ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཏྲིང་ཤ་ཏ་ཀཱ་རི་ཀཱ་བྱཱ་ཁྱཱན
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๖ · หน้า 189a
ཡན་ལག་ཡིན་ལ་རྒྱན་ནི་མཛེས་པར་བྱེད་པའོ། །བཀྲོལ་བར་གྱུར་པ་ནི་ལུས་ཀྱི་ཡན་ལག་ལས་ཐ་དད་པར་བྱས་པར་གྱུར་པ་ན་བརྐུས་པ་ཡིན་ཏེ། དེ་ནི་འདིར་གནས་ནས་བསྐྱོད་པ་ཡིན་ནོ། །གང་གི་ཕྱིར་ལུས་ལ་བཏགས་པའི་རྒྱན་གྱིས་ནི་གནས་ལུགས་ཀྱི་ཕྱོགས་
གཅིག་མ་ཡིན་ཏེ། གང་གིས་བཏགས་པའི་ཕྱོགས་ལས་གཞན་དུ་བཀྲུལ་བས་ཀྱང་བཅོལ་བའི་རྫས་འདྲེན་པར་བྱེད་པ་དང་འདྲ་བར་ཉེས་བྱས་སུ་འགྱུར་རོ། །དཔེར་ན་ལག་ངར་ལ་བཏགས་པའི་གསེར་གྱི་གདུ་བུ་དཔུང་མགོ་ལ་ཐུག་པར་བཀྲུལ་ན་ཡང་ཉེས་པར་འགྱུར་ན། དེ་ལྟ་ནི་མ་ཡིན་པ་དེའི་
ཕྱིར་ཇི་སྐད་དུ་བཤད་པ་བརྐུས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ད་ནི་ཤོ་གམ་ཞེས་བྱ་བ་ལ་སོགས་པས་ཤོ་གམ་རྐུ་བ་འཆད་པར་བྱེད་དེ། བརྐུས་པར་འགྱུར་ཞེས་བྱ་བ་རྗེས་སུ་འཇུག་པ་ཡིན་ནོ། །ས་ནི་འདིར་ཤོ་གམ་གྱི་ས་ཡིན་པར་དགོངས་སོ། །དེའི་སྐབས་ཡིན་པ་དེའི་ཕྱིར་ཡུལ་གང་དུ་སའི་
ཆ་ཇི་སྲིད་ཅིག་ཏུ་ཕྱིན་པར་གྱུར་ན་ཤོ་གམ་གཞལ་དགོས་པ་དེ་ཉིད་ཤོ་གམ་གྱི་ས་ཡིན་པ་དེ་བས་ན་ས་དེ་ཉིད་ལས་ཡིན་གྱི་ནམ་མཁའ་ལས་ནི་མ་ཡིན་ནོ། །འདས་པ་ནི་རྒལ་བ་ཡིན་ཏེ་དེ་ལས་འདས་ན་ཤོ་གམ་བརྐུས་པར་འགྱུར་རོ། །གང་ལས་འདས་པ་ཞེ་ན། གནས་ནས་ཞེས་སྨོས་པ་ཡིན་ཏེ།
གནས་ནི་ཤོ་གམ་གྱིས་ཞེས་བྱ་བའི་དོན་ཏོ། །ས་ཉིད་ཅེས་བྱ་བའི་ཉིད་ནི་ས་གཞན་ལས་འདས་པ་ལ་ཉེས་པ་མེད་པའི་ཕྱིར་དེ་རྣམ་པར་གཅོད་པར་བྱེད་པ་ཡིན་ལ། ས་ལ་གནས་པའི་སྔགས་ལ་སོགས་པའི་སྟོབས་དང་། ནམ་མཁའ་ནས་འདྲེན་པར་བྱེད་པ་དེ་ཡང་དོན་དམ་པར་ས་ཉིད་ལས་འདྲེན་
པར་བྱེད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་རྫུ་འཕྲུལ་དང་སྔགས་དང་སྨན་གྱི་སྟོབས་ཀྱིས་ཤོ་གམ་གྱི་ས་དང་རྗེས་སུ་འབྲེལ་པ་མེད་པར་འདྲེན་པར་བྱེད་པ་གང་ཡིན་པ་དེ་ཡང་རྣམ་པར་གཅོད་པར་བྱེད་པ་ཡིན་ནོ། །ཤོ་གམ་ཞེས་བྱ་བ་ནི་ཤོ་གམ་པ་ལ་སྦྱིན་པར་བྱ་བ་ཡིན་ཏེ། ཤོ་གམ་དུ་འོས་པའི་
རྫས་གནོད་འདས་པར་བྱེད་ན་ཤོ་གམ་འདས་པ་ཞེས་བྱ་བའི་ཉེས་པ་འདི་ཉིད་དུ་འགྱུར་རོ། །ཤོ་གམ་དུ་འོས་པའི་རྫས་ཁྱད་པར་ཇི་ལྟ་བུ་ཞེ་ན། འཇིག་རྟེན་གྱིས་རྣམ་པར་གཞག་པའི་ཟོང་དུ་གྱུར་པ་ཉིད་ཡིན་གྱི་ཡོངས་སུ་ལོངས་སྤྱད་པར་བྱ་བའི་དོན་གྱི་གོས་ལ་སོགས་པ་ཡང་མ་ཡིན་ལ། གཞན་
เล่ม ๑๖๖ · หน้า 189b
ལ་བསྔོས་པ་ཡང་མ་ཡིན་ཞིང་གསེར་ཡང་མ་ཡིན་ཏེ། རྣམ་པར་གཞག་པ་བསྟན་པ་ལས་སྟོབས་ཀྱིས་ཤོ་གམ་ལེན་པར་བྱེད་པའི་ཤོ་གམ་པ་དག་རྐུན་པོར་གྱུར་པ་ཉིད་ཡིན་པའི་ཕྱིར་ཤོ་གམ་དང་བྲོས་པར་གྱུར་པ་ལ་ཡང་ཉེས་པ་མེད་པ་ཡིན་ནོ། །རྐུན་པོ་ལ་ལམ་ལ་སོགས་པ་སྟོན་པར་བྱེད་པའི་
སྒོ་ནས་གྲོགས་སྒྲུབ་པར་བྱེད་པ་ན་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་སྟོན་པར་བྱེད་པ་ལ། རྐུན་པོ་ནི་རྫས་འཕྲོག་པར་བྱེད་པ་ཡིན་ནོ། །གྲོགས་བྱེད་པ་ནི་ཐན་གྲོགས་བྱེད་ནའོ། །དེ་གང་གིས་ཤེ་ན། སྡོམ་ཅན་ཏེ་དགེ་ཚུལ་གྱིས་སོ། །རྣམ་པ་གང་གིས་ཤེ་ན། ལམ་སོགས་ཞེས་བྱ་བ་སྨོས་ཏེ།
ལམ་དང་པོར་བྱས་པའི་ཁྱིམ་དེ་ན་བུད་མེད་ཀྱི་ཚོགས་ནི་མང་ལ་སྐྱེས་པའི་ཚོགས་ནི་ཉུང་ཞིང་ཉེ་བ་ན་ནགས་ཐིབས་པོ་མེད་ལ་མི་སྲུན་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལམ་སོགས་ཡིན་ཏེ། དེ་དག་ཉེ་བར་སྟོན་པས་བསྟན་པ་དེ་ནི་ལམ་སོགས་བསྟན་པ་སྟེ། ཐན་གྲོགས་
སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །སྐལ་བ་ནི་སོ་སོའི་ཐོབ་སྐལ་དང་ཆ་ཡིན་ལ་དེ་འདོད་པ་ན་སྲེད་པ་ཡིན་པ་དེ་བས་ན། སྐལ་བ་འདོད་ཕྱིར་ཏེ་རྒྱུ་དེས་དགེ་ཚུལ་གྱི་བརྟུལ་ཞུགས་ཉམས་པར་འདོད་པ་སྟེ་བརྟུལ་ཞུགས་ཉམས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཅི་ཉེ་བར་སྟོན་པ་ཙམ་ཁོ་ནས་འགྱུར་
རམ་ཞེ་ན། སྐལ་བ་ཐོབ་ན་ཞེས་བྱ་བ་སྨོས་པ་ཡིན་ཏེ། སྐལ་བ་ཐོབ་པར་གྱུར་ན་དེར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་དགེ་སློང་དག་ཉེ་དུའམ་གཞན་དག་ལ་གཞན་གང་གིས་ཆད་པས་གཅོད་པར་བྱེད་པར་འགྱུར་བ་དེའི་ཚེ་ཡང་ཉེས་པར་འགྱུར་རོ་ཞེས་གསུངས་པ་དེ་ཡང་གང་གི་ཚེ་
འགྱུར་ཞེ་ན། ཚུལ་མིན་ཆད་པས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཚུལ་ནི་ཉེས་པ་དང་རྗེས་སུ་མཐུན་པ་བསྟན་བཅོས་ལས་བསྟན་པ་གཟུང་ངོ་། །དེ་ལས་རྣམ་པ་གཞན་དུ་སྨོས་པ་ནི་ཚུལ་མིན་བཅད་པའོ། །ཚུལ་མིན་ཆད་པ་དེས་ཆད་པ་ཐོབ་ན་རིན་ཐང་ཇི་ལྟ་བ་དང་བསམ་པ་ཇི་ལྟ་
བ་བཞིན་དུ་ཉེས་པར་འགྱུར་རོ། །ཇི་ལྟ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཞིང་ལས་ནི་ཁ་ན་མ་ཐོ་བ་ཆེན་པོ་བཅས་པ་ཡིན་ནོ་ཞེས་ཞིང་གི་ལས་བཀག་པ་མཛད་པ་དེ་ལྟ་ན་ཡང་ཞིང་ལས་ཙམ་གྱིས་མཐའི་ཉེས་པར་འགྱུར་བ་ནི་མ་ཡིན་མོད་ཀྱི་འོན་ཀྱང་སྲོག་ཆགས་མང་པོ་དག་འཆི་བར་འགྱུར་བ་
เล่ม ๑๖๖ · หน้า 190a
དེ་བས་ཀྱང་བཅས་པ་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་བ་དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་ན་ཡང་གལ་ཏེ་བྱས་པ་ལས་མཐའི་ཉེས་པ་འགྱུར་བ་ནི་བདག་ལ་ལེགས་ཤིང་ཞེས་བྱ་བ་ལ་
སོགས་པས་ཇི་ལྟ་བ་ད་ལྟར་སྟོན་པར་བྱེད་པ་ཡིན་ཏེ། གཞན་གྱི་ཞིང་ནི་གཞན་དག་གི་ཞིང་ལའོ། །གལ་ཏེ་དགེ་ཚུལ་གྱིས་གཞན་གྱི་ཞིང་དེ་ལ་ཆུ་འདྲེན་པར་བྱེད་པ་དང་གཅོད་པར་བྱེད་པ་ནི་ཆུ་འདྲེན་གཅོད་བྱེད་ན་སྟེ་འདི་ལ་རྩ་བ་ཉིད་དུ་འགྱུར་རོ། །འདི་ལ་ཞེས་བྱ་བ་ནི་འདྲེན་པར་བྱེད་པ་ལ་སོགས་
པ་ལའོ། །ཆུ་འདྲེན་ཞེས་བྱ་བ་ནི་གང་གི་ཚེ་ཆུ་མང་བར་གྱུར་པ་དེའི་ཚེ་བདག་ཉིད་ཀྱི་ཞིང་ལས་བོར་ཞིང་གཞན་གྱི་ཞིང་ལ་ཆུ་འདྲེན་པར་བྱེད་པ་ཡིན་ལ། གཅོད་པ་ནི་ཆུའི་ཚོགས་ཉུང་བར་གྱུར་པ་ན་གཞན་དག་གི་ལས་ཟློག་པར་བྱེད་པ་ཡིན་ཏེ། བཅད་པ་ཙམ་ལས་བདག་གི་རྙེད་པ་ཡང་མ་ཡིན་
པའི་ཕྱིར་བཅད་པ་སྔོན་དུ་སོང་བའི་བདག་ཉིད་ཀྱི་ལ་འདྲེན་པར་བྱེད་པ་སྟེ་འདིར་གཅོད་པར་བྱེད་པ་ཡིན་པར་གཟུང་ངོ་། །བསམ་པ་གང་གིས་ཤེ་ན། བདག་ལ་ལེགས་ཤིང་ཞེས་བྱ་བ་སྨོས་ཏེ། ནས་འབྲུ་བདག་ལ་ལེགས་པར་གྱུར་ཅིག་གཞན་ལ་ཉེས་པར་གྱུར་ཅིག་ཅེས་བྱ་བའི་བསམ་པ་
འདིས་བྱས་ན་རྩ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་དེ་ཙམ་ཞིག་བྱས་པས་རྩ་བར་འགྱུར་རམ་ཞེ་ན། མ་ཡིན་ཏེ་བདག་གི་འབྲུ་རྙེད་པར་གྱུར་པ་ནི་བདག་གི་འབྲུ་རྙེད་ན་སྟེ་བདག་གི་འབྲུ་རྙེད་པར་གྱུར་པ་དེ་ལའོ། །གལ་ཏེ་དེ་ཡང་རྙེད་ལ་གཞན་གྱི་འབྲུ་ཉམས་པར་གྱུར་པ་དེའི་ཚེ་བརྐུས་པ་
ཡིན་ནོ། །འདི་སྐད་དུ་བདག་གི་འབྲུ་ལེགས་པར་གྱུར་ཅིག་གཞན་གྱི་འབྲུ་ཉེས་པར་གྱུར་ཅིག་ཅེས་བྱ་བའི་བསམ་པས་ཆུའི་ཚོགས་མང་པོར་གྱུར་པ་ན་བདག་ཉིད་ཀྱི་ཞིང་ལས་བཅད་ནས་གཞན་གྱི་ལ་འདྲེན་པར་བྱེད་ལ། བདག་གི་ལེགས་པར་གྱུར་ཅིག་ཅེས་གཞན་གྱི་ཞིང་ཉམས་པར་གྱུར་ན།
དེ་ལ་དངོས་པོ་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་རོ་ཞེས་བསྟན་པར་འགྱུར་ཏེ། གང་དུ་ཞིང་འདུས་བྱས་པའི་ཁྱད་པར་གྱི་དབང་ལས་རྙེད་པར་འགྱུར་བ་དེ་བརྐུས་པ་མ་ཡིན་ཞིང་། གང་ཆུ་འདྲེན་པར་བྱེད་པ་ལ་སོགས་པ་ལས་རྙེད་པ་དེ་འདིར་གཞན་དག་ལས་བརྐུས་པ་ཡིན་ནོ། །རང་གི་
เล่ม ๑๖๖ · หน้า 190b
ལས་ཀྱི་མཐའ་འདུས་བྱས་པའི་ཁྱད་པར་གྱི་དབང་དང་། ཞིང་གི་ཡོན་ཏན་ལས་ནི་མ་ཡིན་ཏེ་དཔེར་ན་བདག་གི་ཞིང་དང་གཞན་གྱི་ཞིང་ཆུ་མཉམ་པོའི་སྒོ་ནས་ཐམས་ཅད་དུ་གལ་ཏེ་ཁལ་གཉིས་གཉིས་མཉམ་པོར་གྲུབ་པ་ཡིན་ལ། བདག་ཉིད་ཀྱི་ཞིང་འདུས་བྱས་པའི་ཁྱད་པར་དང་། ཆུ་བཅུས་
པ་ལ་སོགས་པ་བྱས་པ་དེ་ལས་གཞན་གྱི་ལས་ནི་ཁལ་གཅིག་འབྱུང་ལ་བདག་ཉིད་ཀྱི་ལས་ནི་ཁལ་གསུམ་འབྱུང་བར་གྱུར་ན་དེ་ལ་གལ་ཏེ་ཆུ་མཉམ་པོར་བཅུས་པར་གྱུར་པ་ལས་གཞན་གྱིས་ནི་ཁལ་ཕྱེད་དང་གཉིས་ཡིན་ལ། བདག་གི་ཁལ་ཕྱེད་དང་གསུམ་བྱུང་བ་ལས་ཆུ་མཉམ་པོ་ནི་ཕྱེད་དང་གཉིས་
ཡིན་ལ། གཅིག་ནི་ཞིང་འདུས་བྱས་པའི་ཁྱད་པར་ལས་ཡིན་པ་དེའི་ཕྱིར་གཞན་གྱི་ཁལ་ཕྱེད་ཉམས་པར་གྱུར་པ་དེ་འདིར་བསྡུས་པ་ཡིན་ཏེ། དེ་བརྐུས་པ་ཡིན་གྱི་ཞིང་འདུས་བྱས་པའི་དབང་ལས་བྱུང་བ་ཅིག་ཤོས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བདག་གི་འབྲུ་རྙེད་གཞན་གྱི་འབྲུ་ཉམས་ན། །ཞེས་
བྱ་བ་ནི་ཕ་རོལ་པོའི་འབྲུ་ཉམས་པར་གྱུར་པས་བདག་ཉིད་ཀྱི་འབྲུ་རྙེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་རང་གི་ལས་ཀྱི་མཐའ་གྲུབ་པ་དེའི་དོན་དུ་ཅིག་ཤོས་ཉམས་པར་བྱས་ནས་ཞེས་བྱ་བ་ལ་སོགས་པ་མདོར་མཛད་པ་ཡིན་ཏེ། དེ་ཡང་འདིར་རང་གི་ལས་ཀྱི་
མཐའ་གྲུབ་པ་གང་ཡིན་པ་དེ་བརྐུས་པར་འགྱུར་རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཉམས་པར་བྱས་པ་སྟེ་ལས་ཀྱི་མཐའ་འདུས་བྱས་པའི་རྒྱུ་ལས་འབྱུང་བའི་ལྷག་མར་གྱུར་པ་དང་བྲལ་ཞིང་ཉམས་པ་ནི་གྲུབ་པ་ཡིན་ཏེ། ཉམས་པ་ཞེས་བྱ་བའི་དོན་དུ་འགྱུར་རོ། །ཉམས་པ་ཞེས་བྱ་བའི་
གྲུབ་པ་ཁྱད་པར་དུ་བྱེད་པ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་གྲུབ་པ་བརྐུས་པ་ཡིན་ནོ། །རྒྱུན་དུ་གཏོགས་པའམ་ཞིང་གི་ཁོངས་སུ་འདུས་པའི་ཆུ་ཞེས་ཁྱད་པར་མེད་པར་ཁོང་དུ་ཆུད་པར་བྱའོ། །ཆུ་འདྲེན་པར་བྱེད་པའི་སྒོ་ནས་གྲུབ་པ་བརྐུས་པ་ཡིན་གྱི་ཆུ་བརྐུས་པ་ནི་མ་ཡིན་ཏེ། རྣམ་པ་གཞན་
དུ་ན་བདག་ཉིད་ཀྱི་ལས་ཀྱི་མཐའ་ལས་ཆུ་འདྲེན་པར་བྱེད་པའམ་ཟློག་པར་བྱེད་ཅིང་གཞན་གྱི་ལས་ཀྱི་མཐའ་ལ་འདྲེན་པར་བྱེད་ན་ཉེས་པ་མེད་པར་འགྱུར་རོ། །རྩ་བ་ཉིད་དུ་འགྱུར་ཞེས་བྱ་བའི་ཚིག་གིས་དངོས་པོ་ཡོངས་སུ་ཚང་ན་དངོས་གཞི་ཉིད་དུ་འགྱུར་རོ་ཞེས་རིག་པར་བྱའོ། །བདག་ལ་ལེགས་
เล่ม ๑๖๖ · หน้า 191a
ཞེས་བྱ་བའི་ཚིག་ཅིའི་ཕྱིར་ཏེ། གང་གི་ཕྱིར་གཞན་ལ་ཉེས་བྱས་འགྱུར་ཞེས་བྱ་བའི་ལན་དེ་ཙམ་ལ། བདག་ཉིད་ཀྱི་འབྲུ་ལྟོས་པ་དང་བཅས་པ་ཡིན་པས་གཞན་གྱི་ཉམས་པར་གྱུར་ལ། དངོས་པོ་ཡོངས་སུ་ཚང་ན་ཡང་དངོས་གཞིར་འགྱུར་བ་ཡིན་ནོ་ཞེ་ན། ཆུད་
གཟན་པར་ཐལ་བར་དགོངས་པ་དེའི་ཕྱིར་ཚིག་འདི་སྨོས་པ་ཡིན་ནོ། །གཞན་ལ་ཉེས་གྱུར་ཅེས་བྱ་བ་ཅིའི་ཕྱིར་ཏེ། གང་གི་ཕྱིར་གཞན་དག་གི་རྫས་ཉམས་པར་འགྱུར་བའི་འཚེ་བ་མེད་པར་བདག་གི་ལེགས་པར་མི་འགྱུར་རོ་ཞེ་ན། ཆུ་གཅོད་པ་ལ་སོགས་པའི་འཚེ་བ་ཙམ་ཁོ་ན་ལས་ལེགས་པར་
བརྐུས་པར་འགྱུར་རོ་ཞེས་འཇིག་རྟེན་གྱིས་བརྐུས་པར་རྣམ་པར་འཇོག་པ་ཡིན་ན་ནི་འཇིག་རྟེན་པ་ཡང་བདག་གི་ལེགས་པ་ཙམ་གྱི་བསམ་པའི་དབང་ལས་རྐུ་བ་རྣམ་པར་འཇོག་པར་མི་བྱེད་དོ། །བདག་གི་འབྲུ་རྙེད་ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། རང་གི་ལེགས་པ་མེད་པར་གཞན་གྱི་འབྲུ་ཉམས་པ་ཙམ་
ཁོ་ན་ལས་བརྐུས་པར་མི་འགྱུར་ཏེ་གང་གི་ཕྱིར། ཅུང་ཞིག་ཀྱང་དེས་བརྐུས་པ་མེད་པའི་ཕྱིར་འདི་སྨོས་པ་ཡིན་ནོ། །གཞན་གྱི་འབྲུ་ཉམས་པ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གཞན་དག་གི་འབྲུ་ཉམས་པ་མེད་པར་རང་ཉིད་ཀྱི་གྲུབ་པ་ཙམ་ལས་གཞན་གྱི་ཅུང་ཞིག་ཀྱང་བརྐུས་པ་མེད་
པའི་ཕྱིར་འདི་སྨོས་པ་ཡིན་ནོ། །རྫས་ཤིག་ཅེས་བྱ་བ་ལ་སོགས་པས་ས་ལ་རྫས་བཤལ་བས་རྐུ་བ་སྟོན་པར་བྱེད་དེ། བརྐུ་བར་བྱ་བའི་རྫས་ས་ལ་བཤལ་བ་ནི་འདྲེན་པ་ལ་བྱའོ། །འདྲེན་པར་བྱེད་པ་དེ་ལས་རྐུ་བ་ན་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། རྫས་ཤིག་ཅེས་བྱ་བ་ལ་སོགས་པ་སྨོས་
པ་ཡིན་ཏེ། བརྐུ་བར་བྱ་བའི་རྫས་ལ་ངོས་བཞི་ཡོད་པར་འགྱུར་བ་དེ་ལ་ངོས་ཀྱི་སྣ་གང་ནས་བཤལ་བ་དེ་ལས་རྒྱབ་ཕྱོགས་སུ་གྱུར་པའི་ངོས་ན་ངོས་གཞན་ཡིན་ཏེ་ངོས་གཞན་དེའི་རྟེན་དུ་གྱུར་པའི་ས་གང་ཡིན་པ་དེ་ནི་ངོས་གཞན་ས་ཡིན་པ་དེ་མཚམས་ཡིན་པས་དེ་སྐད་ཅེས་བྱའོ། །མཚམས་
ཀྱི་སྒྲས་རིབ་མ་དང་། གས་པ་དང་། ཡི་གེ་དང་། ཚིག་དང་། ཆོད་པ་དག་བསྡུས་པ་ཡིན་ནོ། །འདི་སྐད་དུ་གང་དུ་ཡི་གེ་བྲིས་པ་ལ་སོགས་པས་རྣམ་པར་བཅད་པ་མཚམས་ཡིན་པར་རྟོགས་པར་བྱ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་གལ་ཏེ་ངོས་གཞན་ཅིག་ཤོས་དེ་འདས་པ་སྟེ་རྒལ་ཞིང་
เล่ม ๑๖๖ · หน้า 191b
སོང་བར་གྱུར་ན་དེའི་ཚེ་བརྐུས་པར་འགྱུར་རོ། །བརྐུ་བར་བྱ་བའི་རྫས་ཀྱི་ངོས་གཅིག་ངོས་གཞན་གྱི་རྟེན་དུ་གྱུར་པའི་སའི་མཚམས་ལས་ཕོག་པར་གྱུར་ན་བཤལ་བས་བརྐུས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཚམས་གཞན་དུ་ཕྱིན་ན་བརྐུས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་
བརྐུ་བར་བྱ་བའི་རྫས་ཀྱིས་ཁྱབ་པའི་སའི་ཆའི་དབུས་སུ་གྱུར་པའི་ཕྱོགས་ལ་མཚམས་ཡོད་ན་མཚམས་གཞན་དུ་ཕྱིན་པ་མེད་པའི་ཕྱིར་ཞེས་བྱ་བའི་དབང་དུ་བྱས་ན་རྫས་ཀྱི་ངོས་གཞན་སའི་མཚམས་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་བརྐུས་པ་མ་ཡིན་ཏེ། གང་གི་ཕྱིར་རྫས་དེས་མཚམས་
གཉིས་ཁྱབ་པ་དེའི་ཕྱིར། དེ་ལས་འདས་ཤིང་མཚམས་གཞན་དུ་ཕྱིན་ན་བརྐུས་པར་འགྱུར་རོ། །ཇི་ལྟར་ན་ལེན་པར་བྱེད་པས་རྐུ་བ་ཡིན་ཞེ་ན། ལེན་པར་བྱེད་ན་ས་ལས་ཞེས་བྱ་བ་སྨོས་ཏེ། ས་ལས་བསྐྱོད་པ་ནི་ས་ལས་འཕགས་པ་ཡིན་ཏེ། ས་ལས་འཕགས་པར་གྱུར་པ་དེ་ཉིད་ཁོ་ན་ལེན་
པར་བྱེད་པས་བརྐུས་པ་ཡིན་ཏེ། དེ་ནི་བཏེག་སྟེ་རྐུ་བ་ཞེས་བྱ་བར་འགྱུར་རོ། །ནིའི་སྒྲ་ནི་ཁོ་ནའི་དོན་ཏོ། །འདིར་ས་ནི་རྫས་ཀྱི་རྟེན་སྤྱི་རྣམ་པར་སྟོན་པར་བྱེད་པ་ཡིན་ཏེ། གོས་ཀྱི་གདང་བུ་མ་གཏོགས་པའི་གནས་ལས་ལེན་པར་བྱེད་ན་འཕགས་པར་གྱུར་པ་ཁོ་ན་བརྐུས་པར་འགྱུར་རོ་ཞེས་
བྱ་བའི་ཐ་ཚིག་གོ། །བརྒྱབ་པའི་སྒོ་ནས་ཤིང་ལ་སོགས་པའི་འབྲས་བུ་ལྟུང་བར་བྱེད་པས་རྐུ་བ་རྗོད་པར་བྱེད་དེ། དབྱུག་པ་ལ་སོགས་པ་བརྒྱབ་པར་གྱུར་པ་ནི་དབྱུག་སོགས་བརྒྱབ་པ་སྟེ། དབྱུག་པ་བསྣུན་པ་དེའི་སྒོ་ནས་འབྲས་བུ་རྐུ་བ་ན་འོག་ཏུ་ལྟུང་ན་བརྐུས་པ་ཡིན་པར་བཅོམ་ལྡན་འདས་
ཀྱིས་གསུངས་ཀྱི། ལྟུང་བར་གྱུར་པའི་གནས་ནས་བསྐྱོད་པ་ལ་ནི་མ་ཡིན་ནོ། །འོག་ཏུ་ལྟུང་ན་ཞེས་བྱ་བ་ནི་གཞི་ཉིད་དུ་རྣམ་པར་སྟོན་པར་བྱེད་པ་ཡིན་ཏེ། སའི་བདག་ཉིད་ཀྱི་གནས་སམ་གོས་ཀྱི་བདག་ཉིད་དེ་ལ་གང་ཞིག་ལྟུང་བར་གྱུར་པ་ནི་འོག་ཏུ་ལྟུང་བ་ཡིན་པར་རིག་པར་བྱའོ། །གང་གི་
ཚེ་གྲོགས་པོ་མང་པོ་བློ་ཐ་དད་པས་རྐུ་བར་བྱེད་ན་དེ་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། གྲོགས་པོ་མང་པོ་འདུས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མང་པོ་འདུས་པར་གྱུར་པས་སོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། གྲོགས་པོར་གྱུར་པས་སོ། །ཕན་ཚུན་སྟོབས་ཀྱིས་འདུ་ཤེས་ཤིང་གཅིག་ཏུ་
เล่ม ๑๖๖ · หน้า 192a
གྱུར་པས་གཞན་གྱི་རྫས་རྐུ་བར་བྱེད་ན་དེ་ནམ་གྱི་ཚེ་ན་བརྐུས་པར་འགྱུར་ཞེ་ན། སྐལ་པ་ཐོབ་ན་ཞེས་བྱ་བ་སྨོས་ཏེ། སྐལ་བ་སྟེ་བགོ་སྐལ་ཐོབ་པར་གྱུར་པ་ན་བརྐུས་པ་ཡིན་ནོ། །སྔར་མ་ཡིན་ཞེས་བྱ་བ་ནི་གནས་ནས་སྤགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་
ཕྱིར་གནས་ནས་བསྐྱོད་པའི་དུས་སུ་འགའ་ཞིག་གིས་ཀྱང་བདག་གིར་བྱས་པ་མེད་ཀྱི་གང་གི་ཕྱིར་དེ་དག་བློ་ཐ་དད་པར་གྱུར་པས་རྐུ་བར་བྱེད་པ་ཡིན་ལ། དེ་དག་གིས་ཀྱང་བརྐུས་ནས་སྤྱིར་སོ་སོའི་སྐལ་བ་བདག་གིར་བྱའོ་ཞེས་དེ་ལྟར་རྣམ་པར་གཞག་པ་མ་བྱས་ཤིང་། གང་གིས་བརྐུས་པ་
དེའི་དེ་ཡིན་ནོ་ཞེས་རྣམ་པར་གཞག་པ་ཡང་མ་བྱས་པའི་ཕྱིར་སྤྱིར་སྔར་ཚིག་ཏུ་བརྗོད་པ་མེད་པར་རྐུ་བར་བྱེད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །སྤྱིར་སོ་སོའི་སྐལ་བའི་བསམ་པ་ཡོད་པ་ཡིན་ན་ནི་གནས་ནས་བསྐྱོད་པ་ཁོ་ན་ན་བརྐུས་པ་ཡིན་པར་རིག་པར་བྱ་ཞིང་། གང་གིས་བརྐུས་པ་དེ་དེ་
ཡིན་ནོ་ཞེས་རྣམ་པར་གཞག་པ་ཡོད་ན་གཞན་གྱིས་ཕྲོགས་པར་གྱུར་ན་གཞན་གྲོགས་པོར་གྱུར་པ་དེ་ལ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཚུལ་འདི་ཡང་ཁོང་དུ་ཆུད་པར་བྱའོ། །གང་གི་ཚེ་སྐྱེ་བོ་མང་པོ་ལ་ཡོད་པའི་རྫས་རྐུ་བར་བྱེད་པ་དེ་ལ་ཇི་ལྟར་ཉེས་པར་རྣམ་པར་གཞག་ཅེ་ན། སྐྱེ་བོ་མང་
པོའི་ཞེས་བྱ་བ་ལ་སོགས་པས་རྣམ་པར་འཆད་པར་བྱེད་དེ། སྐྱེ་བོ་མང་པོ་ནི་སྐྱེ་བོའི་ཚོགས་ཡིན་ཏེ། སྐྱེ་བོ་མང་པོ་དེའི་ནོར་ནི་སྐྱེ་བོ་མང་པོའི་ནོར་ཡིན་ནོ། །དེ་བརྐུས་པ་ནི་རྐུ་བར་བྱེད་པ་སྟེ་སྐྱེ་བོ་མང་པོའི་ནོར་བརྐུས་པར་གྱུར་པ་དེ་ལ་ཉེས་པ་སྟེ་ལྟུང་བར་འགྱུར་བའོ། །གང་གི་ཚེ་ཞེ་ན། གང་ཚེ་
ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཚེ་ཐ་སྙད་དུ་བྱེད་པའི་ན་ན་ཀའི་བཞི་ཆ་གཅིག་གི་རིན་ཐང་ཚང་བར་གྱུར་པ་དེའི་ཚེ་བརྐུས་པར་གྱུར་པ་ཡིན་ནོ། །ཅི་སྤྱིར་རམ་ཞེ་ན་མ་ཡིན་ཏེ། འོན་ཀྱང་ནོར་གྱི་བདག་པོ་རེ་རེའི་སྐལ་བ་ནི་སོ་སོའི་ཆ་ཡིན་ཏེ། རེ་རེའི་སྐལ་བ་དེ་ལས་འགྱུར་གྱི་རྫས་
སྤྱིར་བརྐུས་པ་ཙམ་ལ་ནི་མ་ཡིན་ཏེ། འདི་སྐད་དུ་སྐྱེ་བོ་མང་པོའི་ནོར་ཏེ་བདག་པོའི་རྫས་སོ་སོ་ལས་རིན་ཐང་ཚང་བར་གྱུར་ན་ཞེས་བསྟན་པར་འགྱུར་རོ། །ད་ནི་འདི་རྣམ་པར་དཔྱད་པར་བྱ་སྟེ། གང་གི་ཚེ་སྐྱེ་བོ་མང་པོའི་ནོར་གྱི་ནང་ནས་ནོར་གྱི་བདག་པོ་སོ་སོའི་རྫས་རིན་ཐང་ཚང་བར་གྱུར་པ་དེའི་
เล่ม ๑๖๖ · หน้า 192b
ཚེ་དངོས་གཞིར་འགྱུར་ཏེ། དེ་ལ་གཅིག་གི་རྫས་ཀྱང་རིན་ཐང་ཚང་བར་གྱུར་ན་དེ་བཞིན་དུ་ཡང་འགྱུར་རོ། །འདིར་གཅིག་གི་རྫས་ཀྱང་རིན་ཐང་ཚང་བར་གྱུར་ན་དེས་ཀྱང་དངོས་གཞིར་འགྱུར་ཏེ་གང་གི་ཕྱིར་དེས་ནོར་གྱི་བདག་པོ་རིན་ཐང་ཚང་བར་གྱུར་པ་བརྐུས་པ་དེའི་ཕྱིར། གཞན་གྱི་ཆ་ལ་མ་ཚང་
དུ་ཟིན་ཀྱང་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །གང་གི་ཚེ་འགྲོ་བ་མང་པོས་གཞན་དག་ལ་ཡོད་པ་རྐུ་བར་བྱེད་ན་དེ་ཇི་ལྟར་འགྱུར་ཞེ་ན། གང་གི་ཚེ་སྐྱེ་བོ་མང་པོས་ཀྱང་གཞན་གྱི་རྐུ་བར་བྱེད་པ་དེའི་ཚེ་རང་གི་སྐལ་བ་སྟེ། རང་གི་སྐལ་བ་ཡང་ཡིན་ལ་རིན་ཡང་དེ་ཡིན་པས་རང་སྐལ་
ཡིན་ཏེ། བདག་ཉིད་ཀྱི་སྐལ་བའི་མཚན་ཉིད་ཅན་གྱི་སོ་སོའི་ཆ་དང་ན་ན་ཀའི་བཞི་ཆ་གཅིག་ཅེས་བྱ་བའི་བར་དུའོ། །སྐྱེ་བོ་མང་པོས་རྐུ་བར་བྱེད་པ་དེའི་ཚེ་སྟེ་དེའི་དུས་སུ་རང་གི་སྐལ་བ་དེས་ཉེས་པར་རྣམ་པར་གཞག་པར་བྱའོ། །འདི་སྐད་དུ་བརྐུ་བར་བྱ་བའི་རྫས་གང་ལ་གལ་ཏེ་རྐུ་བ་པོ་རེ་རེ་ལ་རིན་
ཐང་ཚང་བར་གྱུར་པ་དེའི་ཚེ་དངོས་གཞིར་འགྱུར་གྱི་སྤྱིར་བསྡུས་པ་ལ་ནི་མ་ཡིན་ནོ། །གང་གི་ཚེ་སྐྱེ་བོ་མང་པོའི་རྫས་སྐྱེ་བོ་མང་པོས་རྐུ་བར་བྱེད་པ་དེའི་ཚེ་ཡང་རྫས་ཀྱི་བདག་པོ་རེ་རེའི་ནོར་ལ་རྐུ་བ་པོ་རེ་རེ་ལ་རིན་ཐང་ཚང་བར་གྱུར་ན་ཞེས་བྱ་བ་དེ་ཡང་ཚིག་འདི་གཉིས་ཀྱིས་རྣམ་པར་བསྟན་པར་རིག་པར་
བྱའོ། །གང་གི་ཚེ་སྐྱེ་བོ་མང་པོ་ལ་ཡོད་པ་རྐུ་བར་བྱེད་པ་དེའི་ཚེ། འཕགས་པ་ཉེར་སྦས་ཀྱིས་གལ་ཏེ་དེ་ལ་སྐྱེ་བོ་མང་པོས་སྲུང་མ་གཞག་པར་གྱུར་ན་དེ་ཉིད་ལས་ཉེས་པར་འགྱུར་གྱི། སྐྱེ་བོ་མང་པོ་ལས་ནི་མ་ཡིན་པ་དེའི་ཕྱིར་གལ་ཏེ་སྲུང་མ་གཅིག་ཡོད་པར་གྱུར་ན་ཡང་གཅིག་པོ་དེ་ལས་ན་ན་
ཀའི་བཞི་ཆ་གཅིག་ལས་ཀྱང་མཐའི་ཉེས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ནོར་གཅིག་པའི་སྤུན་འདྲའི་དགེ་འདུན་ལ་ཞེས་བྱ་བ་ལ་སོགས་པས་དགེ་འདུན་གྱི་དོན་དུ་རྐུ་བའི་ཉེས་པ་སྟོན་པར་བྱེད་དེ། ནོར་གཅིག་པའི་སྤུན་གང་ཡིན་པ་དེ་ནི་ནོར་གཅིག་པ་སྟེ། ནོར་གཅིག་པ་ཡང་
དེ་ཡིན་ལ་སྤུན་ཡང་དེ་ཡིན་པས་ན་ནོར་གཅིག་པའི་སྤུན་ཏེ་གཏེར་མ་བགོས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་འདྲ་བར་འཇུག་པ་ཡིན་པའི་ཕྱིར་ནོར་གཅིག་པའི་སྤུན་འདྲའི་དགེ་འདུན་ནོ། །དཔེར་ན་སྤུན་ནོར་མ་བགོས་པ་དག་སོ་སོར་བགོ་སྐལ་གྱི་བདག་པོ་ཉིད་ཡིན་པ་དེ་བཞིན་དུ། དགེ་སློང་
เล่ม ๑๖๖ · หน้า 193a
དག་ཀྱང་དགེ་འདུན་གྱི་ལ་སོ་སོ་ནས་བདག་གིར་བྱེད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འདི་ལྟར་གཅིག་གམ་གཉིས་མང་པོས་དགེ་འདུན་གྱི་དོན་དུ་རྐུ་བར་བྱེད་པ་ན་ཉེས་པར་འགྱུར་བ་སྤྱོད་པའི་ཚེ་དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་ཀྱི་ཡང་སྐལ་བར་འགྱུར་
རམ་མ་ཡིན་ཞེས་བརྟག་པར་མི་བྱ་ཞིང་དེ་ལྟར་བསམ་པར་མི་བྱའོ། །ཉིད་ནི་རིམ་པ་གཞན་དུ་སྦྱར་བར་བྱའོ། །གང་གི་ཕྱིར་གལ་ཏེ་དགེ་འདུན་གྱི་དོན་དུ་དེ་རྐུ་བར་བྱེད་ལ་དེ་ལྟ་ན་ཡང་རང་གི་དོན་ཉིད་ཅེས་བྱ་བའི་དབང་དུ་བྱས་ནས་དགེ་འདུན་ལ་ཅིའི་ཕྱིར་ཉེས་པར་རྣམ་པར་མ་བཞག་ཅེ་ན། གང་གི་
ཕྱིར་སྔར་བཤད་པའི་རྐུ་སེམས་དང་ནི་ཞེས་བྱ་བ་ལ་སོགས་པའི་ཡན་ལག་དག་མེད་པ་དེའི་ཕྱིར་རྣམ་པར་མ་བཞག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཞིང་རྐུས་པ་ཉེས་པར་འགྱུར་བ་ནི་གལ་ཏེ་དངོས་པོ་ཚང་ན་མཐའི་ཉེས་པར་འགྱུར་ལ། མ་ཡིན་ན་ཉེས་པ་ཆུང་བར་འགྱུར་རོ་ཞེས་
གསུངས་པ་མ་ཡིན་ནམ་ཞེ་ན་གལ་ཏེ་དེ་ལྟར་དེ་ལྟ་བུ་དག་ཀྱང་དགེ་འདུན་གྱི་དབང་དུ་མཛད་ནས་བཀའ་དེ་ཡང་གསུངས་པ་ཡིན་ཏེ། ཞིང་ནི་བགོ་མིན་ཕྱིར་རོ། །གང་གི་ཕྱིར་ཞིང་ནི་བཙོང་བའི་ཕྱིར་འགོད་པར་མི་བྱེད་ལ་ཞིང་ཉིད་ཀྱང་འགོད་པར་མ་བྱེད་དེ། བགོ་བར་བྱ་བ་མ་ཡིན་པ་ཁོ་ནར་
བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་ཀྱི་ཕྱིར་རོ། །སྡོམ་ཅན་མང་འགྱུར་ཕྱིར་ཞེས་ཁས་བླངས་པ་སྟོན་པ་ཡིན་ཏེ། བགོ་བཤའ་བྱས་སུ་ཟིན་ཀྱང་སྡོམ་ཅན་དེ་བསྟན་པ་འདི་ལ་རབ་ཏུ་བྱུང་བ་དག་མང་བར་འགྱུར་བའི་རྒྱུའི་ཕྱིར་དགེ་འདུན་གྱི་དབང་དུ་བྱས་ནས་ཉེས་པར་འགྱུར་བ་དཔྱད་པ་ནི་
མ་ཡིན་གྱི། འོན་ཀྱང་རྐུ་བ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞིང་བཙོང་བའི་ཕྱིར་རམ་ཞིང་ཉིད་འགོད་པར་བྱེད་པ་དེའི་ཚེ་ཉེས་པ་རྣམ་པར་གཞག་པར་བྱ་བ་ཡིན་ན་དེ་ཡང་དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་ལ། བཅོམ་ལྡན་འདས་ཀྱིས་བཀག་པར་མཛད་ལ།
དེ་ལྟ་ན་ཡང་ཇི་སྟེ་འགོད་པར་བྱེད་ན་ནི་རིན་ཐང་ཚང་བར་མི་འགྱུར་ཏེ། རབ་ཏུ་བྱུང་བ་མང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་བར་དུའོ། །གཞན་དུ་ཞེས་བྱ་བ་ནི་ཅི་དེ་ལྟར་བཀག་པ་མཛད་པས་རྐུ་བ་པོ་ལ་ཉེས་པར་འགྱུར་གྱི། དགེ་འདུན་ལ་ནི་མ་ཡིན་ནོ། །དེའི་ཚེ་ཡང་གལ་ཏེ་དངོས་པོ་ཚང་ན་རྩ་བའི་ཉེས་པར་
เล่ม ๑๖๖ · หน้า 193b
འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་ཆུང་བར་འགྱུར་རོ་ཞེས་རིན་ཐང་བརྟག་པ་ཁོ་ནར་མི་འགྱུར་ཏེ། འགའ་ཞིག་ཏུ་ཡང་འཚོང་བར་མི་བྱེད་པ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་ལ་ན་ན་ཀའི་བཞི་ཆ་གཅིག་ཚང་བར་མི་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཅིའི་ཕྱིར་ཉེས་པ་ཆུང་བར་འགྱུར་ཞེས་བསྟན་ཅེ་ན།
བཅོམ་ལྡན་འདས་ཀྱིས་ལུང་ལས་རིན་ཐང་བརྟག་པ་གསུངས་པ་དེའི་ཕྱིར་དེ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ནོ། །དེ་ནི་མཚམས་ཀྱི་ཁོངས་སུ་གཏོགས་པའི་རྙེད་པ་ཡིན་ལ། དེ་ལ་ཡང་འགའ་ཞིག་གི་ཚེ་ན་ནི་ཉུང་ཞིང་། འགའ་ཞིག་གི་ཚེ་ན་ནི་མང་བ་ཡིན་པས་གང་གི་ཚེ་ཉུང་བར་གྱུར་པ་དེའི་ཚེ་
རིན་ཐང་ཚང་བར་འགྱུར་བ་མ་ཡིན་ནོ། །སྡོམ་ཅན་མང་འགྱུར་ཕྱིར་ཞེས་བྱ་བ་དེ་ཅིའི་ཕྱིར་བསྟན་ཞེ་ན། དེ་ནི་ཡིན་ན་འོན་ཀྱང་བསྟན་བཅོས་མཛད་པའི་དགོངས་པ་འདི་བཅོམ་ལྡན་འདས་ཀྱིས་དངོས་པོ་ནི་རྣམ་པ་གསུམ་སྟེ། ཟས་དང་། སྣོད་སྤྱད་དང་། གཞག་པར་བྱའོ་ཞེས་གསུངས་སོ། །
དེ་ལ་བཟའ་བ་ནི་བཟའ་བའི་དོན་གྱི་འབྲུ་ལ་སོགས་པ་ཡིན་ཏེ། བཟའ་བར་བྱ་བ་ཡིན་པའི་ཕྱིར་རོ། །སྣོད་སྤྱད་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཡིན་ཏེ། བགོ་བར་བྱ་བ་ཡིན་པའི་ཕྱིར་རོ། །གཞག་པར་བྱ་བ་ནི་ཞིང་དང་ཁང་ཁྱིམ་དང་། ཚོང་ཁང་ལ་སོགས་པ་ཡིན་ཏེ། ཕྱོགས་བཞི་པའི་
དགེ་འདུན་གྱི་དོན་དུ་གཞག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་འདིར་ཡང་ཕྱོགས་བཞི་པར་ཞུགས་པའི་དགེ་འདུན་མང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་ཤེས་པར་བྱའོ། །འདིར་སྨྲས་པ། དེ་ལྟ་ན་ཡང་མཚམས་དང་གནས་ཐ་དད་པའི་ཞིང་ལ་སོགས་པའི་སྐལ་བ་ཇི་ལྟར་རིགས་པ་ཉིད་ཡིན་ཞེ་ན།
མཚམས་ནང་ན་གནས་པ་ཁོ་ན་ལ་རིགས་པ་ཡིན་ཏེ། དེ་ཡང་འགའ་ཞིག་ཏུ་ཉུང་བར་གྱུར་པས་རིན་ཐང་ཚང་བར་གྱུར་པ་དེའི་ཕྱིར་ཡང་རྣམ་པར་དཔྱད་པར་བྱ་བ་ཡིན་ན། འོན་ཀྱང་གཞན་དག་གཞན་དུ་དགེ་འདུན་ལ་ཉེས་པར་འགྱུར་བ་ཟློག་པར་བྱེད་ལ། འདུལ་བ་ལ་ལས་ཀྱང་འདི་སྐད་དུ་དགེ་
སློང་གཉུག་མར་གནས་པ་ཞིག་གིས་དགེ་འདུན་གྱི་ཞིང་རྨོར་བཅུག་པ་ལ། དེ་དང་ཧ་ཅང་ཐག་མི་རིང་བ་ཞིག་ན་ཁྱིམ་བདག་གི་ཞིང་ཡོད་པ་དེ་ཡང་རྨོར་བཅུག་པ་དང་། ཁྱིམ་བདག་དེ་ཡང་འོངས་ནས་བཙུན་པ་ཅིའི་ཕྱིར་བདག་གི་ཞིང་ཁྱོད་ཀྱིས་རྨོར་བཅུག་ཅེས་སྨྲས་པ་དང་། ཞིང་འདི་ནི་ཁྱོད་
เล่ม ๑๖๖ · หน้า 194a
ཀྱི་མ་ཡིན་གྱི་དགེ་འདུན་གྱི་ཡིན་ནོ། །དེས་བཙུན་པ་མི་མ་ཡིན་པའི་ཆེ་བཞི་དག་བསྟན་པར་བྱའོ་ཞེས་སྨྲས་ནས། ཁྱིམ་བདག་དེས་སྔོན་ས་མཚམས་ཀྱི་མུ་ཕུར་པ་བཙུགས་པ་དེ་བརྐོས་ནས་བསྟན་པ་དང་། དགེ་སློང་གིས་ཞིང་རྨོ་བ་བོར་རོ། །ཁྱིམ་བདག་དེ་སོང་བ་དང་དེས་
ཕུར་པ་དེ་ནང་དུ་འཇུགས་སུ་བཅུག་ནས་ཞིང་དེ་རྨོར་བཅུག་པ་ན་ཁྱིམ་བདག་དེ་ཡང་འོངས་ནས་བཙུན་པ་ཁྱོད་ཁར་རྩང་བདག་གིས་ཕམ་པར་བྱས་ན་ཅི་ད་ཡང་རྨོར་འཇུད་དམ་ཞེས་སྨྲས་པ་དེ་ཡང་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དངོས་པོ་ཚང་ན་མཐའི་ཉེས་
བྱས་སུ་འགྱུར་ལ། འོན་ཏེ་དངོས་པོ་མ་ཚང་ན་ཉེས་བྱས་ཆུང་བར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །དེ་ལ་འདི་སྐད་དུ་གང་གིས་བརྐུས་ཤིང་གང་འགྱོད་པ་སྐྱེས་ལ་རྐུ་བའི་སེམས་གང་ལ་ཡོད་པ་དེ་ཉིད་ལ་ཉེས་པར་རྣམ་པར་གཞག་པར་བྱ་སྟེ། གནས་སྐབས་དེ་ནི་དགེ་འདུན་གྱི་སྐབས་མ་ཡིན་པ་ཉིད་
ཀྱི་ཕྱིར་དང་། རྐུ་སེམས་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ། །མེ་ཏོག་ལ་སོགས་པ་བཏུས་པས་རྐུ་བ་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། གང་ཞིག་བཏུས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ཏོག་ལ་སོགས་པ་གང་ཞིག་བཏུས་པ་ནི་བཏུས་ནས་རྐུ་བའོ། །གོས་ལ་སོགས་
པར་གང་ཞིག་བསྡུས་པ་ནི་བརྟུལ་ཏེ་རྐུ་བའོ། །སྐྱེད་ཤིང་ཡང་རུང་བ་ནི་གང་ཞིག་རྐུ་བའོ། །རྐུ་བ་དེ་ལ་མེ་ཏོག་དང་འབྲས་བུ་བཏུས་པའི་ཕུང་པོ་དང་ཚོགས་བསྐྱོད་པ་ཁོ་ན་བརྐུས་པ་ཡིན་ཏེ། ས་ལས་སྤགས་པར་གྱུར་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གོས་ལ་སོགས་པའི་ཚོགས་བསྡུས་
པ་དང་། སྐྱེད་ཤིང་དག་ཀྱང་ངོ་། །སྐྱེད་ཤིང་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པའི་ཤིང་དག་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཡང་ཟློག་པའི་སྦྱོར་བ་མེད་པ་དེ་ལྟ་ན་ཡང་བཏུས་ཤིང་བཏུས་ཤིང་ཞེས་ཟློས་པའི་དོན་དུ་བལྟ་བར་བྱའོ། །གཞན་དུ་བཏུས་དང་བརྟུལ་ཏེ་ཞེས་བྱ་བ་དོན་
མེད་པར་འགྱུར་ཏེ། སྤྱིར་གནས་ནས་སྤགས་པ་རྐུ་བ་ཉིད་དུ་བསྟན་པ་ཉིད་ཀྱི་ཕྱིར་རོ། །དང་ནི་སྡུད་པར་བྱེད་པ་ཡིན་ལ་ཉིད་ནི་ངེས་པར་གཟུང་བའོ། །མེ་ཏོག་ལ་སོགས་པའི་ཤིང་ནི་ཕྱུང་ནས་བརྐུས་ཞེས་རྒྱས་པ་ལས་ཞེས་བྱ་བ་ནི་དེ་ལྟར་གཞུང་རྒྱས་པ་ལས་ཞེས་བྱ་བའི་དོན་ཡིན་ནོ། །
เล่ม ๑๖๖ · หน้า 194b
རྒྱས་པ་ཞེས་བྱ་བ་ནི་རྣམ་པར་འབྱེད་པ་ལ་བྱ་བ་དེའི་ཕྱིར་སྔར་ཕྱུང་ནས་ཕྱིས་རྐུ་བར་བྱེད་ཅེས་བྱ་བའི་དོན་འདིར་འགྱུར་བ་མ་ཡིན་ནམ། དེ་བས་ན་ཕྱུང་བ་ནི་སྦྱོར་བ་ཡིན་ལ་གལ་ཏེ་ཕྱིས་རྐུ་བར་བྱེད་ན་དངོས་པོ་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་ཞིང་མ་ཡིན་ན་སྦྱོར་བའི་ཉེས་བྱས་ཙམ་ཁོ་ནར་འགྱུར་
རོ་ཞེས་ངེས་པར་བྱས་པ་ཡིན་ན། དེ་ཇི་ལྟར་ན་སྐྱེད་ཤིང་ཡང་རུང་སྤགས་པ་ཉིད་ན་བརྐུས་ཞེས་བརྗོད་ཅེ་ན། དེ་ལ་ཉེས་པ་ཡོད་པ་མ་ཡིན་ཏེ་དུས་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཅི་དེ་ལྟ་བུ་མཐོང་ངམ་ཞེ་ན། མཐོང་སྟེ་ཁ་གདངས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཁ་གདངས་ནས་
ནི་ཉལ་བ་ཇི་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཡིན་ཏེ། སྔར་ཁ་གདངས་ནས་ཕྱིས་གཉིད་ལོག་པ་ནི་མ་ཡིན་གྱི་འོན་ཀྱང་དུས་མཚུངས་པ་ཁོ་ན་ལ་ཡིན་ནོ། །དེ་བཞིན་དུ་མིག་བཙུམས་ནས་དགོད་ཅེས་བྱ་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དུས་
མཚུངས་པ་ཁོ་ན་ལ་ཡིན་པ་དེ་བས་ན་ཤིང་ཕྱུང་ནས་རྐུ་བར་བྱེད་ཅེས་བྱ་བའི་དོན་འདིར་འགྱུར་རོ། །ཇི་ལྟར་ཡང་རབ་ཏུ་བྱུང་བ་རྒྱན་འགྱེད་པ་མི་གནང་བ་དེ་ལྟ་ན་ཡང་འགའ་ཞིག་གལ་ཏེ་སྤྱོད་ན་ཉེས་པར་འགྱུར་བ་རྒྱན་པོ་དོར་བྱས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ཡིན་ཏེ། རྒྱན་དེ་རྒྱན་འགྱེད་
པའི་ཡུལ་ལ་ལོག་པའི་ཐ་སྙད་དུ་བྱ་བའི་སྒོ་ནས་གཞན་ལ་དོར་བྱས་ཏེ་རྒྱལ་བར་གྱུར་ན། དངོས་པོ་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་ཏེ། དཔེར་ན་ཨུ་ཤུད་ཀྱི་རྒྱན་གཏོང་བར་བྱེད་པ་ན་རྒྱན་གྱི་མིག་ཇི་ལྟ་བ་བཞིན་དུ་ཤ་རི་ཀ་སྤོ་བར་བྱ་བ་ཡིན་ལ། གཞན་དུ་གཏོང་བར་བྱེད་པ་དེས་གལ་ཏེ་རྒྱལ་བར་
གྱུར་ན་དངོས་པོ་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱན་ལ་སོགས་པ་གང་ཡིན་པ་དེ་ནི་རྒྱན་པོ་ལ་སོགས་པའོ། །དེའི་ཁོངས་སུ་གཏོགས་པའི་གྲངས་ཏེ་རྩིས་དེས་ཕ་རོལ་པོ་ལ་དོར་བྱེད་པ་ནི་རྒྱན་པོ་ལ་སོགས་པའི་གྲངས་ལ་དོར་བྱེད་པའོ། །དོར་བྱེད་པ་ཞེས་བྱ་བ་ནི་
གཞན་གྱི་ནོར་འཕྲོག་པའི་ཆེད་དུ་ལོག་པའི་ཐ་སྙད་བྱེད་པ་ཡིན་ཏེ། དཔེར་ན་གཉིས་དང་གསུམ་དང་བཞི་ཞེས་བགྲང་བར་བྱ་བ་ལ་བདག་ཉིད་ཀྱི་བགྲང་བའི་ཚེ་གཉིས་དང་བཞི་དང་དྲུག་ཅེས་བགྲང་བར་བྱེད་པ་གང་ཡིན་པ་དེ་ནི་དོར་བྱེད་པ་ཞེས་བྱ་བ་ཡིན་པ་ལྟ་བུའོ། །དེའི་ཕྱིར་དེས་རྐུ་བ་ནི་དོན་གྲུབ་
เล่ม ๑๖๖ · หน้า 195a
མ་ཐག་པ་ལ་བྱ་བ་སྟེ། ཐོབ་པའམ་ཁས་བླངས་པའམ་གཞན་དུ་བསྒྲུབས་པ་དེ་ཁོ་ནས་བརྐུས་པར་འགྱུར་རོ། །དེ་བཞིན་དུ་མཚན་མ་སྟེ་གཅིག་ལ་སོགས་པའི་ཨང་ག་སྐྱེད་པ་ནི་བདག་ཉིད་ཀྱི་གཅིག་གི་དོན་གྱི་ཨང་ག་བྱ་བ་ཡིན་པ་ལ་བཅུ་ལ་སོགས་པའི་དོན་གྱི་ཨང་ག་བྱེད་
ཅིང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་དེ་སྐྱེད་པར་བྱེད་པའོ། །གཞན་དག་གི་ལོག་པར་བྱེད་ཅིང་ཐམས་ཅད་ཀྱི་ཐམས་ཅད་དུ་གཞན་དུ་དོར་བ་ན་ཕྱི་བའོ། །དེའི་ཕྱིར་དེས་མཚན་མ་དེ་ཉིད་གནས་གཞན་དང་པོ་ལ་སོགས་པར་གཞག་པར་བྱ་བ་གང་ཡིན་པ་གཉིས་པ་ལ་སོགས་པར་འཇོག་པ་ནི་གཞན་དུ་
བཞག་པ་ལ་བྱའོ། །བོར་བ་ནི་གཞན་དག་གིས་ལོག་པར་བྱས་པའི་སྒོ་ནས་ཡིན་ཏེ། དེའི་ཕྱིར་དེ་གཉིས་ནི་གནས་གཞན་དུ་ནི་བཞག་གམ་བོར་བའོ། །སྡེ་པ་གཞན་དུ་བགྲང་ཞིང་བསྙོན་པ་དང་ཞེས་བྱ་བ་ནི་གལ་ཏེ་སྦྱིན་བདག་གིས་སྡོམ་ཅན་རབ་ཏུ་མང་བ་ཉིད་ཀྱི་ཕྱིར་རྩོད་པ་མེད་པར་བྱ་བའི་དོན་
དུ་སྡེ་པར་བྱས་ནས་སྦྱིན་པ་སྦྱིན་པར་བྱེད་པ་ན། ཅི་དེ་ལ་དགེ་ཚུལ་རྐུ་སེམས་དང་བཅས་པ་ཉིད་ཀྱིས་བདག་ཉིད་སྡེ་པ་གཞན་ལ་བགྲང་བར་བྱེད་པ་དེའི་ཚེ་ཡང་སྦྱིན་བདག་གིས་ཅི་ཁྱོད་གཞན་དུ་བགྲངས་པ་མ་ཡིན་ནམ་ཞེས་དྲིས་པ་ན་དེས་ཀྱང་བདག་དེར་མ་བགྲངས་སོ་ཞེས་སྙོན་པར་བྱེད་པ་དེ་ལྟར་ན་སྡེ་པ་གཞན་
དུ་བགྲང་ཞིང་བསྙོན་པའོ། །དང་ནི་སྡུད་པར་བྱེད་པའི་དོན་ཡིན་གྱི་རྣམ་པར་རྟོག་པའི་དོན་ནི་མ་ཡིན་ཏེ། དེ་ལ་མི་སྲིད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་ཕྱོགས་ཉིད་ལ་འགྱུར་ན་དེ་འདི་ལ་མེད་པས་དེ་བཞིན་དུ་གཞན་ལ་ཡང་བལྟ་བར་བྱའོ། །ཚིག་མང་པོ་ལ་ནི་སྡེབ་སྦྱོར་ཉམས་པ་སྤང་བའི་དོན་ཏོ། །དེ་བཞིན་
དུ་ཚུལ་མིན་ཞེས་བྱ་བ་ནི་ཚུལ་མ་ཡིན་པས་ཐོབ་པར་བརྗོད་ཅིང་སྟོན་པས་ན་ཚུལ་མིན་པས་ནི་ཐོབ་པར་བརྗོད་པ་སྟེ། དེས་རྐུ་བ་ཡང་གྲུབ་མ་ཐག་ཁོ་ན་ན་བརྐུས་པར་འགྱུར་རོ་ཞེས་བྱ་བར་ཐམས་ཅད་ལ་སྦྱར་བར་བྱ་སྟེ། དཔེར་ན་དབྱར་གནས་པའི་ཡོན་བདག་གིས་ཡོན་སྦྱིན་པར་གྱུར་པ་ན་གཞན་དུ་ཚུལ་དུ་ཞུགས་
པའི་དགེ་ཚུལ་གྱིས་ཀྱང་སྨྲས་པ། བདག་ཀྱང་འདིར་གནས་པ་ཡིན་གྱི་རྙེད་པ་དེ་བདག་ལ་ཡང་བྱིན་ཅིག་ཅེས་སྨྲས་ནས་དེར་རྙེད་པ་གྲུབ་ན་དངོས་པོ་ཇི་ལྟ་བ་དང་བསམ་པ་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་བར་རིག་པར་བྱ་བ་ལྟ་བུའོ། །གཞན་གྱི་ཁ་བརྐུས་ལ་སོགས་ཚུལ་གྱིས་ཞེས་བྱ་བ་ནི་གཞན་ཏེ་ཕ་རོལ་
เล่ม ๑๖๖ · หน้า 195b
པོའི་ཁ་བརྐུས་པ་ནི་སྙད་བཏགས་པ་ཡིན་པས་ན་གཞན་གྱི་ཁ་བརྐུས་པ་སྟེ་འདི་ལྟར་ཆེ་གེ་མོ་ཞིག་གིས་དངོས་པོ་ཆེ་གེ་མོ་བྱིན་ཅིག་ཅེས་ཟེར་རོ་ཞེས་སྨྲ་བ་དེ་ནི་གཞན་གྱི་ཁ་རྐུ་བའོ། །དེ་ལ་སོགས་པའི་རྣམ་པ་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ནི་གཞན་གྱི་ཁ་བརྐུས་ལ་སོགས་སོ། །གཞན་གྱི་ཁ་བརྐུས་ལ་
སོགས་ཀྱང་དེ་ཡིན་ལ་ཚུལ་ཡང་ཡིན་པས་གཞན་གྱི་ཁ་བརྐུས་ལ་སོགས་ཚུལ་ལོ། །ཚུལ་ནི་ལུགས་ཡིན་པ་དེ་བས་ན་དེས་རྐུ་བ་ནི་གྲུབ་མ་ཐག་ཁོ་ནར་བརྐུས་པར་འགྱུར་རོ་ཞེས་འདོད་པ་སྟེ་དགོངས་པའོ། །དང་ནི་སྔ་མ་དང་འདི་མཚུངས་པར་སྡུད་པར་བྱེད་པ་ཡིན་ནོ། །ད་ནི་ཇི་ལྟར་ན་བསྐྱིས་པ་བརྐུས་པར་
འགྱུར་བ་བསྐྱིས་པར་གྱུར་ཏམ་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ། བསྐྱིས་པས་བསྒྲུབས་པ་ནི་བསྐྱིས་པར་གྱུར་པ་སྟེ། བུན་དུ་བླངས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདིར་དོན་གྱི་ངོར་བྱས་ནས་བསྐྱིས་པར་གྱུར་པ་ཞེས་བསྟན་ཏོ། །གཞན་གྱིས་བཅོལ་བ་ནི་གཏམས་པ་ཞེས་
བྱ་སྟེ། འདི་ཉིད་གཞག་པ་བྱ་བར་གྲགས་པ་ཡིན་ནོ། །བརྙས་པ་ཞེས་བྱ་བ་ནི་དུས་དེ་སྲིད་ཅིག་ཏུ་བླངས་པ་ཡིན་པ་དེ་བས་ན་དེ་དག་ལ་བསྙོན་པར་གྱུར་པ་ནི་སྙོན་པར་བྱེད་པའོ། །དེའི་ཕྱིར་དེས་གཏན་ལ་ཕབ་པ་ལས་ཉེས་པར་འགྱུར་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་གཞན་གྱི་བསམ་པ་རྒྱུན་བཅད་པར་གྱུར་པ་
ལ་གཏན་ལ་བབ་ན་ཞེས་བྱ་སྟེ། དཔེར་ན་བདག་གིས་ནོར་དེ་ཡོངས་སུ་གཏང་བར་བྱའོ། །བདག་གིས་ཀུན་ནས་ཉོན་མོངས་པ་འདིས་དགོས་པ་མེད་དོ་ཞེས་བྱ་བ་ལྟ་བུའོ། །གཏམས་པ་ཡང་རྣམ་པ་གཉིས་ཏེ་གྲངས་རྒྱ་ཆད་པར་བྱས་ནས་བཅོལ་བའི་མངོན་སུམ་དུ་གཏད་པ་དང་། སྣོད་དུ་ཆུད་པར་བྱས་ནས་
རྒྱས་བཏབ་པའོ། །དེ་ལ་སྔར་སྨོས་པ་ནི་གོང་དུ་བསྟན་པས་ད་ནི་གཉིས་པ་བཞག་པ་དང་གཏམས་པར་གྱུར་པས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བཞག་པ་ཡང་དེ་ཡིན་ལ་གཏམས་པ་ཡང་ཡིན་པས་བཞག་པ་དང་གཏམས་པར་གྱུར་པ་སྟེ། སྣོད་དུ་བཅུག་ནས་བཅོལ་བར་གྱུར་པ་
ཞེས་བྱ་བའི་ཐ་ཚིག་གོ། །དེ་རྐུ་བ་ནི་གཏན་ལ་ཕབ་པ་ཁོ་ན་བརྐུས་པ་ཡིན་ནོ། །དེ་ལ་བསམ་པའི་རྒྱུད་གཅོད་པ་མཚོན་པར་བྱེད་པའི་གཏན་ལ་ཕབ་པའི་རྐུ་བའི་དབྱེ་བ་རྣམ་པ་གསུམ་དུ་འགྱུར་རོ། །ད་ནི་དབྱེ་བ་དེ་ཡང་སྤགས་པ་དང་མཉམ་པར་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དེ། སྤགས་
เล่ม ๑๖๖ · หน้า 196a
པ་ནི་གནས་བསྐྱོད་ནས་པའོ། །སྤགས་པ་དང་མཉམ་པ་ནི་དུས་མཚུངས་པའོ། །དེས་གཏན་ལ་འབེབས་པ་སྟེ་གཏན་ལ་འབེབས་པར་བྱེད་པ་ཁོ་ནས་ཉེས་པར་འགྱུར་རོ། །སྔར་སྨོས་པའི་ཉིད་འདར་ཡང་རྗེས་སུ་དྲང་བར་བྱའོ། །ཡང་ན་ནི་སྤགས་པའི་འོག་ཏུ་ཞེས་བྱ་བ་ལ་ཡང་གི་སྒྲ་
ནི་ཕྱོགས་གཞན་སྟོན་པར་བྱེད་པ་ཡིན་པའི་ཕྱིར་ཡང་ན་གནས་ལས་སྤགས་པའི་འོག་ཏུ་གཏན་ལ་ཕབ་པར་གྱུར་ན། དེ་ལ་ཡང་གཏན་ལ་བབ་པ་ལས་ཉེས་པར་འགྱུར་བར་རིག་པར་བྱའོ་སྔར་གཏན་ལ་འབེབས་པ་སྦྱོར་བ་ཡིན་ཞེས་བྱ་བ་ནི་གནས་ནས་སྤགས་པའི་གོང་དུ་གཏན་ལ་འབེབས་པ་ནི་སྦྱོར་བ་
ཡིན་ཏེ། སྦྱོར་བའི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་བསྙོན་ན་ཞེས་བྱ་བ་ནི་ཁྱོད་ཀྱིས་མ་གཏམས་སོ་ཞེས་བྱ་བ་ལ་སོགས་པས་བརྫུན་གྱི་མཚན་ཉིད་ཅན་གྱི་སྙོན་པར་བྱེད་པ་སྟེ། སྦྱོར་བ་གཞན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་རྩ་བར་འགྱུར་ཞེས་བྱ་བ་ནི་གནས་
ནས་སྤགས་པ་བརྐུས་ན་དངོས་གཞིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་འདིར་སྦྱོར་བ་ནི་གཉིས་སུ་འགྱུར་ཏེ། དེ་ལ་བདག་ཉིད་ཐ་སྙད་དུ་བྱེད་པས་ནོར་གྱི་བདག་པོ་ལ་གཏན་ལ་འབེབས་པར་བྱེད་པ་དང་། གཞན་གྱིས་གནས་ནས་སྐྱོད་པར་བྱེད་པ་དང་། བཟློག་པའི་སྒོ་ནས་ཡིན་ཏེ།
དེ་ལྟར་གཞན་དུ་ཡང་སྦྱར་བར་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འདུལ་བ་གཅིག་ལས་འཕྲོས་པ་ལས་འཕགས་པ་ཉེ་བ་འཁོར་གྱིས་བཙུན་པ་རྐུ་བ་དུ་མཆིས་ཞེས་ཞུས་པ་དང་། ཉེ་བ་འཁོར་དྲུག་གོ། །དྲུག་པོ་གང་ཞེ་ན། ནན་ཁུགས་ཀྱིས་རྐུ་བ་དང་། སྒྱུ་ཐབས་ཀྱིས་རྐུ་བ་དང་། གཏམས་པ་
རྐུ་བ་དང་། ཕྱིར་བསབ་པ་རྐུ་བ་དང་། དངན་འཐེན་གྱིས་རྐུ་བ་དང་། ཆོས་རྐུ་བའོ། །དེ་དག་གི་ནང་ནས་དུ་ཞིག་གིས་ནི་ཉེས་པར་འགྱུར། དུ་ཞིག་གིས་ནི་ཉེས་པར་མི་འགྱུར་ཞེ་ན། ཡང་དྲུག་པ་ཆོས་རྐུ་བ་གཅིག་པོ་མ་གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་འདིར་ཉེས་པར་འགྱུར་བ་དང་ཉེས་
པར་མི་འགྱུར་བ་བསྟན་པར་བྱ་སྟེ། དེ་ལ་ཆོས་རྐུ་བ་ཇི་ལྟར་འགྱུར་ཞེ་ན། ཡིད་བརྟན་གཞན་ལ་གོ་བར་བྱས་ནས་ནི་ཁྱེར་ཡང་ཉེས་པ་མེད་ཅེས་བྱ་བ་འདིས་བསྟན་པ་ཡིན་ཏེ། དེ་ནི་གཞན་གྱི་དཔེ་བརྐུས་ནས་དཔེ་བཤུས་པ་ཉེ་བར་མཚོན་པ་ཡིན་ནོ། །དེ་ཉིད་སློབ་དཔོན་གྱིས་དཔེ་རྐུ་བ་ལ་ཉེས་པ་མེད་ཅེས་གསུངས་
เล่ม ๑๖๖ · หน้า 196b
སོ། །སྒྱུས་རྐུ་བ་ནི་རྣམ་པ་གཉིས་ཏེ། ཆོམ་པོས་དང་། དོར་ཐབས་ཀྱིས་སོ། །དེ་ལ་ཆོམ་པོས་ལེན་པ་ནི། རྐུ་སེམས་དང་ནི་འདོད་པ་དེ་ཉིད་དང་། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དོར་ཐབས་ཀྱིས་རྐུ་བ་ནི་རྒྱན་པོ་དོར་བྱས་རྒྱལ་ན་ཞེས་བྱ་བས་བསྟན་ཏོ། །གཏམས་པ་རྐུ་བ་ཡང་རྣམ་པ་
གཉིས་ཏེ། བགྲངས་ནས་གཏམས་པ་དང་། རྒྱས་བཏབ་ནས་གཏམས་པའོ། །བགྲངས་ནས་གཏམས་པ་རྐུ་བ་དང་། ཕྱིར་བསབ་པ་རྐུ་བ་ནི། བསྐྱིས་པར་གྱུར་ཏམ་གཏམས་དང་བརྙས་པ་ལས། །ཞེས་བྱ་བས་བསྟན་ཏོ། །རྒྱས་བཏབ་ནས་གཏམས་པ་རྐུ་བ་ནི། གཞག་དང་གཏམས་
པར་གྱུར་བ་རྐུ་བ་ནི། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ནན་ཁུགས་ཀྱིས་རྐུ་བ་ནི། མངོན་སུམ་ཕྲོགས་པའང་དེ་དང་འདྲ། །ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །དངན་འཐེན་གྱིས་རྐུ་བ་ནི་ཤོ་གམ་འཇོམས་པ་ཡིན་ཏེ། དེ་ནི་སྦྱིན་པར་བྱ་བ་འཇོམས་པར་བྱེད་པ་ཉེ་བར་མཚོན་པར་བྱེད་པ་
ཡིན་ཏེ། སློབ་དཔོན་གྱིས་ནན་ཁུགས་ཀྱིས་འཇོམས་པ་རྐུ་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཤོ་གམ་འཇོམས་པ་དེ་ཡང་རྣམ་པ་གཉིས་ཏེ། ནན་ཁུགས་དང་། འཇབ་བུའོ། །དེ་ལ་ནན་ཁུགས་ཀྱིས་འཇོམས་པ་ནི་མངོན་སུམ་རྐུ་བ་ཞེས་བྱ་བས་བསྟན་ཏོ། །ཅིག་ཤོས་ནི་རྐུ་སེམས་
དང་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ད་ནི་འདིར། དེ་ལྟར་རྐུ་དབྱེས་རྐུ་བ་རབ་ཕྱེ་བ། །འདི་ནི་འདུལ་བ་རྒྱ་མཚོ་དག་ལས་བསྡུས། །ཞེས་བྱ་བས་སྔར་བཤད་པའི་རྐུ་བའི་རབ་ཏུ་དབྱེ་བའི་ཉེ་བར་བསྡུ་བ་འཆད་པར་བྱེད་དེ་དེ་ལྟར་གྱི་སྒྲ་ནི་དེ་ལྟར་གྱི་དོན་ཏེ། དེ་ལྟར་བཤད་མ་ཐག་པའི་རྣམ་
པས་ཞེས་བྱ་བའི་དོན་ཏོ། །རྐུ་བ་ནི་བརྐུ་བར་བྱ་བའི་རྫས་ཡིན་ལ་དབྱེ་བ་ནི་བརྐུ་བར་བྱ་བའི་དབྱེ་བ་ཡིན་པ་དེ་བས་ན་དེས་བསྡུས་པ་སྟེ། ཡང་དག་པར་བསྡུས་པ་ཡིན་ནོ། །བསྡུས་པ་དེ་གང་ཞེ་ན། འདི་ནི་ཞེས་བྱ་བ་སྨོས་ཏེ། བཤད་མ་ཐག་པའི་རྐུ་བའི་རབ་ཏུ་དབྱེ་བ་ཡིན་ཏེ་རྐུ་བར་བྱེད་པས་ན་རྐུ་བ་སྟེ།
གཞན་གྱི་ནོར་འཕྲོག་པ་ཞེས་བྱ་བའི་བར་དུའོ། །དེ་ལ་རྐུ་བའི་དབྱེ་བ་ནི་ཉེས་པའི་དབྱེ་བ་ཡིན་ནོ། །དབྱེ་བའི་ཚིག་ལས་ཇི་ལྟར་ན་ཉེས་བྱས་ཀྱི་དབྱེ་བ་འཐོབ་པར་འགྱུར་ཞེ་ན། སྨྲས་པ། ཉེས་པ་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་དུ་བརྐུ་བར་བྱ་བའི་རྫས་ཀྱི་ཁྱད་པར་གྱི་སྒོ་ནས་དབྱེ་བ་བསྡུས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་
เล่ม ๑๖๖ · หน้า 197a
ཏེ། འདི་ལྟར། མི་དབང་བསོད་སྙོམས་ཡོངས་སུ་བླངས་གྱུར་ན། །དེ་ནི་འཇིག་རྟེན་ཐ་སྙད་ཚུལ་གྱིས་འགྱུར། །གཞན་གས་གཏན་དུ་བྱིན་ལྟར་སྤྱོད་པ་དང་། །སྨན་དང་སྔགས་ཀྱིས་ཀྱང་ནི་སྦྱིན་དུ་འཇུག །ཅེས་བྱ་བ་ལ་སོགས་པ་བལྟ་བར་བྱའོ། །གང་ཁོ་ན་ལས་བསྡུས་
ཤེ་ན། འདུལ་བ་རྒྱ་མཚོ་ལས་ནི་ཞེས་བྱ་བ་སྨོས་ཏེ་ལུས་དང་ངག་གི་འཁྲུལ་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་ཅིང་ཁྱད་པར་དུ་འདིས་འདུལ་བར་བྱེད་པས་ན་འདུལ་བ་སྟེ། དེ་ཉིད་རྒྱ་མཚོ་ཡིན་པས་ན་རྒྱ་མཚོ་ཆེན་པོའོ། །གང་གི་ཕྱིར་རྒྱ་མཚོ་ཆེན་པོ་ཤིན་ཏུ་ཟབ་པ་དང་། དཔག་པར་དཀའ་བ་
དེ་བཞིན་དུ་འདུལ་བ་ཡང་ཡིན་པའི་ཕྱིར་འདུལ་བ་རྒྱ་མཚོ་ཞེས་བསྟན་ཏོ། །དེའི་ཕྱིར་དེ་ལས་བསྡུས་པ་ནི་བཤད་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་བརྗོད་པས་འདི་ནི་རང་གི་རྣམ་པར་རྟོག་པས་སྦྱར་བ་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །ད་ནི་རང་གཞན་བང་ཆེན་ཞེས་བྱ་བ་ལ་སོགས་པས་
རང་དང་གཞན་གྱི་བྱ་བའི་རྐུ་བ་ལ་ཁྱད་པར་མེད་པར་སྟོན་པར་བྱེད་དོ། དགེ་སྦྱོང་བདག་ཉིད་རྐུ་བ་དང་གཞན་རྐུར་བཅུག་པ་དང་། བང་ཆེན་གཅིག་ནས་གཅིག་ཏུ་བརྒྱུད་པས་རྐུ་བར་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དགེ་སྦྱོང་ཁོ་ནས་བརྐུས་པ་ཡིན་ནོ། །དེ་ལ་བདག་ཉིད་རྐུ་བ་ཞེས་བྱ་བ་ནི་གཞན་གྱི་
བྱ་བ་ལ་ལྟོས་པ་མེད་པར་བདག་ཉིད་ཁོ་ན་རྐུ་བར་བྱེད་ཅེས་བྱ་བའི་དོན་ཏོ། །གཞན་དག་གིས་རྐུ་བར་བྱེད་པ་ནི་བདག་ཉིད་ཀྱིས་བྱིན་གྱིས་བརླབས་ནས་གཞན་བྱེད་པར་གྱུར་པའི་སྒོ་ནས་རྐུ་བར་བྱེད་པ་ཡིན་ནོ། །བང་ཆེན་དག་གིས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་བང་ཆེན་གཅིག་ནས་གཅིག་སྟེ། བང་ཆེན་
རྐུ་བ་པོས་མངགས་པ་ནི་ལུང་ཕོག་པ་ཉིད་ཡིན་པའི་ཕྱིར། འགའ་ཞིག་གམ་འགའ་ཞིག་གི་རྫས་ལྐོག་ཏུ་གྱུར་པ་ཁྱེར་ལ་ཤོག་ཤིག་ཅེས་དེ་ལ་གོ་བར་བྱས་པ་ཡིན་ལ། དེ་ལས་གཞན་པ་ནི་བང་ཆེན་གཅིག་ནས་གཅིག་ཡིན་ནོ། །དེ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་བང་ཆེན་གཅིག་ནས་གཅིག་ལ་སོགས་
པ་སྟེ། དང་པོའི་བང་ཆེན་དང་དུས་ཕྱིས་བྱུང་བའི་བང་ཆེན་ཀུན་ལ་བལྟ་བར་བྱའོ། །དེའི་ཕྱིར་བང་ཆེན་གཅིག་ནས་གཅིག་ལ་སོགས་པ་དེ་དག་གིས་ཀྱང་རྐུ་བར་བྱེད་ན། གང་དེས་ཀྱང་བརྐུས་པར་འགྱུར་ཏེ་བདག་ཉིད་འབའ་ཞིག་གིས་ནི་མ་ཡིན་གྱི། འོན་ཀྱང་སྐྱེས་བུ་གཞན་བྱེད་པར་གྱུར་པ་དག་གིས་
เล่ม ๑๖๖ · หน้า 197b
ཀྱང་བརྐུས་པ་ཡིན་ནོ། །ལམ་གྱི་སྒྲ་ནི་བང་ཆེན་གཅིག་ནས་གཅིག་ལ་སོགས་པས་ཀྱང་ཞེས་བྱ་བར་ཀྱང་གི་དོན་དུ་བལྟ་བར་བྱའོ། །ད་ནི་བང་བ་ལ་སོགས་པའི་སྣོད་ཕུག་ནས་དེར་བཅུག་པའི་འབྲུ་ལ་སོགས་པ་དང་བུམ་པ་ལ་སོགས་པ་ཕུག་ནས་དེར་ཆུད་པ་འཇུ་བའི་རྫས་བརྐུས་ན་ཇི་ལྟར་འགྱུར་ཞེ་ན། གཞི་
ནས་རྒྱུན་གྱིས་རྐུ་བར་བྱེད་པ་ན། །ཀུན་དུ་འབྲེལ་པའི་རྒྱུན་ནི་གཅིག་ཉིད་ཡིན། །ཞེས་བྱ་བ་སྨོས་ཏེ། གཞི་ནི་སྤྱིར་འབྲུའི་སྣོད་དང་འཇུ་བའི་རྫས་ཀྱི་སྣོད་ཀྱི་སྤྱི་གཟུང་བ་ཡིན་ནོ། །དེ་ལ་དང་པོར་བུག་པ་བཏོད་ནས་འབྲུ་ལ་སོགས་པ་འཛག་པར་གྱུར་པ་ནི་གཞི་ནས་རྒྱུན་འབྱུང་བ་ཡིན་ནོ། །དེ་ལས་རྐུ་བ་ནི་རྣམ་པ་
དེས་རྐུ་བ་ན་འབྲུ་ལ་སོགས་པ་གང་གཅིག་ཏུ་གྱུར་པ་དེ་བརྐུས་པ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཀུན་ཏུ་འབྲེལ་པ་སྟེ་ཡང་དག་པར་འབྲེལ་པའི་འབྲུ་ལ་སོགས་པའི་རྒྱུན་གང་ཡིན་པ་དེ་ནི་ཀུན་དུ་འབྲེལ་པའི་རྒྱུན་ནོ། །དེ་བརྐུས་པ་ཡིན་ཏེ། དཔེར་ན་བང་བ་ལ་སོགས་པ་ཕུག་ནས་འབྲུ་ལ་སོགས་
པ་རྐུ་བ་ན་དང་པོ་འབྱུང་བ་ནས་བརྩམས་ཏེ་ཐ་མར་བྱུང་གི་བར་དུ་རྒྱུན་མི་འཆད་པར་འབྱུང་བ་དེ་ལ་དངོས་པོ་ཚང་ན་དངོས་གཞིར་འགྱུར་ལ་མ་ཡིན་ན་དངོས་པོ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །ཡང་ན་རྒྱུན་བཅད་པ་དེ་ལ་རྒྱུན་འཆད་པ་རེ་རེ་ལ་ཡང་དངོས་པོ་མ་ཚང་ན་ཉེས་བྱས་ཆུང་བ་ཁོ་ན་རེ་རེར་འགྱུར་ལ་འོན་ཏེ་
གཅིག་ལ་ཡང་དངོས་པོ་ཚང་ན་དངོས་གཞི་ཁོ་ནར་འགྱུར་བར་རིག་པར་བྱ་བ་ལྟ་བུའོ། །ད་ནི་དེ་ལྟར་ཁ་དོག་གཅིག་པ་གནས་གཅིག་སྟེ་ཞེས་བྱ་བ་ལ་སོགས་པས་གནས་གཅིག་པ་ཉིད་བསྟན་པ་བསྟན་པའི་སྒོ་ནས་རྐུ་བ་སྟོན་པར་བྱེད་དེ། ཇི་ལྟར་གོང་དུ་ཀུན་ནས་འབྲེལ་པའི་རྒྱུན་གཅིག་ཉིད་ཡིན་
པ་དེ་ལྟར་འདིར་ཡང་བརྐུ་བར་བྱ་བའི་རྫས་ཀྱིས་ནོན་པའི་གནས་གཅིག་པ་ཉིད་ཡིན་པ་དེ་བས་ན་འདས་པར་གྱུར་ན་ཉེས་པར་འགྱུར་རོ་ཞེས་བྱ་བར་སྦྱར་བར་བྱའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཁ་དོག་གཅིག་པ་སྟེ་སྔོན་པོ་ལ་སོགས་པ་དེ་དག་ནི་ཁ་དོག་གཅིག་པའོ། །དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། རི་མོ་
སྟེ་རྡོ་རྒྱུས་ལ་སོགས་པའི་རི་མོ་ཡིན་ཏེ། དེ་ལ་སོགས་པ་གང་ཡིན་པ་དེ་ནི་བང་རིམ་ལ་སོགས་པའོ། །དེ་མེད་པ་ནི་བྲལ་བར་གྱུར་པའོ། །དེ་ལ་གཞན་ཡང་ཁྱད་པར་དུ་བྱེད་པ་ནི་མཐོན་དམན་དང་བྲལ་བའི་སའི་ཆ་སྟེ། ཡན་ལག་གང་ཡིན་པ་དེ་གཞི་མཉམ་པའོ། །དེའི་ཕྱིར་དེ་ལ་ཇི་སྐད་
เล่ม ๑๖๖ · หน้า 198a
དུ་བཤད་པའི་གནས་གཅིག་པ་ཉིད་གང་ཡིན་པ་དེ་ནི་རྫས་བཞག་པའི་གནས་ཡིན་ཏེ། དེ་ལས་གཞན་དུ་བསྐྱོད་པར་གྱུར་ན་དངོས་པོ་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གླང་ཆེན་ལ་སོགས་ཞེས་བྱ་ལ་སོགས་པས་སྲོག་ཆགས་ཀྱི་ཡན་ལག་
དག་གནས་ཉིད་དུ་རྗོད་པར་བྱེད་དེ། གླང་པོ་དང་པོར་བྱས་པའི་གཞན་རྟ་དང་མ་ཧེ་ལ་སོགས་པ་ཡིན་པ་དེ་བས་ན་དེའིའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མངོན་པ་སྟེ་ཤེས་པར་གྱུར་པའི་ཡན་ལག་རྩིབ་ལོགས་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཕྱོགས་མངོན་པར་གྱུར་པའོ། །ཕྱོགས་
མཐོང་བར་མ་གྱུར་པས་ན་ཕྱོགས་ནི་མི་མངོན་པ་སྟེ། ཡན་ལག་གསལ་པོར་མ་གྱུར་པའོ། །ཤ་དང་ཁྲག་དང་པགས་པ་རྒྱས་པར་གྱུར་པའི་ཕྱིར་དེ་ཡང་གནས་གཅིག་པ་ཉིད་ཡིན་ནོ། །ནིའི་སྒྲ་ནི་ཡང་གི་དོན་ཡིན་གྱི། གླང་ཆེན་ལ་སོགས་ཀྱང་ཞེས་བྱ་བ་སྔ་མ་ལས་བྱེ་བྲག་ཏུ་བྱེད་པའི་དོན་
ནི་མ་ཡིན་ནོ། །གཞན་དུ་ན་གླང་པོ་ཆེ་ལ་སོགས་པའི་ཕྱོགས་མི་མངོན་པ་ཁ་དོག་ཐ་དད་པ་རི་མོ་དང་ལྡན་པའི་གནས་ཀྱང་གནས་གཅིག་པ་ཉིད་དུ་འགྱུར་ཏེ། ནིའི་སྒྲ་སྔ་མ་ལས་ཁྱད་པར་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ན་བཤད་མ་ཐག་པའི་ཁ་དོག་གཅིག་པ་ཙམ་གྱིས་ཀྱང་གནས་གཅིག་པ་
ཉིད་དུ་ཐོབ་པར་འགྱུར་ཏེ། དེ་ལྟ་ནི་མ་ཡིན་པ་དེའི་ཕྱིར་དོན་སྔ་མ་ཁོ་ན་རིགས་པ་ཡིན་ནོ། །དོང་གི་ནང་གི་འབྲུ་གནས་གཅིག་པ་ཉིད་དུ་སྟོན་པར་བྱེད་པ་ལ། དེ་ལྟར་ཞེས་བྱ་བ་རྗེས་སུ་འཇུག་པ་དེ་བས་ན་འབྲུ་གནས་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཁ་
དོག་མཚུངས་པ་སྟེ་རིགས་འདྲ་བར་གྱུར་པའི་འབྲུའི་ཡན་ལག་གང་ཡིན་པ་དེ་ནི་ཁ་དོག་མཚུངས་ཆ་ཅན་ནོ། །དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། དོང་གནས་ཏེ་དོང་ནི་བང་བའི་ཁྱད་པར་ཡིན་ཏེ། དེ་ན་ཡོད་པའི་ཕྱིར་དོང་ན་གནས་པ་ཡིན་ནོ། །དེ་ལ་འདིར་ཡང་དེ་ལྟ་བུར་གྱུར་པ་ཡང་ཞེས་བྱ་བར་ཡང་གི་སྒྲ་
བལྟ་བར་བྱའོ། །ཁ་དོག་མཚུངས་ཆ་ཅན་འདི་དང་སྔར་གྱི་ཕྱོགས་ནི་མི་མངོན་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པར་བྱེད་པ་ཡིན་པ་དེ་བས་ན། དེ་ལྟར་ཁ་དོག་གཅིག་པ་གནས་གཅིག་སྟེ། །ཞེས་བྱ་བ་ལ་སོགས་པ་གོང་དུ་བཤད་པ་ཐམས་ཅད་ཀྱི་མཚན་ཉིད་ཡིན་པར་བལྟ་བར་བྱའོ། གལ་ཏེ་དེ་ལྟ་
เล่ม ๑๖๖ · หน้า 198b
ཡིན་ན་དེ་གཉིས་ཅིའི་ཕྱིར་བརྗོད་དེ། དེ་ལྟར་ཁ་དོག་གཅིག་པ་གནས་གཅིག་སྟེ། །ཞེས་བྱ་བ་འདིས་རྟོགས་པ་ཉིད་ཀྱི་ཕྱིར་རོ། །བདེན་ཏེ་དེ་ལྟ་ན་ཡང་ཁ་ཅིག་དག་གླང་པོ་ཆེ་ལ་སོགས་པའི་སྲོག་ཆགས་ལ་མཐོན་དམན་ཡོད་ཀྱང་གཅིག་ཉིད་དུ་འཁྲུལ་པར་འགྱུར་བ་དང་། དོང་ན་གནས་
པའི་འབྲུ་རིགས་ཐ་དད་པ་དང་འདྲས་སུ་ཟིན་ཀྱང་གནས་གཅིག་པ་ཉིད་ཡིན་ནོ་ཞེས་འདོད་པ་དེ་བསལ་བར་བྱ་བའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་དང་། ཡང་གི་སྒྲ་རྗེས་སུ་འཇུག་གོ། །རྩྭ་རྣམས་ཀྱིས་བཀྲམ་པ་ནི་རྩྭ་རྣམས་བཀྲམ་པའོ། །དེ་ལ་རྩྭ་རྣམས་བཀྲམ་པ་ཁྱད་པར་ཇི་ལྟ་བུ་ཞེ་ན། གཤིབས་
པ་སྟེ་བར་མ་ཆད་པར་འདབ་འབྱོར་པའོ། །འདྲ་བ་ནི་ཁ་དོག་མཚུངས་པར་གྱུར་པའོ། །དེ་ལྟར་རྩྭ་རྣམས་བཀྲམ་པ་ཡང་གནས་གཅིག་པ་ཉིད་ཡིན་ནོ། །ཁྱད་པར་དག་བསྟན་ནས་སྤྱི་བརྗོད་པར་བྱ་བའི་ཕྱིར་གཞན་དག་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་དང་ཡང་
གི་སྒྲ་ཡང་རྗེས་སུ་འཇུག་གོ། །དེ་ལྟར་གཞན་རྡོ་བྲག་ལ་སོགས་པ་ལ་ཡང་ཅི་རིགས་པར་དཔྱད་པར་བྱ་བ་ནི་རྡོ་ཁ་དོག་མཚུངས་པ་དང་། རི་མོ་ལ་སོགས་པ་མེད་པ་ཉིད་དང་། མཐོ་བ་དང་དམའ་བ་ལ་སོགས་པ་དང་བྲལ་བ་ཉིད་དུ་དཔྱད་པར་བྱ་སྟེ། ས་གཡོས་པ་ཉིད་ཀྱི་ཕྱིར་དེ་ཉིད་གནས་
ཉིད་ཡིན་གྱི་ས་ནི་མ་ཡིན་ནོ། །ད་ནི་གཞན་དག་གི་རྫས་སྨན་ལ་སོགས་པས་རྣམ་པར་ཉམས་པར་བྱས་ནས་རྐུ་བ་གནས་སྐབས་ཅི་ཙམ་ན་བརྐུས་པར་འགྱུར་ཞེ་ན། སྨྲས་པ། སྨན་དང་སྔགས་ལ་སོགས་པས་ཉམས་པར་བྱས་ནས་རྐུ་བར་བྱེད་པ་ནི་ཉམས་པར་བྱས་པ་རྐུ་བར་བྱེད་པ་ནའོ། །ཉམས་
བྱས་ངོ་བོ་སྟེ། རང་བཞིན་གང་ཡིན་པ་དེ་ནི་ཉམས་བྱས་ངོ་བོའོ། །དེ་གང་ཞེ་ན། གསེར་དང་དངུལ་ནི་གསེར་དང་དངུལ་ཏེ། དེ་ཉིད་བརྐུས་པ་ཡིན་པར་འདོད་ཅིང་བརྐུ་བར་བྱ་བ་ཉིད་དུ་དགོངས་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཉམས་པར་མ་བྱས་པའི་གནས་སབས་ནི་མ་ཡིན་ནོ། །ནིའི་
སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏེ། ཇི་ལྟར་གོང་དུ། རྐུ་སེམས་དང་ནི་འདོད་པ་ཉིད། །ཅེས་བྱ་བ་ལ་སོགས་པས་རྫས་ཉམས་པར་མ་བྱས་པ་གནས་ནས་བསྐྱོད་ནས་བརྐུས་པ་དེ་ལྟར་ཉམས་པར་བྱས་པ་རྐུ་བར་བྱེད་པ་ལ་ཡང་གནས་སྐབས་སྔ་མ་ཉིད་བརྐུས་པ་མ་ཡིན་པས་གལ་ཏེ་
เล่ม ๑๖๖ · หน้า 199a
ཉམས་པར་བྱས་པའི་གནས་སྐབས་ལ་རིན་ཐང་ཚང་བར་གྱུར་ན་དེའི་ཚེ་དངོས་གཞིར་འགྱུར་ལ། མ་ཡིན་ན་ཆུང་བར་འགྱུར་རོ། །ཉམས་པར་བྱེད་པ་ནི་སྦྱོར་བའི་ཉེས་བྱས་སུ་རིག་པར་བྱའོ། །ལུག་ལ་སོགས་པ་ལ་བརྒྱབ་པས་རྐུ་བར་བྱེད་པ་ན། བསད་པར་གྱུར་
པས་སམ། འོན་ཏེ་གནས་ནས་བསྐྱོད་པས་བརྐུས་པར་འགྱུར་ཞེས། སྨྲས་པ། ལུག་ལ་སོགས་པ་དག་བསད་པར་གྱུར་པ་ཉིད་ཀྱིས་བརྐུས་པར་ནི་འགའ་ཞིག་ཏུ་ཡང་མི་འགྱུར་གྱི། །འོན་ཀྱང་དུས་ཕྱིས་གནས་ནས་བསྐྱོད་པ་ན་བརྐུས་པ་ཡིན་པས་འདི་ནི་རྐུ་བ་ཉིད་ཀྱི་སྦྱོར་བ་ཡིན་ནོ། །གང་
ལ་ཞེ་ན། བརྐུ་བ་ལའོ། །བཤད་པར་བྱ་བ་ནི་རྣམ་པར་བསྟན་ཅིང་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་རྐུ་བའི་བློས་གསོད་པར་བྱེད་ན་ནི་གསོད་པར་སྦྱོར་བ་ཡིན་ལ། འདིར་ཉམས་པར་བྱེད་པའི་བསམ་པས་ཡིན་ན་ནི་ཆུད་གཟོན་པའི་བསམ་པ་ཉིད་ཡིན་པའི་ཕྱིར་དེར་གཏོགས་པའི་ཁ་
ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བར་རིག་པར་བྱའོ། །དང་ནི་བརྐུ་བྱ་གཅིག་དང་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པ་ཁོ་ན་སྟོན་པར་བྱེད་དེ་བརྐུ་བར་བྱ་བ་སྟེ་དབྲོག་པར་བྱ་བ་གཅིག་ཉིད་ནི་བརྐུ་བྱ་གཅིག་དང་གཞི་ནི་བརྐུ་བར་བྱ་བའི་རྫས་ཀྱི་གནས་ཡིན་ཏེ། དེའི་རྣམ་པའི་གཅིག་ཉིད་ནི་གཞིའི་རྣམ་པ་
གཅིག་ཉིད་ཡིན་ནོ། །ཇི་ལྟར་འགྱུར་བ་དེ་ལྟར་བཤད་པ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གཞི་ནས་རྒྱུན་གྱིས་རྐུ་བར་བྱེད་པ་ན། ཀུན་དུ་འབྲེལ་པའི་རྒྱུན་ནི་གཅིག་ཉིད་ཡིན། དེ་ལྟར་ཁ་དོག་གཅིག་པ་གནས་གཅིག་སྟེ། རི་མོ་ལ་སོགས་མེད་ཅིང་གཞི་མཉམ་པའོ། །ཞེས་བྱ་བ་ལ་སོགས་
པས་སོ། །དང་ནི་ཐམས་ཅད་དུ་སྡུད་པར་བྱེད་པ་ཡིན་ནོ། །བརྐུ་བར་བྱ། དབྲོག་པར་བྱ་བ་དེའི་རང་གི་ངོ་བོ་ཡང་ཇི་ལྟར་འགྱུར་བ་དེ་ཡང་དེ་ལྟར། གསེར་དང་དངུལ་གྱི་རྣམ་པ་ཉམས་བྱས་རྐུ་བྱེད་ན། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འདིས་ནི་འདི་སྐད་དུ་ཞུས་པ་ལས་རྣམ་པ་བཞིར་
བཀོད་དེ། བདག་པོ་དཔྱད་པ་དང་། རྫས་དཔྱད་པ་དང་། གནས་དཔྱད་པ་དང་། རྐུ་བའི་སྦྱོར་བ་དཔྱད་པའོ། །དེ་ལ་རྫས་དཔྱད་པ་ནི། གསེར་དངུལ་རྣམ་པ་ཉམས་བྱས་རྐུ་བྱེད་ན། །ཞེས་བྱ་བ་ལ་སོགས་པ་དང་། གནས་དཔྱད་པ་ནི་དེ་ལྟར་ཁ་དོག་གཅིག་པ་གནས་གཅིག་པ་
เล่ม ๑๖๖ · หน้า 199b
སྟེ། ཞེས་བྱ་བ་ལ་སོགས་པ་དང་། རྐུ་བའི་སྦྱོར་བ་དཔྱད་པ་ནི་གཞི་ནས་རྒྱུན་གྱིས་རྐུ་བར་བྱེད་པ་ན་ཞེས་བྱ་བ་ལ་སོགས་པ་དང་བདག་པོ་དཔྱད་པ་ནི་འཆད་པར་འགྱུར་བས་བསྡུས་པ་ཡིན་པས་ཅི་བདག་ཉིད་ཀྱིས་རང་གི་འདོད་པས་བྱས་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ད་ནི་ནོར་གྱི་བདག་པོ་མིའམ་རི་
དྭགས་ཞེས་བྱ་བ་ལ་སོགས་པས་བདག་པོའི་རྣམ་པ་སྟོན་པར་བྱེད་དེ། རྒྱུན་ལ་སོགས་པའི་ནོར་བརྐུ་བར་བྱ་བའི་བདག་པོ་དབང་བ་ནི་ནོར་བདག་སྟེ། རི་དྭགས་ལ་སོགས་པ་དང་དེའི་བདག་པོ་དག་ཡིན་ནོ། །དེ་དག་མ་ངེས་པ་ནི་གཏན་ལ་མ་ཕབ་པ་སྟེ་ཅི་ནོར་གྱི་བདག་པོ་མིའམ་འོན་ཏེ་རི་དྭགས་ཞེས་ཐེ་ཚོམ་
དུ་གྱུར་ན་དངོས་པོའི་དབང་གིས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་འདི་ལྟར་དངོས་པོའི་དབང་གིས་རྣམ་པར་གཞག་པ་ནི་གལ་ཏེ་དེ་དོན་དམ་པར་མིའི་ཡིན་ན་དེའི་ཚེ་དེའི་ཁོངས་སུ་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་ལ། ཡང་ན་བྱོལ་སོང་གི་ཡིན་ན་དེའི་རྒྱུད་དུ་གཏོགས་པའི་ཁ་ན་མ་ཐོ་བར་
འགྱུར་ཏེ། ཡིད་གཉིས་དང་ནི་འདུ་ཤེས་འདྲ་བར་གཞག །ཅེས་བྱ་བའི་ཚིག་གི་ཕྱིར་རོ། །གོས་དང་སྣོད་སོགས་ཞེས་བྱ་བ་ལ་སོགས་པས་གཞན་གྱིས་ཁྱེར་བའི་ཡོ་བྱད་བདག་གིར་བྱས་པ་ཉེས་པ་ཅིར་འགྱུར་བ་འདིར་བརྗོད་པར་བྱ་སྟེ་གོས་དང་དེའི་སྣོད་ནི་གོས་དང་སྣོད་ཡིན་ལ། དེ་དང་
པོར་བྱས་པའི་ལྷུང་བཟེད་ལ་སོགས་པ་གང་ཡིན་པ་དེ་ནི་གོས་དང་སྣོད་སོགས་ཏེ། དེ་ཁྱེར་བ་ནའོ། །གང་གིས་ཤེ་ན། རྐུན་པོས་ཞེས་བྱ་བ་སྨོས་པ་ཡིན་ཏེ། བཤད་མ་ཐག་པའི་གོས་དང་སྣོད་ལ་སོགས་པ་དེ་ལ་བདག་གི་མེད་པ་ཡིན་ནོ། །གང་ལ་ཞེ་ན། དགེ་ཚུལ་གང་ལ་བདག་གིར་བྱེད་པའི་མཚན་
ཉིད་ཀྱི་བསམ་པ་མེད་པ་དེ་ནི་རེ་བ་མེད་པ་སྟེ། དེ་ལ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལས་ཞེས་སྨོས་ཏེ་ལྟོས་པ་མེད་པའི་རྒྱུ་དེའི་ཕྱིར་རྐུན་པོ་དེ་ལས་ནན་གྱིས་ཏེ། སྟོབས་ཀྱི་རྣམ་པས་ལེན་པར་བྱེད་ན་མཐའ་མའི་དངོས་པོའི་མཐའི་ཉེས་པར་འགྱུར་རོ། །ནན་གྱི་ཚིག་སྨོས་པའི་
ཕྱིར་ཆོས་བཤད་པའམ་རིན་གྱིས་ལེན་པར་བྱེད་པ་ལ་ཉེས་པ་མེད་པར་ཤེས་པར་བྱའོ། །དེ་འདིར་དཔྱད་པར་བྱ་སྟེ་ནན་གྱིས་ཁྱེར་ན་ཞེས་སྨོས་པ་གང་ཡིན་པ་འདི། དེ་ནི་བདག་གི་ཡིན་ཞེས་བདག་ཉིད་ཀྱི་བསམ་པས་ཡིན་ནམ། ཡང་ན་གཞན་གྱི་ཡིན་པའི་བསམ་པས་ཡིན་ཞེ་ན། གལ་
เล่ม ๑๖๖ · หน้า 200a
ཏེ་དེ་ལ་རང་ཉིད་ཀྱི་བསམ་པས་ཡིན་ན་ནི་གཞན་གྱི་བསམ་པ་མ་གཏོགས་པར་བདག་ཉིད་ཀྱི་བསམ་པས་ནན་གྱིས་ལེན་པ་ལ་ཇི་ལྟར་མཐར་འགྱུར་ཏེ། བདག་ཉིད་ཀྱི་བསམ་པས་ལེན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །ཇི་སྟེ་ཡང་འདི་ལྟར་བདག་གི་བསམ་པས་
ཡོངས་སུ་བཏང་བ་དེ་ལྟ་ན་ཡང་ལེན་པའི་དུས་སུ་འདི་ནི་བདག་གི་ཡིན་པར་ཤེས་པ་ཡིན་ནོ་ཞེས་སེམས་པ་དེ་ལྟ་ན་ཡང་། གཞན་དག་གི་བསམ་པ་མེད་པར་ཇི་ལྟར་ན་ཐ་མར་འགྱུར། དེ་བས་ན་བདག་གི་བསམ་པ་མ་གཏོགས་པར་གཞན་གྱི་བསམ་པས་ལེན་ན་མཐར་འགྱུར་རོ་ཞེས་ཁྱད་པར་དུ་
བརྗོད་པར་བྱའོ། །བསམ་པ་སྟེ་བདག་གིར་བྱེད་པའི་སེམས་ཀྱིས་མ་བཏང་ཡོངས་སུ་མ་སྤངས་པར་དེའི་ནན་གྱིས་ལེན་ན་ཡང་ཉེས་པ་མེད་པ་ཡིན་ནོ། །རང་གི་བསམ་པས་ཞེས་བརྗོད་པར་བྱ་ཞིང་འདི་ལ་ཡང་རྩ་བའི་དངོས་གཞིའི་ཉེས་པའི་མཚན་ཉིད་ཀྱི་ཉེས་བྱས་མེད་དོ་ཞེས་བསྟན་པར་
བྱའོ། །ཉེས་བྱས་སུ་ནི་འགྱུར་ཏེ་དེ་བཞིན་དུ་བདག་གིར་བྱས་པ་ལ་མེད་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །སློབ་མ་གཞན་གྱིས་དབང་བྱས་པ། །ཞེས་བྱ་བ་ལ་སོགས་པས་སྔགས་དང་སྨན་ལ་སོགས་པས་སློབ་མ་གཞན་གྱིས་དབང་བྱས་པ་ལས་ཉེས་པར་འགྱུར་བ་སྟོན་པར་བྱེད་དེ།
གཞན་གྱིས་སྟོབས་ལ་སོགས་པ་དབང་དུ་བྱས་པའོ། །དེ་གང་ཞེ་ན། སློབ་མ་ཞེས་སྨོས་པ་ཡིན་ནོ། །དེ་བས་ན་དེ་ལ་བདག་གི་སྟེ། མཁན་པོ་ལ་བདག་གིར་བྱ་བ་མེད་པ་ཡིན་ནོ། །གང་དུ་ཞེ་ན། འདིར་ཞེས་སྨོས་པ་ཡིན་ཏེ། འདི་ནི་རྐུ་བའི་ཐ་སྙད་དུ་བྱ་བའི་རྒྱུ་སྟོན་པར་བྱེད་དེ། གང་
གི་ཕྱིར་མཁན་པོ་ལ་བདག་གི་མེད་དོ་ཞེས་སྨོས་པའི་ཕྱིར་རྐུ་བའི་ཤུགས་ཀྱིས་དེ་ལ་ཉེས་པར་འགྱུར་རོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ཡང་རང་ཉིད་བྲོས་པར་གྱུར་པ་དེའི་ཚེ་ཇི་ལྟར་འགྱུར་ཞེ་ན། བདག་ཉིད་ཅེས་བྱ་བ་སྨོས་ཏེ། བདག་ཉིད་རྐུ་བ་ནི་བདག་ཉིད་རྐུ་བ་སྟེ། དེ་ནམ་
ཡང་ཡོད་པ་མ་ཡིན་པ་དེའི་དབང་གིས་ཉེས་པར་མི་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དགེ་ཚུལ་ལ་སློབ་མ་མེད་པ་ཉིད་མ་ཡིན་ནམ། དེ་ཇི་ལྟར་ན་བདག་གི་མིན་ཞེས་བརྗོད་པས་ཉེས་པར་འགྱུར་ཞེ་ན། བདེན་ཏེ་འོན་ཀྱང་ལུང་གི་རྗེས་སུ་འབྲངས་ནས་དེ་ལྟར་མདོར་བྱས་པ་ཡིན་ནོ། །ལུང་
เล่ม ๑๖๖ · หน้า 200b
ལས་ཀྱང་སློབ་མ་སྨོས་པ་ནི་གནས་བརྟན་གྱི་དབང་དུ་བྱས་པ་ཡིན་པ་དེའི་ཕྱིར་དགེ་ཚུལ་ལ་མཁན་པོ་གཅིག་པ་དང་སློབ་པར་བྱེད་པ་ལ་སོགས་པ་ཡོད་པ་ཡིན་ཏེ། དེ་དག་རྐུ་བར་བྱེད་ན་ཉེས་པར་འགྱུར་བར་རིག་པར་བྱའོ། །ཉེས་པ་དེ་ཡང་བསམ་པའི་དབང་ལས་རྣམ་པར་གཞག་པར་བྱ་བ་ཡིན་
ཏེ། གལ་ཏེ་འདི་ལྟར་དེ་དག་གི་ཐད་ལས་བདག་གིས་བསྙེན་བཀུར་ལ་སོགས་པ་བདག་གིར་བྱའོ་སྙམ་པའི་བསམ་པ་བྱུང་ན་ནི་དེའི་དབང་ལས་མཐར་འགྱུར་ལ། ཡང་ན་དེ་དག་རབ་ཏུ་བྱུང་བའི་བར་ཆད་དུ་མ་གྱུར་ཅིག་སྙམ་པ་ནི་གཞན་གྱི་དོན་ཉིད་ཡིན་པའི་ཕྱིར་ཉེས་པར་མི་འགྱུར་ཏེ།
མགོན་མེད་ཟས་སྦྱིན་གྱི་ཆུང་མ་ལ་སོགས་པ་ཐར་བར་བྱས་པ་དང་འདྲ་བའི་ཕྱིར་རོ། །དེ་ལྟ་ན་ནི་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་མཐར་འགྱུར་བར་གསུངས་ཤེ་ན། བསམ་པའི་དབང་ལས་ཡིན་ཏེ་བསམ་པའི་དབང་དེ་ཡང་བཤད་མ་ཐག་པ་ཁོ་ན་ཡིན་ནོ། །བྱོལ་སོང་ནོར་ནི་ཞེས་
བྱ་བ་ལ་སོགས་པས་བྱོལ་སོང་གིས་ཡོངས་སུ་བཟུང་བའི་རྒྱན་ལ་སོགས་པ་བརྐུས་ན་ཇི་ལྟར་ཉེས་པར་འགྱུར་བ་སྟོན་པར་བྱེད་པ་ལ། བྱོལ་སོང་གི་བདག་པོ་ནི་བྱོལ་སོང་བདག་པོ་སྟེ། བྱོལ་སོང་བདག་པོ་ནི་སྐྱེས་བུ་ཡིན་ནོ། །བྱོལ་སོང་གི་ནོར་དེའི་བདག་པོ་ནི་བྱོལ་སོང་གི་ནོར་གྱི་
བདག་པོ་ཡང་དེ་ཡིན་ཏེ། གང་གི་ཕྱིར་བུ་དང་འདྲ་བར་རྒྱན་ལ་སོགས་པར་གདགས་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱོང་བའི་བློ་རྣམ་པར་གནས་པ་དང་ལྟོས་པ་དང་བཅས་པ་ཡིན་པ་དེའི་ཕྱིར་བྱོལ་སོང་གི་བདག་པོ་གང་ཡིན་པ་དེ་ནི་བྱོལ་སོང་གི་ནོར་གྱི་ཡང་བདག་པོ་ཡིན་ནོ། །ནིའི་སྒྲ་ནི་གང་གི་
ཕྱིར་གྱི་དོན་ཏོ། །ཡང་ནི་སྡུད་པར་བྱེད་པའོ། །རྙེད་ཕྱིར་ཞེས་བྱ་བ་ལ་སོགས་པ་བཤད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་རྒྱུའི་ཚོགས་ཁོ་ནས་ཉེས་པར་འགྱུར་བ་ཤུགས་ཀྱིས་བསྟན་པ་ཡིན་ཏེ། གང་གི་ཕྱིར་ནོར་དེའི་བདག་པོ་གཉི་ག་ཡིན་ན་དེ་ལས་གལ་ཏེ་འདི་དག་ཚུལ་གྱིས་བྱའི་རྒྱན་
བརྐུ་བར་བྱའོ་སྙམ་པའི་བསམ་པས་ནི་ཉེས་པ་ཆུང་བར་འགྱུར་ལ། ཡང་ན་མིའི་བརྐུ་བར་བྱའོ་སྙམ་པས་ནི་དོན་ཇི་ལྟ་བ་བཞིན་དུ་འགྱུར་རོ། །ཤིན་ཏུ་ཆགས་པའི་དམིགས་ཀྱིས་བསལ་བ་ནི་ཟས་ཤིག་ཅེས་བྱ་བ་སྨོས་ཏེ། བཟའ་བར་བྱ་བ་ཡིན་པས་ན་ཟས་དེ་བཟའ་བར་བྱའོ། །དེ་ལ་ཟས་བྱིན་
เล่ม ๑๖๖ · หน้า 201a
པར་གྱུར་ན་བྱོལ་སོང་ཉིད་བདག་པོ་སྟེ། གཙོ་བོར་གྱུར་པ་ཉིད་ཡིན་ཏེ། གཞན་ལ་ལྟོས་པ་མེད་པའི་ཕྱིར་དང་བྱིན་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དེའི་དབང་ལས་ཉེས་པར་འགྱུར་གྱི་བདག་པོ་མ་ཡིན་ནོ་སྙམ་པའི་འདུ་ཤེས་ནི་འཁྲུལ་པ་ཉིད་ཡིན་པའི་ཕྱིར་ཆུང་བར་འགྱུར་རོ། །
རྙེད་ཕྱིར་ཞེས་བྱ་བ་ལ་སོགས་པས་རྔོན་པས་རི་དྭགས་ལ་སོགས་པ་གཙེས་པར་གྱུར་པའི་བདག་པོ་ཉིད་བསྟན་པའི་སྒོ་ནས་ཉེས་པ་ཉིད་དུ་འགྱུར་བ་སྟོན་པར་བྱེད་དེ། མེ་དང་པོར་བྱས་པའི་འཚེ་བར་བྱེད་པའི་ཐབས་གང་དག་ཡིན་པ་དེ་དག་ནི་མེ་ལ་སོགས་པའོ། །དེའི་ཕྱིར་དེ་དག་གིས་གཙེས་པར་གྱུར་པ་
ནི་འདས་པར་གྱུར་པ་ནའོ། །རི་དྭགས་དང་པོར་བྱས་པའི་ཕག་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་རི་དྭགས་ལ་སོགས་པ་སྟེ། དེའི་བདག་པོ་ནི་གཙོ་བོ་ལ་བྱའོ། །འཚེ་བྱེད་ནི་མེ་ལ་སོགས་པ་གང་གིས་རི་དྭགས་ལ་སོགས་པ་དག་ལ་འཚེ་བར་བྱེད་པ་སྟེ་དེ་ལ་བརྗོད་དོ། །ཅིའི་ཕྱིར་འཚེ་
བར་བྱེད་ཅེ་ན། རྙེད་ཕྱིར་ཞེས་སྨོས་ཏེ། རྙེད་པའི་ཕྱིར་ཏེ་བཟུང་བའི་ཕྱིར་ཡིན་གྱི་རྩེད་མོའི་ཕྱིར་ནི་མ་ཡིན་པ་དེའི་ཕྱིར་རྔོན་པ་བདག་ཉིད་རི་དྭགས་ལ་སོགས་པའི་བདག་པོ་ཉིད་ཡིན་པས་དངོས་པོ་ཇི་ལྟ་བ་བཞིན་དང་། འདུ་ཤེས་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འདུལ་བ་
ལས་རི་དྭགས་ཁོ་ན་གསུངས་ཀྱི་གཞན་ནི་མ་ཡིན་ནམ། འདིར་ཅིའི་ཕྱིར་སོགས་པ་སྨོས་ཤེ་ན། རྒྱས་པ་ལས་ནི་རི་དྭགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་འདུལ་བ་རྒྱས་པ་ལས་རི་དྭགས་གསུངས་པ་དེ་ནི་ས་འཛིན་གྱི་དོན་ཡིན་པ་དེའི་ཕྱིར་ཡང་རྟ་དང་ཕག་ལ་སོགས་
པ་གཞན་དག་ལ་ཡང་སྦྱར་བར་བྱའོ། །དེ་ནི་ཞེས་བྱ་བ་ནི་གཞན་གྱི་ནོར་བརྐུས་པ་ལ་ཡིན་གྱི་རི་དྭགས་འབའ་ཞིག་ལ་མ་ཡིན་པ་དེ་བས་ན་སོགས་པ་སྨོས་པ་ཡིན་ནོ། །རྔོན་པས་གཙེས་པར་གྱུར་པའི་རི་དྭགས་ཤིག་ཅེས་བྱ་བ་ལ་སོགས་པས་འདིའི་དམིགས་ཀྱིས་བསལ་བ་བྱེད་པ་ཡིན་ཏེ། རྔོན་པས་
གཙེས་པར་གྱུར་པའི་རི་དྭགས་ཀྱང་སྲུང་བར་བྱེད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་ནི་རི་དྭགས་ལའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། སྐྱབས་སུ་འོངས་པར་གྱུར་པ་ནི་སྐྱབས་སུ་འོངས་པའོ། །སྐྱབས་ཀྱི་སྒྲ་ནི་གཙུག་ལག་ཁང་ལ་བྱ་སྟེ། སྐྱབས་ཀྱི་སྟེང་དུ་འཛེགས་ནས་ཞེས་གསུངས་པའི་ཕྱིར་རོ། །ཡང་
เล่ม ๑๖๖ · หน้า 201b
ན་སྐྱབས་སུ་འོངས་པའི་སྒྲ་ནི་སྐྱབས་ཀྱི་དོན་ཡིན་ཏེ། དེ་ལྟར་ནི་འཇིག་རྟེན་པ་དག་འདི་སྐད་དུ་བདག་ལ་སྐྱབས་སུ་འོངས་ཞེས་སྨྲ་བ་ཡིན་ནོ། །དེར་འོངས་པ་ནི་ཕྱིན་པར་གྱུར་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། བྲོས་ནས་འོངས་པ་ནི་བྲོས་ཏེ་འོངས་པའོ། །བྲོས་པ་སྨོས་པ་ནི་འཚེ་བར་བྱེད་པ་ཉིད་ཡིན་པར་རབ་ཏུ་བསྟན་
པའི་ཕྱིར་ཡིན་གྱི། རང་རྒྱུད་ལ་ནི་མ་ཡིན་ནོ། །གལ་ཏེ་ཤི་བར་གྱུར་ན་ཇི་ལྟར་བྱ་ཞེ་ན། ཤི་ན་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རི་དྭགས་ཤི་བར་གྱུར་ན་དེ་ནི་སླར་སྦྱིན་པར་བྱའོ། །གང་ལ་ཞེ་ན། དེ་ལ་ཞེས་སྨོས་པ་ཡིན་ནོ། །ཉིད་ནི་རྔོན་པ་ཁོ་ན་ལ་བྱའི་གཞན་དག་ལ་ནི་མ་ཡིན་ཞེས་ངེས་པར་གཟུང་བ་
དང་རིམ་པ་གཞན་དུ་བསྟན་པའི་དོན་ཏོ། །དེ་དག་མེད་པར་གྱུར་ན་ནི་བོར་བར་བྱའོ། །དགེ་ཚུལ་ཕ་ལ་སོགས་པས་ཁྲིད་པར་གྱུར་པ་དེ་ལ་ཅི་གཟུང་བར་བྱ་འམ་འོན་ཏེ་མི་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། གང་དགེ་ཚུལ་ལ་སོགས་པའི་སྡོམ་ཅན་མཐུས་ཁྲིད་པར་གྱུར་པ་ནའོ། །གང་དག་གིས་ཤེ་ན། སྐྱེ་བོ་རྩ་
ལག་ཅེས་སྨོས་ཏེ་རྩ་ལག་ཏུ་གྱུར་པའོ། །སྐྱེ་བོ་ནི་སྐྱེ་བོ་རྩ་ལག་སྟེ་ཕ་ལ་སོགས་པ་ཡིན་པ་དེ་བས་ན་དེས་སོ། །དེ་ལ་ཇི་ལྟར་བྱ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་མ་ཐག་པའི་སྡོམ་ཅན་འབད་པས་གཟུང་བར་བྱའི། ཤིན་ཏུ་འགལ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ཅིའི་ཕྱིར་སྙམ་
དུ་དོགས་པ་ལ། ཕ་ལ་སོགས་པས་ཡོངས་སུ་བཟུང་བ་བཟུང་ན་མ་བྱིན་པར་ལེན་པའི་ཕྱོགས་སུ་གཏོགས་པ་ཉིད་ཡིན་པའི་ཕྱིར་བྱ་བ་མ་ཡིན་ཏེ། འདི་ལྟར་བདག་གིར་བྱས་པ་གཏང་བར་མི་བྱའོ་སྙམ་དུ་འབའ་ཞིག་དོགས་པར་གྱུར་པ་ལ་ཞེས་བཤད་པ་དེ་བས་ན་བསམ་པ་དེ་ཉིད་ཀྱི་སྒོ་ནས་གཟུང་བར་བྱ་བ་འདི་
བསླབ་པའི་གཞི་འདིར་བསྟན་པ་ཡིན་ནོ། །དེ་ལ་འགྲོ་འདོད་པར་འགྱུར་བ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། ཇི་སྟེ་སྐྱེ་བོ་རྩ་ལག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡོམ་ཅན་གང་གི་སེམས་ཏེ་བསམ་པ་ཤེས་སོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། སྐྱེ་བོ་རྩ་ལག་དང་རྗེས་སུ་མཐུན་པར་གྱུར་པར་རོ། །དེ་དག་གང་གི་སྒོ་
ནས་ཤེས་པར་བྱ་ཞེ་ན། སྨྲས་པ་རྟགས་ཏེ་ཚིག་ལ་སོགས་པ་ལས་སོ། །དེས་དགེ་ཚུལ་དེ་གཟུང་བར་མི་བྱའི་འོན་ཀྱང་གཏང་བར་བྱའོ། །ཇི་ལྟར་འདུལ་བ་ལས་ཉེ་དུས་ལག་པ་གཅིག་ནས་བཟུང་བ་ན་རབ་ཏུ་བྱུང་བས་གཉིས་པ་ལས་གཟུང་བར་བྱ་ཞིང་། དེ་ལ་དེས་འདི་སྐད་དུ་ལག་པ་གང་ན་ཞེས་དྲི་བར་
เล่ม ๑๖๖ · หน้า 202a
བྱའོ། །གལ་ཏེ་ཉེ་དུ་དག་གིས་ཞེས་སྨྲ་བར་བྱེད་ན་གཟུང་བར་བྱའོ། །འོན་ཏེ་ཁྱེད་ཅག་དག་གིས་ཞེས་སྨྲ་བར་བྱེད་ན། ཀྱེ་མའོ་འགྲོ་འདོད་པའོ་ཞེས་བྱ་བའི་དབང་དུ་བྱས་ན་གཟུང་བར་མི་བྱའོ་ཞེས་འབྱུང་བ་ཡིན་ནོ། །དབྱར་གནས་པའི་རྒྱུ་མཚན་ལས་རྙེད་པའི་རྙེད་པ་གང་དབང་བར་འགྱུར་ཞེ་
ན། དབྱར་གནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དབྱར་གནས་པར་གྱུར་པ་ནི་དབྱར་གནས་ཏེ་དེ་དབང་ཞིང་བདག་པོར་འགྱུར་རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཡུན་རིང་བར་ཡང་ཞེས་བྱ་བ་ནི་བྱ་བ་ཁྱད་པར་དུ་བྱེད་པ་ཡིན་ཏེ། མང་དུ་ཞེས་བྱ་བར་འཇུག་གོ་ཡང་གི་སྒྲ་ནི་འདི་སྐད་དུ། མ་ལུས་པར་གནས་པ་
འབའ་ཞིག་མ་ཡིན་གྱི་འོན་ཀྱང་ཡུན་རིང་བར་དབྱར་གནས་པར་གྱུར་པ་ཡང་ཞེས་བྱ་བའི་དོན་དུ་བསྟན་པར་འགྱུར་རོ། །འདིར་ཟླ་བ་ཕྱེད་དང་གཉིས་ལས་ལྷག་པ་དང་བཅས་པར་གནས་པར་གྱུར་པ་དེ་ནི་ཡུན་རིང་བར་ནི་དབྱར་གནས་པ་ཞེས་བྱ་བ་ཡིན་ཏེ། རབ་ཏུ་བྱུང་བ་དེ་ཤི་བར་གྱུར་ན་ཡང་དབང་བར་འགྱུར་གྱི་ཡུལ་
གཞན་དུ་སོང་བར་གྱུར་པ་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དབང་བའི་རྙེད་པ་གང་ཡིན་ཞེ་ན། དབྱར་གནས་ཞེས་བྱ་བ་སྨོས་ཏེ། དབྱར་གནས་པ་ནི་འདུག་པར་གྱུར་པ་སྟེ། དབྱར་གནས་ཤིང་འདུག་པར་གྱུར་པའི་ཕྱིར་དབྱར་གནས་པའི་བྱེད་རྒྱུ་དང་རྒྱུ་མཚན་དེའི་སྒོ་ནས་རྙེད་པའི་
རྣམ་པ་འབྱུང་བ་ནི་རྙེད་པ་ཁོ་ན་རྙེད་པའི་རྣམ་པ་ཉིད་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དེ་ལྟ་བུར་གྱུར་པའི་རྙེད་པའི་བདག་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཀོན་མཆོག་གསུམ་གྱི་ཆེད་དང་ཆོས་ཉིད་ལ་ཕུལ་བའི་རྙེད་པ་གང་ལ་རིགས་པ་ཡིན་ཞེ་ན། སྨྲས་པ་སངས་རྒྱས་ལ་ཕུལ་བ་ཡིན་པ་
དེ་ནི་བཅོམ་ལྡན་འདས་ཀྱི་གཙང་ཁང་དང་མཆོད་རྟེན་ལ་སོགས་པ་ལ་ཉེ་བར་སྦྱར་བར་བྱ་བ་ཡིན་ལ། དགེ་འདུན་ལ་ཕུལ་བ་ནི་བགོ་བར་བྱ་བ་ཡིན་ནོ། །ཆོས་ལ་ཕུལ་བ་ནི་མི་ཤེས་པས་ཇི་ལྟར་བྱ་ཞེ་ན། ཆོས་ཀྱི་རྙེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཆོས་ཀྱི་རྙེད་པ་གང་དག་དབང་བར་འགྱུར་ཞེ་ན་
དམ་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་པའི་ཆོས་ཀྱི་མཚན་ཉིད་ཀྱི་ཚིགས་བཅད་ནི་དམ་ཆོས་ཚིགས་བཤད་དོ། །ཚིགས་བཤད་ནི་བཀའ་ལ་བྱ་སྟེ། སྨན་པ་ཉེ་བར་མཚོན་པར་བྱེད་པ་ཡིན་གྱི་ཁྱད་པར་ཅན་མ་ཡིན་པ་དེའི་ཕྱིར་ཡང་དེ་ཙམ་དེ་ཡང་རབ་ཏུ་བྱུང་བ་གང་གིས་ཀླགས་པར་གྱུར་པ་དེ་དག་
เล่ม ๑๖๖ · หน้า 202b
ཁོ་ན་ལ་དབང་བ་སྟེ། བདག་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གི་སྒྲ་ནི་མདོ་སྡེ་ལ་སོགས་པ་ཀླགས་པ་དེ་དག་འབའ་ཞིག་དབང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནིའི་སྒྲ་ནི་དེ་ཁོ་ན་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་ནོ། །འདིར་ཆོས་འདི་གང་ཡིན་ཞེས་རྣམ་པར་དཔྱད་པར་
བྱའོ་ཞེ་ན། འདིར་སྨྲས་པ་ཆོས་ནི་རྣམ་པ་གཉིས་ཏེ། བསྟན་པའི་ཆོས་དང་། དོན་དམ་པའི་ཆོས་སོ། །དེ་ལ་བསྟན་པའི་ཆོས་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་ཞེས་བྱ་བ་ལ་སོགས་པ་བཀའ་ཡན་ལག་བཅུ་གཉིས་སོ། །དོན་དམ་པའི་ཆོས་ནི་མྱ་ངན་ལས་འདས་པའོ། །
དེ་ལ་བསྟན་པའི་ཆོས་ཀྱི་ཆེད་དུ་ཕུལ་བའི་རྙེད་པ་ནི་འདིར་བགོ་བར་བྱ་བ་ཡིན་ལ། མྱ་ངན་ལས་འདས་པའི་ཆོས་ཀྱི་ཆེད་དུ་ཕུལ་བ་ནི་སངས་རྒྱས་ལ་ཕུལ་བ་དང་འདྲ་བར་བགོ་བར་བྱ་བ་མ་ཡིན་ཏེ། མྱ་ངན་ལས་འདས་པ་དེ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཇི་ལྟར་དེ་དག་བགོ་བར་ཤེས་པར་བྱ་ཞེ་ན།
སྨྲས་པ་གང་གི་ཚེ་སྦྱིན་པ་པོ་བདག་ཉིད་ཀྱིས་རྣམ་པར་ཕྱེ་ནས་འབུལ་བར་བྱེད་པ་དེའི་ཚེ་རབ་ཏུ་སྦྱིན་པར་བྱ་ཞིང་། རྣམ་པར་མ་ཕྱེ་བ་ཡིན་ན་ནི་སྦྱིན་པ་པོ་དེས་ཆོས་གང་དག་གི་ཆེད་དུ་ཕུལ་བ་ཡིན་ཞེས་དྲི་བར་བྱའོ། །དེ་ལ་ཡང་གལ་ཏེ་བསྟན་པའི་ཆོས་འབྲི་བའི་ཆེད་དུའོ་ཞེས་ཟེར་ན། དེ་དེ་ཁོ་ན་བཞིན་དུ་བྱའི་བགོ་
བར་མི་བྱའོ། །ཇི་ལྟར་ཡོན་བདག་གིས་རྙེད་པ་ངེས་པར་རྣམ་པར་གཞག་པ་བཞིན་དུ་ཞེས་གསུངས་པའི་ཕྱིར་རོ། །གཙུག་ལག་ཁང་དུ་མར་དབྱར་གནས་པར་འགྱུར་བ་གང་ཡིན་པ་དེ་ལ་གཙུག་ལག་ཁང་ཀུན་གྱི་རུང་ངམ་ཞེ་ན། གཙུག་ལག་ཁང་དུ་མར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཙུག་
ལག་ཁང་དུ་མ་ནི་གཙུག་ལག་ཁང་མང་པོ་སྟེ། དེ་དག་ཁས་བླངས་ཤིང་དམ་བཅས་པ་བྱས་པ་ནའོ། །གཙུག་ལག་ཁང་གཅིག་ཁོ་ན་ལས་རྙེད་པ་ཞེས་བྱ་བ་དབྱར་གྱི་རྙེད་པ་སྟེ། དེ་ལེན་དུ་དབང་བ་མ་ཡིན་ནོ། །དང་ནི་ངེས་པར་གཟུང་བའོ། །ཀྱང་གི་སྒྲས་གཅིག་ཏུ་གནས་པར་ཁས་བླངས་པ་
གཅིག་ནས་རྙེད་པ་དབང་བ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་གཙུག་ལག་ཁང་དུ་མ་དག་ལ་ཡང་ཞེས་སྡུད་པར་བྱེད་པའོ། །འོན་ཏེ་ཐམས་ཅད་ནས་ལེན་པར་འདོད་པར་འགྱུར་བ་དེའི་ཚེ་ཡང་། ཀུན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གལ་ཏེ་གཙུག་ལག་ཁང་ཐམས་ཅད་ནས་རྙེད་པ་ལེན་
เล่ม ๑๖๖ · หน้า 203a
པའི་བསམ་པ་ཡོད་པར་འགྱུར་བ་དེའི་ཚེ་ཇི་ལྟར་ཁས་བླང་བར་བྱ་ཞེ་ན། གཙུག་ལག་ཁང་ཀུན་རྙེད་པ་ཞེས་བྱ་བ་སྨོས་ཏེ། གཙུག་ལག་ཁང་ཐམས་ཅད་ཀྱི་རྙེད་པ་ནི་གཙུག་ལག་ཁང་ཀུན་རྙེད་པ་སྟེ། གཙུག་ལག་ཁང་ཐམས་ཅད་ཀྱི་རྙེད་པ་གཅིག་ཏུ་བསྡུས་པ་དེ་ལས་སོ། །
གཅིག་ཀྱང་ཡིན་ལ་སྐལ་བ་ཡང་ཡིན་པས་སྐལ་བ་གཅིག་གོ། །སྐལ་བ་གཅིག་ཁོ་ན་ནི་སྐལ་བ་གཅིག་ཙམ་སྟེ། དགེ་ཚུལ་དེས་དེ་ཙམ་ཞིག་བླང་བར་བྱ་བ་ཡིན་ནོ། །དེ་ལ་སྐལ་བ་གཅིག་ཙམ་ཞེས་བྱ་བ་ནི་དེ་གང་དུ་ཁས་བླངས་པའི་གཙུག་ལག་ཁང་དེ་དག་ཏུ་གང་བཤད་པར་གྱུར་པའི་དགེ་ཚུལ་གྱི་སྐལ་
བ་སྟེ། རྙེད་པ་གཅིག་པོ་དེ་གཙུག་ལག་ཁང་དེ་དག་གིས་གྲངས་ལས་ཆར་བྱས་པ་གང་ཡིན་པ་དེ་ནི་འདིར་སྐལ་བ་གཅིག་ཡིན་ཏེ་དེ་ཙམ་ཞིག་དེས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་སློབ་དཔོན་ཡོན་ཏན་འོད་ཀྱིས་འདིར་ཁས་བླངས་པ་དག་ལ་བདག་ཉིད་ཀྱི་གྲངས་ལས་ཆ་ཉིད་དོ་ཞེས་
གསུངས་སོ། །འདིར་ཡང་དོན་ནི་འདི་ཡིན་ཏེ་ཁས་བླངས་པ་དེས་སྔགས་ཀྱིས་གཙུག་ལག་ཁང་དག་ཏུ་ཁས་བླངས་པའི་གཙུག་ལག་ཁང་རང་གི་གྲངས་དེ་ལས་ཆ་སྟེ་སྐལ་བ་སྦྱིན་པར་བྱ་བ་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་གྲངས་ཀྱི་ཆའོ། །དེའི་དངོས་པོ་ནི་བདག་ཉིད་ཀྱི་གྲངས་ཀྱི་ཆ་ཉིད་དོ། །གཙུག་
ལག་ཁང་གི་གྲངས་ལས་རྙེད་པ་སྟེ། སྐལ་བར་བྱས་ནས་གཙུག་ལག་ཁང་ཐ་དད་པའི་དགེ་སློང་དག་གིས་སྦྱིན་པར་བྱའི་ལྷག་པར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་པའི་ཡང་ཚུལ་འདི་ཉིད་ཡིན་ནོ། །ཇི་ལྟར་དགེ་སློང་དབྱར་གནས་ལ་སོགས་པའི་རྙེད་པ་ཐོབ་པ་དེ་བཞིན་དུ།
དགེ་ཚུལ་དག་ཡིན་ནམ་འོན་ཏེ་རྣམ་པ་གཞན་དུ་ཡིན་ཞེ་ན། དགེ་སློང་གཅིག་གི་ངེས་དང་མཚུངས་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་སློང་གཅིག་གི་ངེས་པ་སྟེ་རྙེད་པ་ལས་ཆ་གཉིས་བླང་བར་བྱའོ་ཞེས་བྱ་བ་ནི་རྒྱས་པ་ལས་བྱུང་བ་ཡིན་ཏེ། དབྱར་གྱི་རྒྱུ་མཚན་ནམ་གཞན་དག་
ལས་དགེ་སློང་གཅིག་གི་རྙེད་པའི་ངེས་པ་གང་ཡིན་པ་དེ་ལས་དགེ་ཚུལ་གྱི་ཆ་གཉིས་བླང་བར་བྱའོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཡིན་ལ་དེ་ཞེས་བྱ་བ་ནི་དེ་སྐད་དུ་ཞེས་བྱ་བའི་དོན་ཡིན་པས་གང་གི་ཕྱིར་དེ་སྐད་དུ་རྒྱས་པ་ལས་གསུངས་པའི་ཕྱིར་དང་། རྙེད་པ་ལེན་པ་དཔྱད་པ་ལས་ཀྱང་ཞེས་
เล่ม ๑๖๖ · หน้า 203b
བྱ་བ་ལ་ལྟོས་པར་བྱ་སྟེ། དགེ་སློང་གཅིག་གི་སྐལ་བའི་ཚད་ཀྱི་རྙེད་པ་ཆ་གསུམ་དུ་གང་བྱས་པ་ལས་དགེ་ཚུལ་གྱི་ཆ་གཉིས་བླང་བར་བྱའོ་ཞེས་འདུལ་བ་རྙེད་པར་དཔྱད་པ་ལས་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྙེན་པར་རྫོགས་པར་འདོད་པ་ལ་ཡང་དེ་ཁོ་ན་བཞིན་དུ་ཡིན་ནམ་མ་ཡིན་ཞེ་ན་འདི་
ལྟར་བསྙེན་པར་རྫོགས་པར་འདོད་པ་ལ་ནི་རྙེད་པ་མཉམ་པོ་ཡིན་ཞིང་ཟས་ལ་སོགས་པ་དེ་དང་ཤི་བའི་གོས་ཀྱང་ཡིན་ཏེ། བསྙེན་པར་རྫོགས་པར་འདོད་པ་གང་ཡིན་པ་དེ་ནི་བསྙེན་པར་རྫོགས་པར་འདོད་པ་སྟེ་རྙེད་པ་མཉམ་པོ་ཁོ་ན་དབང་བར་འགྱུར་རོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་
ཕྱིར་དགེ་སློང་གི་དངོས་པོ་ཐོབ་པར་འདོད་པ་ཡིན་པ་དེའི་ཕྱིར་མཉམ་པོ་དབང་བར་འགྱུར་རོ། །འདི་ཟས་ལ་སོགས་པ་ལ་ཡང་ཡིན་ནམ་སྔར་བཤད་པའི་ཆ་གཉིས་དག་ཡིན་ཞེ་ན། ཟས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟས་དང་པོར་བྱས་པའི་བཟའ་བ་ལ་སོགས་པ་གང་ཡིན་པ་དེ་ནི་
ཟས་ལ་སོགས་པ་སྟེ། དེ་ལ་དེ་ནི་བཤད་མ་ཐག་པའི་ཚད་མཉམ་པོའི་མཚན་ཉིད་ཁོ་ན་ཡིན་པར་བལྟ་བར་བྱའོ། །ཡང་གི་སྒྲ་ནི་འདི་འབའ་ཞིག་ལ་མ་ཡིན་གྱི་རབ་ཏུ་བྱུང་བ་ཤི་བའི་གོས་ལ་སོགས་པ་གང་ཡིན་པ་དེ་ནི་ཤི་བའི་རྫས་ཡིན་ཏེ་དེ་ལ་མཉམ་པོ་ཁོ་ནར་འགྱུར་རོ་ཞེས་སྡུད་པར་བྱེད་པ་
ཡིན་ནོ། །དོན་འདི་ཉིད་ནི་སློབ་དཔོན་ཡོན་ཏན་འོད་ཀྱིས་དགེ་ཚུལ་དང་དགེ་ཚུལ་མ་དག་ནི་ཆ་གཉིས་བ་དང་གསུམ་པ་དག་གོ། །ཟས་ལ་ནི་མཉམ་པོ་ཉིད་དོ། །དགེ་སློང་མ་དང་བསྙེན་པར་རྫོགས་པར་འདོད་པ་དག་ཀྱང་ངོ་། །ཤི་བའི་གོས་ནི་ཐམས་ཅད་ལ་འོས་པ་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །
འདྲི་བའི་དོན་འདི་ནི་དགེ་ཚུལ་དང་དགེ་ཚུལ་མ་དག་ལ་ནི་ཆ་གསུམ་པ་དོར་བའི་རྙེད་པ་སྦྱིན་པར་བྱ་ཞིང་ཟས་ནི་མཉམ་པོར་སྦྱིན་པར་བྱའོ། །བསྙེན་པར་རྫོགས་པར་འདོད་པ་དེ་དག་དང་། སྔར་བསྟན་པའི་དགེ་སློབ་མ་བསྙེན་པར་རྫོགས་པར་འདོད་པ་མ་ཡིན་དུ་ཟིན་ཀྱང་མཉམ་པོ་ཡིན་ཞིང་། ཤི་བའི་ཡོ་
བྱད་ཀྱང་དགེ་སློང་ཇི་ལྟ་བ་དེ་བཞིན་དུ་དགེ་ཚུལ་ལ་ཡང་ཞེས་བྱ་བའི་དོན་ཏེ། བསྙེན་པར་རྫོགས་པར་འདོད་པ་དག་ཆོས་གོས་མེད་པའི་ཕྱིར་དང་། བསྙེན་པར་རྫོགས་པའི་ཡན་ལག་མ་ཚང་བའི་ཕྱིར་ཞེས་པ་དག་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །གང་གི་ཚེ་གཅིག་གམ་གཉིས་སམ་གསུམ་དག་
เล่ม ๑๖๖ · หน้า 204a
གཙུག་ལག་ཁང་ན་གནས་པར་བྱེད་ན་དེ་གཙུག་ལག་ཁང་ཉིད་ཀྱི་རྙེད་པ་དེ་དག་བདག་པོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན་སྙམ་དུ་དོགས་པ་ལ་འདོད་པ་དེ་བསལ་བར་བྱ་བའི་ཕྱིར། གཙུག་ལག་ཁང་ན་གཅིག་པུ་སུ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཙུག་ལག་ཁང་
གང་དུ་དགེ་ཚུལ་གཅིག་ཅིག་ཀྱང་གནས་པར་བྱེད་ནའོ། །ཀྱང་གི་སྒྲས་མང་པོ་དག་ཀྱང་ཡིན་ཏེ། གཙུག་ལག་ཁང་དེའི་རྙེད་པ་དེ་ཉིད་བདག་པོ་ཡིན་གྱི་དགེ་འདུན་ནི་མ་ཡིན་ནོ། །དགེ་འདུན་གྱི་གཙུག་ལག་ཁང་དུ་བྱུང་བའི་རྙེད་པ་ནི་དགེ་འདུན་ཁོ་ན་དབང་བ་ཡིན་གྱི་གང་ཟག་ནི་མ་ཡིན་ནོ་ཞེས་རྣམ་པར་རྟོག་པ་
བསལ་བའི་ཕྱིར་བརྗོད་པ་ཡིན་ནོ། །གནས་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཡིན་གྱི་དབྱར་ཁོ་ན་ནི་མ་ཡིན་ནོ། །རྙེད་པ་ཞེས་བྱ་བ་ནི་དབྱར་གྱིའམ་གཞན་དག་གི་སྟེ་དེ་ལྟར་ནི་གཙུག་ལག་ཁང་འགའ་ཞིག་ཏུ་དགེ་ཚུལ་གྱི་མཁན་པོའམ། གནས་ཀྱི་སློབ་དཔོན་ཤི་བར་གྱུར་པའམ། ཡུལ་གཞན་དུ་སོང་
བའམ་བབས་པར་གྱུར་པས་གཅིག་པུ་ཞིག་འདིར་གནས་པར་གྱུར་པ་ན། དབྱར་གྱི་དུས་སམ་གཞན་གྱི་ཚེ་དེར་ཡང་ཡོན་བདག་གིས་ཡོན་བསྟབས་པར་གྱུར་པ་དེ་ཉིད་ཀྱི་ཡིན་གྱི་གཞན་གྱི་མ་ཡིན་པས་བགོ་བར་མི་བྱའོ། །དེའི་རྙེད་པ་ལ་དེ་ཉིད་བདག་པོ་ཡིན་པས་གལ་ཏེ་དབྱར་གྱི་རྙེད་པ་བྱུང་ན་དེ་ཁོ་ན་
བཞིན་དུ་བདག་གིར་བྱ་ཞིང་། གཞན་དུ་རྙེད་པ་བྱུང་ན་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བདག་གིར་བྱའོ། །གལ་ཏེ་བྱིན་གྱིས་མ་བརླབས་པར་བདག་གིར་བྱེད་ན་ཉེས་བྱས་ཀྱི་ཉེས་པར་འགྱུར་ཏེ། ཕྱིས་འོངས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་སྐལ་བ་མཉམ་པོར་འགྱུར་བས་དེ་དག་དང་ལྷན་
ཅིག་བགོ་བར་བྱའོ། །རྣམ་པ་གཞན་དུ་ན་དངོས་པོ་ཇི་ལྟ་བ་དང་བསམ་པ་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་རོ། །དེ་ལ་སྔགས་ནི་འདི་ཡིན་ཏེ་གནས་འདི་ན་བདག་གཅིག་པུ་གནས་པར་བགྱིས་པ་ན་དགེ་འདུན་གྱི་གོས་ཀྱི་རྙེད་པ་བྱུང་བ་འདི་ཡང་དགེ་འདུན་གྱིས་བགོ་བར་བྱ་ཞིང་། དགེ་འདུན་གྱིས་བསྟེན་དུ་
རུང་བ་བདག་གིས་རྙེད་ལ་བདག་གིས་གོས་འདི་བདག་གིར་བྱའོ་ཞེས་བྱ་བ་ནས་བདག་གིར་བགྱི་བར་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་བར་དུ་སྟེ། གལ་ཏེ་དེ་ལྟར་བྱེད་ན་བྱིན་གྱིས་བརླབས་པ་ཡིན་པར་བརྗོད་པར་བྱ་ཞིང་གཞན་དག་འོངས་པ་རྣམས་ལ་སྦྱིན་པར་མི་བྱའོ། །འོན་ཏེ་དེ་ལྟར་མི་བྱེད་ན་བྱིན་
เล่ม ๑๖๖ · หน้า 204b
གྱིས་བརླབས་པ་མ་ཡིན་པས་དེས་བདག་གིར་མི་བྱའོ། །བདག་གིར་བྱེད་ན་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ། །ཤི་བའི་ཡོ་བྱད་ཇི་ལྟར་བགོ་བར་བྱ་བ་ཡིན་ཞེ་ན། །སྡོམ་ཅན་ཤི་ན་བཀུར་སྟི་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། །སྡོམ་ཅན་རབ་ཏུ་བྱུང་བ་ཤི་ན་དེ་ལ་བཀུར་སྟི་བྱས་ནས་ཏེ་དེ་ལྟར་བྱས་
ནས་ཤི་བ་དེའི་གོས་ལ་སོགས་པ་བགོ་བར་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཀུར་སྟི་ནི་རོལ་མོའི་སྒྲ་དང་ལུས་བསྲེགས་ཏེ། ཆོས་མཉན་པ་སྦྱིན་པ་དང་། རྒྱུན་ཆགས་གསུམ་པ་འདོན་པ་དང་། གནས་ཀྱི་མཆོད་རྟེན་ལ་ཕྱག་བྱ་བ་ཡིན་པར་རིག་པར་བྱའོ། །ཤི་བའི་ཡོ་བྱད་ལྷུང་བཟེད་
ལ་སོགས་པ་དྲུག་པོ་གང་དབང་བར་འགྱུར་ཞེ་ན། ནད་པ་དེའི་ནད་གཡོག་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྡོམ་ཅན་ནད་པའི་བསྙེན་བཀུར་བར་གྱུར་པ་གང་ཡིན་པ་དེ་ནི་ནད་གཡོག་ཡིན་ནོ། །དེ་གང་ཞེ་ན། སྡོམ་ཅན་ཞེས་བྱ་བ་སྨོས་ཏེ། དེ་ལྷུང་བཟེད་ལ་སོགས་པ་དྲུག་པོ་དབང་
བ་ནི་བདག་པོ་ཡིན་ཏེ། དེའི་ཐོབ་སྐལ་ཡིན་ཞེས་བྱ་བ་ནི་ཚིག་གི་དོན་ཡིན་ནོ། །ལྷུང་བཟེད་ལ་སོགས་པ་དྲུག་པོ་ཞེས་བྱ་བ་ནི་ལྷུང་བཟེད་དང་། ཆོས་གོས་གསུམ་དང་གདིང་བ་དང་ཆུ་ཚགས་དག་ཡིན་པར་རིག་པར་བྱའོ། །གལ་ཏེ་ནད་གཡོག་མང་པོ་དག་ཡོད་པར་གྱུར་པ་དེའི་ཚེ་ཇི་ལྟར་ཁོང་དུ་ཆུད་
པར་བྱ་ཞེ་ན། གང་ཚེ་ནད་གཡོག་མང་དུ་ཡོད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་བསྙེན་བཀུར་བྱེད་པ་མང་བ་ཉིད་ཡོད་པར་གྱུར་པ་དེའི་ཚེ་ཡང་བཤད་མ་ཐག་པའི་དྲུག་པོ་དེ་ཉིད་དེ། ལྷུང་བཟེད་ལ་སོགས་པ་དྲུག་པོ་དག་ནད་གཡོག་དེ་དག་སྤྱིར་དབང་བར་འགྱུར་རོ། །ཉིད་ནི་གཞན་
ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །དང་ནི་རིམ་པ་གཞན་ཏེ། ཡང་གི་སྒྲའི་དོན་ཡིན་པས་ན་དྲུག་པོ་དེ་ཡང་རབ་དང་འབྲིང་དང་ཐ་མ་དག་ལས་སྦྱིན་པར་བྱའི་གཅིག་གི་རང་བཞིན་ཁོ་ན་ལས་ནི་མ་ཡིན་ནོ། །གང་གི་ཚེ་ནད་པའི་ནད་གཡོག་གཞན་དུ་སོང་བར་གྱུར་ལ། ནད་པ་ཡང་དུས་
ལས་འདས་པར་འགྱུར་བ་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། ནད་པའི་དོན་དུ་གཞན་དུ་སོང་བའི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནད་པ་དག་གི་ཆེད་ནི་ནད་པའི་དོན་ཏེ་ནད་པའི་དགོས་པ་དེ་ཉིད་ཀྱི་ཕྱིར་གཞན་དུ་སོང་ན་ཡང་ལྷུང་བཟེད་ལ་སོགས་པ་དྲུག་པོ་དག་དབང་ངོ་། །ནིའི་སྒྲ་ནི་ནད་གཡོག་བདག་ཉིད་ཀྱི་
เล่ม ๑๖๖ · หน้า 205a
དོན་དུ་ན་མ་ཡིན་ནོ་ཞེས་རྣམ་པར་བཅད་པའི་ཕྱིར་རོ། །གང་གི་ཚེ་ཞེ་ན། སྡོམ་ཅན་ནད་པ་ཤི་ན་ཞེས་བྱ་བ་སྨོས་ཏེ། ནད་པ་ཡང་དེ་ཡིན་ལ་སྡོམ་ཅན་ཡང་ཡིན་པས་ན་སྡོམ་ཅན་ནད་པ་སྟེ་སྡོམ་ཅན་ནད་པ་དེ་ཤི་ནའོ། །གལ་ཏེ་དགེ་འདུན་གྱིས་ལྷུང་བཟེད་ལ་སོགས་པ་དེ་བགོས་
པར་གྱུར་ན་དེའི་ཚེ་ཡང་སྦྱིན་པར་བྱ་བ་ཡིན་ནམ་ཞེ་ན། ཇི་སྟེ་བགོས་པར་གྱུར་ཀྱང་སྡོམ་ཅན་གྱིས། །མྱུར་དུ་བསྡུས་ཏེ་ནད་གཡོག་སྦྱིན་པར་བྱ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་གང་གི་ཚེ་སྡོམ་ཅན་རབ་ཏུ་བྱུང་བས་ལྷུང་བཟེད་ལ་སོགས་པ་དྲུག་པོ་དགོས་པར་གྱུར་པ་སྟེ་ཆར་བཤིག་པར་གྱུར་པ་དེའི་ཚེ་
ཡང་སྡོམ་ཅན་རབ་ཏུ་བྱུང་བས་མྱུར་དུ་བསྡུས་ནས་ནད་གཡོག་ལ་སྦྱིན་པར་བྱའོ། །ཇི་སྟེ་ཞེས་བྱ་བའི་སྒྲ་ནི་གལ་ཏེ་དེའི་དོན་ཡིན་ཏེ། བདག་གིར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ནད་གཡོག་མཚན་ཐ་དད་པར་གྱུར་པའམ་ཁྱིམ་པ་དག་བྱེད་པ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། ཇི་སྟེ་བུད་མེད་མཚན་ལྡན་
ནད་གཡོག་བྱེད་པ་འམ། ཁྱིམ་པ་ཞིག་ན་ཞེས་བྱ་བ་སྨོས་ཏེ། བུད་མེད་ཀྱི་མཚན་ནི་བུད་མེད་མཚན་ཏེ། དེའི་མཚན་ནི་མཚན་དང་ལྡན་པ་གང་ཡིན་པ་དེ་ནི་དེའི་མཚན་ལྡན་ཏེ། མཚན་གྱི་སྒྲ་གཅིག་ཕྱི་བ་ཡིན་ནོ། །ཇི་སྟེ་དེ་ལྟ་བུར་གྱུར་པ་དེ་ནད་གཡོག་བྱེད་པའམ་ཡང་ན་ཁྱིམ་པ་ནད་གཡོག་
བྱེད་པར་གྱུར་ན་ཞེས་བྱ་བར་སྦྱར་རོ། །དྲུག་པོ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པ་དྲུག་པོ་དག་གོ། །དེ་མི་དབང་ཞེས་བྱ་བ་ནི་ཤི་བའི་ཡོ་བྱད་དག་གོ། །ཇི་སྟེ་ཞེས་བྱ་བ་ནི་གལ་ཏེའི་དོན་ཡིན་ནོ། །འམ་ཞེས་བྱ་བ་ནི་ཡང་ན་ཞེས་བྱ་བའི་དོན་ཡིན་ཏེ། མཚན་མཐུན་པ་ཁོ་ན་ལ་རིགས་པ་ཡིན་ནོ་ཞེས་བྱ་
བའི་ཐ་ཚིག་སྟེ། གང་དུ་ཡང་མཚན་མི་མཐུན་པའི་ནད་གཡོག་དག་ཁོ་ན་མེད་པ་མ་ཡིན་པ་དེའི་ཚེ་འདི་ངེས་པ་མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །གང་གི་ཚེ་བུ་ལོན་བླངས་བཞིན་དུ་རབ་ཏུ་བྱུང་བ་ཤི་བར་གྱུར་པ་དེའི་ཚེ་གང་ལས་སྦྱིན་པར་བྱ་ཞེ་ན། ཇི་སྟེ་སྡོམ་ཅན་བུ་ལོན་ཆགས་བཞིན་ཤི། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གལ་ཏེ་སྡོམ་ཅན་རབ་ཏུ་བྱུང་བ་བུ་ལོན་ཆགས་བཞིན་དུ་ཤི་བར་གྱུར་པ་དེའི་ཚེ་ཤི་བ་དེའི་ཡོ་བྱད་དེ་དེའི་སྣོད་སྤྱད་ཤི་བའི་ཡོ་བྱད་དག་ལས་བུ་ལོན་བསབ་པར་བྱ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ཡོད་ན་བསབས་པའི་ལྷག་མ་བགོ་བར་བྱའོ། །དེའི་ཡོ་བྱད་རྣམས་ཀྱིས་ཞེས་བྱ་
เล่ม ๑๖๖ · หน้า 205b
བ་འདིས་ནི་འདི་སྐད་དུ་ནོར་གྱི་བདག་པོ་གང་ཡིན་པ་དེ་ནི་ནོར་མེད་ཀྱང་བདག་པོ་ཡིན་པའི་ཕྱིར་དེའི་བུ་ལོན་དགེ་འདུན་གྱི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་བ་དེ་བས་ན་ཡོད་ན་དེའི་ཁོ་ན་ལས་བསབ་པར་བྱ་ཞིང་དེའི་རྫས་མེད་ན་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏེ། དེ་ལ་ལས་སར་བྱེད་པས་ལས་སར་གྱི་
དོན་དུ་བུ་ལོན་བླངས་པར་གྱུར་པ་དེའི་ཚེ་ཡང་དགེ་འདུན་དོན་དུ་ལས་སར་བྱེད་པས་བླངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་སར་བྱེད་པས་ཞེས་བྱ་བ་ནི་དགེ་འདུན་གྱི་ལས་སར་བྱེད་པས་སོ། །དགེ་འདུན་དོན་དུ་ཞེས་བྱ་བ་ནི་དགེ་འདུན་གྱི་ལས་སར་རྒྱུ་མཚན་གྱིས་བུ་ལོན་བླངས་པས་སོ། །
དགེ་འདུན་ལས་ཀྱང་གཞལ་ཞེས་བྱ་བ་ནི་དགེ་འདུན་གྱིས་རབ་ཏུ་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ། །དགེ་འདུན་ལས་ཞེས་སྤྱིར་བསྟན་པས་ཇི་ལྟར་སྦྱིན་པར་བྱ་ཞེ་ན། དཔང་རྒྱ་བལྟས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔང་རྒྱ་བལྟས་ཤིང་དཔྱད་ནས་ཚད་དེ་ཁོ་ན་ཙམ་དེ་སྦྱིན་པར་བྱའོ་ཞེས་
བྱ་བའི་དོན་ཏོ། །ཤི་བའི་རྫས་ཀྱི་བདག་པོ་ཉིད་གང་ཡིན་ཞེ་ན། གསོལ་བྱས་དང་པོ་ཐ་མ་གང་ཡོད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསོལ་བ་བྱས་པར་གྱུར་པའམ། ཡང་ན་དང་པོ་དང་ཐ་མ་བྱས་པར་གྱུར་པ་ན་གཙུག་ལག་ཁང་དེའི་མཚམས་སུ་ཆུད་པའི་རབ་ཏུ་བྱུང་བ་གང་ཡོད་
པ་སྟེ། སྲིད་པར་གྱུར་པ་དེ་དག་ཉིད་ཤི་བ་དེའི་གོས་ལ་སོགས་པའི་དབང་པོ་ཡིན་གྱི། དུས་ཕྱིས་འོངས་པར་གྱུར་པ་ནི་མ་ཡིན་ནོ། །དང་ནི་ངེས་པར་གཟུང་བའོ། །གསོལ་བ་ནི་སྔགས་ཀྱི་ཁྱད་པར་ཡིན་ནོ། །དང་པོ་ཐ་མ་ཞེས་བྱ་བ་ལ། དང་པོ་དགེ་འདུན་གྱི་གནས་བརྟན་ནོ། །ཐ་མ་སྟེ་
གང་འོག་ན་མེད་ཅིང་ཐ་མར་གྱུར་པ་དེ་ནི་དགེ་འདུན་གྱི་གཞོན་རབས་སོ། །འདི་ལྟར་ཤི་བའི་ཡོ་བྱད་དག་ལས་ཨ་རུ་ར་ལ་སོགས་པ་ཅུང་ཞིག་བླངས་ནས་ཀྱང་དགེ་འདུན་གྱི་རྒན་པོ་དང་གཞོན་ནུ་ལ་སྦྱིན་པར་བྱ་བའམ་གསོལ་བར་བྱའོ། །དེ་ནི་འདི་ལྟར་མ་བགོས་ཀྱང་བགོས་པ་བཞིན་དུ་བལྟ་བར་བྱ་བ་
ཡིན་པས་ན། གང་དག་གིས་ཕྱིས་འོངས་པ་དེ་དག་ལ་སྦྱིན་པར་མི་བྱའི་དེའི་ཚེ་དེ་དག་ཁོ་ནས་བགོ་བར་བྱའོ། །བཤད་མ་ཐག་པའི་སྒོ་ནས་བགོ་བར་མི་ནུས་པ་འོན་ཏེ་འགོད་པར་བྱེད་ན་ཐམས་ཅད་དབང་བ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་དངོས་པོ་ཇི་ལྟ་བ་དང་བསམ་པ་བཞིན་དུ་ཉེས་པར་འགྱུར་རོ། །
เล่ม ๑๖๖ · หน้า 206a
འདིས་ནི་གསོལ་བ་ལ་སོགས་པ་བྱས་པའི་དུས་ཕྱིས་འོངས་པ་རྣམ་པར་གཅོད་པ་ཡིན་གྱི། དུས་སྔ་མར་འོངས་པ་ནི་མ་ཡིན་ནོ། །གང་གི་ཚེ་སྡོམ་ཅན་ནད་པའམ་གཞན་དག་བདག་ཇི་སྲིད་འཚོ་བ་དེ་སྲིད་བདག་ཉིད་ཀྱི་ཡིན་ལ། བདག་ཤི་བར་གྱུར་ན་འདི་ཆེ་གེ་མོ་ཞིག་ལ་བྱིན་
ཅིག་ཅེས་ཟེར་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། བདག་ཤི་བའི་འོག་ཏུ་བྱིན་ཞེས་བསྔོས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། བདག་ཤི་སྟེ་བདག་ཞིག་པར་གྱུར་པའི་འོག་ཏུའོ། །འདི་བྱིན་ཞེས་བྱ་བ་ནི་སྦྱིན་པར་བསྔོས་ནས་ཇི་སྟེ་དེ་ཤི་བར་གྱུར་པ་དེའི་ཚེ་སྡོམ་ཅན་དག་གིས་བྱིན་པའི་རྫས་དེ་ནི་བགོ་བར་
བྱ་སྟེ། བགོ་བཤའ་དག་བྱའི་དེ་དེ་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སྡོམ་ཅན་བུ་ལ་སོགས་པའི་བསམ་དང་བྲལ། །རེ་བཅས་སྦྱིན་པ་སྦྱིན་པར་མི་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ། བུ་ལ་སོགས་པའི་བསམ་པ་ནི་སྲེད་པ་དེ་ལྟ་བུ་ལ་སོགས་པའི་བསམ་པས་
བདག་ཤི་བར་གྱུར་ན་འདི་བུ་ལ་སོགས་པ་དག་གིར་འགྱུར་རོ་ཞེས་བྱ་བའི་སྲེད་པ་གང་ཡིན་པ་དེ་དང་བྲལ་བ་སྟེ་མེད་པའི་ཕྱིར་རོ། །སྡོམ་ཅན་གང་དག་ལྟོས་པ་དང་བཅས་པའི་སྦྱིན་པ་དག་ཇི་སྲིད་འཚོའི་བར་དུ་ནི་བདག་ཉིད་ཀྱི་ཡིན་ལ། ཤི་བར་གྱུར་ན་ཆེ་གེ་མོ་དག་གིའོ་ཞེས་བྱ་བ་དེ་ནི་
སྦྱིན་པ་ཁོ་ན་མ་ཡིན་ཏེ། གང་གི་ཕྱིར་ཁྱིམ་པ་ཁོ་ནའི་སྦྱིན་པ་ཡིན་གྱི། རབ་ཏུ་བྱུང་བ་དག་གི་ནི་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཁྱིམ་པ་ནི་ལྟོས་པ་དང་བཅས་པས་དུས་འདས་པར་འགྱུར་གྱི། རབ་ཏུ་བྱུང་བ་དག་ནི་ལྟོས་པ་མེད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ནད་
པས་ཆེ་གེ་མོ་འདི་ལ་བྱིན་ཅིག་ཅེས་ཟེར་བ་ན་གལ་ཏེ་བྱ་བ་གཞན་གྱིས་བྲེལ་བ་བྱུང་བ་དང་། བརྗེད་ཅིང་གཡེངས་པར་གྱུར་ནས་མ་བྱིན་ན་དེ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ནད་པས་སྦྱིན་པར་བྱ་བར་བསྐུལ་བ་ལས། །ཞེས་བྱ་བ་སྨོས་ཏེ། འདི་ལ་འདི་བྱིན་པར་བསྐུལ་བར་གྱུར་པ་ལས།
གལ་ཏེ་བྲེལ་བ་བྱུང་བ་སྟེ་བྱ་བ་གཞན་ཉེ་བར་ལྷགས་པ་དེའི་ཕྱིར་ནད་གཡོག་གམ་གཞན་གང་གིས་ཀྱང་མ་བྱིན་ནའོ། །ནད་པ་དེ་ཡང་ཤི་བར་གྱུར་པ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། ཤི་ཡང་དེ་ཡི་ཚིག་དང་མཐུན་པར་ནི། །སྡོམ་ཅན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤི་ཡང་དེ་ཡི་ཚིག་དང་མཐུན་
เล่ม ๑๖๖ · หน้า 206b
པར་ནི། །ཞེས་བྱ་བ་ནི་ནད་པའི་ཚིག་དང་རྗེས་སུ་མཐུན་པར་རོ། །དེའི་ནོར་གྱི་ཕུང་པོ་ནི་དེའི་རྫས་ཀྱི་ཕུང་པོ་སྟེ། བགོ་བར་མི་བྱ་བ་དང་ལྟོས་པ་དང་བཅས་པ་སྦྱིན་པ་མ་ཡིན་ཞེས་བྱ་བའི་དབང་དུ་བྱས་ནས་རྫས་ཀྱི་ཕུང་པོའི་ཐད་དེ་ལས་སྡོམ་ཅན་རབ་ཏུ་བྱུང་བ་དག་གིས་སྦྱིན་པར་བྱ་བ་ཡིན་ནོ། །འགའ་
ཞིག་གིས་དགེ་འདུན་གྱི་དོན་དུ་སྦྱིན་པ་བྱིན་པ་ན་སྡོམ་ཅན་རབ་ཏུ་མང་བ་ཉིད་ཀྱི་ཕྱིར་སོ་སོར་སྦྱིན་པར་མི་ནུས་པས་བཅུ་ལ་སོགས་པའི་སྡེ་ཚན་གྱིས་འགོད་པར་བྱེད་པ་ན་དེ་ལས་འགའ་ཞིག་ཤི་བར་གྱུར་ན་དེའི་སྐལ་བ་སུ་དབང་བར་འགྱུར་ཞེ་ན། རང་གི་སྡེ་ཚན་རྫས་ནི་འགེད་པ་ན་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། སྡེ་ཚན་གང་དུ་ཤི་བ་དེ་ཉིད་ནི་རང་གི་སྡེ་ཚན་ཏེ་དེའི་རྫས་འགེད་ཅིང་བགོ་བཤའ་བྱེད་པ་ན་རང་གི་སྡེ་ཚན་གྱི་སྡོམ་ཅན་རབ་ཏུ་བྱུང་བ་ཤི་བར་གྱུར་ནའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། འདིས་སྐལ་བ་སྟེ། ཆ་ཤས་མ་བླངས་ཤིང་མ་མནོས་པའི་ཕྱིར་སྐལ་བ་མ་བླངས་སོ། །ཤི་ཞེས་བྱ་བ་ནི་ཤི་བར་
གྱུར་པ་ཁོ་ན་ཤི་བ་ཞེས་བསྟན་པ་ཡིན་གྱི་ཕྱིས་ཤི་བར་འགྱུར་བ་ཞེས་བྱ་བ་ནི་མ་ཡིན་ནོ། །གཞན་དུ་ན་སྡོམ་ཅན་ཤི་བར་གྱུར་པ་དེའི་ལ་ཇི་ལྟར་གཞན་དག་བདག་པོ་ཉིད་དུ་འགྱུར། དེའི་ཚེ་འདི་སྡེ་ཚན་གང་དུ་ཤི་བར་གྱུར་པའི་སྡེ་ཚན་དེ་ཉིད་དེའི་སྐལ་བ་དེ་དབང་ངོ་ཞེས་བྱ་བ་ནི་ཤི་བའི་སྐལ་བ་སྟེ། ཐོབ་
སྐལ་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་སྡེ་ཚན་དེ་དབང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉིད་ནི་གཞན་རྣམ་པར་བཅད་པའི་དོན་ཏོ། །གང་གི་ཚེ་སྐལ་བ་ཐོབ་ནས་ཀྱང་ཤི་བར་གྱུར་པ་དེའི་ཚེ་སུ་དབང་བར་འགྱུར་ཞེ་ན། སྐལ་བ་ཐོབ་ན་ཤི་བའི་སྐལ་བ་ཉིད་ཅེས་བྱ་བ་སྨོས་ཏེ། གལ་ཏེ་སྐལ་བ་སྟེ་
ཆ་ཤས་ཐོབ་ནས་ཤི་བ་དེའི་ཚེ་ཤི་བར་གྱུར་པས་ཤི་བའི་སྐལ་བ་ཉིད་ཡིན་ནོ། །ཉིད་ནི་ཤི་བའི་ཡོ་བྱད་ཁོ་ན་ཡིན་གྱི་སྡེ་ཚན་གྱི་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །ནིའི་སྒྲ་ནི་གོང་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཡིན་ཏེ། གང་གི་ཕྱིར་ཤི་བའི་ཡོ་བྱད་ཡིན་པ་དེའི་ཕྱིར་དགེ་འདུན་མ་ལུས་པ་
དབང་བ་ཡིན་ནོ་ཞེས་བསྟན་པར་རིག་པར་བྱའོ། །དེ་ལ་སྐལ་བ་ཕྱིས་འབྱུང་བ་ལེན་པ་ལས་སྔ་མ་ཁོ་ནར་ཤི་བར་གྱུར་ན་ནི་སྡེ་ཚན་དེ་ཉིད་ཀྱིར་འགྱུར་ལ། སྐལ་བ་ཐོབ་ནས་ཤི་ན་ནི་ཤི་བའི་ཡོ་བྱད་ཉིད་ཡིན་པའི་ཕྱིར་དགེ་འདུན་མ་ལུས་པ་དབང་བར་འགྱུར་རོ་ཞེས་བྱ་བ་འདི་ནི་བསྡུས་པའི་དོན་ཡིན་ནོ། །
เล่ม ๑๖๖ · หน้า 207a
གང་གི་རྩ་བའི་བགོ་བཤའ་ལས་ཀྱང་སྔ་མ་ཁོ་ནར་སྡེ་ཚན་གྱི་ནང་དུ་ཤི་བར་གྱུར་ན་དེ་དང་ལྷན་ཅིག་སྐལ་བ་ལེན་པའི་སྡེ་ཚན་དུ་མ་བྱས་པ་ཡིན་ལ། འོན་ཀྱང་སྐལ་བ་བླངས་པར་གྱུར་པ་དེ་ལྟ་ན་ཡང་དེ་ཉིད་དུ་བསྡུ་བར་བྱ་བ་ཡིན་པའི་ཕྱིར་དེ་ཡང་འདི་ཉིད་ཀྱིས་བསྟན་པར་རིག་པར་བྱའོ།
གཞན་གྱིས་གཞན་ལ་གོས་ལ་སོགས་པ་བསྐུར་བ་ན་གང་བདག་པོ་ཉིད་ཡིན་ཞེ་ན། གོས་ལ་སོགས་པ་གཞན་དུ་བསྐུར་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། གཞན་དུ་ཞེས་བྱ་བ་ནི་སྡོམ་ཅན་གཞན་གྱི་རྒྱུ་མཚན་དུའོ། །གོས་ལ་སོགས་པའི་རྫས་གང་ཡིན་པ་དེ་ནི་གོས་ལ་སོགས་པའོ། །གོས་
ལ་སོགས་པ་ཡང་དེ་ཡིན་ལ་བསྐུར་བ་ཡང་ཡིན་པས་ན་གོས་ལ་སོགས་པ་བསྐུར་བ་ནའོ། །དེ་བཞིན་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་གཞན་དང་གྲོང་གཞན་དག་ཏུ་ཞེས་ཤེས་པར་བྱ་སྟེ། གང་རབ་ཏུ་བྱུང་བ་དེ་ལ་བསྐུར་བ་ནི་ཞེས་བྱ་བར་སྦྱར་བར་བྱའོ། །གོས་ལ་སོགས་པ་གང་ལ་བསྐུར་བ་དེ་ཉིད་
ཀྱིས་ཡིན་ཏེ། དེའི་འདི་ཡིན་པས་ན་དེ་ཉིད་ཀྱིའོ་ཞེས་བྱ་བས་ནི་ངེས་པར་གཟུང་བ་དང་རིམ་པ་གཞན་དུ་བསྟན་པའོ། །ནིའི་སྒྲ་ནི་དངོས་པོ་བསྐུར་བའི་རིམ་པ་ནི་འདི་ཡིན་ནོ་ཞེས་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །འོན་ཏེ་མི་འདོད་ན་གང་བདག་པོ་ཉིད་ཡིན་ཞེ་ན། གལ་ཏེ་བསྐུར་བ་ན་གང་ལ་
བསྐུར་བ་དེ་མ་འདོད་ན་ཞེས་བྱ་བར་སྦྱར་རོ། །གོས་ལ་སོགས་པ་བསྐུར་བ་གང་ཡིན་པ་དེ་ནི་བསྐུར་བ་པོ་དེ་ཉིད་དབང་བ་སྟེ་བདག་པོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་དེ་ཡང་ཇི་སྟེ་མི་འདོད་པ་སྟེ་བདག་གིས་དེ་ལ་བཏང་བ་ཡིན་ནོ་ཞེས་དེ་ལྟར་གོས་ལ་སོགས་པ་དག་མི་འདོད་ཀྱང་གོས་ལ་སོགས་པ་
འདི་ཉིད་བསྐུར་བ་པོ་ཉིད་དབང་བ་ཉིད་དུ་འགྱུར་རོ་ཞེས་བྱ་བར་སྦྱར་བར་བྱའོ། །ཉིད་ནི་སྔ་མ་དང་འདྲའོ། །དེ་ལ་འདི་ནི་བསྐུར་བ་ཡང་དག་པར་སྦྱིན་པ་མ་སྤངས་པར་ཤི་བར་གྱུར་པ་དེའི་ཚེ་དེའི་ཡིན་ནོ་ཞེས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པར་བྱའོ། །འོན་ཏེ་བསྐུར་བ་པོ་ཤི་བར་གྱུར་ན་དེའི་ཡིན་ནོ་ཞེས་
བྱིན་གྱིས་བརླབ་པར་མི་བྱའོ། །བྱིན་གྱིས་རློབ་པར་བྱེད་ན་བྱིན་གྱིས་མ་བརླབས་པར་འགྱུར་ལ་ཡང་དག་པར་བྱིན་པ་སྤངས་ན་ནི་ཕྱིན་ཅི་ལོག་མ་ཡིན་ཏེ་དོན་དམ་པར་དེ་ཉིད་ཁོ་ནའི་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བསྡུས་པའི་དོན་ཡིན་ནོ། །ཡིད་གཅུགས་པས་ལོངས་སྤྱོད་པ་ལ་ཡང་ཚུལ་འདི་ཉིད་ཡིན་ནོ། །
เล่ม ๑๖๖ · หน้า 207b
ཤི་བའི་ཡོ་བྱད་གང་དབང་བ་ཡིན་ཞེ་ན། འདྲ་བ་ཡོད་ན་ཤི་བའི་གོས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤི་བའི་གོས་རྣམས་ནི་ཤི་བའི་གོས་དག་སྟེ་དེ་དག་དབང་བ་མིན། དབང་བ་ནི་བདག་པོར་གྱུར་པ་ཡིན་ལ། དབང་བ་མ་ཡིན་པ་ནི་དབང་བ་མ་ཡིན་པའོ། །དེའི་དངོས་ནི་དབང་བ་མ་ཡིན་པ་ཉིད་
དོ། །གང་ཞེ་ན་ཐ་དད་གྱུར་པའི་མཚན་ནི་ཞེས་བྱ་བ་སྨོས་ཏེ། འདིས་མཚོན་པར་བྱེད་པས་ན་མཚན་ཏེ་སྐྱེས་པ་དང་བུད་མེད་དག་གི་དབང་པོའོ། །དེས་ཐ་དད་པར་གྱུར་པའི་མཚན་ནི་ཐ་དད་པར་གྱུར་པའི་མཚན་ཏེ་མཚན་ཐ་དད་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་གང་གི་ཚེ་ན། འདྲ་བ་ཡོད་ན་ཞེས་བྱ་བ་སྨོས་ཏེ། འདྲ་བ་ནི་འདྲ་བ་ཡིན་ལ་ཡོད་
པ་ནི་སྲིད་པར་གྱུར་པ་སྟེ། ཤུགས་ཀྱིས་དེ་ཉིད་བདག་པོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་བཀར་བ་ཡང་བདག་པོ་ཉིད་མ་ཡིན་ནོ། །གང་གི་ཚེ་ཞེ་ན། སྨྲས་པ་སྡོམ་ཅན་གཞན་མ་བཀར་བ་མངོན་སུམ་དུ་ཡོད་ནམ་བཀར་བའི་ཤི་བའི་ཡོ་བྱད་འབའ་ཞིག་ཙམ་ནི་མ་ཡིན་ནོ། །བཀར་བ་ནི་ཆད་
པའི་ལས་ཀྱི་བྱེ་བྲག་ཡིན་ལ། དེ་གང་གིས་ཐོབ་པ་དེའི་ནོར་ཏེ་རྫས་ནི་བཀར་བའི་དོན་ཡིན་ལ་དེའི་ཡང་བདག་པོ་ནི་བཀར་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་གི་སྒྲ་ནི་གཉི་ག་ལ་སྦྱར་བར་བྱའོ། །རང་བཞིན་དུ་གནས་པ་མཚན་འདྲ་བ་མེད་ན་ནི་བདག་པོ་ཉིད་དུ་འགྱུར་བ་ཡིན་ཏེ། གཞན་དུ་ན་འདྲ་བ་
ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་དོན་མེད་པར་འགྱུར་རོ། །གཙུག་ལག་ཁང་གཉིས་ཀྱི་བར་ཏེ་དབུས་མར་སྡོམ་ཅན་ཤི་བ་དེའི་རྫས་གང་དབང་བ་ཡིན་ཞེ་ན། གཙུག་ལག་ཁང་གཉིས་མཚམས་ཀྱི་བར་དུ་ཤི །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཙུག་ལག་ཁང་གི་མཚམས་ནི་གཙུག་
ལག་ཁང་གི་མཚམས་ཏེ། དེའི་གཉིས་ནི་མཚམས་གཉིས་ཞེས་བྱ་བའི་ཐ་ཚིག་གོ། །གཙུག་ལག་ཁང་གཉིས་ཀྱི་མཚམས་དེའི་བར་དེར་ཤི་ཞིང་རླག་པར་གྱུར་པ་ནི་གཙུག་ལག་ཁང་གཉིས་ཀྱི་བར་དུ་དེ་ཤི་བར་གྱུར་པའོ། །ཤི་བ་དེའི་ལུས་ནི་དེའི་ལུས་ཏེ་དེ་དང་འབྲེལ་པའི་རས་ལ་སོགས་པའི་རྫས་
ནི་རས་ལ་སོགས་པ་ཡང་དེ་ཡིན་ལ་རྫས་ཀྱང་ཡིན་པས་རས་སོགས་རྫས་སོ། །དེ་གང་དབང་ཞེ་ན། གང་དུ་དེ་བཞག་པ་སྟེ་མཚམས་གང་དུ་རས་ལ་སོགས་པའི་སྣོད་སྤྱད་དེ་ཉིད་ལྷུང་བར་འགྱུར་བ་མཚམས་དེ་པ་དབང་བར་འགྱུར་རོ། །ནིའི་སྒྲ་ནི་རས་ལ་སོགས་པ་ཁོ་ན་གང་དུ་གཞག་པ་ཡིན་གྱི་མགོ་
เล่ม ๑๖๖ · หน้า 208a
བོའམ་ཡན་ལག་གཞན་དག་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བ་དང་རིམ་པ་གཞན་དུ་བསྟན་པའོ། །མཚམས་གཉི་གར་བཞག་པ་གང་གིར་འགྱུར་ཞེ་ན། ཇི་སྟེ་གཉི་ག་སྟེ་མཚམས་གཉི་ག་ན་གནས་པ་དེ་དག་དབང་བར་འགྱུར་ཏེ། འདི་སྐད་དུ་མཚམས་གཅིག་རས་ལ་སོགས་པ་
དེས་ཁྱབ་པར་གྱུར་ན་དེའི་ཁོངས་སུ་འདུས་པ་དག་དབང་བར་འགྱུར་ལ། མཚམས་གཉི་ག་ཁྱབ་པར་གྱུར་ན་ནི་དེ་གཉི་ག་དག་དབང་བར་འགྱུར་རོ། །དོན་འདི་ནི་གང་གི་མཚམས་ན་ཤི་བའི་གོས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་བཤད་པར་གྱུར་པས་རྟོགས་པར་འགྱུར་མོད་གྱི། དེ་ལྟ་ན་ཡང་གསལ་
བའི་དོན་དུ་ཡིན་པར་རིག་པར་བྱའོ། །ཁྱིམ་གྱི་ནང་དུ་བཞག་པའི་གོས་དེ་ཡང་གང་ཡིན་པར་འགྱུར་ཞེ་ན། ཤི་བའི་གོས་སོགས་ཁྱིམ་གྱི་ནང་བཞག་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱིམ་གྱི་ནང་དུ་བཞག་པར་གྱུར་པའི་ཕྱིར་ཁྱིམ་གྱི་ནང་དུ་བཞག་པའོ། །ཁྱིམ་གྱི་ནང་དེར་བཞག་པའི་ཤི་བའི་གོས་
དག་ནི་ཁྱིམ་པ་རབ་ཏུ་བྱུང་བ་གང་ལ་དད་པ་སྟེ་མངོན་པར་དད་ནས་དེ་ལ་ཕུལ་བ་དེ་དབང་བར་འགྱུར་རོ། །ཁྱིམ་པ་དེ་ཞེས་བྱ་བ་ནི་གང་གི་ཁྱིམ་གྱི་ནང་དུ་ལྷུང་བཟེད་ལ་སོགས་པ་བཞག་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ལ་བྱིན་པ་དེ་ཡང་ཆོས་གོས་ལ་སོགས་པ་མེད་པར་གྱུར་པ་ཞེས་བྱ་བར་མ་བསྟན་
དུ་ཟིན་ཀྱང་གྲུབ་པ་ཡིན་པར་རིག་པར་བྱའོ། །ཡོད་པར་གྱུར་ན་ནི་བླངས་ནས་གཞན་དག་ལ་སྦྱིན་པར་བྱ་སྟེ། ལྷག་པ་ནི་མི་མཁོ་བའི་ཡོ་བྱད་ཉིད་ཡིན་པའི་ཕྱིར་རོ། །རབ་ཏུ་བྱུང་བ་གཞན་དུ་ཤི་བར་གྱུར་ཅིང་དེའི་ཡོ་བྱད་གཞན་ན་ཡོད་པ་དེ་གང་གིས་བྱིན་གྱིས་བརླབ་པར་བྱ་བ་ཡིན་ཞེ་ན། གང་གི་མཚམས་ན་ཤེ་
བའི་གོས་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་བྱུང་བ་གང་དག་གི་མཚམས་སུ་ཤི་བའི་གོས་ལ་སོགས་པ་གཞག་པར་གྱུར་པ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །སོགས་པའི་སྒྲ་ནི་ཡོ་བྱད་མ་ལུས་པ་འཕེན་པར་བྱེད་པའོ། །དེ་དག་ཁོ་ནས་བྱིན་གྱིས་བརླབས་ནས་དབང་བ་ཡིན་ཏེ། བྱིན་
གྱིས་བརླབས་ནས་དབང་བ་ཉིད་ནི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བདག་གིར་བྱས་པ་ཡིན་ནོ། །འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བྱ་བ་ནས་གནས་འདི་ཉིད་དུ་མིང་ཆེ་གེ་མོ་ཞེས་བྱ་བ་དུས་ལས་འདས་པར་གྱུར་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་
เล่ม ๑๖๖ · หน้า 208b
བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་སྡོམ་ཅན་ཆེ་གེ་མོ་ཤི་བའི་ཡོ་བྱད་བགོ་བར་བྱ་བ་ཆོས་གོས་དང་ཆོས་གོས་ཀྱི་སྣོད་སྣང་བ་དང་མི་སྣང་བ་བྱིན་གྱིས་བརླབ་པར་བགྱིའོ་ཞེས་བྱ་བའི་བར་དུའོ། །གཙུག་ལག་ཁང་འགའ་ཞིག་ཏུ་རབ་ཏུ་བྱུང་བ་ཤི་བར་གྱུར་པ་དེ་ལས་དེར་རམ་གཞན་དུ་དེའི་དངོས་པོ་
གང་གི་ལག་ཏུ་བཞག་པ་དེ་ཡང་གཙུག་ལག་ཁང་གཞན་དུ་སོང་བར་གྱུར་པ་དེ་ལ་ཇི་ལྟར་བྱ་བ་ཡིན་ཞེ་ན། གནས་གཞན་དག་ཏུ་བཞག་པའི་གོས་རྣམས་ཀྱང་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་གོང་དུ་གནས་གཞན་དུ་བཞག་པ་བྱིན་གྱིས་བརླབས་པ་དེ་བཞིན་དུ་གནས་གཞན་དུ་བཞག་པའི་གོས་ཡོད་པ་ལ་
ཡང་གོས་དེ་དག་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །གཙུག་ལག་ཁང་གཅིག་གི་མཚམས་ལས་མཚམས་གཞན་ཏེ་དེར་བཞག་པ་དག་གི་སྒོ་ནས་བྱིན་གྱིས་བརླབ་པར་བྱ་ཞེ་ན། དངོས་དང་འདྲ་བར་བྱིན་གྱིས་བརླབ་པར་བྱ་ཞེས་བྱ་བ་སྨོས་ཏེ། ལྐོག་ཏུ་གྱུར་བ་ཡིན་ཡང་དངོས་
དང་འདྲ་བའི་དབང་གིས་བྱིན་གྱིས་བརླབས་ན་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བའི་དོན་འདིར་བསྟན་པར་འགྱུར་རོ། །དེ་ལྟར་ཡང་མདོ་མཛད་པས་འདིར་ཤི་བའི་གནས་ཉིད་རྒྱུ་མ་ཡིན་ནོ་ཞེས་གསུངས་ཏེ་དེ་ལ་འདིའི་དོན་ནི་དངོས་དང་འདྲ་བ་དེ་ནི་ཤི་བའི་རྫས་ཀྱི་དངོས་དང་འདྲ་བ་སྟེ། དེ་གང་དུ་སོང་བ་དེར་གནས་
པ་དག་གིས་དངོས་དང་འདྲ་བའི་མདུན་དུ་གནས་གཞན་ན་ཡོད་པའི་རྫས་བྱིན་གྱིས་བརླབ་པར་བྱ་བའམ། ཡང་ན་མཚམས་གང་ན་ཡོད་པའི་རྫས་དེ་འབའ་ཞིག་ལ་དེར་གནས་པ་དག་གིས་བྱིན་གྱིས་བརླབ་པར་བྱ་ཞིང་བདག་གིར་བྱའོ། །གང་དུ་རབ་ཏུ་བྱུང་བ་གྱུར་པ་དེའི་ཁོངས་སུ་གཏོགས་པ་དག་
གིས་ནི་མ་ཡིན་ནོ། །གང་གི་ཕྱིར་འདིར་ཤི་བའི་གནས་ཉིད་ནི་རྒྱུ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་བགོའོ། །བཞག་པར་གྱུར་པ་ཡང་རྒྱུ་མ་ཡིན་ནོ། །དངོས་དང་འདྲ་བས་ཞེས་བསྟན་པའི་དངོས་དང་འདྲ་བ་དེ་གང་ཡིན་ཞེ་ན། གང་ལ་རྫས་རྣམས་བཞག་པར་གྱུར་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤི་བ་དེའི་
རྫས་ནི་དེའི་རྫས་སོ། །བཞག་པར་གྱུར་པ་ཞེས་བྱ་བ་ནི་མི་གང་ལ་ཤི་བའི་རྫས་དེ་བཞག་པར་གྱུར་པ་དེ་ནི་དངོས་དང་འདྲ་བ་ཞེས་བརྗོད་པ་སྟེ། དངོས་དང་འདྲ་བ་ཞེས་བརྗོད་པའི་མི་གང་ལ་ཡོད་པ་ཞེས་བྱ་བའི་དབང་དུ་བྱས་ནས། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ་གང་གི་ཕྱིར་དེའི་དེ་ནི་རྫས་ཀྱི་གཞིར་གྱུར་
เล่ม ๑๖๖ · หน้า 209a
པ་ཉིད་ཡིན་པའི་ཕྱིར་དང་། ཤི་བའི་བརྗེད་མར་གྱུར་པ་ཡིན་པ་དེའི་ཕྱིར་དེ་དངོས་དང་འདྲ་བ་ཞེས་བྱའོ། །འདི་ལྟར་དངོས་དང་འདྲ་བ་བྱིན་གྱིས་བརླབ་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བྱ་བ་ནས་འདིར་དགེ་སློང་ངམ་དགེ་ཚུལ་ཆེ་གེ་མོ་དུས་ལས་འདས་
པར་གྱུར་ལ། དེ་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ངམ་དགེ་ཚུལ་ཆེ་གེ་མོའི་དངོས་དང་འདྲ་བའི་དགེ་སློང་ངམ་དགེ་ཚུལ་ཆེ་གེ་མོ་ལ་ཤི་བའི་ཡོ་བྱད་བགོ་བར་བྱ་བ་ཆོས་གོས་སམ་ཆོས་གོས་ཀྱི་སྣོད་སྣང་བའམ་མི་སྣང་
བ་གང་ཡིན་པ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་བར་དུའོ། །འགའ་ཞིག་ལ་ལྷུང་བཟེད་ལ་སོགས་པ་གཏོད་པར་བྱེད་པའི་དུས་གཏད་པར་གྱུར་ནས་གང་སྨྲ་བ་ནི་བག་ཡོད་པར་བྱ་བའི་དོན་དུ་དེ་སྐད་དུ་བརྗོད་པ་ཡིན་ཏེ། ལག་ནས་ལག་ཏུ་སྣོད་ལ་སོགས་པ་གཏོད་པར་བྱེད་པ་ནི་དེས་སྣོད་ལ་སོགས་པ་འདི་ཁྱོད་
ཀྱིས་ཟིན་ཏམ། ཇི་ཁོ་བོས་ནི་བཏང་ངོ་ཞེས་ལེན་པ་པོ་དེས་ཤེས་པར་བྱས་ནས་སྣོད་ལ་སོགས་པ་དེ་བྱིན་པར་བྱའོ། །གང་གི་ཚེ་ཞེ་ན། གྲུ་དང་པོར་བྱས་པའི་གཞན་གང་ཡིན་པ་དེ་ནི་གྲུ་སོགས་སོ། །དེ་ལ་འཛེག་པར་སྟེ་འཛེག་པའི་དུས་དེའི་ཚེའོ། །དེ་སྐད་ཅེས་བྱ་བའི་སྒྲས་ནི་དེ་སྐད་ཅེས་བྱ་བ་དང་།
རིམ་པ་གཞན་གྱི་དོན་ཡིན་ཏེ་སྔ་མ་བཞིན་དུ་བལྟ་བར་བྱའོ། །གལ་ཏེ་གཏོད་པར་བྱེད་པ་དེས་དེ་སྐད་དུ་སྨྲས་པ་ན། ལེན་པ་པོ་དེས་ཀྱང་ཁས་བླངས་ནས་སྣོད་ལ་སོགས་པ་དེ་ཆུ་ལ་སོགས་པར་ལྷུང་བའི་སྒོ་ནས་བོར་བར་གྱུར་ན་དེའི་ཚེ་སྣོད་ལ་སོགས་པ་ལེན་པ་པོ་དེ་ལ་དེའི་རིན་དབབ་པར་བྱ་བ་ཡིན་ནོ། །ཇི་ལྟ་
ཞེ་ན། དོགས་པ་མེད་པར་ཏེ་གང་གི་ཕྱིར་དེས་སྨྲས་པ་དེས་ཁས་བླངས་པར་གྱུར་པ་དེའི་ཕྱིར་རིན་ཕབ་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཙམ་ཞིག་བསྟན་གྱི། འོན་ཀྱང་འདི་བསླབ་པའི་གཞི་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱ་བ་མ་ཡིན་ནོ། །གཞན་གྱི་རྙེད་པ་བླང་བར་ཁས་བླངས་ནས་རྙེད་པ་དེ་མ་བླངས་ན་
དེ་ཡང་དབབ་པར་བྱ་བ་ཡིན་ནོ་ཞེས་འདི་ཉིད་ཀྱིས་བསྟན་པར་རིག་པར་བྱའོ། །དམ་པ་མ་ཡིན་པ་ལས་གོས་ལ་སོགས་པ་ལེན་པར་བྱེད་ལ་དབང་མེད་པ་དེ་དག་ལས་ནི་གོས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། སྦྱིན་པའི་ཡུལ་ལ་དབང་མེད་པར་གྱུར་པ་བསྲུང་བའི་བྱ་བ་ཁོ་ན་བྱེད་ཅིང་
เล่ม ๑๖๖ · หน้า 209b
སྦྱིན་པའི་ཕྱིར་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དབང་མེད་པ་དེ་ལས་ཏེ་གོས་ལ་སོགས་པ་སྦྱིན་པའི་ཕྱིར་གཙོ་བོ་མ་ཡིན་པ་ཉིད་ལ་གོས་ལ་སོགས་པ་དེ་བླང་བར་མི་བྱའོ། །གོས་དང་པོར་བྱས་པའི་གསེར་ལ་སོགས་པ་གང་ཡིན་པ་དེ་ནི་གོས་ལ་སོགས་པའོ། །རྒྱུ་ཅིའི་ཕྱིར་ཞེ་ན། དེ་ནི་སྦྱིན་བདག་མིན་ཞེས་བྱ་
བ་སྨོས་པ་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་སྦྱིན་པའི་ཕྱིར་གཙོ་བོར་གྱུར་པ་མ་ཡིན་པ་དེའི་ཕྱིར་སྦྱིན་བདག་ཁོ་ན་མ་ཡིན་པ་དེ་དབང་མེད་པར་གྱུར་པ་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །སྦྱིན་བདག་གི་སྒྲས་རྫས་ཀྱི་བདག་པོ་བརྗོད་པ་ཡིན་ཏེ། ཚིག་འདིས་ནི་གང་གི་ཚེ་
སྟོབས་པར་བྱེད་པ་དེའི་ཚེ་བླང་བར་བྱ་བ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །གང་ཡང་ལས་བྱེད་པར་འགྱུར་བ་སྦྱིན་པ་དང་ལེན་པར་ནུས་པ་གང་ཡིན་པ་དེ་ལ་སོགས་པ་ཇི་ལྟར་བླང་བར་བྱ་ཞེ་ན། ཕོངས་པར་གྱུར་ན་ནད་པས་ལས་བྱེད་ལ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྨན་ལ་སོགས་པའི་ཐབས་མེད་པ་དེའི་ཚེ་བླང་བར་
བྱའོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཀྱི་ཡིན་པས་ན་བདག་གི་འདི་ཡིན་ནོ་ཞེས་བྱ་བར་གང་གིས་ཡོངས་སུ་གཟུང་བ་དེ་ནི་ལས་བྱེད་པ་ཡིན་པར་ཤེས་པར་བྱའོ། །འདི་གང་གིས་བླང་བར་བྱ་བ་ཡིན་ཞེ་ན། ནད་པས་ཞེས་སྨོས་ཏེ་ནད་པ་དེ་བཞིན་དུ་གནས་པ་མ་ཡིན་པས་སོ། །དེ་ཡང་རང་བཞིན་དུ་གནས་པར་
གྱུར་ནས་སླར་སྦྱིན་པར་བྱའོ། །སྦྱིན་པར་འདོད་པ་ནི་སླར་སྦྱིན་པར་ནི་འདོད་པ་སྟེ། དེ་ཉིད་ཀྱིས་བླང་བར་བྱའོ་ཞེས་བྱ་བར་སྦྱར་བར་བྱའོ། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པ་དང་རིམ་པ་ཐ་དད་པའི་དོན་ཏོ། །ཡང་གི་སྒྲ་ནི་རང་གི་དོན་ཡིན་ལ་ཉིད་ནི་ངེས་པར་གཟུང་བའི་དོན་ཡིན་ནོ། །ནད་པས་
དེ་བཞིན་གཤེགས་པའི་དཀོར་ལས་སྨན་ལ་སོགས་པ་བྱའོ་ཞེས་བསྟན་པའི་ཕྱིར་སྨན་ཟོང་ནོར་དང་བྲལ་བར་གྱུར་པ་ལ། དེ་བཞིན་གཤེགས་པའི་ཡང་དཀོར་གྱིས་བསྡུད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དེ་བཞིན་གཤེགས་པའི་ཡིན་པས་ན་དེ་བཞིན་གཤེགས་པའི་སྟེ་རྒྱན་ལ་སོགས་པ་
ཡིན་ལ། དེས་ཀྱང་སྨན་གྱི་བྱ་བ་དག་བྱའོ། །གང་གིས་ཤེ་ན་སྨན་ཟོང་ནོར་དང་ཞེས་བྱ་བ་སྨོས་ཏེ། ནོར་དང་བྲལ་བ་ནི་ནོར་དང་བྲལ་བར་གྱུར་པ་སྟེ། ནོར་མེད་པ་ཞེས་བྱ་བ་ནི་བར་དུ་ཡིན་པས་ན་ནོར་དང་མི་ལྡན་པའི་སྡོམ་ཅན་དེས་སོ། །ཡང་གི་སྒྲ་ནི་འདི་སྐད་དུ་དང་པོ་བདག་ཉིད་ཀྱི་ལས་སོ། །དེ་
เล่ม ๑๖๖ · หน้า 210a
མེད་ན་ཡང་དག་པར་བླངས་ནས་སོ། །དེ་ཡང་མེད་ན་དེ་བཞིན་གཤེགས་པའི་གསེར་ལ་སོགས་པའི་དབྱིག་ལས་སོ། །དེ་ཡང་མེད་ན་དེ་བཞིན་གཤེགས་པའི་རྒྱན་གྱིས་བསྡུད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྨན་ཟོང་འབའ་ཞིག་ལ་མ་ཡིན་གྱི་དེའི་ཆེད་དུ་བཅོམ་ལྡན་
འདས་ལ་མཆོད་པ་དང་། བསྙེན་བཀུར་བ་ལ་ཡང་བསྟུད་པར་བྱའོ་ཞེས་བྱ་བར་ཡང་བལྟ་བར་བྱའོ། །རང་བཞིན་དུ་གནས་པར་གྱུར་པས་བྱ་བ་ནི་སོས་པར་གྱུར་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོས་པའི་དངོས་པོ་ནི་སོས་པ་ཉིད་དེ་དེར་གྱུར་པ་ན་དེ་བཞིན་གཤེགས་པའི་དཀོར་བླངས་པ་དེ་སླར་ཡང་
བསབ་པར་བྱའོ། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཡིན་ནོ། །ནོར་དང་བྲལ་བའི་ནད་པས་བླངས་པ་སོས་པར་གྱུར་ནས་བསབ་པར་བྱའོ་ཞེས་བྱ་བ་ནི་ནོར་ཡོད་པ་ལ་འདི་ངེས་པ་ཡིན་ནོ། །ནོར་མེད་གྱུར་ན་དེ་ལ་ཉེས་པ་མེད། །ཅེས་བྱ་བ་ནི་སྡོམ་ཅན་ལའོ། །ཡོད་པ་མ་ཡིན་པ་ནི་མེད་པ་སྟེ་ཐ་ན་བསླང་
བའི་སྒོ་ནས་ཀྱང་ཞེས་བྱ་བའི་ཐ་ཚིག་སྟེ། ཕའི་ནོར་ལ་རིགས་པས་བུ་དབང་བ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་དོན་དུ་ཡུལ་དང་ཞིང་ཡོངས་སུ་བླང་བར་བྱའོ་ཞེས་གསུངས་པས་དེ་ལ་དགེ་འདུན་གྱི་ཡུལ་དུ་ཉེས་པ་ལས་བྱུང་བའི་རྒྱལ་པོའི་སྐལ་བ་བླང་དུ་རུང་ངམ་འོན་
ཏེ་མ་ཡིན་སྙམ་དུ་དོགས་པ་ལ། ཉེས་བཅུ་ལ་སོགས་ཆོས་ཀུན་སྨྲ་བ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེས་པ་ཡང་དེ་ཉིད་ཡིན་ལ་བཅུ་ཡང་ཡིན་པས་ན་ཉེས་བཅུའོ། །དེ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་ཉེས་བཅུ་ལ་སོགས་ཏེ། གང་དག་བྱུང་བ་དེ་དག་ཡོད་ན། རྒྱལ་པོས་
གནང་ན་རྒྱལ་པོའི་སྐལ་བ་ནི། བླང་བར་བྱ་བ་སྟེ་ཞེས་བྱ་བར་སྦྱར་རོ། །རྒྱལ་པོའི་སྐལ་བ་ནི་རྒྱལ་པོའི་སྐལ་བ་སྟེ། རྒྱལ་པོས་ཉེས་པ་ལས་ཐོབ་ཅིང་བྱིན་པའོ། །རྒྱལ་པོས་རྗེས་སུ་གནང་བ་ནི་རྒྱལ་པོས་གནང་བ་སྟེ། དགེ་འདུན་གྱི་ཞེས་བྱ་བས་འགྲོ་བ་དང་བྲལ་བའི་ཡོ་བྱད་དུ་ཞེས་བྱ་
བའི་དོན་ཏོ། །རྒྱལ་པོས་གནང་བ་དང་རྒྱལ་པོའི་སྐལ་བ་དག་ནི་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བ་ཡིན་ནོ། །དེ་བླང་བ་དག་ཀྱང་ཁྱད་པར་དུ་བྱེད་དེ་ཆོས་དང་ལྡན་པས་སྨྲས་པ་དེ་བས་ན་དེ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འདིར་ཆོས་དང་ལྡན་པ་ནི་ཆོས་བསྟན་བཅོས་སྨྲ་བ་པོ་སྟེ་དྲང་སྲོང་ཡིད་ལ་སོགས་
เล่ม ๑๖๖ · หน้า 210b
པ་དག་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་གཞིར་གནས་པ་མ་ཡིན་པ་དེ་དག་ནི་སྔ་ནས་ཆོས་མ་ཡིན་པ་སྨྲ་བར་འགྱུར་བའི་ཕྱིར་རོ། །བླང་བར་བྱ་སྟེ་ཞེས་བྱ་བ་ནི་གཞན་གྱི་སྐབས་མ་ཡིན་པའི་ཕྱིར་དགེ་འདུན་གྱི་བྱ་བ་ལ་འཇུག་པའི་དགེ་ཚུལ་གྱིས་ཞེས་བྱ་བར་ཤུགས་ཀྱིས་འོངས་པ་ཡིན་ནོ། །དེ་ལ་ཉེས་བཅུ་ནི་རྣ་བ་
གཅོད་པ་དང་། གཞན་གྱི་ཆུང་མ་ཉེད་པ་ལ་སོགས་པ་ཡིན་པར་གཟུང་སྟེ། འཇིག་རྟེན་གྱི་གྲགས་པ་དག་ལས་ཤེས་པར་བྱའོ། །དེ་ལ་རྩོད་པའི་དུས་སུ་དགེ་བསྙེན་དག་རབ་ཏུ་སྦྱར་བར་བྱ་བ་ཡིན་པས་ན། །བརྩད་འགྲུབ་པར་ནི་བརྩད་པ་ཉིད། །བརྩད་པས་གྲུབ་པ་དེའི་ཕྱིར་རོ། །རྫས་དེ་ཅིའི་ཕྱིར་བལྟ་
བར་མི་བྱ་ཞེ་ན། སྡོམ་ཅན་ཏེ་རབ་ཏུ་བྱུང་བ་ལྟ་བར་སྟོན་པ་བཅོམ་ལྡན་འདས་ཀྱིས་བཀའ་མ་གནང་བ་ཉིད་ཀྱི་ཕྱིར་རོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ཡིན་ཏེ་ཁོ་ནའི་དོན་ཏོ། །གང་གི་ཕྱིར་སྡོམ་ཅན་རྩོད་པ་ལྟ་བུར་བྱེད་པ་ཚུལ་མ་ཡིན་པ་དེའི་ཕྱིར་དགེ་བསྙེན་ངེས་པར་སྦྱར་བར་བྱའོ། །དེ་ལ་ཡང་དག་པར་འབྱུང་
བ་ཆོས་དང་ལྡན་པའི་རྒྱལ་པོའི་སྐལ་བ་རྒྱལ་པོས་གནང་བ་ས་གཞི་དང་འདྲ་བར་བསམ་པ་དག་པས་མ་བྱིན་པར་ལེན་པའི་ཉེས་པ་སྤངས་པས་ལེན་པར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་དེ་ལྟ་བུའི་རྣམ་པའི་ཚིག་ཏུ་འདི་རྣམ་པར་གནས་པ་ཡིན་ནོ། །ཁབ་རལ་ལ་སོགས་ཞེས་བྱ་བ་ལ་སོགས་པས་དགེ་
འདུན་གྱི་ས་གཞི་ལ་དངོས་པོ་ལྟུང་བ་མཐོང་བ་ཇི་ལྟར་བྱ་བ་དེ་སྟོན་པར་བྱེད་དེ་ཁབ་དང་པོར་བྱས་པའི་རབ་ཏུ་བྱུང་བའི་ཡོ་བྱད་གཞན་གང་ཡིན་པ་དེ་ནི་ཁབ་རལ་ལ་སོགས་པའོ། །ཁབ་ལ་སོགས་པ་ཡང་དེ་ཡིན་ལ་རྫས་སྤྱད་ཀྱང་དེ་ཡིན་པས་ཁབ་རལ་ལ་སོགས་ཏེ། དགེ་འདུན་གྱིའམ་མཆོད་རྟེན་
གྱི་ས་གཞིར་ལྟུང་བ་མཐོང་བར་གྱུར་ན། དགེ་ཚུལ་གྱིས་ཁང་སྐྱོང་དག་ལ་བཤད་མ་ཐག་པ་དེ་གཏད་པར་བྱའོ། །ནིའི་སྒྲ་ནི་ཁྱད་པར་དུ་བྱེད་པའི་དོན་ཏེ། ལྷུང་བ་དེ་བདག་པོ་ལས་ཡོངས་སུ་ལྷུང་བར་གྱུར་པ་མཐོང་བར་གྱུར་པས་སོ། །ཁང་སྐྱོང་གིས་ཀྱང་ཁབ་རལ་ལ་སོགས་པ་དེ་བླངས་ནས་འདི་གང་གི་
ཡིན་ཞེས་བསྒྲགས་ནས་ཚོགས་ཏེ་དགེ་འདུན་ལ་ཁབ་རལ་ལ་སོགས་པ་དེ་དབུལ་བར་བྱའོ། །གང་ལ་བསྒྲགས་ནས་ཤེ་ན། ཚོགས་ཀྱི་ནང་དུ་ཞེས་བྱ་བ་སྨོས་ཏེ། ཚོགས་ཀྱི་ནང་དང་རེ་རེ་ལ་ཞེས་བྱ་བ་འདིར་ཡང་བལྟ་བར་བྱའོ། །ཅི་དེ་ལྟ་དེ་ལྟ་ཉིད་དུ་དབུལ་བར་བྱའམ་ཞེ་ན། ཇི་སྟེ་བདག་པོ་མེད་ན་ཞེས་བྱ་བ་སྨོས་
เล่ม ๑๖๖ · หน้า 211a
ཏེ། གལ་ཏེ་བདག་པོ་འབའ་ཞིག་གིས་ཤེས་པ་མེད་པར་གྱུར་པ་དེའི་ཚེ་དབུལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་འོང་བ་བསྡད་ནས་ཞེས་བྱ་བ་སྨོས་ཏེ། ཁབ་རལ་ལ་སོགས་པ་དེའི་བདག་པོ་འོང་བ་ནི་དེའི་འོང་བ་སྟེ་དེ་ལ་བསྡད་ནས་སོ། །དུས་ཇི་སྲིད་
ཅིག་ཏུ་ཞེ་ན། ཉི་མ་གསུམ་དུ་ཞེས་བྱ་བ་སྨོས་ཏེ་ཉི་མ་གསུམ་དུ་ནི་ཉི་མ་གསུམ་དག་ཏུའོ། །ཡང་གི་སྒྲ་ནི་གང་གིས་མཐོང་བ་དེས་དགེ་སྐོས་ལ་གཏད་པར་བྱ་ཞིང་དེས་ཀྱང་འདི་གང་གི་ཡིན་ཞེས་བསྒྲག་པར་བྱའོ། །དང་གོང་མ་ནི་སྡུད་པར་བྱེད་པ་ཡིན་ལ། གཉིས་པ་ནི་ཚིག་གི་ཁ་བསྐང་བ་སྟེ་བསྒྲག་པ་
དང་ཉི་མ་གསུམ་དུ་བསྡད་པར་བྱ་ཞེས་སྡུད་པ་ཡིན་ནོ། །དངུལ་ལ་སོགས་པ་མཐོང་བར་གྱུར་པ་གང་ཡིན་པ་དེ་བརྗོད་པར་བྱ་སྟེ། དངུལ་དང་པོར་བྱས་པའི་གསེར་ལ་སོགས་པ་གང་ཡིན་པ་དེ་ནི་དངུལ་ལ་སོགས་སོ། །དེ་ལྟུང་བ་མཐོང་ན་ཡང་ཇི་ལྟར་བྱ་ཞེ་ན། མཛོད་དུ་བཅུག་ཅེས་བྱ་བ་སྨོས་ཏེ། མཛོད་
དུ་བཅུག་པ་ནི་དགེ་འདུན་གྱི་བང་མཛོད་དུ་གཞག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དུས་ཇི་སྲིད་ཅིག་ཏུ་ཞེ་ན། ཟླ་བ་དྲུག་ཏུ་ཞེས་བྱ་བ་སྨོས་ཏེ། ཟླ་བ་དག་གི་དྲུག་ནི་ཟླ་བ་དྲུག་ཏུའོ། །ནིའི་སྒྲ་ནི་ཁབ་རལ་སོགས་པ་ལ་ཁྱད་པར་དུ་བྱེད་པའི་དོན་ཏོ། །ཅི་ཞིག་བྱས་ནས་ཤེ་ན། ཞག་བརྒྱད་བར་དུ་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། ནོར་གྱི་བདག་པོའི་འོང་བ་ཞག་བརྒྱད་ཀྱི་བར་དུ་བསྡད་ནས་ཏེ་ཞག་བརྒྱད་ཀྱི་འོག་ཏུ་མཛོད་དུ་གཞུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དང་ནི་མཐོང་ནས་ཞེས་བྱ་བ་སྡུད་པར་བྱེད་པའོ། །དུས་དེར་མ་འོངས་ན་ཟླ་བ་དྲུག་པོ་འདིའི་འོག་ཏུ་རྫས་དེ་སྣོད་དུ་བསྡུ་བར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་
མའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་དང་། རིམ་པ་གཞན་གྱི་དོན་ཡིན་ཏེ་སྣོད་སྨོས་པ་ནི་ཡུན་རིང་པོར་གནས་པའི་རྫས་སྤྱད་ཉེ་བར་མཚོན་པ་ཡིན་པ་དེ་བས་ན་ཡུན་རིང་པོར་གནས་པ་གང་ཡིན་པ་དེའི་ཡོ་བྱད་སྣོད་ཙམ་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །དགེ་འདུན་གྱིས་གཞི་ལ་འདི་ངེས་པ་ཡིན་གྱི་
སངས་རྒྱས་ཀྱི་ནི་རྒྱན་དུ་བྱས་ནས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ་ཞེས་ཤུགས་ཀྱིས་བལྟ་བར་བྱའོ། །དེ་ནས་ཇི་སྟེ་འོངས་ནས་སློང་ན་ཡང་། འོན་ཀྱང་སྦྱིན་པར་བྱ་སྟེ་སྐྱེད་ནི་མེད་ཅེས་བྱ་བ་ལ་དེ་ནས་ཏེ་ཟླ་བ་དྲུག་གི་འོག་ཏུ་སྣོད་དུ་བྱས་པའི་དུས་ཕྱིས་དེ་གལ་ཏེ་འགའ་ཞིག་ནས་འོངས་ནས་ཀྱང་སློང་བར་བྱེད་
เล่ม ๑๖๖ · หน้า 211b
པ་དེ་ལྟ་ན་ཡང་སྦྱིན་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་ཡང་རྫས་དེ་སྣོད་དུ་བྱས་པར་གྱུར་པ་དེ་ལྟ་ན་ཡང་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཁྱོད་ཀྱིས་དུས་འདི་སྲིད་དུ་ལོངས་སྤྱད་པ་ཡིན་ནོ་ཞེས་སྐྱེད་སློང་བར་བྱེད་ན་ཅི་སྦྱིན་པར་བྱའམ་ཞེ་ན། སྐྱེད་ནི་མེད་ཅེས་བྱ་བ་སྨོས་པ་ཡིན་ནོ། །ནི་ནི་སྐྱེད་སྦྱིན་པར་མི་བྱ་
བ་ཁོ་ནའོ་ཞེས་ངེས་པར་གཟུང་བའོ། །ལས་སར་བྱེད་པས་སྤྱད་དུ་མི་རུང་ཞིང་། །རྙེད་དེ་དེ་ཡིས་གནང་ན་བླང་བར་བྱ། །ཞེས་བྱ་བ་ལ། དགེ་འདུན་གྱི་ལས་སར་པ་ལ་མཁོ་བའི་ཤིང་བདག་གིར་བྱས་པ་མ་ཡིན་པ། གལ་ཏེ་ལས་སར་པ་ལ་མཁོ་བ་མ་ཡིན་པ་དག་ལས་སར་བྱེད་པ་ལས་རྙེད་པར་གྱུར་པ་དེའི་
ཚེ་ལས་སར་བྱེད་པ་དེས་གནང་ན་སྤྱད་དུ་མི་རུང་བའི་ཤིང་དེ་བླང་བར་བྱའི། དེ་ལྟ་དེ་ལྟར་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བདག་པོ་ཐ་དད་ཅེས་བྱ་བ་འདིས་ནི་སྔར་བཤད་པའི་མདོར་བསྡུ་བ་སྟོན་པར་བྱེད་པ་ཡིན་ཏེ། མི་འམ་རི་དྭགས་ཞེས་བྱ་བ་ལ་སོགས་པས་དེ་ལྟར་བཤད་མ་ཐག་པའི་
རྣམ་པས་བདག་པོའི་དབྱེ་བ་སྟེ་ནོར་གྱི་བདག་པོའི་དབྱེ་བ་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ནས་ཉེས་བྱས་ཀྱི་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་དབང་དུ་བྱེད་པའི་དོན་ཏེ། འདི་མན་ཆད་ནས་ཡིད་བརྟན་གཞན་ལ་ཞེས་བྱ་བ་དེའི་གོང་མའི་བར་ནི་ཉེས་བྱས་ཀྱིས་རབ་ཏུ་དབྱེ་བ་ཡིན་ཏེ། འདི་
ནས་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་བརྗོད་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བའི་སྒྲ་ནི་ཉེ་བར་སྟོན་པའི་དོན་ཏེ། ཉེས་བྱས་དེ་གང་ཞེ་ན། མ་བོས་པར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བོས་པ་ནི་མགྲོན་དུ་མ་བོས་པ་ཞེས་བྱ་བའི་དོན་ཏེ། དེ་ལའམ་དེས་ཟན་ཟོས་པ་ནི་མ་བོར་བར་ནི་ཟན་ཟོས་
པ་སྟེ། ཉེས་བྱས་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཟན་ནི་རྣམ་པ་གཉིས་ཏེ་མགྲོན་དུ་བོས་པ་དང་མ་བོས་པའོ། །དེ་ལ་མགྲོན་དུ་བོས་པ་ལ་ནི་ཉེས་པར་མི་འགྱུར་བ་ཁོ་ནའོ་ཞེས་ཤེས་པར་འགྱུར་ན། མ་བོས་པ་ལ་ཇི་ལྟར་ཉེས་པར་འགྱུར་ཞེ་ན། བཟའ་བ་དེའི་དབྱེ་བ་ཡང་རྣམ་པ་
གཉིས་ཏེ་དེ་ཉིད་ལ་ངན་ངོན་ཙམ་དང་། ཁྱད་པར་དུ་བྱེད་པའོ། །དེ་ལ་ཁྱད་པར་དུ་བྱེད་པ་ནི། མི་དབང་བསོད་སྙོམས་ཡོངས་བླངས་གྱུར། །ཞེས་བྱ་བ་ལ་སོགས་པས་ཉེས་བྱས་ཆེས་ལྕི་བར་གྱུར་ཏོ། །གང་དེ་ཉིད་དུ་ཟན་ཟོས་པ་དེ་ལ་ཡང་རྣམ་པ་གཉིས་ཏེ། ཡོན་བདག་གིས་ངས་སྤྱན་མ་དྲངས་
เล่ม ๑๖๖ · หน้า 212a
པ་ཡིན་ནོ་ཞེས་ཤེས་པར་འགྱུར་བ་དེར་བཟའ་བའི་དོན་དུ་འགྲོ་བར་བྱེད་པ་ལ་སོགས་པ་ལ་ནི་ཉེས་བྱས་སུ་མི་འགྱུར་ཏེ། བཟའ་བ་ལ་ཉེས་པ་མེད་པར་རྗེས་སུ་གནང་བ་ཉིད་ཡིན་པའི་ཕྱིར་རོ། །མི་ཤེས་པ་ལ་ནི་ཉེས་བྱས་སུ་འགྱུར་བའི་དབང་དུ་བྱས་ནས་དེ་སྐད་དུ་སྨྲས་པ་ཡིན་པར་
རིག་པར་བྱའོ། །རྒྱ་སོགས་ཟིན་པས་གཟིར་བ་དེ་དག་ལས། །རྒྱ་དང་པོར་བྱས་པའི་འཁྲུལ་འཁོར་ལ་སོགས་པ་གཞན་གང་ཡིན་པ་དེ་ནི་རྒྱ་སོགས་ཏེ། དེས་ཟིན་པ་ནི་རྒྱ་ལ་སོགས་པས་ཟིན་ཅིང་རྣམ་པར་བཅིངས་པར་གྱུར་པ་དེ་ཉིད་སྡུག་བསྔལ་ཡིན་པ་དེས་གཟིར་བར་གྱུར་པའོ། །གང་ཞེ་ན། བསོད་
ནམས་སེམས་ཀྱིས་སྲོག་ཆགས་ཐར་བྱས་ན། །ཞེས་བྱ་བ་སྨོས་ཏེ། སྲོག་འཛིན་པར་བྱེད་པ་གང་ཡིན་པ་དེ་ནི་སྲོག་ཆགས་ཏེ། དེ་ལྟ་བུར་གྱུར་པའི་སྲོག་ཆགས་དེ་དག་བསོད་ནམས་ཀྱི་བསམ་པས་རྒྱ་ལ་སོགས་པ་ལས་ཐར་པར་བྱས་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། བསོད་ནམས་
ཀྱི་སེམས་ཀྱིས་ཞེས་བྱ་བའི་དོན་དུ་རིག་པར་བྱའོ། །དད་པས་རྒྱལ་བའི་རིང་བསྲེལ་བརྐུས་ཏེ་མིན། །ཞེས་བྱ་བ་སྔར་བསྟན་པས་དེ་ལ་དད་པས་བརྐུས་ན་ཉེས་བྱས་སུ་འགྱུར་བར་སྟོན་ཏེ། དེ་ལ་བཅོམ་ལྡན་འདས་ལ་མོས་པ་ནི་དེ་ལ་མོས་པ་སྟེ། དེས་དེ་ཉིད་ལ་མཆོད་པའི་ཕྱིར་ཏེ། དགོས་པས་རྐུ་
བར་བྱེད་པ་གང་ཡིན་པ་དེ་ནི་དེ་ལ་མོས་པས་མཆོད་པའི་ཕྱིར་རོ། །དེའི་དངོས་པོ་ནི་དེ་ལ་མོས་པས་མཆོད་པའི་ཕྱིར་ཉིད་ཡིན་པ་དེའི་ཕྱིར་དེས་བརྐུས་ན་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ། །དང་ནི་སྔ་མ་འབའ་ཞིག་ལ་མ་ཡིན་གྱི་འདི་ལ་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་སྡུད་པར་བྱེད་པ་ཡིན་ནོ། །སངས་རྒྱས་
ཀྱི་རིང་བསྲིལ་དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། རིན་ཐང་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་རིན་ཐང་གི་ཚད་མེད་པ་དེ་ནི་རིན་ཐང་མེད་པ་སྟེ། སངས་རྒྱས་ཀྱི་རིང་བསྲེལ་གང་ཡིན་པ་དེ་ནི་རིན་ཐང་མེད་པའོ། །དེ་ལ་ཡང་ཞེས་བྱ་བའི་ཡང་གི་སྒྲས་འདི་སྐད་དུ་དེ་ལ་སངས་རྒྱས་ཀྱི་རིང་བསྲེལ་ལ་འདི་ནི་
འདི་རིའོ་ཞེས་བྱ་བས་རིན་ཐང་མེད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ཡང་མདོ་མཛད་པས། དཀོན་མཆོག་ནི་མཚུངས་པ་མེད་པའོ། །འདིར་སངས་རྒྱས་ཀྱི་རིང་བསྲེལ་ཡང་ཞེས་བསྟན་ཏེ། འདི་ལྟར་སངས་རྒྱས་ལ་ཡང་མཆོད་པའི་བསམ་པས་རྐུ་བར་བྱེད་ན་ཉེས་བྱས་ཁོ་ནར་འགྱུར་གྱི།
เล่ม ๑๖๖ · หน้า 212b
དངོས་གཞིར་ནི་མི་འགྱུར་རོ། །དེ་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་སྔར་ཉེས་བྱས་སུ་འགྱུར་བ་དག་ཡིན་པ་དེ་ལྟར་འདི་དག་ཀྱང་ཉེས་བྱས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་ལྟར་གྱི་སྒྲ་ཡིན་ལ། ཡང་ནི་སྡུད་པར་བྱེད་པ་ཡིན་ནོ། །ནི་ནི་འཁྲུལ་འཁོར་གྱི་ཁྱད་པར་ཏེ་རི་དྭགས་ལ་སོགས་པ་གསད་པའི་
ཕྱིར་བྱས་པ་ཡིན་ནོ། །འདིས་རྣམ་པར་བཤིག་པས་ན་རྣམ་པར་བཤིག་པ་སྟེ། རྒྱ་ལ་སོགས་པ་དག་ཡིན་པར་རྟོགས་པར་བྱའོ། །རྙི་དང་རྣམ་པར་བཤིག་པ་དག་ནི་རྙི་དང་རྣམ་པར་བཤིག་པ་སྟེ། དེ་དང་པོར་བྱས་པའི་སེམས་ཅན་གསོད་པར་བྱེད་པའི་རྒྱུ་གཞན་གང་ཡིན་པ་དེ་མ་རུང་བར་བྱས་ན་ཉེས་བྱས་སུ་
འགྱུར་རོ། །གང་གི་དབང་གིས་ཤེ་ན། སྙིང་རྗེའི་དབང་གིས་ཞེས་བྱ་བ་སྨོས་ཏེ། སྙིང་རྗེ་དེ་སེམས་ཅན་རྣམས་ལ་བརྩེ་བ་དེའི་དབང་ནི་དེ་ལ་རག་ལས་པ་དེའི་ཕྱིར་སྙིང་རྗེའི་དབང་དེས་རྙི་ལ་སོགས་པ་མ་རུང་བར་བྱས་པ་དེ་ལྟ་བུ་དེ་དག་གིས་ཉེས་བྱས་སུ་འགྱུར་ཏེ། སྙིང་རྗེའི་དབང་གིས་ཞེས་བྱ་བའི་དོན་ཏོ། །ཕུག་
རོན་དང་པོར་བྱས་པའི་བྱེའུ་ལ་སོགས་པ་གང་ཡིན་པ་དེ་ནི་ཕུག་རོན་ལ་སོགས་པའོ། །དེའི་ཁྱིམ་གང་ཡིན་པ་དེ་འཇོམས་པ་གང་ཡིན་པ་དེ་དང་པོར་བྱས་པའི་མེས་བསྲེགས་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཚང་འཇིག་པར་བྱེད་པ་ལ་སོགས་པས་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །
དེ་དག་ལས་ཀྱང་ཉེས་མེད་བརྗོད་པར་བྱ། །ཞེས་བྱ་བ་ནི་ཉེས་བྱས་སུ་བརྗོད་པ་དེ་དག་ལས་འོག་ཏུ་ཉེས་པ་མེད་པ་ཡང་བརྗོད་པར་བྱ་ཞིང་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉེས་བྱས་སུ་འགྱུར་བ་འབའ་ཞིག་ནི་མ་ཡིན་གྱི་ཉེས་པར་མི་འགྱུར་བ་ཡང་ཞེས་བྱ་བ་ནི་ཀྱང་གི་དོན་ཡིན་ནོ། །ཡིད་བརྟན་ཚིག་
གཞན་ཤེས་པར་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པས་ཉེས་པར་མི་འགྱུར་བ་སྟོན་པར་བྱེད་དེ། དགེ་ཚུལ་གང་ལ་མ་བྱིན་པར་ལེན་པའི་ཉེས་པ་མེད་པ་དེ་ནི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་བྱས་ནས་ཤེ་ན། ཁྱེར་ན་ཞེས་སྨོས་ཏེ། གཞན་དག་གིས་མ་བྱིན་པར་ཁྱེར་ན་ཞེས་བྱ་
བ་ནི་ཚིག་གི་ལྷག་མའོ། །བསམ་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཡིད་དགེ་བས་ནི་ཞེས་བྱ་བ་སྨོས་ཏེ་ཡིད་དགེ་བ་ཉིད་ཀྱིས་ཏེ་རྐུ་སེམས་དང་བྲལ་བ་ཉིད་ཀྱིས་སོ། །ཅི་ཞིག་བྱས་ནས་ཤེ་ན། ཡིད་གཏན་ཚིགས་གཞན་ཤེས་པར་བྱས་ནས་ནི་ཞེས་བྱ་བ་སྨོས་ཏེ་ཡིད་བརྟན་བྱས་པ་ཡིན་གྱི་དེ་ཙམ་ཞིག་ནི་མ་
เล่ม ๑๖๖ · หน้า 213a
ཡིན་ཏེ། འོན་ཀྱང་གཞན་བརྟུལ་ཞུགས་ཅན་ལ་བདག་གིས་ཆེ་གེ་མོ་འདིའི་བཀྱེར་རོ་ཞེས་ཡིད་བརྟན་ལ་ཤེས་པར་བྱས་ནས་ཁྱེར་ན་ཉེས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། གཞན་ལ་ཤེས་པར་བྱས་པ་ནི་རྩོད་པ་ངན་པའི་སྐབས་མེད་པར་བྱ་བ་དང་ཡིད་བརྟན་པ་དབང་དུ་བྱ་བ་ཉིད་
ཀྱི་ཕྱིར་རོ། །ཡིད་བརྟན་པའི་ཡུལ་རབ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་བ་དེ་བཞིན་དུ་ཡིད་བརྟན་པ་རྣམ་པ་གསུམ་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་གྲོགས་པོ་རབ་དང་འབྲིང་དང་ཐ་མ་རྣམས་ཞེས་བྱ་བ་སྨོས་ཏེ། རབ་ནི་གྲོགས་པོ་མཆོག་ཏུ་གྱུར་པ་དེ་རྫས་མང་པོ་ཁྱེར་ཀྱང་སེམས་རྣམ་པ་གཞན་དུ་
མི་འགྱུར་བ་ཡིན་ལ། འབྲིང་ནི་གང་རས་དང་རས་ཕྲན་ཙམ་ཁྱེར་བ་དང་། ཐ་མ་ནི་གང་སོ་དག་པར་བྱེད་པའི་སོ་ཤིང་ལ་སོགས་པ་ཁྱེར་ན་སེམས་གཞན་དུ་འགྱུར་བ་མེད་པ་ཡིན་པར་རིག་པར་བྱའོ། །རབ་དང་འབྲིང་དང་ཐ་མ་ནི་རབ་དང་འབྲིང་དང་ཐ་མ་རྣམས་ཏེ། དེ་དག་ཁོ་ན་གྲོགས་པོ་ཡིན་ནོ། །དེའི་དངོས་
པོ་ནི་གྲོགས་པོ་རབ་དང་འབྲིང་དང་ཐ་མ་ཉིད་དོ། །དེ་ལ་ཡིད་བརྟན་གོ་རིམས་དག་ཀྱང་བྱ། །ཞེས་བྱ་བ་ནི་ཡིད་བརྟན་པའི་དངོས་པོ་ནི་ཡིད་བརྟན་པ་ཉིད་དེ་དེའི་གོ་རིམས་དག་ཀྱང་རིམ་པ་བཞིན་དུ་བྱ་བ་སྟེ། བསྒྲུབ་པར་བྱའོ། །ཀྱང་གི་སྒྲ་ནི་ཡུལ་གྱི་དབྱེ་བ་འབའ་ཞིག་མ་ཡིན་གྱི་ཡིད་བརྟན་པའི་དབྱེ་བ་ཡང་ཡོད་དོ་
ཞེས་བསྟན་པའི་ཕྱིར་རོ། །ཆུང་ངུ་ལ་ནི་ཆུང་ངུ་དང་འབྲིང་ལ་ནི་འབྲིང་དང་། ཆུང་ངུ་ཡང་སྟེ་རབ་ལ་ཐམས་ཅད་ཉིད་ཅེས་བྱ་བས་རིམ་པ་གང་གིས་ཡིད་བརྟན་པར་བྱ་བ་དེ་བརྗོད་པར་བྱ་སྟེ། ཆུང་ངུ་ནི་གྲོགས་པོ་ཐ་མ་སྟེ་ཡིད་བརྟན་པ་ཆུང་ངུ་བྱའི་ཅིག་ཤོས་དག་ནི་མ་ཡིན་ནོ། །འབྲིང་ནི་གྲོགས་པོ་འབྲིང་
ཡིན་ཏེ་ཡིད་བརྟན་པ་འབྲིང་དང་ཆུང་ངུ་དག་ཀྱང་བྱ་བ་ཡིན་ལ་ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །དང་ནི་སྡུད་པར་བྱེད་པའོ། །རབ་ཏུ་བྱེད་པ་ལས་སྔར་བསྟན་པ་ནི་རབ་སྟེ་གྲོགས་པོ་མཆོག་དེ་ལས་ཇི་སྐད་དུ་བཤད་པའི་ཡུལ་གྱི་ཉེས་པ་ཐམས་ཅད་ཉིད་ཡིད་བརྟན་པར་བྱ་བ་ཡིན་ནོ། །ཉིད་
ཀྱིས་ནི་འདི་སྐད་དུ་རབ་བཟོད་པ་གང་ཡིན་པ་དེས་ཅིག་ཤོས་ཀྱང་བཟོད་པར་འགྱུར་བ་དེའི་ཕྱིར་ཐམས་ཅད་བྱས་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །སློབ་མ་ལ་སོགས་ར་ལུག་ནོར་གྱི་རྒྱུད། །ཅེས་བྱ་བ་ལ་སོགས་པ་ལ་སློབ་མ་དང་པོར་བྱས་པའི་ལུང་ཕོག་པ་ལ་སོགས་གཞན་
เล่ม ๑๖๖ · หน้า 213b
གང་ཡིན་པ་དེ་ནི་སློབ་མ་ལ་སོགས་སོ། །སོགས་པའི་སྒྲས་གཞན་རག་ལས་པ་དག་ཀྱང་གཟུང་བ་ཡིན་ཏེ། སློབ་མ་ལ་སོགས་རྐུན་པོས་ཁྱེར་བ་བཏང་ན་དགེ་ཚུལ་ལ་ཉེས་པར་མི་འགྱུར་རོ། །རྣམ་པར་བཤད་པ་ཉན་པ་ལ་སོགས་པའི་སྒོ་ནས་ལྷན་ཅིག་གནས་པ་ལ་སློབ་མའི་སྒྲར་བསྟན་གྱི་རྣམ་པ་
གཞན་དུ་དགེ་ཚུལ་སློབ་མ་ཡོད་པ་ནི་མ་ཡིན་ནོ། །ཡང་གི་སྒྲ་ནི་དེ་འབའ་ཞིག་མ་ཡིན་གྱི་ར་ལུག་ཁོ་ན་ནོར་གྱི་རྒྱུད་ཡིན་པ་དེ་ཡང་རྐུན་མས་ཁྱེར་བ་ཐར་བར་བྱས་པ་ལ་ཉེས་པར་མི་འགྱུར་རོ་ཞེས་སྡུད་པ་དང་རིམ་པ་གཞན་ཡིན་ནོ། །ཇི་ལྟ་ཞེ་ན། སྙིང་རྗེའི་དབང་གིས་རྫུ་འཕྲུལ་བསྟན་ནས་ནི། །ཞེས་བྱ་བ་སྨོས་ཏེ། དགྲ་
བཅོམ་པ་སྲུང་དབང་གི་བུ་ལ་སོགས་པ་གང་ཡིན་པ་དེ་ནི་སྲུང་དབང་བུ་ལ་སོགས་པ་སྟེ། སོགས་པའི་སྒྲས་འཕགས་པ་མཽད་གལ་གྱི་བུ་གཟུང་ངོ་། །རྗེས་སུ་མཐུན་པའི་དངོས་པོ་ནི་དབང་ཡིན་ཏེ་སྙིང་རྗེའི་རྗེས་སུ་མཐུན་པ་ཡིན་པ་དེའི་ཕྱིར་སྙིང་རྗེའི་དབང་ཡིན་ཏེ་སྙིང་རྗེའི་དབང་དེའི་ཕྱིར་དེ་སྲུང་དབང་བུ་ལ་སོགས་པས་
ཇི་ལྟར་རྫུ་འཕྲུལ་བསྟན་ནས་ཐར་པར་བྱས་པ་ལ་ཉེས་པ་མེད་པ་དེ་བས་ན་དེ་བཞིན་དུ་དགེ་ཚུལ་གྱིས་རྫུ་འཕྲུལ་བསྟན་ནས་བཏང་བ་ལ་ཉེས་པ་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ནི་འདུལ་བ་ལས། འཕགས་པ་སྲུང་དབང་གི་བུས་ཚ་བོ་གཉིས་རྐུན་པོས་ཁྱེར་བ་བཏང་བ་དང་། དེ་བཞིན་དུ་
འཕགས་པ་མཽད་གལ་གྱི་བུས་མགོན་མེད་ཟས་སྦྱིན་གྱི་བུ་ཐར་པར་བྱས་པ་དང་། དེ་བཞིན་དུ་འཕགས་པ་སྲུང་དབང་གི་བུས་ལྷ་འབངས་ཀྱི་ནོར་རྐུན་པོས་ཁྱེར་བ་ཐར་པར་བྱས་སོ་ཞེས་གཏམ་རྒྱུད་ཐོས་པ་ཡིན་ནོ། །གོང་དུ་ཕུག་རོན་ལ་སོགས་པའི་ཚང་བཤིག་པ་ལ་སོགས་པ་ལས་ཉེས་བྱས་སུ་འགྱུར་བར་
བསྟན་པ་སྟེ། གཙུག་ལག་ཁང་གི་ཁྱམས་ན་གང་ཚེ་ཚང་། །ཞེས་བྱ་བ་ལ་སོགས་པས་དམིགས་ཀྱིས་བསལ་བ་བྱས་པ་ཡིན་ཏེ། གཙུག་ལག་ཁང་གི་ཁྱམས་གང་ཡིན་པ་དེ་ནི་ཚང་སྟེ་ཕུག་རོན་ལ་སོགས་པ་ཞེས་བྱ་བའི་གནས་བཅས་པར་གྱུར་པ་དེ་སྡོམ་ཅན་དགེ་ཚུལ་གྱིས་དབང་བར་བྱའོ། །གང་
གི་ཚེ་ཞེ་ན་དེ་དག་ན་གང་གི་ཚེ་སྒོ་ང་ཡོད་པ་མ་ཡིན་པ་ནི་སྒོ་ང་མེད་པ་སྟེ། དེའི་ཚེ་དབྱུང་བར་བྱའི་སྒོ་ང་དང་བཅས་པར་གྱུར་པ་ནི་མ་ཡིན་ནོ། །ཚིག་དེ་ལས་གང་དུ་ཕུག་རོན་ལ་སོགས་ཞེས་བྱ་བ་དེར་ནི་གཙུག་ལག་ཁང་ལས་གཞན་དུ་སྒོ་ང་དང་བཅས་པ་དང་སྒོ་ང་མེད་པར་བྱུང་ན་ཉེས་པར་འགྱུར་བར་རྟོགས་པར་
เล่ม ๑๖๖ · หน้า 214a
བྱའོ། །བཅོམ་ལྡན་འདས་ཀྱིས་བའི་རྒྱ་དབྱུང་བར་བྱའོ་ཞེས་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་སྤྱིར་ཚང་ཞེས་བྱ་བར་བརྗོད་ཅེ་ན། དེའི་ཕྱིར་བའི་རྒྱ་ཡང་རུང་སྟེ་དཔེར་བཞག་ཙམ་ཞེས་བྱ་བ་སྨོས་ཏེ་བདག་གི་རྒྱ་ནི་བའི་རྒྱ་སྟེ་གནས་དེ་དག་ནི་དཔེ་ཙམ་ཡིན་ཏེ་དཔེ་ནི་དཔེར་བྱ་བ་སྟེ། དེ་ཙམ་ཉིད་ནི་དཔེ་ཙམ་
ཡིན་གྱི་དངོས་སུ་ནི་མ་ཡིན་ནོ། །འདི་སྐད་དུ་དེ་དག་ནི་ཉེ་བར་མཚོན་པ་ཙམ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བའི་སྒྲས་བ་མོ་བརྗོད་པ་ཡིན་ནོ། །དེ་ནི་མ་བྱིན་ཕྱོགས་གཏོགས་བརྗོད་པར་བྱ། །ཞེས་བྱ་བ་ལ་ཕྱོགས་སུ་གྱུར་པ་ནི་ཕྱོགས་སུ་གཏོགས་པའོ། །མ་བྱིན་པའི་ཕྱོགས་སུ་གཏོགས་པ་ནི་མ་བྱིན་
ཕྱོགས་ཏེ། མ་བྱིན་པར་ལེན་པ་དང་ཆ་འདྲ་བ་བསྟེན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་ད་ལྟར་སྟོན་པའོ། །ནིའི་སྒྲ་ནི་གོང་དུ་ཉེས་པར་འགྱུར་བ་བསྟན་ནས། ད་ནི་མ་བྱིན་པར་ལེན་པའི་ཕྱོགས་སུ་གཏོགས་པ་བརྗོད་པར་བྱ་བ་ཡིན་ནོ་ཞེས་ཁྱད་པར་དུ་བསྟན་པའི་དོན་ཏོ། །ཕན་དང་མལ་སྟེན་ལ་སོགས་
བྱིན་པ་ལས་ཞེས་བྱ་བ་ལ་སོགས་པས་དེ་སྟོན་པར་བྱེད་པ་ཡིན་ཏེ། གལ་ཏེ་གང་གིས་འགའ་ཞིག་ལ་ཕན་དང་མལ་སྟན་ལ་སོགས་པ་བྱིན་ནས། འགྱོད་པ་ཁོ་ན་མེ་ཡིན་པས་ན་འགྱོད་པའི་མེ་སྟེ། ཕྱི་ནས་འགྱོད་པས་གདུངས་པར་གྱུར་པ་དེ་འབར་ཞིང་རབ་ཏུ་མཆེད་པར་གྱུར་པ་དེའི་ཚེ་དེས། དེ་ལ་འགྱོད་པའི་མེ་ནི་རབ་
ཏུ་འབར་འགྱུར་བ། །མ་ལུས་པར་ནི་ཞི་བར་བྱ་ཞིང་བསལ་བར་བྱའོ། །ཞེས་བྱ་བའི་བར་དུའོ། །གང་དག་གིས་ཤེ་ན་དེ་ལ་སླར་དངུལ་སྐྱོགས་ཆུས་ཞེས་བྱ་བ་སྨོས་ཏེ། ཆུས་ཡོངས་སུ་བཀང་བའི་སྐྱོགས་ནི་སྐྱོགས་ཆུ་སྟེ་སླར་གཏད་པའི་སྐྱོགས་ཆུ་དེས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན། བསྡམ་
བྱ་དགྲོལ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བསྡམ་པར་བྱ་བ་སྟེ་བསྡམ་པར་བྱ་བའི་ཉེས་པ་དགྲོལ་བའི་རྒྱུ་མཚན་དེའི་ཕྱིར་ཞེས་བྱ་བ་ནི་ཚིག་གི་དོན་ཡིན་ནོ། །ཕན་གྱི་སྒྲས་གོས་བརྗོད་པ་ཡིན་ལ་མལ་སྟན་ཞེས་བྱ་བ་ནི་མལ་དང་སྟན་དེ་ལ་དེ་སྐད་ཅེས་བྱའོ། །དེ་དང་པོར་བྱས་པའི་སྣོད་ལ་སོགས་པ་གང་ཡིན་པ་དེ་དག་
ནི་དེ་ལ་སོགས་པ་ཡིན་ནོ། །གནང་བ་མེད་པར་གཞན་གོས་སྤྱོད་པ་དང་ཞེས་བྱ་བ་ལ། གཞན་གང་ཡིན་པ་དེའི་གོས་དེས་མ་གནང་བར་དེའི་གོས་ཡོངས་སུ་ལོངས་སྤྱོད་པ་སྟེ། གཞན་གྱི་གོས་ཡོངས་སུ་ལོངས་སྤྱོད་ན་ཉེས་བྱས་སུ་འགྱུར་རོ། །ཡིད་བརྟན་པ་མེད་པ་དང་རྐུ་སེམས་མེད་པ་ཇི་ལྟ་ཇི་
เล่ม ๑๖๖ · หน้า 214b
ལྟར་ཡང་རུང་བར་གཙོར་ལོངས་སྤྱོད་པར་བྱེད་པ་དེ་ཁོ་ན་ལ་གོང་དུ་ཉེས་པ་མེད་པར་བསྟན་ལ། འོག་ཏུ་ནི་ཆེས་ལྕི་བ་ཉིད་ཡིན་པའི་ཕྱིར་ཉེས་པར་འགྱུར་བར་རིག་པར་བྱའོ། །ཁྱིམ་ལ་མ་བསྟབས་སྟན་ལ་འདུག་པ་ཞེས་བྱ་བ་ལ། ཁྱིམ་སྟེ་ཁང་ཁྱིམ་གྱི་ནང་དུ་སྡོམ་ཅན་ཞུགས་ནས་བདག་པོའམ་གཞན་གྱི་ཁྱིམ་
གྱི་ཁོངས་སུ་འདུས་པ་དག་གིས་མ་བསྟབས་མ་གནང་བར་སྟན་ལ་འདུག་པ་ནི་མ་བསྟབས་སྟན་ལ་འདུག་པ་སྟེ་ཉེས་བྱས་སུ་འགྱུར་རོ། །རབ་ཏུ་ཞུགས་པ་དང་སྟན་ནི་འདིར་མལ་གྱི་ཉེ་བར་མཚོན་པ་ཡིན་ཏེ། དེ་ལྟར་ནི་ཁྱིམ་དུ་ཞུགས་ནས་ཇི་སྲིད་དེའི་ཁོངས་སུ་གཏོགས་པའམ་འགའ་ཞིག་གིས་སྟན་ནམ་ཁྲིའུ་
གནང་བ་མ་བསྟབས་པ་དེ་སྲིད་དུ་འདུག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་སྡོམ་ཅན་གོས་སོགས་བྱིན་ནས་ནི། །ཁྲོས་དང་ལྡན་པའི་སེམས་ཀྱིས་ཕྲོགས་པ་དང་། །ཞེས་བྱ་བ་ལ། དེ་ནས་བརྟུལ་ཞུགས་ཅན་ལ་གོས་ལ་སོགས་པ་བྱིན་པའི་དུས་ཕྱིས་ཏེ་དུས་གཞན་གྱི་དགེ་ཚུལ་གྱིས་ཕྲོགས་
ན་ཉེས་བྱས་སུ་འགྱུར་རོ། །དེ་ལ་དེ་ནས་ཀྱི་སྒྲ་ནི་ཚིག་ཉེ་བར་བཀོད་པ་ཡིན་ལ་སོགས་པ་སྨོས་པ་ནི་སྣོད་ལ་སོགས་པ་གཟུང་བ་ཡིན་ནོ། །གང་གིས་ཤེ་ན། ཁྲོས་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་སྨོས་ཏེ། ཁྲོ་བ་གང་ལ་ཡོད་པ་དེ་ནི་ཁྲོས་དང་ལྡན་པའི་སེམས་ཏེ། དེས་ཕྲོགས་པར་གྱུར་ན་
ཞེས་བྱ་བའི་ཐ་ཚིག་གོ། །ཁྲོས་པ་སྨོས་པ་ནི་ཕན་པར་འདོད་པས་ཡུལ་གཞན་དུ་འགྲོ་བའི་བར་ཆད་བྱ་བའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སྣོད་ལ་སོགས་པ་ལ་ཆགས་པ་ནི་སྣོད་སོགས་ཆགས་པ་སྟེ། སྣོད་ལ་སོགས་པ་ལ་སྲེད་པར་གྱུར་པའི་དགེ་ཚུལ་གང་ཡིན་པ་དེ་ནི་དེའི་ནན་ནི་ནན་ཏེ།
དེས་སློང་བ་ནི་ཤིན་ཏུ་ལྟོས་པ་དང་བཅས་པར་སྣོད་ལ་སོགས་པ་བསླངས་པ་ཞེས་བྱ་བའི་བར་དུའོ། །སོགས་པའི་སྒྲས་ནི་གོས་ལ་སོགས་པ་གཟུང་སྟེ། འདི་སྐད་དུ་ཡོ་བྱད་མེད་པའི་དབང་གིས་ཞེས་བྱ་བ་དགོས་པ་ཙམ་གྱི་ཆེད་དུ་ནན་མ་ཡིན་པར་སློང་བ་ལ་སོགས་པ་འཇུག་པར་བྱའི་བཟང་པོ་ལ་ཆགས་པ་
མ་ཡིན་ནོ་ཞེས་བྱ་བར་བསྟན་པར་འགྱུར་རོ། །རྩེད་མོར་ལྷུང་བཟེད་ལ་སོགས་སྦེད་པ་དང་། །ཞེས་བྱ་བ་རྩེད་མོའི་ཕྱིར་ལྷུང་བཟེད་ལ་སོགས་པ་སྦེད་པར་བྱེད་པ་ལས་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །རྩེད་མོ་སྨོས་པ་ནི་ཡུལ་གཞན་དུ་འགྲོ་བ་དགག་པའི་དོན་ལ་ནི་ཉེས་པ་མེད་དོ། །ཞེས་ཤེས་པར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด