འདུལ་བ་ཚིག་ལེའུར་བྱས་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཀཱ་རི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๖ · หน้า 30b
འཇིགས་བཅས་ཐད་འགྲོ་ཉེས་པ་མེད། །དབེན་པར་བུད་མེད་གཅིག་དང་ནི། །དགེ་སློང་གཅིག་པུ་ལྷན་ཅིག་ཏུ། །འདུག་པས་གནས་པར་མི་བྱ་སྟེ། །ཁྱད་པར་དགེ་སློང་མ་དང་འགྲེང་། །དགེ་སློང་གི་ནི་ཟང་ཟིང་ཟས། །དགེ་སློང་མ་ཡི་སྦྱོར་བཅུག་པ། །སྔར་ནི་མགྲོན་དུ་གཉེར་བ་ཡིས། །
ཡོངས་སུ་སྤྱོད་ལ་ཉེས་པ་མེད། །སྒྲུབ་པ་དང་ནི་ཐོས་པ་ཡིས། །སྦྱོར་བཅུག་པ་ནི་རྣམ་པ་གཉིས། །སྒྲུབ་པ་རྒྱུན་དུ་ཞུགས་པ་ནས། །ཇི་སྲིད་དགྲ་བཅོམ་གྱུར་གྱི་བར། །ཐོས་པ་མདོ་སྡེ་འདུལ་བ་དང་། །མ་མོ་འཛིན་པ་ཉིད་ཀྱང་སྟེ། །དེ་ཉིད་བདེན་པ་ཡིན་ན་ནི། །ཡོངས་སུ་སྤྱད་ཀྱང་ཉེས་
པ་མེད། །མི་བདེན་ཡོན་ཏན་སྨྲ་བ་ཡིས། །རྙེད་པ་སྦྱོར་བཅུག་ཟོས་ན་ལྟུང་། །ནད་དང་ཆོས་གོས་ལས་དང་ལམ། །དུས་མ་གཏོགས་པར་སྡོམ་བརྩོན་ནི། །ཟས་ནི་གཞན་དུ་འདོད་པ་ཡིས། །ཡང་ཡང་ཟ་ན་ལྟུང་བྱེད་ཡིན། །ལན་ཅིག་ཟོས་པས་མི་འཚོ་བ། །དེ་ནི་ནད་པ་ཞེས་
བྱའོ། །ཡུལ་བཞིར་གྲུ་གང་ཙམ་གྱིས་ཀྱང་། །ཆོས་གོས་ཀྱི་ནི་དུས་སུ་འདོད། །གཙུག་ལག་ཁང་ངམ་མཆོད་རྟེན་ལ། །ཐ་ན་རེ་ལྡེ་ཙམ་ཡང་རུང་། །བྱུག་གམ་ཀུན་ནས་སྙོམས་བྱེད་ན། །ལས་བྱེད་དུས་སུ་བརྗོད་པ་ཡིན། །དཔག་ཚད་ཕྱེད་དུ་སོང་ནས་ནི། །སྡོམ་བརྩོན་སླར་
ཡང་ལོག་པ་ན། །དེ་ནི་ལམ་དུས་ཤེས་བྱ་སྟེ། །ཡང་ཡང་ཟ་ལ་ཉེས་པ་མེད། །ཆོས་གོས་བཅས་པར་རྗེས་གནང་བས། །ཆོས་གོས་མེད་པར་ཁས་མི་བླང་། །ཕྱི་མའི་ཟ་བ་འབའ་ཞིག་ལ། །དང་དུ་བླངས་ན་ཉེས་བྱས་ཡིན། །དང་པོར་གོས་ནི་མེད་པ་དང་། །ཕྱི་མའང་གོས་བཅས་
ཡིན་གྲང་ན། །གང་ཕྱིར་སྟོན་མོ་གཉི་ག་ཡང་། །ཟ་བ་ལ་ནི་བཀག་པ་མེད། །དང་པོ་ཡང་ནི་གོས་བཅས་ལ། །ཕྱི་མའང་གོས་ཅན་ཡིན་ན་ནི། །གཉི་ག་ལ་ཡང་ཅི་འདོད་དུ། །ཟ་བ་བཀག་པ་ཡོད་མ་ཡིན། །ཆོས་གོས་བོར་ནས་མེད་གྱུར་ཏེ། །གོས་བཅས་དང་དུ་ལེན་པ་ལ། །
ཀུན་ཏུ་གོས་ནི་མི་རྙེད་ཕྱིར། །ཀུན་མཁྱེན་ཐུགས་རྗེ་ཅན་གྱིས་གནང་། །གྲོང་དུ་མགྲོན་དུ་གཉེར་བ་ན། །དགེ་འདུན་མཐའ་དག་གོ་བྱས་ནས། །རྒན་པོ་གཙུག་ལག་ཁང་སྐྱོང་གིས། །དུས་སུ་གཎྜཱི་བརྡུངས་བྱས་ན། །དགེ་སློང་རང་གི་སྡེ་པ་དང་། །གློ་བུར་ལྷག་པ་མཐོང་
เล่ม ๑๖๖ · หน้า 31a
བ་ལ། །འགྲོ་བའི་ཆེད་དུ་བསྐུལ་བྱ་སྟེ། །གཞན་དུ་འགལ་ཚབས་ཅན་དུ་འགྱུར། །དགེ་སློང་མུ་སྟེགས་འདུག་གནས་སུ། །འདུག་ནས་དེར་ནི་གཡོས་པའི་ཟས། །ཞག་གཅིག་ལས་ལྷག་ཟོས་ན་ནི། །ནད་པ་ལས་གཞན་ལྟུང་བར་འགྱུར། །ནད་པ་མིན་པས་
ཉིན་ཞག་ནི། །གཉིས་པར་གནས་ན་ཉེས་བྱས་ཡིན། །བཟའ་བ་ཟོས་ན་ལྟུང་བྱེད་དེ། །གཞན་ནས་དེར་ཟ་ན་ཡང་ངོ་། །སྤྱིར་ན་རྗེ་བོས་གསུངས་པ་ནི། །ཉེ་དུ་འབྲེལ་པ་ཁོ་ན་ལ། །ལན་བརྒྱ་བཟའ་བ་ཟོས་ཀྱང་ནི། །ལྟུང་བའི་དྲི་མ་ཡོད་མ་ཡིན། །ཅི་བདེར་སྟོབས་པ་མ་ཡིན་པར། །
དགེ་སློང་ཕྱེ་དང་ཁུར་བ་ཡིས། །གང་བའི་ལྷུང་བཟེད་གཉིས་གསུམ་ལས། །ལྷག་པའི་ལེན་ན་ལྟུང་བྱེད་ཡིན། །ལྷུང་བཟེད་ཆེན་པོ་གཉིས་དང་ནི། །ཆུང་ངུ་གཉིས་དང་ཆེན་པོ་ཕྱེད། །ལྷུང་བཟེད་ཆུང་ངུ་གསུམ་དང་ནི། །འབྲིང་པོ་གཉིས་སུ་གང་བསྟན་པ། །འབྲིང་པོ་གཉིས་དང་ཆུང་ངུ་གཅིག །
ཆེན་པོ་གཅིག་དང་ཆུང་ངུ་གཅིག །ལེན་ལ་ལྟུང་བ་ཡོད་མིན་ཏེ། །འབྲིང་པོ་གསུམ་དུ་ལེན་པ་ལ། །ཉེས་བྱས་ངེས་པར་ཐོབ་པ་ཡིན། །བསྟན་བཞིན་ལྷུང་བཟེད་གང་བ་ལས། །གཞན་ལེན་དགེ་སློང་ལྟུང་བྱེད་ཡིན། །གཞན་དུ་ལྷུང་བཟེད་གང་བར་ནི། །ལེན་པར་བྱེད་ལ་ཉེས་པ་མེད། །ཕན་སེམས་ཉེ་དུའི་ཁྱིམ་ལས་
གང་། །ལེན་ལ་ཉེས་པ་ཡོད་མིན་ཏེ། །དེ་བླངས་ལྷན་ཅིག་གནས་པ་ཡི། །དགེ་སློང་རྣམས་ལ་བགོ་བཤའ་བྱ། །བཟའ་བ་སྤངས་ནས་གང་ཟ་བ། །དགེ་སློང་རྣམས་ལ་མ་བརྟགས་ཡིན། །ལྷག་པོར་ལེགས་པར་མ་བྱས་པ། །དེ་ལ་ངེས་པར་ལྟུང་བྱེད་འདོད། །བཟའ་བར་བྱ་བ་
སྤངས་ནས་འདིར། །ནམ་ཡང་རྗེས་སུ་མ་གནང་སྟེ། །བཟའ་བ་སྤངས་ནས་སླར་ཡང་འདིར། །བཅའ་བ་འཆའ་བ་ཉིད་ཀྱང་ངོ་། །སྣ་ཚོགས་ཆན་དང་ཟན་དང་ཤ། །ཕྱེ་དང་ཁུར་བ་བཟའ་བ་སྟེ། །རྩ་བ་སྡོང་བུ་མེ་ཏོག་འབྲས། །ལོ་མ་ཡང་ནི་བཅའ་བ་ལྔ། །གང་དུ་ཟང་ཟིང་ཞེས་བྱར་
བརྗོད། །བཟའ་བ་རྣམས་སུ་ཤེས་བྱ་སྟེ། །དེ་སྟེར་དེ་ཡི་རྣམ་འགྱུར་དང་། །སྤངས་དང་སྟན་ནི་བོར་བ་སྟེ། །གནས་ནི་ལྔ་པོ་འདི་དག་ལ། །དགེ་སློང་སྤངས་པ་ཞེས་བྱར་བརྗོད། །གཞན་དུ་འདི་དག་མིན་པ་ལ། །སྤངས་པ་ཡོད་པ་མ་ཡིན་ནོ། །རེ་ཞིག་ཚིག་དང་ལྡན་པ་ཡིས། །
เล่ม ๑๖๖ · หน้า 31b
ཚིམ་པར་གྱུར་པའི་མཐར་ཕྱིན་ཏེ། །དེ་བཞིན་སོང་ཤིག་བརྗོད་པ་ཡིས། །སྤང་བར་གྱུར་ལ་ཉེས་པ་མེད། །གློ་ནས་མ་ཡིན་རྒྱབ་ནས་མིན། །པང་དུ་མ་ཡིན་ནམ་མཁར་མིན། །དཀྱིལ་འཁོར་དག་གི་སྟེང་དུ་ཡང་། །ནམ་ཡང་ལྷག་པོར་མི་བྱའོ། །འབད་པས་ལག་པ་རབ་བཀྲུས་ནས། །ཁ་ཟས་
དེ་ནི་ཡོངས་སུ་བླང་། །འདུག་ས་མང་པོར་དགེ་སློང་གིས། །གང་ཟོས་དེ་ནི་ལྷག་པོར་མིན། །གུས་པས་དེ་ཡི་མདུན་དུ་ནི། །ཙོག་པུར་འདུག་ནས་འདི་སྐད་བརྗོད། །བཙུན་པ་དགོངས་ཤིག་བཟའ་བ་དག། །ལྷག་པོར་བྱས་པ་བཟའ་བར་འཚལ། །འདི་ནི་བདག་གིས་ཕུན་ཚོགས་པའི། །
བཟའ་བ་ལ་སོགས་རུང་བ་སྟེ། །ལྷག་པོར་མཛད་ནས་གསོལ་ཅིག་ཅེས། །གུས་དང་བཅས་པས་བརྗོད་པར་བྱ། །དེས་ཀྱང་དེ་ལ་ཁམ་གཉིས་སམ། །ཁམ་གསུམ་ཟོས་ནས་དེ་ལ་ཁྱོད། །སོང་ཤིག་ཇི་ལྟར་བདེ་བར་ནི། །འདི་དག་རྣམས་ནི་བཟའ་བར་གྱིས། །དེ་ནི་ཟོས་ནས་སྤངས་པ་དང་། །
གནས་ལས་མ་ལངས་པ་ཡིས་ནི། །ཡོན་ཏན་ཅན་གྱི་མདུན་འདུག་ནས། །ཆོ་ག་སྔ་མ་བཞིན་དུ་བྱ། །དེ་ཡིས་མ་ཟོས་པ་ན་ཡང་། །དེ་ལ་དེ་ནི་བྱ་བ་སྟེ། །སོང་ལ་འདི་ནི་ཅི་བདེར་ཟོ། །ཚུལ་འདི་ལྷག་པོར་ཆོ་གར་བརྗོད། །སྡོམ་བརྩོན་མགུལ་པར་བཏུང་བྱ་བ། །འོ་མ་ཞོ་ལ་སོགས་པ་
ལ། །ཚུལ་འདི་ངེས་པར་བརྟག་མི་དགོས། །ནས་ལ་སོགས་པའི་ཐུག་པ་ནི། །ཐུག་པ་སོར་རྗེས་ཡོད་པ་དང་། །གང་དུ་སྟེང་ནི་སླ་བར་གནས། །གཏིང་ན་སྐ་བར་གནས་མཐོང་ནས། །སྐ་དེ་མཛུབ་མོས་ལྡག་བྱེད་ལ། །སྤངས་པ་ཡོད་པ་ཁོ་ན་སྟེ། །སྤངས་པ་དེར་ནི་འདུ་ཤེས་
པས། །ཐོས་སམ་ཐེ་ཚོམ་གྱིས་ཀྱང་རུང་། །ལྟུང་བྱེད་དམྱལ་བའི་ལམ་རྣམས་སྤྱོད། །གང་དུ་མ་སྤངས་པར་ཡང་ནི། །གང་ཕྱིར་སྤངས་པར་འདུ་ཤེས་སམ། །ཐེ་ཚོམ་ཁོ་ན་ཡིས་ཀྱང་རུང་། །ཉེས་བྱས་སྡུག་བསྔལ་སྟེར་བྱེད་ཡིན། །དགེ་སློང་གང་ཞིག་རབ་སྤངས་ནས། །ལྷག་པོར་མ་
བྱས་དགེ་སློང་གིས། །གང་ཕྱིར་ངན་སེམས་བསམས་པ་ཡི། །བཟའ་བ་སྟོབས་པ་ལྟུང་བྱེད་དོ། །ལྷུང་བཟེད་རྐང་པ་གཉིས་དག་གིས། །མནན་ནས་ནམ་ཡང་བཟའ་མི་བྱ། །བདེར་གནས་ཡིན་ན་ལྟུང་འགྱུར་ཏེ། །ནད་ཅན་དག་ལ་ཉེས་པ་མེད། །མཆིལ་ལྷམ་གྱོན་ནས་བཟའ་བ་དག །མི་རུང་
เล่ม ๑๖๖ · หน้า 32a
དགེ་སློང་ནད་མ་གཏོགས། །དེས་ཀྱང་མཆིལ་ལྷམ་སྟེང་དུ་ནི། །རྐང་པ་བཞག་གི་གཞན་དུ་མིན། །འདྲེན་བྱེད་རྒྱབ་དང་རྒྱང་རིང་དང་། །གློ་དང་ཆོ་ག་མི་ཤེས་དང་། །དགེ་སློང་གིས་བསྐྱོད་བླང་མི་བྱ། །ལག་པ་མ་བཀན་པས་ཀྱང་མིན། །འདྲེན་པ་ཉེ་བར་གནས་པ་
དང་། །མདུན་དུ་འདུག་དང་ཆོ་ག་ཤེས། །ལག་པ་དག་ནི་བཀན་པ་ཡིས། །དགེ་སློང་གིས་ནི་ལེགས་པར་བླང་། །ལྷུང་བཟེད་བྱིན་གྱིས་བརླབས་པར་ནི། །བཟའ་བ་གང་ཞིག་ལྷུང་གྱུར་པ། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །བྱིན་ལེན་བྱས་ཡིན་བཟའ་བར་རུང་། །རྡུལ་ནི་མེ་ཏོག་
འབྲས་བུ་ཟན། །ལྟུང་བ་དང་ནི་གོས་ཀྱང་རུང་། །གང་ཞིག་སོག་འཇོག་དེ་ལས་གཞན། །རུང་བ་དང་ནི་མི་རུང་གང་། །བརྟགས་པ་འདི་དག་དགུ་པོ་སྟེ། །བཅུ་པོ་རྡུལ་གྱི་རྡུལ་ཡིན་ནོ། །གཟུགས་ནི་གསལ་པོ་མ་ཡིན་པ། །དེ་དག་ལ་ནི་ཉེས་པ་མེད། །སོག་འཇོག་བྱས་པ་དེ་དང་
གང་། །བྱིན་ལེན་མ་བྱས་པ་ཡི་ཟས། །དེ་ཡིས་གོས་སོགས་འབགས་གྱུར་ན། །བཀྲུའོ་གཞན་དུ་ཉེས་བྱས་ཡིན། །ལན་ཚྭ་ལ་སོགས་བྲིམས་ནས་ནི། །གསར་བུས་བླང་བར་མི་བྱ་སྟེ། །ཟས་ལ་མི་མཐུན་མེད་པར་ནི། །ཇི་བཞིན་དུས་སུ་ངེས་པར་བསྟན། །གང་ཞིག་རྒན་པོའི་གོང་
དུ་ཟ། །ངེས་པའམ་ཐེ་ཚོམ་གྱིས་ཀྱང་ནི། །དེ་ལ་ཉིན་ཞག་རེ་རེ་ལ། །ཉེས་བྱས་ངེས་པར་འཕེལ་བ་ཡིན། །བརྟགས་པས་ངེས་པར་གཞན་ཕྱིར་བྱིན། །དེ་ནི་སྲེད་པས་ཅུང་ཟད་ཅིག །བྱིན་ལེན་བྱས་ཀྱང་དེ་ལ་དེ། །དེ་ཚེ་སྤྱད་པར་རུང་མ་ཡིན། །སྦྱིན་པ་པོ་ཡིས་ལྟོས་མེད་པར། །གང་
གཏད་ལེན་པས་ཐོབ་པ་ནི། །དེ་ནི་བྱིན་ལེན་དག་པ་སྟེ། །ཟོས་པ་ན་ཡང་ཉེས་པ་མེད། །ང་ལ་འདི་ལས་འདི་བྱིན་ཞེས། །འདྲེན་པ་པོ་ལ་སྨྲ་མི་རུང་། །རིགས་པས་ཐོབ་པར་བཟའ་བྱ་ཡིས། །གཞན་མིན་ནད་པས་ཉེས་པ་མེད། །སྡོམ་བརྩོན་ཟོས་ནས་ལྷག་མ་ཡི། །ཆང་བུ་ཡང་ནི་ཅི་བདེར་གཞག །
བྱ་རོག་སོགས་ལ་དམིགས་པ་ཡི། །ཀུན་སློང་ཁྱད་པར་མི་བྱའོ། །གློ་བུར་ལྷགས་དང་འགྲོ་འདོད་དང་། །དགེ་སྐོས་དང་ནི་ནད་པ་དང་། །དེ་ཡི་ནད་གཡོག་ཉིད་ལ་ཡང་། །བཟའ་བ་སྔར་ནི་སྦྱིན་པར་བྱ། །གྲོ་བཞིན་སྐྱེས་ཀྱི་དབང་བྱས་ནས། །བཏུང་བ་དགེ་འདུན་ལ་ཡང་གནང་། །དེ་ཡི་ཕྱིར་ན་
เล่ม ๑๖๖ · หน้า 32b
ཞང་དག་ནི། །གཟུགས་ཅན་སྙིང་པོས་ཕུལ་བར་བཤད། །འབྲས་ཆན་ཐུག་པ་ཟན་དྲོན་དང་། །ཉ་དང་ཤ་ནི་རུང་བ་སྟེ། །འཚོ་བ་སྲུང་ཕྱིར་འདི་དག་ནི། །བཟའ་བར་བྱ་བའི་སྨན་དུ་གསུངས། །རྒུན་འབྲུམ་ཨ་ཤྭད་འབྲ་གོ་དང་། །ཀུ་ཤུ་ཆུ་ཤིང་རྩུབ་འགྱུར་དང་། །ཨུ་དུམ་ཝཱ་ར་རྒྱ་ཤུག་
དག །བཏུང་བར་རྗེས་སུ་བསྔགས་པ་ཡིན། །ཁྱིམ་པ་དང་ནི་དགེ་ཚུལ་གྱིས། །ལེགས་པར་མཉེ་ཞིང་ཡོངས་སུ་བཙགས། །འདི་དག་བཏུང་བ་ཐུན་ཚོད་པ། །སྐྱུར་བོ་ཞོ་ག་ཆུ་དེ་བཞིན། །འབྲུ་མར་བུ་རམ་སྦྲང་རྩི་དང་། །མར་དག་ཞག་བདུན་པར་ནི་གསུངས། །ཤ་ཁར་བྱེ་མ་ཀ་ར་དག །
འདི་དག་ཆུ་ལ་གདུས་པ་སྟེ། །གཞན་ཡང་ཇི་སྲིད་འཚོ་བའི་སྨན། །རྩ་བ་སྡོང་བུ་སོགས་སྦྱར་བ། །ཚུལ་བཞིན་དུ་ནི་བྱིན་བརླབས་ཏེ། །ཡོངས་སུ་སྤྱད་པར་རུང་བ་ཡིན། །རྩ་བ་གླ་སྒང་སྒེའུ་གཤེར་སོགས། །སྡོང་བུར་ཡོངས་སུ་གྲགས་པ་ནི། །ཙནྡན་ཐང་ཤིང་སླེ་ཏྲེས་དང་། །
སྤུར་དང་པདྨ་དཀར་ལ་སོགས། །འདབ་བདུན་པ་ཏོ་ལ་སོགས་ནི། །ལོ་མའོ་དེ་དག་མེ་ཏོག་ཀྱང་། །འབྲས་བུ་ན་ལེ་ཤམ་དང་ནི། །སྐྱུ་རུ་ཨ་རུ་བ་རུ་སོགས། །ཤིང་ཀུན་སྤྲ་ཚིལ་རྒྱ་སྐྱེགས་དང་། །དེ་བཞིན་ཐང་ཆུ་དག་ཀྱང་སྟེ། །ཏིལ་ཚིགས་ལ་སོགས་འགྱུར་བྱེད་ལྔ། །དེ་བཞིན་དུ་
ཡང་ཚ་ལྔའོ། །ཨ་མྲ་ཨ་མྲའི་ནང་ཤུན་དང་། །འདབ་བདུན་པ་དང་ཤི་རི་ཤའི། །ཤུན་པ་དག་གི་སྨན་རྣམས་ནི། །ཇི་སྲིད་འཚོ་བ་ཞེས་བྱའོ། །གང་གཞན་དེ་འདྲའི་རིགས་དག་ནི། །བཟའ་བའི་དོན་དུ་བཅང་མིན་པ། །ཟོས་ཀྱང་བཀྲེས་པ་མི་སེལ་ཕྱིར། །འདི་དག་ཇི་སྲིད་འཚོ་བའི་
སྨན། །རྒུན་འབྲུམ་བལ་སེའུ་འབྲ་གོ་དང་། །ཨ་མྲ་ལ་སོགས་འབྲས་བུ་སྟེ། །ཨུཏྤལ་ལ་སོགས་རྩ་བ་དག །མཁས་པས་དུས་སུ་རུང་བར་གསུངས། །དུས་སུ་རུང་སོགས་འདི་དག་ནི། །ཕན་ཚུན་འདྲེས་པར་གྱུར་པ་ན། །སྔ་མ་སྔ་མའི་དབང་བྱས་ནས། །ཡོངས་སུ་སྤྱད་ལ་ཉེས་
པ་མེད། །ཉ་དང་རུས་སྦལ་ཕག་པ་དང་། །ཉ་སྒོང་ཆུ་སྲིན་བྱིས་པ་གསོད། །དོམ་དང་རི་བོང་ཕག་རྒོད་དྲེད། །ཚིལ་ཞག་བྱིན་ལེན་བྱས་སྤྱོད་རུང་། །ཤ་རྗེན་ཟ་བ་དག་ལ་འདིར། །དྲི་ཞིམ་རྫས་ཀྱི་ཕྱེ་མར་བཅས། །སྨན་པའི་ངག་གིས་ནད་སོས་གནང་། །དེ་ལས་ཕར་ནི་མ་ཡིན་
เล่ม ๑๖๖ · หน้า 33a
ནོ། །ཤ་ནི་བཟའ་བར་མ་ཡིན་པ། །མི་དང་ལྟོ་འཕྱེ་གླང་པོ་སོགས། །འདྲིམ་ན་དགེ་སློང་མཁས་རྣམས་ཀྱིས། །འདི་ནི་གང་གི་ཤ་ཞེས་དྲི། །མཆོད་རྟེན་ཉེ་འཁོར་བླ་གབ་མེད། །སྒོ་དང་བང་རིམ་ཆུ་ཡི་གནས། །ཁྱམས་དང་གནས་ཁང་དག་ཏུ་ནི། །
བཟའ་སོགས་འཚེད་པ་རྣམ་པར་སྤངས། །སེམས་བསྡུས་ལ་སོགས་ཆོ་ག་ཡིས། །རུང་བའི་གནས་ནི་རྣམ་པ་ལྔ། །འདྲེན་པས་གཙུག་ལག་ཁང་དུ་ནི། །ཟས་གནས་དགེ་འདུན་དོན་དུ་གསུངས། །གཙུག་ལག་ཁང་གི་ཐིག་བརྐྱང་ནས། །སོ་ཕག་ཉེ་བར་འཇོག་པ་ན། །ལག་གི་གླ་
ནི་མཁས་པ་ཡིས། །ཕན་འདོད་སེམས་བསྐྱེད་བྱ་བ་ཉིད། །ཚོགས་ཀྱི་རུང་བའི་གནས་སུ་ནི། །ས་ཕྱོགས་འདི་ནི་བྱིན་གྱིས་བརླབས། །ངག་ཏུ་ཡང་ནི་ལན་གསུམ་བརྗོད། །དེ་ལྟར་སེམས་བསྐྱེད་སྔོན་འགྲོ་བས། །གཙུག་ལག་ཁང་ཕྱེད་ཟིན་པ་ལ། །ལག་བླས་དགེ་འདུན་མདུན་འདུག་ནས། །
འདི་ལ་སེམས་རབ་སྡུས་ཤིག་ཅེས། །ལན་གསུམ་བར་དུ་བརྗོད་པར་བྱ། །འདི་ཉིད་ཟས་ཀྱི་གནས་ཉིད་དུ། །མཛེས་པའི་དངོས་པོར་བྱིན་གྱིས་བརླབས། །དེ་ལྟར་བྱེད་ལ་སེམས་བསྡུས་པའི། །མཐའ་ལས་བྱུང་བར་མཁས་པས་གསུངས། །གཙུག་ལག་ཁང་ཆེན་མང་པོ་དག །
སྣ་ཚོགས་སྒོ་ནི་ཐ་དད་ན། །གཅིག་ཏུ་ལེགས་པར་བྱ་བ་སྟེ། །ཀུན་ནས་བ་ལང་ལྷས་བཞིན་ནོ། །གཙུག་ལག་ཁང་རྙིང་ཉམས་གྱུར་ཅིང་། །དགེ་སློང་རྣམས་ཀྱིས་བོར་བ་ན། །འཕྲལ་བྱུང་གྱུར་ལ་ཚིག་གི་མཐར། །གང་དེ་བྱིན་གྱིས་བརླབ་པར་བརྗོད། །གཞན་ཡང་འདོད་དོན་གཅིག་པ་
དང་། །ལས་བརྗོད་པ་ནི་སྔོན་འགྲོ་བས། །དགེ་འདུན་མཐུན་པས་ལས་དག་གི། །ཆོ་ག་ཞེས་བྱ་རྫོགས་ལའོ། །དེ་ལྟར་ཟས་ཀྱི་གནས་གང་དག །སྡོམ་བརྩོན་གྱིས་ནི་མ་བྱས་ན། །གང་ཞིག་བཙོས་པའི་ཟས་དང་ནི། །ཞག་ལོན་པ་ཡང་རུང་མ་ཡིན། །སེན་མོ་ནེ་ཙོ་མེ་མཚོན་སོགས། །
རྙིངས་དང་དབུག་དང་བརྟོལ་བ་དང་། །བཅད་དང་གཤེགས་པའི་མིང་ཅན་གྱི། །ས་བོན་བཅས་པའང་རུང་བ་ཡིན། །རྒན་པོའི་མདུན་དུ་འདྲེན་པ་ཡི། །སམ་པྲས་ཏ་ཞེས་བརྗོད་བྱ་སྟེ། །དེ་སྒྲ་བཟའ་དང་བཏུང་བ་རྣམས། །ཤིན་ཏུ་དག་པར་བྱ་ཕྱིར་ཡིན། །གནས་བརྟན་གྱིས་ཀྱང་བདེན་
เล่ม ๑๖๖ · หน้า 33b
པར་ནི། །སྙོམས་པར་བྲིམས་ཞེས་བརྗོད་པར་བྱ། །ཤེས་བཞིན་ལྡན་པས་བཟའ་བྱ་ཞིང་། །ཟོས་ནས་ཀྱང་ནི་ཡོན་བཤད་བྱ། །ཡོན་བཤད་ལ་ནི་འདུག་པ་ན། །དགེ་སློང་གང་གིས་བཟར་མི་རུང་། །དེ་མ་ཐོས་ལ་ཉེས་མེད་དེ། །གཞན་དེར་ཅི་བདེར་བཟའ་བར་བྱ། །ཚིགས་བཅད་དང་པོ་
བརྗོད་པ་ན། །ཉེ་བར་གཏད་དེ་བསྡད་ནས་ཀྱང་། །ཚིགས་བཅད་མཐར་ཡང་ཉེན་བྱེད་ན། །དེ་ཟ་བ་ལ་བཀག་པ་མེད། །དགེ་འདུན་གྱི་ནི་རྒན་པོའམ། །ནུས་ལྡན་གཞན་གྱིས་ཀྱང་ནི་བརྗོད། །སྦྱིན་བདག་རྣམས་ཀྱི་འདོད་པ་དང་། །བསམ་པ་ཇི་བཞིན་ཆོས་བསྟན་ཏོ། །ཆོས་ནི་འཆད་པ་པོ་ལ་
ཡང་། །ཉེ་གནས་གཡོག་འཁོར་དོན་དུ་ནི། །དགེ་སློང་རྣམས་ནི་སྦྱིན་བྱ་སྟེ། །གཅིག་པུ་གྲོང་དུ་མཛེས་མ་ཡིན། །དགའ་སྟོན་དུས་ཚེ་སྐུ་གཟུགས་ནི། །རྒན་པོའི་གོང་དུ་རྟག་ཏུ་བཞག །སྟོན་པ་དང་ནི་དགེ་འདུན་བཅས། །འཇིག་རྟེན་གསུམ་སྣང་ཁྱབ་བདག་ཡིན། །མཚན་མོ་སྒྲོན་མེ་
མེད་པར་ནི། །ཆོས་ཉན་པ་དང་བཤད་མི་བྱ། །དབྱར་གྱི་དུས་སུ་རྟག་ཏུ་ནི། །འོད་ཁང་མིག་བརྒྱ་པ་ཡིས་དགབ། །ཁྱིམ་ནས་ཁྱིམ་དུ་དགེ་སློང་རྣམས། །དགོས་པས་མགྲོན་དུ་བོས་པ་ན། །ཁང་བཟངས་གཞན་དུ་ནམ་ཡང་ནི། །དེ་ནས་དེ་དག་འགྲོ་མི་བྱ། །འཕགས་པའི་དགེ་འདུན་
ཚུལ་བཞིན་དུ། །ཅི་བདེར་བཟའ་བ་ཟོས་ནས་ནི། །སྦྱིན་བདག་གིས་ནི་གནང་བ་དང་། །འགྲོ་བར་བྱེད་ལ་ཉེས་པ་མེད། །ཤ་དང་ཉ་སོགས་འཇིག་རྟེན་ན། །དམ་པའི་སྐྱེ་བོས་མ་སྨད་གང་། །ལྷུང་བཟེད་འོངས་པ་དེ་བཟའ་སྟེ། །དེ་འདྲས་ལྟུང་བར་མི་འགྱུར་རོ། །གང་ཞིག་ཆེད་དུ་བྱས་པའི་ཤ། །
མཐོང་ངམ་ཐོས་སམ་དོགས་པ་ནི། །ནམ་ཡང་བཟའ་བར་བྱ་མིན་པར། །འགྲོ་ཀུན་ཕན་པར་བཞེད་པས་གསུངས། །རོ་ལ་བརྐམ་པས་གསོད་བྱེད་པ། །སྙིང་རྗེ་མེད་པའི་བསམ་པ་སྤང་། །གང་ཞིག་སྲོག་གནས་ཆེད་དུ་ནི། །ཤ་ཟ་བ་ལ་ཉེས་པ་མེད། །སྟག་གིས་མཆེ་བས་བཟུང་བ་ནི། །
མཐོང་ངམ་ཐོས་པ་ཉིད་ན་ཡང་། །དེ་ནི་བཟའ་བར་མི་བྱ་སྟེ། །དེ་ཡིས་ནམ་ཡང་མི་གཏོང་ཕྱིར། །སྒོག་སྐྱ་ལ་སོགས་སྨན་རྣམས་ནི། །ནད་པ་དག་ལ་རྗེས་གནང་སྟེ། །གང་ཕྱིར་ཚེ་སྲོག་དགེ་བ་ཡི། །ཆོས་རྣམས་ཀྱི་ནི་སྣོད་ཡིན་ཕྱིར། །གང་དུ་དགེ་སློང་རྣམས་ཀྱི་དྲི། །མ་དད་པ་ཡིས་མི་
เล่ม ๑๖๖ · หน้า 34a
སྣོམ་ན། །དེ་ལ་ཉེས་སྦྱོར་རྣམས་ཀྱིས་ཀྱང་། །གནས་ཀྱི་བྱ་བའི་རྒྱུར་ཤེས་བྱ། །བྱ་བ་རྫོགས་པའི་མཐར་ཡང་ནི། །ལུས་ནི་རྣམ་པར་དག་བྱ་སྟེ། །དྲི་མ་ལྷག་མ་མེད་པ་ན། །སླར་ཡང་གཙུག་ལག་ཁང་འཇུག་བྱ། །ནུབ་མོ་བདུན་དང་ནུབ་མོ་གསུམ། །དེ་
བཞིན་ནུབ་གཅིག་རིམ་བཞིན་དུ། །སྒོག་སྐྱ་དང་ནི་བྲེག་ཙོང་དང་། །ཀེའུ་ཡང་ནི་དག་པར་གསུངས། །བསོད་སྙོམས་དག་ལ་འཇུག་པ་ན། །ཁང་བཟངས་སྒོ་མང་རྒྱུ་བྱ་སྟེ། །ཟས་ལ་སོགས་པའི་མཚན་མ་ནི། །སྒོར་ཡང་ཕྱིར་ལྡོག་འདོད་པས་བཞག །སྒྲ་ལྡན་ཁར་གསིལ་ཁྱེར་བྱ་སྟེ། །
དེ་ཡིས་སྦྱིན་བདག་གོ་བར་བྱ། །ཁྱི་དང་བ་ལང་ལ་སོགས་བསྡིགས། །རྣམ་ཡང་བརྡེག་པར་མི་བྱའོ། །རྩ་བ་འབྲས་བུ་བཟའ་བྱ་དག །དལ་གྱིས་དལ་གྱིས་དུམ་བུར་བྱ། །མཉེས་སམ་དུམ་བུར་བསིལ་ནས་ནི། །གྲོང་དུ་དགེ་སློང་དུལ་བས་བཟའ། །མགྲོན་དུ་བོས་ཚེ་གོས་མེད་པར། །
འཆོལ་པའི་གྲལ་གྱིས་ཟས་མི་བཟའ། །དུས་མ་ཡིན་པའི་ཟན་དག་ཀྱང་། །སྨན་པ་ལ་དྲིས་གནང་ན་རུང་། །མུ་གེའི་དུས་ན་མགྲོན་གཉེར་བ། །ཤིན་ཏུ་མང་ཡང་དང་དུ་བླང་། །སྦྱིན་བདག་གིས་ནི་གནང་བ་ན། །བགོ་བཤའ་ཡིས་ནི་ཡོངས་སུ་སྤྱད། །གཙོ་བོར་མགྲོན་དུ་བོས་པ་ཡིས། །
ཕྱེད་ཟོས་ཀྱང་ནི་སྦྱིན་བྱ་སྟེ། །ཚངས་པར་སྤྱོད་ལ་རབ་མཁས་དེས། །ཉམ་ང་བ་དག་ཡོངས་སུ་བསྐྱང་། །ཐུབ་པའི་བསྟན་པ་དང་ཕྲད་སྲོག། །ཉི་མ་གཅིག་ཀྱང་རྙེད་དཀའ་བས། །ཡུན་རིངས་འཚོ་བར་འདོད་པ་གང་། །དེ་དག་གིས་ཀྱང་ཡོངས་སུ་སྤྱད། །གལ་ཏེ་ལྷུང་བཟེད་འཕན་ཅན་དུ། །
ཁུ་ཚིགས་དག་ནི་མཐོང་བ་ན། །དངོས་པོ་གང་གིས་དེ་བསལ་ནས། །ལན་གསུམ་བར་དུ་བཀྲུས་ཏེ་སྤྱད། །ཟོས་ནས་ཁ་ཡི་དྲི་མ་ནི། །ས་དང་ལྕི་བ་སོགས་ཀྱིས་སྦྱང་། །ཆུ་ཁྱོར་གསུམ་མམ་ལྷག་པས་ཀྱང་། །བཀྲུ་བཤལ་ཡོངས་སུ་དག་པར་བྱ། །དགེ་སློང་མིན་པས་རེག་གམ་
ཞེས། །བལྟ་བྱ་ཐེ་ཚོམ་མེད་ན་བཟའ། །གཞན་དུ་རེག་པར་གྱུར་ལྟ་ན། །སླར་ཡང་བྱིན་ལེན་ལྟོས་པ་ཡིན། །ལམ་དུ་སོང་ཚེ་ལམ་རྒྱགས་དག །ཁུར་ཁྱེར་སུ་ཡང་མེད་པ་ན། །བརྗེ་བ་ཡི་ནི་འདུ་ཤེས་ཀྱིས། །རང་ཉིད་ཀྱིས་ནི་ཁུར་བར་བྱ། །བརྗེ་བ་གཞན་དག་མེད་པ་ན། །ཉི་མ་དང་པོ་
เล่ม ๑๖๖ · หน้า 34b
ཟན་བཅད་བྱ། །གཉིས་པ་ལ་ནི་སྤར་གང་ཙམ། །བཟའ་ཡི་དེ་ལས་ལྷག་པ་མིན། །ཉི་མ་གསུམ་པར་སྤར་བ་གཉིས། །དེ་ལས་ཕར་ནི་ཅི་བདེར་བྱ། །རང་ཉིད་འབད་པས་བསྒྲུབས་ནས་ཀྱང་། །སྲོག་བསྲུང་འདོད་པས་བཟའ་བར་བྱ། །ས་བརྐོས་ནས་ནི་རྩ་བའམ། །ཤིང་
ལ་འཛེགས་ནས་འབྲས་བུ་བླང་། །དགེ་སློང་འཆི་ལ་ཐུག་པ་ཡིས། །བཀྲེས་པ་བསལ་བའི་དོན་ཕྱིར་སྤྱད། །བཅས་པའི་ཁ་ན་མ་ཐོ་འདིར། །གནས་སྐབས་རྐྱེན་དབང་གིས་རྗེས་གནང་། །རང་བཞིན་ཁ་ན་མ་ཐོ་འདིར། །ཚུལ་ལྡན་སྲོག་ལ་ཐུག་ཀྱང་མིན། །འདོད་ན་ཉེ་དུ་དང་ལྷན་
ཅིག །ལེགས་བློས་བཟར་རུང་ཁོ་ན་སྟེ། །གལ་ཏེ་ལམ་འཇིགས་སྣོད་མེད་ན། །དགེ་ཚུལ་དང་ཡང་རུང་བ་ཉིད། །དགེ་སྦྱོང་ཟ་བའི་དུས་ཀྱི་ཚེ། །ལྷུང་བཟེད་ལག་པ་གཡོན་པས་བཟུང་། །ཁམ་གཅོད་ལ་སོགས་བྱེད་པའི་དུས། །ལག་ནི་རྟག་ཏུ་དྲན་པས་བསྲུང་། །གང་དུ་བག་མེད་
ཁྭ་དག་གིས། །ཟས་ལ་རིག་པར་གྱུར་པ་ན། །མཆུ་རེག་ཉེ་འཁོར་དོར་ནས་ནི། །བཟའ་བ་དེ་ལ་བརྟག་མི་དགོས། །མར་དང་འབྲུ་མར་བུ་རམ་སོགས། །གཞན་ཡང་དགེ་འདུན་གྱི་ནི་རྫས། །ཁྱེར་ནས་དྲན་པ་བརྗེད་པ་ཡིས། །གང་ལུས་དེ་ནི་དོར་མི་རུང་། །ཚོགས་སམ་གང་ཟག་
གིས་ཀྱང་རུང་། །རུང་བ་དེ་ནི་ཡོངས་སུ་བླང་། །ལས་ཀྱི་དུས་ལ་བབ་པ་ན། །ལེགས་པར་ཟོས་ནས་ལས་འཇུག་བྱ། །བུ་རམ་འབྲས་ཕྱེ་འདྲེས་གྱུར་ན། །གཙང་མའི་ཆུ་ཡིས་ཡོངས་སྦྱངས་ནས། །དུས་མིན་པར་ཡང་སྤྱོད་པ་ལ། །ཟས་ཀྱི་ཉེས་པ་ཡོད་མ་ཡིན། །ཐུན་ཚོད་རུང་བ་ལ་
སོགས་སྨན། །དུས་སུ་རུང་དང་འདྲེས་པ་ན། །དུས་མ་ཡིན་པར་མི་སྤྱད་ཅིང་། །རེག་ནས་བྱིན་ལེན་མ་བྱས་མིན། །ཐུན་ཚོད་རུང་བའང་དེ་ལས་གཞན། །ཞག་བདུན་པ་དང་འདྲེས་ན་ནི། །ཐུན་ཚོད་ལས་གཞན་སྡོམ་བརྩོན་གྱིས། །སྤྱད་མིན་བྱིན་ལེན་མ་བྱས་མིན། །ཞག་བདུན་པ་
ཡང་ཇི་སྲིད་དུ། །འཚོ་བར་དམིགས་དང་འདྲེས་ན་ཡང་། །ཞག་བདུན་པར་ནི་སྤྱད་བྱ་སྟེ། །ལྷག་པར་མ་ཡིན་བྱིན་ལེན་བྱ།། །།བམ་པོ་བཞི་པ། དགེ་སློང་གཅིག་གིས་བུ་རམ་གང་། །རང་གིས་སྤྱོད་ཕྱིར་བྱིན་བརླབས་ཏེ། །ཕན་ཚུན་ཡིད་གཅུགས་གྱུར་པ་ཡི། །
เล่ม ๑๖๖ · หน้า 35a
ལྔ་པོ་རྣམས་ལ་རྗེས་སུ་གནང་། །ནད་པ་ཉིད་དང་ཟན་ཆང་དང་། །དགེ་སྐོས་དང་ནི་ལག་གི་བླ། །ལམ་དུ་ཞུགས་པ་འདི་ལྔ་ལས། །གཞན་དག་ལ་ནི་རུང་མ་ཡིན། །ཟང་ཟིང་ཕྲ་མོ་འདྲེས་པ་ཡིས། །བུ་རམ་ཆུ་ཤིང་མཉེས་ནས་ནི། །བཙགས་ནས་སྡོམ་
བརྩོན་བཏུང་བ་ནི། །དུས་མིན་པར་ཡང་རུང་བའོ། །རྙེད་དཀའི་འབྲས་བུ་མེ་ཏོག་སོགས། །ཡིད་འཕྲོག་བཟའ་བར་བྱ་བ་གང་། །རྙེད་ན་སྤང་བར་བྱས་ཀྱང་ནི། །འདོད་ན་བཟའ་བར་གནང་བ་ཡིན། །བསོད་སྙོམས་ཡང་དག་ཐོབ་པའི་ཚེ། །བསོད་སྙོམས་པ་ཡི་སྤྱོད་ཡུལ་དུ། །
ཁྱིམ་གཞན་གནས་ཏེ་ཟ་བ་ནི། །སྦྱིན་བདག་བསོད་ནམས་སྤེལ་ཕྱིར་རུང་། །སླར་ཡང་ཟ་བར་འདོད་ལྟ་ན། །སྤྱོད་ཡུལ་དག་ནས་འོངས་ནས་ནི། །བཟའ་བྱ་མུ་གེའི་དུས་དག་ཏུ། །སྔར་བླངས་བསམ་པས་རུང་བ་ཡིན། །ཁྱིམ་དུ་ཟོས་པའི་ལྷག་མ་དག །གལ་ཏེ་སྦྱིན་བདག་
གིས་བཀུར་ན། །སྔར་བླངས་པ་ཡི་བསམ་པ་ཡིས། །ཉམ་ང་བ་ན་དེ་ཡང་ངོ་། །གཙུག་ལག་ཁང་གནས་ཀུན་ཏུ་ཡང་། །དུས་གསུམ་ཀུན་ཏུ་གཏོར་མ་སྦྱིན། །དུས་དང་དུས་མིན་ཟ་བ་ཉིད། །གནོད་སྦྱིན་ཟས་ཕྱིར་འདོད་རྣམས་སྦྱིན། །བུ་དང་བཅས་པའི་འཕྲོག་མ་ལའང་། །
གཙུག་ལག་ཁང་ནི་བསྲུང་ཕྱིར་དང་། །བསྟན་པ་ཡང་ནི་ཕུན་ཚོགས་ཕྱིར། །བདེ་གཤེགས་ཀྱིས་ནི་གཏོར་མ་གསུངས། །ན་སོགས་དུས་ནི་མ་གཏོགས་པར། །འདུས་ཤིང་ཟ་ན་ལྟུང་བྱེད་དོ། །དགེ་འདུན་ལ་ནི་གང་ཅུང་ཟད། །བྱིན་བླངས་དེ་ལ་ལྟུང་བ་མེད། །གློ་བུར་གཉུག་མའི་
བཟའ་བ་གང་། །དེ་ཡང་འདུས་ཤིང་བཟའ་བར་འདོད། །ན་དང་ལས་དང་ལམ་གྱི་དུས། །སྔར་ནི་རབ་ཏུ་བསྙེན་པ་ཉིད། །གྲུ་དང་གྲུ་ཆེན་ཞུགས་ལ་སོགས། །དཔག་ཚད་ཕྱེད་ལམ་སོང་ནས་ནི། །ལོག་ནས་གལ་ཏེ་ཟ་བྱེད་ན། །དགེ་སློང་ལྟུང་བ་ཡོད་མ་ཡིན། །གལ་ཏེ་སྦྱིན་བདག་
མང་པོ་ཡིས། །དགེ་སློང་རྣམས་ལ་སོ་སོར་གནང་། །སྦྱིན་བདག་དག་ནི་ནུས་པའི་ངོར། །སྦྱིན་པའི་དུས་ནི་ལྔ་པོའོ། །མུ་སྟེགས་དགེ་སྦྱོང་གིས་ཞུས་ནས། །སྦྱིན་བདག་དེ་ཡིས་གལ་ཏེ་འདྲེན། །དེ་དག་དད་པ་ཁྱད་པར་དུ། །སྤེལ་ཕྱིར་བཟའ་བར་བྱ་བ་ཉིད། །མཚམས་ནང་དེར་འདུ་
เล่ม ๑๖๖ · หน้า 35b
ཤེས་པའམ། །ཐེ་ཚོམ་གྱིས་ཀྱང་ལྟུང་བྱེད་ཡིན། །གསུམ་པོ་ལ་ནི་ཉེས་མེད་དོ། །སོ་སོར་མ་འདུས་འདུག་ལ་སོགས། །སོ་སོར་ངེས་པས་ཐོབ་པ་དང་། །གཙུག་ལག་ཁང་དུ་ཐ་དད་ཟ། །སྦྱིན་བདག་རྣམས་ཀྱིས་འདོད་པའི་ངོར། །བཀག་པ་ཡོད་པ་མ་ཡིན་ནོ། །ཉི་མ་ཕྱེད་ཀྱི་
དུས་ནས་ཕར། །ཕྱི་མའི་སྐྱ་རེངས་མ་ཤར་བར། །དགེ་སློང་བཟའ་བ་ཟ་བྱེད་ན། །ལྟུང་བྱེད་འཁོར་ལོས་རྣམ་པར་འཇོམས། །བཟའ་བ་ལ་སོགས་དགེ་སློང་གིས། །སོག་འཇོག་བྱས་པ་ཟོས་ན་ལྟུང་། །སྔ་ཕྱི་གཉིས་སུ་སྤྱོད་པ་ཡིས། །དེ་ནི་རྣམ་པ་གཉིས་སུ་གསུངས། །སྔར་སྤྱོད་
བྱིན་ལེན་བྱས་པ་ནི། །ཕྱི་དྲོ་སྤྱོད་པ་བཀག་པ་ཡིན། །ཕྱི་དྲོ་བྱིན་ལེན་བྱས་པ་ནི། །ཐུན་ཚོད་འདས་པ་རུང་མ་ཡིན། །ཆོས་གོས་ལྡེ་མིག་ཀྱོག་པོ་དང་། །ལྷུང་བཟེད་ལྷུང་བཟེད་དམན་པ་ལའང་། །ལག་པ་འབགས་པས་མི་རེག་སྟེ། །ཚུལ་དེའང་རྐྱེན་དབང་མ་གཏོགས་སོ། །སྡོམ་
བརྩོན་གང་ཞིག་བཟའ་བ་སོགས། །བྱིན་ལེན་མ་བྱས་ཟ་བྱེད་ན། །དེ་ཡང་བསླབ་པ་ཟད་བྱེད་དེ། །ཆུ་དང་སོ་ཤིང་མ་གཏོགས་སོ། །གང་ཞིག་མ་ཚོས་ཚོས་པ་འདྲ། །བསོད་སྙོམས་པ་ཡིས་རྙེད་པ་ན། །སྲ་བ་ཉིད་ནི་སུམ་ཆ་བངས། །ཆོས་ལ་བྱིན་ལེན་བྱས་པ་རུང་། །ཉ་དང་ཤ་དང་
འབྲས་བུ་སོགས། །ཁ་དོག་ཡོངས་སུ་གྱུར་པ་ན། །བ་འོ་ལ་སོགས་ལན་གསུམ་ཁོལ། །བྱིན་ལེན་བྱ་བར་རུང་བ་ཉིད། །རེག་ནས་བྱིན་ལེན་མི་བྱ་སྟེ། །ཉམ་ངའི་དུས་ན་བཀག་པ་མེད། །འདབ་མ་ཅན་དང་སོ་ཤིང་དག །འོ་མ་ཅན་ནི་ཡོངས་སུ་སྤང་། །དགེ་སློང་རྣམས་ལ་སྦྱིན་བདག་
གིས། །བཟའ་བ་གལ་ཏེ་བོར་ན་ནི། །སྒྲ་མི་སྙན་པའི་དབང་བྱས་ནས། །དུས་ཡོལ་ནས་ནི་བཟའ་བར་བྱ། །མགུལ་དུ་མིད་པ་མ་ཡིན་ན། །འདི་ལ་བྱིན་ལེན་མི་བྱ་ཞིང་། །ཇི་སྲིད་འཚོ་བར་བསྒྲུབས་པ་ནི། །བྱིན་རླབས་མ་བྱས་མི་བཅང་ངོ་། །ཚང་ནི་སོག་པར་མི་ནུས་པ། །སྦྲང་མའམ་
ཏི་ཏམ་ཀ་ལ་སོགས། །དེ་ནི་དོར་ནས་སྤྱད་བྱ་སྟེ། །བྱི་བ་སོགས་ཀྱིས་ངེས་པར་འཇིག །ལག་པ་གཉིས་ནི་ལག་པ་དང་། །དེ་དང་འབྲེལ་ལ་དེས་བྱིན་དང་། །ལག་པ་དེ་དང་འབྲེལ་པ་ཡིས། །དེ་དང་འབྲེལ་པ་དག་ཏུ་ཡང་། །བྱིན་ལེན་བྱའོ་མི་བདེ་ན། །རྒྱང་རིང་ན་ཡང་རུང་བ་ཉིད། །
เล่ม ๑๖๖ · หน้า 36a
འདི་ལ་ཅང་ཤེས་གླང་པོ་དང་། །སྤྲེའུ་ཡིས་ཀྱང་བྱིན་ལེན་རུང་། །མར་དང་འོ་མ་ཉིད་དང་ཞོ། །ཤ་དང་ཉ་སོགས་བདག་ཉིད་ཀྱི། །དོན་དུ་དགེ་སློང་དེར་གནས་པས། །བླང་བར་བྱ་བ་མིན་པ་སྟེ། །ནད་པས་སྟོན་མོའི་དུས་སུ་ནི། །སློང་བར་བྱེད་ལ་ལྟུང་བ་མེད། །
མི་ན་བ་ཡིས་སློང་བ་ན། །ཉེས་བྱས་ཟོས་ན་ལྟུང་བྱེད་ཡིན། །བསོད་སྙོམས་དག་ལ་རྒྱུ་བ་ན། །ཁ་རོག་འདུག་སྟེ་སྤྱོད་ཡུལ་དུ། །ཅི་བྱིན་ཞེས་ནི་འདྲི་བ་ལ། །ཇི་ལྟར་འདོད་པ་བླང་བར་བྱ། །སྲོག་ཆགས་བཅས་པའི་ཆུ་རྣམས་ལ། །ཕྱི་རོལ་ཁྲུས་ལ་སོགས་སྤྱོད་དང་། །ནང་དུ་འཐུང་བར་བརྗོད་
པ་ཡིས། །ལོངས་སྤྱོད་ནམ་ཡང་བཀག་པ་ཡིན། །འདིར་ནི་ལྟུང་བྱེད་ལྟུང་བ་ཡི། །རྣམ་པ་གཞན་ནི་ཡོངས་བཙགས་པའོ། །རྩྭ་སོགས་དག་ལ་འདེབས་པ་རྣམས། །གང་འདིར་སླར་ཡང་མ་བྲིས་སོ། །ལོངས་སྤྱོད་བཅས་པའི་ཁྱིམ་གང་ཞིག །སྐྱབས་བཅས་པར་ནི་འདུག་པ་དང་། །
འགྲེང་བ་གནས་སྐབས་དགེ་སློང་ནི། །རྐྱེན་དབང་ལས་གཞན་ལྟུང་བ་ཡིན། །གང་དུ་སྐྱེས་པ་བུད་མེད་བཅས། །ཆགས་ལྡན་འདོད་པ་སྤྱོད་གྱུར་པ། །བུད་མེད་སྐྱེས་པ་ལོངས་སྤྱོད་པས། །དེ་ནི་ལོངས་སྤྱོད་ཅེས་བྱར་བསྟན། །མུ་སྟེགས་རྣམས་ལ་རང་ཉིད་ཀྱི། །ལག་གིས་བཟའ་སོགས་
མི་སྦྱིན་ཏེ། །ལྟ་ལས་སླར་ལྡོག་དོན་དུ་ནི། །དུམ་བུར་བྱས་ཏེ་རྗེས་སུ་གནང་། །སྣོད་ནི་ས་ལ་བཞག་པ་ལ། །སྙིང་རྗེ་ལྡན་པས་སྦྱིན་བྱ་སྟེ། །དེ་ནི་རྗེས་སུ་གཟུང་ཕྱིར་ཡིན། །ནམ་ཡང་གུས་ཕྱིར་མ་ཡིན་ནོ། །འཐབ་ཏུ་བཅས་པའི་དམག་ཚོགས་ལ། །ནམ་ཡང་ལྟ་ཕྱིར་མི་འགྲོ་སྟེ། །
དེ་ལྟ་བུ་ཡི་རྐྱེན་དག་གིས། །གྱུར་པ་ལས་ནི་བཀག་པ་མེད། །གལ་ཏེ་དགོས་པས་སོང་ཡང་དེ། །ནུབ་གཉིས་ལས་ནི་ཕར་མི་གནས། །ཡུན་རིངས་དུས་སུ་ནང་དུ་ནི། །གནས་ནའང་གང་ཞིག་འཇིགས་པས་སམ། །རྒྱལ་པོ་འམ་ནི་བློན་པོ་སོགས། །མཛའ་བཤེས་ཚིག་གིས་ཀྱང་
རུང་སྟེ། །གནས་པ་ན་ཡང་ཆོ་ག་ནི། །རྟ་དང་གླང་སོགས་ཆེད་མི་ལྟ། །དམག་ཚོགས་རྣམས་ཀྱི་བཀོད་པ་དང་། །དཔུང་དང་རྒྱལ་མཚན་མཆོག་གི་ཡང་། །རྒྱལ་པོ་དང་ནི་བློན་པོ་ཡིས། །བཤམས་པ་དཀྲུག་པར་མི་བྱའོ། །དེ་ལ་དཔུང་མཆོག་གང་དུ་དཔུང་། །དེ་ཡི་བཀོད་པ་
เล่ม ๑๖๖ · หน้า 36b
སྤྲས་ལ་བྱ། །གང་དུ་གནས་པའི་རྒྱལ་མཚན་མཆོག །དེ་ནི་རྒྱལ་མཚན་མཆོག་ཅེས་བྱ། །ཁྲོས་པའི་སེམས་ཀྱིས་དགེ་སློང་ལ། །སྡོམ་བརྩོན་རྡེག་པར་བྱེད་མི་རུང་། །འདྲེན་པས་བླ་མའི་དབང་བྱས་ནས། །བརྡེག་པར་གཟས་པའང་དེ་བཞིན་བཀག །འདིར་ནི་སོར་མོ་གཅིག་གིས་
ཀྱང་། །རྡེག་པར་བྱེད་ན་ཟད་པར་འདོད། །མགོ་བོ་ཁུ་ཚུར་རྐང་དང་ལག །རྡོ་དབྱུག་བོང་བ་སོགས་བརྡེག་ལྟུང་། །ཕྱགས་མ་ལ་སོགས་ཀྱིས་བརྡེག་ན། །དེ་ཡི་ཉག་མ་ཇི་སྙེད་པ། །དེ་སྙེད་ལུས་ལ་རེག་པའི་གྲངས། །སྡོམ་བརྩོན་དག་ལ་ལྟུང་བྱེད་གསུངས། །དེ་བཞིན་སྲན་ལྗང་དྲུག་
སོགས་ཀྱིས། །བརྡེག་ནའང་ལྟུང་བྱེད་ཁོ་ནར་བརྗོད། །དེ་ནི་ལུས་ལ་མ་ཕོག་པར། །འཕངས་པ་ཡང་ནི་ཉེས་བྱས་ཉིད། །མ་རུངས་གདུལ་ཕྱིར་ལྟུང་མེད་དེ། །གཞན་པར་སྔགས་གྲུབ་མཐུ་ལྡན་གྱི། །དགེ་སློང་དག་གིས་བརྡེག་པ་དང་། །གཟས་པའང་ལྟུང་བར་མི་འགྱུར་རོ། །
དགེ་སློང་རྣམས་ཀྱིས་གནས་ངན་ལེན། །ཤེས་ནས་འཆབ་པ་ཡང་བཀག་སྟེ། །འཇིགས་པས་མ་གཏོགས་འཇིགས་གྱུར་ན། །གནས་ངན་ལེན་ནི་བཅབ་བྱ་ཉིད། །ཕས་ཕམ་པ་ཉིད་གཙོར་བྱས་ནས། །ཇི་སྙེད་བཏུང་བར་བརྗོད་པ་དག །དེ་སྙེད་བསླབ་པའི་གཞི་འདི་ལ། །
མཁས་པས་གནས་ངན་ལེན་ཅེས་གསུངས། །ནད་པ་མ་ཡིན་དགེ་སློང་ལ། །ཉོན་མོངས་བཅས་པའི་སེམས་ཀྱིས་དེར། །ནམ་ཡང་ཟན་གཅད་མི་བྱའོ། །ཇི་སྟེ་བྱེད་ན་ཟད་བྱེད་ལྟུང་། །དུས་མ་གཏོགས་པར་མེ་དག་གིས། །ཉེ་བར་སྤོར་བྱེད་སྨད་པར་གསུངས། །མེ་གསོད་པ་དང་
བསྲོ་བ་དག །ཉམ་ངའི་དུས་ན་ཉེས་པ་མེད། །སྐྲ་སེན་སྤུ་དང་ངར་སྣབས་དང་། །མཆིལ་མ་ལུད་པ་འཇུག་པ་དང་། །མེ་ལྕེ་མེ་མར་མུར་ལ་རེག །ཉེས་བྱས་འགྱུར་རོ་དུས་མ་གཏོགས། །དཀོན་མཆོག་གསུམ་དང་ཕ་མ་དང་། །ཚངས་པར་མཚུངས་སྤྱོད་བླ་མ་དང་། །ཆོས་ཀྱི་དོན་
དུ་ཉེས་མེད་དེ། །རེག་པའི་དུས་སུ་བརྗོད་པ་ཡིན། །འདུན་པ་དབུལ་ཞེས་སྨྲས་ནས་ནི། །དགེ་འདུན་ལས་ནི་ཉེ་བ་ན། །སྡོམ་བརྩོན་སླར་ཡང་མི་དབུལ་ན། །དེ་ནི་ལྟུང་བས་འཇོམས་པ་ཡིན། །བསྙེན་པར་མ་རྫོགས་གང་ཟག་དང་། །ནུབ་གཉིས་ལྷན་ཅིག་ཉལ་རུང་སྟེ། །དེ་ལས་
เล่ม ๑๖๖ · หน้า 37a
ཕར་ནི་ནུབ་གསུམ་སོགས། །མ་ཡིན་གལ་ཏེ་ཉལ་ན་ལྟུང་། །ཐམས་ཅད་གཡོ་ཞིང་ཐམས་ཅད་བསྐོར། །གནས་ཁང་བསྐོར་ཞིང་གཡོགས་པ་བཞིན། །ཕལ་ཆེར་གཡོགས་ཤིང་ཀུན་ནས་བསྐོར། །ངོས་བཞི་པ་ཡི་ཁྱམས་བཞིན་བརྟག །ཐམས་ཅད་
གཡོགས་ཤིང་ཕལ་ཆེར་བསྐོར། །ངོས་གསུམ་པ་ཡི་ཁྱམས་བཞིན་ཏེ། །ཕལ་ཆེར་གཡོགས་པའི་ཁང་པ་དང་། །ཁང་བཟངས་བཞིན་ཏེ་རིམ་བཞིན་ནོ། །དེ་ལྟར་ཁྱིམ་ནི་བཞི་པོ་རུ། །སྡོམ་བརྩོན་ལྷན་ཅིག་ཉལ་བྱེད་ན། །ཉི་མ་གསུམ་པའི་སྐྱ་རེངས་འོད། །འཆར་ཚེ་
གསལ་པོར་ལྟུང་བ་ཡིན། །སྔོ་དང་སེར་དང་དམར་པོ་སྟེ། །སྐྱ་རེངས་རྣམ་པ་གསུམ་དུ་འདོད། །སྔོན་པོ་ཉིད་ཚེའང་ལྟུང་འགྱུར་ན། །གཞན་དག་ཚེ་ན་སྨོས་ཅི་དགོས། །གང་དུ་སྒྲ་དོན་སོ་སོར་གོ །ཁྱམས་དང་ཁང་བཟངས་ལ་སོགས་པར། །དེ་འདྲ་དེར་ཡང་སྡོམ་བརྩོན་ནི། །
ཉལ་དུ་རུང་བ་མ་ཡིན་ནོ། །གནང་བ་དང་བཅས་གནས་སུ་ནི། །ནད་པ་དག་ལ་རྗེས་གནང་སྟེ། །དེ་ཡི་ནད་གཡོག་དག་ཀྱང་ངོ་། །དེ་ལས་གཞན་གྱིས་ནམ་ཡང་མིན། །སྟོབས་ཆུང་མི་ན་བ་ལ་ནི། །ཉིན་མོ་ཉལ་བ་བཀག་པ་ཡིན། །བསམ་གཏན་ཀློག་དང་ལྡན་པ་ལ། །
ཡུད་ཙམ་རྗེས་སུ་གནང་བ་ཡིན། །གཉིས་སམ་གསུམ་པོ་དག་གིས་ཀྱང་། །ཁྲི་གཅིག་ལ་ནི་ཉལ་མི་བྱ། །རྒྱ་ཆེན་ཡིན་ན་གོས་སོགས་ཀྱིས། །བར་ཆད་ཉལ་བ་རྗེས་སུ་གནང་། །མུན་ཁུང་དག་ཏུ་ས་ལ་མགོ །གཏུགས་ནས་བླ་མར་ཕྱག་མི་བྱ། །དེར་ནི་ཚིག་གི་བྱ་བའམ། །
ཡིད་ཀྱིས་ངེས་པར་ཕྱག་བྱའོ། །དགེ་ཚུལ་དང་ནི་ལྷན་ཅིག་ཏུ། །ལམ་དུ་ཉལ་ཚེ་གཉིད་མི་ལོག །མི་ནུས་ལྡང་བློས་སྐྱིལ་ཀྲུང་དག །བཅིངས་ཏེ་ཅུང་ཟད་གཉིད་ལོག་རུང་། །མ་ནུས་པ་ན་ཉེས་པ་མེད། །ཐམས་ཅད་དུ་ནི་འབད་པ་ཡིས། །དགེ་ཚུལ་དག་ནི་བསྐྱང་བར་བྱ། །
སངས་རྒྱས་ལྗོན་ཤིང་མྱུ་གུ་སྟེ། །དེ་ནི་དགྲ་བཅོམ་སྒོ་ང་ཡིན། །དགེ་སློང་བློ་གྲོས་དམན་གང་དང་། །དགེ་ཚུལ་གང་ཡང་འདི་སྐད་ཆོས། །འདོད་པས་བར་དུ་གཅོད་བསྟན་མོད། །བར་དུ་གཅོད་པ་མིན་སྟོན་ན། །དེ་འདིར་ལན་གསུམ་པར་བཟློག་སྟེ། །འོན་ཀྱང་ལྟ་དེ་མི་གཏོང་ན། །
เล่ม ๑๖๖ · หน้า 37b
འདི་ལས་ལྷག་སྡིག་ཡོད་མིན་པས། །དེ་ཡང་རྒྱང་རིང་སྤང་བར་བྱ། །ཉམས་པ་དེ་དང་སྨྲ་བ་དང་། །ནམ་ཡང་ཡང་དག་སྨྲ་མི་བྱ། །གནས་དང་ལོངས་སྤྱོད་ལ་སོགས་ཀྱང་། །མི་བྱ་གལ་ཏེ་བྱེད་ན་ལྟུང་། །ཡང་དག་སྨྲ་བ་ཁ་ཏོན་ཡིན། །སྨྲ་བ་ཀློག་པ་ཡིན་པར་འདོད། །གནས་ས་འདུག་
ས་གཅིག་ཏུ་སྟེ། །ལོངས་སྤྱོད་ཆོས་དང་ཟང་ཟིང་ངོ་། །ལྟ་བ་བཟློག་པའི་ཆེད་དུ་འམ། །ཉེ་དུའམ་ནད་པ་ཡིན་ན་ནི། །སྨྲ་ལ་སོགས་པ་རྗེས་སུ་གནང་། །ལོངས་སྤྱོད་ནམ་ཡང་མ་ཡིན་ནོ། །ཆོས་གོས་གསར་པ་རྙེད་པ་ན། །ཁ་དོག་ངན་པར་བྱས་ཏེ་བཅང་། །དེ་ཡང་དཀར་པོ་གསར་པར་
དགོངས། །ཁ་དོག་ངན་པ་རྣམ་པ་གསུམ། །རང་བཞིན་དང་ནི་བཅོས་མ་ཡིན། །སྔོན་པོ་དང་ནི་བཙག་ཏུ་གྲགས། །མེ་ཏོག་འབྲས་བུ་འདབ་མ་དང་། །ཤུན་པའི་ཁུ་བ་ངུར་སྨྲིག་འདོད། །མདོག་བཟངས་གཞན་ནི་མ་ཡིན་ནོ། །དྲག་པོ་སྦྲུལ་གྱི་གདུག་པ་ཡི། །དུག་ལ་རྟག་ཏུ་རེག་
བླ་ཡི། །རིན་པོ་ཆེ་ལ་རེག་པ་དང་། །རིན་ཆེན་སྨོས་པ་དེ་ལྟ་མིན། །ནོར་བུ་མུ་ཏིག་བྱི་རུ་སོགས། །རིན་ཆེན་དེ་རུ་སྨོས་པ་ཡང་། །གཡུལ་འགྱེད་ཡན་ལག་མཚོན་སོགས་དང་། །རོལ་མོའི་ཡན་ལག་རྔ་ཟླུམ་སོགས། །གཙུག་ལག་ཁང་དང་སྐྱེད་མོས་ཚལ། །ཐམས་ཅད་
ནང་གིར་བརྗོད་པ་ཡིན། །ནང་མ་ཡིན་པར་སླར་ཡང་ནི། །ཕྱི་རོལ་ཉེ་འཁོར་ཡིན་པར་གསུངས། །ཕུག་པའི་ནོར་བུ་མུ་ཏིག་སོགས། །རེག་པ་ལ་ནི་ལྟུང་བྱེད་དེ། །མ་ཕུག་པ་ལ་རེག་པ་དང་། །མཆིང་བུ་དག་ལ་ཉེས་བྱས་ཉིད། །པི་ཝང་གླིང་བུ་རྔ་ཟླུམ་སོགས། །མཚོན་ཆ་
མདའ་དང་གཞུ་སོགས་ཀྱང་། །ཡན་ལག་ཚང་དང་མ་ཚང་ལ། །རེག་པ་ལྟུང་བྱེད་ཉེས་བྱས་ཡིན། །གཞན་འདིར་གོ་ཆ་ལ་སོགས་ལ། །དགེ་སློང་རེག་ན་ཉེས་བྱས་ཡིན། །མདའ་དང་གཞུ་སོགས་ཆས་པ་ཡི། །མཚོན་ཆ་ལ་རེག་སྨོས་ཅི་དགོས། །སྐུ་གདུང་དང་བཅས་མཆོད་
རྟེན་དང་། །སྐུ་གཟུགས་ལ་རེག་ལྟུང་བྱེད་དེ། །སྐུ་གདུང་མེད་ལ་གང་རེག་པ། །དེ་ལ་ཉེས་བྱས་མདའ་ཡིས་རེག །གར་དང་རོལ་མོ་གླུ་སོགས་དག །མིག་དང་རྣ་བའི་ཡུལ་དུ་བཀག །འཐབ་མོ་བྲེ་མོའི་གཏམ་སོགས་ཀྱིས། །ཉེས་ཞི་མི་བྱེད་འབའ་ཞིག་ཟད། །གར་
เล่ม ๑๖๖ · หน้า 38a
དང་གླུ་སོགས་ཆགས་པ་ཡིས། །གང་ཞིག་མཆོད་རྟེན་ཕྱག་བྱེད་ན། །དེར་འགྲོ་གོམ་པ་རེ་རེར་ཡང་། །ཉེས་བྱས་ཕུང་པོ་རེ་རེ་སོགས། །དེ་ཕྱིར་སྲིད་པ་ཟད་འདོད་པའི། །དགེ་སློང་རྣམས་ཀྱིས་གཟུགས་སྡུག་དང་། །སྒྲ་སྙན་ལ་སོགས་ཆགས་པ་ཡི། །སེམས་
སུ་ནམ་ཡང་མི་བྱའོ། །ས་ལེ་སྦྲམ་སོགས་སྨོས་པ་གང་། །སྐྱེད་ཚལ་གང་དུ་རྙེད་པ་ན། །རྩྭ་སོགས་དག་གིས་བཀབ་ནས་ནི། །ཞག་བརྒྱད་བར་དུ་བསྲུང་བར་བྱ། །སུ་དག་དོན་གཉེར་བྱུང་ན་དེའི། །མཚན་མ་དྲིས་ནས་བསྟན་པར་བྱ། །མེད་ན་དགེ་འདུན་ནང་ཉིད་དུ། །ཟླ་
བ་དྲུག་ཏུ་བརྟག་ཕྱིར་བཞག །གཞན་གྱི་ཁ་དོག་མཚན་མ་དང་། །ཁྱད་པར་རྟགས་ཀྱིས་མཚོན་ལ་སྦྱིན། །མིན་ན་དགེ་འདུན་ལོངས་སྤྱོད་ཕྱིར། །དེ་ནི་བརྟན་པའི་དངོས་པོར་བྱ། །གལ་ཏེ་གདོད་དབང་བྱས་ནས་ཀྱང་། །དེ་ཐོབ་བློ་ཆུང་སློང་བྱེད་ན། །དེ་ལ་དེ་ནོར་རིན་གྱིས་སམ། །སྦྱིན་
བྱ་སྐྱེད་ནི་ནམ་ཡང་མིན། །སྡོམ་བརྩོན་ཟླ་ཕྱེད་ནང་རོལ་དུ། །དུས་མ་གཏོགས་པར་ཁྲུས་བྱེད་བཀག །ན་དང་ལས་དང་ལམ་དང་རླུང་། །ཆར་དང་དེ་དག་ཚོགས་སྐྱོན་མེད། །ན་བའི་དུས་ནི་གང་དུ་དེ། །ཁྲུས་བྱས་སོས་པར་གྱུར་ནའོ། །ལས་ལམ་དུས་ནི་སྔར་བཤད་བཞིན། །རླུང་
དུ་གྲགས་པའི་དུས་བསྟན་པ། །གང་དུ་ཆོས་གོས་སྣེའུ་ནི། །རླུང་གིས་ཟློག་པར་བྱེད་པའོ། །ལུས་ལ་ཆར་ཐིགས་གཉིས་ཕོག་པ། །ཆར་པའི་དུས་སུ་གྲགས་པ་ཡིན། །རླུང་དང་ཆར་པ་འདྲེས་པ་ནི། །དེ་དག་ཚོགས་པའི་དུས་ཞེས་བསྟན། །གཞན་ཡང་ཚ་བའི་དུས་ཞེས་པ། །
ཟླ་བ་ཕྱེད་དང་གསུམ་པའོ། །ཆོས་གོས་མ་ལུས་བཞག་ནས་ཁྲུས། །བྱེད་འདོད་ལྟེ་བར་མ་སླེབ་བྱས། །ཉེས་བྱས་ལྟེ་བ་ནུབ་པར་ནི། །ཁྲུས་བྱེད་དེ་ནི་ཉེས་པར་ཟད། །ཆུ་བོ་ཕ་རོལ་རྒལ་བ་དང་། །རྒྱལ་བ་སོགས་ལ་འདེབས་བྱེད་རུང་། །འགའ་ཞིག་ཏུ་ཡང་ཆུ་ཀླུང་དག །ཟབ་མོ་
བརྒལ་ལ་ཉེས་པ་མེད། །དགེ་སློང་གྲུར་ཞུགས་ཕ་རོལ་དུ། །ཆུ་བོ་དག་ལ་འགྲོ་བའམ། །གཞན་དུ་རྒྱ་མཚོ་ལ་ཡང་རུང་། །བཤང་གཅི་སོགས་བྱེད་བཀག་པ་མེད། །འཇུག་ངོགས་གང་དུ་བུད་མེད་དམ། །རྒྱལ་པོ་འམ་ནི་དེ་ཡི་དམག །སྐྱེས་བུ་གཡོན་ཅན་ཁྲུས་བྱེད་པ། །དེ་
เล่ม ๑๖๖ · หน้า 38b
ནི་རྒྱང་རིངས་སྤང་བར་བྱ། །འོག་ཏུ་གཏིང་རིང་བྱི་ཟུལ་ལམ། །ཡང་ན་སྟེང་དུ་ཉ་བརྒལ་ལམ། །ཆུ་ལ་རྐྱལ་བ་ལ་སོགས་ཀྱང་། །རྩེད་མོའི་དོན་དུ་མི་བྱའོ། །གལ་ཏེ་རྐྱལ་ནི་སློབ་པའམ། །ནད་དང་བྲལ་བར་འདོད་པ་ཡིས། །ཤིན་ཏུ་དབེན་པའི་གནས་སུ་ནི། །རྐྱལ་ལ་སོགས་པ་
ཀུན་དུ་སྤྱད། །ཤེས་བཞིན་རང་ངམ་གཞན་གྱིས་ཀྱང་། །སྡོམ་བརྩོན་དུད་འགྲོའི་སྐྱེ་གནས་གང་། །གསོད་ན་ལྟུང་བྱེད་མེ་ལྕེ་ཡིས། །རེག་པའི་སྡུག་བསྔལ་ཉམས་མྱོང་འགྱུར། །ཤེས་བཞིན་ཉོན་མོངས་སེམས་ཀྱིས་ནི། །ཚངས་སྤྱོད་དང་ནི་བཅས་རྣམས་ལ། །འགྱོད་པ་
སྐྱེད་བྱེད་ངེས་བཀག་སྟེ། །བྱེད་ན་ལྟུང་བྱེད་གཞན་དུ་མིན། །ཁྱོད་ལོ་ཉི་ཤུ་མ་ལོན་ན། །ཁྱོད་ཀྱི་བསྙེན་རྫོགས་གང་ན་སྟེ། །མཁན་པོའང་ཚུལ་ཁྲིམས་འཆལ་པ་ཡིན། །དེ་ནི་མཚམས་ཀྱི་ཕྱི་རོལ་ཡིན། །འགྱོད་པ་སྐྱེད་པའི་དོན་དུ་ནི། །དེ་ལ་སོགས་པ་སྨྲ་བྱེད་ན། །དེ་ལ་ལྟུང་
བྱེད་བདེན་པ་ཡི། །སྐྱོན་འགྱུར་བརྗོད་ན་ཉེས་པ་མེད། །བློ་ཆུང་སོར་མོ་གཅིག་གིས་ཀྱང་། །དགེ་སློང་རྩེ་ཕྱིར་གཡའ་སྒོག་ན། །ལྟུང་བྱེད་སྨེ་བ་ནག་པོ་དག །སྟོན་པ་ལ་ནི་ཉེས་པ་མེད། །དགའ་གཡེངས་ཆུ་ལ་རྩེད་མོ་དག །བྱེད་ན་ཟད་ལྟུང་འགྱུར་བ་ཡིན། །དེ་ཡང་ཕ་རོལ་ཚུ་རོལ་
དུ། །ཕར་བརྒལ་ཚུར་བརྒལ་བྱེད་སོགས་སོ། །མ་བསྲུངས་བུད་མེད་ལྷན་ཅིག་ཏུ། །གལ་ཏེ་ནང་ངམ་ཕྱི་རོལ་དུ། །དགེ་སློང་ཉལ་དུ་མི་རུང་སྟེ། །སྒོ་བཅིངས་པ་ལ་ཉེས་པ་མེད། །འདིར་ནི་ལེགས་དང་ཉེས་སྨྲས་དོན། །གང་ཞིག་སོ་སོར་རྟོགས་དང་ལྡན། །མི་མོ་དེ་ནི་བུད་མེད་ཅེས། །
ཤེས་རབ་ལྡན་པས་ཡང་དག་གསུངས། །ཐམས་ཅད་གཡོག་དང་ཡོངས་བསྐོར་ཞེས། །བྱ་བ་འདི་ཡང་སྔ་མ་བཞིན། །ཉལ་བར་བརྗོད་པ་གང་ཡིན་པ། །གློས་ནི་ས་ལ་ཕབ་པའོ། །སྡོམ་བརྩོན་གཉིད་ཀྱིས་ནོན་དུས་སུ། །རེག་པའི་རླུང་གིས་སྦར་བ་ཡི། །ལྟུང་བྱེད་མེ་ནི་གང་ཡིན་པ། །
ཀུན་ནས་སྲེག་པར་བྱེད་པ་ཡིན། །གནས་ཁང་སོགས་སུ་བུད་མེད་དག །གང་ན་ཡོད་པའི་སྐས་སོགས་བརྟུལ། །སྲུང་བྱེད་བཞག་ནས་དགེ་སློང་ནི། །ཉལ་བ་ལ་ནི་སྨད་པ་མེད། །ཁྱད་པར་ཉིན་མོ་ཉལ་བ་ཡི། །ཆོ་ག་ཡང་ནི་འདི་ཡིན་ཏེ། །མདུད་པ་བོར་ནས་རྗེས་སུ་གནང་། །གཞན་
เล่ม ๑๖๖ · หน้า 39a
དུ་ཉེས་བྱས་འགྱུར་བ་ཡིན། །དགེ་སློང་རང་ངམ་གཞན་གྱིས་ཀྱང་། །དགེ་སློང་སྔངས་པར་བྱེད་པ་བཀག །སེམས་ཅན་ཀུན་ལ་མི་འཇིགས་མཛད། །བླ་མ་སངས་རྒྱས་ལ་དམིགས་ནས། །ཤ་ཟ་གནོད་སྦྱིན་ལ་སོགས་པའི། །སྡིག་ཅན་གཟུགས་ནི་བཟུང་
ནས་ཀྱང་། །དེ་ཡི་གཟུགས་སྒྲ་དྲི་རྣམས་ཀྱིས། །སྔངས་པར་བྱེད་ལ་ཟད་བྱེད་ལྟུང་། །གྱ་ནོམ་ལྷ་དང་དྲི་ཟ་དང་། །བྲམ་ཟེ་ལ་སོགས་འཇིགས་པ་ཡིས། །བཟུང་ནས་ཁྱོད་ནི་བསད་ཅེས་བརྗོད། །གལ་ཏེ་བརྡ་ཕྲད་ཉེས་བྱས་ཡིན། །ཕན་པར་འདོད་པས་མི་བཟད་པའི། །སྡུག་བསྔལ་
ལྟུང་བའི་འཇིགས་སྐྱེད་ཕྱིར། །དམྱལ་བ་ཡི་དྭགས་དུད་འགྲོའི་གཟུགས། །གལ་ཏེ་འཇིགས་སྟོན་ཉེས་པ་མེད། །དགེ་སློང་གཞན་གྱི་ལྷུང་བཟེད་སོགས། །ཡོ་བྱད་དངོས་པོ་ནམ་དུ་ཡང་། །བཞད་གད་ཀྱི་ནི་དབང་བྱས་ནས། །དགེ་སློང་གིས་ནི་སྦེད་པ་བཀག །དགེ་སློང་ཆོས་
གོས་བྱིན་པ་ལ། །གདེང་མེད་པར་ནི་ལོངས་སྤྱོད་ན། །ལྟུང་བྱེད་གལ་ཏེ་མཛའ་བོ་འམ། །མཆོད་འོས་བླ་མས་ཉེས་པ་མེད། །སྡོམ་བརྩོན་དགེ་འདུན་ལྷག་མ་ཡིས། །དག་པའི་དགེ་སློང་སྐུར་འདེབས་ན། །ལྟུང་བྱེད་ཉིད་དུ་ངེས་བསྟན་ཏེ། །ཕྱི་མ་རྣམས་ཀྱིས་ཉེས་བྱས་སོ། །ལམ་དུ་
སྐྱེས་པ་མེད་པར་ནི། །བུད་མེད་དང་ནི་མི་འགྲོགས་ཏེ། །འགྲོགས་ན་དེ་ཡི་སྤྱི་བོར་ནི། །ལྟུང་བྱེད་གནམ་ལྕགས་འབབ་པར་འགྱུར། །གྲོང་དེར་སྡོམ་བརྩོན་ནམ་སོན་དུས། །ངེས་པར་ལྟུང་བྱེད་ཉིད་འགྱུར་ཏེ། །གྲོང་གི་ལམ་ཕྱེད་ཕྱིན་པ་ན། །ཉེས་བྱས་ཙམ་དུ་བརྗོད་པ་ཡིན། །རང་ཉིད་
སྔ་ཕྱི་བྱས་ནས་ནི། །ལམ་མི་ཤེས་པ་བསྟན་པར་བྱ། །ཉམ་ངའི་ལམ་དུ་བུད་མེད་དག །ཁྲིད་ན་ལྟུང་བར་མི་འགྱུར་རོ། །གང་ཞིག་རྐུན་མའི་གྲོགས་དང་འགྲོགས། །དེ་ལའང་ལྟུང་བྱེད་ཀྱིས་རེག་འགྱུར། །འདི་ལ་ཡང་ནི་ཉེས་མེད་ད། །གལ་ཏེ་སྔར་བཞིན་སོང་ནའོ། །ཚངས་
པའི་ཤོ་གམ་ལ་སོགས་པས། །འཕྲོག་པར་བྱེད་དེ་རྐུན་མར་འདོད། །གྲོང་དང་ལམ་ལ་སོགས་པ་དག །གང་འཇོམས་དྲག་པོ་སྨོས་ཅི་དགོས། །ལོ་ནི་ཉི་ཤུ་མ་ལོན་འདི། །གང་ཕྱིར་བཀྲེས་སྐོམ་ལ་སོགས་གནོད། །མི་བཟོད་མི་བརྟན་ལུས་བློའི་ཕྱིར། །བསྙེན་པར་རྫོགས་པར་མི་
เล่ม ๑๖๖ · หน้า 39b
བྱར་བརྗོད། །མ་ཚང་ལོ་ལ་དེར་ཤེས་བཞིན། །གང་ཞིག་སྨྲ་ཡང་བསྙེན་རྫོགས་ན། །རྫོགས་བྱེད་དེ་དག་ཟད་པར་ལྡན། །ཐེ་ཚོམ་གྱིས་ཀྱང་ལྟུང་བར་བརྗོད། །གང་ཞིག་མ་ཚང་ཚང་བའི་བློས། །ལོ་ནི་ཚང་བར་སྨྲ་བ་ལ། །རྫོགས་བྱས་ལྟུང་བ་ཡོད་མ་ཡིན། །ཚང་ལ་ཚང་བར་འདུ་
ཤེས་གང་། །ཚང་ལ་ཉིད་སྨྲ་དག་ཀྱང་སྟེ། །ཐེ་ཚོམ་གྱིས་ཀྱང་སྨྲ་བ་ལ། །དེ་ལ་ལྟུང་བ་མེད་པ་ཉིད། །དེ་ལྟར་འདིར་ནི་ཕྱོགས་ཙམ་ཞིག །མདོར་བསྡུས་ནས་ནི་བསྟན་པ་ཡིན། །བརྟུལ་ཞུགས་དང་བཅས་བློ་ལྡན་རྣམས། །ཤིན་ཏུ་ངེས་དང་བཅས་པར་བྱ། །དགེ་སློང་གིས་ནི་
ཤེས་བཞིན་དུ། །ས་མི་བརྐོའོ་བརྐོར་མི་གཞུག །སོ་ཕག་འབའ་ཞིག་པ་དག་དང་། །ཀུན་ནས་བྱེ་མ་ཡིན་ཉེས་མེད། །སྐྱེད་བྱེད་སྐྱེད་བྱེད་མ་ཡིན་པའི། །ས་ནི་རྣམ་པ་གཉིས་སུ་གྲགས། །ཆར་འབབ་རྗེས་སུ་གྱུར་པ་ལ། །ཟླ་བ་དྲུག་གིས་སྐྱེ་བ་སྟེ། །སྐྱེད་བྱེད་ལ་ནི་འདིར་
ངེས་ཡིན། །ས་མང་བྱེ་མ་ཉུང་ན་ལྟུང་། །ཉེས་བྱས་འགྱུར་རོ་བྱེ་མ་དང་། །གསེག་མ་དང་ནི་རྡོ་བ་དག །ལྷག་པར་བཅས་ལ་མི་སྐྱེའི་ཕྱིར། །ལྟུང་བྱེད་དང་ནི་ཉེས་བྱས་སུ། །འདུལ་བའི་དེ་ཉིད་རིག་པས་བཤད། །ས་གཞི་དང་ནི་རྩིག་ངོས་ལ། །ཕུར་པ་བརྡེག་ན་ལྟུང་བྱེད་
ཡིན། །དེ་ཉིད་འདོན་དང་གནོན་པའམ། །འདམ་བསྐྱོད་པ་ལ་ཉེས་བྱས་སོ། །རྩིག་པའང་དེ་བཞིན་ཞལ་ཞལ་ལམ། །ཆུ་ངོགས་རྟིབ་ན་ཟད་ལྟུང་འགྱུར། །ཆད་པ་འམ་ནི་གས་པ་ལའང་། །རྐོ་བར་བྱེད་ན་ཉེས་བྱས་འདོད། །ཆུ་འགྲམ་འདམ་ནི་བསྐྱོད་པ་ལ། །འགྲོ་བར་འདོད་པས་
ཉེས་པ་མེད། །རྩིས་ཀྱི་དོན་དུ་རི་མོ་ཡང་། །སའམ་རྩིག་ངོས་འདྲི་བ་དང་། །སྐྱེད་མོས་ཚལ་སོགས་རྒྱུ་བ་ན། །འཇིགས་མིན་དུས་སུ་རུང་བ་ཉིད། །དབྱར་གྱི་ཟླ་བ་བཞི་ལས་ནི། །མགྲོན་དུ་བོས་པ་ཁས་མི་བླང་། །ཡང་ཡང་རྟག་ཏུ་བ་དང་དུས། །སོ་སོར་མགྲོན་དུ་བོས་མ་
གཏོགས། །རྟག་ཏུ་མགྲོན་བོས་གང་ཡིན་པ། །གང་དུ་རྟག་པ་ཉིད་དུ་འབོད། །སོ་སོར་མགྲོན་དུ་བོས་པ་ནི། །སོ་སོ་ཐ་དད་ཉིད་ལ་བརྗོད། །དུས་ནི་ཇི་སྲིད་འདོད་པ་དེས། །ཡང་ཡང་ཞེས་བརྗོད་ཡང་ཡང་དང་། །མགྲོན་བོས་འདི་དག་མ་གཏོགས་པ། །གསལ་པོར་ལྟུང་བྱེད་ཉིད་
เล่ม ๑๖๖ · หน้า 40a
དུ་བརྗོད། །གྱ་ནོམ་པ་ལ་བོས་བཞིན་དུ། །སྡོམ་བརྩོན་དམན་པ་སློང་བ་ན། །སློང་བའི་ཚེ་ན་ཉེས་བྱས་ཏེ། །དེ་ལོངས་སྤྱོད་ནའང་ཉེས་བྱས་སོ། །དམན་པ་ལ་ནི་བོས་པ་ན། །བཟང་པོ་སློང་བ་དུས་ཇི་སྲིད། །ཉེས་བྱས་ལོངས་སྤྱོད་པ་ལ་ནི། །ཟད་བྱེད་ལྟུང་བར་
བརྗོད་པ་ཡིན། །འོ་མ་ལ་བོས་ཤ་དང་ཞོ། །ཡང་ན་འོ་མ་ལ་ནི་མར། །སློང་བའི་ཚེ་ན་ཉེས་བྱས་ཏེ། །ཟོས་ན་ནད་པ་མ་གཏོགས་ལྟུང་། །དད་ལྡན་ཡོ་བྱད་ཕུན་ཚོགས་ཤིང་། །སྦྱིན་ཕྱིར་གཏོང་ལ་འཇིགས་མེད་པ། །དེ་ནི་ཡུན་རིངས་བསོད་ནམས་ཕྱིར། །དང་དུ་ལེན་པ་བཀག་
པ་མེད། །གང་ཚེ་བསླབ་པ་འདི་ལ་ཁྱོད། །བསླབ་པར་བྱ་ཞེས་དགེ་སློང་གིས། །རབ་བསྐུལ་དེ་ཚེ་ལན་དུ་གང་། །དེ་ལ་བྱིས་པ་སོགས་བརྗོད་སྨོད། །བློ་ཆུང་དེ་ནི་ལྟུང་བྱེད་ཀྱི། །དབྱུག་པས་ཕོག་ནས་ངེས་པར་འགྱེལ། །འཇིགས་ལྟུང་འབར་བའི་སྒོ་ནས་ནི། །དམྱལ་
བའི་མེ་ཡིས་གཡེངས་པར་གྱུར། །བྱིས་པ་ཞེས་བྱ་ངན་སེམས་ཅན། །རྨོངས་པ་མདོ་སོགས་མི་མཁས་པ། །མི་གསལ་འདུལ་བའི་ཚིག་ལ་སྟེ། །མི་མཁས་དེ་ཡི་དོན་ལའོ། །བྱིས་པ་རྨོངས་སོགས་ཚིག་ལས་ནི། །རེ་རེ་ཡིས་ཀྱང་བཟློག་པ་ན། །དམྱལ་བའི་མེར་ནི་
འཇུག་བྱེད་པའི། །ལྟུང་བྱེད་ཀྱིས་ནི་དགེ་སློང་ལྟུང་། །དེ་ཡིས་དེ་ཚིག་བཟུང་ནས་ནི། །མཁས་པ་དག་ལ་དྲི་བར་བྱ། །མཁས་པའི་ཚིག་གིས་བྱ་བ་སྟེ། །ལོང་བ་རྣམས་ཀྱིས་ཚད་མ་དེ། །ཡང་ན་བརྫུན་པ་ཉིད་དུ་ནི། །བྱིས་པ་ལ་སོགས་ཚིག་གིས་ཀྱང་། །མཁས་པ་མིན་ཡང་
བསྒོ་བ་ན། །བདེན་དོན་སྨྲ་ན་ཉེས་པ་མེད། །ཕན་ཚུན་མི་མཐུན་དགེ་སློང་གང་། །གླགས་སྐབས་ཚོལ་ཞིང་ཅོ་འདྲི་ན། །བྱ་རོག་ཉན་རྣས་འདུག་ན་ནི། །དེ་ཡང་ལྟུང་བྱེད་ཡང་དག་གནས། །གནས་ཁང་ལ་སོགས་བསམ་གཏན་དག །བྱེད་ཚེ་སྒྲ་བརྡ་མ་བྱས་པར། །
ཞུགས་པས་སྒྲ་དོན་གཙོ་བོ་ནི། །མ་ཐོས་སྒྲ་ཉན་ཉེས་བྱས་འགྱུར། །དེ་ལྟར་ཁང་བཟངས་སྐས་དང་སྒོ། །ལམ་དུ་འཇུག་ཚེ་ཚུལ་ལྡན་ལ། །ལྟུང་བྱེད་སྔར་བཤད་ཇི་བཞིན་ཏེ། །ཞི་བར་བྱ་ཕྱིར་ཉེས་པ་མེད། །གསོལ་བའི་ལས་ལ་སོགས་པ་ཡི། །ཆོས་ནི་གཏན་ལ་འབེབས་
เล่ม ๑๖๖ · หน้า 40b
པའི་གཏམ། །བྱེད་ཚེ་གཞན་ལ་མ་སྨྲས་པར། །སྡོམ་བརྩོན་དེ་བོར་འགྲོ་མི་བྱ། །ལས་ཀྱི་གེགས་སུ་མ་གྱུར་ཏམ། །ཞེས་བསམས་རབ་ཏུ་བསྒོ་བར་བྱ། །དེ་ལྟར་མི་བྱེད་དགེ་སློང་ནི། །མྱུར་དུ་ལྟུང་བྱེད་རྒྱ་མཚོར་ལྟུང་། །མ་གུས་པ་ལ་ལྟུང་བྱེད་དེ། །དགེ་འདུན་
དང་ནི་གང་ཟག་གཉིས། །དགེ་འདུན་ལ་ནི་ལྟུང་བྱེད་བརྗོད། །གང་ཟག་དག་ལ་ཉེས་བྱས་སོ། །དགེ་འདུན་ནང་ན་དགེ་སྐོས་ཀྱི། །ཚིག་ནི་རབ་ཏུ་བཟློག་པ་ཡང་། །ལྟུང་བྱེད་བླ་མའི་དགེ་འདུན་དང་། །རྒན་པོ་གང་ཟག་གཞན་ལ་མིན། །དོན་མེད་པ་
ཡི་ཚིག་ལ་ནི། །རིགས་པས་ཤད་ཀྱིས་སྦྱང་བ་ཡིས། །ཟློག་བྱེད་སྨྲ་བ་པོ་ལ་འདིར། །ལྟུང་བ་མེད་པར་གསུངས་པ་ཡིན། །འབྲུ་འམ་བཅོས་པའི་ཆང་དག་ནི། །ཀུ་ཤའི་རྩེ་མོ་ཙམ་ཡང་སྤང་། །འདི་དག་འཐུང་ངམ་སྟེར་ན་ཡང་། །གཉིས་ཀ་བག་མེད་ཁང་ཆེན་ཡིན། །
ཁ་ཡི་ནད་ལ་མཁུར་ཕུག་ཏུ། །བསྲེལ་བ་ཙམ་ལ་ཉེས་པ་མེད། །སྨན་པའི་ངག་གིས་འཐུང་བར་ནི། །སྲོག་ལ་བབ་ཀྱང་འདོད་མི་བྱ། །ཕབས་དང་འབྲས་ཕྱེ་ཟན་གྱི་ཚོགས། །རྣམ་འགྱུར་བྱེ་བྲག་ལས་སྐྱེས་པ། །འཇིག་རྟེན་བཏུང་བའི་ཁྱད་པར་གང་། །དེ་ནི་འབྲུ་ཡི་ཆང་ཞེས་བྱ། །
སྡོང་བུ་མེ་ཏོག་འབྲས་རྣམས་ཀྱི། །ཁུ་བ་རྣམས་ནི་ཡོངས་གྱུར་པ། །བཅོས་པའི་ཆང་དུ་ངེས་བསྟན་ཏེ། །སྦྲང་རྩི་རྒུན་སོགས་ལས་བྱུང་བའོ། །གང་ཚེ་མ་རེད་ཉམས་པ་ཡིས། །མྱོས་བྱེད་ནུས་པ་ཟད་པ་ན། །ཆང་གི་རྒྱུ་མཚན་སྤངས་པའི་ཕྱིར། །འཐུངས་ཀྱང་དེ་ཚེ་ཉེས་པ་
མེད། །སུ་ལུ་ཀ་དང་ཞོ་ག་ཆུ། །སུག་ཏ་སྐྱུར་པོ་བཙགས་ནས་ནི། །ཆུ་བསྲེས་བཏུང་བའི་དོན་དུ་ནི། །དུས་མིན་པར་ཡང་བཀག་པ་མེད། །འབྲུ་ཆང་སྐྱུར་པོར་གང་གྱུར་པ། །སུ་ལུ་ཀར་ནི་ཡོངས་སུ་གྲགས། །བཅོས་ཆང་སྐྱུར་པོར་གང་གྱུར་པ། །སུག་ཏ་ཞེས་བྱར་བརྗོད་པའོ། །
ཀོ་ཏྲ་བ་སོགས་བཀག་པའི་ཕྱིར། །འབྲུ་ཆང་བཅོས་པའི་ཆང་ཞེས་སྨོས། །མ་རེད་ཉམས་ལ་ཆང་གི་ནི། །དངོས་པོ་བཟློག་ཕྱིར་མྱོས་འགྱུར་སྨོས། །ཆང་གི་མདོག་དང་དེ་བཞིན་དྲི། །རོ་དང་མྱོང་བ་དག་གིས་ཀྱང་། །གལ་ཏེ་མྱོས་ཟད་ཆང་གི་ནི། །དངོས་མེད་ཉེས་བྱས་གཞིར་འདོད་དོ། །
เล่ม ๑๖๖ · หน้า 41a
དེ་ལྟར་ཁ་དོག་ལ་སོགས་པ། །གསུམ་གཉིས་གཅིག་འཐུང་མྱོས་ནུས་ཟད། །གསུམ་གཉིས་དེ་བཞིན་གཅིག་པུ་ལ། །མྱོས་པའི་ནུས་མེད་ཉེས་བྱས་རྣམས། །རྩ་བ་སྡོང་བུ་མེ་ཏོག་འབྲས། །འདབ་མ་ཡང་ནི་མྱོས་བྱེད་དང་། །ཕབས་དང་ཟན་ཆང་བསྲེས་པ་དག །ཟོས་ན་འགལ་ཚབས་ཅན་དུ་འགྱུར། །
སྡོམ་བརྩོན་གྲོགས་ཡོད་མ་སྨྲས་པར། །སྡོམ་གནས་དུས་མིན་གྲོང་འཇུག་ན། །དེ་འདྲའི་རྐྱེན་ལ་ཉེས་པ་མེད། །གཞན་དུ་ཟད་པ་ཐོབ་པར་འགྱུར། །ཉི་མ་ཕྱེད་ཀྱི་མཚམས་གནས་པར། །ཕྱི་མའི་སྐྱ་རེངས་མ་ཤར་བར། །དུས་མ་ཡིན་ཞེས་འདོད་པ་སྟེ། །དུས་དང་དུས་མིན་
མཁས་པས་སོ། །དགེ་སློང་དུས་མིན་འཇུག་བྱེད་ཅིང་། །དུས་མིན་དུས་སུ་འདུ་ཤེས་དང་། །ཐེ་ཚོམ་གྱིས་ཀྱང་རྣམ་པར་འཇོམས། །དུས་ལ་དུས་མིན་འདུ་ཤེས་དང་། །ཐེ་ཚོམ་ཟ་ན་ཉེས་བྱས་ཡིན། །ཁྱིམ་པས་ཁྱིམ་དུ་དགེ་སློང་རྣམས། །གང་ཕྱིར་མགྲོན་དུ་བོས་པ་ན། །
ནམ་ཡང་ཁྱིམ་གཞན་དག་ཏུ་ནི། །དེ་ནི་དེ་ལྟར་འགྲོ་མི་བྱ། །འཕགས་པའི་ཚོགས་ལ་ཅི་བདེར་ནི། །བདེན་པས་གདུགས་ཚོད་གསོལ་སྨྲས་ནས། །ཁྱིམ་བདག་གིས་ཀྱང་གནང་ན་དེར། །སོང་བ་ལ་ཡང་ཉེས་པ་མེད། །གང་ཞིག་རྒྱལ་པོའི་སྒོ་གཏན་ནམ། །དེ་ཡི་ཉེ་འཁོར་
ཉིད་དང་ཡང་། །སྐྱ་རེངས་ཐ་མ་མ་ཤར་འདས། །བདེར་གནས་དེ་ཡང་སྡིག་བྱེད་ཡིན། །གྲོང་ཁྱེར་རྒྱལ་པོའི་ཕོ་བྲང་དང་། །གསུམ་པ་བཙུན་མོའི་འཁོར་དག་གི །སྒོ་གཏན་དེ་དང་ཉེ་བ་ན། །ཉེ་འཁོར་ཞེས་ནི་བརྗོད་པ་ཡིན། །དགེ་སློང་ནམ་ནི་མ་ལངས་པར། །མ་ལངས་
པ་ཡི་འདུ་ཤེས་ཀྱིས། །གྲོང་ཁྱེར་སྒོ་གཏན་འདས་པ་ལ། །སྡོམ་བརྩོན་ཉེས་བྱས་བསྐྱེད་པར་འགྱུར། །མི་ཡི་བདག་པོའི་སྒོ་འམ་ནི། །བཙུན་མོའི་འཁོར་དུ་འདས་པ་ལ། །མ་ལངས་དེ་རུ་འདུ་ཤེས་སམ། །ཐེ་ཚོམ་གྱིས་ཀྱང་ཟད་ལྷུང་རེག །ཅིག་ཤོས་དག་ཏུ་འདུ་ཤེས་པས། །
ཐམས་ཅད་ལ་ནི་ཉེས་བྱས་སོ། །རིན་ཆེན་མ་བསྡུས་ཞེས་བྱ་ནི། །སྦ་བརྟུལ་མ་བྱས་པ་ལ་བརྗོད། །ཟླ་བ་ཕྱེད་ཕྱེད་ཡང་དང་ཡང་། །སོ་སོར་ཐར་པ་ཐོས་ནས་ཀྱང་། །འདི་དག་མདོར་ནི་གཏོགས་པ་དང་། །ཆོས་སུ་རང་བྱུང་གིས་བསྟན་པ། །ཇི་བཞིན་རྣམ་གཞག་དེ་བྱས་དག །མ་
เล่ม ๑๖๖ · หน้า 41b
ལུས་བདག་གིས་ད་གདོད་ཤེས། །དེ་ལྟར་གོ་བྱེད་ཚུལ་འཆོས་ཅན། །སྡོམ་བརྩོན་དེ་ནི་ལྟུང་བྱེད་འདོད། །རུས་པ་བ་སོ་རྭ་ཡི་ནི། །རང་བཞིན་ཁབ་རལ་གང་ཞིག་བྱེད། །བློ་ངན་དེ་འདིར་ལྟུང་བྱེད་ཀྱི། །ཆུ་སྲིན་ཁ་རུ་ལྟུང་འདོད་ཡིན། །དེ་ཡིས་ཁབ་རལ་བཅག་ནས་ནི། །ལྟུང་བ་དེ་ནི་
བཤགས་བྱ་སྟེ། །རིགས་པའི་ཁབ་རལ་བྱེད་དེ་ལ། །བྱ་བའི་ཆོ་ག་འདི་ཡིན་ཏེ། །སྣུ་གུ་དང་ནི་ཆང་བ་ཡི། །རྣམ་པ་དེ་དང་འཚམ་པའི་ཚད། །ཁབ་དང་གྲི་གུ་ཡང་དག་ལྡན། །དེ་ལས་གཞན་དུ་ནམ་ཡང་མིན། །ཁབ་ཀྱང་ཟངས་མ་འཁར་བ་དང་། །ར་གན་ལྕགས་དང་རྣམ་པ་བཞི། །གྲི་
གུ་ལྕགས་ཉིད་ཁོ་ནར་གསུངས། །དེ་ལ་རབ་འབྲིང་ཐ་མར་འདོད། །རབ་ཚད་སོར་ནི་བརྒྱད་ཤེས་ཏེ། །ཐ་མ་ཡང་ནི་སོར་བཞི་ཡིན། །བྱ་གག་གཤོག་པའི་རྣམ་པ་ནི། །གྲི་གུའི་དབྱིབས་སུ་བྱ་བ་ཡིན། །གང་ཚེ་གྲོང་གཞན་འགྲོ་བ་ན། །དགེ་སློང་རིངས་པར་གྱུར་ཀྱང་དེར། །ཁབ་ཀྱི་བསླབ་བྱ་
བསྲུང་བའི་ཕྱིར། །གཅིག་ཙམ་ངེས་པར་ཁྱེར་བར་བྱ། །དགེ་འདུན་ཁྲི་དང་ཁྲིའུ་སོགས། །བྱེད་ན་བདེར་གཤེགས་སོར་གྱིས་ནི། །རྐང་པ་ལ་ནི་སོར་བརྒྱད་བྱ། །ལྷག་པར་དགེ་སློང་མི་བྱའོ། །བདེ་བར་གཤེགས་པའི་སོར་བརྒྱད་ལ། །ཁྲུ་གང་ཚད་དུ་འདོད་པ་ཡིན། །དེ་ལས་ལྷག་པ་དགེ་སློང་
གིས། །བཅད་ནས་ལྟུང་བ་སོ་སོར་བཤགས། །ཐོ་མཚམས་དོན་དུ་དགེ་སློང་གིས། །དགེ་འདུན་མལ་སྟན་ལ་སོགས་ལ། །ཤིང་བལ་ལ་སོགས་བདལ་མི་བྱ། །བདལ་ན་དེ་ཟད་ལྟུང་བར་འགྱུར། །ར་བལ་ལུག་བལ་ཀ་ཤ་དང་། །ཤལ་མ་ལ་ཡི་བལ་ཡང་སྟེ། །དངོས་པོ་དེ་ནི་བསྡུས་ནས་
སུ། །ལྟུང་བ་བཤགས་པར་བྱ་བ་ཡིན། །སྟེང་དུ་འགྲེམས་པར་བྱེད་པ་གང་། །དེ་འདིར་བདལ་བར་ཤེས་པར་བྱ། །གང་དང་འབྲེལ་པས་དགེ་སློང་གི །གོས་དག་མཛེས་པར་མི་འགྱུར་བའོ། །སྲིད་དུ་བདེ་བར་གཤེགས་པ་ཡི། །མཐོ་གསུམ་དེ་ལས་ལྷག་པར་མིན། །ཞེང་དུ་ཕྱེད་དང་གཉིས་ཡོད་
དེ། །བརྟུལ་ཞུགས་ཅན་གྱིས་གདེང་བ་བྱ། །ལྷག་པ་བཅད་ནས་ལྟུང་བ་ནི། །གང་ལ་བཤགས་པར་བྱེད་པ་ན། །ཚུལ་ལྡན་དེས་ཀྱང་ཁྱོད་ཀྱི་འདི། །བཅད་དམ་ཞེས་ནི་དྲི་བར་བྱ། །འདི་ཉིད་དབང་བྱས་བཞི་དང་གཉིས། །ཆུ་དང་ཞེང་དུ་བསྔགས་པ་སྟེ། །དགེ་སློང་གཡན་པ་དག་པ་
เล่ม ๑๖๖ · หน้า 42a
ནི། །དེ་ལས་ལྷག་ན་ལྟུང་བྱེད་དེ། །དབྱར་གོས་རས་ཆེན་ཞེས་བྱ་བ། །སྲིད་དུ་དྲུག་ཡིན་ཤེས་པར་བྱ། །རྒྱར་ནི་ཕྱེད་དང་གསུམ་ཡིན་ཏེ། །གང་ཕྱིར་སྟོན་པའི་མཐོ་ཡིའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི། །ཚད་དུ་ཆོས་གོས་མི་བྱ་སྟེ། །མཉམ་པ་འམ་ནི་
ལྷག་པར་ཡང་། །དེ་ལ་མཐོ་ནི་བཅུ་དང་དྲུག །བསླབ་པ་ཉམས་བྱེད་བྱིས་པ་གང་། །མི་ཟད་ངན་སོང་གསུམ་དག་ཏུ། །དེས་ལྟུང་འཇིགས་བརྒྱ་བསྐྱེད་པས་ན། །དེ་ཕྱིར་ལྟུང་བྱེད་ཅེས་བྱའོ། །ལྟུང་བྱེད་ཡང་དག་བཤད་ནས་ཀྱང་། །དེ་ཡི་རྗེས་ཐོགས་བརྗོད་པར་བྱ། །རང་གི་མཚན་
ཉིད་དབྱེ་བ་ཡིས། །སོ་སོར་བཤགས་པ་རྣམ་པ་བཞི། །སྡོམ་བརྩོན་རང་གི་སྤྱོད་ཡུལ་དུ། །ཉེ་དུ་མ་ཡིན་དགེ་སློང་མ། །དེ་ལས་བསོད་སྙོམས་བླངས་ནས་ནི། །ཟོས་ན་སོ་སོར་བཤགས་པ་ཡིན། །ཁྱིམ་གང་དག་ཏུ་དགེ་སློང་རྣམས། །གསོལ་ཚེ་དགེ་སློང་མ་གང་ཞིག །འདི་ལ་མར་
སྦྱིན་འདི་དག་ལ། །ཟས་སོགས་བྱིན་ཞེས་གལ་ཏེ་སྨྲ། །དགེ་སློང་རྣམས་ནི་ཟན་ཟའི་བར། །སྲིང་མོ་མ་སྨྲ་ཞེས་ནི་བཟློག །དེ་ལས་གཅིག་ཀྱང་མི་སྨྲ་ན། །ཀུན་ལ་སོ་སོར་བཤགས་པ་ཡིན། །ནང་དང་བར་དང་ཕྱི་གནས་ནི། །སུམ་ཆར་གདུགས་ཚོད་གསོལ་རྣམས་ཏེ། །དགེ་
འདུན་གྱིས་ནི་གནས་བརྟེན་ནམ། །ཡང་ན་གསར་བུ་ཀུན་གྱིས་བརྗོད། །དགེ་སློང་རྣམས་ནི་གསོལ་གྱི་བར། །འདི་ནི་མ་སྨྲ་འདུག་ཅེས་སོ། །དགེ་སློང་མ་ལ་མ་བཟློག་གམ། །ཞེས་ནི་ཕྱི་རོལ་གནས་པས་དྲི། །བར་ནས་ཟ་བ་རྣམས་ཀྱིས་ནི། །མ་དྲིས་ཟོས་ན་ལྟུང་བ་ཡིན། །ཕྱི་རོལ་བ་ལ་ཉེས་
བྱས་ཏེ། །གལ་ཏེ་གཅིག་ཀྱང་མི་སྨྲ་ན། །དགེ་འདུན་གནས་བརྟན་ལ་སོགས་པ། །ཀུན་ལ་སོ་སོར་བཤགས་པ་ཡིན། །དེ་ཡང་ལྟུང་བྱེད་ཇི་བཞིན་དུ། །སྡོམ་བརྩོན་གཅིག་གི་མདུན་དུ་བཤགས། །དགེ་སློང་མ་ཡི་དབྱར་ཁང་དུ། །བསྐོ་ཤམ་བྱེད་ལ་བཀག་པ་མེད། །དེ་ནི་དེ་ཡི་རང་
རྫས་ཏེ། །ཁང་བཟངས་རྒྱ་ཆེན་འགར་ཡང་ངོ་། །དགེ་འདུན་མཐུན་པས་སློབ་པ་ཡི། །ཁྱིམ་གང་བསླབ་པའི་སྡོམ་ཅན་གྱིས། །དགེ་སློང་བྲུ་བས་ཉེན་ན་ཡང་། །མགྲོན་དུ་མ་བོས་ཟན་མི་བཟའ། །མར་དང་ཞོ་དང་འོ་མ་དང་། །སྦྲང་རྩི་བུ་རམ་བཏུང་བ་དང་། །ཉ་ཤ་ཤ་དང་ཤ་སྐམ་དང་།
เล่ม ๑๖๖ · หน้า 42b
མར་དང་བཅས་པ་བཀག་པ་ཡིན། །ལོ་མ་མེ་ཏོག་འབྲས་བུ་སོགས། །དང་དུ་ལེན་པ་འགལ་བ་མེད། །དམ་པའི་ཆོས་ནི་སྟོན་པ་ན། །མལ་སྟན་སྤྱོད་པ་ལ་ཡང་ངོ་། །སྡོམ་བརྩོན་ཁྱིམ་གཞན་ཟོས་ནས་ནི། །བཟའ་ལྷག་ཁྱིམ་དུ་བྱིས་པ་ལ། །དུམ་བུར་བགོས་ཏེ་སྦྱིན་བྱ་སྟེ། །ཚུལ་ལྡན་
ལ་ནི་དེ་དག་དགའ། །གང་ཞིག་འཇིགས་དང་བཅས་པ་ཡི། །དགོན་པའི་གཙུག་ལག་ཁང་གནས་པའི། །དགེ་སློང་ཕྱི་རོལ་འོངས་ནས་ནི། །བཟའ་བ་ལེན་པ་བཀག་པ་ཡིན། །དེ་ཐོབ་དེར་རམ་གཞན་དུ་འམ། །གཙུག་ལག་ཁང་དུ་མི་ཟ་ཡང་། །ནགས་ཉུལ་ནས་ནི་མ་གཏོགས་
ཏེ། །དགེ་སློང་ལ་ནི་ལྟུང་བར་འགྱུར། །དེ་ལྟར་བྱས་ན་ཅི་རིགས་པར། །ཀུན་དགའ་ར་བར་སྡོམ་བརྩོན་མདུན། །བདག་ལ་མི་རིགས་སྨད་པའི་གནས། །བྱུང་ངོ་ཞེས་ནི་སོ་སོར་བཤགས། །དེ་ལྟར་སོ་སོར་བཤགས་རྣམ་བཞི། །གང་དུ་ཇི་བཞིན་
བཤད་ནས་ནི། །ད་ནི་གང་ཞིག་བསླབ་པའི་ཆོས། །མང་པོའི་སྐབས་སོན་བསྟན་པར་བྱ། །ཤམ་ཐབས་སྟེང་གི་གོས་གྱོན་པ། །དེ་ནི་ཤིན་ཏུ་ཟླུམ་པོར་བགོ །ཧ་ཅང་རྩེངས་པ་མ་ཡིན་དང་། །ཧ་ཅང་འཇོལ་བ་མ་ཡིན་བརྗོད། །གླང་པོའི་སྣ་ལྟར་མ་ཡིན་དང་། །ཏ་ལའི་ལོ་མ་ལྟར་
མི་འདོད། །སྦྲུལ་མགོའི་གདེངས་ཀ་ལྟ་བུ་དང་། །སྦྲུལ་གྱི་མགོ་བོ་ཉིད་ལྟར་མིན། །བརྟུལ་ཞུགས་ལྡན་པས་ཤམ་ཐབས་ནི། །འབྲུ་ཡི་ཕུར་མ་ལྟར་མི་བགོ །སྟོད་གཡོགས་སྟོབས་ཀྱི་ལྷ་བཞིན་དུ། །བགོ་བར་ཡང་ནི་མི་བྱའོ། །ཤིན་ཏུ་བསྡམས་དང་ལེགས་པར་བགོ །གཉའ་
ཤིང་གང་ཙམ་ལྟ་བ་དང་། །ལྟ་བ་མི་ཡེངས་པ་ཡི་ནི། །བརྟུལ་ཞུགས་ཅན་གྱིས་གྲོང་འཇུག་བྱ། །མགོ་བོ་གཡོགས་དང་བརྫེས་པ་ཡིས། །གྲོང་དུ་འཇུག་པར་མི་བྱའོ། །མི་གཟར་བ་དང་གཉའ་གོང་གཟེད། །ཅོག་པུ་དེ་བཞིན་དཀུར་མི་བརྟེན། །སྡོམ་བརྩོན་མཆོང་སོགས་མི་བྱ་ཞིང་། །
ལག་པ་མི་སྦྲེལ་ཕྲག་མི་སྤྲད། །ལུས་དང་ལག་པ་མགོ་བོ་དག །བསྒྱུར་ཞིང་ཀྱོགས་པས་གྲོང་མི་འཇུག། །མ་བརྟགས་པ་དང་མ་བསྒོ་དང་། །ལུས་ཀུན་གྱི་ནི་ལྗིད་མི་དབབ། །རྐང་པ་ཡིས་ནི་རྐང་པ་དང་། །ལོང་བུས་ལོང་བུ་བསྣོལ་མི་བྱ། །རྐང་པ་མི་རྐྱོང་མི་དགུག་ཅིང་། །མི་གདང་
เล่ม ๑๖๖ · หน้า 43a
བྱིན་པ་བསྣོལ་མི་བྱ། །བརླ་ཡང་ཕན་ཚུན་བསྣོལ་མི་བྱ། །ཁྱིམ་དུ་མཉམ་གཞག་མིན་མི་འདུག །ལྷུང་བཟེད་ལ་ལྟ་མཐར་ཆགས་དང་། །ཚོད་མ་མཉམ་དང་བྱུར་བུ་ཡིས། །ཡོངས་སུ་བླང་བར་མི་བྱ་ཞིང་། །ཟས་སྟེང་ལྷུང་བཟེད་མི་གཞག་གོ། །བཟའ་བ་ཉེ་བར་
མི་སྟོབས་པར། །ལྷུང་བཟེད་སྔར་བཟེད་མི་བྱའོ། །སླར་ཡང་འདོད་པས་ཚོད་མ་དང་། །ཟན་ནི་ཕན་ཚུན་དགབ་མི་བྱ། །རོ་ལ་ཆགས་པས་མི་བཟའ་ཞིང་། །ཤིན་ཏུ་མང་པོ་མ་ཡིན་ནོ། །ཟས་ལ་མ་གུས་བརྙས་བཅས་དང་། །ཁམ་ནི་ཆེ་མིན་ཆུང་མ་ཡིན། །ཁམ་ནི་མ་བཟས་བར་དུ་
ནི། །ཁ་གདང་མི་བྱ་འགྲམ་མི་བསྐྱོད། །དགེ་སློང་ཁ་བཀང་སྨྲ་མི་བྱ། །ཟས་ལ་སྒྲ་ནི་གསལ་ཆེས་མིན། །ཙུག་ཙུག་ཞེས་ཀྱང་མི་བྱ་སྟེ། །ཕུ་ཕུ་ལ་སོགས་ཀུན་མི་བྱ། །དགེ་སློང་ཟས་ལ་འཕྱས་མི་གདགས། །ཐ་དད་ཕྱེ་ནས་མི་བཟའ་བའོ། །འགྲམ་པ་ཟས་ཀྱིས་མི་དགང་ཞིང་། །
ཁམ་ནི་འཕྲོ་ཡིས་གཅད་མི་བྱ། །ནམ་ཡང་ཟས་ནི་ཟ་བའི་ཚེ། །ལྕེ་བརྐྱང་བ་ཡིས་མ་ཡིན་ནོ། །ལག་པ་དག་ནི་མི་ལྡག་ཅིང་། །ལྷུང་བཟེད་ཀྱང་ནི་བྱོག་མི་བྱ། །ལག་པ་སྤྲུག་པར་མི་བྱ་སྟེ། །ལྷུང་བཟེད་བསྐྱོམས་པར་མི་བྱའོ། །མཆོད་རྟེན་རྣམ་པར་བྱས་ནས་ནི། །བཅོམ་སྟེ་བཟའ་
བར་མི་བྱའོ། །དྲུང་ན་འདུག་པའི་ལྷུང་བཟེད་ལ། །སྨད་པའི་དོན་དུ་མི་ལྟའོ། །ལག་པ་ཟས་དང་བཅས་པ་ཡིས། །ཆུ་སྣོད་དག་ལ་གཟུང་མི་བྱ། །ཟས་དང་བཅས་པའི་ཆུ་ཡིས་ནི། །དྲུང་ན་གནས་ལ་གཏོར་མི་བྱ། །ཟས་བཅས་ཆུ་དང་ཟས་ལྷག་ནི། །ལྷུང་བཟེད་ཀྱིས་ནི་དོར་མི་བྱ། །
ཁྱིམ་པས་རྗེས་སུ་གནང་བ་ན། །ཁྱིམ་གཞན་དུ་ནི་ཉེས་པ་མེད། །གད་ཁ་དང་ནི་གཡང་ཁ་དང་། །དཀན་ངོས་ལྷུང་བཟེད་མི་བཞག་ཅིང་། །ལངས་ནས་བཀྲུ་བར་མི་བྱའོ། །འབབ་ཆུ་དྲག་ཏུ་འབབ་པ་ཡི། །རྒྱུན་ལས་བཟློག་ནས་ལྷུང་བཟེད་ཀྱིས། །ཆུ་ནི་བླང་བར་མི་བྱའོ། །ལྷུང་བཟེད་
ཀུན་ཏུ་མི་རྙེད་ཕྱིར། །འདུག་ལ་འགྲེང་བས་ཆོས་བཤད་མིན། །ཉལ་བ་ལ་ནི་འདུག་པས་མིན། །འདུག་སྟན་དམའ་མོས་མཐོན་པོ་དང་། །ཕྱི་བཞིན་འོངས་པས་ཆོས་མི་བསྟན། །དེ་བཞིན་ལམ་མིན་འདུག་ནས་ཀྱང་། །ལམ་ནས་འགྲོ་བ་ལ་ཡང་མིན། །མགོ་ལ་ཞྭ་འམ་ཅོད་པན་
เล่ม ๑๖๖ · หน้า 43b
ཐོགས། །ཕྲེང་བའམ་གཙུག་ཏོར་ཅན་ལ་མིན། །གླང་ཆེན་རྟ་དང་ཁྱོགས་ལ་ཞོན། །མཆིལ་ལྷམ་གྱོན་པ་དག་དང་ནི། །གདུགས་འཛིན་པ་དང་དབྱུག་ཐོགས་དང་། །མགོ་བོ་གཡོགས་པ་ལ་སོགས་པས། །གནས་པ་ལ་ནི་མི་རུང་སྟེ། །དགེ་སློང་དག་གིས་ཆོས་བཤད་པ། །ནད་པ་
ལ་ནི་འགལ་བ་མེད། །སྡོམ་བརྩོན་རྐྱེན་མེད་ལངས་ནས་ནི། །བཤང་གཅི་དོར་བའི་བྱ་བ་དག །མི་བྱ་ལུས་ནི་བདེར་གནས་པས། །བྱས་ནས་འགལ་ཚབས་ཅན་དུ་འགྱུར། །གང་ཡང་སྡོམ་ལྡན་དེར་གནས་པས། །ཆུ་འམ་རྩྭ་སྔོན་དག་ལ་ཡང་། །བཤང་གཅི་དང་ནི་སྐྱུགས་པ་དང་། །
མཆིལ་མ་ངར་སྣབས་མི་དོར་རོ། །ཅི་སྟེ་འདོར་བྱེད་དེ་ལ་འདིར། །ཉེས་བྱས་བསྐྱེད་པར་ཐེ་ཚོམ་མེད། །དེ་འདྲའི་རྐྱེན་དག་བྱུང་ན་ནི། །སྡོམ་བརྩོན་ལྟུང་བ་ཡོད་མ་ཡིན། །རྐྱེན་མ་གཏོགས་པར་མི་གང་ལས། །ལྷག་པར་ཤིང་ལ་འཛེག་མི་བྱ། །ཀུན་མཁྱེན་ཡབ་ཀྱིས་བསྟན་པ་ཡི། །སྤྱོད་
པས་རྟག་ཏུ་གནས་པ་སྟེ། །འགྲེང་དང་ཉལ་དང་འདུག་པ་དང་། །འཆག་པ་ལ་ཡང་དེ་བཞིན་ཏེ། །གང་ཕྱིར་བདག་ནི་མཐའ་ཡས་ཡོན་ཏན་འབྱུང་གནས་ཀྱི། །ཡབ་གཅིག་བདེ་གཤེགས་སྲས་ཡིན་དེས་བསྟན་སྤྱོད་ཡུལ་ནི། །ཆོས་ཀུན་རང་བཞིན་དེ་སེམས་ཞི་བྱེད་རྟོགས་པར་ཡང་། །
འདོད་པས་བདག་ཉིད་ཕྱི་རོལ་གཡོ་བ་བཟློག་པར་བྱ། །དེ་ལྟར་དེ་དག་ཐམས་ཅད་དུ། །ཇི་སྐད་གསུངས་པའི་བསླབ་པ་སྤྱད། །འདི་ནི་བསླབ་པར་བྱ་བའི་ཆོས། །མང་པོ་མདོར་བསྡུས་བསྟན་པ་ཡིན། །དེ་རྗེས་བདུན་གྱི་དབང་བྱས་ནས། །ཞི་བྱེད་བསྟན་པ་དེ་འདིར་བརྗོད། །རྩོད་པ་
འཁྲུག་ལོང་རྟག་ཏུ་བརྗོད། །ཞི་བྱེད་དེ་ཡི་རྗེས་ཀྱི་ཆོས། །ཐམས་ཅད་གང་ཟག་ཁྱད་པར་ལས། །ཞི་བྱེད་དེ་ནི་རྣམ་པ་བདུན། །གང་ཞིག་ལུས་ངག་བསྡམས་པ་ཡིས། །གཟུ་བོ་ཡང་དག་སྤྲོ་བྱ་སྟེ། །དགེ་འདུན་མཐའ་དག་དབུས་སུ་དེ། །ཚུལ་བཞིན་ལེགས་པར་འགྲང་བར་བྱ། །འདུན་
དང་ཞེ་སྡང་གཏི་མུག་འཇིགས། །རྣམ་སྤང་ཡང་དག་རྩོད་པ་དག །བྱེད་འདོད་དེ་ལ་སྦེད་པ་དང་། །སྦེད་པ་ཡང་ནི་ཤེས་པའོ། །གཟུ་བོ་རྩོད་པ་མངོན་སུམ་དང་། །གང་ཟག་དེ་ཡང་མངོན་སུམ་བརྗོད། །ཚུལ་བཞིན་དེ་ཆོས་མངོན་སུམ་དང་། །སྟོན་པ་ཡི་ནི་བཀའ་བཞིན་ཏེ། །མངོན་
เล่ม ๑๖๖ · หน้า 44a
སུམ་དུ་ནི་ཞི་བྱེད་འདི། །མངོན་སུམ་འདུལ་བར་བརྗོད་དེ་གཅིག །བློ་དམན་རྣམས་ཀྱིས་དྲན་པའི་ཕྱིར། །འདི་ནི་ཕྱོགས་ཙམ་བསྟན་པ་ཡིན། །གང་ཡང་དགུ་འམ་བཅུ་ཡིས་སམ། །ལྔ་འམ་དེ་ལས་ལྷག་པས་ཀྱང་། །གང་མང་གིས་ནི་རྩོད་པ་དག །ཞི་བྱེད་དེ་ནི་
གང་མང་བརྗོད། །གལ་ཏེ་གཟུ་བོ་གང་མང་དང་། །གང་ལ་མདོ་སྡེ་འདུལ་བ་ཡི། །བསྟན་བཅོས་ཤེས་པའི་གནས་བརྟན་ནམ། །གཞན་གྱིས་ཀྱང་རྩོད་མ་ཞི་ན། །ཚོགས་ལ་དབུལ་ལོ་ཚོགས་ཀྱིས་ཀྱང་། །ཆོས་ལྔ་ལྡན་པས་ཡང་དག་བསྐོ། །སྔར་བཞིན་འདིར་ཡང་ཚུལ་ཤིང་བྲིམ། །
གང་དེས་ཚུལ་ཤིང་བྱ་བ་ནི། །ཆོས་དང་ཆོས་མིན་སྟོན་བྱེད་གཉིས། །ཆོས་ཀྱི་ཚུལ་ཤིང་མཆོད་འོས་ཏེ། །དྲང་པོ་དྲི་ཞིམ་རེག་ན་བདེ། །ཅིག་ཤོས་དེ་ལས་བཟློག་པ་སྟེ། །ཡོན་པོ་དྲི་ངན་རེག་བྱ་རྩུབ། །ཆོས་ཀྱི་ལག་པ་གཡས་སུ་བཅང་། །ཅིག་ཤོས་སྟེང་ནས་བཀག་སྟེའོ། །དགེ་
འདུན་ཡང་ནི་འདུག་པ་ན། །ནན་ཏན་ལྡན་པས་ལན་གསུམ་པར། །ཆོས་ཀྱི་ཚུལ་ཤིང་དང་པོ་སྟེ། །གནས་བརྟན་སྨོས་ནས་རབ་ཏུ་བྲིམ། །གལ་ཏེ་འདིར་ནི་ཆོས་ཀྱི་བརྡ། །དགེ་བ་རྣམས་ནི་མང་གྱུར་ན། །ཚུལ་ཤིང་དེ་ཡིས་ཆོས་ཀྱི་དོན། །རྩོད་པ་དེ་ཡིས་གོ་བར་བྱ། །དེ་ལ་སྐྱོར་
བྱེད་དགེ་སློང་ལ། །སྔར་བཤད་པ་ཡིས་ལྟུང་བར་འགྱུར། །སླར་ཡང་ཅིག་ཤོས་དེ་ལྟ་ནའང་། །དེ་ནི་ཞི་བར་བརྗོད་པར་བྱ། །ཆོས་མིན་ལས་སྐྱོར་དགེ་སློང་ལ། །དེ་ལྟ་ན་ཡང་ཉེས་བྱས་ཏེ། །གང་མང་ཞེས་ནི་གྲགས་པ་ཡི། །འདུལ་བ་འདི་ནི་དཔའ་བོས་གསུངས། །འདི་ནི་
རྩོད་དང་འཁྲུག་ལོང་ལས། །བརྩམས་པའི་འདུལ་བ་གཉིས་པར་གྲགས། །གསུམ་པ་མི་གདམས་རྩོད་ཞི་བྱེད། །འདུལ་བ་རིག་པ་རྣམས་ཀྱིས་གསུངས། །མངོན་སུམ་འདུལ་དང་དེ་བཞིན་དུ། །དྲན་པ་མ་སྨྱོས་པ་ཡིས་འདུལ། །མངོན་སུམ་འདུལ་བ་སྔ་མ་བཞིན། །
སྔ་མ་ཇི་ལྟ་དེ་ལྟར་བརྗོད། །དྲན་འདུལ་ཤེས་པར་བྱ་བ་ནི། །གྱད་བུ་ནོར་ལ་སོགས་པའི་ཚིག །དགེ་སློང་མ་ནི་མཛའ་མོས་སྔོན། །སྟོན་པ་ལ་ཞུས་ཇི་བཞིན་ཏེ། །ཚུལ་འདིས་དགེ་སློང་ཁྱེད་ཅག་གིས། །གྱད་བུ་ནོར་ལ་དྲན་འདུལ་སྦྱིན། །འདི་ལྟར་ཡང་ནི་སྦྱིན་བྱ་སྟེ། །དེས་ནི་
เล่ม ๑๖๖ · หน้า 44b
རྒན་པའི་མཐའ་ལོགས་བརྗོད། །གསོན་ཅིག་དགེ་འདུན་བཙུན་པ་རྣམས། །བདག་ལ་ཚུལ་མིན་སོགས་ཀྱིས་བསྐུར། །དེ་ནི་ཚོགས་ལ་དྲན་པ་ཡིས། །འདུལ་བ་བདག་ལ་གནང་ཞེས་གསོལ། །དེ་ལྟར་ལན་གསུམ་བརྗོད་རྗེས་ལ། །དགེ་སློང་གཅིག་གིས་གསོལ་བྱས་ནས། །ཆོས་
དང་ལྡན་ཞིང་ཆོ་ག་བཞིན། །དྲན་པས་འདུལ་བ་དེ་ལ་སྦྱིན། །མ་སྨྱོས་འདུལ་བ་གསུངས་པ་ནི། །བྱེ་སྐྱེས་བཞིན་དུ་དེ་ཚེ་དག །སེམས་འཁྲུགས་པའམ་སྨྱོས་པའམ། །བློ་ནི་ཚོར་བས་གཟིར་བ་སྟེ། །དེས་ན་སྡོམ་བརྩོན་རྣམས་ཀྱིས་བདག །དམན་ཕྱིར་ཡང་དང་ཡང་དུ་བསྐུལ། །
མ་མྱོས་འདུལ་བ་དགེ་འདུན་ལ། །གསན་དུ་གསོལ་ཞེས་ལན་གསུམ་བརྗོད། །མ་མྱོས་འདུལ་བ་འདི་ལ་ཡང་། །གསོལ་བ་སྔོན་བརྗོད་ལས་ཀྱིས་སྦྱིན། །དེ་ལྟར་ཚུལ་དེས་རྩོད་ཞི་བ། །མ་མྱོས་པ་ཡི་འདུལ་བས་སོ། །ལྟུང་ཕྱིར་རྩོད་པ་དག་ལ་ཡང་། །འདུལ་བ་བཞི་
ཡིས་མྱུར་དུ་ཞི། །ཡང་དག་ཁས་བླངས་མངོན་སུམ་དང་། །རྩྭ་བཀྲམ་དེ་ཉིད་ཚོལ་ལ་ནི། །ལྟུང་བར་བཅས་པ་གླེངས་པའམ། །མ་གླེངས་ན་ཡང་དགེ་སློང་གིས། །དགེ་སློང་མདུན་ན་ཙོག་པུ་ཡིས། །འདུག་སྟེ་ཐལ་སྦྱར་ཕྱག་བྱས་ནས། །བརྗོད་དེ་དགོངས་ཤིག་ཁྱོད་ཀྱི་མདུན། །
ལྟུང་བ་བཤགས་བརྗོད་དེས་ཀྱང་དེར། །མཐོང་ངམ་ཞེས་དྲི་མཐོང་ལན་སྨྲ། །ཕྱིན་ཅི་མ་ལོག་དེ་ཡི་ཚིག །ཕྱིན་ཆད་ལྟུང་ལ་དགའ་མིན་དྲི། །དགའ་བར་མི་བྱེད་ཅེས་ཚིག་བརྗོད། །ཐབས་ཡིན་ཞེས་ཀྱང་ངེས་བརྗོད་དེ། །ཁས་བླངས་རྩོད་དེ་ཞི་བའོ། །ཕས་ཕམ་ལ་སོགས་
ཚོགས་མཆོག་ལ། །ཁས་བླངས་འདུལ་བ་གསོལ་བ་ན། །དེ་ལྟར་རྩོད་དེ་ཞི་དོན་དུ། །ཁས་བླངས་ཉིད་དུ་མཁས་པས་བརྗོད། །འདི་ལྟར་ཡངས་པ་ཅན་དུ་སྔོན། །དགེ་སློང་ནག་པོས་ཆོས་གོས་དག །ཁྱེར་སོང་དགེ་སློང་ཡངས་ཅན་རྣམས། །མཉན་ཡོད་འོངས་པ་ལས་གྱུར་
ཏེ། །མངོན་སུམ་རྩོད་པས་འགྲོ་བ་ལ། །མངོན་སུམ་འདུལ་བ་ཡང་དག་བསྟན། །མངོན་སུམ་འདུལ་བའི་དེ་ཉིད་འདི། །སླར་ཡང་རབ་བཤད་བཟླས་པས་སོ། །ཕན་ཚུན་རྩོད་པས་འགྲེལ་པ་ལ། །རྩྭ་བཀྲམ་ལྟ་བུར་རབ་ཏུ་གསུངས། །གནས་བརྟན་གཞན་ཞིག་སོང་ནའང་
เล่ม ๑๖๖ · หน้า 45a
དེར། །འདི་ལྟར་ཡང་དག་རྗེས་བསྟན་བྱ། །ཁྱེད་ཅག་རྩོད་ལ་མངོན་དགའ་ཞིང་། །སླར་ལྡོག་བྱེད་པའང་དཀའ་བར་གནས། །ཁྱོད་འདིར་ལེགས་པ་རྙེད་མིན་ཏེ། །འདི་འདྲ་དགེ་སློང་ཡིན་ནམ་ཅི། །གཞན་ཡང་ཁྱེད་དང་བདག་ཅག་ལ། །ངེས་པར་ལྟུང་བ་གང་བྱུང་
བ། །སྦོམ་པོའམ་མཐར་ཐུག་སྤངས་ནས་ནི། །དེ་ནི་ཉེར་ཞི་སྤྲོ་བས་གནས། །དེ་ལ་དེས་སྨྲས་མི་ཉན་པའང་། །མིན་ན་དེ་ཚེ་རང་བཞིན་གནས། །ཅིག་ཤོས་ཀྱི་ནི་ཕྱོགས་ལ་ཡང་། །དེ་ནི་སྔར་བཞིན་བརྗོད་པར་བྱ། །དེ་ཡང་གལ་ཏེ་མ་ཞི་བའི། །སེམས་ལྡན་དེ་ཚིག་ཉན་མིན་ན། །
རྩོད་དེ་ཉེ་བར་ཞི་བ་ནི། །རྩྭ་བཀྲམ་ཚུལ་གང་ཉིད་ཀྱིས་སོ། །ལྟུང་བ་ཁས་བླངས་པ་ལ་ཡང་། །སླར་ཡང་ལོག་པར་ཤེས་པ་ཡིས། །ཚོགས་ནང་དེ་སླར་ཁས་མི་ལེན། །དགེ་སློང་མེ་བཞི་ཇི་བཞིན་དུ། །འདིར་ཡང་དེ་ཡི་ངོ་བོ་ཉིད། །ཚོལ་བས་དེ་འདུལ་དགེ་སློང་ལ། །སྦྱིན་ཞེས་
གཞན་ལ་ཕན་བྱེད་པའི། །འགྲོ་བ་རྣམས་ཀྱི་རྩ་ལག་གསུངས། །དེས་ཀྱང་དེ་ལྟར་རྒན་པ་ཡི། །མཐར་ནི་ཀུན་ལ་གསོལ་བར་བྱ། །དེ་ལ་དེ་བཞིན་ཚོགས་ཀྱིས་ཀྱང་། །ཆོ་ག་ཐམས་ཅད་སྔ་མ་བཞིན། །བྱ་ཕྱིར་རྩོད་ལ་དགེ་སློང་གི། །ཚོགས་ཀྱིས་ཀུན་གྱི་ཞི་བ་ཐོབ། །མི་
མཐུན་བྱེད་མིན་ཁ་ཅིག་ལ། །ཞི་བྱེད་དེ་འདིར་ཤེས་པར་བྱ། །འདི་ནི་སོ་སོར་ཐར་པ་ཡི། །མདོ་དོན་མདོར་བསྡུས་ཙམ་ཞིག་སྟེ། །གཞི་ལ་སོགས་པར་གང་གསུངས་པ། །དེ་ཡང་ཅི་ནུས་བརྗོད་པར་བྱ། །རིགས་ངན་རེག་འོས་མ་ཡིན་དང་། །ཆང་འཚོང་ཁྱིམ་དང་རྒྱལ་པོའི་ཁབ། །
སྨད་འཚོང་ཁྱིམ་དུ་བརྗོད་པ་སྟེ། །ལྔ་པོ་དགེ་སློང་སྤྱོད་ཡུལ་མིན། །གྲངས་ཅན་ལ་སོགས་བརྫུན་པ་ཡི། །བསྟན་བཅོས་རྒྱུན་དུ་བདེན་པའི་བློས། །ཀློག་པར་བྱེད་ན་དེ་དག་ལ། །བསོད་སྙོམས་དུག་ཏུ་འགྱུར་བ་ཡིན། །མི་བཟད་ངན་སོང་ནད་ཀྱི་སྨན། །བདེར་གཤེགས་བསྟན་
བཅོས་ཤེས་ནས་ནི། །སུན་དབྱུང་ཆེད་དུ་གཞན་དག་གི །བསྟན་བཅོས་ཀྱང་ནི་བལྟ་བར་བྱ། །གང་ཕྱིར་ཀུན་མཁྱེན་དག་པའི་བཀའ། །སྦྲང་རྩིའི་ཚོགས་ཆེན་ཡོད་བཞིན་དུ། །སུ་ཞིག་མུ་སྟེགས་ཀྱིས་བསྟན་པའི། །ནིམ་པ་ཚ་བའི་རོ་མྱོང་བྱེད། །ཁྲིའུ་རྐང་པ་རི་མོ་ཅན། །མུ་
เล่ม ๑๖๖ · หน้า 45b
སྟེགས་རྒྱལ་མཚན་ཉིད་ཀྱང་སྟེ། །སྣོད་ཀྱང་ཧ་ཅང་མང་བ་དང་། །སྣ་ཚོགས་བཀྲ་བ་སྤང་བར་བྱ། །སྐྱོབ་པས་ན་དང་རྒན་པོ་ལ། །བཞོན་པ་ཐམས་ཅད་རྗེས་གནང་མཛད། །ཆད་པའི་ལས་ཀྱི་དུས་དག་ལ། །གསང་བའི་གནས་ནི་བཀྲི་བ་ཡང་། །ཁུར་གྱི་རིམ་པས་འགྲོ་བ་དང་། །
དབྱིག་པ་དང་ནི་དྲ་བ་སོགས། །བསམ་གཏན་ཀློག་དང་ལྡན་རྣམས་ལ། །བཅས་པ་གུས་པས་སྔོན་འགྲོ་བྱ། །མིག་སྨན་མཆུ་ཡི་བྱི་དོར་དང་། །དེ་བཞིན་ཆོས་གོས་དྲི་ཞིམ་དགོད། །སེན་མོ་འཆོས་དང་མགོ་བོའི་ཁྲུས། །གདུགས་དང་མཆིལ་ལྷམ་ཁྲ་བོ་བཀག །ལོ་མ་འམ་
ནི་སྨྱིག་མ་ཉིད། །འདི་ཉིད་སྡོམ་བརྩོན་དག་གིས་གདུགས། །རྟག་ཏུ་གྲོང་གི་དབུས་སུ་ནི། །དེ་ཡི་ཡུ་བ་བསྒྲེང་མི་བྱ། །ཡུ་བ་གདུགས་ཀྱི་ཚད་ཉིད་དེ། །ནམ་ཡང་དེ་ལས་རིང་དུ་མིན། །ཁ་གདང་ཚེ་ནི་ནམ་དུ་ཡང་། །རང་གི་ལག་ལ་སོགས་པས་དགབ། །སྡོམ་བརྩོན་སོ་ཡི་
རུས་པ་ནི། །བསྟན་ཏེ་བགད་པར་མི་བྱའོ། །སྒྲ་དབྱངས་ཆུང་ངུས་སྟོན་པ་ཡི། །ཡོན་ཏན་བརྗོད་བྱ་དམ་ཆོས་ཀྱི། །དབྱངས་ནི་མངོན་པར་མི་ཤེས་ན། །དབེན་པར་སློབ་པ་བཀག་པ་མེད། །སྟོན་པའི་དམ་ཆོས་མཛེས་ཕྱིར་ཏེ། །ཉོན་མོངས་བཅས་པའི་སེམས་ཀྱིས་མིན། །དགེ་སློང་
དགེ་སློང་མ་ལ་སོགས། །རྣམ་པ་ལྔ་ལ་སྟོན་པ་ཡིས། །དབྱར་གནས་པ་དང་དབྱར་གྱི་མཐར། །དགག་དབྱེ་བྱ་བར་རྗེས་སུ་གནང་། །བསླབ་པ་མཐའ་དག་བླངས་པ་གང་། །དགེ་སློང་དགེ་སློང་མར་ཤེས་ཏེ། །བཅུ་ཡི་གནས་ལ་དགེ་ཚུལ་ཉིད། །དགེ་ཚུལ་མ་ཡང་དེ་བཞིན་ནོ། །གཅིག་
པུ་ལམ་དུ་མི་འགྲོ་ཞིང་། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་མི་རེག་ཅིང་། །དེ་དང་ལྷན་ཅིག་འདུག་མི་བྱ། །ཁ་ན་མ་ཐོ་མི་བཅབ་ཅིང་། །སྨྱན་དུ་འགྱུར་བ་མི་བྱ་སྟེ། །འདི་དག་དགེ་སློང་མ་རྣམས་ཀྱི། །ཆོས་དྲུག་ཅེས་ནི་ཡོངས་སུ་བསྒྲགས། །ས་ལེ་སྦྲམ་ནི་ལེན་པ་དང་། །
གསང་བའི་གནས་ཀྱི་སྤུ་འདྲེག་དང་། །ས་རྣམས་བརྐོ་བར་བྱེད་པ་དང་། །རྩྭ་སྔོན་ལ་སོགས་གཅོད་པ་དང་། །བྱིན་ལེན་མ་བྱས་ཟས་ལེན་དང་། །གསོག་འཇོག་བྱས་པ་ཟ་བ་ལས། །ལྡོག་པ་ཞེས་བྱ་དེ་བཞིན་གཞན། །རྗེས་མཐུན་ཆོས་ནི་དྲུག་ཏུ་འདོད། །གསུང་རབ་ལས་ནི་
เล่ม ๑๖๖ · หน้า 46a
གསུངས་པ་ཡི། །དགེ་ཆོས་བཅུ་གཉིས་ལྡན་པ་ཡིས། །འཇིག་རྟེན་མགོན་པོའི་བསྟན་པ་ལ། །དགེ་སློབ་མ་ཡི་མིང་ཅན་ཡིན། །དགེ་འདུན་དག་གི་རྒན་རབས་ཀྱིས། །འབད་པས་ཚེས་གྲངས་དྲན་པར་བྱ། །གཙུག་ལག་ཁང་སྐྱོང་དག་གིས་ཀྱང་། །ཉིན་རེ་ཚོགས་
ཀྱི་ཐད་དུ་བརྗོད། །དུས་རྣམས་ཡང་དག་འཕོ་བ་ན། །ཟླ་ཕྱེད་གསུམ་གསུམ་རྗེས་ལ་ཆད། །ལོ་ལ་ཞག་རེས་མ་ཚང་བའི། །ཟླ་བ་དྲུག་ཏུ་བསྟན་པ་ཡིན། །ལོ་དང་ཟླ་བ་ཟླ་ཤོལ་དག །རྒྱལ་པོའི་བཀའ་ཡིས་ཀྱང་ནི་བསྔགས། །བཀའ་བཙན་གྲགས་ལྡན་ཤེས་རབ་ཅན། །དཔུང་
ལྡན་དེ་ཡི་རྗེས་འབྲང་བྱ། །སྣོད་དང་ལག་པ་ལེགས་བཀྲུས་ནས། །བརྟུལ་ཞུགས་ཅན་གྱིས་བྱུག་རིས་བྱ། །ཅི་ནས་ཉི་མའི་དཀྱིལ་འཁོར་དང་། །མཆོད་རྟེན་ལྟ་བུར་མི་བྱའོ། །སྡོམ་བརྩོན་ལམ་དུ་འགྲོ་བའི་ཚེ། །གང་དུ་ལྷ་ཡི་གཟུགས་དག་མཐོང་། །དེ་བཞིན་གཤེགས་པའི་
ཚིགས་བཅད་ནི། །གུས་པས་སེ་གོལ་གཏོགས་ཏེ་བརྗོད། །དེ་དག་ཕན་དང་གནོད་པ་ཅན། །རྒྱལ་བས་ཉེས་བྱས་དག་ཏུ་བཅས། །དེས་ན་བསླབ་པ་རྗེས་བསྲུང་བས། །རྟག་ཏུ་དྲན་པར་བྱ་བ་ཡིན། །ལྷ་ཡི་གཟུགས་ནི་བྱ་བ་སྟེ། །དེ་ཡི་མཆོད་པ་རང་ཉིད་ཀྱིས། །བསླབ་པ་ཡང་
དག་ཐོབ་པའམ། །སྡོམ་གནས་དགེ་སློང་གཞན་གྱིས་སོ། །དགོས་གྲུབ་ཆེད་དུ་གཟུགས་དེ་ལ། །གཏོར་མ་མེ་ཏོག་ལ་སོགས་སྦྱིན། །ལྷ་རྣམས་རང་གི་གནས་སུ་ནི། །མི་མཐུན་པ་དག་མི་སྟོན་ཕྱིར། །འདུས་པ་ཆེན་པོའི་མདོ་ཞེས་པར། །ལྷ་རྣམས་ཀྱིས་ནི་རྗེས་བསྔགས་
པས། །སངས་རྒྱས་འཁོར་དུ་གཏོགས་པ་ལ། །ཅི་ནས་གནོད་པ་མི་བྱེད་གསུངས། །མགོན་པོས་སེམས་ཅན་ཐམས་ཅད་ལ། །ཀུན་དུ་བྱམས་པ་རབ་བསྔགས་ཏེ། །གང་ལ་ས་བོན་དེ་ཡོད་ན། །སྲེད་པ་ལས་བྱུང་སྡུག་བསྔལ་མེད། །གང་ཞིག་ལྷ་ནི་གང་དག་ལ། །གུས་པས་
མཆོད་བྱེད་དེ་ལ་འདིར། །འཇིག་རྟེན་གནས་པ་གང་ཡིན་དུ། །སྲིད་པའི་ལོངས་སྤྱོད་འདོད་ཐོབ་བྱེད། །གང་ཞིག་སངས་རྒྱས་སྐྱབས་སོང་ནས། །རྣམ་པ་གཞན་གྱིས་གཞན་བསྟེན་ན། །གསལ་པོར་སེམས་ནི་གཡོ་བ་ཅན། །དེ་བརྟེན་འབྲས་བུ་ག་ལ་ཡོད། །ཡུལ་འཁོར་དག་གི་
เล่ม ๑๖๖ · หน้า 46b
བསོད་སྙོམས་ཀྱང་། །འབར་བའི་མེ་མདག་ལྟ་བུར་སྤྱོད། །ངུར་སྨྲིག་ཆ་ལུགས་ཙམ་གྱིས་ནི། །དགེ་སློང་རྟགས་སུན་འབྱིན་པ་ཡིན། །བློ་ངན་དྲན་པའི་དོན་དུ་ནི། །འདུལ་བ་ལ་སོགས་བྲི་བྱ་སྟེ། །རང་མིང་བདག་གི་བ་དག་ནི། །དགག་ཕྱིར་སྦྱིན་པའི་ཆོས་ཞེས་བྲི། །མ་
དད་པའམ་དད་ཆུང་དག །ཚུལ་ཁྲིམས་ཅན་གྱི་བསྲོ་ཁང་དང་། །ལུས་ཀྱི་དྲིལ་ཕྱི་བསྐུ་མཉེ་ཡི། །ལས་དག་ལ་ནི་རབ་ཏུ་བཀག །ཁྲིམས་ལྡན་གྱིས་ནི་ཁྲིམས་འཆལ་ལ། །བསྙེན་བཀུར་ཕྱག་སོགས་མི་བྱའོ། །འདི་ནི་ཉེ་གནས་སྐལ་མེད་དོ། །འདི་ཉིད་བསྟན་པའི་ཚེར་མ་ཡིན། །
མཁན་པོ་དང་ནི་སློབ་དཔོན་དང་། །ཕ་མ་དེ་བཞིན་ནད་པ་དག །ཚུལ་ཁྲིམས་ཉམས་ཀྱང་བསྙེན་བཀུར་བྱ། །དེ་ལ་མེད་ན་ཉེ་གནས་ཀྱང་། །བསོད་སྙོམས་དངོས་པོ་ཕྱེད་དག་ཀྱང་། །སྡོམ་ལྡན་རྣམས་ཀྱིས་ཕ་མ་བགོ །དེ་དག་དཀའ་བ་བྱེད་པའོ། །རྟག་ཏུ་ཕན་འདོགས་ཀྱང་ཡིན་
ཕྱིར། །ཡོངས་སུ་སྤྱད་བྱ་འདི་དག་ནི། །སུས་ཀྱང་ཀུན་དུ་བཟློག་མི་བྱ། །རྐང་པའི་མཐིལ་གྱི་བསྐུ་མཉེ་དང་། །ཁྲུས་དང་དྲིལ་ཕྱི་སོགས་ཀྱང་ངོ་། །གལ་ཏེ་དེ་ལ་གཡན་པའི་ནད། །བྱུང་ན་ལོང་བུ་མན་ཆད་དུ། །འདྲུད་དང་སྐུད་དང་རྐང་པ་དག །བཀྲི་བ་ལ་སོགས་པ་ཡང་ངོ་། །
མཆོད་ཕྱིར་ཐོགས་པའི་སེ་རལ་ཁ། །རྐང་གདུབ་དག་ཀྱང་མི་གདགས་ཏེ། །རིམས་ལ་སོགས་པ་ཞི་བྱའི་ཕྱིར། །སྐུད་པ་དཔུང་པ་གཡོན་པར་རུང་། །དེ་ནི་ནད་དང་བྲལ་བ་ན། །རྩིག་པ་ལ་སོགས་ཁུང་བུར་གཞུག །ངེས་པར་སྨན་པའི་མན་ངག་གིས། །ཙནྡན་ལ་སོགས་བྱུག་
པར་བྱ། །མ་དད་རིགས་ཅན་སྐྱེ་བོ་དང་། །ཅི་ནས་དད་སྤོང་མི་འགྱུར་བར། །ཙནྡན་ལ་སོགས་བྱུགས་ནས་ནི། །དབེན་པར་འདུག་གིས་ཕྱི་རོལ་མིན། །གལ་ཏེ་ཁ་ཅིག་ནན་ཏན་གྱིས། །དྲིས་བྱུག་བསོད་ནམས་འདོད་པ་ན། །རྩིག་ངོས་མཎྜལ་བྱས་ནས་ནི། །དེ་ཡིས་མཐོང་བ་གསལ་ཕྱིར་མནམ། །ནམ་ཡང་དྲི་ནི་རྐང་པར་
མིན། །གལ་ཏེ་དད་པ་ཅན་དག་གིས། །ཁས་བླངས་རྗེས་ཐོགས་དེ་ཡི་ཚེ། །ཆུ་མང་པོ་ཡིས་བཀྲུ་བར་བྱ། །མེ་ཏོག་མཛེས་ཤིང་དྲི་ཞིམ་དག །རྙེད་དེ་སྣོམ་པར་འདོད་པ་ན། །མིག་གི་ཆེད་དུ་རྣམ་བསམས་ནས། །བསྣམ་གྱིས་འདོད་ཆགས་བློས་མ་ཡིན། །གང་སུ་ལ་ཡང་མཚོན་ཆ་དག །
เล่ม ๑๖๖ · หน้า 47a
མ་དད་སེམས་ཀྱིས་སྦྱིན་མི་བྱ། །སྨན་རྣམས་སྦ་ཕྱིར་ལྕགས་དག་ལས། །བྱས་པའི་སྒོ་ལྕགས་བཅང་བར་བྱ། །ཟངས་ལྕགས་ར་གན་ས་དང་ནི། །ཤིང་ངམ་ཞ་ཉེ་རྡོ་ལས་བྱས། །རྒྱ་དག་ཐུབ་པས་གང་ཟག་དང་། །ཚོགས་ལ་ཡང་ནི་རྗེས་སུ་གནང་། །
གང་ཟག་ལ་ནི་ཐོད་པ་དང་། །ཡན་ལག་དྲུག་གི་རུས་པས་མཚན། །དགེ་འདུན་དག་ལ་ཀུན་རྫོབ་པའི། །ཆོས་ཀྱི་འཁོར་ལོས་རྣམ་པར་མཛེས། །གསལ་མཐོང་རུང་བ་མི་བཅང་སྟེ། །ལྷན་ཅིག་སྤྱོད་པའི་ཚུལ་ངན་བཀག །སྦྱིན་བདག་དད་པ་སྤེལ་བའི་ཕྱིར། །བཅོས་པ་ཉིད་དོ་
ཚོགས་ཀྱི་ཡང་། །མེ་ལོང་ངམ་ནི་ཆུ་སོགས་ལ། །རང་གི་བཞིན་ནི་བལྟ་མི་བྱ། །ལུས་ཀྱི་ན་ཚོད་མཚན་མའམ། །རྨ་དག་ལྟ་ཕྱིར་ཉེས་པ་མེད། །རང་གི་ལུས་སྐྱེས་མི་དགུག་ཅིང་། །རྡོ་ལ་སོགས་པས་མི་གཞོམ་མོ། །འདོད་ཆགས་མེ་ནི་འཕེལ་བ་ན། །མི་སྡུག་ཆུ་
ཡིས་ཞི་བར་བྱ། །གླང་ཆེན་རྨིག་རྗེས་ལྟ་བུ་ཡི། །ས་ཡི་རང་བཞིན་རྐང་ཁྲུས་སྣོད། །འོད་མ་ཏ་ལའི་ལོ་མ་ཡི། །བསིལ་ཡབ་ཀྱང་ནི་རྣམ་པ་གཉིས། །ལོ་མ་ཡལ་འདབ་རས་མ་དག །ཤ་ན་ཐ་ན་བལ་གྱི་སྟེ། །སྦྲང་མ་ལ་སོགས་ཟློག་བྱེད་པ། །རྣམ་པ་ལྔ་ནི་རབ་ཏུ་གནང་། །
ཤིང་ངམ་སྐས་ལ་འཛེག་པ་ན། །ཤམ་ཐབས་མཐའ་སྣ་བཅིང་བར་བྱ། །ལྕི་བའི་ཁུར་ནི་དགེ་སློང་གིས། །ཕལ་པ་བཞིན་དུ་བསྐུར་མི་བྱ། །སོ་མངས་སོགས་ཀྱི་ཡན་ལག་མཆོག །བཤད་པར་བྱ་བ་མ་ཡིན་ནོ། །མགོ་སྐྱེས་ལག་པ་དག་གིས་ཀྱང་། །གྱེན་དུ་བརྫེ་བར་མི་བྱའོ། །
སྐྲ་ལ་རྡུལ་གྱིས་གོས་པ་ན། །ལག་པའམ་ནི་གོས་ཀྱིས་ཀྱང་། །མགོ་བོ་ཡོངས་སུ་སྤྲུག་ཕྱི་བ། །བརྟུལ་ཞུགས་ལྡན་ལ་ཉེས་པ་མེད། །སྐད་གསང་ཧ་ཅང་ཆེ་ཆུང་གིས། །ཐུབ་པའི་བཀའ་ནི་མི་བརྗོད་དེ། །བརྗོད་བྱ་དང་ནི་མི་འགལ་བར། །ཡུལ་སྐད་དུས་དང་རྗེས་མཐུན་བྱ། །གཙུག་
ལག་ཁང་གི་སྟེང་ངོས་ཀྱི། །བྱང་དང་ནུབ་ཀྱི་ཕྱོགས་ཆ་རུ། །བཤང་གཅི་བྱ་བའི་ཁང་པ་དག །བྱ་བ་ཡིན་ཏེ་ཕལ་ཆེར་རོ། །གཙུག་ལག་ཁང་གི་ནང་གི་ངོས། །ལྷོ་དང་ཤར་གྱི་མཚམས་སུ་ནི། །ཆུ་ཡི་སྣོད་དུ་ནུས་ཇི་བཞིན། །ཆུ་དོན་གཉེར་བ་རྣམས་ལ་སྦྱིན། །དགེ་སློང་དམ་ནི་
เล่ม ๑๖๖ · หน้า 47b
ཁྱིམ་པ་ཡང་། །རྒན་པོ་སྦྲིད་པ་བྱུང་བ་ལ། །ཚེ་རིང་གྱུར་ཅིག་ཅེས་བརྗོད་དེ། །དེ་དག་ཚེ་རིང་འདོད་ཕྱིར་རོ། །གསར་བུ་ལ་ནི་རྒན་པོ་ཡིས། །ཨ་རོག་གྱ་ཞེས་བརྗོད་བྱ་སྟེ། །གསར་བུ་ཡིས་ཀྱང་རྒན་པོ་ལ། །ལུས་ཀྱིས་ཕྱག་ནི་བྱ་བ་ཡིན། །ཕྱག་མི་བྱ་དང་མི་བླང་དུས། །བརྟུལ་ལྡན་
ཟས་ལ་འཁོད་པ་དང་། །འོག་གི་ལམ་ནི་མི་གཙང་དང་། །གོས་གཅིག་གིས་ནི་འདུག་པ་དང་། །མ་མིད་ན་ཡང་གང་ཞིག་གིས། །ཁ་ནི་ཟས་ཀྱིས་བཀང་པ་ལ། །ཕྱག་མི་བྱ་ཞིང་དེས་ཀྱང་ནི། །གཞན་ལ་ཕྱག་ནི་མི་བྱའོ། །གཞན་ཡང་ཕྱག་བྱའི་ཡུལ་མིན་ཡང་། །སྤོ་མགུ་
སྤྱོད་པ་ལ་སོགས་ཡིན། །སངས་རྒྱས་དང་ནི་སྡོམ་པས་རྒན། །རྟག་ཏུ་དགེ་སློང་ཕྱག་བྱ་གཉིས། །བསྟན་ལ་དམ་པར་བྱ་བ་ཡི། །དགེ་སློང་ཕྱག་ནི་རྣམ་པ་གཉིས། །གཅིག་ནི་དཀྱིལ་འཁོར་ལྔ་པ་སྟེ། །གཞན་གྱི་སྒྱིད་པ་ནས་འཁྱུད་ཡིན། །སྐྲ་ཡི་རང་བཞིན་སྲད་བུ་ཡིས། །ལག་
འགྲོ་གཟུང་བར་མི་བྱ་སྟེ། །ཞི་བས་རང་བཞིན་མི་འགྲོ་ན། །དེ་ནི་བསྐྲད་པའི་སྦྱོར་བ་བྱ།། །།བམ་པོ་ལྔ་པ། །ཐ་གུ་ཤིན་ཏུ་འཇམ་པོ་ཡིས། །མགུལ་པར་བཅིངས་ཏེ་ལེགས་པར་དོར། །གཡང་ས་མ་ཡིན་ས་ཕྱོགས་ནི། །འགྲོ་བ་འཚེ་བ་མེད་པར་རོ། །དེ་བཞིན་
གཞན་ལ་གནོད་མེད་པར། །བྱི་བ་ལ་སོགས་སྐྱེ་འགྲོ་རྣམས། །དལ་གྱིས་བག་ཡོད་རབ་བཟུང་ནས། །འབད་པས་ཅི་བདེར་དོར་བར་བྱ། །བསླབ་པ་རྗེས་བསྲུངས་བརྩེ་ལྡན་གྱིས། །ཤིག་རྣམས་དལ་གྱིས་བཟུང་ནས་ནི། །བསྡུས་ནས་རྩིག་པ་ལ་སོགས་པའི། །བུ་གར་སྙིང་རྗེ་ཅན་
གྱིས་གཞུག །རྩྭ་སྔོན་སྟུག་པོའི་ས་ཕྱོགས་སུ། །རྩ་ཤིག་དག་ཀྱང་དོར་བར་བྱ། །ལྷག་མ་གཞན་ཡང་མ་སྣད་པར། །རང་གི་སྤྱོད་ཡུལ་དག་ཏུ་དོར། །ཆེ་བ་ཕུལ་ཆད་ཆུང་ངུ་ཕྱེད། །འབྲིང་པོ་དེ་དག་བར་མ་སྟེ། །འབྲུ་མར་སྣོད་དུ་ཉེར་བསྟན་པ། །རྣམ་གསུམ་དེ་ལས་གང་འདོད་ཅིང་། །
ལམ་འགྲོ་ཆོས་ཀྱི་གཏམ་ཉིད་དམ། །མི་སྨྲ་བ་ཡིས་འགྲོ་བར་བྱ། །ངལ་བསོའི་ཚེ་ན་ཚིགས་བཅད་འདོན། །མཚན་མོའི་གནས་ཚེ་རྒྱུད་གསུམ་པའོ། །ཁྲུ་ནི་བརྒྱ་དང་ལྔ་བཅུ་བརྒྱད། །ཆེ་དང་ཆུང་དང་བར་མ་སྟེ། །རྣམ་གསུམ་བས་མཐར་ཤེས་བྱ་ཞིང་། །གང་ལ་ཇི་ལྟར་རིགས་པས་
เล่ม ๑๖๖ · หน้า 48a
ཀྱང་། །ཆུ་རབ་ཆེ་བའི་ས་ཕྱོགས་སམ། །ཆུ་ཡིས་ཁྱབ་པར་ཡང་ནི་རུང་། །རྗེས་མཐུན་ཉིད་ཀྱིས་ཁྱེར་བྱའམ། །མི་ཁྱེར་བ་ནི་གོ་རིམས་བཞིན། །གལ་ཏེ་སྡོམ་བརྩོན་དགེ་སློང་མ། །རྣམས་ལ་འདུལ་བ་སྟོན་པ་ན། །ཡོལ་བས་བར་དུ་གཅད་བྱ་སྟེ། །གཞན་དུ་
འགལ་ཚབས་ཅན་དུ་འགྱུར། །གལ་ཏེ་རྐུན་མས་བོར་ནས་ནི། །ཡོངས་སུ་མ་བཟུང་རྙེད་ལྟ་ན། །སྐྱེ་བོས་གོ་བྱས་ཁྱེར་བ་ལ། །ནམ་ཡང་འགལ་བ་ཡོད་མ་ཡིན། །ཀུན་དགའ་ར་བ་བྱེད་འདོད་པས། །གལ་ཏེ་དགེ་སློང་ལྗོན་ཤིང་བཙུགས། །དེ་ཡིས་ལོ་ལྔའི་བར་དག་ཏུ། །གནས་དེ་
མངོན་པར་བལྟ་བར་བྱ། །དགེ་སློང་གིས་ནི་ལྷུང་བཟེད་སོགས། །རྩོད་དང་མནའ་ནི་དོར་མི་རིགས། །ཁྱིམ་པ་རྣམས་ནི་ཤོ་བེ་ཅན། །ཚུལ་ལྡན་ཆོ་ལོང་ཇི་ལྟར་རུང་། །གང་དུ་སྡོམ་བརྩོན་བུད་མེད་དམ། །དེས་ཀྱང་སྡོམ་ལྡན་མཐོང་བ་ཡིས། །ཆགས་སྐྱེས་གྱུར་ན་དེས་དེ་ཡིས། །
སྤྱོད་ཡུལ་དེ་ནི་མྱུར་དུ་སྤང་། །དགེ་སློང་མ་ནི་ཉེར་འོངས་ན། །བླ་མ་ལྟ་བར་འདོད་གྱུར་ཅིང་། །དམ་ཆོས་མཉན་པར་ཤེས་པ་ན། །འདིར་ལེགས་འདུག་ཅེས་བརྗོད་བྱ་སྟེ། །སོ་ཕག་ཤིང་སྟན་ཕྱེད་ཚལ་ལམ། །གོར་བུ་དག་གམ་སྲབ་མོ་ཡིས། །སྟན་རུང་གཞན་དག་དགེ་སློང་གི། །མདུན་དུ་
དགེ་སློང་མ་ཡིས་མིན། །དགེ་སློང་རྣམས་ཀྱི་མལ་སྟན་གྱི། །ལྷག་མ་དགེ་སློང་མ་ལ་གནང་། །དམན་པ་འམ་ནི་འབྲིང་པོ་སྟེ། །བཟང་པོ་ནམ་ཡང་མ་ཡིན་ནོ། །དགེ་སློང་དགེ་སློང་མ་རྣམས་ཀྱང་། །ཕན་ཚུན་ལྟུང་བ་བཤགས་པ་རྣམས། །ཕན་ཚུན་དུ་ནི་རང་གི་སྐྱོན། །གང་ཕྱིར་
སྒྲོགས་པར་མ་ནུས་ན། །ལྟུང་བའི་ཐེ་ཚོམ་ཚུལ་འདི་ལ། །དགེ་སློང་མས་ནི་གོ་བྱའི་ཕྱིར། །དྲིའོ་བླ་མའི་འདུ་ཤེས་ཀྱིས། །དགེ་སློང་ལ་ནི་ཕྱོགས་གཞན་དུའོ། །གང་ཚེ་དགེ་སློང་མ་གང་ཞེས། །དགེ་སློང་གནས་སུ་འཇུག་ཚེ་དྲི། །ནད་དང་བཅས་པ་མ་ཡིན་ན། །ཤོག་ཅེས་དེས་ཀྱང་
བརྗོད་པར་བྱ། །མདོ་སྡེ་ཆོས་མངོན་འདུལ་བ་དང་། །རྒྱུ་སྐར་དང་ནི་ཉིན་ཞག་ཤེས། །དགོན་པའི་ཕན་ཡོན་འདོད་པ་རྣམས། །གྲོང་ནས་རྒྱང་གྲགས་གནས་པར་བྱ། །ནགས་ཁྲོད་དབེན་པར་འདུག་པ་ལ། །ངེས་པར་ཆོམ་རྐུན་དགའ་སྐྱེད་ཕྱིར། །འབྲུ་མར་ལ་སོགས་ཉེར་མཁོའི་སྣོད། །
เล่ม ๑๖๖ · หน้า 48b
མཁས་པས་ཉེ་བར་གཞག་པར་བྱ། །ཚུལ་ལྡན་སྔར་ནི་བཟོ་ཤེས་ཀྱིས། །རང་གི་བཟོ་ཆ་སྤང་བར་བྱ། །སྔོན་ནི་སྨན་པ་འབྲེག་མཁན་ན། །འཆང་བར་བྱེད་ལ་བཀག་པ་མེད། །འཕངས་པའི་ཚེ་ཡང་དགེ་སློང་གིས། །བརྩོན་ལ་དགའ་བ་དོར་མི་བྱ། །རབ་བྱུང་བརྩོན་འགྲུས་ངོ་བོ་ཉིད། །
དེ་སྤངས་འགལ་ཚབས་ཅན་དུ་འགྱུར། །བརྩོན་འགྲུས་ཅན་ཡང་སྤྱོད་བཅས་གང་། །ཡང་དག་རྗེས་སུ་བསྟན་པར་བྱ། །དེ་མེད་དེ་ལ་ལྟ་བ་དང་། །དད་དང་སྒོམ་པ་ཡོད་མ་ཡིན། །མན་ངག་དང་ནི་བྲལ་བའི་སེམས། །བསམ་གཏན་ལ་ནི་སྦྱར་མི་བྱ། །དེ་སྦྱར་འཁྲུལ་པ་ཉིད་གནས་
འགྱུར། །བསམ་གཏན་གང་ཡིན་རྙེད་པར་དཀའ། །གནས་ཁང་གོས་དང་མལ་སྟན་སོགས། །དྲི་ཞིམ་སྤོས་ཀྱིས་བདུག་པ་དང་། །མེ་ཏོག་དྲི་ཞིམ་བསམ་གཏན་དག །བྱེད་ནའོ་འདི་ལས་གཞན་དུ་མིན། །ལག་གི་བླ་ཡིས་ཤིང་དག་གི །མཚོན་གྱི་ལས་ལ་སོགས་པ་ཡང་། །
ཤིང་དྲུང་ལ་སོགས་མི་མཁོ་བ། །དེ་ཡིས་བྱིན་ན་ཉེས་པ་མེད། །རབ་ཞི་ཀུན་སྤྱོད་ལ་མཁས་པ། །སྤྱོད་ཡུལ་གྱུར་ན་འབད་པ་ཡིས། །དེ་ནི་ལྷན་ཅིག་གནས་པར་བཟུང་། །མ་བརྟགས་པར་ནི་མ་ཡིན་ནོ། །གལ་ཏེ་ཆུ་དང་མེ་ནང་སོགས། །བུད་མེད་གང་དག་འཆི་འགྱུར་ན། །དགེ་
སློང་སྙིང་རྗེ་ལྡན་པ་ཡིས། །དེ་འདོན་བྱེད་ལ་ཉེས་པ་མེད། །གཟུགས་བརྙན་རྣམས་ཀྱི་བཟོ་དག་ནི། །ཤེས་པས་གང་དེ་འདོད་པ་ན། །སྡོམ་ཅན་གྱིས་ནི་བྱ་བ་སྟེ། །འཇིག་རྟེན་སེམས་ནི་བསྲུང་ཕྱིར་རོ། །མཁར་གྱི་སྒོ་དང་དེ་བཞིན་དུ། །ཁང་བཟངས་དང་ནི་ཁང་བཟངས་སྒོར། །བུད་
མེད་རྣམས་དང་ལྷན་ཅིག་ཏུ། །འདུག་དང་གཏམ་སོགས་མི་བྱའོ། །དེ་ཕྱིར་གཟུགས་སོགས་རྣམ་ལྔ་ཡི། །འདོད་ཡོན་རྟག་ཏུ་སྤངས་ནས་ཀྱང་། །རྒྱུན་དུ་དྲན་པ་ཉེར་གཞག་གི །རྣལ་འབྱོར་རྣམས་ནི་ཡང་དག་བསྒོམ། །གང་ཕྱིར་ལམ་འདི་འདས་པ་ཡི། །སངས་རྒྱས་ཕན་བཞེད་ཀུན་
གྱི་སྟེ། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱི་སྔོན་འགྲོ་ཡིན། །བླ་མ་ལེགས་པར་རྣམ་བརྟགས་ནས། །གནས་ནི་ཆོ་ག་བཞིན་དུ་བཟུང་། །བླ་མས་ཀྱང་ནི་ཡོངས་བརྟགས་པའི། །གནས་པ་ཡོངས་སུ་གཟུང་བར་བྱ། །ཕན་ཚུན་སྐྱོན་དང་བཅས་པ་ཡིས། །
เล่ม ๑๖๖ · หน้า 49a
ངེས་པར་འགལ་ཚབས་ཅན་དུ་འགྱུར། །གང་གི་གཉི་ག་དག་ཀྱང་ནི། །ཕན་ཚུན་འདི་ལྟར་ཡོངས་སུ་བརྟག །ཁྲིམས་ལྡན་ནད་གཡོག་བྱེད་པ་དང་། །ཆོས་དང་ཟང་ཟིང་སེར་སྣ་མེད། །དུས་སུ་འདོམས་པའི་བླ་མ་ནི། །བླ་མའི་ཡོན་ཏན་ཡང་དག་ལྡན། །གནས་
པའི་ཚུལ་ལྡན་ཤེས་རབ་ཅན། །དུལ་ཞིང་བཟོད་དང་ལྡན་པ་དང་། །བླ་མ་ལ་ནི་རྟག་ཏུ་གུས། །བསམ་གཏན་ཀློག་པའི་ལས་དང་ལྡན། །ཕྱག་མི་བྱེད་དང་རང་དབང་ཅན། །མཁན་པོ་དང་ཡང་ཕྲད་པ་ལས། །རྗེས་སུ་བསྟན་པ་མི་སློབ་ཅིང་། །དེ་བཞིན་མི་མཐུན་ཕྱོགས་ལ་བརྟེན། །
འདི་དག་ལ་ནི་གཞན་དེས་ཀྱང་། །གནས་ཀྱི་ལྟོས་པ་མེད་པ་ཡིན། །འདི་ནི་ངན་པར་ཤེས་བྱས་ཏེ། །སླར་ཡང་གཞན་ནི་ཡང་དག་གཟུང་། །གཉི་གས་ལྟོས་པ་སྤངས་པ་ལ། །གནས་ནི་འཇིག་པར་བརྗོད་པ་ཡིན། །གཅིག་གིས་ཀྱང་ནི་ལྟོས་བཅས་ན། །སླར་ཡང་གཞན་ནི་མི་
གཟུང་ངོ་། །གང་དུ་དགོས་པས་འགྲོ་བ་ན། །སླར་ཡང་ཕྱིར་འོང་འདོད་པ་ཡིས། །གནས་དེ་ལ་ནི་གོ་བྱས་ཏེ། །སྔ་མ་ཉིད་ལས་གཞན་མི་བཙལ། །གནས་མེད་དག་གི་ཞག་ལྔའི་བར། །ཚོགས་ཀྱི་རྙེད་པ་དབང་བ་ཡིན། །གང་ཕྱིར་གནས་ཀྱང་དེ་ཙམ་ལས། །ལྷག་པ་
རུང་བ་མ་ཡིན་ནོ། །སྡོམ་བརྩོན་གྱིས་ནི་དགེ་སློང་དག །དགེ་འདུན་གཙུག་ལག་ཁང་དག་ལས། །མི་དབྱུང་ཆད་པས་གཅད་བྱ་སྟེ། །དགེ་སློང་གནས་ཁང་ལྔ་དག་ཡིན། །གནས་ནི་བཟློག་པར་བྱ་བ་དང་། །ཀློག་དང་གདམས་ངག་ལོངས་སྤྱོད་དང་། །ཡང་དག་སྨྲ་བ་དགག་
པ་སྟེ། །ཆད་པ་རྣམ་པ་ལྔ་ཞེས་བརྗོད། །ཅི་སྟེ་ཆད་པ་བཟོད་ཉིད་ན། །དེ་ལ་རྗེས་སུ་གནང་བར་འོས། །མི་འོས་པ་ན་གཉི་ག་ལ། །དེ་བྱེད་ན་ནི་འགལ་ཚབས་ཅན། །མ་དད་ལེ་ལོ་ཅན་དག་དང་། །གདུག་སེམས་ཅན་དང་ཚིག་ངན་ཅན། །སྡིག་པའི་གྲོགས་དང་མ་གུས་པའི། །
བཟོད་པ་བླང་བར་མི་བྱའོ། །མཐང་གོས་དང་བཅས་བླ་གོས་བསྐོན། །ཆུ་ཚགས་སྣོད་དང་ཡང་དག་བཅས། །བླ་མས་ལེགས་པར་ཡོངས་བརྟགས་ཏེ། །དགེ་ཚུལ་ཡང་ནི་བསྐྲད་པར་བྱ། །གཞོན་པ་ལ་འོས་ཡོ་བྱད་དྲུག །དགེ་ཚུལ་དེ་ལ་བྱིན་ནས་སུ། །བླ་མས་བསྐྲད་པར་
เล่ม ๑๖๖ · หน้า 49b
བྱ་བ་སྟེ། །མིན་ན་བཟོད་པ་བྱ་བར་འོས། །ངེས་པར་དེ་ནི་གནས་མེད་པར། །ཞག་གཅིག་ཀྱང་ནི་འདུག་མི་བྱ། །གཞན་དུ་ལོ་ལྔ་ལོན་གྱུར་ཅིང་། །འདུལ་བའི་དོན་རིག་ལམ་དུའོ། །གཙུག་ལག་ཁང་གཞན་ཕྱིན་ན་ནི། །དེ་ཡི་ཞག་ལྔ་ཡིས་ཀྱང་ནི། །གནས་ཀྱི་སློབ་དཔོན་
བཙལ་བྱ་སྟེ། །དེ་མེད་པར་ནི་འདུག་མི་བྱ། །ཡན་ལག་དྲིལ་དང་མཚོན་སོགས་ཀྱི། །ལས་ནི་ཆོ་ག་ཇི་བཞིན་དུ། །བླ་མ་རྣམས་ཀྱི་བྱ་བ་སྟེ། །གནས་པ་རྣམས་ཀྱི་ཆོས་ཉིད་དོ། །བླ་མ་ཡོན་ཏན་ཤེས་པས་ཀྱང་། །རང་གི་བྱ་བ་ཤེས་བྱ་སྟེ། །བླ་མ་དང་ནི་སློབ་མས་ཀྱང་། །རྟག་
ཏུ་ཡོངས་སུ་བསྲུང་བྱ་ཡིན། །ཀློག་པ་ཡི་ནི་སློབ་དཔོན་ལའང་། །མཁས་པས་ཉེ་གནས་བྱ་བ་སྟེ། །ཀུན་སྤྱོད་ཁྱད་པར་འཕགས་པ་ཀུན། །གནས་ཀྱི་སློབ་དཔོན་དག་ལ་བྱ། །ཀློག་པ་མེད་པར་མི་གནས་ཤིང་། །གནས་མེད་པར་ཡང་མ་ཡིན་ཏེ། །དེ་ལྟའང་གནས་ཀྱི་སློབ་དཔོན་ལ། །
སེམས་ནི་རྟག་ཏུ་ཞེན་པར་བྱ། །སྡེ་སྣོད་གསུམ་ཤེས་ཉོན་མོངས་ཟད། །ལོ་བཅུ་ལོན་པ་མ་ཡིན་ན། །སྟོན་པའི་བཀའ་ནི་མདུན་བྱས་ནས། །དེས་ཀྱང་གནས་ནི་གཟུང་བར་བྱ། །ཟླ་བ་ཕྱེད་དང་དེ་ཕྱེད་ལ། །བརྩོན་པས་ཉིན་རེ་ལན་གསུམ་དུ། །རིང་དང་ཉེ་བར་གནས་པ་ཡི། །གནས་
སྟེར་བ་ལ་ཕྱག་བྱའོ། །གང་ཞིག་དཔག་ཚད་ཕྱེད་དང་གསུམ། །གནས་པས་ཟླ་བ་ཕྱེད་ན་སྟེ། །དེ་ཕྱེད་དེ་ཕྱེད་གནས་པ་ཡི། །ལན་གསུམ་དེར་གནས་ཉིད་ཀྱིས་སོ། །གལ་ཏེ་དབྱར་ནི་ཕྱི་མ་ལ། །བླ་མ་དུས་ལས་འདས་གྱུར་ན། །སོ་སོའི་རྟེན་གྱིས་ཕན་ཚུན་དུ། །བལྟས་ཏེ་ཡང་ནི་གནས་པར་
བྱ། །དབྱར་ནི་གནས་པར་གྱུར་པ་ན། །གལ་ཏེ་རྒན་པོ་མ་རྙེད་ན། །གནས་ནི་གཉིས་པ་མེད་པའི་ཕྱིར། །དེར་ནི་གསོ་སྦྱོང་མི་བྱའོ། །སྡིག་པའི་སྨན་གྱི་གསོ་སྦྱོང་ནི། །དགག་དབྱེ་བྱས་ནས་ཡང་ནི་བྱ། །གསོ་སྦྱོང་དག་པའི་ཆེད་དུ་སྟེ། །དགག་དབྱེའི་ལས་ཀྱང་དེ་དག་ཉིད། །ཕན་ཚུན་
གདམས་པའི་དོན་དུ་ནི། །དགག་དབྱེ་རྗེས་སུ་གནང་བ་ཡིན། །གསོ་སྦྱོང་ཟླ་ཕྱེད་རེ་རེ་ཡི། །སྡིག་རྣམས་ཡོངས་སུ་དག་ཕྱིར་རོ། །གློ་བུར་ལྷགས་དང་གཉུག་མར་གནས། །མཉམ་མམ་ལྷག་པ་ཡིན་ན་ཡང་། །རྗེས་སུ་བཟླས་པའི་གསོ་སྦྱོང་བྱ། །ཁ་བ་སོ་ག་དབྱར་རྣམས་ཀྱི། །ཟླ་བ་གཉིས་
เล่ม ๑๖๖ · หน้า 50a
དང་བཞི་ཡི་ནི། །མར་ངོ་ལ་ནི་བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ། །ས་ག་དང་ནི་ཆུ་སྟོད་དང་། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་དང་། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །དེ་བཞིན་དེ་ལས་གཞན་དག་ནི། །བཅོ་བརྒྱད་
བཅོ་ལྔ་བར་ནི་འདོད། །གློ་བུར་ལྷག་པ་མང་གྱུར་ཅིང་། །ཅིག་ཤོས་དག་ནི་ཉུང་བ་ན། །གློ་བུར་ལྷག་པའི་ཡོན་ཏན་ཅན། །དེ་དག་འདོད་པས་གསོ་སྦྱོང་བྱ། །དགེ་འདུན་ཐམས་ཅད་ལྟུང་བཅས་ན། །དགེ་སློང་འདུལ་བ་ཤེས་པ་ཡིས། །དགའ་གཅུགས་ཀྱིས་ལེགས་གོ་བྱས་ནས། །རབ་ཏུ་
འབད་པས་རིམ་པ་བཞིན། །ཚངས་པ་མཚུངས་སྤྱོད་མངོན་སུམ་དུ། །ཇི་བཞིན་ཡང་དག་མཐོལ་བཤགས་བྱ། །དེ་ལ་བལྟས་ནས་གཞན་དག་ཀྱང་། །དེ་བཞིན་མཁས་པས་བྱེད་དུ་གཞུག །མཚམས་ཀྱི་མཐའ་མ་མནན་ནས་སམ། །ལ་ལར་ཡང་ནི་དཀྱིལ་འཁོར་པ། །དེ་བཞིན་ལས་ནི་
ཐམས་ཅད་ལ། །མཚམས་ནི་བཅད་པར་རུང་བ་ཡིན། །དགེ་འདུན་ཚོགས་པ་མེད་གྱུར་ན། །གང་ཟག་གཅིག་གི་མདུན་ཉིད་དུ། །བྱིན་གྱིས་བརླབ་པོ་དེ་ཡང་ནི། །མེད་ན་རང་གི་སེམས་ཀྱིས་བརྗོད། །དེ་ལྟར་བྱིན་གྱིས་བརླབས་པ་ནི། །བརྟུལ་ཞུགས་ཅན་གྱི་ལྷུང་བཟེད་དང་། །ཆོས་གོས་འགྱུར་རོ་
སེམས་ཀྱིས་ཀྱང་། །དེ་བཞིན་མགྲོན་དུ་བོས་པ་ཡང་། །གང་གི་འཁོར་ནི་འདུལ་བ་ཡི། །ཆོ་ག་ལ་ནི་མཁས་ཡོད་ན། །དེ་ལ་གཏད་ནས་ཀྱང་ནི་གནས། །བྱིན་གྱིས་བརླབས་པ་འམ་ཅི་འདོད་པ། །བསླབ་ལ་གུས་ཤིང་འཇིགས་བཅས་ལ། །ལྟུང་བ་བརྟག་པའང་དེ་དང་འདྲ། །དགག་དབྱེ་དེ་ལྟར་
ཤེས་བྱ་སྟེ། །དེ་ཡང་ལྔ་ཡི་ཚོགས་ཀྱིས་སོ། །མཐུན་པར་བསམས་པ་བཟང་པོ་ཡིས། །དགག་དབྱེ་བྱ་བ་ཁོ་ན་སྟེ། །དགའ་བས་ཚངས་པ་མཚུངས་སྤྱོད་པ། །གཞན་ལ་སོ་སོར་གུས་པས་སོ། །ཉིན་ཞག་བདུན་ནམ་བརྒྱད་དང་ནི། །བཅུ་རྣམས་ཀྱིས་ནི་དགག་དབྱེ་དག །བྱེད་པ་ན་ནི་
འཁོན་ཅན་རྣམས། །རབ་ཏུ་འབད་པས་སྦྱང་བར་བྱ། །ལས་ཀྱི་ཕྱིར་ནི་དཀྱིལ་འཁོར་པ། །བྱའོ་མཐའ་མཚམས་བཀྲོལ་ནས་ཀྱང་། །མཚམས་གཅིག་ཏུ་ནི་མ་འདྲེས་པས། །ཚོགས་ཀྱི་ལས་ནི་བྱ་བར་བརྗོད། །ཉི་ཤུ་ཡང་ན་བཅུའམ་ལྔ། །དགེ་སློང་བཞི་ཞེས་བྱ་བ་རྣམས། །ཚོགས་
เล่ม ๑๖๖ · หน้า 50b
ཀྱི་ཕྲིན་ལས་འདི་ལྟ་སྟེ། །འདི་དག་ཚོགས་ཞེས་བྱ་བར་གྲགས། །དགེ་འདུན་ཁ་སྐོང་སངས་རྒྱས་ཀྱིས། །བྱ་བའི་ལས་ནི་འགའ་ཡང་མེད། །སངས་རྒྱས་དཀོན་མཆོག་དགེ་འདུན་ལས། །ཐ་དད་དེ་ཡི་ལས་དེའི་མིན། །ཉི་ཤུ་ཡིས་ནི་དབྱུང་བ་སྟེ། །བཅུ་ཡི་ཚོགས་ཀྱིས་བསྙེན་པར་
རྫོགས། །ལྔ་རྣམས་ཀྱིས་ནི་དགག་དབྱེ་སྟེ། །བཞི་པོ་རྣམས་ཀྱིས་གསོ་སྦྱོང་ངོ་། །བརྗོད་པ་ལ་སོགས་ཆོ་ག་བཞིན། །ལས་ནི་གང་དུ་བྱེད་པ་དེ། །གནས་ཞེས་བྱ་བར་བརྗོད་པ་སྟེ། །བཟློག་པ་ལ་ནི་གནས་མི་བརྟག །ཆོས་སྨྲ་བ་ནི་ངག་ཉིད་དེ། །དགེ་སློང་མི་སྨྲའི་ཡིད་མ་བཀག །
འདི་ནི་མུ་སྟེགས་སྐྱེ་བོ་དག །བླུན་པོ་སྒྲུབ་པ་སྤང་ཕྱིར་རོ། །མཐོང་དང་ཐོས་དང་དོགས་པ་ཡིས། །དངོས་པོ་ཀུན་གྱི་བྱ་བ་སྟེ། །དབྱར་གནས་པ་ན་བརྟུལ་ཞུགས་ཅན། །གནས་གསུམ་གྱིས་ནི་དགག་དབྱེ་བྱ། །བར་ཆད་མ་གཏོགས་གང་དུ་ཡང་། །དགག་དབྱེ་མ་བྱས་མི་འགྲོ་སྟེ། །མེ་
སོགས་བར་ཆད་བྱུང་བ་ན། །རྒྱ་མཚོ་ཡང་ནི་བརྒལ་བར་བྱ། །གླགས་ཚོལ་ཕུང་ཁྲོལ་ཆོམ་རྐུན་དང་། །རྒྱལ་པོ་མེ་ཡི་བླ་མ་རྣམས། །འདི་དག་གུས་པས་ཉན་ན་ནི། །འདུལ་བ་མི་བཤད་མི་བྱའོ། །དད་པ་ཅན་ནི་ནོར་མེད་དང་། །དད་ཆུང་རྣམས་ལ་དེ་ཡོད་པ། །རབ་ཏུ་མཉན་ཕྱིར་འབད་པ་ལ། །
བཤད་པར་བྱའོ་ལྟུང་བ་མེད། །མདོ་སྡེ་ལ་སོགས་མཁས་པ་རྣམས། །གཞག་པར་བྱ་བར་རབ་ཏུ་གྲགས། །དེ་དག་ལས་ལ་མི་བསྐོ་སྟེ། །འདི་ཉིད་དེ་དག་ཉིད་ཀྱི་ལས། །མདོ་སྡེ་ཆོས་མངོན་འདུལ་བ་རྣམས། །འཛིན་དང་ཚོགས་ལ་ཀློག་པ་དང་། །ནད་པ་ཚོགས་ཀྱི་རྒན་པོ་སྟེ། །དྲུག་
པོ་དག་ལས་མི་བྱེད་པའོ། །དགེ་སློང་མདོ་སོགས་མཁས་པ་ལ། །ལམ་ཕྱེད་འོངས་པ་ཐོས་པ་ན། །ཇི་སྲིད་དཔག་ཚད་ཕྱེད་དང་གསུམ། །བ་དན་བསྒྲེང་སོགས་སྔོན་འགྲོ་བས། །གཎྜཱི་བརྡུངས་ཏེ་དགེ་འདུན་གྱིས། །རང་གི་ནུས་སྦྱར་བསུ་བར་བྱ། །འོངས་ནས་དགའ་བས་རྙེད་པ་ཡང་། །
དེར་དབུལ་ཚོགས་ཀྱིས་ཀྱང་ནི་ཐོབ། །གནས་ཁང་འདུག་སྟན་མལ་སྟན་རྣམས། །དེ་དག་གུས་པས་རྟག་ཏུ་དབུལ། །ཉེ་གནས་ལ་ཡང་ལས་སུ་བསྐོ། །མི་དབབ་པར་ནི་རབ་ཏུ་བཤད། །བསླབ་པ་འཆའ་བ་བདེར་གཤེགས་ཏེ། །སྐྲོད་པ་ལ་ནི་དགེ་འདུན་དབང་། །དགེ་འདུན་གྱིས་
เล่ม ๑๖๖ · หน้า 51a
ནི་ཁྲོས་པ་ཡིས། །རབ་བྱུང་བསླབ་པ་མི་བཅའོ། །དགེ་འདུན་བསམ་པ་ཐ་དད་པས། །བྱས་ན་ཡང་ནི་མ་བྱས་ཡིན། །གཉིས་མེད་གསུངས་པའི་བསླབ་པ་ནི། །སུས་ཀྱང་གཞན་དུ་བྱ་མི་ནུས། །གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་
ཡིན། །དེ་ཉིད་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཟླ་གསུམ་དབྱར་ནི་འགྲོ་བ་ཡི། །སྤྱོད་པ་དགེ་སློང་རྣམས་ཀྱིས་སྤང་། །བྱ་རྣམས་ཀྱིས་ཀྱང་རང་གི་གནས། །དབྱར་གྱི་དུས་སུ་མི་སྤོང་ངོ་། །ཆུ་སྟོད་ཅན་གྱི་ཟླ་ཕྱེད་ནས། །ཀུན་ནས་ཉེ་ཕྱིར་འབད་པ་
ཡིས། །གཙུག་ལག་ཁང་རྣམས་སྦྱོང་བའི་ལས། །བྱི་དོར་ལ་སོགས་བྱ་བ་ཡིན། །བཅོ་ལྔ་ལ་ནི་མ་ལུས་པ། །འདུས་ནས་ཀྱང་ནི་གནས་མལ་དག །དེ་སྟོབས་པ་ནི་ལེགས་བརྟགས་ནས། །སྤྲོ་བར་བྱས་ཏེ་ཀུན་ནས་བསྐོ། །འདུན་དང་ཞེ་སྡང་འཇིགས་རྨོངས་པ། །སྐྱོན་རྣམས་
རིང་དུ་སྤངས་ནས་ནི། །གང་ཞིག་བསྟབས་དང་མ་བསྟབས་པ། །མ་ལུས་པ་ནི་ཤེས་པ་བཟུང་། །དེ་ནས་གཙུག་ལག་ཁང་སྐྱོང་གིས། །ཁྲིམས་སུ་བྱ་བར་རབ་ཏུ་བསྒྲགས། །མཁས་པ་ཡིས་ནི་བདེ་བ་ལ། །རེག་པར་གནས་པའི་ཆེད་དུ་བྱ། །གང་ཞིག་སྤྲོ་བ་གཞི་མེད་པ། །བཞད་
གད་རྩོད་པ་མ་ཡིན་ནོ། །གནས་འདི་དག་ཏུ་བྲིམས་པ་ཡི། །ཚུལ་ཤིང་དག་ནི་ལོང་ཞེས་སོ། །གསོལ་བ་འབའ་ཞིག་བྱ་བ་སྟེ། །དེ་རིང་ཚེས་ནི་བཅོ་ལྔ་ལ། །དབྱར་གནས་པ་ཡི་ཆེད་དུ་ནི། །ཚོགས་ཀྱི་ཚུལ་ཤིང་བླང་དུ་གསོལ། །དེ་ནས་རྒན་རིམས་ཇི་བཞིན་དུ། །ཚུལ་ཤིང་བྲིམས་
པའི་རྗེས་ལ་ནི། །གནས་ཁང་ལ་སོགས་ཅི་རིགས་པར། །སྦྱིན་ནོ་གནས་མལ་དག་ཀྱང་ངོ་། །དབྱར་ནི་ཉེ་བའི་དུས་ན་ཡང་། །དགེ་སློང་གིས་ནི་འབད་པས་བརྟག །གནས་དང་སྤྱོད་ཡུལ་ཉིད་ཀྱང་སྟེ། །ཡོན་ཏན་གྲུབ་པར་འདོད་པས་སོ། །གནས་ཁང་ན་ནི་མཁས་པ་ཡིས། །
ཚངས་པ་མཚུངས་པར་སྤྱོད་པ་དང་། །ཡོན་ཏན་ཅན་དང་ཐོས་པ་འཛིན། །སྙིང་རྗེ་ཅན་ཡིད་དེར་མངོན་ནས། །ཐོག་མར་ལྟུང་བ་མི་འབྱིན་ཅིང་། །བྱུང་བ་སླར་ཡང་འཆོས་བྱེད་པ། །དེ་ལ་སོགས་པའི་རྣམ་པ་ཡིས། །གནས་ནི་ཡོངས་སུ་བརྟག་པར་བྱ། །སྨན་དང་བསོད་སྙོམས་དག་
เล่ม ๑๖๖ · หน้า 51b
ཀྱང་ནི། །གང་དུ་སྙིང་ལས་ཆུང་དུས་རྙེད། །སྨད་འཚོང་ཚོགས་ཀྱིས་གང་བ་དག །མ་ཡིན་དེར་ནི་སྤྱོད་ཡུལ་དག །སྟེང་གཡོགས་ཅན་གནས་དགེ་སློང་གི །མདུན་དུ་དགེ་སློང་ཙོག་པུར་འདུག །འདི་ལ་དབྱར་གནས་ཐོབ་བྱའི་ཕྱིར། །ཇི་ལྟ་དེ་ལྟར་ངེས་པར་བརྗོད། །སྦྱིན་བདག་
དང་ནི་ཉེ་གནས་གྲོང་། །ཞལ་ཏ་བ་དང་ནད་གཡོག་སྨོས། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཟླ་གསུམ་དབྱར་གནས་སྔ་མའམ། །ཕྱི་མ་འདི་ལ་གནས་བགྱིད་དེ། །རལ་དང་གྲུམ་པ་བཅོས་པའི་ཕྱིར། །འདི་ཉིད་བདག་གི་དབྱར་ཡིན་ཏེ། །ཕྱི་རོལ་དབྱར་གནས་མ་ཡིན་ནོ། །དེ་ལྟར་
དབྱར་ནི་གནས་པ་དང་། །དེ་ནས་ཕྱི་རོལ་གཞན་དུ་གནས། །ཉེས་བྱས་ཚ་སྒོ་ཅན་གྱི་ཆུ། །ངན་སོང་ཐུར་འབབ་མི་བརྒལ་ལོ། །དགེ་སློང་གཅིག་གི་མདུན་སོང་ལ། །ཞག་བདུན་ཡང་དག་བྱིན་གྱིས་བརླབ། །དགོས་པའི་ཆེད་དུ་མདུན་དུ་འདིར། །མི་འདུག་ཀྱང་ནི་ཉེས་པ་མེད། །ཀུན་
དགའ་ར་བ་ལ་སོགས་བཞིའི། །གཞི་ནི་ཉེ་བར་དགོད་པ་དང་། །མཆོད་རྟེན་མཆོད་དང་ཚོགས་སྟོན་མོ། །ཆད་པའི་ལས་བྱིན་གྲོགས་ཉིད་དང་། །དགེ་འདུན་ལྷག་མ་དབྱུང་བ་སྟེ། །དགེ་སློང་དགོས་པ་འདི་དག་གིས། །ཞག་བདུན་བྱིན་གྱིས་བརླབས་ནས་ནི། །ཐེ་ཚོམ་མེད་པར་འགྲོ་བར་
བྱ། །འདི་དག་ལས་ཀྱང་དགེ་སློང་མའི། །བྱ་བ་སླར་ཡང་ལྷག་མ་ཡིན། །ལྕི་བའི་ཆོས་ཉིད་ལྡན་པ་ཡིས། །དེ་ལས་དབྱུང་བ་མངོན་འདོད་པས། །དགེ་ཚུལ་ལས་ནི་ལྷག་པ་ཡི། །དགེ་སློང་སྡོམ་པ་འདོད་པ་དང་། །ཆོས་དང་རྗེས་ཆོས་སློབ་པའི་ཕྱིར། །དགེ་ཚུལ་མ་ལས་དགེ་སློང་མ། །
ལྷག་མའི་བསླབ་པ་ལ་སློབ་སྟེ། །བསྙེན་པར་རྫོགས་པ་ཐོབ་ཕྱིར་དུ། །ཚངས་སྤྱོད་ཉེར་གནས་འཛིན་ཕྱིར་རོ། །དགེ་སློང་མ་ཡིས་བྱེད་པ་དང་། །ཡང་ན་གསོལ་བ་ལ་སོགས་ལས། །གསང་སྟེ་སྟོན་པ་ཉིད་དང་ནི། །གང་ཕྱིར་མི་འདོད་མ་ཡིན་ན། །གཉི་གའི་ཚོགས་ལ་བསྙེན་
རྫོགས་ནི། །ཁྱིམ་པ་དག་གི་ཁྱིམ་སོང་ལ། །གལ་ཏེ་ཡོད་ན་སྔ་མ་ལས། །ལྷག་པར་བུ་དང་བུ་མོ་རྣམས། །བག་མ་གཏོང་ལེན་ལ་སོགས་དང་། །ཕ་མ་དཀོན་མཆོག་གསུམ་དང་ནི། །སློབ་དཔོན་ལ་སོགས་དགོས་སྒྲུབ་ལ། །ཞག་བདུན་བརླབས་སམ་ལྷག་པར་རུང་། །མཚན་མོ་ཉི་
เล่ม ๑๖๖ · หน้า 52a
ཤུ་སུམ་ཅུའམ། །ཉིན་ཞག་བཞི་བཅུ་ཡང་ནི་རུང་། །ཚོགས་ལ་ཞུས་ནས་འགྲོ་བྱ་སྟེ། །ཡུལ་གྱི་དགོས་པ་སྒྲུབ་ཕྱིར་རོ། །དགོས་པ་ཁྱད་པར་འཕགས་པ་ནི། །རྣམ་པར་ཤེས་ཏེ་ཞུས་ནས་ཀྱང་། །གསོལ་བ་གཅིག་ནི་སྔོན་འགྲོ་བའི། །བརྗོད་པ་འདི་ལ་ཚོགས་
ཀྱིས་སྦྱིན། །བསོད་སྙོམས་ཀྱིས་ནི་ཕོངས་པའམ། །སྨན་ཡང་རྙེད་པར་དཀའ་བ་དང་། །ཉེ་གནས་འགའ་ཡང་མེད་པ་ན། །དབྱར་ནི་དྲལ་ཡང་ཉེས་པ་མེད། །དེ་བཞིན་མི་རུང་སྒྲུབ་པ་ཡིས། །ཚངས་སྤྱོད་ཉམས་པར་བྱེད་པ་སྟེ། །ཉེ་དུ་མ་ཡིན་བུད་མེད་དམ། །རྒྱལ་པོས་མགྲོན་དུ་གཉེར་ནའོ། །དེ་བཞིན་མ་ནིང་ལ་སོགས་
ཞེས། །རང་གི་གནས་སུ་བུད་མེད་འགའ། །ཆགས་སྐྱེས་དེ་ནི་བཟློག་དཀའ་ན། །གནས་གཞན་ཡང་དག་བསྟེན་པར་བྱ། །རྒྱལ་པོ་རྐུན་མ་སྦྲུལ་གདུག་དང་། །མི་དང་མེ་དང་མེ་མིན་དང་། །ཆུ་ཡི་འཇིགས་པས་དགེ་སློང་དག །སོང་བ་ན་ཡང་ཉེས་པ་མེད། །གང་དུ་སྡིག་པའི་བློ་ཅན་གྱིས། །
དགེ་སློང་དགེ་འདུན་འབྱེད་པ་རྩོམ། །དེ་ཐོས་ཕྲད་པས་འཇིགས་པ་ཡིས། །གལ་ཏེ་སོང་ཡང་ཉེས་པ་མེད། །འཇིགས་པ་སྣ་ཚོགས་གཞན་དག་ཀྱང་། །འཇམ་པོས་བཟློག་ཕྱིར་འགྲོ་བྱ་སྟེ། །མ་སོང་འགལ་ཚབས་ཅན་དུ་འགྱུར། །དེས་དབྱར་དྲལ་ཡང་ཉེས་པ་མེད། །གཙུག་ལག་
ཁང་འདིར་འགྲོ་ཞེས་བྱ། །དབྱར་གྱི་དངོས་པོ་འདིའོ་ཞེས། །བརྗོད་དེ་དགེ་སློང་གོ་བྱས་ནས། །མ་སོང་ན་ནི་ཉེས་བྱས་ཡིན། །ཞག་འདུན་ཡང་ནི་ལྷག་པར་ནི། །བྱིན་གྱིས་བརླབ་པོ་དགེ་སློང་གང་། །བར་དེར་འོངས་ཏེ་སོང་བ་ཡང་། །བྱིན་རླབས་དེ་ཉིད་གཞན་ཡོད་མིན། །སྔར་གྱི་བྱིན་
རླབས་དེ་ཉིད་ནི། །རྒྱུན་མི་འཆད་པར་གནས་པ་ལ། །དེ་སྟོང་རྒྱུ་ཡི་ཚོགས་པ་ནི། །དེ་ལས་གཞན་དུ་མི་འཐོབ་བོ། །མཚམས་བཅིངས་རབ་ཏུ་རྣམ་མང་ལས། །མདོར་བསྡུས་ཚུལ་ནི་རྣམ་པ་བཞི། །འདི་ཡང་མདོར་བསྡུས་དབང་བྱས་ནས། །ཕྱོགས་ཙམ་བསྟན་པ་བརྗོད་པར་བྱ། །དཔག་
ཚད་ཕྱེད་དང་གསུམ་པའི་མཚམས། །ཆེན་པོ་དེ་ནི་ཕྱོགས་བཞི་རུ། །ལྗོན་ཤིང་ཆུ་བོ་བྲག་རི་དང་། །ལམ་ཆེན་སོགས་ཀྱིས་མཚོན་དེ་བཅད། །དགེ་འདུན་ཐམས་ཅད་ཚོགས་པ་ན། །དགེ་སློང་གཅིག་གིས་གསོལ་བ་བྱ། །དེ་བཞིན་བརྗོད་པ་གཅིག་ལས་ཀྱི། །མཚམས་ནི་རབ་ཏུ་
เล่ม ๑๖๖ · หน้า 52b
འགྲུབ་ཕྱིར་ཡིན། །ཤར་ཕྱོགས་མཚམས་ནས་ཚུ་རོལ་དུ། །གནས་མལ་ཉིད་ཀྱི་མཐར་ཐུག་པར། །གྲོང་དང་དེ་ཡི་ཉེ་འཁོར་དག །སྤངས་ཏེ་མཚམས་ནི་བཅིང་བར་བྱ། །ཆོས་གོས་དག་དང་མི་འབྲལ་ཕྱིར། །སླར་ཡང་གསོལ་བ་སྔོན་འགྲོ་བའི། །ལས་ཉིད་བྱའོ་ཚུལ་ལྡན་དག །
བདེ་ལ་རེག་པར་གནས་ཕྱིར་རོ། །ཆོས་གོས་གསུམ་པོ་མེད་པར་ཡང་། །སྡོམ་བརྩོན་མཚམས་འདིར་གནས་རུང་སྟེ། །གྲོང་དང་དེ་ཡི་ཉེ་འཁོར་དག །མ་གཏོགས་གཞན་དུ་ཅི་བདེར་རོ། །སྔར་གྱི་ཆེན་པོ་མི་མཁོ་ན། །ཆུང་ངུ་ཡང་ནི་བྱ་བ་སྟེ། །གསོལ་དང་བཞི་ཡི་ལས་ཉིད་ཀྱིས། །
ཆེན་པོ་ཉེ་བར་བཀྲོལ་ནས་ནི། །ཆུང་ངུ་བཅིངས་ནས་སྔ་མ་བཞིན། །མཚན་མ་བརྟན་པོ་རྣམས་ཀྱིས་སོ། །དཀྱིལ་འཁོར་པ་ཞེས་གྲགས་པ་དེར། །ཚོགས་ཀྱི་ལས་ནི་བསྒྲུབ་པར་བྱ། །སྔར་བཞིན་ཆུང་ངུ་བཅིངས་ནས་ཀྱང་། །དེ་ནས་ཆེན་པོ་བཅིང་བར་བྱ། །གཞན་ཡང་དེར་ནི་གོ་
རིམས་འདི། །མཚམས་བཅིང་བ་ལ་གནང་བ་ཡིན། །དགེ་འདུན་ཐམས་ཅད་ཤི་སྲིད་དམ། །ཡང་ན་མཚན་ནི་གཞན་གྱུར་རམ། །བསླབ་པ་ཕུལ་ལམ་མཚམས་ཉིད་ཀྱི། །ཕྱི་རོལ་སྐྱ་རེངས་ཤར་བ་དང་། །གསོལ་བ་སྔོན་འགྲོའི་ལས་ཀྱིས་ཏེ། །མཚམས་འཇིག་རྒྱུ་ནི་རྣམ་ལྔའོ། །ལྗོན་ཤིང་
གཅིག་གི་ཕྱེད་ཆ་འམ། །གཉིས་པ་མཚམས་ཀྱི་ཕུར་པ་སྟེ། །ཕུར་བ་འམ་ནི་ཤིང་གཅིག་ལ། །ཆ་བཞིར་རྣམ་པར་ཕྱེ་བ་ཡིས། །བཞི་ཆར་དུ་ཡང་ཐོབ་པ་སྟེ། །ལྔ་པ་ནམ་ཡང་མ་ཡིན་ནོ། །འོག་ཏུ་ཡང་ནི་དཔག་ཚད་དག །ཕྱེད་དང་གསུམ་མོ་སྟེང་དུ་ཡང་། །རི་ཡི་སྟེང་གི་ཤིང་
རྩེ་འམ། །སྤྱིལ་པོ་ལ་སོགས་པ་ཡི་མཐར། །སྦྱིན་བདག་རྗེས་གཟུང་དོན་གྱི་ཕྱིར། །སྟོན་པ་ཉིད་ཀྱི་སྐུ་གཟུགས་ལ། །སྣ་ཚོགས་རིན་ཆེན་འོད་འབར་བས། །མཛེས་པའི་རྒྱན་སྤུད་རྗེས་སུ་གནང་། །རྣ་རྒྱན་དང་ནི་ལག་གདུབ་དང་། །རྐང་པ་ལ་སོགས་རྒྱན་རྣམས་ནི། །དགག་གོ་
རྨད་བྱུང་འདི་དག་ནི། །ངེས་པར་བུད་མེད་རྒྱན་ཡིན་ན། །སྐྱེས་བུ་སེང་གེ་ཆེན་པོ་ནི། །རྟག་ཏུ་རྗེས་སུ་འཛིན་མཛད་ལ། །སྨད་འཚོང་གྱོན་པ་ལྟ་བུ་ཡི། །བུད་མེད་གོས་ནི་མི་རིགས་སོ། །ཏུརྱའི་སྒྲ་ཡིས་འདུག་ཁང་དུ། །ལྟད་མོ་བ་ནི་སོང་བའི་ཚེ། །སྐུ་གཟུགས་དག་ལ་བརྒྱན་པ་ཡི། །མཆོད་པ་སླར་
เล่ม ๑๖๖ · หน้า 53a
ཡང་བསྡུ་བར་བྱ། །སྐྱེ་བོ་མང་པོ་འདུས་པའི་ཚེ། །ཅ་ཅོའི་སྒྲ་ཡིས་གཡེངས་པ་ན། །དུས་ཚོད་བརྡ་ནི་སྤྲད་པའི་ཕྱིར། །རྔ་འམ་དུང་སོགས་སྦྱར་བྱས་འདོད། །བཅུ་འམ་བརྒྱ་འམ་སྟོང་ཕྲག་ནི། །མདུན་དུ་བྱས་ཏེ་ཉེ་བར་བསྒོ། །རྙེད་པ་བརྟུལ་ཅན་ཅི་འདོད་དག །བལྟས་
ཏེ་དེ་སྐལ་རྣམ་པར་བརྟག །བགོས་ནས་དེ་ནི་ཤི་གྱུར་ན། །དེ་སླར་དགེ་འདུན་ཐམས་ཅད་ཀྱི། །མ་བགོས་ན་ཡང་དེ་སྐལ་ནི། །གཞན་དེས་རྣམ་པར་བགོ་བར་བྱ། །སྐལ་དེ་སྦྱིན་བདག་ཁོ་ནའི་སྟེ། །གང་ལ་དེ་ཕུལ་དེ་ཡི་ཡང་། །ཐམས་ཅད་དུ་ནི་མ་གནང་བ། །དགེ་སློང་རྣམས་ལ་དེ་མི་འོས། །
དགེ་སློང་རྣམས་ནི་མགྲོན་བོས་ཤིང་། །དགེ་སློང་མ་ཡང་མགྲོན་བོས་ན། །མཆོད་སྟོན་ཐ་མ་དེར་ནི་གང་། །རྙེད་པ་རྒན་པའི་མཐར་བཞག་ན། །གཉི་གས་ཀྱང་ནི་གོ་བའམ། །ཡང་ན་སྦྱིན་བདག་འདོད་པས་སོ། །ཟང་ཟིང་སྐལ་བ་མཉམ་པོར་ནི། །ཀུན་དུ་སྐྱོབ་པ་ལ་ཡང་ཡིན། །དབྱིག་
རྣམས་རྣམ་པར་འགོད་འདོད་ན། །དགེ་སློང་མ་ལས་ཆ་གཉིས་ཏེ། །འདི་ལ་བསྙེན་པར་རྫོགས་འདོད་པའི། །དགེ་ཚུལ་ལ་ཡང་ཅི་རིགས་བརྗོད། །དེ་ལས་གཞན་པའི་དགེ་ཚུལ་མ། །རྣམས་ལ་ཡང་ནི་སུམ་ཆ་འོས། །དགེ་སློང་དགེ་སློང་མ་རྣམས་ནི། །སྐལ་བ་མཉམ་པར་བགོ་
བྱ་ཉིད། །གང་དུ་དགེ་སློང་མང་གྱུར་ཅིང་། །དགེ་སློང་མ་ཚོགས་ཉུང་ན་ནི། །དེ་ནི་མཉམ་པོར་མི་བགོ་སྟེ། །རྙེད་པ་རེ་རེའི་གྲངས་ཀྱིས་སོ། །འཇིག་རྟེན་མགོན་པོས་འཇིག་རྟེན་གྱི། །ཡམས་ཀྱི་འཚེ་བ་ཞི་བྱའི་ཕྱིར། །སངས་རྒྱས་སྐུ་གཟུགས་གྲོང་སོགས་སུ། །སྤྱན་དྲང་བར་ནི་
གསུངས་པ་ཡིན། །དེར་ནི་ཆག་ཆག་བྱུག་པ་དང་། །སྲང་གི་བཞི་མདོར་ས་གཞི་ལ། །སྣ་ཚོགས་མེ་ཏོག་བཀོད་པ་ཡིས། །རབ་ཏུ་མཛེས་པར་བྱ་བ་ཡིན། །ཙནྡན་ཨ་གར་ག་པུར་གྱི། །བདུག་སྤོས་ཀུན་ནས་དབུལ་བར་བྱ། །ཕྱོགས་ཀྱི་སྒོ་ནས་དྲི་ཞིམ་དག །དལ་ཞིང་དལ་བའི་རླུང་གིས་
བསྐྱོད། །སྒྲ་ཆེན་པ་ཊ་ཧ་དག་དང་། །འཁར་རྔ་ཏིང་ཏིང་ཤག་སོགས་སྒྲ། །རྒྱུན་དུ་འབྲུག་སྒྲ་ལྟ་བུ་ཡི། །སྒྲ་ཡི་ཚོགས་རྣམས་རྗེས་སུ་བསྒྲག །ཡང་ཡང་དལ་བ་མེད་པར་ནི། །ནམ་མཁའི་ཁམས་ནི་གང་བ་ཡི། །གྲངས་མང་རོལ་ཆ་སྣ་ཚོགས་དང་། །གསལ་པོར་དགའ་སྟོན་ཆེན་པོ་
เล่ม ๑๖๖ · หน้า 53b
བྱ། །རྒྱལ་མཚན་རྣམས་ནི་ཚར་དུ་ཡང་། །དངར་རོ་དེ་ཡང་རྣམ་པ་ལྔ། །མཁའ་ལྡིང་སེང་གེ་ཆུ་སྲིན་དང་། །ཁྱུ་མཆོག་གླང་པོ་ཞེས་བྱ་ཉིད། །རབ་བྱུང་ཆེན་པོ་རྣམས་ཀྱིས་ནི། །ཁྱིམ་པའི་འཁོར་རྣམས་ལ་ནི་སྦྱར། །ཀུན་མཁྱེན་གྲོང་དུ་གཤེགས་པ་ན། །དེ་འདྲ་ལ་སོགས་བསྒྲུབ་པར་བྱ། །
དེ་ནས་སངས་རྒྱས་མདུན་བདར་ཏེ། །མཐོང་བར་དགའ་བའི་སེམས་པ་ཡིས། །ཀླུ་དང་གནོད་སྦྱིན་ལ་སོགས་པའི། །འཇིགས་པ་ཟད་པར་སེལ་བ་ཡིན། །རྙེད་པ་ཀུན་ནས་ཐོབ་པ་དག །ཚོགས་ཀྱི་ཐད་དུ་བཙོང་བར་བྱ། །དགེ་འདུན་གནས་བརྟན་བློ་ལྡན་གྱིས། །ཤེས་ན་རིན་ཐང་གདབ་པར་
བྱ། །ངེས་པར་ཉོ་བར་འདོད་པ་ན། །དེ་ལ་སྐྱེད་པར་རུང་བ་ཡིན། །རིན་ནི་ཐམས་ཅད་མ་གཞལ་བར། །སྡོམ་བརྩོན་དེ་ལོངས་སྤྱོད་མི་རུང་། །དཀོན་མཆོག་གསུམ་ལ་སུ་དག་གིས། །གུས་པས་ཆུང་མ་སོགས་ཕུལ་ན། །དེ་ལ་རིན་ནི་མི་གདབ་སྟེ། །སྦྱིན་བདག་འདོད་པས་གཏང་བར་བྱ། །
མི་ཁྱོད་གླུ་གར་རོལ་མོ་རྣམས། །བྱོས་ཤིག་ཅེས་ནི་དགེ་སློང་གིས། །ཁྱིམ་པ་རྣམས་ལ་བསྒོ་མི་བྱ། །འདི་ནི་ཚུལ་ལྡན་ལས་མ་ཡིན། །འདི་ལ་ཚུལ་ནི་ཇི་བཞིན་དུ། །མཆོད་ཆ་སྟོན་པ་མཆོད་པ་ནི། །ཇི་ལྟར་མཛེས་པ་དེ་ལྟར་ནི། །བཞིན་བཟངས་འབད་པས་བྱོས་ཤིག་བརྗོད། །མཆོད་
པའི་ཕྱིར་ཡང་མཆོད་རྟེན་ལ། །ཕུར་བུ་ལ་སོགས་མི་གཟུགས་ཏེ། །དང་པོ་རྩོམ་པའི་དུས་ཉིད་དུ། །གཟུགས་རྟེན་བྱེད་ལ་ཉེས་པ་མེད། །མར་མེ་འོག་ཏུ་དབུལ་བྱ་སྟེ། །བརྟུལ་ཞུགས་ཅན་གྱིས་སྟེང་དུ་མིན། །དགེ་ཚུལ་ལ་སོགས་གཞན་ཡོད་བཞིན། །མཆོད་བྱའི་སྟེང་དུ་འཛེག་
མི་བྱ། །གཞན་དག་མེད་ན་དྲི་ཡི་ཆུས། །སྡོམ་བརྩོན་རྐང་པ་དག་བཀྲུས་ནས། །གུས་པས་སྟོན་པའི་འདུ་ཤེས་ནི། །ཡིད་ལ་བྱེད་པས་རང་གིས་འཛེག །དངོས་པོ་གཅིག་ལྷག་བརྒྱ་དང་ནི། །གསུམ་ལ་སོགས་པ་བྱ་བ་སྟེ། །གཙུག་ལག་ཁང་གི་གློ་དང་འབུར། །དེ་ཡང་ལྔ་བརྩེགས་
དག་ཏུ་བརྗོད། །ཀུན་དུ་བདུན་བརྩེགས་བྱ་བ་སྟེ། །དེ་ཡི་སྐར་ཁུང་ནང་སྟེགས་ཅན། །དབུས་སུ་སྟོན་པའི་ཁང་ཆེན་ཏེ། །སྒོ་ནི་ཕྱི་སྒོའི་དྲང་ཐད་དུའོ། །དགེ་སློང་མ་ཡི་དབྱར་ཁང་ནི། །སུམ་བརྩེགས་ལས་ནི་ལྷག་མི་བྱ། །གཙང་ཁང་སྐར་ཁུང་ནང་སྟེགས་ཅན། །ཀུན་དུ་ལྔ་བརྩེགས་
เล่ม ๑๖๖ · หน้า 54a
བྱ་བ་ཡིན། །སྐུ་གཟུགས་མཆོད་རྟེན་བདེར་གཤེགས་ཀྱི། །བཀའ་ཡང་མངོན་པར་བྲི་བ་སྟེ། །རྙིངས་སམ་བརླག་ན་དགེ་སློང་གིས། །སླར་ནི་གསོ་བར་འོས་པ་ཡིན། །གང་དུ་གང་ཞིག་སྔར་བྱས་དེར། །འདི་ཉིད་དེ་ལྟར་གཞག་བྱ་སྟེ། །སྔ་མའི་གཟུགས་
ལས་ཆུང་ངུ་མིན། །ལྷག་པ་ཉིད་དུ་བྱ་བར་བརྗོད། །གཙུག་ལག་ཁང་གི་འདུ་བྱེད་ནི། །སྦྱིན་པ་པོ་ཡི་འདོད་ཇི་བཞིན། །ཆེན་པོ་དང་ནི་ཆུང་དུའང་རུང་། །མཁས་པས་ཡོ་བྱད་དང་སྦྱར་བྱ། །མཆོད་རྟེན་སྐུ་གཟུགས་གྲིབ་མ་དང་། །མཎྜལ་ཡང་ནི་འགོམ་མི་བྱ། །དགོས་པའི་ཆེད་དུ་
བདེ་གཤེགས་ཀྱི། །ཚིགས་བཅད་སྔོན་དུ་བྱས་ཏེ་བགོམ། །བསོད་སྙོམས་དག་ལ་རྒྱུ་བའི་ཚེ། །སངས་རྒྱས་ལ་སོགས་བརྡ་ཡི་ཚིག །སྡོམ་ཅན་ལ་ནི་སུ་དག་འདྲི། །དེ་ལ་གསལ་པོར་གོ་བར་བྱ། །སངས་རྒྱས་ཞེས་ནི་བརྗོད་པའམ། །ཡང་ན་རྐང་གཉིས་མཆོག་ཅེས་བརྗོད། །སྡུག་
བསྔལ་ཟད་ཅེས་ཡང་ན་གཞན། །བདག་གམ་ཆོས་ལམ་གང་དེ་གསུངས། །དེ་བཞིན་དགེ་འདུན་དག་ལ་ཡང་། །བརྗོད་བྱ་སོ་སོའི་བདག་ཉིད་ཀྱིས། །ཡོན་ཏན་གང་ལ་དེ་དག་འགྱུར། །དེ་ནི་དེ་ལ་བརྗོད་པར་བྱ། །གཅིག་པུ་མགྲོན་དུ་བོས་པ་ལ། །དགེ་སློང་མ་རྣམས་འཁོད་པ་ན། །གང་
དུ་དགེ་སློང་ཟས་ཀྱི་ཕྱིར། །འདུག་པའི་སྟན་ནི་དང་པོར་བཞག །དགེ་ཚུལ་གྱིས་ནི་གྲལ་ཡང་རུང་། །དེ་རུ་འདུག་སྟེ་ཟོས་ནས་ནི། །གལ་ཏེ་དགེ་སློང་ནུས་མེད་ན། །དགེ་སློང་མ་ཡིས་ཡོན་བཤད་བྱ། །གྲོང་རྒྱུ་བ་ལ་སོང་ནས་ནི། །གར་སོང་དེ་དོན་ཞལ་ཏ་བས། །ལེན་པ་དགེ་སློང་མེད་པ་ན། །
རྙེད་པ་དེ་ཡི་སྐལ་བ་བཞག །གལ་ཏེ་འོངས་ན་དེ་ཡིའོ། །རྙེད་པ་མཚམས་ཀྱིས་བསྒྲུབ་པ་དང་། །ཁྲིམས་སུ་བྱས་ལ་བརྟེན་པ་དང་། །ཅི་འདོད་དགེ་སློང་དགེ་འདུན་རྣམས། །སྦྱིན་བདག་གིས་ནི་བསྙད་པས་སོ། །མངོན་དུ་བ་དང་དབྱར་དང་གནས། །སོ་སོར་སྨོས་པ་དེ་བཞིན་ཏེ། །བརྒྱད་
པོ་ཡང་དག་གྲགས་པ་འདི། །ཐོབ་དང་མི་ཐོབ་འབྱེད་པས་སོ། །གདུགས་དང་མེ་ཏོག་རྒྱལ་མཚན་སོགས། །བསྙེན་བཀུར་དང་བཅས་སྡོམ་བརྩོན་རོ། །དགེ་སློང་རྣམས་ཀྱིས་ཡོངས་བསྐོར་ནས། །དུར་ཁྲོད་དུ་ནི་ཁྱེར་བར་བྱ། །མེ་ཆེན་རབ་ཏུ་འབར་བ་ཡིས། །དེར་ནི་ཡོངས་སུ་བརྟགས་
เล่ม ๑๖๖ · หน้า 54b
ཏེ་སྦྱང་། །གལ་ཏེ་ཡོད་ན་མར་དག་དང་། །ཙནྡན་ལ་སོགས་བྱུག་པར་བྱ། །སྲོག་ཆགས་དང་བཅས་རྨ་ཅན་ནི། །འབད་པས་ས་ནི་བརྐོས་ནས་སུ། །སྦས་ཏེ་དེ་ལ་རྩྭ་དང་ནི། །ལོ་འདབ་སོགས་ཀྱིས་དགབ་པར་བྱ། །ལུས་ཅན་རྣམས་ལ་སྲིན་བུའི་རིགས། །བརྒྱད་ཁྲི་བཞི་སྟོང་
ཡོད་པ་རྣམས། །ལྷན་ཅིག་སྐྱེ་ཞིང་འཇིག་པའི་ཕྱིར། །མིང་ཅན་དེ་དག་ཚིག་པར་འགྱུར། །མཐང་གོས་དང་བཅས་བླ་གོས་ཀྱིས། །སྡོམ་བརྩོན་རོ་ནི་གཡོགས་ཏེ་དབྱུང་། །ལྷུང་བཟེད་ཆོས་གོས་གཞན་ལ་ནི། །བཙོངས་ཏེ་བགོ་བར་འོས་པ་ཡིན། །དེ་རྗེས་མི་རྟག་རྣམ་པའི་ཚུལ། །
སྟོན་བྱེད་ཆོས་ཉན་སྦྱིན་བྱ་སྟེ། །འདི་དག་སྐྱོ་བ་བསྐྱེད་ཕྱིར་དང་། །མྱ་ངན་དག་ཀྱང་བསལ་ཕྱིར་རོ། །གང་ཕྱིར་འདུས་བྱས་ཐམས་ཅད་ནི། །རྐྱེན་གྱིས་གཞན་དུ་འགྱུར་བ་སྟེ། །རྩྭ་རྩེ་རླུང་གིས་བསྐྱོད་པ་ཡི། །ཟིལ་བ་བཞིན་དུ་མི་བརྟན་ནོ། །གང་ཞིག་འཆི་བདག་ཁྲེལ་རྒོད་ཁ། །
དགང་དཀའ་དེར་ནི་མི་འཇུག་པ། །མཐོ་རིས་ཡང་དག་ས་སྟོང་དུ། །སྐྱེས་པ་དེ་ལ་ཡོད་དམ་ཅི། །ཇི་ལྟར་ས་གཞི་བརྟན་པ་ལ། །སྲེག་པའི་མེ་བྱུང་ཁོ་ན་བཞིན། །རང་བཞིན་སྐྱེས་ཅིག་སྐྱེས་པ་འདིར། །མི་རྣམས་འཆི་བ་དེ་བཞིན་ནོ། །གཟུགས་རིགས་ལོང་ཚོ་ཐོས་པ་དང་། །ཚུལ་ཁྲིམས་
ལ་སོགས་རྟག་མིན་ཏེ། །རྒྱལ་པོ་འཇིག་རྟེན་མགོན་གཅིག་པུ། །གང་གཞན་འདོད་ཆགས་བྲལ་བ་ཡི། །སྡོམ་བརྩོན་ཡང་སྲིད་ཟད་པ་ཡང་། །ཀུན་དུ་གནས་པ་མ་མཐོང་ན། །གང་གིས་ཇི་སྐད་ཇི་ལྟར་བཟློག །ཚེ་ནི་ཆུ་ཡི་རི་མོ་འདྲ། །དེ་ལྟར་མི་རྟག་ཆོས་བསྟན་ནས། །དེ་ཡི་
དངོས་པོའི་ཡོན་ཡང་བཤད། །རྐང་ལག་གདོང་པ་རབ་བཀྲུས་ནས། །མཆོད་རྟེན་བསྐོར་བ་བྱས་ནས་སོ། །ཇི་སྙེད་འདུས་བྱས་དེ་དག་འདིར། །མི་རྟག་ལ་སོགས་ཐུབ་པའི་བཀའ། །དྲན་པ་ཡང་དག་ཐོབ་པ་ཡིས། །གཙུག་ལག་ཁང་དུ་ཞུགས་ནས་ནི། །ལུང་བཞིན་སྐལ་བ་མཉམ་
པོར་ནི། །ཤི་བའི་ཡོ་བྱད་སྦྱིན་བྱ་སྟེ། །རོ་ཡི་བསྙེན་བཀུར་ལ་སོགས་འདི། །སྲས་ཀྱི་གཙོ་བོ་རྣམས་ལ་བཅས། །གཎྜཱི་རྒྱུད་གསུམ་མཆོད་རྟེན་ལ། །ཕྱག་བྱེད་ཚེ་ན་གང་ཞིག་ཡོད། །ཚུལ་ཤིང་འབྲིམ་དང་གསོལ་བ་ལ། །གང་ཡོད་དེ་ལ་འོས་པ་ཡིན། །གལ་ཏེ་རྫས་དེ་འགོད་པ་
เล่ม ๑๖๖ · หน้า 55a
ན། །བྲེལ་བས་དེར་ཀུན་མ་ཚོགས་ན། །རྣམ་པར་འགྱེད་པས་ཆ་གཉིས་ནི། །རྒན་པོ་གསར་བུ་དག་ལ་སྦྱིན། །དེ་ལྟར་བྱས་པས་དེ་ཡི་ནོར། །མ་ལུས་ལེགས་པར་བགོས་པར་འགྱུར། །གཞན་དག་ཁ་ཅིག་གློ་བུར་དུ། །ལྷགས་ཀྱང་དེ་ལ་སྐལ་བ་
མེད། །འཆི་བ་པོ་ཡིས་འདིར་བཞུགས་དག །འདི་སྣོམས་བརྡ་ནི་གལ་ཏེ་སྤྲད། །དེ་ཡིས་བྱམས་སེམས་ཀྱིས་བསྔོས་ན། །དེ་ནི་ཚོགས་ཀྱིས་ཐོབ་པ་ཡིན། །གལ་ཏེ་བྱམས་སེམས་མ་ཡིན་པས། །འཚོ་བའི་ཚེ་ན་བསྔོས་ནས་ནི། །གང་ཟག་གིས་ནི་བླངས་ན་ཡང་། །དེ་ལ་
ཉེས་པ་ཡོད་མ་ཡིན། །ཁྱིམ་པ་རྣམས་ནི་ལྟོས་བྱས་ཏེ། །བརྟུལ་ཞུགས་འཛིན་པ་དེ་ལྟ་མིན། །དེ་ཕྱིར་གང་ལ་ལྟོས་ཡོད་པའི། །དགེ་སློང་དེ་ལ་དེ་མི་རུང་། །གཉེན་ལ་ཡོངས་སུ་བསྔོས་པའི་ནོར། །འདི་ནི་ཚེ་འཕོས་རྗེས་ལ་ཡང་། །གོས་དང་ལྷུང་བཟེད་ལ་སོགས་པ། །དེ་ནི་
ཚོགས་ཀྱི་ཐད་དུ་དབུལ། །རྣམ་པར་སྤྱད་དེ་དབུལ་བ་དེས། །ཆོ་ག་བཞིན་དུ་བགོ་བར་བྱ། །རིན་ཆེན་ལ་སོགས་ཡོད་པ་ན། །དེར་ནི་བགོར་མི་རུང་ཞེས་བརྗོད། །དགེ་སློང་ཤི་བའི་ཡོ་བྱད་ནི། །དགེ་སློང་དབང་བར་འོས་པ་ཉིད། །དེ་དག་མེད་ན་དགེ་སློང་མ། །དེ་ཡང་སྲིང་མོ་ཡིན་ཕྱིར་
དབང་། །དགེ་སློང་མ་ནི་ཤི་བའི་ནོར། །དེ་ལ་དགེ་སློང་མ་ཡིན་འདོད། །དེ་དག་མེད་ན་དེ་ལ་ཡང་། །དགེ་སློང་རྣམས་ནི་བདག་པོར་འདོད། །དགེ་སློང་མེད་པར་དགེ་སློང་དག །ཁྱིམ་པའི་གྲོང་དུ་ཤི་བ་ན། །དེ་ཡི་ནོར་དེ་དེར་ལུས་ན། །གང་ཕྱིར་གཉིས་ཀར་འདོད་ན་ཡང་། །ཅིག་ཅར་ཉིད་དུ་
སློང་བྱེད་ཕྱིར། །གཉི་ག་ལ་ཡང་རུང་བ་ཡིན། །གང་གིས་གང་ལ་དམིགས་ཏེ་བྱིན། །དེ་ནི་ཅི་བདེར་དེ་ཡིར་འགྱུར། །གཙུག་ལག་ཁང་གི་མཚམས་དག་གི །བར་དུ་དགེ་སློང་ཤི་བ་ན། །གང་དུ་མགོ་བོ་བསྟན་པ་དེ། །ཆོས་གོས་ལ་སོགས་དབང་བ་ཡིན། །བུ་ལོན་བླངས་ནས་དགེ་
སློང་གང་། །འཆི་བདག་ཁར་ནི་ཞུགས་པ་ན། །དེ་ནི་འཕགས་པའི་དགེ་འདུན་གྱིས། །དེ་ཡི་ནོར་ལས་སྦྱིན་པར་བྱ། །དགེ་འདུན་དོན་དུ་ཞལ་ཏ་བས། །བུ་ལོན་བླངས་ཏེ་ཤི་བ་ན། །དེ་ཀུན་ཚོགས་ཀྱིས་སྦྱིན་པར་ནི། །ལུང་གིས་ཤིན་ཏུ་ངེས་པ་ཡིན། །གཞན་དུ་བུ་ལོན་ཞལ་ཏ་བས། །
เล่ม ๑๖๖ · หน้า 55b
ངེས་པར་འདི་ནི་བླང་བྱ་སྟེ། །རྒན་པོ་རྒན་པོ་གོ་བྱས་ནས། །དབང་པོ་དང་བཅས་ཡི་གེར་བྲི། །ལྷན་ཅིག་གནས་པ་རྣམས་ཀྱིས་ནི། །བ་དན་གོས་དང་མལ་སྟན་སོགས། །འདོད་པའི་འབྲས་བུ་འདོད་པ་ཡིས། །ཚོགས་ལ་ཕུལ་ན་ཉེས་པ་མེད། །གལ་ཏེ་འགྱོད་པའི་མེ་ལྕེ་ཡིས། །དེ་དག་
སེམས་ནི་བསྲེགས་པ་ན། །སླར་ཡང་བཟློག་པའི་ཆུ་ཡིས་ནི། །མ་ལུས་ཞི་བར་བྱ་བ་ཉིད། །འདི་ལ་རང་བཞིན་གནས་པ་དང་། །གཞན་དག་གནས་ནས་ཕྱུང་བ་ཤི། །གཅིག་གི་ཡང་ནི་ཡོ་བྱད་རྣམས། །རང་བཞིན་གནས་ལ་རུང་བ་ཡིན། །མདུན་དུ་ཡོངས་སུ་དག་པའི་བློས། །རང་
བཞིན་གནས་པ་མེད་གྱུར་ན། །གནས་ནས་ཕྱུང་བ་ལ་ཡང་ནི། །འདི་ཡིས་དབང་ཐང་བཀག་པ་མེད། །ཡི་གེར་བྲི་བ་བྱས་ནས་ནི། །གལ་ཏེ་ཚོགས་ལ་ཕུལ་བ་ན། །ཤི་ནས་དེ་ནི་བགོ་བྱ་སྟེ། །ནོར་དང་འདྲ་བ་ཉིད་ལས་སོ། །གཙུག་ལག་ཁང་འོས་དེར་གྱུར་པ། །དེ་ནི་དེ་ལ་མཁོ་བ་
ཉིད། །མཚོན་ཆ་འཆིང་བྱེད་ཀུན་མ་གཏོགས། །རྒྱལ་པོ་ལ་འོས་རྒྱལ་ལ་བྱིན། །མཚོན་ཆ་ལ་ནི་ཁབ་ལ་སོགས། །རྗེས་མཐུན་དངོས་པོ་བྱ་བ་ཉིད། །དེ་བཤིག་ནས་ནི་རྩ་བ་ཡི། །མཚོན་ཆ་གཞན་དུ་མི་བྱའོ། །མཉམ་པར་གཞག་པས་བདེ་གཤེགས་ཀྱི། །ཚིགས་བཅད་
གཅིག་ཙམ་བཀླགས་པ་ན། །ལེགས་གསུངས་དམ་པའི་ཆོས་དག་གི །རྙེད་པ་དེ་ལ་མི་འོས་མིན། །ཐུབ་དབང་དམ་ཆོས་རྣམ་པ་གཉིས། །ལུང་དང་གཞན་ཡང་རྟོགས་པའོ། །ལུང་དེ་འཛིན་པའི་དོན་གྱིས་ན། །ཆོས་ཀྱི་རྙེད་པ་འོས་པ་ཡིན། །ཁྲིམས་ལྡན་སྔར་ནི་དབྱར་གནས་པར། །
ཁས་བླངས་གལ་ཏེ་ཤི་བའམ། །བསླབ་པ་ཕུལ་ལམ་གཞན་གྱུར་ཀྱང་། །དབྱར་གྱི་རྙེད་པ་འོས་པ་ཡིན། །བདེ་གཤེགས་སྲས་ཀྱི་ལྷུན་པོའི་ཚད། །སྐུ་གཟུགས་མཆོད་རྟེན་བྱ་བར་འོས། །ཟུར་བཞི་ལོགས་མཉམ་མཛེས་བྱས་ནས། །བང་རིམ་ལ་སོགས་གཞན་རིམ་བཞིན། །དེ་
ཡང་གཉིས་གསུམ་བཞི་དང་ལྔ། །འབྲས་བུའི་རིམ་པ་གདུགས་ཀྱི་ཚད། །མཆོད་རྟེན་བྱི་བོ་ཡོན་ཏན་ཅན། །སོ་སོའི་སྐྱེ་བོ་རྣམས་ལ་འོས། །འདི་ཡི་མཐར་ནི་སྟོན་པ་ཡི། །གདུགས་ཀྱི་ཚད་ལ་ངེས་པ་མེད། །བརྒྱ་ལྷག་རི་བར་བྱེ་བ་སྙེད། །མཆོད་རྟེན་ཡང་ནི་བྱ་བར་འོས། །དམན་
เล่ม ๑๖๖ · หน้า 56a
པ་བསེ་རུའི་སྤྱོད་པ་ལ། །གདུགས་ནི་རིམ་པ་བཅུ་གསུམ་སྟེ། །དེ་ལ་ཆར་ཁབ་མེད་པ་དག །བྱའོ་ཞེས་ནི་ཐོས་པ་ཡིན། །ལོགས་དག་ཏུ་ནི་སློབ་མ་ཟུང་། །སྟོན་པའི་མཆོད་རྟེན་དབུས་སུ་སྟེ། །ལྷག་མ་རྣམས་ནི་གྲལ་རིམ་བཞིན། །དེ་ཡི་ཕྱི་རོལ་འཕགས་མིན་
རྣམས། །སློབ་མ་རྣམས་ནི་ཕན་ཚུན་དུ། །རབ་གུས་མཉན་པས་བསྙེན་བཀུར་བྱ། །དགེ་འདུན་གྱིས་ཀྱང་ཆོ་ག་བཞིན། །སྨན་དག་གིས་ཀྱང་ཉེ་བར་བསྡུ། །ལྷུང་བཟེད་ཆུ་གཙང་དྲི་མ་མེད། །ཁྲུས་ཕྱིར་ནད་པ་སློང་ལ་སྦྱིན། །ལྷུང་བཟེད་ལན་གསུམ་བཀྲུས་ནས་ཀྱང་། །སངས་རྒྱས་ཚིགས་
བཅད་བཟླས་ནས་སོ། །སྨན་དག་བྱིན་ལེན་བྱས་ནས་ནི། །ཚུལ་ལྡན་ནད་པ་ལ་ནི་སྦྱིན། །བྱིན་ལེན་སྟོབས་པ་མེད་ན་ནི། །རང་ཉིད་ལེན་པ་ལ་ཡང་རུང་། །ཆོས་གོས་བྱིན་གྱིས་བརླབས་པ་དག །ནད་པ་ལ་ནི་མི་བསླང་སྟེ། །ཡང་ན་དེ་ཡིས་ཕུལ་ཡང་ནི། །དགེ་སློང་རྣམས་ཀྱིས་བགོ་མི་བྱ། །
གང་འདིར་ཆགས་པས་དེ་ལེན་དང་། །སྦྱིན་བདག་དེ་ལྟར་བསྐུལ་བ་དང་། །ངེས་པར་འགེགས་པ་ཉིད་ལ་བརྩོན། །དེ་དག་གསུམ་ཆར་སྐྱོན་དང་བཅས། །འཕགས་མིན་འཕགས་པའི་ནད་ལ་ཡང་། །ནམ་ཡང་ལེ་ལོ་མི་བྱ་སྟེ། །འཁྲུལ་འཁོར་ལ་སོགས་སྦྱོར་བ་དང་། །སྨན་པ་དད་པ་ཆུང་བས་
མིན། །སངས་རྒྱས་ལ་མཆོད་ཚོགས་སྟོན་མོ། །ནད་པ་གལ་ཏེ་གསོ་བྱེད་ན། །ངན་ཞིང་སྨན་ཡང་བྱིན་བརླབས་ཏེ། །ཆོས་གོས་སོགས་ཀྱིས་བྱ་བ་ཡིན། །དེ་ལ་ནོར་མེད་གྱུར་ལྟ་ན། །གང་ཡོད་གཞན་ལས་བསླངས་ནས་ཀྱང་། །ནུས་པ་ཇི་བཞིན་བསྒྲུབ་བྱ་སྟེ། །དེ་ཡིས་དད་པ་སྐྱེད་ཕྱིར་རོ། །
ཐ་ན་རྡོ་གུ་མེ་ཏོག་དང་། །ཕྱེ་མ་དང་ནི་བུམ་པའི་ཆུ། །བསྟེན་ནས་ཀྱང་ནི་མཆོད་པ་དག །དེ་ཡིས་ཉེ་བར་བསྟན་བཞིན་བྱ། །གང་ཞིག་དོན་མིན་ནད་ཀྱིས་གཟིར། །ནོར་ལ་ཡོངས་སུ་ཆགས་པ་ན། །འབད་པས་དེ་ནི་བླངས་ནས་དེར། །མཆོད་དང་བརྟུལ་ཞུགས་ཅན་སྟོན་བྱ། །རང་གི་ལྷུང་བཟེད་
གོས་སོགས་ཀྱང་། །དེ་ལ་བྱིན་ནས་དེ་ཡི་ཚེ། །ནད་གཡོག་གིས་ནི་བདེ་གཤེགས་སོགས། །མཆོད་པའི་ལས་ལ་བརྩོན་པར་བྱ། །ཁྱད་པར་དུ་ཡང་ནོར་བདག་ལ། །ཆགས་པས་གང་དུ་སྲོག་མི་འཆད། །ཅི་འདོད་དེ་ཡི་ལྷུང་བཟེད་སོགས། །ཡོན་ཏན་ལྡན་པ་གཞན་ལ་དབུལ། །དགེ་
เล่ม ๑๖๖ · หน้า 56b
སློང་ཚུལ་ཁྲིམས་ལྡན་ཡང་སྔོན། །ལྷུང་བཟེད་ལ་ནི་ཆགས་བཞིན་ཤི། །རང་གི་ལྷུང་བཟེད་ནང་དུ་ནི། །གདུག་པ་ཅན་གྱི་སྦྲུལ་དུ་སྐྱེས། །སྨན་དང་སྔགས་ཀྱི་སྦྱོར་བ་ཡིས། །གཞང་འབྲུམ་ལེགས་པར་གསོ་བྱ་སྟེ། །སྨན་པའི་མན་ངག་མེད་པར་ནི། །སེན་མོ་སོགས་ཀྱིས་གཅད་མི་བྱ། །
གང་ལ་སློབ་མ་ལ་སོགས་པའི། །ནད་གཡོགས་མེད་ཅིང་སྨན་མེད་ན། །དེ་ལ་སྨན་དག་སྦྱིན་པ་དང་། །ནད་གཡོག་ཀྱང་ནི་ཚོགས་ཀྱིས་བྱ། །མཛེ་ཅན་གྱིས་ནི་དགེ་འདུན་གྱི། །མལ་སྟན་ཉེར་སྤྱོད་སྤང་བྱ་སྟེ། །རྫིང་བུ་ལྗོན་ཤིང་ཉེ་འཁོར་དང་། །སྤང་ས་འདུག་ས་ལ་སོགས་སོ། །ཁང་
བཟངས་དང་ནི་ཁྱམས་ཀྱི་སྒོ། །གཡོས་ཁང་བཤང་གཅིའི་ཁང་པར་ནི། །མི་འདུག་དབེན་པར་གནས་བྱ་སྟེ། །དེ་ནི་ཚོགས་ཀྱིས་བསྐྱང་བར་འོས། །གཙུག་ལག་ཁང་གི་བདག་པོར་ནི། །ཤི་འམ་བཅིངས་སམ་རིང་སོང་ན། །དཀའ་བས་ཀྱང་ནི་ལོ་ལྔའི་བར། །གཙུག་ལག་ཁང་དུ་ལེགས་གནས་
བྱ། །ལོ་ལྔ་ལོན་ནས་དེ་དྲུང་གེ །གཙུག་ལག་ཁང་རྟེན་རྙེད་པ་དག །བླངས་ཏེ་དེ་རུ་གནས་བྱ་སྟེ། །བསྲུང་ཕྱིར་གསོ་སྦྱོང་ཐ་དད་དོ། །དེ་ལྟར་ལོ་ནི་བཅུར་གནས་ཀྱང་། །དེར་ནི་འཛིན་པོ་མེད་པ་ན། །མལ་སྟན་ལ་སོགས་དེ་བྱིན་ནས། །གཙུག་ལག་ཁང་གཞན་གནས་པར་བྱ། །འགྲོ་འདོད་
རྣམས་ཀྱིས་ཅི་འདོད་པར། །སྒོ་བསྡམས་རྒྱས་བཏབ་འགྲོ་བྱ་སྟེ། །སླར་ཡང་དེ་ནི་འཇུག་པ་ན། །དེ་ལ་འདུག་གནས་སྦྱིན་པར་བྱ། །གཙུག་ལག་ཁང་གཞན་དབང་བའི་དཀོར། །དགེ་སློང་གཞན་དུ་སྤྱོད་པ་བཀག །དགོས་པའི་ཕྱིར་དུ་དེ་མཐུན་པས། །ཡོངས་སུ་སྤྱོད་ལ་ཉེས་པ་མེད། །
སྦྱིན་བདག་རྣམས་ཀྱིས་མལ་སྟན་དག །གཙུག་ལག་ཁང་དུ་ཕུལ་བ་གང་། །མི་འདོད་ཀྱང་ནི་དེ་ལྟ་བུ། །གཞན་དུ་དབུལ་དུ་གཞུག་མི་བྱ། །ཚོགས་ཀྱི་གོས་ནི་གྱོན་ནས་ཀྱང་། །དགེ་སློང་རང་གི་ལས་བྱེད་བཀག །གོས་བཀྲུ་བ་དང་ཚོན་ལ་སོགས། །དེ་བཞིན་གཞན་ཡང་ཆེན་པོ་གང་། །
ཆར་དང་ཁ་བ་འབབ་པ་ན། །བླ་གབ་མེད་པར་མི་གཞག་ཅིང་། །བཤང་གཅི་ཡི་ནི་ས་དག་ཏུ། །དེ་གྱོན་པ་ནི་བཀག་པ་ཡིན། །གནས་མལ་གནས་སྐྱོང་མ་གཏད་པར། །མཚན་མོའི་དུས་སུ་འགྲོ་མི་བྱ།། །།བམ་པོ་དྲུག་པ། གཏོད་པ་ན་ཡང་ཡུལ་གཅིག་ལ། །གོ་བར་བྱས་ཏེ་
เล่ม ๑๖๖ · หน้า 57a
བཞག་པར་འདོད། །ཚོགས་ཀྱི་འདུག་སྟན་ལ་སོགས་ཀྱང་། །རྒན་རིམས་བཞིན་དུ་སྦྱིན་བྱ་སྟེ། །གློ་བུར་ལྷགས་པའི་ཆེད་དུ་ཡང་། །དངོས་པོ་གང་ཡང་ཀུན་ཏུ་གཞག །གནས་ཀྱི་དབྱེ་བས་དགོན་པར་ཡང་། །རྒན་རིམས་སོགས་ལ་ཅི་འདོད་པར། །ས་དང་ཤིང་གི་ཕུག་ལ་སོགས། །
རིམ་པ་ཇི་བཞིན་ཐོབ་པ་ཡིན། །དགོན་པའི་གློ་བུར་ལྷགས་པ་ལའང་། །དངོས་པོའི་སྐལ་བ་གཞག་བྱ་སྟེ། །ཆོས་གོས་ལ་སོགས་སྦས་ནས་ནི། །གནས་བྱ་གཞན་དུ་ལྟུང་བར་འགྱུར། །གང་དུ་ས་གཞི་ཁྲུ་དོ་ཡི། །ཚད་ཙམ་ལ་ཡང་མལ་དག་གནང་། །ཞབས་ཚགས་ཅན་དང་སོ་ཤིང་སོགས། །ཕ་གུ་དང་ནི་
སྨན་གྱི་སྣོད། །ཀུན་ནས་འཇམ་པོར་བྱུགས་ཏེ་བྱ། །གནས་ཁང་སོགས་སུ་འགྲོ་འདོད་པས། །སངས་རྒྱས་སྲས་ཀྱི་འདུག་གནས་ནི། །གཞིག་ནས་འགྲོ་བར་མི་བཞེད་དོ། །གནས་ཁང་འགྱེད་པ་ལ་སོགས་དུས། །མ་བསྒོ་བར་ནི་འགྲོ་བ་ནི། །སླར་ཡང་རྒན་རིམས་ཇི་བཞིན་དུ། །འདོད་ཀྱང་
དེ་ལ་འོས་མ་ཡིན། །གསར་བུ་རྣམས་དང་དེ་མཉམ་པར། །གནས་མལ་བཟའ་བ་འབྲས་བུ་དང་། །མེ་ཏོག་ལ་སོགས་སྦྱིན་པ་ཉིད། །བསྟན་པ་འདི་ལ་ཆོས་ཉིད་དོ། །ནད་ཚབས་ཆེ་ལ་གནས་ཁང་གཞན། །ཇི་ལྟར་འདོད་བཞིན་སྦྱིན་བྱ་སྟེ། །ཇི་སྲིད་ནད་སོས་གྱུར་གྱི་བར། །ཁས་ལེན་
མི་བྱེད་ན་ཡང་སྦྱིན། །གཙུག་ལག་ཁང་གི་ཕྱི་རོལ་དུ། །གོས་སྟན་མཐོང་ན་ནང་གཞུག་ཅིང་། །རྒན་པོ་ན་དང་ཉམ་ཆུང་གིས། །དགེ་སྐོས་དག་ལ་གོ་བར་བྱ། །དགེ་འདུན་མལ་སྟན་ཡོ་བྱད་དག །མེ་ཡིས་ཚིག་གམ་ཆུས་ཁྱེར་ན། །བདག་ཉིད་ཀྱིས་ནི་རྗེས་བསྲུང་སྟེ། །ངེས་པར་བསྐྱང་ངོ་
གྲོགས་མེད་ན། །དང་པོ་གང་ཟག་རྣམས་ཀྱི་སྟེ། །ཕྱི་ནས་ཚོགས་ཀྱི་དེ་ནས་ཆོས། །དེ་ནས་བདེ་བར་གཤེགས་པ་སྟེ། །འདི་ནི་དབྱུང་བའི་རིམ་པར་འདོད། །གོ་སྐབས་འབྱེད་བཅུག་ངེས་བརྟགས་ཏེ། །གང་ཕྱིར་ཐབས་ཀྱིས་བསྒྲུབ་པ་ཉིད། །དོན་གཉེར་དེ་ཡིས་དགེ་སློང་ལ། །མདོ་འམ་འདུལ་
ཉིད་དྲིས་ཏེའོ། །འདུག་པའི་ཐད་དུ་ཉེ་བས་སམ། །དེ་ཡིས་འགྲོ་བཞིན་དུ་ཡང་རུང་། །སྡོམ་བརྩོན་རང་ལ་བལྟ་བ་ཡིས། །ཀློག་དང་ཉེ་བར་བསྟན་པ་སྦྱིན། །ཉེ་བར་བསྟན་པ་འཛིན་པས་ཀྱང་། །བླ་མ་སངས་རྒྱས་དང་པོར་གུས། །རྩེ་གཅིག་ཉལ་བས་སྤངས་ནས་ནི། །ཉེ་བར་བསྟན་པ་ལན་གསུམ་
เล่ม ๑๖๖ · หน้า 57b
བཟུང་། །ཉེ་བར་བསྟན་པ་སྟོན་པ་པོ། །འདི་ཡིས་སྒྲ་ནི་མི་ཐོས་པའི། །ཕྱོགས་དེར་དེ་ལ་གཏད་ནས་ནི། །ལན་བརྒྱའི་བར་དུ་ཡང་ནི་བཟླ། །འདོན་དང་རྗེས་སུ་འདོན་སོགས་ཀྱི། །དབྱངས་ཀྱིས་ཐུབ་པའི་གསུང་མི་བསྒྲག །ཡུལ་སྐད་དག་དང་རྗེས་མཐུན་པས། །འདོན་པར་བྱེད་ལ་འགལ་བ་མེད། །
སྡོམ་བརྩོན་གང་ཞིག་ཁང་བཟངས་ཀྱི། །ཀ་བ་ལྗོན་ཤིང་རྩིག་པ་ལའང་། །རབ་ཏུ་བཏེག་ན་འགལ་ཚབས་ཅན། །དེ་ཡི་ཕྱིར་ན་དེ་མི་སྤྱད། །དཔུང་རྒྱན་དང་ནི་གཞན་མིན་པ། །སོ་སོར་འབྲང་མ་ལ་སོགས་གདགས། །ཕན་འདོད་སྔགས་ནི་བཟླ་བྱ་སྟེ། །གནོད་གྱུར་གསང་སྔགས་མ་ཡིན་
ནོ། །ལྷ་གཞན་ཕྱག་འཚལ་མཆོད་པ་ནི། །གསང་སྔགས་ཕྱིར་ཡང་བཀག་པ་ཡིན། །དཀོན་མཆོག་གསུམ་ལ་ཕྱག་བྱས་ནས། །གཞན་གྱི་གསང་སྔགས་བརྗོད་པར་བྱ། །ལྷུང་བཟེད་ཁ་སྦུབ་བྱས་པ་ལ། །སྟན་དང་སྟོན་མོ་བཟའ་བ་བཀག །དམ་པའི་ཆོས་ནི་སྟོན་པ་ན། །དད་ལྡན་
རྣམས་ཀྱིས་འདུས་བྱས་བསྟེན། །ས་གཞི་གོས་ཀྱིས་གཡོགས་པ་ལ། །འདུས་བྱས་མི་རྟག་འདུ་ཤེས་ཀྱིས། །དགེ་སློང་རྣམས་ཀྱིས་འགྲོ་བ་གནང་། །སྡོམ་བརྩོན་ཆོས་གོས་གསུམ་འཛིན་ལ། །ཁྲུས་ཀྱི་རས་བསྲེལ་རྗེས་སུ་གནང་། །ས་བོན་ཚོས་པར་དཀའ་བའི་རིགས། །རླངས་པས་
ཕོག་པ་སྤྱད་དུ་རུང་། །སྒྲེགས་པ་བྱུང་བ་དོར་ནས་ནི། །གུས་པས་ཁ་ནང་བཀྲུ་བར་བྱ། །སྔོན་ལས་བཟློག་དཀའ་ལས་གྲུབ་པའི། །མེད་པ་གཉིས་ཡོད་མ་གཏོགས་སོ། །མངོན་མཚན་ཅན་དག་འཆང་བ་ནི། །དགེ་འདུན་ཉིད་ལ་རྗེས་སུ་གནང་། །བསོད་སྙོམས་པ་ཡི་ཆོས་གོས་ལ། །མདུད་པ་བོར་བ་ལ་
སོགས་མིན། །ཐམས་ཅད་ཁ་དོག་གཅིག་པ་ཡི། །གོས་རྣམས་ཉེ་བར་ལོངས་སྤྱད་མིན། །མེ་ཏོག་འབྲས་བུ་ཤིང་སོགས་དྲུང་། །གཅི་སོགས་ཀུན་ཏུ་སྤྱད་པ་སྤང་། །སྟེང་དུ་ཤིང་ལས་བྱ་བ་སྟེ། །རྡོ་ཡི་སྐས་ནི་མ་ཡིན་ནོ། །རླུང་ནད་ཅན་གྱིས་ཕྱག་མི་བྱ། །དེ་ལ་ཡང་ནི་གཞན་གྱིས་མིན། །ལུས་
གཙང་བྱི་དོར་བྱས་ནས་ནི། །ཆོས་གོས་ལེགས་པར་བགོ་བར་བྱ། །དེ་ལུས་མཉེད་པའི་བསམ་པ་ཡིས། །བསྐུ་མཉེ་བྱས་ལ་ཉེས་པ་མེད། །ལི་ཤའི་མེ་ཏོག་ལ་སོགས་པ། །རྙེད་ན་དབེན་པར་འདུག་ནས་ནི། །སྦྱིན་བདག་རྣམས་ལ་ཕན་འདོད་ཅིང་། །ལྟ་བྱེད་ཚིམ་རྒྱས་དོན་དུ་བསྣམ། །ཆོས་
เล่ม ๑๖๖ · หน้า 58a
གོས་འཇམ་ཕྱིས་བྱས་པ་སྔོན། །དགའ་བོ་ལ་ནི་མཛེས་མས་བྱིན། །སྐུར་འདེབས་གྱུར་གསན་ཐུབ་དབང་གིས། །དགག་པའི་ཚུལ་འདི་རབ་ཏུ་གསུངས། །བརྡུངས་ནས་འཇམ་པོར་བྱས་པ་ཡི། །ཆོས་གོས་བཅང་བར་མི་བྱ་སྟེ། །དེ་ནི་སུ་ཞིག་འཆང་བྱེད་པ། །ངེས་པར་འགལ་
ཚབས་ཅན་དུ་འགྱུར། །ཕག་གི་ཡན་ལག་ལ་སོགས་དང་། །བུ་རམ་ཤིང་ལ་སོགས་པ་དག །ཆོམ་རྐུན་གྱིས་ནི་བོར་བ་གང་། །སྐྱེ་བོས་མཐོང་བ་བླང་བར་བྱ། །རྒྱབ་དང་མགོ་བོ་རྐེད་པ་ཡིས། །ཁུར་པོ་ཁུར་བའི་སྡོམ་བརྩོན་གང་། །དེ་ཡི་འགལ་ཚབས་སྡུག་བསྔལ་གྱིས། །འཇིག་རྟེན་
ཕ་རོལ་གཟིར་བར་བྱེད། །སྲིན་བུས་ལ་བ་རིན་པོ་ཆེ། །ཟོས་པ་ལ་ནི་ནིམ་པ་དང་། །འདབ་མ་བདུན་པ་ལ་སོགས་པའི། །ལོ་མའི་ཕྱེ་མས་བསྒོ་བར་གསུངས། །ཕ་ནི་དབུལ་པོ་མ་ཡིན་པས། །བུ་ལ་ནོར་སྐལ་སྟེར་བ་ན། །ཚུལ་ཁྲིམས་ལྡན་པས་བླངས་ནས་ནི། །དཀོན་མཆོག་གསུམ་གྱི་
དགོས་པ་བྱ། །མཚམས་གཞན་གནས་པས་དེ་ཡི་ཚེ། །འདུན་པ་ཕུལ་ན་ཉེས་བྱས་ཏེ། །འབུལ་དུ་བཅུག་ཀྱང་མི་འཆགས་པས། །ངེས་པར་ཉེས་བྱས་ལས་གཞན་མིན། །ལ་བ་ལ་སོགས་བཟང་པོ་གང་། །ཚོགས་ཀྱི་ཅི་བདེར་ཐོབ་པ་ན། །དེ་ནི་བཙོངས་ཏེ་བགོ་བྱ་ཡི། །གཤག་
ཅིང་གཏུབ་པར་མི་བྱའོ། །གནས་མལ་རབ་ཏུ་མ་བརྟགས་པར། །ཉལ་བ་ལ་ནི་ཉེས་བྱས་འགྱུར། །རྟ་དང་ཁྱིམ་བྱ་བར་ཏེ་ཀེ །གླང་སོགས་འཐབ་ཏུ་གཞུག་མི་བྱ། །བདེ་གཤེགས་ཀྱིས་ནི་གཉིས་པོ་ལ། །པུས་འཁྱུད་རྗེས་སུ་གནང་བ་སྟེ། །ལུས་ནི་ནད་ཀྱིས་ཉམས་པ་དང་། །གཞན་
ཡང་རྒན་པོ་དེ་ལའོ། །གནས་ནས་འགྲོ་བར་འདོད་པ་ཡིས། །སླར་ཡང་འོང་བར་འདོད་པ་ན། །གནས་མལ་ཀུན་ནས་སྦྱངས་ནས་ནི། །ལེགས་པར་གཏད་དེ་འགྲོ་བར་བྱ། །གང་ལ་གཏད་པ་དེ་ཡིས་ཀྱང་། །དེ་ནི་འབད་པས་ཀུན་ཏུ་བསྲུང་། །འོངས་ནས་སླར་ཡང་སྦྱིན་བྱ་སྟེ། །རྟགས་སམ་གོ་
བར་བྱས་ཏེའོ། །གང་སྔོན་བྲང་འགྲོ་མ་མཐོང་ནས། །མནན་པས་དགེ་སློང་བཟུང་ནས་ནི། །གཉིས་ཀ་ཡང་ནི་ཤི་བར་གྱུར། །དེས་ན་འདི་ནི་གོ་བྱེད་ཡིན། །བརྟུལ་ཞུགས་ཅན་གྱིས་ཟླ་ཕྱེད་དེར། །ཚེས་བརྒྱད་དང་ནི་བཅོ་ལྔ་ལ། །གནས་མལ་ལེགས་པར་སྦྱང་བར་བྱ། །མ་སྦྱངས་ན་ནི་
เล่ม ๑๖๖ · หน้า 58b
བསླབ་ནི་འཐོབ། །གནས་ཁང་བཟང་པོ་དེར་བསྒྲུབས་པ། །ཚོགས་ལ་ཉེ་བར་མཁོ་བ་ཡང་། །སྔོན་དུ་གང་འོས་ཐོབ་པས་སྦྱང་། །རྒན་རིམས་ཇི་བཞིན་འདིར་ཡོད་མིན། །བྱ་བ་ཡོངས་སུ་རྫོགས་པ་ན། །སྣོད་སྤྱད་དང་ནི་ཡོ་བྱད་གོས། །སྔོན་དུ་བླངས་ནས་ཁྱེར་བྱ་སྟེ། །ཕལ་པའི་ལས་
ཀྱིས་མ་ཡིན་ནོ། །ཚོགས་ཀྱི་གནས་མལ་བཟང་པོ་ཉིད། །གང་ཟག་དབང་ལ་དེ་མི་འདོད། །རྒྱབ་རྟེན་བཅས་པའི་སྟན་དག་ནི། །གཉིས་ཀ་ལ་ཡང་རྗེས་སུ་གནང་། །ལོ་གསུམ་ཁྱད་པར་ཞུགས་པ་དང་། །ལྷན་ཅིག་སྟན་གཅིག་ལ་མི་འདུག །དགེ་སློང་བསྙེན་པར་མ་རྫོགས་དང་། །ལྷན་
ཅིག་སྟན་ལ་རུང་མ་ཡིན། །མཁན་པོ་དང་ནི་སློབ་མ་ཡང་། །ཁྱིམ་པའི་ཁྱིམ་དུ་རྗེས་སུ་གནང་། །སྟན་ཅིག་ལ་འདུག་དེར་ཡང་ནི། །གཉིས་པ་ཅུང་ཟད་མེད་ནའོ། །མལ་སྟན་ལ་སོགས་བླངས་ནས་ནི། །འཇིགས་བཅས་གཞན་དུ་འགྲོ་བ་ན། །སྡོམ་བརྩོན་གྱིས་དེར་ལོངས་སྤྱད་ནས། །
འཇིགས་བྲལ་ཚེ་ན་གཏད་པར་བྱ། །འདི་ལ་འཇིགས་དང་བྲལ་ནས་ནི། །སྔར་བཞིན་ཡང་དག་ཡོངས་སུ་སྤྱད། །རྡོལ་དང་རལ་དང་ཟགས་པ་དག །ཆོ་ག་བཞིན་དུ་བཅོས་པར་བྱ། །གང་དེར་གདིང་བ་ལ་སོགས་པ། །སྤྱད་མི་བཟོད་དག་ལོངས་སྤྱོད་ཕྱིར། །དེ་ཡིས་ས་ལྕིར་ལེགས་བསྲེས་
ནས། །རྩིག་པའི་ཁུང་བུ་ལ་སོགས་བྱུག །དེ་ལྟར་ལེགས་པར་སྦྱར་ན་ནི། །སྦྱིན་འབྲས་བདེ་བའི་དོན་དུ་འགྱུར། །སྦྱིན་བདག་རྣམས་ཀྱི་བསོད་ནམས་རྒྱུན། །མི་འཆད་པ་ཡི་རྒྱུ་ཡིན་ནོ། །གཙུག་ལག་ཁང་གཞན་རྙེད་པ་ནི། །སྤྱད་དེ་གཞན་དུ་གནས་པ་ན། །དེ་ཡིས་གོང་ངམ་དུ་ན་ཡང་། །ཐམས་
ཅད་རིན་ཚད་གཞལ་བར་བྱ། །དགེ་འདུན་དག་གི་གནས་མལ་ལ། །ཤེས་བྱེད་མཚན་མ་གདབ་པར་བྱ། །ཆེ་གེའི་སྦྱིན་བྱའི་ཆོས་ཡིན་ཞེས། །མཛེས་པའི་ཡི་གེ་རྣམས་ཀྱིས་སོ། །ཁྲི་སྟེང་ཁྲི་ནི་བརྩེགས་པ་ལ། །དགེ་སློང་འདུག་པར་བྱེད་པ་དེ། །ཉེས་བྱས་དུང་གི་སྒྲ་གཅན་གྱིས། །
བདས་ཏེ་དེ་ནི་འོག་ཏུ་ལྟུང་། །དགེ་ཚུལ་གང་ཞིག་དད་པ་ཅན། །སློབ་ལ་རབ་གུས་བློ་ལྡན་གྱི། །ཚོགས་ལ་གོ་བྱས་དེ་དག་གི །གནས་མལ་ལ་ནི་རུང་བ་ཉིད། །ཀོ་ལྤགས་ལས་གྱུར་མལ་སྟན་དག །ཡུལ་གྱི་དབུས་སུ་བཀག་པ་སྟེ། །ཁྱིམ་པའི་ཁྱིམ་དུ་འདུག་ཙམ་རུང་། །དེར་ཡང་ཉལ་བ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด