆར་གྱིས་བབ་པའི་ཚད་ནི་ཐིགས་པ་གཉིས་སམ་གསུམ་ཕོག་ནས་འཁྲུར་དབང་ངོ་། །ལུས་ལའོ། །ཆར་གྱིས་ཕོག་པ་ནི་གོས་ལ་ཕོག་པ་ལ་མི་བྱའི་ལུས་ལ་
เล่ม ๑๖๕ · หน้า 171a
ཕོག་པ་ལ་འཁྲུར་གནང་ངོ་། །གཞན་ཡང་ཞག་བཅོ་ལྔ་ལས་ཁྲུས་ཀྱི་ཉི་མ་མ་ཡིན་ཏེ་ཚུན་ཆད་བཀྲུ་བ་མ་ཡིན། ཞག་བཅོ་ལྔ་མ་ལོན་པར་ཁྲུས་བྱས་ན་ལྟུང་བར་འགྱུར། བཅོ་ལྔ་ལ་ལན་ཅིག་ཁྲུས་བྱས་པ་ནི་ཉེས་མེད། བླུགས་པར་མ་ཞུག་པས་
སོ། །ཁྲུས་བྱད་པ་ནི་ཆུའི་ནང་དུ་ཞུགས་ཀྱང་རུང་བཅུས་ཏེ་སྤྱི་བོ་ནས་བླུགས་ཀྱང་རུང་གང་ལྟར་བཀྲུས་ཀྱང་ལྟུང་ངོ་། །དེ་ལྟེ་བར་ཕྱིན་ནའོ། །བཀྲུ་བའི་ཚད་ནི་སྤྱི་བོ་ནས་བླུགས་ཏེ་ཆུ་ལྟེ་བར་ཕྱིན་ཀྱང་རུང་ཆུའི་ནང་དུ་ཞུགས་ཏེ་ལྟེ་བར་ཕྱིན་ཀྱང་རུང་བཀྲུས་པར་ཆུད་དོ། །ཚུན་
ཆད་ན་ཉེས་བྱས་པའོ། །ལྟེ་བར་མ་ཕྱིན་པར་བཀྲུས་པ་ནི་ཉེས་བྱས་སོ། །ཐམས་ཅད་དུ་དུས་སུ་བསྔོ་བ་མ་བསྔོས་ན་ཡང་ངོ་། །ལས་ཅི་བྱེད་དོ་ཅོག་ལ་ཡང་བསམ་པའང་རུང་སྨྲ་བའང་རུང་ལུས་ཀྱིས་བྱེད་པའང་རུང་ས་མ་ཡམ་མ་བསྔོས་པར་བྱས་ན་ཅི་བྱས་སོ་ཅོག་ཉེས་བྱས་སོ། །
དོན་གྱི་ཆུར་མྱོང་བ་ཁྲུས་མ་ཡིན། ཆུ་ཆེན་པོ་རྒལ་བ་ལ་འབོགས་ཀྱང་རུང་རྐྱལ་པའང་རུང་། ལུས་ཐམས་ཅད་གཤེར་བ་ནི་ཁྲུས་བྱས་པར་མི་ཆུད་དོ་ཉེས་མེད་དོ། །དེ་བས་ན་རྒལ་བ་དང་མ་ཚོར་བར་ལྟུང་བ་དང་བརྒྱལ་བ་ལ་བཏབ་པ་ལ་ལྟུང་བ་མེད། ཆུ་རྒལ་བ་དང་ཆུའི་
ནང་དུ་ལྷུང་བ་དང་བརྒྱལ་བའི་ཕྱིར་ཆུས་བཏབ་པ་ལ་སོགས་པ་ཡང་བཀྲུས་པར་མི་ཆུད་དེ་ཉེས་མེད་དོ། །ཡུལ་ཨསྨ་པ་རན་ད་ཀ་ན་འདི་དག་མེད་པར་ཤེས་ཤིག །ཡུལ་ཨསྨ་པ་རན་ད་ཀ་ན་ཀོ་ལྤགས་འཆང་དུ་གནང་བའི་ཡུལ་ན་ནི་རྟག་པར་ཁྲུས་བྱས་ཀྱང་ལྟུང་བར་མི་འགྱུར་
རོ་ཞེས་གནང་ངོ་། །མཆོག་ཡོད་ན་ཆུང་ངུའི་བརྟག་པར་མི་བྱ། ཆར་གྱིས་ཕོག་ན་འཁྲུར་གནང་ངོ་ཞེས་བྱས་པའི་ཕྱིར་ཆེད་ཀར་གྱིས་ཕོག་པར་བྱས་ཏེ་ཁྲུས་མི་བྱ། ཡུལ་མཐའ་ཁོབ་ཏུ་ཨ་ཤི་ལྔས་ཁྲིམས་རྫོགས་སུ་གནང་བ་ལས་ལྔ་ཉི་ཚེས་ཆོག་ཅེས་ཏེ་དགེ་འདུན་ལྔས་རྫོགས་
པར་མི་བྱ། དཔེ་བཤད་པ་འདི་གཉིས་དང་འདྲ་བར་ཅི་བྱའོ་ཅོག་ཐམས་ཅད་གནང་བའི་ཚིག་ལ་བརྟེན་ཏེ་སླ་ཆོས་སུ་སྒྱུ་མི་བྱ། ཁྲུས་ཀྱི་ལྟུང་བའོ། །ཁྲུས་བྱེད་པའི་ལྟུང་བ་རྫོགས་སོ། །དགུ་བཅུ་ལྟུང་བའི་བཅུ་སྡེ་རྫོགས་སོ།། །།བྱོལ་སོང་གསོད་པའི་ལྟུང་བ་ལ་འཆད་དེ། བསད་
เล่ม ๑๖๕ · หน้า 171b
པའི་སེམས་ཀྱིས་བྱོལ་སོང་ལ་བསད་པའི་སེམས་ཀྱིས་བསད་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཕྱུགས་ལ་བསྣུན་ནའོ། །བྱོལ་སོང་བསད་པའི་ཕྱིར་བསྣུན་ཀྱང་བསྣུན་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དེར་རམ་གཞན་ཡང་དེའི་ཤི་ནའོ། །བདག་གིས་བསད་
དེ་འཕྲལ་ལ་ཤི་ཡང་རུང་བསད་པར་བསྣུན་པ་ལས་འཕྲལ་དུ་མ་ཤིའི་ཕྱིས་ཤི་ཡང་རུང་སྟེ་ཤི་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཡན་ལག་འདི་རྣམས་དང་ལྡན་པས་བྱོལ་སོང་བསད་ན་ལྟུང་བར་འགྱུར་རོ། །ཉེས་བྱས་པ་ནི་སེམས་ཅན་འདྲ་ལ་སེམས་ཅན་མ་ཡིན་པའོ། །སེམས་ཅན་གྱི་
གཟུགས་སུ་བྱས་པའམ་སེམས་ཅན་གྱི་གཟུགས་སུ་རི་མོ་བྲིས་པ་བཤིག་ན་ཉེས་བྱས། བྱོལ་སོང་གསོད་པའོ། །བྱོལ་སོང་གསོད་པའི་ལྟུང་བ་རྫོགས་སོ།། །།ཐེ་ཚོམ་ལ་འཆད་དེ། ཁྱེད་རབ་ཏུ་མ་རྫོགས་ལ་ཕས་ཕམ་པ་བྱུང་ཞེས་པ་ལ་སོགས་པ་དགེ་སློང་མ་ཡིན་པའི་ཕྱིར་ཐེ་
ཚོམ་སྐུར་ནའོ། །དགེ་སློང་ལ་ཡོ་བྱད་མ་ཚང་བ་ལ་སོགས་པ་ཁྲིམས་མི་འཆགས་པའི་ཚིག་གང་བྱས་ཀྱང་རུང་སྟེ་ཁྱོད་ཁྲིམས་མ་ཆགས་སོ་ཞེས་ཐེ་ཚོམ་སྐུར་པ་དང་ཕས་ཕམ་པར་མ་གྱུར་པ་ལ་ཕམ་པར་གྱུར་ཏོ་ཞེས་ཐེ་ཚོམ་སྐུར་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །
དྲུག་སྡེས་བཅུ་བདུན་སྡེ་ལོ་མ་ཚང་བར་ཁྲིམས་རྫོགས་པ་དང་བུས་ཕ་ཕུལ་ཞིང་འགྲོ་བ་ལས་ཤི་བ་ལ་ཕམ་པ་དང་མཚམས་མེད་པ་ཡོད་དོ་ཞེས་ཐེ་ཚོམ་སྐུར་པ་ལས་བཅས། དགེ་སློང་ནའོ། །ཐེ་ཚོམ་སྐུར་པ་དེ་དགེ་སློང་ཡང་ཡིན་པ་ལས་ལྟུང་སྟེ་ཡན་ལག་འདི་གཉིས་དང་ལྡན་ན་
ལྟུང་བར་འགྱུར། མི་བདེ་བ་བསྐྱེད་པའི་སེམས་ཀྱི་ན་རྩེད་མོས་ཀྱང་ཐེ་ཚོམ་མ་སྐྱེས་ཀྱང་ངོ་། །ཕ་རོལ་པོ་དགེ་སློང་མི་བདེ་ཞིང་མི་དགའ་བར་བྱ་བའི་ཕྱིར་ཁྲིམས་མ་ཆགས་པ་ལ་སོགས་པ་ཡིན་ནོ་ཞེས་སྨྲས་ན་ལྟུང་བ་དགེ་སློང་མ་ཡིན་པ་དང་མི་དགའ་བར་བྱ་བའི་ཕྱིར་ནི་མ་ཡིན་
གྱི་རྩེད་མོ་བྱས་པ་ནི་ཉེས་བྱས། གཞན་གྱིས་ན་ཉེས་བྱས་པའོ། །ལྷག་མ་དང་ལྟུང་བ་ཞིག་ཏུ་གྱུར་ཏོ་ཞེས་ཐེ་ཚོམ་སྐུར་ན་ཉེས་བྱས། ཐེ་ཚོམ་སྐུར་པའོ། །ཐེ་ཚོམ་སྐུར་པའི་ལྟུང་བ་རྫོགས་སོ།། །།མཛུབ་མོའི་ལྟུང་བ་ལ་འཆད་དེ། དགེ་སློང་ནའོ། །དགེ་སློང་ལ་ག་ག་
เล่ม ๑๖๕ · หน้า 172a
ཚིལ་བྱས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་སོར་མོ་དང་ཁུ་ཚུར་དང་གྲུ་མོ་དང་ཕྲག་པ་དང་མགོ་དང་ལོགས་དང་རྒྱབ་དང་སྟ་ཟུར་དང་བྲང་དང་པུས་མོ་དང་བྱིན་པ་དང་རྐང་པའི་མཐེ་བོང་ལ་སོགས་པས་རེག་ཅིང་ག་ག་ཚིལ་བྱས་ནའོ། །མིང་གིས་སྨོས་
པ་འདི་རྣམས་གག་ཀྱང་རུང་འདི་རྣམས་ཀྱིས་ག་ག་ཚིལ་བྱས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །སེང་སེང་པོའི་སེམས་ཀྱིས་སོ། །ག་ག་ཚིལ་བྱེད་པ་ལ་རྩེ་བའམ་འཕྱར་བའི་སེམས་སེང་སེང་པོ་བྱས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཡན་ལག་འདི་རྣམས་
དང་ལྡན་ན་ག་ག་ཚིལ་གྱི་ལྟུང་བར་འགྱུར་རོ། །དེ་བས་ན་རྨ་དང་སྦྲང་མ་དང་མཛེར་པ་དང་སྨེ་བ་དང་སྤུ་འཁྱིལ་བ་བསྟན་པ་ནི་ལྟུང་བ་མེད་དོ། །མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་སྟེ་ལུས་ལ་ཡོད་པ་ལ་བསྟན་ཅིང་བལྟ་བའི་ཕྱིར་མཛུབ་མོས་བཙུགས་པ་ནི་ཉེས་མེད་དོ། །ལྟུང་
བ་དུ་མ་ཡང་གཅིག་གོ། །ག་ག་ཚིལ་བྱས་པ་ནི་སོར་མོ་རེ་རེ་ལྟུང་བ་རེ་རེར་མི་འགྱུར་གྱི་ལྟུང་བ་གཅིག་ཏུ་ཟད་དོ། །ག་ག་ཚིལ་གྱི་ལྟུང་བའོ། །ག་ག་ཚིལ་བྱེད་པའི་ལྟུང་བ་རྫོགས་སོ།། །།དགའ་བའི་ལྟུང་བ་ལ་འཆད་དེ། ཆུའི་ཡུལ་དུ་བྱ་བ་ནན་ཏན་ནོ། །ཆུའི་ནང་དུ་དགའ་
ཞིང་རྩེ་བ་ལས་ལྟུང་བར་འགྱུར་ཏེ། ཡན་ལག་གཅིག །ཞུགས་ནས་ཆུའི་ནང་དུ་ཞུགས་པ་དང་། ནུབ་ཆུའི་ནང་དུ་ལུས་ནུབ་པ་དང་། བྱང་ནུབ་པ་ལས་ཆུའི་སྟེང་དུ་བྱུང་བ་དང་། མཐའ་ཕ་རོལ་དུ་འགྲོ་བ། ཆུ་ལ་ཕར་རྒལ་ཚུར་རྒལ་བྱེད་ཅིང་འགྲོ་བ་དང་། གྱེན་ཐུར་གྱི་རྒྱུད་
དུ་བབ་ཅིང་། ཆུའི་རྒྱུད་བཞིན་དུ་འགྲོ་བ་དང་། རྒྱུན་ལས་ལོག་སྟེ་འགྲོ་བ་དང་། ཆུ་རྔ་དང་ཆུ་ལ་ལག་གིས་བརྡབས་ཏེ་སྒྲ་འབྱིན་པ་དང་། སྦལ་པའི་ཟེར་བ་དང་། ཆུའི་ནང་དུ་མཆུ་བཙུགས་ན་ས་བླག་བླུག་ཟེར་བ་དང་། ཆུས་ཕྱར་བ་དང་། ཆུ་ལ་རྡོ་འཕྱར་བྱེད་པའང་རུང་ཆུ་
ལ་ལག་ཆངས་ཀྱིས་གཏོར་ཀྱང་རུང་། བསྐོར་བ་དང་ཆུ་ལ་ལག་པས་བསྐོར་བ་དང་། རྡོ་རྗེ་དང་ཆུ་ལ་རྡོ་རྗེ་ཐབས་སུ་འཕངས་ཀྱང་རུང་རྡོ་རྗེ་འདྲ་བ་བྲིས་ཀྱང་རུང་། ཁྲོན་པ་དང་ཆུ་ལ་དྲག་ཏུ་བསྐོར་ན་དབུས་སུ་བུ་གུ་འདྲ་བ་འབྱུང་བ་དང་། མཁྱིལ་པ་བྱེད་པ་དང་། ཆུ་བསྐྱིལ་པ་
เล่ม ๑๖๕ · หน้า 172b
དང་། འདྲི་བ་དྲངས་ན་རྩ་བའོ། །ཆུ་ལ་རི་མོ་བྲི་བ་དང་ཤུར་ཤུར་པོར་དྲངས་པ་དང་འདི་རྣམས་གག་བྱས་ཀྱང་ལྟུང་ངོ་། །བལྟུབས་པ་བསྣུན་ན་ཉེས་བྱས། ཆུ་ལ་བེམ་རྟོལ་བསྣུན་པ་ནི་ཉེས་བྱས། རྫ་མ་དང་ཕྲུ་བ་དང་རིལ་བ་དང་ཕོར་བུར་རོ། །འདི་རྣམས་ཀྱི་ནང་ན་ཆུ་འདུག་
པ་ལ་གོང་མའི་རིམ་པ་ལྟར་རྩེས་ན་ཉེས་བྱས། བུ་རམ་ཁུ་བ་དང་ཚོད་མ་དང་ཐུག་པ་དང་ཆན་ཁུ་བསྲོས་པ་ཡོད་པ་ལ་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་ཀྱི་ཁུ་བ་ལ་རྟག་ཏུ་སྨོས་པ་ལྟར་རྩེས་ན་ཉེས་བྱས། ཆུ་མ་ཡིན་པ་ལ་དགའ་བ་ཡང་ངོ་། །འོ་མ་ལ་སོགས་པ་ལ་རྩེས་
ནའང་ཉེས་བྱས། དེ་བཞིན་དུ་བྱེད་དུ་བཅུག་པ་ཡང་འགྱུར་རོ། །ལྟག་ཏུ་སྨོས་པའི་རྩེད་མོ་རྣམས་གཞན་བྱེད་དུ་བཅུག་ནའང་ལྟུང་བར་འགྱུར་རོ། །ཏྲོག་ཏྲོག་པོའི་དགའ་བ་མྱོང་བར་འདོད་པས་སོ། །ཆུའི་ནང་དུ་རྩེ་བའི་ལྟུང་བ་ནི་རྩེད་མོ་འམ་དགའ་བའི་སེམས་ཏྲོག་ཏྲོག་པས་
རྩེས་ན་ལྟུང་ངོ་། །དེ་བས་ན་སིམ་པ་འདོད་པའི་ཕྱིར་ཞུགས་ན་ལྟུང་བ་མེད་དོ། །རྩེད་མོའི་སེམས་ཀྱིས་ཆུ་ལ་རྩེས་པས་ལྟུང་བས་ན་འདི་ནི་ཚ་ཞིང་མི་བདེ་བ་བསིལ་བར་བྱ་བའི་ཕྱིར་ཆུར་ཞུགས་ཤིང་བཀྲུས་པ་ནི་ཉེས་མེད། རྐྱལ་སློབ་པས་ཞེང་ངམ་ཆུར་འབད་ནའོ། །རྩེ་བའི་
ཕྱིར་ནི་མ་ཡིན་གྱི་བདག་ལ་ཕན་པར་བྱ་བའི་ཕྱིར་ལྐོག་དབེན་པར་རྐྱལ་སློབ་པ་ནི་ཉེས་མེད། བསྒྲང་པའི་ཕྱིར་དྲོན་པོ་ལ་བྲིས་ན་གྲངས་ནའོ། །ཚ་བ་ལ་སོགས་པ་བསྒྲང་བའི་ཕྱིར་ཐུག་པ་ལ་སོགས་པ་ལ་གཟར་བུ་དང་ཁ་གཟར་དང་སྐྱ་བས་དཀྲུགས་པ་ནི་ཉེས་མེད། གཤེར་བ་ལ་
དགའ་བའོ། །ཆུའི་ནང་ན་དགའ་ཞིང་བརྩེ་བའི་ལྟུང་བ་རྫོགས་སོ།། །།ལྷན་ཅིག་གི་ལྟུང་བ་ལ་འཆད་དེ། བུད་མེད་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་གཉིད་ལོག་པའོ། །བུད་མེད་དང་ལྷན་ཅིག་ཏུ་ཁྱིམ་གཅིག་གི་ནང་དུ་ལྷན་ཅིག་ཉལ་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་
ནུབ་མོ་མཐས་སོ། །བུད་མེད་དང་ལྷན་ཅིག །ཉལ་ཏེ་ཞག་གཅིག་གི་སྐྱ་རེངས་བྱུང་ནས་ལྟུང་བར་འགྱུར་ཏེ་ཡན་ལག་གཉིས་དང་ལྡན་ན་ལྟུང་བར་འགྱུར། སྔ་མ་ནི་ཉེས་བྱས་པའོ། །བུད་མེད་དང་དང་པོ་ལ་ཉལ་ནས་སྐྱ་རེངས་མ་བྱུང་གི་བར་དུ་ནི་ཉེས་བྱས། བྱ་གག་མོ་ཙམ་
เล่ม ๑๖๕ · หน้า 173a
ཡང་འདི་བྱེད་པ་མཐའོ། །བུད་མེད་མ་ཡིན་པ་གཞན་མོ་དང་ཉལ་ན་བྱ་གག་ཙམ་ཡན་ཆད་དང་ཁྱིམ་གཅིག་ཏུ་ཞག་ལོན་ན་ཉེས་བྱས་སོ། །མོ་དུ་ཡོད་པ་བཞིན་དུ་ཉེས་བྱས་རེ་རེར་འགྱུར་རོ། །བུད་མེད་དང་ལྷན་ཅིག་ཉལ་བའོ། །བུད་མེད་དང་ལྷན་ཅིག་
ཉལ་བའི་ལྟུང་བ་རྫོགས་སོ།། །།སྔངས་བྱེད་པ་ལ་འཆད་དེ། རྩེད་མོར་བསམ་པ་འདོད་པས་ཀྱང་འཇིགས་སྐྲག་སྔངས་བསྙེན་ཏེ་ཟེར་བ་འཇིགས་པར་བྱེད་པ་ཆེ་གེ་མོ་ཞིག་གོ་ཞེས་དགེ་སློང་ནའོ། །ཆེད་ཀར་བསྡིགས་ཀྱང་རུང་རྩེད་མོར་བསྡིགས་ཀྱང་རུང་འཇིགས་ཤིང་
བསྔང་བར་བྱ་བའི་ཕྱིར་འདྲེ་ལ་སོགས་པའི་དེ་འདྲ་བ་ཞིག་འོང་ཞེས་བྱས་ཀྱང་རུང་གཟུགས་ཉིད་འདྲེ་འདྲ་བར་བཅོས་ཏེ་བསྡིགས་ཀྱང་རུང་དགེ་སློང་ལ་སྔངས་ཤིང་སྐྲག་པར་བྱས་ན་ལྟུང་བར་འགྱུར་རོ། །གཞན་གྱིས་ཀྱང་ངོ་། །དགེ་སློང་དེ་བསྔང་བར་བྱོས་ཤིག་ཅེས་གཞན་ལ་
བྱེད་དུ་བཅུག་ཀྱང་ལྟུང་བར་འགྱུར། འཇིགས་པ་མ་སྐྱེས་ཀྱང་ངོ་། །དགེ་སློང་ལ་འཇིགས་པར་བྱ་བའི་ཕྱིར་བསྡིགས་ནས་འཇིགས་ཤིང་སྔངས་པར་མ་གྱུར་ཀྱང་ལྟུང་ངོ་། །རྩ་བ་ནི་ཡིད་ནི་མི་འོང་ནའོ། །ལྟུང་བར་འགྱུར་བ་ནི་འདྲེ་ལ་སོགས་པ་གཟུགས་མི་སྡུག་པ་དང་སྒྲ་
མི་སྙེན་པ་དང་དྲི་མི་ཞིམ་ཞིང་ཡིད་དུ་མི་འོང་བས་བསྡིགས་ན་ལྟུང་བར་འགྱུར་ཏེ་གང་གང་ཡིན་པ་འོག་ནས་འཆད་དོ། །འདི་ལྟ་སྟེ་ཡི་དགས་དང་ཤ་ཟ་བ་དང་གྲུལ་བུམ་དང་ལུས་སྲུལ་པོའོ་ཞེས་སྨྲས་པ་དང་ནག་པོའི་ནག་པོ་སོལ་བའི་ཁ་དོག་དུམ་པ་ཚིག་པ་ལྟ་བུར་ནའོ། །ཡིད་དུ་མི་
འོང་པ་ནི་འདི་རྣམས་ཡིན་ཏེ་འདི་རྣམས་གང་ཡང་རུང་བའི་གཟུགས་ཤིག་ཡོད་དེ་འོང་ངོ་ཞེས་སྨྲས་ནའང་ལྟུང་བར་འགྱུར་རོ། །སེང་གེ་དང་སྟག་དང་གཟིག་དང་ཀོ་ཀ་དང་སྤྱང་ཀི་དང་བྷྱ་སྟོ་རི་གའི་སྒྲ་དག་གིས་སོ། །མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ཞིག་འོང་ངོ་ཞེས་
བྱས་ཀྱང་རུང་རྣམས་ཀྱི་སྒྲ་ཕྱུང་སྟེ་བསྡིགས་ཀྱང་རུང་ལྟུང་བར་འགྱུར་རོ། །བཤང་གཅི་དང་ཐུག་པོའི་སྤུའི་དྲིས་སོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་དྲི་འདི་འདྲ་བ་ཞིག་ཡོད་དེ་འོང་ངོ་ཞེས་བསྡིགས་ནའང་ལྟུང་བར་འགྱུར་རོ། །ར་གོང་དང་རེ་ལྡེ་དང་ར་ཕྱར་གྱིས་རེག་པ་
เล่ม ๑๖๕ · หน้า 173b
དག་གིས་སོ། །མིང་གིས་སྨོས་པ་འདི་རྣམས་དང་འདྲ་བར་རྩུབ་མོ་ཞིག་འང་ངོ་ཞེས་བསྡིགས་ཀྱང་ལྟུང་བའོ། །ཡིད་དུ་འོང་བ་ནི་ཉེས་བྱས་པའོ། །ལྷ་ལ་སོགས་པའི་གཟུགས་དང་སྒྲ་སྙན་པ་ཡིད་དུ་འོང་བས་བསྡིགས་པ་ནི་ཉེས་བྱས་ཏེ་འོག་ནས་འཆད། འདི་ལྟ་སྟེ་ལྷ་དང་ཀླུ་དང་
གནོད་སྦྱིན་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་སྨོས་ནའོ། །ཡིད་དུ་འོང་བ་ནི་འདི་རྣམས་ཀྱི་གཟུགས་འདྲ་བ་ཞིག་འང་ངོ་ཞེས་སྨྲས་ཀྱང་རུང་འདི་རྣམས་ཀྱི་གཟུགས་འདྲ་བར་བཅོས་ཏེ་སྨྲས་ཀྱང་རུང་ཉེས་བྱས། ནོར་བདག་ཚོང་དཔོན་དང་དེད་དཔོན་ལ་སོགས་པའི་གཟུགས་སོ། །
ཚང་དཔོན་དང་ནོར་བདག་ཕྱུག་པོ་ལྟ་བུའི་མི་ཞིག་ཁྱོད་ལ་གནོད་པ་བྱེད་པར་འོང་ངོ་ཞེས་བསྡིགས་ན་ཉེས་བྱས། རོལ་མོ་བྷ་ན་ལ་སོགས་པའི་སྒྲ་དག་གིས་གིས་སོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་སྒྲ་ཟེར་བ་ཞིག་འོང་ངོ་ཞེས་སྨྲས་ཀྱང་རུང་འདི་ཉིད་ཀྱི་སྒྲ་སྐད་དུ་བྱས་ཏེ་བསྡིགས་ཀྱང་
རུང་ཉེས་བྱས། སྤོས་ཨ་ཀ་རུ་དང་ཙན་དན་དང་གུར་གུམ་དང་ཏ་མ་ལའི་ལོ་མའི་བསུང་དག་གིས་སོ། །མིང་གིས་སྨོས་པ་འདི་རྣམས་ཀྱི་དྲི་འདྲ་བ་ཞིག་འོང་ངོ་ཞེས་བྱས་ཀྱང་རུང་འདི་ཉིད་ཀྱི་དྲིས་བསྡིགས་ཀྱང་རུང་ཉེས་བྱས། དར་དང་སྣམ་བུ་དང་པགས་པ་དང་གོས་ཨ་བ་ཤུག་
ཀ་དང་དུ་གུ་ལ་དང་ཀོ་དུ་འབའ་ཀ་རྣམས་དག་གིས་སོ། །མིང་གིས་སྨོས་པ་འདི་རྣམས་ལྟར་འཇམ་པ་ཞིག་འོང་ངོ་ཞེས་བྱས་ཀྱང་རུང་འཇམ་པོ་འདི་རྣམས་ཀྱིས་རེག་པར་བྱ་སྟེ་བསྡིགས་ཀྱང་རུང་ཉེས་བྱས། མ་གཏོགས་པ་ནི་སྐྱོ་བའི་ཕྱིར་བའོ། །མི་སྡུག་ཅིང་འཇིགས་པར་སྨྲས་ཀྱང་
ལྟུང་བར་མི་འགྱུར་བ་ནི་ཆགས་པ་དང་དབྲལ་ཞིང་འཁོར་བ་ལས་སྐྱོ་བར་བྱ་བའི་ཕྱིར་མི་སྡུག་ཅིང་མི་སྙན་པའི་ཆོས་བཤད་ཀྱང་ཉེས་མེད་དོ། །དེ་བས་ན་སྐྱོ་བའི་ཕྱིར་སེམས་ཅན་དམྱལ་བ་དང་བྱོལ་སོང་དང་ཡི་དགས་དང་མིའི་གཏམ་ལ་སོགས་པ་ནི་ལྟུང་བ་མེད་དོ། །སྐྱོ་ཞིང་ཆགས་
པ་དང་བྲལ་བའི་ཕྱིར་ལམ་རྒྱུད་ལྔའི་སེམས་ཅན་ན་རག་ལ་སོགས་པ་སྡུག་བསྔལ་བའོ། །འཇིགས་པའོ་གནོད་པའོ། །མི་གཙང་ངོ་ཞེས་བྱ་བ་ལ་སོགས་པའི་ཆོས་བཤད་ཅིང་སྨྲས་པ་ནི་ཉེས་མེད་དོ། །སྔངས་བྱེད་དོ། །སྔངས་པར་བྱེད་པའི་ལྟུང་བ་རྫོགས་སོ།། །།སྦེད་
เล่ม ๑๖๕ · หน้า 174a
པའི་ལྟུང་བ་ལ་འཆད་དེ། འདིའི་རབ་ཏུ་འབྱུང་བའི་ཡོད་པ་ལྷུང་བཟེད་དང་གོས་དང་སྣོད་དང་ཕོར་བུ་དང་ལུས་བཅིང་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦས་པའོ། །སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་བྱུང་བ་དགེ་སློང་ཕོ་མོ་དང་དགེ་སྦྱོང་ཕོ་མོ་དང་དགེ་སློང་
ཕ་མ་གང་ཡང་རུང་བ་སྟེ་དེའི་ཡོ་བྱད་མིང་གིས་སྨོས་པ་འདི་རྣམས་ལས་སྦས་ན་ལྟུང་བའོ། །མིང་གིས་སྨོས་པ་འདི་རྣམས་ལ་མ་གཏོགས་ཤིང་དགེ་སློང་གིས་གོས་སུ་བརྟགས་ཤིང་སྔགས་ཆགས་པའི་རྫས་ཤིག་ལས་སྦས་ནའང་ལྟུང་བ། དགེ་སློང་གིས་གོས་མ་བརྟགས་པ་
ཞིག་སྦས་ན་ཉེས་བྱས། སྦེད་དུ་བཅུག་པ་ཡང་ངོ་དགེ་སློང་དང་དགེ་སྦྱོང་གིས་རྫས་ལ་གཞན་ཞིག་ལ་སྦེད་དུ་བཅུག་ནའང་ལྟུང་བར་འགྱུར་རོ། །མ་གཏོགས་པ་ནི་ཕན་པར་འདོད་པའི་ཕྱིར་རོ། །ཕན་པར་བྱ་བའི་ཕྱིར་ཡོ་བྱད་ལ་གཡེལ་ཞིང་ལེ་ལོ་བྱེད་པ་ལ་ཕྱིས་ལེ་ལོ་མི་བྱེད་པའི་
ཕྱིར་སྐད་ཅིག་སྦས་ཏེ་བསྡིགས་པ་དང་མི་དགེ་བའི་གྲོགས་པོའི་གན་དུ་འགྲོ་བའམ་ཉོན་མོངས་པར་འགྱུར་བ་གནས་སུ་འགྲོ་བ་ལ་མི་བཏང་བའི་ཕྱིར་རྫས་གཏར་བཟུང་བ་ནི་ཉེས་མེད་དོ། །སྦེད་པའོ། །སྦེད་པའི་ལྟུང་བ་རྫོགས་སོ།། །།མ་ཕྱུང་བའི་ལྟུང་བ་ལ་འཆད་དེ། དགེ་
སློང་གིས་གོས་ཐལ་བྱུང་བྱིན་པ་ལས་གནང་བ་མེད་པར་ཀུན་སྤྱོད་པའོ། །བདག་གིས་དགེ་སློང་གྲོགས་ལ་གོས་གཏན་བྱིན་པ་ལས་སླར་བརྙ་ཞེས་ཀྱང་མ་བྱས་ཁོ་ཅི་བདེར་སྤྱོད་ཅེས་ཀྱང་མི་ཟེར་བར་ཐུག་ཐུབ་ཏུ་གྱོན་ན་ལྟུང་བར་འགྱུར། དེ་སྟེ་དེའི་གཞིས་དེ་དགའ་བར་འགྱུར་ན་མ་
ཡིན་ནོ། །བདག་གིས་གོས་སྦྱིན་པའི་དགེ་སློང་དེ་དང་བདག་གཉིས་སུ་ངོ་མཚར་དུ་སྒོར་མཛའ་སྟེ་ཁོའི་གོས་ལ་སོགས་པ་བདག་གིས་ཐུག་ཐུབ་ཏུ་གྱོན་ཅིང་སྤྱད་ན་ཁོ་དགའ་བར་འགྱུར་བ་ནི་སྤྱད་ཀྱང་ཉེས་མེད་དོ། །བྱིན་ཏེ་འཚོ་བའོ། །བྱིན་ཏེ་འཚོ་བའི་ལྟུང་བ་རྫོགས་སོ།། །།
སྐུར་པའི་ལྟུང་བ་ལ་འཆད་དེ། གཞིག་པར་འདོད་པ་སྟེ་དགེ་སློང་ནའོ། །བདག་གིས་དགེ་སློང་གྲོགས་ཤིག་ལ་ཚངས་པར་སྤྱོད་པའི་བར་ཆད་དང་སྨད་ཅིང་གཏམ་ངན་པར་བྱ་བའི་ཕྱིར་བརྫུན་གྱིས་སྐུར་ན་ལྟུང་བར་འགྱུར་ཏེ་དགེ་སྦྱོང་དང་ཁྱིམ་པ་ནི་མི་བྱའི་དགེ་སློང་
เล่ม ๑๖๕ · หน้า 174b
ལ་ཤེས་བཞིན་དུ་སྐུར་པ་ལས་ལྟུང་བའོ། །འདུ་ཤེས་སྦས་པ་དགེ་འདུན་གྱི་ལྷག་མའི་ལྟུང་བའོ། །བདག་གིས་བདེན་པའི་ཚིག་སྦས་ཏེ་བརྫུན་ལ་གནས་ནས་དགེ་སློང་གྲོགས་ལ་དགེ་འདུན་གྱི་ལྷག་མར་སྐུར་ན་ལྟུང་བར་འགྱུར། བསྒོའོ། །སྐུར་པ་ནི་བདག་གིས་
དགེ་སློང་གཞན་ལ་སྨྲས་པ་ལས་ལྟུང་བར་འགྱུར་རོ། །བགས་ཀྱིས་ཀྱང་དགེ་སློང་འདྲ་བ་བྱ་མ་ལ་པུ་ཏྲ་ལ་ཨུ་ཏྤ་ལ་བར་གནས་ཕྱག་འཚལ་བའི་ཚེ་གོས་ཀྱི་མཐའ་མས་དགེ་སློང་གི་མགོ་ལ་རེག་པ་དང་མི་དྲ་བུ་མི་ཀས་ལྷག་མའི་ཆོས་སྐུར་ཏེ་དེ་འདྲ་བའི་བགས་ལས་ལྷག་པར་སྐུར་ན་ལྟུང་
བར་འགྱུར་རོ། །སྐུར་པའི་ལྟུང་བའོ། །སྐུར་པའི་ལྟུང་བ་རྫོགས་སོ།། །།སྐྱེས་པ་མེད་པར་ལམ་དུ་འགྲོ་བའི་ལྟུང་བ་ལ་འཆད་དེ། འདོད་པས་ལམ་དུ་ཞུགས་པའོ། །བུད་མེད་དང་ལམ་དུ་འགྲོགས་པ་ནི་འཇིགས་པའི་རྐྱེན་ཡོད་དེ་འཕྲལ་ལ་ལམ་དུ་ཕྲད་དེ་འགྲོགས་པ་ནི་མ་
གཏོགས་ཏེ་འགྲོགས་འདོད་པའི་ཕྱིར་བུད་མེད་དང་དུས་བྱས་ཏེ་ལམ་དུ་འགྲོགས་པ་ནི་ལྟུང་བའོ། །རྒྱང་གྲགས་སོ་སོར་རོ། །བུད་མེད་དང་འགྲོགས་པ་ནི་རྒྱང་གྲགས་རེ་རེ་ཞིང་ལྟུང་བར་འགྱུར་རོ། །རེག་པའི་སྐྱེས་པ་མེད་པར་བུད་མེད་དང་འགྲོགས་པ་ལས་ལྟུང་ངོ་། །དེ་སོ་སོར་
ཕྱེད་ཅིང་ཡང་ཉེས་བྱས་སོ། །རྒྱང་གྲགས་ཕྱེད་ཅིང་ཉེས་བྱས་རེ་རེར་འགྱུར་རོ། །མ་གཏོགས་པ་ནི་བསེལ་བྱེད་པའོ། །བུད་མེད་དང་འགྲོགས་ཀྱང་ཉེས་པར་མི་འགྱུར་བ་ནི་འཇིགས་པའི་བསེལ་དུ་སྐྱེས་པ་མེད་དེ་བུད་མེད་འོངས་ནས་ངས་བསེལ་ནུས་ཞེས་ཟེར་བ་དང་དེང་ཡོད་དང་
རྐུན་པོས་ཡུལ་མི་ངོ་ཤེས་པའི་ཕྱིར་རྐུན་པོ་མི་འོང་གིས་བསེལ་བྱའོ་ཞེས་ཟེར་བ་དང་འགྲོགས་པ་ནི་ཉེས་མེད། དེས་ལམ་སྟོར་བ་ལམ་དུ་ཞུགས་པའི་ཕྱིར་ན་ཡང་ངོ་། །དགེ་སློང་ལམ་སྟོར་ཏམ་ལམ་མི་ཤེས་པ་ལ་བུད་མེད་ཀྱིས་ལམ་མཁན་བྱས་ཏེ་འགྲོགས་པ་ནི་ཉེས་མེད་དོ། །
བུད་མེད་འཇིགས་པའི་རྐྱེན་དང་བུད་མེད་ལམ་མི་ཤེས་པ་ལ་ནི་དགེ་སློང་གིས་བསེལ་དང་ལམ་སྟོན་པར་འགྲོགས་སུ་མི་གནང་ངོ་། །འགྲོ་མི་ནུས་པ་ཡང་ངོ་། །དགེ་སློང་ནད་ཀྱིས་བཏབ་པ་མ་ཆད་དེ་འགྲོ་མི་ཕོད་པ་ལ་བུད་མེད་ཀྱིས་གྲོགས་བྱས་ཏེ་རྫས་དག་ཁྱེར་ནས་ལམ་དུ་འགྲོགས་པ་ནི་
เล่ม ๑๖๕ · หน้า 175a
ཉེས་མེད་བུད་མེད་དང་ལྷན་ཅིག་འགྲོགས་པའོ། །རིག་པའི་སྐྱེས་པ་མེད་པར་བུད་མེད་དང་ལམ་དུ་ལྷན་ཅིག་འགྲོགས་པའི་ལྟུང་བ་རྫོགས་སོ།། །།བཅུ་སྟེ་གཅིག་འདས། རྐུན་འགྲོགས་ཀྱི་ལྟུང་བ་འཆད་དེ། གྲོང་འཇོམས་པའི་རྐུན་པོ་དང་ཤོ་གམ་
འཇོམས་པའི་རྐུན་པོ་དག་གོ། །གྲོང་འཇོམས་ཤིང་ཆོམ་པོ་བྱེད་པའི་རྐུན་པོ་དང་ཤོག་གམ་པ་ནོར་ཅི་དབང་བ་མི་སྦྱིན་པའི་ཕྱིར་ཤོ་གམ་དྲལ་བ་དང་ཤོ་གམ་རྐུ་བའི་ཚོང་པ་དང་འགྲོགས་ན་ལྟུང་བར་འགྱུར། བྱ་མ་རྟ་དང་རྐུན་པོས་རབ་ཏུ་བྱུང་བ་དང་ན་ཉེས་པའོ། །བྱ་མ་རྟ་དང་
མཁན་པོ་དང་ཨཱ་ཙཱརྱ་མེད་པར་རབ་ཏུ་བྱུང་བ་དང་འགྲོགས་པ་ནི་རྒྱང་གྲགས་རེ་རེ་ཞིང་ཉེས་བྱས་རེ་རེར་འགྱུར་རོ། །རྐུན་པོ་དང་ལྷན་ཅིག་འགྲོགས་པའོ། །གྲོགས་པོ་རྐུན་མ་དང་ལྷན་ཅིག་འགྲོགས་པའི་ལྟུང་བ་རྫོགས་སོ།། །།ལོ་ཉི་ཤུ་མ་ལོན་པའི་ལྟུང་བ་ལ་འཆད་དེ།
འབྷྲིད། ལོ་ཉི་ཤུར་མ་ལོན་པར་ཤེས་བཞིན་དུ་རྫོགས་པར་བྱས་པ་ལས་ལྟུང་བར་འགྱུར། ལོ་ཉི་ཤུར་མ་ལོན་པ་བསྙེན་པར་རྫོགས་པའོ། །དགེ་སྦྱོང་ལོ་ཉི་ཤུར་མ་ལོན་པར་ཤེས་བཞིན་དུ་ཁྲིམས་རྫོགས་པར་འགྱུར་ན་ལྟུང་བར་འགྱུར་རོ། །མཁན་པོས་བསྙེན་པར་
རྫོགས་པའོ། །ལོ་ཉི་ཤུ་མ་ལོན་པར་ཁྲིམས་རྫོགས་པར་བྱས་པ་ནི་མཁན་པོ་གང་ཡིན་པ་ལྟུང་བར་འགྱུར་རོ། །དེས་དེ་ལ་ཚང་ངམ་ཞེས་མི་འདྲི་བར་མི་བྱ། ཁྲིམས་རྫོགས་པར་བྱེད་པའི་དགེ་སློང་དེ་ལ་མཁན་པོ་གང་ཡིན་པས་ལོ་ཉི་ཤུ་ཚང་ངམ་ཞེས་འདྲིའོ། །ལོའང་མ་
ཚང་ལ་མ་དྲིས་ན་མ་དྲིས་པའི་ཉེས་བྱས་དང་། ལོ་མ་ཚང་བའི་ལྟུང་བ་དང་གཉིས་ཡོད་དོ། །གཞན་གྱིས་མ་ཡིན། རབ་ཏུ་རྫོགས་པར་འདོད་པ་ལ་དགེ་འདུན་གྱིས་ཀྱང་ལོ་ཚང་ངམ་ཞེས་འདྲིའོ། །ལོ་མ་ཚང་བ་ཞིག་མ་དྲིས་པ་རྫོགས་པར་བྱས་ན་མ་དྲིས་པའི་ཉེས་བྱས་
རེ་རེ་དང་ལོ་མ་ཚང་བའི་ཉེས་བྱས་རེ་རེ་ཡོད་དོ། །བརྟགས་པ་མི་ཤེས་པ་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་པར་འདོད་པ་དེ་ཁོ་བདག་གིས་ཀྱང་ལོ་གྲངས་མི་ཤེས་ལ་དགེ་འདུན་གྱིས་ཀྱང་མི་ཤེས་ན་བསྙེན་པར་རྫོགས་པར་མི་བྱ། ཐམས་ཅད་ཉི་ཤུར་ཚང་ན་
เล่ม ๑๖๕ · หน้า 175b
རབ་ཏུ་རྫོགས་པར་སྐྱེའོ། །ཁྲིམས་རྫོགས་པར་འདོད་པ་དེ་ལོ་ཉི་ཤུར་ནི་ཚང་གི་ཁོ་བདག་དང་མཁན་པོ་དང་དགེ་འདུན་གྱིས་ལོ་མ་ཚང་བར་ཤེས་ཏེ་ཁྲིམས་རྫོགས་པ་ནི་འདུ་ཤེས་མི་བཙན་གྱི་ཁྲིམས་འཆགས་སོ། །གཞན་དུ་ལོ་ཚང་བར་འདུ་ཤེས་ན་ཡང་ངོ་། །ཁྲིམས་
རྫོགས་པར་འདོད་པ་ན་དེ་ནི་ལོ་མ་ཚང་གི་ཁོ་བདག་དང་དགེ་འདུན་གྱིས་ལོ་ཚང་བར་བསམས་ཤིང་ཁྲིམས་ཕོག་པ་ཡང་ཁྲིམས་འཆགས་ཤིང་འདུ་ཤེས་ཅན་ནོ། །མི་ཤེས་སམ་མི་དྲན་ནམ་ཡིད་གཉིས་ན་ཡང་ངོ་། །ལོ་ཚང་ངམ་མ་ཚང་མི་ཤེས་སམ་མི་དྲན་ནམ་ཐེ་ཚོམ་ཟ་བཞིན་
དུ་ཁྲིམས་ཕོགས་པ་ཡང་ལོ་མ་ཚང་ཡང་ཁྲིམས་འཆགས་སོ། །ཤེས་ན་དེ་ཞིག་གོ། །སཱུ་ཏྲ་ལྟག་མ་གཉིས་ལྟར་ལོ་མ་ཚང་ལ་ཚང་བར་བསམས་པ་དང་ལོ་མ་ཚང་ལ་མི་ཤེས་སམ་ཡིད་གཉིས་སུ་ཁྲིམས་ཕོག་ན་ཕྱིས་ལོ་གྲངས་མ་ཚང་བར་ཤེས་ན་ཁྲིམས་མི་འཆགས་ཏེ་མེད་
པར་སོང་ངོ་། །དེ་སྟེ་འདི་ལྟར་ཚང་བ་ཐོབ་པ་མ་ཡིན་ནོ། །སཱུ་ཏྲ་ལྟག་མ་ལྟར་ལོ་མ་ཚང་པར་ནམ་ཤེས་ཤིང་ཚོར་བའི་ཚེ་ལོ་ཚང་ན་ཁྲིམས་རྫོགས་པའི་ཚེ་ལོ་མ་ཚང་ན་ཡང་ཁྲིམས་མེད་པར་མི་འགྱུར་ཏེ་འཆགས་སོ། །ལྷག་པ་དང་མངལ་གྱི་ཟླ་བ་དང་བཅས་པར་རོ། །ཁྲིམས་རྫོགས་པ་ལས་
ཕྱིས་ལོ་མ་ཚང་བར་ཚོར་ན་ཁྲིམས་འཆགས་ཤིང་ལོ་ཚང་བྱ་བའི་ཐབས་འདི་ཡོད་དེ། ཐོག་མ་མངལ་ན་འདུག་པའི་ཟླ་བས་ཀྱང་བསྣན་སྐར་མཁན་གྱིས་ཆོས་སུ་ལོ་ཕྱེད་དང་གསུམ་ཞིང་ཟླ་བ་གཅིག་གི་ཁོང་ནས་ལྷག་པར་འབྱིན་ཅིང་བརྩིས་དེས་ཀྱང་བསྣན་ལ་ནམ་ཚོར་བའི་ཚེར་ཚང་
ན་འཆགས། ཐོག་མ་ཁྲིམས་འབོགས་པའི་ཚེ་ནི་ཉི་ཤུར་མ་ཚང་བར་ཤེས་ན་མངལ་གྱི་ཟླ་བ་བསྣན་ཀྱང་ཁྲིམས་མི་འཆགས་སོ། །མ་ཚང་བ་བསྙེན་པར་རྫོགས་པའིའོ། །དགེ་སྦྱོང་ལོ་ཉི་ཤུར་མ་ཚང་བ་བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།ས་རྐོ་བའི་
ལྟུང་བ་ལ་འཆད་དེ། བརྐོས་སམ་རྐོར་བཅུག་ནའོ། །བདག་གིས་བརྐོས་ཀྱང་རུང་གཞན་གྱིས་རྐོར་བཅུག་ཀྱང་རུང་ལྟུང་བར་འགྱུར་རོ། །སའི་སའོ། །བྱེ་མ་དང་གསེག་མ་མ་ཡིན་པ་ས་བཟང་པོ་འཐས་པ་ལས་བརྐོས་ན་ལྟུང་བར་འགྱུར། མ་གཏོགས་པ་ནི་སོར་བཞི་ཙམ་གྱི་ཕུར་
เล่ม ๑๖๕ · หน้า 176a
བུས་བརྐོས་པ་སྟེ་ལས་སར་པ་པས་སྐར་མའི་ཆོ་ག་ལ་བརྟག་པར་བྱེད་པར་མེད་ནའོ། །ལྟུང་བར་མི་འགྱུར་བ་ནི་གཙུག་ལག་ཁང་རྩིག་པའི་ལས་མི་ལ་སོགས་པ་མ་ཚོགས་ལ་སྐར་མ་བཟང་པོའི་ཉི་མ་ལ་བབ་སྟེ་གཙུག་ལག་ཁང་གི་མཁར་ལེན་གྱི་མགོ་
ཉི་མ་དེ་ལ་གཟུགས་དགོས་ཏེ་མི་གཞན་མེད་ན། སའི་རྔམས་སོར་བཞི་ཙམ་ཡན་ཆད་མཁར་ལེན་གྱི་རྨང་གཟུགས་པའི་མཚན་མར་དགེ་སློང་གིས་ཕུར་བུ་བཏབ་ཀྱང་ཉེས་མེད་དེ། བརྐོས་ཀྱང་ཉེས་མེད་དོ། །དེ་སྟེ་ས་རིགས་མ་ན་རྩ་བའོ། །ཐོག་མ་ནས་མ་བརྐོས་པར་འདུག་
པའམ་བརྐོས་པ་ལས་སླར་འཐས་པ་ཞིག་ལས་བརྐོས་ན་ལྟུང་བ། དེ་སྟེ་མ་ཡིན་ན་ཉེས་བྱས་པའོ། །ས་བརྐོས་ཤིང་ཀློངས་པ་ལྷར་མ་འཐས་པ་ལས་བརྐོས་པ་ནི་ཉེས་བྱས་སོ། །ཟླ་བ་གསུམ་སྤུངས་ཏེ་གནས་ན་སྔ་མའོ། །བརྐོས་ཤིང་ཀློངས་པ་ལས་ཟླ་བ་གསུམ་ལོན་པ་ནི་
བརྐོས་ནས་རིགས་མ་ལས་བརྐོས་པ་དང་འདྲ་སྟེ་ལྟུང་ངོ་། །དེས་དེ་མི་འཆད་པར་ཆར་བབ་ནའོ། །མདོ་ལྟག་མ་ཟླ་བ་གསུམ་ལོན་པ་ནི་རྟག་ཏུ་ཆར་རྒྱུན་མི་འཆད་པར་བབ་ནས་རིགས་མར་གྱུར་ཏེ་བརྐོས་ན་ལྟུང་ངོ་། །གཞན་དུ་ན་དྲུག་གིས་སོ། །ས་བརྐོས་ཤིང་ཀློངས་པ་ཆར་པ་
ལྟག་ཏུ་མ་བབ་པ་ཞིག་ན་ཟླ་བ་དྲུག་ལོན་ན་རིགས་མར་འགྱུར་ཏེ་བརྐོས་ན་ལྟུང་། རྩིག་པ་ནི་ས་མ་ཡིན་པ་རིགས་མ་ཡིན་ནོ། །རྩིག་པ་ཞིག་བརྐོས་ཤིང་དྲལ་ནའང་ལྟུང་བར་འགྱུར་འདུས་པའི་མཚན་མ་མང་པ་བཙན་ནོ། །ས་བྱེ་མའང་བཟང་པོ་འདྲེས་པ་གང་མང་བ་བཙན་ནོ། །
དེ་བས་ན་ཐམས་ཅད་རྫས་ཉུང་ངུ་དང་ལྷན་ཅིག་པའོ། །སཱུ་ཏྲ་ལྟག་མ་ལྟར་ས་བཟང་ངན་གང་མང་བ་བཙན་པས་བཟང་པོ་མང་བ་ལས་བརྐོས་ན་ལྟུང་བ། ངན་པ་བྱེ་མ་མང་བ་ལས་བརྐོས་ན་ཉེས་བྱས། ཚིག་པ་ནི་མ་རུང་བའོ། །ས་ཚིག་པ་ནི་མ་རུང་བ་སྟེ་ས་ངན་པའི་ནང་དུ་བརྩི་
སྟེ་བཟང་པོར་མི་བརྩིའོ། །མ་རུང་བ་ནི་ཕྱེད་དོ། །ས་ཚིག་པ་ངན་པ་ལ་བརྐོས་པ་ནི་ཉེས་བྱས། འཕགས་པ་ས་ཞག་དང་རྩིག་པའི་སྐྱང་ནུལ་དང་གད་པ་ཡང་ངོ་། །ས་སྐྲངས་པ་ལྟ་བུར་འཕགས་པ་ལས་བཀོགས་པ་དང་ས་ཞག་འཕགས་པ་ལས་བཀོགས་པ་དང་སྐྱང་ནུལ་དང་གད་པ་
เล่ม ๑๖๕ · หน้า 176b
འཕགས་པ་ལས་བརྐོས་ཤིང་བཀོགས་པ་ནི་ཉེས་བྱས། ས་མ་རྡོ་དང་བྱེ་མ་ལ་སོགས་པ་མང་ན་ཡང་ངོ་། །ས་མ་རྡོ་དང་བྱེ་མ་དང་ས་བཟང་པོ་དང་འདྲེས་པ་ལ་ས་མ་རྡོ་དང་བྱེ་མ་མང་བ་ལ་བརྐོས་ན་ཉེས་བྱས། བྱེད་པ་ཡང་ངོ་། །བྱེད་པར་བྱས་ནའང་ཉེས་བྱས་སུ་འགྱུར་བ་
ཡིན་ཏེ་འོག་ནས་འཆད་པ་ཡིན། ཕུར་པ་འབྱིན་པ་དང་འདྲི་བ་འདྲེན་པ་དང་ལྕི་བས་དང་བཅས་ཏེ་བཀོགས་པ་དང་འདམ་བསྐུལ་པ་དེར་ཆགས་པ་རྫ་མ་ལ་སོགས་པ་དྲངས་པ་དང་བ་ཚ་ཅན་བཞར་བ་དང་དེར་ཀློང་བར་བསམས་ན་ཡང་དེར་རོ། །བྱེད་པ་ནི་འདི་རྣམས་ཏེ་མིང་གིས་
སྨོས་པ་འདི་རྣམས་ལས་གག་བྱས་ཀྱང་ཉེས་བྱས་སུ་འགྱུར་རོ། །དེ་བས་ན་འགྲོ་བ་དང་རྩི་བ་ལ་སོགས་པར་བསམས་པ་ནི་ལྟུང་བ་མེད་དོ། །ས་མ་རུང་བར་བྱ་བར་བསམས་པར་ཕན་ཚུན་འགྲོ་བའི་ལམ་དུ་སྣད་ཅིང་གོགས་པ་དང་རྩིས་བྱེད་པའི་ཕྱིར་རི་མོར་བྲིས་པ་ནི་ཉེས་མེད་
དོ། །ས་མ་རུང་བར་བྱས་པའོ། །ས་རྐོ་བའི་ལྟུང་བ་རྫོགས་སོ།། །།མགྲོན་གྱི་ལྟུང་བ་ལ་འཆད་དེ། རབ་ཏུ་བསླང་བར་མི་བྱ། བདག་ཁ་ཟས་འདོད་པའི་ཕྱིར་འདི་བསླང་ཞེས་མི་བྱ། བསླངས་ན་ཉེས་བྱས་ཟོས་ན་ལྟུང་བ། རིགས་པ་ནི་དུས་མ་བསྒོ་བ་དེ་མི་འགྱུར་བར་
ཁས་བླངས་པའི་མཆོད་སྟོན་ལ་གྲོང་དུ་འགྲོ་བའོ། །མཆོད་སྟོན་ལ་སྤྱན་དྲངས་ཏེ་ཤོག་ཤིག་པར་བསྒོ་ནས་སྤྱན་འདྲེན་པ་མེད་པར་སྤྱན་དྲངས་པའི་གནས་སུ་སོང་ཡང་ཉེས་མེད། དུས་འདས་ནས་འདྲེན་པར་བསྐུལ་བའོ། །མཆོད་སྟོན་ལ་སྤྱན་དྲངས་པ་ལས་གདུགས་ཚོད་འདས་
སུ་ཉེ་ན་མྱུར་དུ་རིམས་ཤིག་ཅེས་བསྒོ་ན་ཡང་ཉེས་མེད་དོ། །འབྲུ་ལ་སོགས་པ་ལ་མི་བརྟེན་ཁྱིམ་པའི་ཁྱིམ་དུ་སྤྱན་དྲངས་པ་ལས་བདག་ཅག་གི་ཕྱིར་སྟན་བཏིང་ཞིང་འདུག་པ་ལ་ཁྱིམ་པ་རྒྱུས་མི་ཤེས་ཏེ་བཞུགས་ཞེས་མི་ཟེར་ཡང་འཁོད་ཀྱང་ཉེས་མེད། སོ་སོར་སྤྱན་དྲངས་པ་ཡང་
བདག་གིར་བྱ། བདག་འབའ་ཞིག་གུད་དུ་ཟིན་གྱི་ཕྱིར་སྤྱན་དྲངས་ན་སོང་ཡང་ཉེས་མེད་དོ། །དགེ་འདུན་དང་ལྷན་ཅིག་ཏུ་སྤྱན་དྲངས་ན་ཡང་ངོ་། །དགེ་འདུན་སྤྱི་སྤྱན་དྲངས་པའི་འོག་ཏུ་བདག་གུད་དུ་ཡང་སྤྱན་དྲངས་པ་ཡང་ཉེས་མེད་དོ། །བདག་ལ་ལན་གཉིས་སྤྱན་དྲངས་པ་ལ་
เล่ม ๑๖๕ · หน้า 177a
བྱའོ། །དུས་ཐམས་ཅད་དུ་ཡང་ངོ་། །ཚེ་གཅིག་ཏུ་བདག་གིས་ཟན་སྦྱར་རོ་ཞེས་ཟེར་ཏེ་སྤྱན་དྲངས་པ་ལ་དེར་སོང་ཞིང་འདུག་ཀྱང་ཉེས་མེད། སྤྱན་དྲངས་པ་ཁྱད་པར་གཞག་པ་མེད་པར་སྤྱན་དྲངས་ཀྱི་འདི་སྲིད་ཅིག་འདུག་ཤིག་ཅེས་ཞག་གྲངས་བཅད་པ་
མེད་པ་དང་། གཞན་དུ་སྤྱན་དྲངས་པ། བདག་འབའ་ཞིག་གུད་དུ་ཟིན་གྱི་ཕྱིར་སྤྱན་དྲངས་པའང་མ་ཡིན་པ་དང་། ཡང་ཡང་ངམ་སང་ཡང་འདིར་གསོལ་ཅིག་གནངས་ཀྱང་འདིར་གསོལ་ཅིག་ཅེས་ཟེར་བ་ལའང་བྱ། བདག་གུད་དུ་འགྲོ་བ་ལ་འདིར་འདུག་ཤིག་ཅེས་
ལན་དུ་མར་ཟློས་ཤིང་ཟེར་བ་དང་། ཤིན་ཏུ་ལྷག་པར་སྤྱན་དྲངས་པ་མ་བྱས་པར། ཚེ་གཅིག་ཏུ་ངས་སྤྱན་དྲངས་ཏེ་ཟས་རྟག་པར་སྦྱར་རོ་ཞེས་མ་བྱས་པར་འདུག་པ་དང་། ཟླ་བ་བཞི་ཟིན་པ་ལས་ལྷག་པར་འཆང་བ་ཟོས་ནའོ། །མིང་གིས་སྨོས་པ་འདི་རྣམས་གག་ཀྱང་རུང་
གཅིག་ཀྱང་མི་ཟེར་བར་ཟླ་བ་བཞི་ལས་ལྷག་པར་སྦྱིན་བདག་གི་ཁྱིམ་དུ་འདུག་ཅིང་ཟན་ཟོས་ན་ལྟུང་བའོ། །ཟླ་བ་བཞི་ལས་ལྷག་པར་ན་ཟན་དུ་ཟོས་པ་ལྟུང་བ་རེ་རེ། བསླངས་པ་ནི་ཉེས་བྱས་པའོ། །གཉེན་མ་ཡིན་པའི་ཁྱིམ་པ་ལ་ཟན་བསླངས་ན་སློང་བའི་ཚེ་ཉེས་བྱས།
ཟོས་ན་ལྟུང་བ་འདྲིམ་ཞིང་བསླངས་ན་ཉེས་བྱས་ཟོས་ན་ལྟུང་། ལྟུང་བ་མེད་པ་ནི་ནད་པའི་འོ། །ནད་པ་ནི་ཁ་ཟས་ཅི་འདོད་པ་བཞིན་དུ་བསླངས་ཏེ་ཟོས་ཀྱང་ཉེས་མེད། གཉེན་ཀྱང་ངོ་། །གཉེན་ལ་བསླངས་ཏེ་ཟོས་ཀྱང་ཉེས་མེད། རྣམ་པར་མྱོས་ན་སྔ་མ་དང་སོ་སོར་རོ། །དགེ་
སློང་ཡོན་བདག་གིས་ཟླ་བ་བཞིར་དུས་བཅད་དེ་བཞག་པ་ལས་ཞག་གྲངས་མ་ཚང་པར་སླར་ཁྲིམས་ཕུལ་བའམ། མྱོས་པ་ལས་སླར་དྲན་ནམ་ཁྲིམས་ནོས་ཏེ་སྦྱིན་བདག་གིས་ཞག་གྲངས་བཅད་པ་ཅི་མ་ཚང་བ་སླར་ཟན་དུ་ཟོས་པ་ལྟུང་བ་རེ་རེར་འགྱུར་རོ། །དེས་སྤྱན་དྲངས་པའི་
ཉེས་བྱས་པའོ། །སཱུ་ཏྲ་ལྟག་མ་ལྟར་ཞག་གྲངས་བཅད་དེ་སྔར་སྤྱན་དྲངས་པ་ལས་ཞག་མ་ཚང་པར་ཁྲིམས་ཕུལ་ལམ་མྱོས་ཏེ་སོང་བས་ཕྱིས་སྤྱན་དྲངས་པར་ཡོན་བདག་ལ་སློང་དུ་སོང་བའི་ཕྱིར་ལྟུང་བར་འགྱུར་རོ། །སྔོན་ལོགས་སུ་ཡང་གང་གིས་སྤྱན་མ་དྲངས་པས་ཀྱང་
เล่ม ๑๖๕ · หน้า 177b
ངོ་། །སྦྱིན་བདག་ན་རེ་རྟག་ཏུ་བཟང་པོ་བཟར་ནི་མེད་ཀྱི་ངེད་ཅི་ཟ་བ་བཞིན་དུ་སྦྱིན་ནོ་ཞེས་ཟེར་ཏེ་གཞག་པ་ལས་འདི་འདོད་དོ་ཞེས་བཟང་པོ་ཞིག་བསླངས་ཏེ་ཟོས་ན་ལྟུང་བའོ། །སྤྱན་དྲངས་པའི་ཕྱིར་རབ་ཏུ་བསྙེན་པའོ། །སྤྱན་མ་དྲངས་པར་ཟླ་བ་བཞི་ལས་ལྷག་པར་འདུག་པའི་
ལྟུང་བ་རྫོགས་སོ།། །།སློབ་པའི་ལྟུང་བ་ལ་འཆད་དེ། འབྷྲིད། དགེ་སློང་མཁས་པས་བསྟན་པར་ཤེས་བཞིན་པ་ལས་ལྟུང་སྟེ་ཡན་ལག་གཅིག །མངོན་པར་ཤེས་ནའོ། །དགེ་སློང་སྟོན་པ་དེ་ཡང་མཁས་ཤིང་ཤེས་པ་ལ་མི་ཤེས་སོ། །སླར་སྨྲས་པ་ལས་ལྟུང་བར་འགྱུར་ཏེ་
ཡན་ལག་གཅིག་སྟོན་ནའོ། །དགེ་སློང་མཁས་པས་བསྟན་ཅིང་བསླབས་པ་ལ་མི་སློབ་པོ་ཞེས་བྱ་བ་ལས་ལྟུང་སྟེ་ཡན་ལག་གཅིག་བསླབ་པ་ལའོ། །སློབ་པ་འདུལ་བའི་ཚིག་ཡིན་པ་བསྟན་པ་ལས་ལྟུང་སྟེ་ཡན་ལག་གཅིག་སྟེ་ཡན་ལག་འདི་རྣམས་དང་ལྡན་ན་སློབ་པ་ལ་སླར་
ལོག་པའི་ལྟུང་བའོ། །ཁྱོད་ཀྱིས་འདི་སློབས་ཤིག་ཅེས་བསྟན་པའམ། ཉེ་བར་བསྟན་པ་ན་དགེ་སློང་གིས་མི་སློབ་པོ་ཞེས་མི་ཤེས་པར་བསྒོ་ཞིང་བསྒྲགས་པ་འདིའི་ཕྱིར་ངག་གིས་བརྗོད་ནའོ། །དགེ་སློང་སྡེ་སྣོད་གསུམ་ཤེས་པ་མཁས་པ་ཞིག་གིས་འདུལ་བའི་ཚིག་ལས་
སློབས་ཤིག་ཅེས་བྱས་ཀྱང་རུང་སོ་སོར་དམིགས་ཀྱིས་ཕྱེ་སྟེ་འདི་སློབས་ཤིག་ཅེས་བསྟན་པ་ལས་ཁྱོད་ཀྱིས་བསྟན་པ་དེང་མི་སློབ་ཀྱི་གཞན་མཁས་པ་ལ་སློབ་པོ་ཞེས་ཟེར་ཞིང་དགེ་སློང་མཁས་པ་དེ་ལ་མི་ཤེས་པར་སྨད་པར་བྱ་བའི་ཕྱིར་ཁྱོད་ལྟ་བུའི་མི་ཤེས་པའི་ཚིག་ང་མི་
ཉན་ཏོ་ཞེས་ཁས་སྨྲས་ན་ལྟུང་བར་འགྱུར། མདོ་སྡེའི་ན་ཉེས་བྱས་པའོ། །དགེ་སློང་མཁས་པས་མདོ་སྡེ་དང་མ་ལྟ་བུའི་ཚིག་གི་ནང་ན་ཁྲིམས་འདུག་པ་དང་མདོ་སྡེ་དང་མ་ལྟ་བུ་ཉིད་ལ་མི་སློབ་པོ་ཞེས་སླར་བཟློག་པ་ནི་ཉེས་བྱས། བསླབ་པས་སྟོབས་པ་སྤོང་བའོ། །དགེ་
སློང་གིས་བསྟན་པ་ལ་མི་སློབ་པོ་ཞེས་ཟེར་བའི་ལྟུང་བ་རྫོགས་སོ།། །།འཐབ་པའི་ལྟུང་བ་ལ་འཆད་དེ། དགེ་སློང་གིས་རྩོད་པར་དགེ་སློང་དག་དང་གྲོས་བྱེད་པ་མཉན་པའི་ཕྱིར་ན་སྟེ་མ་གཏོགས་པ་ཞི་བར་འདོད་པས་མཉན་ནའོ། །དགེ་སློང་དག་འཐབ་ཅིང་འཁོད་ཀྱང་རུང་
เล่ม ๑๖๕ · หน้า 178a
འཐབ་པར་གྲོས་བྱེད་འཇབ་ཅིང་ཉན་ནས་ཁོང་དེ་སྐད་ཟེར་གྱིས་བདག་ཀྱང་ཐབས་འདི་ལྟར་སྦྱར་ཞིང་བྱའོ་ཞེས་བསམས་ཤིང་ཉན་ན་ལྟུང་བར་འགྱུར་རོ། །ལྟུང་བར་མི་འགྱུར་བ་ནི་འཇབ་ཅིང་མཉན་ན་དཀྲུག་པར་བྱ་བ་དང་ཐབས་ཤོམ་པའི་ཕྱིར་ནི་མ་ཡིན་གྱི་
འདུམ་ཞིང་རྩོད་པ་ཞི་བར་བྱ་བའི་ཕྱིར་ནི་ཉེས་མེད་དོ། །སྒྲ་ཙམ་ཐོས་པ་ནི་ཉེས་བྱས་པའོ། །འཐབ་རྩོད་ཅིང་འཁོད་པ་ལ་ཚིག་གི་དོན་ནི་མ་ཐོས་ཀྱི་སྒྲ་ཙམ་ཐོས་པ་ཞིག་ཏུ་མཉན་ན་ཉེས་བྱས་སོ། །དོན་ན་རྩ་བའོ། །འཐབ་པའི་ཚིག་གི་དོན་ཐོས་པར་མཉན་ན་ལྟུང་བའོ། །
དཀྲུག་པའི་ཕྱིར་ཞུགས་ན་ཡང་ངོ་། །འཐབ་མོ་བྱེད་པ་ལ་དཀྲུག་པའི་ཕྱིར་ཆེད་ཀར་སོང་སྟེ་མཉན་ཏམ་དཀྲུགས་ན་ལྟུང་བར་འགྱུར། དོན་གྱི་ཕྱིར་གྱི་དབང་གིས་ཐུག་སྟེ། ཚོར་བའི་འོག་ཏུ་རྐང་པ་དང་སེ་གོལ་དང་ལུད་པའི་སྒྲ་ལ་སོགས་པས་ཚོར་བར་མ་བྱས་སམ་རྨོངས་
པའམ་ཞི་བའི་ཕྱིར་མ་ཡིན་ན་ལྟུང་བའོ། །འཐབ་པ་ལ་ཆེད་ཀར་མཉན་པའི་ཕྱིར་ནི་མ་སོང་གི་དོན་གཞན་ཞིག་གི་ཕྱིར། སོང་སོང་བ་ལས་འཐབ་ཅིང་འཁོད་པ་ཞིག་གི་སྟེང་དུ་བབ་ན་ལུད་པའི་སྒྲའམ་རྐང་པའི་སྒྲ་དང་སེ་གོལ་གྱི་སྒྲ་ལ་སོགས་པ་ཕྱུང་སྟེ་ཚོར་བར་མ་བྱས་ཤིང་
མཉན་ན་ལྟུང་བའོ། །སྨྱོས་སམ་མྱ་མྱོར་ཁྱེར་ཏེ་མི་དྲན་ཏེ་འཐབ་མོ་སྐྲོད་དུ་འོངས་པ་དང་འཐབ་མོ་ཞི་བར་བྱ་བའི་ཕྱིར་འཐབ་པའི་སྟེང་དུ་འོངས་པ་ནི་ཉེས་མེད་དེ་མ་གཏོགས་སོ། །འཐབ་མོ་མི་གླེང་། དགེ་སློང་གིས་འཐབ་མོ་གླེང་བསླངས་ཏེ་འཐབ་ཏུ་མི་གཞུག་འཐབ་ཏུ་
བཅུག་ན་ཉེས་བྱས། ཉེ་བར་ཡང་མི་མཉན། འཐབ་མོ་བྱེད་པའི་དྲུང་དུ་བསྙེན་ཅིང་གྲོགས་དང་ཤུག་མགོན་མི་བྱ་བྱས་ན་ཉེས་བྱས། འདི་དག་བྱེད་ན་བསྐོར་ཅིང་མི་འདུག །འཐབ་མོ་འགྱེད་པ་ལ་བདག་གན་ན་འདུག་ན་བདག་ལ་སྟོན་ཅིང་རྒོལ་ཕོད་པའི་ཕྱིར་ཆེད་ཀར་
དྲུང་དུ་འདུག་ན་ཉེས་བྱས། ཞི་བའི་ཕྱིར་ནན་ཏན་དུ་མི་བྱ་བ་མ་ཡིན། དགེ་སློང་འཐབ་པ་ལ་བདག་གིས་བཅུག་ན་གདོན་མི་ཟ་བར་དག་མཉན་ཅིང་ཞི་བར་ནུས་པ་ཙམ་གྱི་ཚོད་ལ་མ་བཅུག་ན་ཉེས་བྱས། བདག་གིས་བཅུག་ཀྱང་མི་ཉན་ཅིང་སླར་བདག་ལ་གཤེ་བ་ཙམ་གྱི་
เล่ม ๑๖๕ · หน้า 178b
ཚོད་ན་མ་བཅུག་ཀྱང་ཉེས་མེད། ཉེ་བར་མཉན་པར་ཆུད་པའོ། །དགེ་སློང་འཐབ་པ་ལ་ཉན་པའི་ལྟུང་བ་རྫོགས་སོ།། །།མི་སྨྲ་བའི་ལྟུང་བ་ལ་འཆད་དེ། ཞུ་བ་ལ་སོགས་པ་ལས་དགེ་འདུན་དང་དགེ་སློང་ལ་མ་བྱས་པར་སོང་ནའོ། །དགེ་འདུན་འདུས་ཏེ་གསོལ་བ་དང་ཞུ་
བའི་ལས་ཤིག་བྱེད་ན་ཅི་བྱེད་ཀྱང་རུང་སྟེ་དགེ་སློང་ལམ་གྲོགས་ལ་མ་ཞུས་པར་གུད་དུ་སོང་ན་ལྟུང་བར་འགྱུར་རོ། །མཚམས་ལས་འདས་ན་རྩ་བའོ། །དགེ་འདུན་ལས་བྱེད་པའི་སྒྲ་མི་ཐོས་པར་གྱུར་ན་མཚམས་ལས་འདས་པ་སྟེ་ལྟུང་བའོ། །སྔ་མ་ནི་ཉེས་བྱས་པའོ། །འདུས་པ་
ལས་མ་ཞུས་པར་སོང་སྟེ་སྒྲ་མི་ཐོས་པར་མ་གྱུར་གྱི་བར་དུ་ནི་ཉེས་བྱས་སོ། །དོན་མེད་པ་དང་མི་རིགས་པར་སོང་ནའོ། །འདུས་ཤིང་ལས་བྱེད་པ་ལ་གཞན་དུ་དོན་མེད་པར་འགྲོའམ་ལྟད་མོ་ལ་སོགས་པ་མི་རིགས་པ་ཞིག་ཏུ་འགྲོ་ན་ཞུས་ཏེ་སོང་ཡང་ཉེས་བྱས་སོ། །ཞུ་བར་བྱས་
ཀྱང་ངོ་། །དགེ་འདུན་འདུས་ནས་ཞུ་བའི་ལས་ནི་བྱས་ཟིན་གྱི་གསོལ་བའི་ལས་མ་བྱས་པའི་བར་དུ་གུད་དུ་སོང་བའི་ཉེས་བྱས། ཆོས་མ་ཡིན་པའི་ལས་དགེ་འདུན་དོན་མེད་ཞིག་བྱེད་པར་འདུས་པའམ། ལོག་པའི་ཆོས་མི་དགེ་བ་ཞིག་བྱེད་པ་ལས་མ་ཞུས་པར་སོང་བ་ནི་ཉེས་བྱས་
སོ། །མཉན་པའི་ཡུལ་ལས་འདའ་བར་མི་འདོད་པ་ནི་ལྟུང་བ་མེད་དོ། །དགེ་འདུན་འདུས་ཏེ་ལས་བྱེད་པ་ལ་མཆིལ་མ་དོར་བའམ་འཆག་པའི་ཕྱིར་ལས་བྱེད་པའི་སྒྲ་ཐོས་པ་ཚུན་ཆད་དུ་ཕན་ཚུན་སོང་བ་ནི་ཉེས་མེད་དོ། །འདུ་བ་ལས་འགལ་བའོ། །དགེ་འདུན་ལས་བྱེད་པར་
འདུས་པ་ལས་མ་ཞུས་པར་སོང་བའི་ལྟུང་བ་རྫོགས་སོ།། །།མ་གུས་པའི་ལྟུང་བ་ལ་འཆད་དེ། འདུག་སོང་མལ་སྟན་དང་གཙུག་ལག་ཁང་ལོང་སྨྲོས་དེ་དག་བཟློག་པ་ལ་སོགས་པས་བསྙེན་པའི་ཕྱིར་མ་གུས་ཤིང་ཆོས་ཀྱི་ཞུ་བ་སྦྱིན་པ་མེད་པར་འདས་པའོ། །དགེ་འདུན་གྱིས་
མིང་གིས་སྨོས་པ་འདི་རྣམས་སྐད་དུ་བསྒོ་བ་ལ་སླར་ལོག་པར་བྱེད་པ་དང་མིང་གིས་སྨོས་པ་འདི་རྣམས་ལས་བཟློག་སྟེ་བསྒོ་བ་ལའང་སླར་འདི་ལྟར་བྱེད་པ་དང་འདི་རྣམས་ལ་མ་གཏོགས་པར་གཞན་ཅི་ལའང་རུང་སྟེ་མ་གུས་པའི་ཕྱིར་བསྒོ་བ་བཞིན་དུ་མི་བྱེད་ཅིང་ལོག་པར་བྱས་ན་
เล่ม ๑๖๕ · หน้า 179a
ལྟུང་བའོ། །དགེ་སློང་གི་དགེ་འདུན་ན་རྩ་བའོ། །དགེ་སློང་གི་དགེ་འདུན་གྱིས་བསྒོ་སྟེ་མ་གུས་པའི་ཕྱིར་མ་མཉན་ཅིང་ལོག་པར་བྱས་ན་ལྟུང་བར་འགྱུར་རོ། །མཁན་པོ་དང་སློབ་དཔོན་ལ་ནི་ཉེས་བྱས་པའོ། །མཁན་པོ་དང་སློབ་དཔོན་གྱིས་བསྒོ་བ་
ཞིག་ལ་མ་གུས་པའི་ཕྱིར་ལོག་པར་བྱས་ན་ཉེས་བྱས། ཆོས་མ་ཡིན་པས་གསོལ་བའོ། །དགེ་འདུན་གྱིས་མི་དགེ་བའི་ཆོས་ཤིག་གྱིས་ཤིག་ཅེས་བསྒོ་བ་ལས་མ་བྱས་ནའང་ཉེས་བྱས། མཁན་པོ་དང་སློབ་དཔོན་གྱིས་མི་དགེ་བའི་ཆོས་ཤིག་གྱིས་ཤིག་པར་བསྒོ་སྟེ་མ་མཉན་
ན་ཉེས་བྱས་ཕྱེད། དེ་བཞིན་དུ་སྨྲ་བས་གནོན་པའོ། །དགེ་འདུན་འདུས་ཏེ་ལས་བྱ་བའི་གྲོས་བྱེད་པ་ལ་མ་གུས་ཤིང་གཏམ་གཞན་ཟེར་ན་ཉེས་བྱས། མཁན་པོ་དང་སློབ་དཔོན་གྱིས་བསྒོ་ཞིང་གཏམ་བྱེད་པ་ལ་གཏམ་གཞན་གློ་བུར་དུ་ཟེར་བའང་ཉེས་བྱས་སོ། །དགེ་འདུན་
གྱི་སྣ་བོ་དེར་སྤྱོད་པ་ལ་ཡང་ངོ་། །དགེ་འདུན་གྱིས་ལས་སུ་བསྐོས་པ་གང་ཟག་བཅུ་གཉིས་ལས་གང་ཡང་རུང་དེས་བསྒོ་བ་ལ་མ་གུས་པའི་ཕྱིར་དེ་བཞིན་དུ་མ་བྱས་སམ་ལོག་པར་བྱས་ནའང་ལྟུང་བ། །གང་ཟག་བཅུ་གཉིས་ཀྱིས་གཞན་ཞིག་ལ་སྤྲིང་བའི་ངག་བཅག་
ནའང་ལྟུང་ངོ་། །དགེ་འདུན་བཞིན་དུ་སངས་རྒྱས་ཀྱང་ངོ་། །སངས་རྒྱས་ཀྱིས་བཀའ་སྩལ་པ་ལ་མ་གུས་པའི་ཕྱིར་མ་མཉན་ཏམ་མ་བྱས་ནའང་ལྟུང་བའོ། །སངས་རྒྱས་བཞུགས་པའི་ཚེ་ཞལ་གྱིས་བཀའ་སྩལ་པ་ལ་བྱ། རྒྱལ་པོ་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་
གནས་བརྟན་གྱི་བཀའ་མི་བཅག །རྒྱལ་པོ་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་གནས་བརྟན་དང་ཞང་བློན་དབང་ཆེན་པོས་བསྐོ་བའི་ཚིག་ལ་མ་གུས་པའི་བཅག་ནའང་ཉེས་བྱས། མ་གུས་པར་ཆུད་པའོ། །མ་གུས་པའི་ལྟུང་བ་རྫོགས་སོ།། །།ཆང་འཐུང་བའི་ལྟུང་བ་
ལ་འཆད་དེ། མྱོས་པར་འགྱུར་བའི་ལྟུང་བ་མྱོས་ཤིང་ར་རོ་བར་གྱུར་པ་ཆང་ལ་སོགས་པ་འཐུངས་ན་ལྟུང་བར་འགྱུར་རོ། །འདི་བསྐོལ་ན་འཕོས་སོ། །ཆང་དང་རྒུན་ཆང་བསྐོལ་ཏེ་ར་རོ་བར་ཡང་མི་འགྱུར་ཁ་དོག་ཀྱང་ཆང་མི་འདྲ་དྲི་འང་ཆང་མི་བྲོ་ན་འཐུངས་ཀྱང་ཉེས་མེད་དོ། །སྦང་
เล่ม ๑๖๕ · หน้า 179b
མ་དང་ཚིགས་མ་ཡོད་པ་ཟོས་ན་དེར་ཆུད་དོ། །ཆང་གི་སྦང་མ་དང་མེ་ཏོག་ལ་སོགས་པ་ལས་ཆང་དུ་བྱས་པའི་ཚིགས་མ་ཟོས་ན་ལྟུང་བའོ། །ཕབས་ནི་འདུ་བྱེད་དོ། །ཕབས་ཟོས་ན་ཉེས་བྱས་སོ། །མྱོས་པར་བྱེད་པ་ནི་རྩ་བ་དང་སྡོང་པོ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་སོ། །
མིང་གིས་སྨོས་པ་འདི་རྣམས་ལས་ཆང་དུ་བྱས་ཏེ་འཐུངས་པ་ནི་ལྟུང་བ། འདི་རྣམས་ལས་གག་ཀྱང་རུང་ཆང་དུ་ནི་མ་བྱས་ཀྱི་ཟོས་ན་སྨྱོས་པའམ་མི་དྲན་པར་འགྱུར་བ་ཞིག་ཟོས་ན་ཉེས་བྱས། ཆང་གི་དྲི་དང་རོ་མྱོས་པར་མི་བྱེད་པ་དང་བཏུང་བ་ཡང་ངོ་། །ཁུ་བ་མྱོས་པར་མི་འགྱུར་ལ་ཁ་
དོག་ཀྱང་ཆང་མི་འདྲ་ལ་རོ་ཆང་བྲོ་བ་ཞིག་འཐུངས་ན་ཉེས་བྱས། ཉེས་མེད་པ་ནི་ཁ་དོག་ཙམ་ཆང་འདྲ་བའོ། །མྱོས་པར་ཡང་མི་འགྱུར་ལ་རོ་ཡང་ཆང་མི་བྲོ་ན་ཁ་དོག་ཆང་འདྲ་བ་འཐུངས་ཀྱང་ཉེས་མེད་དོ། །སྦྱོར་བ་བཞིན་དུ་མྱང་བ་དང་ལུས་ལ་ཉུག་པའོ། །ཆང་གིས་ལུས་ལ་
བྱུགས་པ་དང་ཁར་བླུགས་ཏེ་མྱངས་ནས་ལྟོར་མ་མིད་པར་སླར་བོར་བ་ནི་ཉེས་བྱས། ན་བ་ལ་ནི་ལྟུང་བ་མེད་དོ། །ནད་པ་ལ་ནི་ཕན་པའི་ཕྱིར་ཆང་གིས་ལུས་ལ་བྱུགས་སམ་ཁས་མྱངས་ཏེ་ལྟོར་མ་མིད་པ་ནི་ཉེས་མེད་དོ། །ཆང་འཐུངས་པའོ། །ཆང་འཐུང་བའི་ལྟུང་བ་རྫོགས་
སོ།། །།དུས་མ་ཡིན་པར་ལྟུང་བ་ལ་འཆད་དེ། འབྷྲིད། ཕྱི་དྲོ་དུས་མ་ཡིན་པར་ཤེས་བཞིན་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དུས་མ་ཡིན་པ་དུས་མ་ཡིན་པར་ཕྱི་དྲོ་གྲོང་དུ་སོང་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དགེ་སློང་ཡོད་པ་ལ་མ་བྱས་ནའོ། །དགེ་
སློང་ཡོད་པ་ལ་མ་ཞུས་པར་སོང་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་གཞན། གྲོང་དུ་འཇུག་ནའོ། །དུས་མ་ཡིན་པར་གྲོང་དུ་ཡང་སོང་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་གྲོང་དུ། དེ་སྟེ་ངེས་པར་དགོས་པར་འགྲོ་ན་མ་ཡིན་ནོ། །ཆོམ་པོའམ་འཇིགས་པའི་
རྐྱེན་ཅིག་བྱུང་སྟེ་སོང་བ་ནི་ཉེས་པར་མི་འགྱུར་གྱི་འཇིགས་པའི་རྐྱེན་མེད་པར་སོང་བ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །གཞན་དུ་འཕོ་ན་ཉེས་བྱས་པའོ། །གྲོང་འདིར་འགྲོའོ་ཞེས་བྱས་པ་ལས་དེ་ཉིད་དུ་སོང་ཡང་རུང་མ་སོང་ཡང་རུང་གྲོང་གཞན་དུ་སོང་ན་ཉེས་བྱས།
เล่ม ๑๖๕ · หน้า 180a
དེར་དགེ་སློང་མེད་ན་དགེ་སློང་མའང་དེ་བཞིན་ནོ། །ཕྱི་དྲོ་གྲོང་དུ་འགྲོ་སྟེ་དགེ་སློང་མེད་ན་དགེ་སློང་མ་ལ་དྲིས་ཏེ་སོང་ཡང་ཉེས་མེད་དོ། །དེ་ནའང་དགེ་སྦྱོང་ལའོ། །དྲིར་དགེ་སློང་མ་ཡང་མེད་ན་དགེ་སྦྱོང་ལ་དྲིས་ཏེ་སོང་ཡང་ཉེས་མེད་དོ། །དེ་ནའང་དགེ་སློབ་མ་
ལའོ། །དྲིར་དགེ་སྦྱོང་ཕའང་མེད་ན་དགེ་སློབ་མ་ལ་དྲིས་ཏེ་སོང་ཡང་ཉེས་མེད་དོ། །དེ་ནའང་དགེ་སྦྱོང་མ་ལའོ། །དགེ་སློབ་མ་ལ་དྲིས་ཏེ་སོང་ཡང་ཉེས་མེད་དོ། །དགེ་སྦྱོང་མ་ལ་དྲིས་ཏེ་སོང་ཡང་ཉེས་མེད་དོ། །དགེ་སྦྱོང་མ་ཡང་མེད་དེ་རྐྱེན་ཅིག་བྱུང་ནས་མི་འགྲོར་མི་རུང་ན་མ་དྲིས་
པར་སོང་ཡང་ཉེས་མེད་དོ། །མི་ཆུད་ན་མེད་པ་བཞིན་ནོ། །བརྡ་མི་ཕྲད་པའམ་སྐད་མི་མཐུན་པ་ལ་དྲིས་པ་ནི་དྲིས་པར་མི་ཆུད་དེ། དགེ་སློང་དང་དགེ་སྦྱོང་མེད་ན་མ་དྲིས་པར་སོང་ཡང་ཉེས་མེད་དོ། །གཞན་ཡོད་ལ་བརྡ་མི་ཕྲད་པ་ལ་དྲིས་པ་ནི་ལྟུང་བར་འགྱུར་རོ། །མཚམས་
གཞན་ན་འདུག་པ་དང་སྤང་པ་དང་སྐྱབས་གཞན་ན་ཡང་འདྲི་བའི་དགེ་སློང་དང་བར་དུ་ཆོད་པ་དང་ནམ་མཁའ་ལ་འདུག་པ་ལ་དྲིས་པ་དང་ཆད་པས་བཅད་དེ་སྤངས་པ་ལས་དྲིས་པ་དང་དེ་བཏྟ་ལྟ་བུ་ལོག་པ་ལ་ལྟ་བའི་དགེ་སློང་གཞན་ཡོད་ན་དྲིས་པར་མི་ཆུད་དེ་ལྟུང་། གཞན་མེད་ན་འདི་
རྣམས་ལྟ་བུ་ཞིག་ལ་མ་དྲིས་པར་སོང་ཡང་ཉེས་མེད། རྫུ་འཕྲུལ་གྱིས་ན་ལྟུང་བ་མེད་དོ། །དགེ་སློང་རྫུ་འཕྲུལ་ཡོད་པ་ཞིག་ན་རྫུ་འཕྲུལ་བྱས་ཏེ་སོང་བ་ན་ཉེས་མེད་དོ། །དུས་མ་ཡིན་པར་སྤྱོད་པའོ། །དགེ་སློང་དུས་མ་ཡིན་པར་གྲོང་དུ་སོང་བའི་ལྟུང་བ་རྫོགས་སོ། །བཅུ་སྡེ་
གཅིག་རྫོགས་སོ།། །།ཟས་སྦྱར་གྱི་ལྟུང་བ་ལ་འཆད་དེ། དུས་མ་ཡིན་པར་བཞི་ལ་སོགས་པའི་རིགས་སུ་འགྲོ་བའོ། །ཕྱི་དྲོ་བཟར་རུང་བའི་ཁས་གཅིག་ལ་ཡོན་བདག་གིས་སྤྱན་དྲངས་པ་ལས་ང་མ་འོངས་ཀྱི་བར་དུ་མ་བྲིམ་པར་སྡོད་ཅིག་ཅེས་བྱས་ནས་བདག་གུད་དུ་སོང་ན་གྲོང་
གསུམ་གྱི་བར་དུ་སོང་བ་ནི་ཉེས་མེད་གྲོང་བཞི་ལས་ལྷག་པར་སོང་བ་ནི་ལྟུང་བ་སྟེ། གྲོང་རེ་རེ་ལྟུང་བ་རེ་རེའོ། །སྔ་དྲོ་ཟན་ལ་སྤྱན་དྲངས་པ་ལས་སོང་བ་ནི་གྲོང་གསུམ་འདས་ན་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དེའི་ངོར་དགེ་འདུན་སྤྱན་དྲངས་པ་ལས་ཁོ་བོ་མ་འོངས་པའི་
เล่ม ๑๖๕ · หน้า 180b
དབང་གིས་འདྲིམ་པ་ལས་མ་སྐལ་ཅིག་ཅེས་སྦྱིན་བདག་ལ་མ་བསྒོ་བར་གསུམ་ལ་སོགས་པའོ། །ཡོན་བདག་གིས་དགེ་སློང་གཅིག་གི་ཕྱིར་དགེ་འདུན་ཀུན་སྤྱན་དྲངས་པ་ལས་དགེ་སློང་དེ་གུད་དུ་འགྲོ་ན་ཡོན་བདག་དེ་ལ་ང་མ་འོངས་ཀྱང་བཤོས་རིམས་ཤིག་ཅེས་མ་བསྒོ་བར་གྲོང་གཞན་དུ་རྒྱུ་ཞིང་
སོང་ན་གྲོང་གཉིས་ཀྱི་བར་དུ་ནི་ཉེས་མེད་དོ། །གྲོང་གསུམ་འདས་ནས་ལྟུང་བར་འགྱུར་རོ། །དེ་ཕན་ཆད་ནི་གྲོང་རེར་འདས་ན་ལྟུང་བ་རེ་རེར་འགྱུར་རོ། །རིགས་སུ་སྤྱོད་པའོ། །ཟན་སྦྱར་བ་ལས་གྲོང་དུ་སོང་བའི་ལྟུང་བ་རྫོགས་སོ།། །།ནམ་ཚོད་ཀྱི་ལྟུང་བ་ལ་འཆད་དེ། འབྷྲིད། ནམ་མ་
ལངས་པར་ཤེས་བཞིན་དུ་རྒྱལ་པོའི་ཁྱིམ་དུ་སོང་བ་ལས་ལྟུང་སྟེ་ཡན་ལག་གཅིག །ནམ་ལངས་པར་རོ། །ནམ་ཡང་མ་ནངས་པར་སོང་བ་ལས་ལྟུང་སྟེ་ཡན་ལག་གཅིག །སྐྱ་རེངས་ཐ་མ་མ་བྱུང་བ་དེ་ནི་ནམ་མ་ནངས་པའོ། །ནམ་མ་ལངས་པའི་ཚད་ནི་སྐྱ་རེངས་ཐ་མ་མ་བྱུང་ཚུན་ཆད་དུ་
བརྩི་སྟེ་སྐྱ་རེངས་ཐ་མ་མ་བྱུང་བར་སོང་ན་ལྟུང་བའོ། །སླས་གནང་བའི་གནས་ལ་གཏོགས་པའོ། །རྒྱལ་པོའི་ཆུང་མའི་ཁང་པའི་གནས་སུ་གཏོགས་པའི་སྒོ་འདས་ནས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དེ་མ་ཡིན་པར་འགྲོ་བ་ལ་ཡང་ངོ་། །ནམ་མ་ནངས་པར་སོང་བ་མ་ཡིན་པར་ཉི་
མ་དམར་ཐག་ཆད་ཕན་ཆད་དུ་ས་སྲོས་སམ་ནམ་ཕྱེད་ན་སོང་ཡང་རུང་ལྟུང་བར་འགྱུར་རོ། །ནུབ་མོ་སོ་སོར་རོ། །རྒྱལ་པོའི་ཆུང་མའི་དེར་ཞག་དུ་ལོན་པར་ལྟུང་བ་རེ་རེར་འགྱུར་རོ། །དེའི་བསྟན་པའི་མཚམས་དེ་དག་ལ་སོགས་པའོ། །རྒྱལ་པོའི་ཆུང་མའི་ཁྱིམ་གྱི་སྒོ་འདས་པའི་ཚད་ནི་སྒོའི་
གཏན་པ་སླར་བཟློགས་ཏེ་གཏན་པའི་མགོ་གར་ཕྱིན་པའི་མཚམས་དེ་འདས་ནའང་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག་སྟེ་ཡན་ལག་འདི་རྣམས་དང་ལྡན་ན་ལྟུང་བར་འགྱུར་རོ། །དེ་བཞིན་དུ་རྒྱལ་པོའི་རིགས་དང་། རྒྱལ་པོའི་རིགས་ཞང་བློན་དབང་ཆེན་པོའི་ཁྱིམ་དུ་སོང་སྟེ་གཏན་པའི་
གནས་འདས་ནའང་ལྟུང་བར་འགྱུར་རོ། །གྲོང་ཁྱེར་རོ། །ཕྱི་དྲོ་དུས་མ་ཡིན་པར་གྲོང་དུ་འགྲོ་བ་ཡང་གྲོང་གི་སྲང་ཡང་རོལ་མ་རོལ་སྒོ་བཅུག་པ་ཞིག་ན་སྒོའི་གཏན་པའི་གནས་འདས་ན་ལྟུང་བར་འགྱུར་རོ། །རྒྱལ་པོའི་རིགས་དང་གནས་སུ་ཡང་ངོ་། །རྒྱལ་པོའི་ཁྱིམ་དུ་ནམ་མ་ནངས་པར་
เล่ม ๑๖๕ · หน้า 181a
སོང་སྟེ་གཏན་པའི་གནས་འདས་ན་ལྟུང་བར་འགྱུར་རོ། །གྲོང་ཁྱེར་དུ་ཉེས་བྱས་པའོ། །རྒྱལ་པོའི་ཁྱིམ་གྲོང་ཁྱེར་གྱི་དབུས་ན་འདུག་སྟེ་རྒྱལ་པོའི་ཁྱིམ་དུ་འགྲོ་བའི་ཕྱིར་གྲོང་དུ་འགྲོའོ་ཞེས་པ་སྟེ་སོང་ན་གྲོང་ཁྱེར་གྱི་སྒོའི་གཏན་པ་འདས་ན་ཉེས་བྱས། དེ་
སྟེ་དེའི་ཕྱིར་ནའོ། །སཱུ་ཏྲ་ལྟག་མ་ལྟར་རྒྱལ་པོའི་ཁྱིམ་དུ་འགྲོ་བའི་ཕྱིར་གྲོང་དུ་འགྲོའོ་ཞེས་ཞུས་ཏེ་གྲོང་ཁྱེར་གྱི་སྒོའང་འདས་རྒྱལ་པོའི་ཁྱིམ་གྱི་སྒོའང་འདས་ན་ལྟུང་བ་དེ་སྟེ་ལན་གཉིས་སུ་དེར་ན་ཁ་ན་མ་ཐོ་བའོ། །གྲོགས་ལ་མ་ཞུས་པར་སཱུ་ཏྲ་ལྟག་མ་ལྟར་སོང་བ་ནི་དུས་མ་ཡིན་པར་
གྲོང་དུ་སོང་བའི་ལྟུང་བ་གཅིག་དང་རྒྱལ་པོའི་ཁྱིམ་དུ་སོང་བའི་ལྟུང་བ་གཅིག་དང་གཉིས་ཡོད་དོ། །དེ་སྟེ་རྒྱལ་པོ་དང་རྒྱལ་མོ་དང་གཞོན་ནུ་དང་ཞང་བློན་དང་། འདི་རྣམས་ཀྱི་རྐྱེན་གཅིག་གིས་བཀུག་པ་ནི་ནམ་སོང་ཡང་ཉེས་མེད་དོ། །བར་ཆད་དང་། སྲོག་ལ་དམའ་བའི་འཇིགས་པའི་
རྐྱེན་ཅིག་བྱུང་བ་དང་འདུལ་བའི་དབང་གིས་ན་མ་ཡིན་ནོ། །བདག་རྒྱལ་པོའམ་རྒྱལ་མོའི་གནས་སུ་ཞག་དུ་འདུག་ན་དགྲ་བཅོམ་པར་འགྱུར་བའི་གདེང་ཡོད་ན་ཆོས་བཤད་པའི་ཕྱིར་འདུག་པ་དང་འདི་རྣམས་ཉེས་མེད་དོ། །མ་བསྙད་པར་རྒྱལ་པོའི་རིགས་སུ་མི་འཇུག །དོན་ཞིག་
ཡོད་ན་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་རྒྱལ་པོ་ལ་མ་ཞུས་པར་སོང་ན་ཉེས་བྱས་ཏེ་ཉིན་པར་ལ་བྱའོ། །རྒྱལ་པོའི་རིགས་སུ་ནུབ་མོ་སྤྱད་པའོ། །ནམ་མ་ནངས་པར་རྒྱལ་པོའི་རིགས་དང་རྒྱལ་པོ་དང་རྒྱལ་མོའི་ཁྱིམ་དུ་འཇུག་པ་རྫོགས་སོ།། །།འདི་ལྟ་བུའི་ལྟུང་བ་ལ་འཆད་དེ། སོ་
སོར་ཐར་པ་ལ་འཆད་པར་འཇུག་པའི་ཚེ་དེ་ལན་གཉིས་སུ་མྱོང་ལ་མི་སྐྱོ་བའི་ཡིད་ཀྱིས་ང་བདག་གིས་ཤེས་སོ་བ་ལ་འདི་ཡང་ཡོད་དོ་ཞེས་སྨྲས་ནའོ། །སོ་སོར་ཐར་པ་འཆད་པའི་ཚེ་ཕས་ཕམ་པ་བཞི་ལ་སོགས་པ་ལ་འདི་ལྟ་བུའི་ཚིག་གཞུང་འདིའི་ནང་ནས་འབྱུང་བ་ལྟ་བུ་ཞིག་
ད་གདོད་ཐོས་ཤིང་ཤེས་སོ་ཞེས་ཟེར་ན་སྔན་ཆད་གསོ་སྦྱིན་ལན་གཉིས་མྱོང་ན་ལྟུང་བར་འགྱུར་རོ། །མཚན་གཞན་གྱིས་འཆད་པ་ན་སྤྱིའི་སྟེ་སོ་སོར་ཉེས་བྱས་སོ། །དགེ་སློང་མའི་སོ་སོར་ཐར་པ་འཆད་པའི་ཚེ་ཕས་ཕམ་པ་ལ་སོགས་པ་དགེ་སློང་ཕ་དང་མཐུན་པའི་རྣམས་འབྱུང་བ་
เล่ม ๑๖๕ · หน้า 181b
ལ་མདོ་འདིའི་གཞུང་འདི་ལས་བྱུང་བ་ལྟ་ཞིག་ན་ད་གདོད་ཐོས་ཤིང་ཤེས་སོ་ཞེས་ཟེར་བ་ནི་ཉེས་བྱས་སོ། །མདོ་སྡེ་འཆད་པ་ན་ཡང་ངོ་། །མདོ་སྡེ་དང་མ་ལྟ་བུ་ཞིག་གི་ནང་ནས་ཁྲིམས་ཀྱི་ཚིག་འབྱུང་བ་ལ་འདི་སྐད་ཟེར་བ་ད་གདོད་ཅིག་ཤེས་ཤིང་ཐོས་སོ་ཞེས་ཟེར་བ་ཡང་ཉེས་
བྱས། ལྟུང་བ་མེད་པ་ནི་སྤྱིའི་མ་ཡིན་ནོ། །དགེ་སློང་མའི་སོ་སོར་ཐར་པའི་ནང་ནས་དགེ་སློང་ཕའི་དང་མི་མཐུན་པ་མེད་པ་ཉིད་ཀྱི་ཁྲིམས་ལྷག་པར་ཡོད་པའི་ནང་ནས་རྣམས་ལས་གདོད་ཤེས་ཤིང་ཐོས་སོ་ཞེས་ཟེར་བ་ནི་ཉེས་མེད་དོ། །སོ་སོར་ཐར་པ་ལས་འཆད་པ་ནན་ཏན་དུ་
བྱ་སྟེ་མ་མཉན་ཏེ་བཟླས་ན་འགྱོད་དུ་གཞུག །ཐོག་མ་གསོ་སྦྱིན་ལན་གཉིས་བྱས་ཀྱི་བར་དུ་ཁྲིམས་མ་བསླབས་ཤིང་མ་མཉན་ཏེ་གསོ་སྦྱིན་ལན་གསུམ་ཚུན་ཆད་དུ་སོ་སོར་ཐར་པ་ཀློག་པ་ལ་འདི་ལྟ་བུའི་ཚིག་གདོད་ཐོས་ཤིང་ཤེས་སོ་ཞེས་སྨྲ་བའི་དགེ་སློང་དེ་ལྟུང་བར་འགྱུར་བ་
ཡིན་གྱིས་དགེ་འདུན་དང་མཁན་པོ་དྲུང་ན་སུ་འདུག་པས་འགྱོད་ཅིང་མཐོལ་དུ་ཆུག་ཤིག་མཐོལ་དུ་མ་བཅུག་ན་དགེ་སློང་དེ་ཀུན་ལ་ཉེས་བྱས་རེ་རེ་ཡོད་དོ། །བསླབ་ཚིག་གི་རྫས་ཀུན་སྤྱོད་པའོ། །འདི་ལྟ་བུའི་ཆོས་གདོད་ཤེས་ཤིང་ཐོས་སོ་ཞེས་ཟེར་བའི་ལྟུང་བ་རྫོགས་སོ།། །།ཁབ་
རལ་གྱི་ལྟུང་བ་ལ་འཆད་དེ། བ་སོ་དང་རུས་པ་དང་རྭའི་ཁབ་རལ་བྱས་སམ་བྱེད་དུ་བཅུག་ནའོ། །མིང་གིས་སྨོས་པ་འདི་རྣམས་ལས་ཁབ་རལ་བྱས་པ་ཞིག་བདག་གིས་བྱས་སམ་གཞན་ལ་བྱེད་དུ་བཅུག་ན་ལྟུང་བར་འགྱུར་རོ། །བྱས་པའི་རྙེད་པ་ཀུན་དུ་སྤྱོད་པ་ལྟུང་བ་མེད་པའོ། །གཞན་
ཞིག་བྱས་ཟིན་པ་ཞིག་བྱིན་པ་ནི་བླངས་ཤིང་སྤྱད་ཀྱང་ཉེས་མེད། བཅག་གམ་ཞེས་མ་དྲིས་པར་མཐོལ་བ་མ་བཟུང་ཤིག །དགེ་སློང་རུས་པ་ལ་སོགས་པ་ལ་ཁབ་རལ་བྱས་པ་ཞིག་ལྟུང་བར་གྱུར་པ་ཞིག་མཐོལ་དུ་འོངས་ན་ཁབ་རལ་དེ་བཅག་གམ་ཞེས་དྲིས་ལ་བཅག་ན་མཐོལ་དུ་ཆུག་ཤིག་
མ་བཅག་གམ་མ་དྲིས་པར་མཐོལ་དུ་བཅུག་ན་དགེ་སློང་མཐོལ་ཚངས་ཀྱི་སྤངས་པ་བྱེད་པ་དེ་ཉེས་བྱས་སོ། །དེ་སྟེ་མ་བཅུག་ན་མ་བཤགས་པ་བཞིན་ནོ། །སཱུ་ཏྲ་ལྟག་མ་ལྟར་ཁབ་རལ་མ་བཅག་གམ་མཐོལ་ཚངས་མ་བྱས་པ་དང་འདྲ་སྟེ་ལྟུང་བ་ཡོད་པ་ཚངས་པར་མི་འགྱུར་རོ། །འོག་
เล่ม ๑๖๕ · หน้า 182a
མ་ལྔ་པོ་དེ་ཡང་སྤྱད་ཅིང་སྦྱར་གཉིས་པོ་ནི་བཤུས་ནས་སོ། །རྐང་པ་དང་གཡོགས་པ་དང་གདིང་བ་དང་གཡན་པ་དང་རལ་ཆེན་ལྔ་ཡང་ལྟུང་བར་འགྱུར་ཏེ་མཐོལ་དུ་འོངས་ན་ལྷག་པ་བཅད་ཅིང་བཤུས་སམ་ཞེས་དྲིས། མ་དྲིས་སམ་མ་བཤུས་ན་མཐོལ་དུ་བཅུག་
ན་མཐོལ་བའི་དབང་པོ་དགེ་སློང་ཉེས་བྱས་པའོ། །ལྟུང་བ་འབྱུང་བའི་དགེ་སློང་ཚངས་པར་མི་འགྱུར་རོ། །ཁབ་རལ་སྦྱོར་བའོ། །རྭ་ལས་ཁབ་རལ་བྱས་པའི་ལྟུང་བ་རྫོགས་སོ།། །།ཁྲིའི་རྐང་པའི་ལྟུང་བ་ལ་འཆད་དེ། རྐང་པ་ཐུང་ངུའི་ཁྲི་ལ་མི་ཉལ། ཁྲི་རྐང་པ་ཐུང་ངུ་ལ་མི་ཉལ་
ཉལ་ན་ཉེས་བྱས། ཉལ་བའི་གནས་སུ་ཆུད་པའི་ཁྲིའི་དྲུང་གི་ཕྱོགས་སུ་རྐང་པ་མི་བཀྲུ་ལྷམ་ཡོད་ནའོ། །ཉལ་ཁྲིའི་གློར་ཆོལ་ཟངས་ལ་སོགས་པ་སྣོད་མེད་པར་ས་ལ་རྐང་པ་མི་བཀྲུ་བཀྲུས་ན་ཉེས་བྱས། ཉལ་ཁྲི་རྐང་པ་ཐུང་ངུ་ཞིག་ལ་དགེ་སློང་ཅིག་གིས་གློར་རྐང་པ་བཀྲུས་ནས་
ས་ལ་ཆུ་ལྟུང་བའི་ནང་དུ་སྦྲུལ་ཅིག་ཉལ་ནས་ཁྲི་ཐོག་ནས་དགེ་སློང་བསམ་གཏན་བྱེད་ཅིང་ཡུར་བ་ལས་སྦྲུལ་གྱིས་འཕྲལ་ལ་བཙུགས་ཏེ་ཤི་ནས་ཁྲི་རྐང་པ་ཐུང་ངུ་མ་བྱེད་ཅིག་མལ་གྱི་གློར་རྐང་པ་མ་འཁྲུ་ཅིག་ཅེས་བཅས། ལྷམ་ཡོད་ན་ཕྱི་རོལ་ཏམ་གཞན་དུ་རྐང་པ་བཀྲུས་ལ་ལྷམ་གྱོན་
ཏེ་མལ་དུ་འགྲོ། མགོ་མཇུག་གི་མཐའ་མ་གཏོགས་ཏེ་གཞན་དུའོ། །ལྷམ་མེད་ན་མལ་ཁྲིའི་གློར་རྐང་པ་མི་བཀྲུ་བར་སྔས་སམ་འཕོངས་ཤིག་ཏུ་བཀྲུའོ། །མལ་སྟན་ཆེན་པོའམ་མཐོན་པོར་འདུག་པ་ལ་ཉལ་བར་མི་བྱ། རིན་པོ་ཆེ་དང་གསེར་དང་དངུལ་ལས་བྱས་པའི་ཁྲི་ཆེན་པོ་དང་
ཁྲི་རྐང་པ་རིང་པོ་མཐོན་པོ་ལ་མི་འདུག་འདུག་ན་ཉེས་བྱས། མེད་ན་གྲོང་བར་དུ་སྔ་མ་བྱ། ཁྱིམ་པས་གྲོང་བར་དུ་རིན་པོ་ཆེ་ལ་སོགས་པའི་ཁྲི་སྟེང་དུ་བཞག་ན་ཁྲི་གཞན་མེད་དམ་ཞེས་དྲིས་ཏེ་མེད་ན་འདུག་ཀྱང་ཉེས་མེད་དེ་འཕྲེས་ཤིང་ཉལ་དུ་མི་གནང་ངོ་། །བརྟགས་པ་ནི་རྐང་པ་བཞི་
དང་བཅས་པ་ལ་ཉལ་བའོ། །ཁྲི་རྐང་པ་ཐུང་ངུ་ལ་རྐང་པའི་ཚད་དུ་བྱ་བའི་ཕྱིར་རྐང་པ་བཞིའི་འོག་ཏུ་རྟེན་པས་བཏོད་དེ་ཉལ་བ་ནི་ཉེས་མེད་དོ། །ཁྲིའི་སྟེང་གི་ཁྲིའུ་ལ་མི་འདུག །ཁྲི་གཅིག་གི་སྟེང་དུ་གཅིག་བཞག་པའི་སྟེང་དུ་མི་འདུག་འདུག་ན་ཉེས་བྱས། ཚད་ལས་འདས་པ་བྱས་
เล่ม ๑๖๕ · หน้า 182b
སམ་བྱེད་དུ་བཅུག་པའོ། །ཁྲི་རྐང་པ་ཐུང་ངུ་ལ་མ་ཉལ་ཅིག་ཅེས་ཁྲིམས་བཅས་པ་དང་དྲུག་སྡེས་ཁྲུ་བཅུ་གཉིས་ཀྱི་སྲིད་ཀྱི་རྐང་པ་ཡོད་པའི་ཁྲི་བྱས་པ་ལས་བཅས་ཏེ་རྐང་པ་ཚད་ལས་འདས་པར་བདག་གིས་བྱས་སམ་གཞན་བྱེད་དུ་བཅུག་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །
ཚུན་ཆད་པ་གཉིས་མ་ཡིན་པ་གསུམ་མོ། །ཁྲི་རྐང་པ་རིང་པོ་དང་ཁྲི་ཤིང་བལ་གྱིས་གཡོགས་པའི་ལྟུང་བ་གཉིས་མ་གཏོགས་པར་གདིང་བ་དང་གཡན་པ་དགབ་པ་དང་རས་ཆེན་གསུམ་ཡང་ཚད་ལས་འདས་པར་བྱས་ན་ལྟུང་བར་འགྱུར་རོ། །ཁྲི་དང་ཁྲིའུ་འོ། །ཁྲི་དང་ཁྲིའུ་རྐང་པ་རིང་དུ་
བྱས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །དགེ་འདུན་གྱིའོ། །ཁྲི་དང་ཁྲིའུ་བྱས་པ་དགེ་འདུན་གྱི་ཡང་ཡིན་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །མདོ་བཞིན་པ་ཡང་ངོ་། །ཁྲིའུ་ལ་ཤིང་བལ་གྱིས་གཡོགས་པའི་ལྟུང་བ་ཡང་དགེ་འདུན་གྱི་ཡིན་པ་ལས་ལྟུང་བར་འགྱུར་
རོ་རྐང་པ་དག་གོ། །ཁྲིའུ་རྐང་པ་ཚད་ལས་འདས་པ་ལས་ལྟུང་བར་འགྱུར་ཏེ་ཡན་ལག་གཅིག །ཡན་ལག་ཐོར་བུ་སྨོས་པ་འདི་རྣམས་དང་ལྡན་པར་འགྱུར་ན་ལྟུང་བའོ། །འདི་དག་གི་ཁྲིའི་ཚད་དེ་མུའི་ཕྱོགས་མ་གཏོགས་ཏེའོ། །ཁྲིའི་རྐང་པའི་ཚད་ནི་གྲྭའི་མཐའ་མའི་གྲུ་བཞིར་
འདུག་པའི་རྔམས་མ་གཏོགས་པར་རྐང་པ་ཉི་ཚེ་ལ་འཁྲུ་གང་བརྩི་ཞིང་གཅལ་ལོ། །དེ་ལས་འདས་པར་བྱས་ན་ལྟུང་བར་འགྱུར། བདེ་བར་གཤེགས་པའི་གསུམ་གྱིས་སོ། །ཁྲུ་གང་གི་ཚད་དུ་བརྩི་བ་ནི་མི་འབྲིང་པོའི་ཁྲུ་གསུམ་ལ་བདེ་བར་གཤེགས་པའི་ཁྲུ་གང་ཡོད་པར་བརྩིས་ལ་མི་
འབྲིང་པོའི་ཁྲུ་གང་དུ་ཁྲིའི་རྐང་པ་བྱའོ། །དེ་མ་ཐག་པ་ཡང་ངོ་། །གདིང་བ་དང་གཡན་པ་དང་རས་ཆེན་གསུམ་ཡང་ཁྲུ་ཚད་འདི་ལྟར་བརྩིས་པའི་ཐང་དུ་བཅལ་ཏེ་བྱའོ། །རྐང་པ་སྒྲུབ་པའོ། །ཁྲི་རྐང་པ་ཚད་ལས་འདས་པའི་ལྟུང་བ་རྫོགས་སོ།། །།གཡོགས་པའི་ལྟུང་བ་ལ་འཆད་དེ། ཤིང་
བལ་གྱིས་གཡོགས་པའོ། །དགེ་འདུན་གྱི་ཁྲི་ཤིང་བལ་གྱི་བར་ཚངས་ཅན་དུ་འདུག་པ་ལས་བར་ནས་ཤིང་བལ་བྱུང་སྟེ་ཁྲིའི་སྟེང་དུ་གཡོགས་ཤིང་གཏོར་ན་ལྟུང་བར་འགྱུར་རོ། །བདག་གིས་སམ་བཅུག་ནའོ། །བདག་གིས་ཤིང་བལ་ཕྱུང་སྟེ་གཡོགས་སམ་གཞན་ལ་གཡོགས་སུ་
เล่ม ๑๖๕ · หน้า 183a
བཅུག་ཀྱང་རུང་སྟེ་ལྟུང་བར་འགྱུར། ཤིང་བལ་ལ་ལྔ་སྟེ་ཤལ་མ་ལ་དང་ཨ་ཀ་དང་ཀ་ཤ་དང་བོ་ཀ་དང་མེ་ར་ཀ་ན་གྱི་འོ། །ཤིང་བལ་ནི་མིང་གིས་སྨོས་པ་འདི་རྣམས་ལས་གང་གིས་གཡོགས་ཀྱང་རུང་སྟེ་ཕྱུང་ན་ལྟུང་བར་འགྱུར་རོ། །གཡོགས་པའོ། །དགེ་འདུན་གྱི་ཁྲི་
ལ་ཤིང་བལ་གྱིས་གཡོགས་པའི་ལྟུང་བ་རྫོགས་སོ།། །།གདིང་བའི་ལྟུང་བ་ལ་འཆད་དེ། གདིང་བའོ། །གདིང་བ་བྱས་པ་ལས་ལྟུང་བར་འགྱུར། ཚད་འདི་ལྟ་སྟེ་སྲིད་དུ་ཁྲུ་གསུམ། གདིང་བའི་ཚད་ནི་ཆུར་མི་འབྲིང་པོའི་ཁྲུ་གསུམ་དུ་བྱའོ། །མི་བྱེད་ན་ཕྱེད་དང་དོ་བསྣན། གདིང་
བ་ཁྲུ་གསུམ་དུ་བྱས་ཏེ་སྤྱད་པ་ལ་ཨུ་དའི་ལུས་རིང་སྟེ་གདིང་བ་མ་ཆོག་ནས་ཐ་མ་ལོ་མ་དག་གིས་མཐུད་པ་ལས་གནང་སྟེ་ཁྲུ་ཕྱེད་དང་དོས་བསྣན་ཏེ་ཁྲུ་ཕྱེད་དང་ལྔར་བྱས་ཀྱང་མ་ཉེས། ཁྲུ་གསུམ་དུ་བྱས་ཀྱང་ཉེས་མེད། དེའི་ཞེང་ནི་ཁྲུ་དོ་དང་སོར་དྲུག་གོ། །གདིང་བའི་ཞེང་ནི་ཁྲུ་དོ་དང་སོར་དྲུག་
གི་ཐད་དུ་བྱའོ། །ཞེང་དང་ཆུའི་ཚད་ནི་འདི་ལས་ལྷག་པར་བྱས་ན་ལྟུང་བའོ། །ཉེས་བྱས་པ་ནི་འདི་ནས་བྲི་བ་ལ་བསྔོས་ནའོ། །ལུས་རིང་པོ་ཁྲུ་ཕྱེད་དང་ལྔ་དགོས་པ་ལས་དེ་བས་ན་ཆུང་ངུ་བྱས་སམ་ལུས་ཆུང་ངུ་ཁྲུ་གསུམ་དགོས་པ་ལས་དེ་ལས་ཆུང་ངུ་བྱས་ཀྱང་ཉེས་བྱས་སོ། །མདོ་བཞིན་གཉིས་
ཀྱང་ངོ་། །གཡན་པ་དང་རས་ཆེན་གཉིས་ཀྱང་ཚད་ལས་ཆུང་ངུ་བྱས་ན་ཉེས་བྱས། གདིང་བར་ཆུད་པའོ། །གདིང་བ་ཚད་ལས་འདས་པའི་ལྟུང་བ་རྫོགས་སོ།། །།གཡན་པ་དགབ་པའི་ལྟུང་བ་ལ་འཆད་དེ། གཡན་པ་དགབ་པ་ཚད་ལས་འདས་པར་བྱས་ན་ལྟུང་བར་འགྱུར་རོ། །ཁྲུ་དྲུག་
དང་གསུམ་མོ། །གཡན་པ་དགབ་པའི་ཚད་ནི་ཞེང་དུ་ཁྲུ་གསུམ་ཆུར་ཁྲུ་དྲུག་ཏུ་བྱའོ། །གཡན་པ་དགབ་པར་ཆུད་པའོ། །གཡན་པ་དགབ་པ་ཚད་ལས་འདས་པའི་ལྟུང་བ་རྫོགས་སོ།། །།རས་ཆེན་གྱི་ལྟུང་བ་ལ་འཆད་དེ། དབྱར་གྱི་རས་ཆེན། རས་ཆེན་ཚད་ལས་འདས་པར་བྱས་ན་ལྟུང་བར་
འགྱུར། དགུ་དང་གསུམ་དང་སོར་བཅོ་བརྒྱད་དོ། །རས་ཆེན་གྱི་ཚད་ནི་ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ཆུར་དགུ་སྟེ་དེ་ལས་ཚད་ལས་འདས་པར་བྱས་ན་ལྟུང་བར་འགྱུར་རོ། །དབྱར་གྱི་རས་ཆེན་དུ་ཆུད་པའོ། །རས་ཆེན་ཚད་ལས་འདས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།བདེ་
เล่ม ๑๖๕ · หน้า 183b
བར་གཤེགས་པའི་ཆོས་གོས་ཀྱི་ལྟུང་བ་ལ་འཆད་དེ། ལྔ་དང་གསུམ་སྟེ་སྟོན་པ་བདག་གི་ཁྲུ་དང་ཆོས་གོས་སོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་བདེ་བར་གཤེགས་པ་ཉིད་ཀྱི་ཁྲུ་ཆུར་ལྔ་ཞེང་དུ་གསུམ་མོ། །དགེ་སློང་གིས་ཆོས་གོས་འདིའི་ཚད་དུ་བྱས་ན་ལྟུང་བར་འགྱུར་རོ། །
དེ་ལྟ་བུ་མ་ཡིན་ན། དགེ་སློང་ལ་ལ་ཞིག་ལུས་བདེ་བར་གཤེགས་པ་ཙམ་ཕོད་པ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱས་ཀྱང་ཉེས་མེད་དོ། །དེའི་ཚད་དམ་དེ་ལས་ལྷག་པའི་ཆོས་གོས་བྱས་སམ་བྱེད་དུ་བཅུག་ནའོ། །དགེ་སློང་གཞན་བདེ་བར་གཤེགས་པའི་ཆོས་གོས་ཀྱི་
ཚད་དུ་བྱས་སམ་དེ་ལས་ལྷག་པར་བྱས་ན་བདག་གིས་བྱས་ཀྱང་རུང་། གཞན་བྱེད་དུ་བཅུག་ཀྱང་རུང་ལྟུང་བར་འགྱུར་རོ། །དེ་མི་བཅང་། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱས་པ་མི་བཅང་བཅངས་བཞིན་དུ་མཐོལ་ཚངས་བྱས་ཀྱང་ཚངས་པར་མི་འགྱུར་རོ། །བདེ་བར་
གཤེགས་པའི་ཆོས་གོས་སུ་ཆུད་པའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱས་པའི་ལྟུང་བ་རྫོགས་སོ། །འབའ་ཞིག་པའི་ལྟུང་བ་རྫོགས་སོ། །དགུ་བཅུའི་ལྟུང་བ་གཙང་མ་རྫོགས་སོ།། །།གཙང་མ་ནི་སུམ་ཅུ་སྤང་བའི་ལྟུང་བ་ནི་རྫས་སྤང་དགོས་པས་བཙོག་པ་ཞེས་བྱ་བ་འདི་ནི་
ལྟུང་བར་ཆད་པས་གཙང་མ་ཞེས་བྱའོ། །གྲོང་སོ་སོར་མཐོལ་བ་ལ་འཆད་དེ། འབྷྲིད། གཉེན་མ་ཡིན་པའི་དགེ་སློང་མས་བཤམ་པར་ཤེས་བཞིན་པ་ལས་མཐོལ་བར་འགྱུར་རོ། །གཉེན་མ་ཡིན་པའི་དགེ་སློང་མ་ལས་སོ། །གཉེན་མ་ཡིན་པའི་དགེ་སློང་མ་གྲོང་བར་ན་ཟན་སློང་ཞིང་འདུག་
པ་ལས་དགེ་སློང་གིས་ཟན་བླངས་ཏེ་ཟོས་ན་མཐོལ་བར་འགྱུར། །བདག་གིས་བྱིན་ཏེ་འདྲིས་པ་ལ་མ་ཡིན་བདག་ཀྱང་གྲོང་ན་འདུག་ལ་བཟའ་བ་དང་བཅའ་བ་བླངས་ཏེ་ཟོས་པ་ལས་སོ། །དགེ་སློང་མ་ཉིད་ཀྱིས་ལག་ནས་ཀྱང་བྱིན་དགེ་འདུན་ཕལ་མོ་ཆེ་མཆོད་སྟོན་གསོལ་བ་ལ་དགེ་སློང་མས་བྲིམས་
པ་ཡང་མ་ཡིན་པར་དགེ་སློང་མ་གྲོང་བར་ན་སློང་ཞིང་འདུག་པ་ལས་བཟའ་བ་དང་བཅའ་བ་གང་ཡང་རུང་སྟེ་དགེ་སློང་མའི་ལག་ནས་བླངས་ཏེ་ཟོས་ན་མཐོལ་བར་འགྱུར་རོ། །དགེ་སློང་མས་དྲུང་ན་འདུག་པའི་མི་གཞན་ཞིག་གི་ལག་ཏུ་བྱིན་ཏེ་མི་དེས་དགེ་སློང་གི་ལག་ཏུ་བྱིན་ཡང་མཐོལ་བར་འགྱུར་
เล่ม ๑๖๕ · หน้า 184a
རོ། །དབྱར་མོ་ཐང་གི་གྲོང་མ་ཡིན་ནོ། །དགེ་སློང་མའི་གཙུག་ལག་ཁང་དུ་དགེ་སློང་ཕས་ཟས་ཟོས་སམ་ཟན་བླངས་པ་ནི་གྲོང་བར་དུ་མི་བརྩི་སྟེ་ཉེས་མེད་དོ། །དགེ་སློང་གི་གནས་ཀྱང་མ་ཡིན་ནོ། །དགེ་སློང་གིས་གཙུག་ལག་ཁང་ངམ་དགེ་སློང་གི་གནས་སུ་དགེ་སློང་མས་
ཟན་བསྐྱལ་ཏེ་བྱིན་པ་ཡང་ཉེས་མེད་དོ། །ནམ་མཁའ་ནི་ཕྱེད་དོ། །ནམ་མཁའ་ལ་དགེ་སློང་མ་འདུག་སྟེ་དགེ་སློང་ཕས་ཟན་བླངས་པ་ནི་ཉེས་བྱས་སོ། །མི་ཉེ་བར་བཞག་པ་ལས་བླངས་ན་བཞག་པ་དེ་ལས་མ་ཡིན་ནོ། །དགེ་སློང་མས་དགེ་སློང་ཕ་ལ་སྦྱིན་པའི་ཕྱིར་ཁྱིམ་པའམ་མི་གཞན་ཞིག་ཁྱིམ་
དུ་གཏམས་ཏེ་བཞག་ན་གཏམས་པའི་མི་དེས་དགེ་སློང་ལ་བྱིན་ཏེ་ཟོས་པ་ནི་ཉེས་མེད་དོ། །དགེ་སློང་མ་ལས་ཟས་བླངས་ཞེས་བྱ་བ་སོ་སོར་མཐོལ་བ་དང་པོའོ། །དགེ་སློང་མ་ལས་གྲོང་བར་དུ་ཟན་བླངས་ཏེ་ཟ་བའི་མཐོལ་བ་རྫོགས་སོ།། །།ཁྱིམ་གྱི་སོ་སོར་མཐོལ་བ་ལ་འཆད་དེ། དེ་ལ་བཅའ་བ་
བྱིན་སྒོམ་དང་ཚོད་མ་དང་མཆོད་སྟོན་དང་ཡང་ངོ་ཞེས་བྱ་བ་ལ་སོགས་པ་དེས་སམ་དགེ་སློང་གཞན་གྱིས་བསྟན་པར་འཇུག་ཅིང་དགེ་སློང་མ་འདུག་པ་ལས་བྱེད་དོ། །སྦྱིན་བདག་ཁྱིམ་པས་རྒྱུ་སྦྱར་ཏེ་མཆོད་སྟོན་བྱས་པ་ལས་དགེ་སློང་མས་བཤམས་ཏེ་དགེ་སློང་གཅིག་ལ་ཡང་རུང་ཟད་པར་ཡང་
རུང་འབྲས་དང་ཚོད་མ་ལ་སོགས་པ་གསོལ་ཞེས་ལྷག་པར་བདར་ན་དགེ་སློང་གག་ཀྱང་རུང་གཅིག་གིས་རེ་ཞིག་འདྲིམ་པར་མ་ཤོམ་པར་སྡོད་ཅིག་ཅེས་བསྒོ་ཤིག་དེ་ལྟར་མ་བསྒོ་ན་དགེ་སློང་གཅིག་ལ་བདར་ཅིང་བཤམས་ཀྱང་རུང་སྟེ་དགེ་འདུན་ཐམས་ཅད་མཐོལ་བར་འགྱུར་རོ། །སོ་སོར་
མཐོལ་བ་ནི་གཙུག་ལག་ཁང་དུ་སོང་སྟེ་དགེ་འདུན་དུ་ཡོད་པ་ཀུན་ལ་རེ་རེ་ནས་མཐོལ་ལོ། །དེ་སྟེ་དེའི་ངོ་བོ་དང་གཉེན་ཡང་མ་ཡིན་པས་སྤྱན་དྲངས་ནའོ། །སྦྱིན་བདག་ཁྱིམ་པས་སྤྱན་དྲངས་པ་ལ་ཁྱིམ་པས་དགེ་སློང་མ་ཞལ་ཏ་དང་ཐོ་ངན་བྱེད་དུ་བཅུག་པ་དང་ཁྱིམ་པ་དེའི་གཉེན་དུ་འོངས་པའི་དགེ་སློང་མ་
ཞིག་གིས་བཤམས་ཤིང་བདར་བ་ནི་མཐོལ་བར་མི་འགྱུར་ཏེ་ཉེས་མེད་དོ། །མ་གཏོགས་པ་ནི་རིམས་སྟོན་པ་དང་མ་ཐོབ་པ་ལ་སྦྱིན་པའོ། །ཟས་འདྲིམ་པ་ལ་གྲལ་མཐོན་དམན་ནོར་ཏེ་མི་ཤེས་པ་ལ་འདྲིམ་པའི་རིམས་སྟོན་པ་དང་དགེ་སློང་ཟན་མ་ཐོབ་པ་རྣམས་ལ་འདིར་གསོལ་ཅིག་ཅེས་བྱས་པ་ནི་
เล่ม ๑๖๕ · หน้า 184b
མཐོལ་བར་མི་འགྱུར་ཏེ་ཉེས་མེད་དོ། །རེ་ཞིག་སྡོད་ཅིག་སྲིང་མོ་ཁྱོད་དགེ་སློང་དག་ཟན་ཟོས་ཀྱི་བར་དུའོ་ཞེས་དགེ་སློང་ཕས་དེ་ལ་གང་སུས་ཀྱང་ལྷན་ཅིག་ཏུ་མ་ཟོས་པས་ཀྱང་བསྒོ་སྟེ་དགེ་སློང་གསུམ་ལ་སོགས་པ་སྤྱན་དྲངས་ཏེ་ཟོས་ནའོ། །སྦྱིན་བདག་ཁྱིམ་པས་དགེ་འདུན་མཆོད་སྟོན་ལ་སྤྱན་དྲངས་
པ་ལ་དགེ་སློང་མ་ཤོམ་ཞིང་འདུག་ན་དགེ་འདུན་གྱི་དྲུང་ན་དགེ་སློང་ཟན་ཟོས་ཟིན་པ་དང་ད་རུང་མ་ཟོས་པར་ཟན་མི་ཟ་བར་འདུག་པ་རྣམས་ཀྱིས་ཀྱང་དགེ་འདུན་བཤོས་གསོལ་གྱི་བར་དུ་མ་ཤོམ་ཤིག་ཅེས་དགེ་སློང་གག་ཀྱང་རུང་ཅིག་གིས་བསྒོ་ཤིག །མ་བསྒོ་ན་དགེ་སློང་གསུམ་ཡན་ཆད་
དགེ་འདུན་དུ་ལངས་པ་ནི་ཟོས་པ་དང་མ་ཟོས་པའི་དགེ་སློང་ཀུན་མཐོལ་བར་འགྱུར་རོ། །གསུམ་མན་ཆད་དགེ་འདུན་དུ་མ་ལངས་པ་ནི་ཉེས་བྱས་ཏེ་གང་ཟག་གཅིག་ལ་མཐོལ། རིགས་སུའོ། །སྦྱིན་བདག་གིས་ཟས་སྦྱར་བའི་གནས་ནི་དགེ་འདུན་གྱི་གཙུག་ལག་ཁང་དུ་ཟན་སྦྱར་བ་དང་
དགོན་པའི་ཐང་ལ་སྦྱར་བ་དང་ཁྱིམ་བདག་ཉིད་ཀྱི་ཁྱིམ་དུ་སྤྱན་དྲངས་པ་དང་འདི་རྣམས་གསུམ་གང་ཡང་རུང་སྟེ་དགེ་སློང་མས་བཤམས་ན་མཐོལ་བར་འགྱུར། དེ་སྟེ་དེས་ཚིག་གི་མཚམས་རྙེད་ན་རྩ་བའོ། །ཟན་ཟ་བའི་ཚེ་དགེ་སློང་མས་བཤམས་ཏེ་འདི་གསོལ་ཞེས་ཟེར་བ་ལ་སོགས་པའི་ཚིག་
ཐོས་ན་མཐོལ་བར་འགྱུར་རོ། །དེ་སྟེ་མ་ཡིན་ན་ཉེས་བྱས་པའོ། །ཟན་ཟ་བ་ལ་ཁང་དམིགས་སོ་སོ་ན་འཁོད་དེ་ཁང་པ་མིག་གཅིག་ན་འཁོད་པའི་རྣམས་ཤོམ་པའི་ཚིག་མ་ཐོས་པ་ནི་མཐོལ་བའི་ཉེས་བྱས་སོ། །འབྲིང་དེར་བསྒོ་བ་སྤྱད་ནའོ། །སྔ་ནས་དགེ་སློང་མ་ཤམ་ཤིང་འདུག་པ་ཐོས་ཏེ་ཤེས་
བཞིན་དུ་ཟ་བའི་ཚེ་དགེ་སློང་མས་ཤོམ་པའི་ཚིག་ཟེར་བ་ལ་དགེ་སློང་གྲོགས་ཀྱིས་མ་ཤོམ་ཤིག་ཅེས་བསྒོ་བའི་ཚིག་མ་ཐོས་པ་ནི་མཐོལ་བར་འགྱུར་རོ། །དེ་བས་ན་འབྲི་བའི་ཕྱིར་ནན་ཏན་གྱིས་ཤིག །མདོ་ལྟག་མ་ལྟར་ཤོམ་པར་ཤེས་ཏེ་དགེ་སློང་གྲོགས་ཀྱིས་བསྒོ་བའི་ཚིག་མ་ཐོས་པའི་
དགེ་སློང་དེས་ཟན་ཟོས་ཟིན་ན་གྲོགས་པོ་རྣམས་དགེ་སློང་མ་ཞིག་ཤོམ་ཞིང་འདུག་ཅེས་ཟེར་ན་ཁྱོད་ཀྱིས་སླར་བསྒོའམ་ཞེས་དྲིས་ཤིག་བསྒོའོ་ཞེས་ཟེར་བ་ཐོས་ན་མཐོལ་བར་མི་འགྱུར་ཏེ་ཉེས་མེད་དོ། །རྒན་པོས་དེར་མ་ཞུགས་ན་གསར་བུས་ཞུགས་ཤིག །ཟན་ཟ་བའི་ཚེ་དགེ་སློང་མ་ཤོམ་
เล่ม ๑๖๕ · หน้า 185a
ཞིང་འདུག་པ་ལ་མ་ཤོམ་ཤིག་ཅེས་སླར་བསྒོ་བ་ནི་གྲལ་ཐོག་མ་ན་འདུག་པས་བསྒོའོ། །ཐོག་མ་པས་བསྒོ་ན་འོག་ན་འཁོད་པས་རིམ་བཞིན་དུ་བསྒོའོ། །གྲལ་མི་མཉམ་པར་སྤྲས་པ་མ་བཟློག་པར་ཟོས་པ་སྟེ་སོ་སོར་མཐོལ་བ་གཉིས་སོ། །དགེ་སློང་མ་ཁྱིམ་པས་སྤྱན་
དྲངས་པའི་ཟན་ལ་ཤོམ་པའི་ལྟུང་བ་རྫོགས་སོ།། །།སློབ་པའི་སོ་སོར་མཐོལ་བ་ལ་འཆད་དེ། དེ་སྟེ་དད་པ་ལ་སྦྱིན་པས་ཕོངས་ན་རིགས་སུ་སློབ་པའི་ཁྲིམས་ཆོས་ཤིག །དགེ་བསྙེན་དད་པ་ཆེ་སྟེ་དཀོན་མཆོག་དང་དགེ་འདུན་ལ་ཡོན་དབུལ་ཞིང་སྦྱིན་གཏོང་བྱེད་བྱེད་པས་དབུལ་ཕོངས་པར་འགྱུར་
ན་ཡོན་བདག་དེའི་ཁྱིམ་དུ་སྤྱན་དྲངས་ཀྱང་རུང་དགེ་འདུན་མི་འདོང་ཞིང་ནོར་རྫས་མི་བླང་བར་འོག་ཁྲིམས་ཆོས་ཤིག །ཞུ་བས་སོ། །མདོ་ལྟག་མ་ལྟར་འོག་ཁྲིམས་བཅའ་བ་ནི་གསོལ་བ་དང་ཞུ་བའི་ལས་ཀྱིས་བཅའོ། །ཁ་ཕྱིར་དགྲོལ་བའོ། །འོག་ཁྲིམས་བཅས་པ་ལས་སླར་དགྲོལ་ན་ཡང་
གསོལ་བ་དང་ཞུ་བའི་ལས་ཀྱིས་དགྲོལ་ལོ། །བྱིན་པ་དེའི་སེམས་ཤེས་པར་བྱ་སྟེ་ཁྱིམ་དུ་འགྲོ་བ་དང་སྟན་ལ་སྤྱད་པ་དང་ཆོས་བཤད་པ་བྱོས་ཤིག །དགེ་བསྙེན་དབུལ་པོར་གྱུར་པ་དེའི་ཁྱིམ་དུ་དགེ་འདུན་མི་འདོད་པར་བྱས་པ་དང་ནོར་ཟང་ན་དགེ་འདུན་འདི་གང་ཡང་འོང་དུའང་མི་བཏུབ་ན་ཟས་
མེད་ཀྱང་ཆོས་བཤད་ཅིང་འོང་བའི་རིགས་ན་ཞེས་མི་དགའ་བའི་ཕྱིར་དགེ་བསྙེན་དེའི་ཁྱིམ་དུ་འགྲོ་ཞིང་སྟན་དག་ལ་ཡང་སྤྱད་ཆོས་བཤད་པ་ལ་སོགས་པ་བྱའོ། །ལྷུང་བཟེད་སྟོང་པས་གསོབ་ཏུ་མ་འཇུག་ཅིག །དགེ་བསྙེན་དེའི་ཁྱིམ་དུ་འགྲོ་བའི་ཚེ་སྔོན་ལྷུང་བཟེད་བཀང་ཞིང་སྦྱིན་སྦྱིན་ནང་ལྷུང་
བཟེད་སྟོང་པར་སོང་ངོ་ཞེས་མྱ་ངན་ལྡང་པའི་ཕྱིར་ལྷུང་བཟེད་སྟོང་པར་མི་བསྐུར་བསྐུར་དགོས་ནའང་གཞན་ནས་བསླངས་ཏེ་བཀང་ལ་བསྐུར་རོ། །དེ་ལ་བྱིན་ཅིག །སློང་བའི་བྱིས་པ་དག་བསོད་སྙོམས་ལས་ཁུར་བ་རངས་པ་མ་ཡིན་ལ་སྦྱིན། ལྷུང་བཟེད་ཟན་གྱིས་བཀང་སྟེ་ཁྱེར་བ་ལ་དགེ་བསྙེན་དེའི་བྱིས་
པ་དག་བསླངས་ནས་ཁུར་བ་ལ་སོགས་པ་ཕྲུལ་དེ་དུམ་བུ་དུམ་བུར་བྱས་ལ་སྦྱིན་ནོ། །རངས་པར་བྱིན་ན་བྱིས་པའི་ལག་པ་ན་ཁྱེར་ཏེ་གྲོང་དུ་འཕྱན་དུ་དོང་ནས་མུར་འདུག་ཁྱིམ་ཚེས་ན་རེ་སྔོན་ན་དགེ་བསྙེན་དེས་དགེ་སློང་ལ་ཟན་སྦྱིན་པ་ཡིན་ན་ད་ནི་འདི་ལྟར་དགེ་སློང་ལ་སློང་ཞིང་ཟའོ་ཞེས་འཕྱ་བའི་
เล่ม ๑๖๕ · หน้า 185b
ཕྱིར་ཁུར་བ་རངས་པར་མི་སྦྱིན། དགོས་ན་ཕྱིས་དགྲོལ། དགེ་བསྙེན་དབུལ་པོར་གྱུར་པ་དེ་སླར་ཕྱུག་པར་གྱུར་ཏེ་དགེ་འདུན་ལ་སྤྱན་འདྲེན་ཅིང་གསོལ་ན་མི་བསླང་བར་འོག་ཁྲིམས་བཅས་པ་སླར་དགྲོལ་ཞིང་བཤིག་སྟེ་འདོང་ངོ་། །སློབ་པའི་ཁྲིམས་བཅས་པར་སླར་དགྲོལ་ཞིང་བཤིག་སྟེ་
འདོང་ངོ་། །སློབ་པའི་ཁྲིམས་བཅས་པའི་རིགས་སུ་སྔར་མ་ཐོས་པར་བཟའ་བ་དང་བཅའ་བ་བླངས་ན་མ་གཏོགས་པ་ནི་ག་གོན་དང་རྩ་བ་དང་སྔོན་པོ་མ་ཕོངས་པ་ལ་ཟོས་ནའོ། །དགེ་བསྙེན་དབུལ་པོའི་ཁྱིམ་དུ་མི་འདོད་པར་འོག་ཁྲིམས་བཅས་པ་ལས་དེར་དོང་ཞིང་ནོར་རྫས་བླངས་སམ་
ཟོས་ན་སོ་སོར་མཐོལ་བའོ། །ཉེས་མེད་པ་ནི་འོག་ཁྲིམས་མ་བཅས་པའི་མདུན་དུ་སྤྱན་དྲངས་པ་ལ་འོག་ཁྲིམས་བཅས་པའི་འོག་ཏུ་ཟན་ཟར་འདོད་པ་དང་ག་གོན་དང་རྩ་བ་དང་ལོ་མ་དག་པོངས་ཤིང་གནོད་པར་མི་འགྱུར་བའི་ཟས་ཟོས་པ་ཉེས་མེད་དོ། །རིགས་སུ་བསླབ་པ་ལས་འགལ་བར་
འཇུག་པ་སྟེ་སོ་སོར་མཐོལ་བ་གསུམ་མོ། །དགེ་བསྙེན་དབུལ་པོར་གྱུར་པ་ལ་དེའི་ཁྱིམ་དུ་མི་འདོང་བར་ཁྲིམས་བཅས་པ་ལས་སོང་སྟེ་ཟན་ཟོས་ན་སོ་སོར་མཐོལ་བ་སྟེ་རྫོགས་སོ།། །།དབྱེ་བའི་སོ་སོར་མཐོལ་པ་ལ་འཆད་དེ། ནགས་ཉུལ་བའི་དགེ་སློང་སྐོས་ཤིག །དགེ་སློང་ཕལ་མོ་ཆེ་དགོན་
པ་ནི་གནས་ན་རྐུན་པོ་དང་མི་རྒོད་ལ་སོགས་པ་ཡོད་དམ་མེད་བརྟག་པའི་ཕྱིར་ཉུལ་ཞིང་བྱ་ར་བྱེད་པ་དགེ་སློང་ལ་བསྒོ་ཤིག །དཔག་ཚད་ཕྱེད་ཀྱི་ཁོ་ར་ཁོར་ཡུག་ཏུ་དེས་རྟོགས་ཤིག །ཉུལ་ཞིང་བྱ་ར་བྱེད་པར་བསྐོས་པའི་དགེ་སློང་དེས་གང་གིས་དཔག་ཚད་ཕྱེད་ཁོ་ར་ཁོར་ཡུག་ཏུ་ཉུལ་ཞིང་
རྟོགས་ཤིག །འཇིགས་པ་དང་བཅས་ན་དུ་བ་གྱིས་ཤིག །ཉུལ་ནས་མི་རྒོད་དམ། རྐུན་པོ་ཡོད་ན་གྲོགས་པོ་དག་ལ་གོ་བར་བྱ་བའི་ཕྱིར་དུ་བརྡ་བྱ་མི་མང་དུ་ཡོད་པ་ལྟར་བྱ་ཞིང་བསྡིགས་པར་བྱ་བའི་ཕྱིར་ཤིང་གི་ཁ་རས་ཀྱི་བ་དན་བཏགས་ལ་བསྒྲེང་སྟེ་མཐོང་བར་བྱ། བ་དན་ཀྱང་སྒྲེངས་ཤིག །
གྲོགས་མི་འོང་བ། ལམ་མི་ཤེས་པའི་ཕྱིར་རྩྭའི་ལོ་མ་ལམ་དུ་བོར་བ་ལ་མཚོན་གྱིས་བརྡ་བྱ། མི་མང་དུ་ཉལ་ཉལ་བ་ལྟར་རྩྭ་མང་དུ་བཏིང་བ་ལའང་བྱ། ལོ་མི་ཕུང་པོ་དག་ལམ་དུ་ཁྲོམ་ཤིག །མདོ་འདིའི་ཏི་ཀ་ནི་གོང་མ་ལ་འདུག་པ་ཡིན་ནོ། །གོང་མའི་ཏི་ཀ་ནི་གོང་མའི་སྟེང་དུ་འདུག་པའི་མཇུག་ལས་
เล่ม ๑๖๕ · หน้า 186a
འཆད་པ་ཡིན་ནོ། །དེར་དགོས་པ་ཡོད་ན་སྔ་དྲོའི་ཟས་སྦྱིན། ནགས་ཉུལ་བའི་དགེ་སློང་དུ་བསྔོས་པའི་རྣམས་ལས་ཆེ་ཞིང་ཉོན་མོངས་པའི་ཕྱིར་གཡར་སུས་བྱིན་ལ་དགྱེ། གྲོགས་ཀྱང་ངོ་། །ནགས་ཉུལ་བའི་དགེ་སློང་འཇིགས་ན་གྲོགས་ཀྱང་སྦྱིན་ཏེ་དེའང་གཡར་སུས་
སྦྱིན། འབྷྲིད། མི་རྒོད་དང་རྐུན་པོ་ཡོད་དེ་འཇིགས་པར་ཤེས་བཞིན་པ་ལས་མཐོལ་བར་འགྱུར་ཏེ་ཡན་ལག་གཅིག །ནགས་སུ་མ་ཉུལ་ནའོ། །ཉུལ་བར་བསྐོས་པའི་དགེ་སློང་གིས་འཇིགས་པར་ཤེས་བཞིན་དུ་མ་ཉུལ་ན་མཐོལ་བར་འགྱུར་ཏེ་ཡན་ལག་གཅིག །ནགས་སུ་ར་བའི་ཕྱི་རོལ་
དུ་བཟའ་བ་དང་བཅའ་བ་བླངས་ཏེ་ཟོས་ནའོ། །ནགས་ཉུལ་བའི་དགེ་སློང་གིས་གནས་མ་ཉུལ་བའི་དགོན་པའི་མཚམས་གཅད་པའི་ཕྱི་རོལ་ཏུ་ཟན་བླངས་ཤིང་ཟོས་ན་མཐོལ་བར་འགྱུར་ཏེ་ཡན་ལག་འདི་གསུམ་དང་ལྡན་ན་སོ་སོར་མཐོལ་བའོ། །བསྲུངས་ཏེ་བསྲུབས་ན་ཕྱེད་དུ་བྱེད་དོ། །
ནགས་ཉུལ་དུ་བསྐོས་པའི་དགེ་སློང་ཁ་ཅིག་ཟན་ཟ་ཞིང་འཁོད་པ་ལ་ཁ་ཅིག་ཉུལ་དུ་བཀྱེ་བར་འཇིགས་པར་ཤེས་བཞིན་དུ་གྲོགས་ཟན་ཟ་བ་ལ་བསྲུང་དུ་བཅུག་ན་མཐོལ་བའི་ཉེས་བྱས་སུ་འགྱུར་རོ། །འཇིགས་པའི་གནས་ལས་གཞན་དུ་ཞུགས་ན་ཡང་ངོ་། །ནགས་ཉུལ་བའི་དགེ་སློང་
དེ་དག་གིས་ཟན་ཁྱེར་ཏེ་མི་འཇིགས་པའི་ཕྱོགས་ཀྱིས་ལྐོག་དབེན་པ་གཞན་དུ་དོང་ནས་ཟོས་ན་ཉེས་བྱས། ནགས་བརྟག་པར་རྟོགས་པ་སྟེ་སོ་སོར་མཐོལ་བ་བཞིའོ། །ནགས་ཉུལ་དུ་བསྐོས་པ་ལས་ནགས་མ་ཉུལ་བར་ལམ་དུ་ཟན་ཟོས་པའི་མཐོལ་བ་རྫོགས་སོ། །སོ་སོར་མཐོལ་བ་རྫོགས་སོ།། །།
འདི་མན་ཆད་མང་པོ་བསླབ་པ་ལ་འཆད་དེ། དེ་ལྟར་ཤམ་ཐབས་བགོ་བ་ཇི་ལྟ་བུར་ཟླུམ་པོའི་དབྱིབས་སུ་གྱུར་པའོ། །ཤམ་ཐབས་ཁ་ཐུར་དུ་བལྟ་བ་ཡ་ཡོ་དང་རིང་ཐུང་མ་ཁྱེར་བར་ཟླུམ་པོར་བགོའོ། །རབ་ཏུ་མི་མཐོ། ཤམ་ཐབས་ཀྱི་མར་བལྟ་བ་པུས་མོ་ལས་མི་སྟོད། རབ་ཏུ་མི་དམའ། ཤམ་
ཐབས་ཀྱི་ཁ་རྐང་པའི་ལོང་བུ་ལས་དམའ་བར་མི་བྱ། ཆ་སྣ་ལྟར་མི་དཔྱང་། ཤམ་ཐབས་ཀྱི་མཐའ་ཆ་ག་ཡ་གཅིག་བལ་གླང་གི་སྣ་ལྟར་མི་དཔྱང་། མི་སྟོད། ཤམ་ཐབས་ཀྱི་ཁ་ཡར་ལྟ་བ་ལྟེ་བ་ལས་མི་སྟོད། ལྷུག་ལྷུག་པོས་མི་བཟློགས། ཤམ་ཐབས་ཀྱི་ཡར་གྱི་ཁ་སྐ་རགས་ཀྱི་གསེབ་ནས་
เล่ม ๑๖๕ · หน้า 186b
རིང་དུ་བྱ་སྟེ་སླར་ལོག་ནས་ལྷུག་ལྷུག་པོར་མི་བྱ། བཀྲི་སྟེ་མི་གཞག །ཤམ་ཐབས་ཀྱི་མཐའ་ཡ་གཅིག་ཏུ་བསྙེན་ཅིང་བརྟུལ་ཏེ་མི་བགོ །དེ་བཞིན་དུ་ཆོས་གོས་བགོས་ཏེ་ཇི་ལྟར་འདི་སྔ་མ་གསུམ་དུ་འགྱུར་བ་ལྟར་རོ། །ཤམ་ཐམས་བགོ་བ་ཟླུམ་པོ་དང་མི་མཐོ་བ་དང་། མི་དམའ་བར་བགོ་
བ་བཞིན་དུ་ཆོས་གོས་ཀྱང་ཤམ་ཐབས་དེ་ལྟར་བགོའོ། །རབ་ཏུ་བསྡམས་ཏེ་གྲོང་ནང་དུ་འགྲོའོ། །ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་བསྡམས་ཏེ་གྲོང་བར་དུ་འགྲོའོ། །ཤིན་ཏུ་དགབ། གྲོང་བར་འགྲོ་ན་མཐང་ལ་སོགས་པ་མི་སྣང་བར་ཆོས་གོས་ཀྱིས་གཡོགས། སྒྲ་བསྐྱུང་། གྲོང་
བར་དུ་ལུས་དང་ངག་ལ་སོགས་པའི་སྒྲ་བསྐྱུང་། མིག་དབབ། མིག་ཡུལ་ལ་ཆགས་ཤིང་བྲོས་པའི་ཕྱིར་དབབ། གཉའ་ཤིང་ཙམ་དུ་བལྟའོ། །མིག་དབབ་པའི་ཚད་ནི་གཉའ་ཤིང་གང་ཙམ་དུ་བལྟའོ། །མགོ་གཡོགས་པ་མི་བྱ། གྲོང་བར་དུ་ཀ་ཤས་མགོ་གཡོགས་ཏེ་མི་འགྲོ། མི་བརྗེ།
གྲོང་དུ་གོས་མི་བརྗེ། མི་གཟར་ཆོས་གོས་ཀྱི་ཐ་མ་གཉིས་ཕྲག་པ་གཡས་གཡོན་དུ་གཟར་ཅིང་གྲོང་དུ་མི་འགྲོ། མི་བརྟལ། ལག་པ་གཉིས་སྣེ་བསྣོལ་དུ་བཏང་སྟེ་ཕྲག་པ་གཉིས་ལས་མི་བཟུང་། མི་བཟློགས། ལག་པ་གཉིས་ཀྱིས་བདག་ཉིད་ཀྱི་ལྟག་པ་ནས་མི་འཁྱུད། བསྟོད་དེ་མི་གཟུགས།
རྐང་པ་གནམ་ནས་བསྟོད་ཅིང་གོམ་པ་མི་འདོར་རྩེ་མོས་བཙུགས་ཤིང་མི་འགྲོ་བ་ལ་བྱ། བྱིན་པ་མི་བསྣོལ། བྱིན་པ་བསྣོལ་ཏེ་མི་འགྲོ། མི་འཕྱེ། འཕྱེ་ཞིང་མི་འགྲོ། མི་མཆོང་མཆོང་ཞིང་མི་འགྲོ། །ཙོག་ཙོག་པོར་མི་འདུག་ཙོག་ཙོག་པོར་འདུག་ལ་མཆོང་ཞིང་མི་འགྲོ། །དཀུར་མི་བརྟེན་
ལག་པས་དཀུར་མི་བརྟེན། ལུས་རབ་ཏུ་མི་བསྒྱུར། ལག་པ་དང་ལུས་བསྒྱུར་མི་བྱ། དཔུང་པ་རབ་ཏུ་མི་བསྒྱུར། དཔུང་པ་མི་འགྱོག །མགོ་རབ་ཏུ་མི་བསྒྱུར་མགོ་བསྒྱུར་དང་མཇིང་ཀྱོག་མི་བྱ། ཕྲག་པ་མི་སྤྲད་གྲོགས་དང་ཕྲག་པ་གཉིས་སྦྲེལ་ཅིང་ཕྲད་དེ་མི་འགྲོ། ལག་པ་མི་སྦྲེལ་མི་
གཞན་དང་ལག་པ་གཉིས་སྦྲེལ་ཅིང་མི་འགྲོ། དེར་མ་གནང་བར་སྟན་ལ་མི་འདུག །ཁྱིམ་བདག་གིས་བདག་གི་ཕྱིར་མ་ཡིན་པར་སྟན་བཏིང་བ་ལ་འདུག་ཤིག་ཅེས་མ་བསྒོ་བར་མི་འདུག །བདག་གི་ཕྱིར་སྟན་བཏིང་བ་ནི་འདུག་ཤིག་ཅེས་མ་བསྒོ་བར་འདུག་ཀྱང་ཉེས་མེད། མ་བརྟགས་
เล่ม ๑๖๕ · หน้า 187a
པར་མ་ཡིན། སྟན་གྱི་འོག་ན་བུས་པ་དང་སེམས་ཅན་ཡོད་དམ་མེད་བརྟགས་ཏེ་འདུག །ལུས་ཐམས་ཅད་ཀྱིས་མི་དབབ། སྟན་དང་ཁྲི་ལ་ལུས་ཀྱི་ལྕིད་ཀྱིས་ཕབ་སྟེ་དྲག་ཏུ་མི་འདུག །རྐང་པ་ལ་རྐང་པས་མི་གཞག །རྐང་པ་གཅིག་གི་སྟེང་དུ་གཅིག་མི་གཞག །བརླ་
ལ་བརླས་མ་ཡིན། བརླ་གཅིག་གི་སྟེང་དུ་གཅིག་བཀལ་ཏེ་མི་འདུག །ལོང་བུ་ལ་ལོང་བུས་མ་ཡིན། རྐང་པའི་ལོང་དུ་གཅིག་གི་སྟེང་དུ་གཅིག་བཞག་སྟེ་མི་འདུག་རྐང་པ་མིག་ཤིབས་མི་དབྲལ་ཁྲིའི་སྟེང་དུ་འདུག་སྟེ་ཁྲིའུའི་འོག་ཏུ་རྐང་པ་གཤིབས་ཏེ་མི་འདུག་པ་དང་གདངས་ཏེ་མི་འདུག །སྒྲེན་མོར་མ་ཡིན།
ཤམ་ཐབས་བརྫེས་ཏེ་རྐུབ་ཕྱུང་ལ་མི་འདུག །ལག་པས་མཁུར་བ་ལ་མི་སྦྱིན། ཁྱིམ་པའི་གནས་ལ་སོགས་པ་མྱ་ངན་བྱེད་པ་བཞིན་ལག་པས་མཁུར་བ་ལ་མི་བརྟེན། རྟིང་པས་ཕྱིར་མི་ཕུལ། ཁྲིའུ་དང་སྟན་རྐང་པའི་རྟིང་པས་ཕུལ་ཞིང་ཕྱིར་མི་ནུར། ཐམས་ཅད་དུ་བསོད་སྙོམས་ནན་ཏན་དུ་
བླང་། ཟས་གག་ཏུ་ཟའང་རུང་སྟེ་གུས་ཤིང་ནན་ཏན་དུ་བླང་ངོ་། །ཇི་ལྟར་བླངས་པའི་ཐབས་འོག་ནས་འཆད་པ་རྣམས་ཡིན། མུ་དང་མི་མཉམ། ཟས་ལེན་པའི་ཚེ་ལྷུང་བཟེད་གང་བར་མི་བྱ་ཚོད་མ་དང་མཉམ་པར་ཟན་ཅི་ཙམ་བླངས་པའི་རྐྱེན་ཚོད་མ་ཅི་ཆོག་པ་ཙམ་དུ་བླང་། རིམ་བཞིན་དུ་
ལྟག་འོག་གཞན་དུ་འདྲིམ་པ་ལང་ལ་རིམས་ཞེས་མི་བྱ། བཟའ་བ་དང་བཅའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད། ཁ་ཟས་འདྲིམ་ཞིང་སྦྱིན་པ་མ་འོངས་ཀྱི་བར་དུ་མདུན་ན་ལྷུང་བཟེད་བཟེད་ཅིང་མི་བསྡད། འདི་སྟེང་དུ་མི་གཞག །ཟས་ཀྱི་སྟེང་དུ་ལྷུང་བཟེད་མི་གཞག །ནན་ཏན་བྱས་ཏེ་
བསོད་སྙོམས་བཟའ། ཟན་ཟ་བའི་ཚེ་ནན་ཏན་བྱ་སྟེ་བསོད་སྙོམས་ལེགས་པར་བཟའ། ལེགས་པར་ཇི་ལྟར་བཟའ་བ་ལོག་ནས་འཆད། ཁམ་རབ་ཏུ་ཆུང་ངུར་མ་ཡིན། ཁམ་རབ་ཏུ་ཆུང་བར་བྱས་ཤིང་མི་བཟའ། རབ་ཏུ་ཆེན་པོར་མ་ཡིན། ཁམ་ཆེ་རབ་ཏུ་བྱས་ཤིང་མི་བཟའ་ཁམ་
རན་པར་བྱས་ཏེ་བཟའ། ཁམ་ཁའི་སྒོར་མ་འོངས་པར་མི་གདངས། ཟན་གྱི་ཁམ་ཁའི་སྒོར་མ་འོངས་པར་སྔ་ནས་ཁ་མི་གདངས། མང་དུ་འདོད་པའི་ཕྱིར་ཚོད་མས་འབྲས་སམ་འབྲས་ཀྱིས་ཚོད་མ་མི་དགབ། ཁ་ཟས་མང་དུ་འདོད་པའི་ཕྱིར་གཅིག་གིས་བཀབ་སྟེ་མི་སྣང་བར་མི་བྱ།
เล่ม ๑๖๕ · หน้า 187b
བལྕག་བལྕག་མི་བྱ། ཟས་ཟ་བ་ལ་སྐྱུར་བ་དང་མངར་བ་སྐད་དུ་རྐན་སྒྲ་མི་གཏོགས། ཐུ་ཐུ་མི་བྱ། ཟས་ལ་མཆིལ་མས་མི་འདེབས། ཧུ་ཧུ་མི་བྱ། ཟས་གྲང་བ་ལ་ཁ་རླངས་ཀྱིས་བསྲོ་བ་སྐད་དུ་ཧུ་ཧུ་མི་བྱ། ཕུ་ཕུ་མི་བྱ། ཁ་ཟས་གྲང་བ་ལ་ཚ་བ་སྐད་དུ་ཕུ་ཕུ་མི་བྱ། ཁམ་ཅན་གྱི་ཟས་ཚིག་མི་སྨྲ།
ཁ་ཟས་ཀྱིས་བཀང་ལ་མི་སྨྲ། འབྲུམ་བུ་ནས་མི་བཏུ། ཁ་ཟས་འབྲུམ་བུ་ནས་བཏུ་ཞིང་མི་བཟའ། སྨད་པར་མི་བྱ། ཁ་ཟས་ལ་ངན་པ་དང་མི་ཞིམ་པ་དང་ལན་ཚྭ་མི་བྲོ་བ་དང་སྟོན་མོ་ངན་ཏོ་ཞེས་མི་སྨད། མཁུར་བ་མི་བཟློགས་ཁམ་ཆེན་པོ་མཁུར་བ་རློ་བོར་བྱས་ཏེ་མི་བལྡད། ཁམ་དུ་མི་བཅད།
ཟས་ཁམ་འཕྲོར་བཅད་ཅིང་མི་བཟའ། རྐན་མ་གཏོགས། ཟན་ཟ་བའི་ཚེ་རྐན་སྒྲ་མི་གཏོགས། ལྕེ་མི་དབྱུང་། ཟན་ཟ་བའི་ཚེ་ལྕེ་མི་དབྱུང་། མཆོད་རྟེན་འདྲ་བ་བྱས་ཏེ་མི་གཞིག །ཟན་མཆོད་རྟེན་འདྲ་བར་བྱས་ཤིང་མི་གཞིག་མི་བཟའ། ལག་པ་དང་ལྷུང་བཟེད་མི་བལྡག །ལག་པ་དང་ལྷུང་བཟེད་ལ་མི་
བལྡག །མི་སྤྲུག་ལག་པ་ལ་ཟས་ཆགས་པ་མི་སྤྲུག །མི་གཞལ། ཟས་ཀྱི་ལྕིད་ལག་ཚད་དུ་མི་བཅལ། ལྷུང་བཟེད་ལ་འདུ་ཤེས་ཏེའོ། །ཟན་ལེན་པའི་ཚེ་མིག་གུད་དུ་མི་བལྟ། འཕྱ་བར་རྟོག་ཅིང་གནན་པོའི་དགེ་སློང་གི་ལྷུང་བཟེད་ལ་མི་བལྟ། འཁོད་པའི་ཕྱིར་ལྟག་འོག་གི་གྲོགས་ཀྱི་ཟན་ལ་མི་ལྟ། ཟན་
ཟས་ཅན་གྱི་ལག་པས་སྣོད་ལ་མི་གཟུང་། ལག་པ་ལ་ཟན་འབགས་བཞིན་དུ་ཆུ་སྣོད་ལ་མི་གཟུང་། ཟས་ཅན་གྱི་ཆུས་གཞན་པའི་དགེ་སློང་ལ་མི་གཏོར། བ་ཟས་དང་འདྲེས་པའི་ཆུས་དགེ་སློང་གྲོགས་ལ་མི་གཏོར། གྲོང་དག་ཏུ་ཁྱིམ་བདག་ལ་མ་ཞུས་པར་མི་གཏོར། ཁྱིམ་བདག་ལ་མ་
དྲིས་པར་ལྷུང་བཟེད་ཀྱི་ཆུ་མི་འབོ་སྟེ་ས་མ་རུང་ཞིང་ཁྱིམ་པ་མི་དགའ་བར་འགྱུར་བ་དང་། ལྷུང་བཟེད་ཀྱི་ཆུད་བོ། །ཁྱིམ་པས་ཕོ་ཤིག་པར་བསྒོ་བ་ཉེས་མེད་ལྷུང་བཟེད་ཀྱིས་བྲལ་བྲུལ་མི་གཏོར། ལྷུང་བཟེད་ཀྱི་ནང་དུ་ཁ་ཟས་ཀྱི་ཚིགས་མ་བཟར་མི་རུང་བ་བླུགས་ཤིང་མི་དོར། ལྷུང་བཟེད་ལན་
གསུམ་དུ་བཀྲུས་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་བསྔགས་ཏེ་ལྷུང་བཟེད་ཀྱི་ཆུ་སྦྱིན། ཡོན་འདོད་པའི་ཕྱིར་ལྷུང་བཟེད་བཀྲུས་པའི་ཆུ་སློང་ན་ལན་གསུམ་དུ་དག་པར་བཀྲུས་ལ་ཆུས་བཀང་སྟེ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་སྔགས་སུ་བཏབ་སྟེ་སྦྱིན། མ་བཏིང་
เล่ม ๑๖๕ · หน้า 188a
བའི་ཕྱོགས་སུ་ལྷུང་བཟེད་མི་བཞག་གཞི་མ་བཏིང་བར་ལྷུང་བཟེད་མི་གཞག །འགྲེངས་ཏེ་མི་བཀྲུ། ལྷུང་བཟེད་འགྲེངས་ཏེ་མི་བཀྲུ། གཟུགས་པོར་ཡང་དེ་གཉི་ག་མི་བྱ། ས་གཟུགས་པོར་ལྷུང་བཟེད་གཞག་པའམ་བཀྲུ་བར་མི་བྱ། གཡང་སར་མ་ཡིན་གད་ཁར་
མ་ཡིན་ལམ་གྱི་བཞི་མདོར་མ་ཡིན། མིང་གིས་སྨོས་པ་འདི་རྣམས་སུ་ལྷུང་བཟེད་བཞག་པའམ་བཀྲུ་བར་མི་བྱ། ཆུའི་འབབ་རྒྱུན་འཕྲོག་ཅིང་འཕྲོག་པ་ལ་མི་བཟེད་ཆུ་དྲག་ཏུ་འབབ་པ་ལ་ལྷུང་བཟེད་ཁ་གྱེན་དུ་བསྟན་ཏེ་ཆུ་མི་བཅུ། བཤང་གཅི་ཚུན་ཆད་མིན་པའི་ཕྱིར་རོ། །མདོ་འདི་མན་ཆད་
འོག་ནས་འགྲེངས་ཏེ་བཤང་གཅི་མི་བྱ་ཞེས་འབྱུང་བ་ཡན་ཆད་ན་བའི་རྐྱེན་བྱུང་ན་མ་གཏོགས་ཏེ་མི་ན་བར་བྱས་ན་ཉེས་བྱས་སོ། །དེར་མིན་ནའོ། །ན་བའི་རྐྱེན་མ་བྱུང་བས་བསྲུང་དགོས་སོ། །འགྲེངས་པས་འདུག་པ་ལ་ཆོས་མི་བཤད། འདུག་པ་ལ་འགྲེངས་ཏེ་ཆོས་མི་བཤད། འདུག་པས་
ཉལ་བ་ལ་མ་ཡིན། ཉལ་བ་ལ་འདུག་པས་ཀྱང་ཆོས་མི་བཤད། སྟན་མཐོན་པོ་ལ་མི་འདུག་པ་ལ་དམའ་བ་ལ་འདུག་པས་མ་ཡིན་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་པས་ཆོས་མི་བཤད། བཟང་པོ་དང་ངན་པ་ལ་ཡང་དེ་བཞིན་ནོ། །སྟན་བཟང་པོ་ལ་འདུག་པ་ལ་སྟན་ངན་པ་
ལ་འདུག་པས་ཆོས་མི་བཤད། ཕྱི་ནས་འོངས་པས་སྔར་འགྲོ་བ་ལ་མ་ཡིན། སྔར་འགྲོ་བ་ལ་ཕྱི་ན་འདུག་པས་ཆོས་མི་བཤད། ལམ་མ་ཡིན་པས་ལམ་པ་ལ་མ་ཡིན། ལམ་བཞིན་དུ་སོང་བ་ལ་ལམ་གྱི་གཡས་གཡོན་ནས་འགྲོ་ཞིང་ཆོས་མི་བཤད། གཡོགས་པ་ལ་སོགས་པ་ལ་བྱས་པ་ལ་མ་
ཡིན། མགོ་གཡོགས་པ་དང་དཀྲིས་པ་ལ་སོགས་པའི་མི་ལ་ཆོས་མི་བཤད། རྟ་དང་བལ་གླང་དང་། བཞོན་པ་དང་ཁྱོགས་དང་ཁྲི་དང་ཤིང་ལྷམ་གྱོན་པ་ལ་མ་ཡིན། མིང་གིས་སྨོས་པ་འདི་རྣམས་ཞོན་ཞིང་གྱོན་པ་ལ་བདག་བཞོན་པ་མེད་པར་ཆོས་མི་བཤད། ལྷམ་དང་ཤིང་ལྷམ་གྱོན་པ་ལའང་མི་
བཤད་དོ། །ཞྭ་དང་ཅོད་པན་དང་གཙུག་ཏོར་དང་དཀྲིས་པ་པ་དང་ཕྲེང་བ་ཅན་གྱི་མགོ་ལ་མ་ཡིན། མགོ་ལ་མིང་གིས་སྨོས་པ་འདི་རྣམས་ཀྱིས་བཅིངས་པ་ལ་ཆོས་མི་བཤད་དོ། །ལག་ན་གདུགས་དང་དབྱིག་པ་དང་རལ་གྲི་དང་ལག་ཆ་ཅན་ལ་མ་ཡིན། མིང་གིས་སྨོས་པ་འདི་རྣམས་ལག་ན་ཐོགས་
เล่ม ๑๖๕ · หน้า 188b
པའི་མི་ལ་ཆོས་མི་བཤད། གོ་ཆ་ཅན་ལ་མ་ཡིན། ཡ་ལད་དང་གོ་ཆ་གྱོན་པ་ལ་ཆོས་མི་བཤད། འགྲེངས་ཏེ་བཤང་གཅི་མི་བྱ། སྔོན་པོའི་ཕྱོགས་སུ་མ་ཡིན། རྩྭ་དང་ལྡམ་ལྡུམ་གྱི་སྟེང་དུ་བཤང་གཅི་མི་བྱ། མི་དོར། རྩྭ་དང་ལྡམ་ལྡུམ་གྱི་སྟེང་དུ་བཤང་གཅི་གོས་ལ་རེག་པའང་མི་དོར།
མཆིལ་མ་དང་སྣབས་དང་སྐྱུགས་པ་དང་ཚད་པ་ཡང་ངོ་། །རྩ་བ་དང་ལྡམ་ལྡུམ་སྔོན་པོའི་ཕྱོགས་སུ་མིང་གིས་སྨོས་པ་འདི་རྣམས་མི་དོར། ཆུར་མ་ཡིན། བཤང་གཅི་དང་མཆིལ་མ་ལ་སོགས་པ་ཆུར་མི་དོར། ཤིང་མི་གང་ཙམ་ལས་ལྷག་པ་ལ་མི་འཛེགས་གློ་བུར་མ་གཏོགས་སོ། །འཇིགས་པའི་
རྐྱེན་བྱུང་། ཤིང་རིང་པོ་ལའང་འཛེགས་པ་མ་གཏོགས་ཏེ་ཤིང་མི་གང་ལས་རིང་བ་ཡན་ཆད་ལ་མི་འཛེགས། བསླབ་པའོ། །བསླབ་པ་མང་པོ་རྫོགས་སོ། །བསླབ་པ་རྫོགས་ཏེ་དགེ་སློང་གི་རྣམ་པར་འབྱེད་པའོ། །དགེ་སློང་ཕའི་སོ་སོར་ཐར་པ་འཆད་པ་འདུལ་བ་རྣམ་པར་འབྱེད་པས་གཞི་བཟུང་
སྟེ་འགྲེལ་པའི་མདོ་རྫོགས་སོ།། །།འདི་མན་ཆད་དགེ་སློང་མའི་འདུལ་བ་བཅུ་གཉིས་སྟོང་གི་ནང་ནས་འབྱུང་བའི་མདོ་སྟེ་དགེ་སློང་མའི་ཁྲིམས་ལ་འཆད་དོ། །ལྟུང་བར་སྦྱོར་བའི་ཚིག་ཚུན་ཆད་དགེ་སློང་མའི་འོ། །འོག་ནས་ལྟུང་བར་སྦྱོར་བ་ཞེས་འབྱུང་བའི་མདོ་ཡན་ཆད་འདི་མན་ཆད་ནི་དགེ་སློང་མའི་
ཁྲིམས་སོ། །བཞི་པའིའོ། །དགེ་སློང་ཕའི་ཕས་ཕམ་པ་བཞི་དང་དགེ་སློང་མའི་ཕས་ཕམ་པར་གཏོགས་ཏེ་ལྟག་ཏུ་བཤད་ཟིན་པ་ཡིན་ནོ། །རེག་པའི་ཕས་ཕམ་པ་ལ་འཆད་དེ། བདག་གིར་བྱས་པའོ། །བདག་དགའ་བར་འདོད་པ་ལས་ཕས་ཕམ་པར་འགྱུར་ཏེ་ཡན་ལག་གཅིག །མིག་ནས་
པུས་མོའི་བར་དུའོ། །དགེ་སློང་མའི་མིག་མན་ཆད་པུས་མོ་ཡན་ཆད་ཀྱིས་སྐྱེས་པ་ལ་རེག་ན་ཕས་ཕམ་པར་འགྱུར་ཏེ། ཡན་ལག་གཅིག་རེག་པའོ། །རེག་པ་ལས་ཕམ་པར་འགྱུར་ཏེ་ཡན་ལག་གཅིག །སྐྱེས་པའོ། །སྐྱེས་པ་སྤྱད་བཟོད་པ་ལས་ཕས་ཕམ་པར་འགྱུར་ཏེ་ཡན་ལག་གཅིག །རྒྱོ་
འདོད་པས་སོ། །སྐྱེས་པའང་དགེ་སློང་མ་ལ་རྒྱོ་བར་སེམས་པ་ལ་རེག་ན་ཕམ་པར་འགྱུར་ཏེ་ཡན་ལག་གཅིག །ཡན་ལག་གཞན་དུ་ན་སྦོམ་པོའོ། །དགེ་སློང་མའི་མིག་ཡན་ཆད་དང་པུས་མོ་མན་ཆད་ཀྱིས་སྐྱེས་པ་ལ་རེག་པ་ནི་སྦོམ་པོ་སྟེ་ཡན་ལག་གོང་དུ་སྨོས་པ་རྣམས་དང་ལྡན་ན་ཕམ་པར་འགྱུར་
เล่ม ๑๖๕ · หน้า 189a
འབྲི་བ་ནི་སེམས་གཞན་གྱིས་སོ། །དགེ་སློང་མ་འདོད་ཆགས་ཀྱི་སེམས་ནི་མེད་ཀྱི་སྐྱེས་པའི་མཐང་འཇམ་མམ་རྩུབ་སད་པའི་ཕྱིར་རེག་པ་ནི་སྦོམ་པོའོ། །དེ་སྟེ་སྐྱེས་པའང་དེའི་ཚེ་དེར་ཤེས་ནའང་འདི་བཞིན་ནོ། །རེག་པ་ནི་དགེ་སློང་མའང་འདོད་ཆགས་ཀྱི་སེམས་ཡོད་ལ་སྐྱེས་
པའང་འདོད་ཆགས་ཀྱི་སེམས་ཡོད་དེ་སྐྱེས་པ་འདོད་ཆགས་པར་ཤེས་བཞིན་རེག་ན་ཕམ་པའོ། །འོངས་ཏེ་དེ་ལྟར་མ་ཡིན་ན་ཡང་ངོ་། །དགེ་སློང་མ་དང་སྐྱེས་པ་གཉིས་ཀ་འདོད་ཆགས་ཀྱི་སེམས་མེད་པར་རེག་པ་ནི་ཉེས་བྱས་སོ། །བུད་མེད་དགེ་སློང་མ་འདོད་ཆགས་ཡོད་པས་རེག་ནའང་ཉེས་
བྱས། ལྟུང་བ་མེད་པ་ནི་བདག་གིར་མ་བྱས་ནའོ། །དགེ་སློང་མ་འདོད་ཆགས་མེད་དེ་རེག་པར་མི་འདོད་བཞིན་དུ་སྐྱེས་པས་རེག་ཅིང་བཟུང་བ་ནི་ཉེས་མེད་དོ། །ཉེས་མེད་པ་ནི་བུ་ལ་རེག་པའོ། །དགེ་སློང་མས་བདག་གི་སྔོན་གྱི་བུ་ཁྱེའུ་ཆུང་ངུ་ལ་རེག་པ་ནི་ཉེས་མེད་དོ། །བྱིས་པའང་རུང་གཞན་
ལ་མི་རེག་གོ། །བདག་གི་བུ་མ་ཡིན་ན་གཞན་གྱི་བྱིས་པ་ཆུང་ངུ་དང་སྐྱེས་པ་ལ་མི་རེག་པར་བྱ། སྟེན་ཕོད་པའི་སྐྱེས་པ་དང་། རེག་ནས་ཕམ་པར་འགྱུར་བའི་སྐྱེས་པ་ནི་ཕོ་མཚན་དང་ལྡན་ཞིང་མི་ཚངས་པར་སྤྱོད་ནུས་པ་དང་། འདོད་པ་དང་ལྡན་པས། སྐྱེས་པ་དེ་འདོད་ཆགས་ཀྱི་སེམས་དང་ཡང་
ལྡན་ཏེ་གཞན་ལ་འདོད་ཆགས་ཀྱི་སེམས་སྐྱེས་པ་ནི་མ་ཡིན་གྱི་དགེ་སློང་མ་དེ་ཉིད་ལ་འདོད་ཆགས་ཀྱི་སེམས་སྐྱེས་པ་ཡིན་ན་ཕམ་པར་འགྱུར་རོ། །དེ་བཅུད་པའི་ཕྱིར་ཚིག་ཤེས་ནས་ཀུན་རྫོགས་པར་ནུས་པའོ། །སྐྱེས་པ་ཚིག་ཟུར་གྱིས་ཤེས་ཤིང་བརྡ་ཕྲད་པ་ཡིན་པ་ལས་ཁྲིམས་རལ་བར་འགྱུར་
ཏེ་ཁྲིམས་གཞན་གྱི་ཡན་ལག་ཏུ་དགོས་པའི་ཕྱིར་འདི་བཤད་དོ། །རེག་པའི་ཕས་ཕམ་པའོ། །རེག་པའི་ཕས་ཕམ་པ་རྫོགས་སོ།། །།སྐྱེས་པའི་མདུན་དུ་གནད་པའི་ཕམ་པ་ལ་འཆད་དེ། ལུས་ཀྱི་ཕས་ཕམ་པ་སྐྱེས་པའི་མདུན་དུ་ལུས་ཀྱིས་ཕབ་ཅིང་གནད་པ་ལས་ཕམ་པར་འགྱུར་ཏེ་ཡན་
ལག་གཅིག །ཞེན་པས་སྐྱེས་པའི་མདུན་དུ་གནས་པ་ཡང་འདོད་ཆགས་ཀྱི་སེམས་ཡོད་པ་ལས་ཕམ་པར་འགྱུར་ཏེ་ཡན་ལག་གཅིག །མངོན་པར་འདུག་པ་ལ་བསྙེན་པར་ཞེན་ཅིང་དེ་ལ་སྐྱེས་པས་སོ། །སྐྱེས་པ་མིག་སྔ་ན་འདུག་ཅིང་འདོད་ཆགས་དང་ཡང་ལྡན་མི་ཚངས་པར་སྤྱོད་དུ་འོང་བའི་
เล่ม ๑๖๕ · หน้า 189b
མདུན་དུ་གནད་པ་ལས་ཕམ་སྟེ་ཡན་ལག་གཅིག །དེ་ཕྱིན་ནའོ། །སྐྱེས་པ་མི་ཚངས་པར་སྤྱོད་དུ་འོངས་ཏེ་ལག་གིས་སླེབས་ཚུན་ཆད་དུ་འོངས་པ་ལ་གནང་ན་ཕམ་སྟེ་ཡན་ལག་འདི་རྣམས་དང་ལྡན་ན་ཕམ་པའོ། །ཞེན་པ་དང་ཞེན་མ་ལྷན་ཅིག་ཏུ་ཏྲོག་ཏྲོག་པོར་བྱེད་ན་སྦོམ་པོ། དགེ་སློང་མ་དང་སྐྱེས་
པ་གཉིས་ཀ་འདོད་ཆགས་དང་ལྡན་ཞིང་སྟེགས་སྔགས་ལ་སོགས་པས་ཏྲོག་ཏྲོག་མོར་བྱས་ན་སྦོམ་པོའོ། །ལྟར་ལྟར་མོ། །འདོད་ཆགས་ཀྱི་སེམས་ཀྱིས་རྩེད་མོ་དང་ལུས་སྒྱུར་དང་མི་ཟུར་དང་སྣ་སྙེར་ལ་སོགས་པ་བྱས་ན་སྦོམ་པོའོ། །རྙིལ་རྙིལ་མོ། སྐྱེས་པ་དང་སེད་སེད་པོར་རྩེ་རྩེ་བ་ལས་འདོད་
ཆགས་ཀྱིས་མྱོས་ཏེ་རྙིལ་རྙིལ་མོར་འགྱུར་པའང་སྦོམ་པོ། །དེར་བསྟན་པར་ཁས་བླངས་པ། སྐྱེས་པས་མི་ཚངས་པར་སྤྱད་པའི་ཕྱིར་ཤོག་ཤིག་ཅེས་བྱས་ཏེ་དེ་ལྟར་བྱའོ་ཞེས་ཁས་བླངས་ནའང་སྦོམ་པོའོ། །དུས་པོར་བ། དུས་མལ་འདིར་ཤོག་ཤིག་ཅེས་སྐྱེས་པས་སྨྲས་ཏེ་ཁས་བླངས་ན་སྦོམ་པོ།
མཚན་མས་སོ། །གོས་འདི་ལྟ་བུ་ཞིག་གྱོན་ན་མི་ཚངས་པར་སྤྱད་ཀྱིས་ཤོག་ཤིག་ཅེས་བྱས་ཏེ་ཁས་བླངས་ནའང་སྦོམ་པོའོ། །འོང་བ་དང་འགྲོ་བར་འཇུག་པ་དེ་བདག་གིས་བྱས་པ། སྐྱེས་པ་ཕས་འོང་ངམ་མི་འོང་བ་དང་གུད་དུ་འགྲོ་བ་ལ་མི་ཚངས་པར་སྤྱད་འདོད་པའི་ཕྱིར་བྱ་ར་བྱེད་ཅིང་ལྟ་ཞིང་རྟོག་
ནའང་སྦོམ་པོའོ། །ལུས་ཀྱིས་ཕབ་པའི་ཕས་ཕམ་པའོ། །སྐྱེས་པའི་མདུན་དུ་གནད་པའི་ཕས་ཕམ་པ་རྫོགས་སོ།། །།གྲོགས་ཀྱི་ཕམ་པ་བཅབས་པའི་ཕས་ཕམ་པ་ལ་འཆད་དེ། དགེ་སློང་མའི་ཕས་ཕམ་པ་བཅབས་པའོ། །དགེ་སློང་མའི་ཕས་ཕམ་པ་བརྒྱད་ལ་གང་བྱས་ཀྱང་རུང་སྟེ་ཕམ་པ་བྱུང་
བ་ཞིག་ཡོད་ན་ཤེས་བཞིན་དུ་བཅབས་ལ་ཞག་གཅིག་གི་སྐྱ་རེངས་བྱུང་ན་ཕམ་པར་གྱུར་ཏོ། །བཅབས་པའི་ཕས་ཕམ་པའོ། །ཕས་ཕམ་པ་བཅབས་པའི་ཕམ་པ་རྫོགས་སོ།། །།དགེ་སློང་ཆད་པས་བཅད་པ་ཁ་དྲངས་པའི་ཕམ་པ་ལ་འཆད་དེ། ཆགས་པས་གསོལ་བར་གདོན་མི་ཟ་བ་ལས་སྤངས་
པའི་དགེ་སློང་ཕྱག་མི་བྱ་བར་རིག་པར་སྡོམ་པ་བྱས་པ་ཤེས་ནས་དེའི་ཕྱིར་བཟློག་ཅིང་མ་བཏང་ན་དབྱེན་དུ་འཇུག་པ་བཞིན་ནོ། །དགེ་སློང་མའི་གནས་སུ་རྟག་པར་འགྲོ་ཞིང་འདུག་པ་ལས་དགེ་འདུན་ཕོས་མ་འགྲོ་ཞིག་ཅེས་བསྒོ་བ་ལས་མ་བཏུབ་ནས་ཆད་པས་བཅད་དེ། བསྐྲད་པ་ལས་དགེ་འདུན་མོས་
เล่ม ๑๖๕ · หน้า 190a
ཀྱང་དགེ་སློང་དེ་ལ་ཆོས་བཞིན་དུ་ཕྱག་མི་བྱ་ཞིང་མི་བསྐོར་བར་བཞག་པ་ལས་དགེ་སློང་དེ་སླར་དགེ་འདུན་ལ་བཟོད་པར་གསོལ་བར་བསམས་ཤིང་ཆས་པ་ལས་དགེ་སློང་མ་གག་ཀྱང་རུང་གཅིག་གིས་དེ་ལྟར་ཤེས་བཞིན་དུ་ཁོང་གིས་བསྐྲད་དུ་ཟད་མོད་འཆགས་ཅི་དགོས་འཚོ་བ་
ལ་སོགས་པ་ངས་སྦྱར་རོ་ཞེས་བྱས་ནས་ཁ་དྲངས་ཏེ་བཞག་ན་ཕམ་མོ། །བཟློག་པའི་ཕས་ཕམ་པའོ། །དགེ་འདུན་གྱིས་ཆད་པས་བཅད་པའི་དགེ་སློང་སླར་བཟོད་པར་གསོལ་བ་ལ་དགེ་སློང་མས་ཁ་དྲངས་པའི་ཕམ་པ་རྫོགས་སོ། །དགེ་སློང་མའི་ཕས་ཕམ་པའོ། །དགེ་སློང་མའི་ཕས་ཕམ་པ་བཞི་
ཆར་རྫོགས་སོ།། །།འདི་མན་ཆད་དགེ་སློང་མའི་ལྷག་མ་ཉི་ཤུ་ལ་འཆད་དེ། སྨྱན་གྱི་ལྷག་མ་ལ་འཆད་དེ། སྨྱན་དགེ་སློང་མ་ལ་ཁྱིམ་མའི་བསྔགས་ན་སྦོམ་པོའོ། དགེ་སློང་མས་སྐྱེས་པ་དང་བུད་མེད་གཉིས་སྤྲད་དེ་སྨྱན་བྱས་ན་ལྷག་མར་འགྱུར་བ་ནི་དགེ་སློང་ཕས་སྨྱན་བྱས་ཏེ་ལྷག་མར་འགྱུར་
བ་དང་འདྲའོ། །དགེ་སློང་ཕའི་སྨྱན་བཤད་པའི་སྟེང་དུ་འདི་རྣམས་བླ་ཐབས་སུ་བསྣན་ཏེ། དགེ་སློང་མ་གྲོགས་ལ་དགེ་སློང་མ་ལ་བྱུང་ཞིང་སླར་ཁྱིམ་དུ་འཇུག་ཅིང་འདོད་པ་ལྔ་སྤྱད་པའི་རིགས་སོ་ཞེས་གྲོས་བཏབ་ན་སྦོམ་པོའོ། །སྟུ་འཚོང་མ་གཞན་འཇུག་ན་ཡང་ངོ་། །བུད་མེད་ལ་རྒྱན་ལ་སོགས་
པ་འཕྱོ་བའི་ཡོ་བྱད་སྦྱར་ཏེ་སླར་འདོད་པའི་ཕྱིར་སྟུ་འཚོང་མ་བྱེད་དུ་བཅུག་ན་ཡང་སྦོམ་པོའོ། །རིན་གྱི་ཕྱིར་བཏང་ན་ཐ་དད་པར་མི་འགྱུར་རོ། །གཡོག་མོ་འམ་བྲན་མོ་ལ་སྟུ་གླ་བླང་བའི་ཕྱིར་བརྒྱན་ཏེ་རྒྱོར་བཏང་ནའང་སྦོམ་པོའོ། །དགེ་སློང་མའི་སྨྱན་ཏེ་དགེ་འདུན་གྱི་ལྷག་མའོ། །སྨྱན་གྱི་
དགེ་འདུན་ལྷག་མ་རྫོགས་སོ།། །།རྩ་བ་མེད་པ་དང་བག་གི་དགེ་འདུན་གྱི་ལྷག་མ་ལ་འཆད་དེ། རྩ་བ་མེད་པ་དང་བག་དགེ་སློང་མས་ཕས་ཕམ་པས་སྐུར་ཏམ་ཕས་ཕམ་པའི་ཆས་སྐུར་ན་ལྷག་མར་འགྱུར་ཏེ་ཡན་ལག་དང་བཤད་པ་ནི་དགེ་སློང་ཕའི་འདྲའོ། །ཕོར་ནི་མོ་དེར་ནི་ཕོའོ། །
དགེ་སློང་ཕས་དགེ་སློང་ཕོ་ལ་སྐུར་ན་རྩ་བ་མེད་པས་དང་བག་གི་ལྷག་མར་གྱུར་པ་བཞིན་དུ་དགེ་སློང་མས་ཀྱང་དགེ་སློང་མོ་གྲོགས་མོ་ལ་སྐུར་ན་བག་དང་རྩ་བ་མེད་པའི་ལྷག་པར་འགྱུར་རོ། །དགེ་སློང་ཕ་ལས་སྐུར་པའི་ཉེས་པའི་དམིགས་གུད་ནས་འཆད་དོ། །བག་དང་རྩ་བ་མེད་པའི་དགེ་
เล่ม ๑๖๕ · หน้า 190b
འདུན་གྱི་ལྷག་མ་རྫོགས་སོ།། །།ནོར་རྫས་ལེན་པའི་ལྷག་མ་ལ་འཆད་དེ། ཆུང་ཟད་བདག་གིར་བྱས་པ་ཡང་ངོ་། །གཞན་ལས་ནོར་རྫས་བླངས་ཏེ་བདག་གིས་བྱས་པ་ལས་ལྷག་མར་འགྱུར་ཏེ། ཡན་ལག་གཅིག་ཞེན་པས་སོ། །འདོད་ཆགས་ཀྱི་སེམས་དང་བཅས་པས་ཟང་ཟིང་བླངས་པ་
ལས་ལྷག་མར་འགྱུར་ཏེ་ཡན་ལག་གཅིག་སྐྱེས་པའོ། །འདོད་ཆགས་དང་བཅས་པས་སྐྱེས་པ་ལས་བླངས་པ་ལས་ལྷག་མར་འགྱུར་ཏེ་ཡན་ལག་གཅིག །ཡན་ལག་འདི་རྣམས་དང་ལྡན་ན་ལྷག་མར་འགྱུར་རོ། །ཞེན་པ་དང་མ་ཞེན་པ་ཡང་ངོ་། །དགེ་སློང་མ་ལ་ཡང་འདོད་ཆགས་ཡོད་ལ་
སྐྱེས་པ་ཡང་དགེ་སློང་མ་དེ་དང་མི་ཚངས་པར་སྤྱད་པར་འདོད་ཆགས་ཡོད་བཞིན་དུ་ནོར་རྫས་བླངས་ན་ལྷག་མར་འགྱུར་རོ། །དགེ་སློང་མ་དང་སྐྱེས་པ་གཉིས་ཀ་འདོད་ཆགས་མེད་པར་བླངས་པ་ནི་ཉེས་མེད་དོ། །མ་ཞེན་པ་ན་སྦོམ་པོའོ། །དགེ་སློང་མ་ལ་ནི་འདོད་ཆགས་ཀྱི་སེམས་མེད་ཀྱི་སྐྱེས་པ་
འདོད་ཆགས་ཀྱི་སེམས་ཡོད་པ་ལས་བླངས་ན་སྦོམ་པོའོ། །ཉེས་བྱས་པ་ནི་མ་ཞེན་པའོ། །དགེ་སློང་མ་ལ་འདོད་ཆགས་ཡོད་ན་སྐྱེས་པ་ལ་འདོད་ཆགས་མེད་པ་ལས་བླངས་པ་ནི་ཉེས་བྱས་སོ། །ཆུང་ཟད་འཛིན་པའོ། །འདོད་ཆགས་ཀྱི་སེམས་ཀྱིས་ནོར་རྫས་བླངས་པའི་ལྷག་མ་རྫོགས་སོ།། །།ནོར་རྫས་
ལེན་དུ་བཅུག་པའི་ལྷག་མ་ལ་འཆད་དེ། ཞེན་པ་ལ་མ་ཞེན་པས་ཆུང་ཟད་བདག་གིར་བྱས་ན་མ་ཉེས་སོ་ཞེས་དགེ་སློང་མ་ལ་བསྒོ་ནའོ། །དགེ་སློང་མ་གཅིག་གིས་དགེ་སློང་མ་གཅིག་ལ་སྐྱེས་པ་ལས་ནོར་རྫས་ལོང་ཤིག་ཅེས་བསྒོ་ན་ནོར་ལེན་པའི་བུད་མེད་དང་སྐྱེས་པ་གཉིས་ཀ་ལ་འདོད་ཆགས་ཡོད་ན་
ལེན་དུ་འཇུག་པའི་དགེ་སློང་མ་ལ་འདོད་ཆགས་མེད་ཀྱང་གཉིས་ཀ་ལྷག་མའོ། །སྐྱེས་པ་ལ་འདོད་ཆགས་ཡོད་ན་ལེན་པ་དང་ལེན་དུ་བཅུག་པ་གཉིས་ལ་འདོད་ཆགས་མེད་ཀྱང་གཉིས་ཀ་སྦོམ་པོར་འགྱུར་རོ། །སྐྱེས་པ་ལ་འདོད་ཆགས་མེད་ན་ནོར་ལེན་པའི་དགེ་སློང་མ་ལ་འདོད་ཆགས་ཡོད་ཀྱང་དགེ་
སློང་མ་གཉིས་ཀ་ཉེས་བྱས་སོ། །གསུམ་ཆར་ལ་འདོད་ཆགས་ཀྱི་སེམས་མེད་ན་ཉེས་མེད་དོ། །ཆུང་ཟད་འཛིན་པར་འདོམས་པའོ། །ནོར་ལེན་དུ་བཅུག་སྟེ་འདོད་ཆགས་ཡོད་པའི་ལྷག་མ་རྫོགས་སོ།། །།ནུབ་མོ་ཕྱི་རོལ་དུ་བྱུང་བའི་ལྷག་མ་ལ་འཆད་དེ། འོག་མ་བཞི་ནི་དགེ་སློང་མ་མེད་ནའོ། །
เล่ม ๑๖๕ · หน้า 191a
འོག་ནས་ནུབ་མོ་སྒོར་འགྲོ་བ་དང་ཉིན་པར་ལམ་དུ་འགྲོ་བ་དང་ཆུ་རྒལ་བ་དང་ཉིན་པར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བ་དང་བཞི་ནི་དགེ་སློང་མ་གྲོགས་མེད་ན་ལྷག་མར་འགྱུར་རོ། །སུམ་ཆ་མ་གཏོགས་སོ། །དགེ་སློབ་མ་ཞིག་གྲོགས་སུ་ཁྲིད་དེ་ལྟག་ཏུ་སྨོས་པ་བཞི་ལས་གང་ཡང་
རུང་། །གྲོགས་སུ་ཁྲིད་ན་སུམ་ཆ་མ་ཚང་བའི་ཕྱིར་ཉེས་བྱས་སོ། །དགེ་སློབ་མའོ། །མདོ་ལྷག་མ་ལྟར་སུམ་ཆ་མ་ཚང་སྟེ་ཉེས་བྱས་སུ་འགྱུར་བ་ནི་དགེ་སློབ་མ་དང་འགྲོགས་ཤིང་ཁྲིད་པ་ལས་འགྱུར་རོ། །སུམ་ཆ་ནི་དགེ་སྦྱོང་མའོ། །དགེ་སྦྱོང་མ་གྲོགས་སུ་ཁྲིད་པ་ནི་སུམ་གཉིས་མ་ཚང་བའི་
ཕྱིར་སྦོམ་པོར་འགྱུར་རོ། །ཉེས་མེད་པ་ནི་མི་འདོད་དེ་བྲལ་བའོ། །དགེ་སློང་མ་གྲོགས་སུ་ཁྲིད་དེ་འགྲོ་བ་ལས་གྲོགས་མོ་དེ་བྲོས་སམ་ཤིའམ་ཁྱིམ་པར་བབས་སམ་རྐུན་པོས་ཁྱེར་ན་བདག་གཅིག་པུ་ལུས་པ་ནི་ཉེས་མེད་དོ། །བར་ཆད་དུ་འགྲོ་བའི་དབང་གིས་ཀྱང་ངོ་། །གྲོགས་སུ་ཁྲིད་ཁྲིད་པའི་
དགེ་སློང་མ་དེ་ལ་ཞང་བློན་ནམ་ཡུལ་དཔོན་ལྟ་བུས་རྩེ་བའི་རྐྱེན་ཅིག་ཡོད་དེ་ཚངས་པར་སྤྱོད་པའི་བར་ཆད་དང་སྲོག་ལ་དམའ་བ་ཙམ་གྱི་ཚོད་ན་གྲོགས་མོ་སླར་སོང་སྟེ་དགེ་སློང་མ་གཅིག་པུ་ལུས་ཀྱང་ཉེས་མེད་དོ། །སྦྱོར་བ་བཞིན་དུ་ཐ་མའི་དུས་སུ་རྟོག་པ་ཚུན་ཆད་དུའོ། །ནུབ་མོ་ཕྱི་རོལ་དུ་སོང་སྟེ་
ལྷག་མར་འགྱུར་བའི་ཚད་ནི་ནམ་སུམ་ཆ་ཟད་ཀྱི་བར་དུ་ནི་ཉེས་བྱས། སྐྱ་རེངས་མ་བྱུང་གི་བར་དུ་སྦོམ་པོ་སྐྱ་རེངས་དང་པོ་བྱུང་ན་ལྷག་མར་འགྱུར་རོ། །ནུབ་པའི་མཐའ་ནི་ཉི་མ་མཐའ། ཉིན་པར་མཚམས་ཀྱི་ཕྱི་རོལ་ན་འདུག་པ་ནི་ཉི་མ་ནུབ་སྟེ་དམར་ཐག་ཆད་ན་ལྷག་མར་འགྱུར་རོ། །ནུབ་མོ་
དབྱར་མོ་ཐང་གི་ཕྱི་རོལ་ན་གནས་ནའོ། །ནུབ་མོ་མཚམས་ཀྱི་ཕྱི་རོལ་ན་གནས་ན་ལྷག་མར་འགྱུར་བ་ནི་བདག་གི་གནས་ཁང་ཉིད་ཀྱི་སྒོ་འདས་པ་ཕན་ཆད་ཕྱི་རོལ་དུ་བརྩི་སྟེ། སྒོ་ཕན་ཆད་དུ་སྐྱ་རེངས་བྱུང་ན་ལྷག་མར་འགྱུར་རོ། །ནུབ་མོ་འབྲལ་བའོ། །ནུབ་མོ་མཚམས་ཀྱི་ཕྱི་རོལ་དུ་གནས་པའི་
ལྷག་མ་རྫོགས་སོ།། །།ཉིན་མོ་མཚམས་ཀྱི་ཕྱི་རོལ་ན་གནས་པའི་ལྷག་མ་ལ་འཆད་དེ། ཉིན་མོ་ཉིན་པར་མཚམས་ཀྱི་ཕྱི་རོལ་ན་འདུག་པ་ལས་ལྷག་མར་འགྱུར་རོ། །མུ་གེའི་ཚེ་གཅིག་པུ་གཉེན་གྱི་ཁྱིམ་དུ་ཟས་ཀྱི་ཕྱིར་སོང་ལ་གཉེན་དང་ལྷན་ཅིག་ཏུ་འབྲེལ་པར་ཉེ་བར་སོང་སྟེ་གནང་བ་ཐོབ་
เล่ม ๑๖๕ · หน้า 191b
ནའོ། །མུ་གེ་བྱུང་བའི་ཚེ་གཉེན་གྱི་ཁྱིམ་དུ་ཟན་གྱི་ཕྱིར་འགྲོ་བར་དགེ་འདུན་གྱིས་གནང་ལ་གྲོགས་མེད་པར་སོང་བ་ནི་ཉེས་མེད་དོ། །དགེ་འདུན་གྱིས་གནང་བའང་མེད་པར་གྲོགས་མེད་པར་སོང་ན་ལྷག་མར་འགྱུར་རོ། །དེ་སྦྱིན་མུ་གེའི་ཚེ་དགེ་སློང་མ་གཉེན་གྱི་དེར་ཟན་ཟར་འགྲོ་བར་གསོལ་ན་
གྲོགས་མེད་ཀྱང་དགེ་འདུན་གྱིས་གནང་བ་སྦྱིན་ནོ། །ཉིན་མོའི་འབྲལ་བའོ། །ཉིན་མོའི་མཚམས་ཀྱི་ཕྱི་རོལ་དུ་གྲོགས་མེད་པར་གནས་པའི་ལྟུང་བ་རྫོགས་སོ།། །།ལམ་དུ་འགྲོ་བའི་ལྷག་མ་ལ་འཆད་དེ། ལམ་དུ་འགྲོ་བའོ། །དགེ་སློང་མ་གྲོགས་མེད་པར་ལམ་དུ་ཞུགས་ནས་རྒྱང་
གྲགས་རེ་རེ་ཞིང་ལྷག་མ་རེ་རེར་འགྱུར། རྒྱང་གྲགས་ཕྱེད་ཅིང་སྦོམ་པོ་རེ་རེར་འགྱུར་རོ། །ལམ་དུ་འཇུག་པའོ། །གྲོགས་མེད་པར་ལམ་དུ་འགྲོ་བའི་ལྷག་མ་རྫོགས་སོ།། །།གྲོགས་མེད་པར་ཆུ་རྒལ་བའི་ལྷག་མ་ལ་འཆད་དེ། ཆུ་ཕ་རོལ་དུ་རྒལ་བའོ། །ཆུ་བརྒལ་ཏེ་ཕ་རོལ་ཏུ་ཕྱིན་ན་
ལྷག་མར་འགྱུར། རྐྱལ་ཏེ་ཕ་རོལ་ཏུ་ཕྱིན་པའོ། །ཆུ་བརྒལ་ཏེ་ཕ་རོལ་ཏུ་ཕྱིན་པ་ནི་རྐྱལ་ཏེ་ཕ་རོལ་ཏུ་ཕྱིན་ན་ལྷག་མར་འགྱུར་རོ། །ཚུན་ཆད་ནི་སྦོམ་པོའོ། །ཕ་རོལ་མ་ཕྱིན་པར་སླར་ལོག་པ་ནི་སྦོམ་པོའོ། །ཉེས་བྱས་པ་ནི་ཡུར་བའི་ཕ་རོལ་ཏུ་ཕྱིན་པའོ། །ཆུ་རྐྱལ་དུ་མི་ཆོག་པ་དང་
ཡུར་བ་ཙམ་ཡན་ཆད་རྒལ་བ་ནི་ཉེས་བྱས་སོ། །ཆུ་རྒལ་བའོ། །གྲོགས་མེད་པར་ཆུ་རྒལ་བའི་ལྷག་མ་རྫོགས་སོ།། །།རབ་ཏུ་འབྱུང་བའོ། །ཐུག་ཐུབ་ཏུ་བུད་མེད་རབ་ཏུ་ཕྱུང་ན་ལྷག་མར་འགྱུར་རོ། །མང་པོས་བསྐོས་བདག་པོས་བཏང་རྒྱལ་པོས་གནང་སྟེ་གསད་པའི་ཕྱིར་བ་ལས་ནའོ། །
བུད་མེད་མི་ཤ་ཟ་བ་མ་རུངས་མ་ཡུལ་མིས་ཀྱང་གྲགས་པར་འགྱུར་ནས་རྒྱལ་པོ་ལ་ཕུལ་ཁྱིམ་ཐབ་ཀྱིས་ཀྱང་བཏང་རྒྱལ་པོས་ཀྱང་གསད་པར་ཆད་པ་ལས་དེ་ལྟ་བུའི་བུད་མེད་ཐུག་ཐུབ་ཏུ་རབ་ཏུ་བྱུང་ན་ལྷག་མར་འགྱུར། །མཁན་མོར་ནའོ། །བུད་མེད་ཐུག་ཐུབ་ཏུ་རབ་ཏུ་བྱུང་བ་དེ་མཁན་མོ་
གང་ཡིན་པ་དེ་ལྷག་མར་འགྱུར་རོ། །དེར་ཤེས་ནའོ། །བུད་མེད་མ་རུངས་མ་རྒྱལ་པོ་ལ་གསོལ་ཏེ། གསད་པར་ཆད་པར་ཤེས་བཞིན་པ་ལས་རབ་ཏུ་ཕྱུང་ན་ལྷག་མར་འགྱུར་རོ། །རབ་ཏུ་བྱུང་བའོ། །ཐུག་ཐུབ་ཏུ་རབ་ཏུ་འབྱིན་པའི་ལྷག་མ་རྫོགས་སོ།། །།ཤི་བའི་ནོར་བླངས་པའོ། །ཁྱིམ་
เล่ม ๑๖๕ · หน้า 192a
བས་དགེ་སློང་མ་ལ་ནོར་སྦྱིན་པར་ཁས་བླངས་པ་ལས་ཁྱིམ་པ་དེ་ཤི་བ་དང་དེའི་སྒོ་བགགས་ནས་རོ་ཕྱིར་མ་བཏང་ཞིང་སྔོན་ནོར་སྦྱིན་པ་བདས་ན་ལྷག་མ། ལྟུང་བ་མེད་པ་ནི་དགེ་འདུན་གྱི་ནའོ། །ཁྱིམ་པས་དགེ་འདུན་ལ་ནོར་བྱིན་པ་ཁས་བླངས་པ་ལས་ཁྱིམ་པ་ཤི་སྟེ།
སྔོན་ནོར་སྦྱིན་པ་དེ་བདས་ཏེ་སྔོན་ནོར་བྱིན་པ་དེ་དགེ་སློང་མ་ལ་བླངས་པ་ནི་ཉེས་མེད་དོ། །དེ་སྟེ་བྱ་བ་ཉུང་ནའོ། །མདོ་ལྟག་མ་ལྟར་ཉེས་པའང་སྒོ་བཅད་ཅིང་མཐུས་བུ་ལོན་དུ་མི་བདའ་བའི་སྔོན་དགེ་འདུན་ལ་ནོར་ཞིག་དབུལ་བར་ཁས་བླངས་ཏེ་ཤི་བའི་ཡང་བསོད་ནམས་ཏེ་དབུལ་བའི་རིགས་སོ་
ཞེས་བྱ་བ་ནི་ཉེས་མེད་དོ། །བླངས་པའོ། །ཁྱིམ་བདག་ཤི་བ་ལས་ནོར་བླངས་པའི་ལྷག་མ་རྫོགས་སོ།། །།མཚམས་ཀྱི་ཕྱི་རོལ་ལ་ཆགས་པའོ། །དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་ལ་ཆད་པས་བཅད་ཅིང་བསྐྲད་པ་ལ་དགེ་སློང་མ་ཁ་ཅིག་གིས་མཚམས་ཀྱི་ཕྱི་རོལ་དུ་དོང་སྟེ། ཐུག་ཐུབ་ཏུ་
འཆགས་སུ་བཅུག་ཅིང་ཆད་པས་གནང་བར་བྱས་ན་ལྷག་མར་འགྱུར་རོ། །འཆགས་པའོ། །ཆད་པས་བཅད་པའི་དགེ་སློང་མ་ཐུག་ཐུབ་ཏུ་འཆགས་སུ་བཅུག་ཅིང་ཆད་པ་བྱུང་བའི་ལྷག་མ་རྫོགས་སོ།། །།དཀོན་མཆོག་བཤགས་པ་ནི་འདི་དག་དང་དགེ་སྦྱོང་གཞན་འདྲས་དེར་ཚངས་པའི་སྤྱོད་པ་
སྤྱད་དོ་ཞེས་པའི་ཚིག་འདི་ལ་ཞུགས་པ་མ་བཏང་ནའོ། །དགེ་སློང་མས་སངས་རྒྱས་ཀྱི་ཆོས་དང་མུར་འདུག་གི་ཆོས་སྤྱོད་པ་མི་འདྲ་བ་མེད་དེ། སངས་རྒྱས་ཀྱི་ཆོས་ནི་བཏང་མུར་འདུག་གི་ཚངས་པར་སྤྱོད་པ་བྱའོ་ཞེས་སྨྲས་ན་ལྷག་མར་འགྱུར་རོ། །དགེ་འདུན་དབྱེན་དུ་འཇུག་པ་བཞིན་ནོ། །
མདོ་ལྟག་མ་ལྟར་ལྷག་མར་འགྱུར་བ་ནི་དགེ་འདུན་གྱི་དབྱེན་དུ་ཞུགས་པ་ལ་དགེ་འདུན་གྱིས་ལན་གསུམ་དུ་བསྒོས་ཏེ་མ་བཏང་བ་ལས་ལྷག་མར་འགྱུར་བ་བཞིན་དུ་འདིའང་འདི་སྐད་མ་ཟེར་ཞེས་ལན་གསུམ་དུ་བསྒོ་སྟེ་མ་བཏུབ་ན་ལྷག་མར་འགྱུར་རོ། །འོག་མ་དག་ཀྱང་ངོ་། །འོག་ནས་ལྷག་
མ་འབྱུང་བ་རྣམས་ཀྱང་ལན་གསུམ་དུ་བསྒོ་སྟེ་མ་བཏང་ན་ལྷག་མར་འགྱུར་རོ། །ཕུལ་བའོ། །སངས་རྒྱས་ཀྱི་ཆོས་མི་བྱེད་མུར་འདུག་གི་ཆོས་སྤྱོད་དོ་ཞེས་ཟེར་བའི་ལྷག་མ་རྫོགས་སོ།། །།འདོད་པ་དང་ལྡན་པ་ལ་སོགས་པས་དགེ་སློང་མ་ལ་བསྒོ་བའོ། །མདོ་འོག་མ་སྐད་དུ་འཐབ་མོ་དང་
เล่ม ๑๖๕ · หน้า 192b
འཕྱ་བ་ལ་སོགས་པ་བྱེད་པ་ལ་དེ་ལྟར་མ་བྱེད་ཅེས་དགེ་སློང་མ་གཞན་གྱིས་བཅོས་ན་སླར་ཁྱོད་ནི་འདོད་ཆགས་དང་ལྡན་པ་ཞེ་སྡང་དང་ལྡན་པ་གཏི་མུག་དང་ལྡན་པའོ་ཞེས་ཟེར་བ་ལ་དེ་སྐད་མ་ཟེར་ཞེས་ལན་གསུམ་དུ་བསྒོ་སྟེ་མ་བཏང་ན་ལྷག་མའོ། །འཐབ་མོ་དང་འཕྱ་བ་དང་འཁོན་པ་དང་རྩོད་པ་
དགེ་སློང་མ་དང་ལྷན་ཅིག་བཟློག་ནའོ། །འཐབ་མོ་བྱེད་པ་དང་འཕྱ་བ་དང་འཁོན་པ་དང་རྩོད་པ་བྱེད་ཅིང་སྨྲ་བ་ལ་དེ་ལྟར་མ་བྱེད་ཅིག་ཅེས་འདོམས་པའི་ཚེ་དགེ་སློང་མ་ལ་ཁྱོད་འདོད་ཆགས་དང་ལྡན་པ་ཞེ་སྡང་དང་ལྡན་པ་གཏི་མུག་དང་ལྡན་ནོ་ཞེས་བྱས་ཤིང་སླར་བཟློག་ན་ལྷག་མར་འགྱུར། འཐབ་
མོ་ལ་འཇུག་ནའོ། །འཐབ་མོ་ལ་ཞུགས་ཏེ་གཏོང་དུ་མི་བཏུབ་པའི་ལྷག་མ་རྫོགས་སོ།། །།འགྲིལ་ཅིང་འཁོད་པའོ། །གྲོགས་མོ་དང་བསྟེན་ནས་འགྲིལ་ཅིང་འགྲོགས་ན་ལྷག་མར་འགྱུར་རོ། །དགེ་སློང་མ་ནའོ། །འགྲིལ་ཅིང་འགྲོགས་པ་དེ་དགེ་སློང་མ་ཡང་ཡིན་པ་ལས་ལྷག་མར་
འགྱུར། ཏྲོག་ཏྲོག་མོ་དང་ལྟར་ལྟར་མོ་དང་རྙིལ་རྙིལ་མོའི་སྐྱེན་དུ་གྱུར་པའོ། །འགྲོགས་པའི་དགེ་སློང་མ་དེ་རྩེད་མོ་དང་འཕྱར་བ་ལ་སོགས་པ་འདི་རྣམས་ལྟ་བུ་ཞིག་བྱེད་པ་དང་འགྲོགས་ན་ལྷག་མར་འགྱུར་རོ། །བདག་བུད་མེད་འདི་རྣམས་ལྟར་བྱེད་པ་ཞིག་དང་འགྲོགས་ནའང་ལྷག་
མར་འགྱུར་རོ། །བུད་མེད་ཀྱི་འདུ་འཛིར་གཏོགས་པའོ། །བུད་མེད་ཏྲོག་ཏྲོག་མོར་བྱེད་པ་དང་འགྲོགས་པའི་ལྷག་མ་རྫོགས་སོ།། །།དེའི་འདུ་འཛིར་འདོམས་པའོ། །དགེ་སློང་མ་གྲོགས་ལ་ཏྲོག་ཏྲོག་མོ་དང་རྩེད་མོ་ལ་སོགས་པ་གྱིས་ཤིག་ཅེས་བསྒོ་ཞིང་བྱེད་དུ་བཅུག་ནའང་ལྷག་མར་
འགྱུར་རོ། །འདོམས་པའོ། །རྩེད་མོ་གྱིས་ཤིག་ཅེས་འདོམས་པའི་ལྷག་མ་རྫོགས་སོ།། །།དགེ་འདུན་དབྱེན་པ་ལ་སོགས་པ་བཞི་དགེ་སློང་མ་ཡིར་གཏོགས་པའོ། །དབྱེན་དང་རྗེས་སུ་ཕྱོགས་པ་དང་། རིགས་སུན་པ་དང་དག་དཀའ་བ་བཞི་ཡང་དགེ་སློང་ཕའི་བཤད་པ་བཞིན་
དུ་དགེ་སློང་མས་བྱས་ནའང་ལྷག་མར་འགྱུར་རོ། །དགེ་འདུན་གྱི་ལྷག་མ་རྫོགས་སོ།། །།དགེ་འདུན་གྱི་ལྷག་མ་ཉི་ཤུ་རྫོགས་སོ།། །།འདི་མན་ཆད་སུམ་ཅུ་བཞིའི་སྤང་བའི་ལྟུང་བ་ལ་འཆད་དེ། བཅུ་པའོ། །འཆད་པ་དང་འདྲལ་བ་ལ་སོགས་པ་བཅུ་དང་ཕུང་པོ་གཅིག་རིལ་གྱིས་དགེ་
เล่ม ๑๖๕ · หน้า 193a
སློང་ཕའི་དང་འདྲའོ། །གསེར་དང་དངུལ་དང་དངུལ་གྱིས་པ་དང་ཉོ་ཚོང་དང་ལྷན་པ་མེད་པ་དང་། འཐག་པ་གཉིས་དང་འཕྲོག་པ་དང་བསྔོས་པ་དང་བསྡུས་པར་ཆུད་པའོ། །གསེར་དང་དངུལ་དང་ཉོ་འཚོང་དང་ལྷུང་བཟེད་ལྷན་པ་མེད་པར་བཟང་པོ་ཚོལ་བ་དང་འཐག་
པ་གཉིས་དང་བྱིན་འཕྲོག་དང་དགེ་འདུན་དབང་བ་གང་ཟག་ལ་བསྔོས་སོ་ཞེས་ཟེར་བ་དང་སྨན་ཞག་བདུན་པ་དང་ཞག་བཅུ་དགུ་ནི་དགེ་སློང་ཕའི་དང་འདྲ་སྟེ་དགེ་སློང་ཕས་བསྲུང་བར་བཤད་པ་བཞིན་དུ་དགེ་སློང་མས་ཀྱང་བསྲུང་ངོ་། །དགེ་སློང་ཕའི་སྤང་བའི་ལྟུང་བ་བཅུ་དགུར་མིང་གིས་
སྨོས་པ་འདི་ལ་མ་གཏོགས་པ་རྣམས་ནི་དགེ་སློང་མའི་སྤང་བའི་ལྟུང་བར་མི་འགྱུར་རོ། །དགེ་སློང་གི་འཁྲུ་བ་ལ་སོགས་པའོ། །དགེ་སློང་མས་དགེ་སློང་ཕའི་གོས་རྙིང་པ་བཀྲུས་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་ཊཱི་ཀ་ལས་བཤད། དགེ་སློང་མས་གོས་རྙིང་པ་དགེ་སློང་ཕ་
ལ་བཅོལ་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་འདུལ་བ་འཛིན་པ་ཁ་ཅིག་དང་མོག་ཤ་ལ་འཆད། དེ་ལས་བླངས་པ་དང་། དགེ་སློང་མས་གཉེན་མ་ཡིན་པའི་དགེ་སློང་ཕ་ལས་གོས་བླངས་ན་འང་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་མ་བྱིན་པའོ། །དགེ་སློང་མས་སྔར་གྲོགས་ལ་
གོས་བྱིན་པ་ལས་ཕྱིས་གོས་སླར་ཕྲོགས་པ་ན་སྤོང་བའི་ལྟུང་བར་འགྱུར་རོ། །ལྷའི་དད་པ་མི་གཟུང་། དགེ་སློང་མས་འཇིག་རྟེན་གྱི་ལྷའི་གཟུགས་བྲིས་སམ་བྱས་ཏེ་དེ་ལ་ཡུལ་མི་ཡོན་འབུལ་དུ་བཅུག་ནས་ཡོན་བླངས་ན་སྤང་བར་འགྱུར་རོ། །ལྷུང་བཟེད་ལྷག་པ་ཉིན་གཅིག་ལས་རིང་དུ་མི་བཅང་
བའོ། །ལྷུང་བཟེད་ལྷག་པ་བཅངས་ན་སྔགས་ཀྱིས་མ་ཐེབས་སམ་གུད་དུ་མ་བཏང་བར་ཞག་གཉིས་ཀྱི་སྐྱ་རེངས་བྱུང་ན་སྤང་བའི་ལྟུང་བར་འགྱུར། ལྷུང་བཟེད་ཀྱི་འཆང་བའོ། །ལྷུང་བཟེད་ལྷག་པ་ཞག་གཅིག་ལས་འདས་ཏེ་སྔགས་མ་ཐེབས་པའི་སྤང་བའི་ལྟུང་བ་རྫོགས་སོ།། །།ཟླ་བ་
ཕྱེད་ཕྱེད་པའི་ཉིན་མོ་ཐོག་མ་ལ་བསྔོ་བ་མ་བསྔོས་ནའོ། །ཆོས་གོས་ལྔ་དང་ཡོ་བྱད་བཅུ་གསུམ་བདག་གི་ཡིན་པར་བསྔོས་ན་ཟླ་བ་ཕྱེད་ཕྱེད་ཅིང་སྔགས་ཀྱིས་གདབ་དགོས་སོ། །གཞན་སྦྱིན་པར་བསྔོས་པ་དང་གོས་ལྷག་གིས་སྔགས་བཏབ་པ་ནི་མི་དགོས་སོ། །མ་བསྔོས་པའོ། །ཟླ་བ་ཕྱེད་
เล่ม ๑๖๕ · หน้า 193b
ཅིང་གོས་སྔགས་ཀྱིས་མ་ཐེབས་པའི་སྤང་བའི་ལྟུང་བ་རྫོགས་སོ།། །།དཔྱིད་ཟླ་ར་བའི་ཐ་མའི་ཉིན་མོ་ཚུན་ཆད་དུ་དྲུབས་པ་ཕྱུང་ནའོ། །དཔྱིད་ཟླ་ར་བ་ཉ་ལ་གདིང་བ་དྲུབས་པ་ལས་འབྱིན་པ་ལས་དེ་ལས་སྔར་གདིང་བ་དྲུབས་པ་ཕྱུང་ན་ཟླ་བ་ལྔའི་ཚེ་རྫས་རྙེད་དོ་ཅོག་སྤང་བའི་ལྟུང་བར་འགྱུར་རོ། །
ལྟུང་བ་མེད་པ་ནི་རྐུན་པོས་ཁྱེར་བ་དགེ་སློང་མའི་ཕྱིར་ནའོ། །དཔྱིད་ཟླ་ར་བའི་ཉ་ལས་སྔར་གདིང་བ་དྲུབས་པ་ཕྱུང་ཡང་ཉེས་མེད་པ་ནི་དགེ་སློང་མང་མོ་ཞིག་ནོར་དང་གོས་རྐུན་པོས་ཁྱེར་དྲུབས་པ་ཕྱུང་ནས་ནོར་དགོས་པ་ནི་ཉེས་མེད་དོ། །དྲུབས་པ་ལས་འབྱིན་པའོ། །གདིང་བ་དྲུབས་པ་དུས་
ལས་སྔར་ཕྱུང་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།མ་བྱུང་བའོ། །གདིང་བ་དྲུབས་པ་ལ་དཔྱིད་ཟླ་ར་བའི་ཉ་ལ་འབྱིན་པའི་རིགས་པ་ལས་ཉ་ལས་འདས་ཏེ་དྲུབས་པ་ཕྱུང་ན་ཟླ་བ་ལྔའི་ཚེ་གོས་ཅི་རྙེད་པ་སྤང་བའི་ལྟུང་བར་འགྱུར་རོ། །དེར་རོ། །ཉ་འདས་ནས་ཞག་གཅིག་གི་སྐྱ་རེངས་བྱུང་ན་
སྤང་བར་འགྱུར་རོ། །དྲུབས་པ་དབྱུང་བའོ། །གདིང་བ་དྲུབས་པ་དུས་ལས་འདས་ཏེ་ཕྱུང་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།དབྱིག་དང་གསེར་སློང་བའོ། །དགེ་སློང་མས་ནོར་རིན་པོ་ཆེ་དང་། དབྱིག་དང་གསེར་དངུལ་ལ་སོགས་པ་ཁྱིམ་པ་ལས་བླངས་ན་གཉེན་ཡིན་ཡང་རུང་མ་ཡིན་
ཡང་རུང་སྤང་བའི་ལྟུང་བར་འགྱུར་རོ། །རིན་པོ་ཆེ་སློང་བའོ། །རིན་པོ་ཆེ་ཁྱིམ་པ་ལས་སློང་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།གཞན་གྱི་ཕྱིར་གོས་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་བསྔོས་པའོ། །གཞན་གྱིས་གོས་ཤིག་བྱིན་ཏེ་འདིས་ཁ་ཕྱིས་སམ་སྣོད་སྤྱད་དམ་གཞན་ཞིག་
ཏུ་བསྒྱུར་ཏེ་སྤྱོད་ཅིག་ཅེས་བསྔོས་ཏེ་བྱིན་པ་ལས་གོས་དེ་ཟས་ཤིག་ཏུ་ཡང་བསྒྱུར་ན་ཟས་དེ་རྣམས་སྤང་བའི་ལྟུང་བའོ། །གོས་ཟ་བར་ཆུད་པའོ། །གོས་གཞན་ཞིག་ཏུ་བསྒྱུར་ཅིག་པར་བྱིན་པ་ལས་ཟས་སུ་བསྒྱུར་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།གོས་དང་མལ་སྟན་དང་དབྱར་མོ་
ཐང་གི་ཕྱིར་བ་གང་ཅིག་ལ་ཡང་ཡང་ངོ་། །དགེ་འདུན་ལ་གོས་དང་མལ་སྟན་དང་། གཙུག་ལག་ཁང་གི་ཡོ་བྱད་དུ་འདི་རྣམས་ལས་ཕུལ་བ་ལས་ཟས་སུ་བསྒྱུར་ན་སྤང་བའི་ལྟུང་བ། ལྟག་མའི་ལྟུང་བ་དང་འདི་གཉིས་ཀ་དགེ་འདུན་ལ་ཕུལ་བ་ལས་ཟས་སུ་བསྒྱུར་ཀྱང་རུང་གང་ཟག་ལ་
เล่ม ๑๖๕ · หน้า 194a
ཕུལ་བ་ལས་ཟས་སུ་བསྒྱུར་ཀྱང་རུང་སྤང་བའི་ལྟུང་བའོ། །འདི་རྣམས་ཀྱིས་བསྒྱུར་གྱིས་ཤིག་པར་རིན་བྱིན་པ་ལས་ཟས་སུ་བསྒྱུར་ན་གང་ཅི་ཡང་རུང་སྤང་བའོ། །གོས་ལ་སོགས་པ་བཟའ་བར་ཆུད་པའོ། །གོས་ཕུལ་བ་ལ་སོགས་ཟས་སུ་བསྒྱུར་བའི་སྤང་བའི་ལྟུང་
བ་རྫོགས་སོ།། །།དགེ་སློང་མ་འགྲོ་བ་མང་པོའི་ཕྱིར་བསྐུལ་བ་ལས་དེ་བདག་ལ་བསྔོས་པའོ། །དགེ་སློང་མ་བཞི་ཡན་ཆད་མང་པོ་ཞིག་གུད་ནས་འོངས་ཏེ་ཟས་དང་ཡོ་བྱད་ཀྱིས་མི་ཆོག་གོ་ཞེས་བླངས་ལ་གུད་ནས་འོངས་པའི་ཟས་སུ་མ་བྱས་པར་བདག་གིར་བྱས་ཏེ་གཞན་ན་སྤང་
བའི་ལྟུང་བར་འགྱུར། འགྲོ་བ་མང་པོའི་ཕྱིར་བསྔོས་པའོ། །གུད་ནས་འོངས་པའི་ཕྱིར་བླངས་ཏེ་བདག་གིར་བྱས་པའི་སྤང་བའི་ལྟུང་བ་རྫོགས་སོ།། །།དགེ་འདུན་གྱི་ཕྱིར་ན་ཡང་ངོ་། །དགེ་འདུན་གྱི་གཞི་ལ་འཁོད་པའི་ཟས་དང་ཡོ་བྱད་མི་ཆོག་གོ་ཞེས་གུད་ནས་བླངས་ཏེ་དགེ་འདུན་གྱིར་
མ་སྤྱད་པར་བདག་ཉིད་ཀྱིར་བྱས་ན་སྤང་བའི་ལྟུང་བའོ། །དགེ་འདུན་གྱི་ཕྱིར་བསྔོས་པའོ། །དགེ་འདུན་གྱི་ཕྱིར་བསླངས་པ་ལས་བདག་ཉིད་ཀྱིར་བྱས་པའི་སྤང་བའི་ལྟུང་བ་རྫོགས་སོ།། །།ཚིག་བདག་གིར་བྱ་བའི་ཕྱིར་བཅིང་བའི་དོན་དགྲོལ་བའོ། །དགེ་སློང་མས་སྐྱེས་པ་ལས་སྨན་
བསླངས་ཀྱང་རུང་ཉོས་ཀྱང་རུང་སྟེ་འདོད་ཆགས་ལངས་ནས་རིང་དུ་འདུག་པའི་ཕྱིར་སྨན་ཡང་བཅིང་ཡང་བཀྲོལ་བྱེད་ཅིང་འདུག་ན་སྨན་སྤངས་པ་ལ་བདག་ལྟུང་ངོ་། །འགྲེལ་པའོ། །སྨན་ཉོས་པའི་ཚེ་འདོད་ཆགས་ལངས་ཏེ་འཇིག་ཅིང་བཀྲོལ་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།སྲང་བརྒྱ་
ལ་སོགས་པ་ཏེ་ཀཱར་ཥཱ་པ་ཎ་ཉི་ཤུ་ལ་སོགས་པའི་རིན་གྱི་གོས་བདག་གིར་བྱ་བའོ། །དགེ་སློང་མའི་གོས་ལྷག་མ་ལྕིད་སྲང་བརྒྱ་མན་ཆད་རིན་ཀཱར་ཥཱ་པ་ཎ་ཉི་ཤུ་རིབ་མན་ཆད་ནི་བཅང་དུ་དབང་སྟེ་ལྕིད་དེ་དང་རིན་དེ་ལས་འདས་པ་ཞིག་དགེ་སློང་མས་བཅངས་ན་སྤང་བའི་ལྟུང་བར་འགྱུར་རོ། །
གོས་ལྕི་བ་འཆང་བའོ། །གོས་ལྕི་བ་རིན་པོ་ཆེ་འཆང་བའི་སྤང་བའི་ལྟུང་བ་རྫོགས་སོ།། །།སྲང་ལྔའི་མཐའ་ཡང་ངོ་། །དར་ལྟ་བུ་ཡང་བ་ཞིག་གི་གོས་འཆང་ན་ལྕིད་ནི་སྲང་ལྔ་རིན་ནི་ཀཱར་ཥཱ་པ་ཎ་ཉི་ཤུ་ཡན་ཆད་ལས་འདས་པ་རིན་སྤང་བར་འགྱུར། གོས་སྤང་བ་འཆང་བའོ། །གོས་རིན་པོ་
เล่ม ๑๖๕ · หน้า 194b
ཆེ་ཡང་འཆང་བའི་སྤང་བའི་ལྟུང་བ་རྫོགས་སོ། །སྤང་བ་ཟིན་ཏོ། །སྤང་བ་སུམ་ཅུ་རྩ་བཞིའི་བཤད་པ་ཀུན་རྫོགས་སོ།། །།འདི་མན་ཆད་ལྟུང་བ་བརྒྱ་བརྒྱད་ཅུ་ལ་འཆད་དེ། བདུན་ཅུ་རྩ་གཉིས། ལྟུང་བ་བདུན་ཅུ་རྩ་གཉིས་ནི་དགེ་སློང་ཕའི་འདྲ་སྟེ་བདུན་ཅུ་རྩ་གཉིས་ཀྱི་ནང་དུ་གང་མ་གཏོགས་
པ་ནི་འོག་ནས་འཆད་དོ། །མ་བསྐོས་པ་ལ་སོགས་པ་བཅུ། སྐྲོད་པ་ཡང་ཡང་བསོད་པ་གནས་འདུག་པ་མ་ཕྱུང་བ་ཉུང་བ་རས་ཆེན་དུ་ཆུད་པ་མ་གཏོགས་སོ། །མ་བསྐོས་པ་ལ་སོགས་པའི་འབྱུང་བའི་བཅུ་སྡེ་གཅིག་རིལ་གྱིས་དགེ་སློང་མའི་ལྟུང་བ་མ་གཏོགས་སོ། །སྐྲོད་པ་དང་ཡང་
ཡང་དང་ཁ་ཟས་བཟང་པོ་དང་བསྙེན་གནས་སུ་འདུག་པ་དང་བསྙེན་གནས་སུ་གབ་པ་དང་གོས་བྱིན་པ་སླར་མ་བརྙས་པར་གྱོན་པ་དང་སྐྱོན་ནས་འབོད་པ་དང་རས་ཆེན་དང་འདི་བརྒྱད་ཀྱང་དགེ་སློང་མའི་ལྟུང་བ་ལ་མ་གཏོགས་སོ། །བརྟགས་པ་ནི་དགེ་སློང་གི་སྟེ་རབ་ཏུ་འབྱུང་བ་ལ་ཟང་ཟིང་སྦྱིན་
པའོ། །དགེ་སློང་ཕས་སྤྱན་གཟིགས་དང་ཟས་བྱིན་པ་ནི་བླངས་ཀྱང་ཉེས་མེད་དེ་བརྟགས་པའོ། །ཆུང་མར་སྤྱད་པ་ན་ཡང་ངོ་། །སྔོན་ཁྱོ་བྱེད་བྱེད་པའི་དགེ་སློང་ཕས་སྤྱན་གཟིགས་དང་ཟས་བྱིན་པ་ཡང་བླངས་ཀྱང་ཉེས་མེད་དོ། །དེས་ཀྱང་བླང་ངོ་། །ལྟག་མ་ལྟར་ཉེས་མེད་པས་ན་དགེ་སློང་
ཕོ་མོས་གང་གིས་བླངས་ཀྱང་ཉེས་མེད་དོ། །ལྷན་ཅིག་ཏུ་ཉལ་བ་བུ་མི་ཆེ་བ་མ་གཏོགས་སོ། །དགེ་སློང་མས་སྔོན་གྱི་བུ་ཁྱེའུ་ཆུང་ངུ་ནུ་མ་དང་མ་བྲལ་བ་དང་ལྷན་ཅིག་ཉལ་བ་ཉེས་མེད་དོ། །གནང་བ་ཐོབ་ནའོ། །ལྟག་མ་ལྟར་ཉེས་མེད་པ་ཡང་དགེ་འདུན་མོ་ལ་གསོལ་ཏེ་གནང་བ་
ཐོབ་ན་ཉེས་མེད་དོ། །དེ་ལ་སྦྱིན། དགེ་སློང་མ་བུ་ཆུང་སྟེ་ལྷན་ཅིག་ཏུ་ཉལ་བར་གསོལ་ན་དགེ་འདུན་གྱིས་ཀྱང་གནང་བ་སྦྱིན་ནོ། །བུ་ཡང་ཆུང་ལ་གནང་བ་མ་བྱིན་ན་དགེ་འདུན་ཉེས་བྱས་རེ་རེར་འགྱུར་རོ། །རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་ཡང་ངོ་། །རབ་ཏུ་འབྱུང་བ་
དང་བསྙེན་པར་རྫོགས་པར་བྱས་པ་ལས་མཁན་མོ་ལྟུང་བར་འགྱུར་རོ། །ལོ་བཅུ་གཉིས་མ་རྫོགས་ནའོ། །མཁན་མོ་ལོ་བཅུ་གཉིས་མ་ལོན་ལ་ཆོས་ལྔ་དང་མི་ལྡན་པས་རབ་ཏུ་ཕྱུང་ངམ་བསྙེན་པར་རྫོགས་པར་བྱས་ན་ལྟུང་བར་འགྱུར་རོ། །བདག་བསྙེན་པར་རྫོགས་སོ།། །།ལོ་
เล่ม ๑๖๕ · หน้า 195a
བཅུ་གཉིས་སུ་རྩི་བ་ནི་མཁན་མོ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་ན་ལྟུང་བར་འགྱུར་རོ། །ཉུང་བ་འཇོག་པའོ། །བདག་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱས་པའི་ལྟུང་བ་རྫོགས་སོ།། །།བྱིན་ཅིག་འཁོར་དང་ཚད་མེད་པའི་འཁོར་
བཞག་པར་གནང་བའོ། །དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མ་ལ་སློབ་མ་དང་ཉེ་གནས་འཆང་ཞིང་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་པ་གནང་བ་སྦྱིན་ནོ། །ནུས་ན་དེ་གཞག་གོ། །མདོ་ལྟག་མ་ལྟར་གནང་བ་སྦྱིན་པ་ཡང་དགེ་སློང་མ་དེ་ཆོས་ལྔ་དང་ལྡན་ན་ཉེ་
གནས་དང་སློབ་མ་འཆང་བ་གནང་བ་སྦྱིན། ལོ་བཅུ་གཉིས་ཚང་བ་བསྙེན་པར་རྫོགས་པའི་ལོ་ནས་སོ། །ལྟག་མ་ལྟར་ཆོས་ལྔ་དང་ལྡན་ཡང་ལོ་བཅུ་གཉིས་མ་ལོན་ན་གནང་བ་མི་སྦྱིན་གྱི་དགེ་སློང་མ་དེ་ཁྲིམས་རྫོགས་ནས་ལོ་བཅུ་གཉིས་ཀྱང་ལོན་ཆོས་ལྔ་དང་ཡང་ལྡན་ན་སློབ་མ་འཆང་
བར་གནང་བ་སྦྱིན་ནོ། །གཞན་གྱིས་མི་གསོལ་ལོ། །སློབ་མ་འཆང་བར་འདོད་པ་དགེ་སློང་མ་དེ་ལོ་བཅུ་གཉིས་ཀྱང་ལོན་ལ་ཆོས་ལྔ་དང་ཡང་ལྡན་ན་སློབ་མ་འཆང་བར་དགེ་སློང་མ་དེ་ཉིད་ཀྱིས་གསོལ་ལོ། །སྔར་གནང་བ་མ་ཐོབ་པའོ། །དགེ་འདུན་ལ་གསོལ་ཏེ་གནང་བ་མ་ཐོབ་པར་སློབ་
མ་དང་ཉེ་གནས་བཅང་ཤིང་རབ་ཏུ་ཕྱུང་ན་ལོ་བཅུ་གཉིས་ལོན་ཞིང་ཆོས་ལྔ་དང་ལྡན་ཡང་ལྟུང་བར་འགྱུར་རོ། །འཁོར་ཉེ་བར་གཞག་པའོ། །གནང་བ་མ་ཐོབ་པར་ཉེ་བར་འཇོག་པའོ། །དགེ་འདུན་གྱིས་མ་གནང་བར་སློབ་མ་འཆང་བའི་ལྟུང་བ་རྫོགས་སོ།། །།ཚད་མེད་པའི་འཁོར་གཞན་
གྱིས་པའོ། །དགེ་སློང་མའི་དགེ་འདུན་གྱིས་མ་གནང་བར་སློབ་མ་དང་ཉེ་གནས་མང་དུ་འཆང་ན་ལྟུང་བའོ། །གོང་མ་ནི་སློབ་མ་གཅིག་གཉིས་ཙམ་བྱའོ། །ཚད་མེད་པའི་ཉེ་བར་འཇོག་པའོ། །སློབ་མ་དང་ཉེ་གནས་འཁོར་མང་དུ་འཆང་བའི་ལྟུང་བ་རྫོགས་སོ།། །།བསྙེན་པར་རྫོགས་པ་ནི་
ལོ་བཅུ་གཉིས་ཡན་ཆད་བག་མ་བྱས་ནའོ། །དགེ་སྦྱོང་མ་བག་མ་བྱས་པ་ཞིག་ན་ལོ་བཅུ་གཉིས་ལོན་ནོ། །བསྙེན་པར་རྫོགས་པར་རུང་ངོ་། །བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱས་ན་མཁན་མོ་གང་ཡིན་པ་ལྟུང་བར་འགྱུར་རོ། །ལོ་བཅུ་གཉིས་ལས་ཉུང་བ་བསྙེན་པར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด