ตัวบทไม่มีชื่อ — ประโยคแรก: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๕ · หน้า 299a

སོགས་པའི་འབྲས་བུའམ། རང་གི་ངོ་བོ་ཅུང་ཟད་ཀྱང་མཐོང་བ་མེད་དེ། འབྲས་བུའི་ངོ་བོ་དག །མཐོང་བ་མེད་ཕྱིར། རྒྱུའི་ཕྱིར་ཡོན་ཏན་ཅན་དེ་མཐོང་མེད་དེས་ཏེ། དེ་ཕྱིར་གནོད་པ་ཡིན་ནོ། །གང་ལ་ཞེ་ན་ཁྱད་པར་གཞན་ལ་ཏེ། ལྕི་བ་ལ་སོགས་པའི་མིང་ཅན་ལའོ། །ཅི་འདྲ་

བ་ཞིག་ལ་ཅེ་ན། མེད་ན་མི་འབྱུང་ཡོད་པ་ཅན་ཏེ་བསྒྲུབ་པར་བྱ་བའི་ཆོས་གཞན་ཉིད་མེད་ན་མི་འབྱུང་བ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །རྡུལ་ཕྲ་མོ་ཆ་གཉིས་པ་ནས་བརྩམས་ཏེ་རྡུལ་ཕྲ་རབ་ཆ་གསུམ་པ་ལ་སོགས་པའི་བར་དང་ཚོགས་ཆེན་པོ་ཞེས་བྱ་བའི་བར་འདི་ལ་ཆ་གཉིས་པ་ལ་སོགས་པའི་འབྲས་བུའི་

རྫས་བརྒྱུད་པ་གང་ཡིན་པ་དེ་དག་ཐམས་ཅད་བཅལ་བ་དེ་ད་ལྟར་ནི། ཕྲ་བརྩམས་རྫས་ཀྱི་ཕྲེང་བ་དག །བཅལ་ཉིད་ཕྱིར་ན་རྒྱུ་ཡི་ཕྱིར། །སྲང་མདའ་དམའ་བའི་ཁྱད་པར་དེ་འབྲས་བུའི་རྫས་ཐམས་ཅད་ལྕི་བར་བྱེད་པ་མ་ཡིན་ནོ། །དེ་བས་ན་འབྲས་བུ་གཞན་གཅིག་ལྷག་མ་ཡིན་ན་ཡང་དེ་ཙམ་གྱིས་དམའ་

བའི་ཁྱད་པར་མ་ཡིན་ཏེ། རས་བལ་གྱི་འདབ་མ་བཞིན་ནོ། །དཔེར་ན་རས་བལ་གྱི་སྐུད་པ་ལ་སོགས་པ་བཅལ་བར་བྱ་བ་དེ་ལ་ལྕི་བ་ཡོད་པ་དེ་ལྟ་ན་ཡང་། ཚོགས་ཆེན་པོ་བཅལ་བ་ན་གང་གི་ཚེ་རས་བལ་གྱི་སྐུད་པ་ཤིན་ཏུ་ཕྲ་བ་དམའ་བར་འགྱུར་བ་དེའི་ལྕི་བ་ཉིད་ཀྱང་རྟོགས་པ་མ་ཡིན་ཏེ། སྲང་མདའ་

དམའ་བའི་ཕྱིར་རོ། །རས་བལ་གྱི་འདབ་མ་དེ་དང་འདྲ་བར་རིལ་བུ་འདྲེས་ན་དེའི་ལྕི་བ་ཡོད་པ་དེ་ལྟར་ན་ཡང་། དེ་ལ་རྫས་གཞན་གྱི་ལྕི་ཉིད་རྟོགས་མིན་ནོ། །དེས་ན་གང་ལ་རྫས་ལྷག་པ་ཡོད་པ་གཞལ་བྱ་དེ་ལ་དེའི་ལྕི་བ་རྟོགས་པར་འགྱུར་ཏེ། ལྕི་བའི་གོང་བུ་གསུམ་པ་བཅུག་པ་བཞིན་ནོ་ཞེས་

བརྗོད་པ་འདི་ལ་རས་བལ་གྱི་འདབ་མས་མ་ངེས་པ་ཡིན་ནོ་ཞེས་ནི་གཞན་དག་སྨྲ་བར་འགྱུར་རོ། །དེ་སྐད་དུ་རྒོལ་བ་དེ་ཡིས་ས་རྡུལ་ཚོགས་དག་ལ། རིམ་བཞིན་ལྡན་དང་སྟེ། རྡུལ་ཆ་གཉིས་པ་ལ་སོགས་པ་རྡུལ་གྱི་ཚོགས་ཆེན་པོ་དང་། རིམ་བཞིན་ལྡན་པ་ལ་རྡུལ་ཆ་གཉིས་པ་ལ་སོགས་

པའི་འབྲས་བུའི་རྫས་དུ་མ་ཡོད་པའི་ཕྱིར། རྡུལ་གྱི་ཚོགས་འདི་ནི་ལྕི་བ་ཅི་འདྲ་བ་ཡང་ངོ་། །ཅིག་ཅར་ལྡན་པ་དེ་ཉིད། རྡུལ་གྱི་ཚོགས་ལ་འབྲས་བུའི་རྫས་གཅིག་ཡོད་པའི་ཕྱིར། དེ་འདྲ་བ་ཉིད་དུ་འགྱུར་བ་རིགས་པ་མ་ཡིན་ནོ། །དེ་བས་ན་གཞལ་བར་བྱ་བ་འདི་དག་ནི་ལྕི་བ་ཐ་དད་

เล่ม ๑๗๕ · หน้า 299b

འགྱུར་ན་འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར། ཕྲ་བ་ནས་བརྩམས་པའི་རྫས་ཀྱི་ཕྲེང་བ་གཞལ་བར་རིགས་པ་མ་ཡིན་ནོ། །གཞན་ཡང་ལྕི་བའི་ཁྱད་པར་དེའི་ཕྱིར། གསེར་གྱི་མ་ཤ་ལ་སོགས་པའི། །གྲངས་མཚུངས་པ་ནི་མི་རུང་ངོ་། །སོགས་པ་སྨོས་པས་ནི་འོལ་མ་སེ་ལ་སོགས་པ་གཟུང་

ངོ་། །གང་གི་ཞེ་ན། མ་ཤ་ལ་སོགས་པ་སོ་སོར་བསྐར་བ་དང་། ལྷན་ཅིག་བསྐར་བའི་ཚེ། རིམ་བཞིན་ལྡན་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་སྐད་དུ་གསེར་ལ་སོགས་པའི་འོལ་མ་སེ་རེ་རེ་ཐ་དད་པར་བསྐར་བ་ནས། འོལ་མ་སེ་སྟོང་དང་། བརྒྱའི་བར་དུ་དེ་དེ་ལྟར་ཡོངས་སུ་བསྐར་བ་

ན་ཡང་། གསེར་ལ་སོགས་པ་འོལ་མ་སེ་གཅིག་ལ་སོ་སོར་རེ་རེར་ལྡན་པ་ནས་ཐམས་ཅད་ལ་ལྡན་པའི་བར་དང་། དེ་བཞིན་དུ་མ་ཤ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་མ་ཤ་ཀ་གཉིས་ལ་སོགས་པ་འབྲས་བུའི་རྫས་དུ་མ་འབྱུང་བའི་ཕྱིར་མ་ཤ་ཀ་ལ་སོགས་པ་དེ་ལྷན་ཅིག་ཏུ་བསྐར་བ་

ན། འོལ་མ་སེ་སྟོང་གི་ལྗིད་ཙམ་དུ་མི་འགྱུར་གྱི། འོན་ཀྱང་དངོས་པོ་ལྷག་པར་འགྱུར་བ་དེ་ལྟར་ན་མ་ཤ་ཀ་ལ་སོགས་པ་གྲངས་མཚུངས་པ་མི་རུང་ངོ་། །རྫས་ཀྱི་ཚོགས་པ་དེ་ཙམ་ཉེ་བ་དང་། དེ་དང་འབྲལ་བ་ལ་ཇི་ལྟར་ལྕི་བ་མཚུངས་པར་མི་འགྱུར་ན། མཚུངས་པར་འགྱུར་བ་

ཡང་ཡིན་དེ་བས་ན་རྡུལ་ཆ་གཉིས་པ་ལ་སོགས་པ་འབྲས་བུའི་རྫས་དེ་ལས་གཞན་པ་གཞལ་བར་བྱ་བ་ཡོད་པ་མ་ཡིན་ནོ། །ཅི་སྟེ་མ་ཤ་ཀ་ལ་སོགས་པའི་གྲངས་མི་མཉམ་པའི་སྐྱོན་དུ་མ་གྱུར་ཅིག་སྙམ་པ་ནས། ཡུངས་ཀར་ནས་བརྩམས་ཏེ་རེ་རེ་བསྣན་པ་ནས་ཚོགས་ཆེན་པོའི་བར་དུའོ། །

དེ་ལྟར་ཚོགས་ཆེན་པོ་དེ་ཐམས་ཅད་ལྕི་བ་ཉིད་དུ་རྟོགས་པ་མ་ཡིན་ནོ། །ཡུངས་ཀར་གཉིས་ལ་སོགས་པའི་འབྲས་བུའི་རྫས་ཀྱི་ཕྲེང་བ་གཉིས་པོ་དེ་ལ་ལྡན་པའི་འབྲས་བུ་གང་ཡིན་པ་དེ་ནི་ལྕི་བ་ཉིད་དུ་འབྱུང་བའི་ངང་ཚུལ་ཅན་ཉིད་ཡིན་ཞིང་། དེ་བཞིན་དུ་གསུམ་པ་ལྡན་པ་ན་འབྲས་བུའི་རྫས་

ཡོད་པ་ལྕི་བ་ཉིད་ཀྱི་ངང་ཚུལ་དུ་འབྱུང་བ་ཡིན་ནོ། །དེ་ལྟར་ན་གོང་ནས་གོང་དུ་འཕེལ་ལྡན་ཐམས་ཅད་ལྕི་བ་ཉིད་རྟོགས་པ་ཉིད་ནི་མ་ཡིན་ནོ་ཞེ་ན། འདི་ལྟར་གལ་ཏེ་ཡུངས་ཀར་ནས་བརྩམས་ནས་ཚོགས་ཆེན་པོ་གོང་ནས་གོང་དུ་ནི། འཕེལ་ལྡན་འབྲས་འཕེལ་ལྕི་བ་ཉིད་རྟོགས་པ་ཉིད་ནི་མ་

เล่ม ๑๗๕ · หน้า 300a

ཡིན་ན། །དེའི་ཚེ། ཡུངས་ཀར་ལས་སྔར་ལྕི་བ་ཉིད་ཤིན་ཏུ་རྟོགས་དཀའ་བ་ཡུངས་ཀར་ལས་སྔར་ཇི་སྲིད་འབྲས་བུའི་ཕྲེང་བ་ཤིན་ཏུ་ཕྲ་བའི་ལྕི་བ་ཉིད་གང་ཡིན་པ་ཆུང་བ་སྟེ། དེ་རྟོགས་པར་དཀའ་བ་ཉིད་ཡིན་ནོ། །ཡུངས་ཀར་ལས་གཞན་པའི་ལྕི་བ་ཉིད་ཀྱང་ཉེ་

བར་མཚོན་པ་རང་ཉིད་ཀྱིས་ཀྱང་བསྙོན་པར་ནུས་པ་མ་ཡིན་པ་དེ་ལྟར་ན་འབྲས་བུའི་རྫས་དེའི་རྡུལ་ཕྲ་རབ་ཀྱི་ངོ་བོ་རྒྱུ་ནི་གཞལ་བྱ་ཐོབ་པའོ། །ཅིའི་ཕྱིར་ཞེ་ན། དེའི་འབྲས་བུ་ལྕི་བ་མཚོན་པ་མེད་ཕྱིར་ཏེ་དེ་མ་ཐག་པར་བཤད་ཟིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་དག་ལ་ལྕི་བ་ཉིད་ལ་སོགས་

པའི་ཡོན་ཏན་དམིགས་པ་ཡོད་པ་མ་ཡིན་ཏེ། དེ་མི་དམིགས་པ་ཉིད་ལས་ཡན་ལག་ཅན་དུ་བརྟགས་པའི་ཕྱིར་རོ། །དེ་བས་ན་དོན་ཐམས་ཅད་མངོན་སུམ་ཉིད་མ་ཡིན་པར་ཐལ་བར་འགྱུར། གལ་ཏེ་རས་བལ་ལྕི་བར་རྟོགས་པ་མེད་པ་དེ་ལྟ་ན་ཡང་། དེ་སྣང་བ་ཉིད་ཡིན་པའི་ཕྱིར་དེ་ཡོད་པ་ཉིད་

ཡིན་པར་རིགས་པ་ཡིན་ཏེ། ཡན་ལག་ཅན་གྱི་མཚན་ཉིད་ཅན་གྱི། དོན་དེ་མི་མཐོང་རས་བལ་བཞིན། །དེའི་འབྲས་བུ་སྟེ། ལྕི་བ་དང་གཟུགས་དང་བསྒྲིབས་པ་ལ་སོགས་པ་མཐོང་བ་མེད་དོ། །དེ་བས་ན་མ་ཤ་ཀ་ལ་སོགས་པ་དེའི་ལྕི་བའི་ཡོན་ཏན་རྟོགས་མེད་བཞིན་དེའི་ཡོན་ཏན།

ཐམས་ཅད་དེ། གཟུགས་ལ་སོགས་པ་དག་ཉེ་བར་མཚོན་མེད་ཕྱིར་རྒྱུའི་ཕྱིར། མ་ཤ་ལ་སོགས་ལྷག་མ་མེད། དམའ་དེ་མཚོན་པ་སྟེ། དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར། མ་ཤ་ཀ་ལ་སོགས་པ་ལྷག་པ་མེད་པ་ནི། ཉེ་བར་མཚོན་པ་ཙམ་ནི་ཡིན་མོད་ཀྱི། འོན་ཀྱང་ལྕི་བ་

ལ་སོགས་པ་བཞིན་དུ་དེའི་གཟུགས་ལ་སོགས་པ་མེད་པར་ཡང་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་ཡུལ་དུ་གྱུར་པ། ལྷག་དང་ལྷག་ཉིད་བདག་ཅི་བཞིན། དབང་པོས་མིག་ལ་སོགས་པས་མཐོང་བ་མེད་ཕྱིར་ཏེ། རྒྱུའི་ཕྱིར་རོ། །འཇི་བ་ལ་སོགས་པ་རིལ་བུ་མ་

འདྲེས་པའི་གནས་སྐབས་ཀྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་ལས་འདྲེས་པའི་གནས་སྐབས་ཀྱི་གཟུགས་ལ་སོགས་པ་ལྷག་པ་ཡང་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་པོས་མཐོང་བ་མེད་ཕྱིར་རོ། །འདིས་ནི་མེད་པའི་ཐ་སྙད་བསྒྲུབ་པའི་ཕྱིར། མི་དམིགས་པའི་བདག་ཉིད་ཅན་གྱི་

เล่ม ๑๗๕ · หน้า 300b

སྒྲུབ་པར་བྱེད་པ་བསྟན་པ་ཡིན་ནོ། །ཁས་བླངས་རང་གི་ཚིག་སོགས་ཀྱིས། །གནོད་པ་དག་ནི་ཡོད་པས་ཀྱང་། །སོགས་པ་སྨོས་པས་ནི། མངོན་སུམ་དང་། རྗེས་སུ་དཔག་པ་དང་། གྲགས་པས་གནོད་པ་ཡོད་པ་གཟུང་ངོ་། །ཇི་ལྟར་ཁས་བླངས་པའི་གནོད་པ་ཡོད་པ་ནི་ཁས་བླངས་པ་ལ་སོགས་པ་གང་

གིས་གང་ལ་གནོད་པ་ཡོད་པ་དེས་གནོད་པར་བརྗོད་པར་བྱའོ་ཞེས་བསྟན་པའི་དོན་ཏོ། །ཇི་སྐད་བཤད་པའི་ཕྱོགས་ལ་ནི། །ཇི་ལྟར་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་མེད་ན་མི་འབྱུང་བར་ཡོད་པ་ཅན་ལ་གནོད་པ་ཡོད་པ་དེ་ལྟར། ཇི་སྐད་བཤད་པའི་ཕྱོགས་ཀྱི་ཆོས་ཅན་གྱི་ཁྱད་པར་དང་། རང་གི་ངོ་

བོ་གསལ་བ་ལ། དཔེ་གཞན་གང་ཡིན་པ་དེ་ཡང་། རྟོགས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །རང་ཉིད་ཀྱི་གཞུང་བཤད་པར་བྱ་བ་ལ། གཞན་གྱི་འདོད་པ་དཔྱོད་པ་ཡན་ལག་མ་ཡིན་དུ་ཟིན་ཀྱང་བཤད་པར་བྱ་བའི་གཞུང་གི་ནང་དུ་འདུས་པ་ཉིད་ཀྱིས་ཞར་ལ་འོངས་པ་དཔྱོད་པ་མེད་པར་ཅིའི་ཕྱིར་

འདུག་ཅེ་ན། དེ་བཤད་འདོད་པའི་ཕྱིར་བྱེད་པ་དང་ལྡན་དུས་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པ་ཅན་ལ་སོགས་པ་དག་གི་བསྒྲུབ་པར་བྱ་བ་བཤད་པ་ནི་དམ་བཅའ་བ་ཡིན་པ་དེ་ལྟར་ན་འདི་བསྒྲུབ་པར་བྱ་བ་སྨོས་པ་ནི་གྲུབ་པ་ལ་བཟློག་པར་ནུས་པ་ཡིན་གྱི། གཏན་ཚིགས་མ་གྲུབ་པ་ལ་སོགས་

པ་ཟློག་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་ན་གཏན་ཚིགས་དང་དཔེ་མ་གྲུབ་པའི་ཚིག་དམ་བཅའ་བར་ཐལ་བར་འགྱུར་ཏེ། དཔེར་ན་སྒྲ་རྟག་པ་ཡིན་ཏེ། མིག་གིས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་དང་། སྒྲ་རྟག་སྟེ། ལུས་ཅན་ཡིན་པ་ཉིད་ཀྱི་ཕྱིར་ཏེ། བློ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །ཅིའི་ཕྱིར་

ཞེ་ན། བྱེད་པ་དང་ལྡན་པའི་རྐྱེན་རྣམས་དུས་གསུམ་གྱི་ཡུལ་ཅན་ཉིད་ཕྱིར་བསྒྲུབ་པར་བྱ་བར་འགྱུར་བ་ཡང་དམ་བཅའ་བ་ཉིད་ཡིན་པ་བཟློག་པར་དཀའོ། །དེ་བས་ན་རྟག་པ་ཉིད་སྒྲུབ་པར་བྱེད་པ་གང་དེ་བཞིན་མིན། བདག་ཉིད་བློ་ལ་སོགས་པ་མི་རྟག་པ་ཉིད་ལ་སོགས་པའི་རང་བཞིན་ཅན་ནོ། །དེ་ལྟར་མ་གྲུབ་

པ་གཞན་ལ་དེ་ལྟ་བུའི་ངོ་བོར་འགོད་པ་དེའི་ཚེ། རྟག་པ་ཉིད་སྒྲུབ་པར་བྱེད་པའི་དུས་ན། བསྒྲུབ་པར་མི་འདོད་པའང་། བསྒྲུབ་པར་བྱ་བའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེ་ཕྱིར་ཤེས་བྱེད་སྐབས་ལ་ནི། །ཤེས་པའི་ཕྱིར་སྒྲུབ་པར་བྱེད་པའི་སྐབས་ལས་ཅུང་ཟད་ཅིག་མ་གྲུབ་པ་གང་ཡིན་པ་དེ་མ་

เล่ม ๑๗๕ · หน้า 301a

གྲུབ་ཐམས་ཅད་འགལ་བ་མེད་པ་འཛིན་པར་བྱེད་པའི་བསྒྲུབ་པར་བྱ་བའི་སྒྲས་ཁྱད་པར་དེའི་ཚེ། རྒོལ་བར་འདོད་པ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཁྱད་པར་ཕྱོགས་ཉིད་ཡིན་པར་དམིགས་པར་མི་འགྱུར་ཏེ། རྟོགས་པར་མི་འགྱུར་རོ། །གལ་ཏེ་བསྒྲུབ་པར་བྱ་

བའི་སྒྲ་སྤྱིའི་སྒྲ་ཉིད་ཡིན་པའི་ཕྱིར། ཁྱད་པར་སྟོན་པ་མ་ཡིན། ཅིའི་ཕྱིར་གཏན་ཚིགས་ལ་སོགས་པའི་མ་གྲུབ་པའི་ཚིག་ཉིད་དམ་བཅའ་བར་འགྱུར་རོ་ཞེས་བརྗོད་ཀྱི། ཐམས་ཅད་མ་གྲུབ་པ་ཡང་མ་ཡིན་ཞེ་ན། ཤེས་པར་བྱེད་པའི་སྐབས་ལས་གཞན་ལ་ཐལ་བ་མེད་དོ། གཞན་

དུ་རི་བོང་རྭ་ལ་སོགས། །ཀུན་ལ་མ་གྲུབ་ཀྱང་སྒྲུབ་འགྱུར། །དེ་བས་ན་དེ་ནི་ཤེས་པར་བྱེད་པའི་སྐབས་ཡིན་པའི་ཕྱིར་མི་འགྱུར་རོ་ཞེས་འདོད་པར་བྱའོ། །དེ་ལྟར་ནི་འགྱུར་མོད་ཀྱི། རང་གི་ངོ་བོ་ལས་དང་བྱེད་པ་པོ་དང་། བསྒྲུབ་པར་རྣམ་པར་གཞག་པ་དག་ཡིན་ཞིང་། བྱེད་པ་

པོ་དང་ལྡན་པའི་རྐྱེན་འདི་ནི་ལས་ལ་ཡིན་པ་དེས་ན་ལས་བརྗོད་པའི་ངང་ཚུལ་ཅན་གྱིས་བསྒྲུབ་པར་བྱ་བར་སྨོས་པས་སྒྲུབ་པར་བྱེད་པ་འཕངས་པ་མ་ཡིན་ན། གང་གིས་ན་དེ་བསྒྲུབ་པར་བྱ་བ་ཉིད་ཡིན་པར་འགྱུར། བྱེད་པ་པོ་ཆེས་ཤིན་ཏུ་འདོད་པ་ལས་ཡིན་པ་དེའི་ཚེ། གཏན་ཚིགས་ལ་

སོགས་པ་མ་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་མ་ཡིན་ནོ། །གྲུབ་པའི་མཐའ་ཡང་རྣམ་པ་བཞི་སྟེ། རྒྱུད་ཐམས་ཅད་ཀྱི་གྲུབ་པའི་མཐའ་དང་། རྒོལ་བ་རྒྱུད་ཀྱི་གྲུབ་པའི་མཐའ་དང་། སྐབས་ཀྱི་གྲུབ་པའི་མཐའ་དང་། ཁས་བླངས་པའི་གྲུབ་པའི་མཐའོ། །དེ་སྐབས་སུ་བྱས་ནས་བསྒྲུབ་

པར་བྱ་བའི་བཤད་པ་དམ་བཅའ་བ་ཡིན་ནོ་ཞེས་བརྗོད་པའི་ཕྱིར། གྲུབ་པའི་མཐའི་མཚན་ཉིད་བཤད་པ་ཡང་དམ་བཅའ་བ་ཡང་ཡིན་ནོ། །དམ་བཅའ་བ་དང་། གཏན་ཚིགས་དང་། དཔེ་དང་། ཉེ་བར་སྦྱར་བ་དང་། མཇུག་བསྡུ་བའི་སྐབས་དག་ལ་སྒྲུབ་པར་བྱེད་པའི་ཡུལ་ཉིད་བསྒྲུབ་

པར་བྱ་བའི་ཡན་ལག་གང་ཡིན་པ་དེ། དམ་བཅའ་ཙམ་ཡིན་ནོ་ཞེས་དོན་གྱིས་རྟོགས་པའི་ཕྱིར། གཏན་ཚིགས་མ་གྲུབ་པ་ལ་སོགས་པ་ཉིད་དམ་བཅའ་བ་མ་ཡིན་ནོ་ཞེ་ན། །དེ་ལ་འདིར་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་ལས་ཡིན་ཏེ། རྣམ་པ་འགས་རྣམ་པ་འགའ་ཞིག་གིས། ཐམས་ཅད་གྲུབ་

เล่ม ๑๗๕ · หน้า 301b

པ་མེད་ཕྱིར། བསྒྲུབ་པར་བྱ་བ་གང་ཡིན་པ་དང་། བསྒྲུབ་པར་འགྱུར་བ་གང་ཡིན་པ་དེ་ཐམས་ཅད་ལས་ཉིད་ཡིན་ནོ། །དེས་ན་དེ་ལ་སོགས། ཁྱད་པར་འགོད་པ་དག་གིས་ལན། །གང་ཡིན་པ་དེ་དཔྱོད་པ་ལ་ནི་བསྒྲུབ་པར་བྱ་བའི་ཁྱད་པར་རྟོགས་པར་བྱ་བའི་ཕྱིར་ནུས་པ་མེད་པ་ཡིན་ནོ། །

སོགས་པ་སྨོས་པས་ནི་གྲུབ་པའི་མཐའ་སྐབས་ལ་སོགས་པ་གཟུང་ངོ་། །ཡན་ལག་བསྒྲུབ་བྱ་ཡིན་ཞེས། དེ་བཤད་པའི་དམ་བཅའ་བརྗོད་པ་གང་ཡིན་པ་དེ་ཡང་བརྫུན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔར་མ་གྲུབ་པའི་རང་བཞིན་ཕྱིར། །རྒོལ་བ་གང་དང་པོར་བསྒྲུབ་པར་བྱ་བའམ། སྒྲུབ་

པར་བྱེད་པ་གྲུབ་པ་མི་འདོད་པ་དེས་མཚན་ཉིད་ཀྱི་ཚིག་ལས་དེ་དག་གི་རབ་ཏུ་དབྱེ་བ་རྟོགས་པར་བྱའོ། །མཚན་ཉིད་ཀྱི་སྐབས་སུ་སྒྲུབ་པར་བྱེད་པ་དང་། བསྒྲུབ་པར་བྱ་བའི་དབྱེ་བ་མ་བཟུང་བ་ཅན་གྱིས་གཏན་ཚིགས་ལ་སོགས་པ་མ་གྲུབ་ཡང་དམ་བཅའ་བ་ཉིད་དུ་འཛིན་པར་འགྱུར་བ་དེ་ལྟར་

ན་གང་ལས་ཁྱད་པར་འདོད་པ་ཡིན། གྲུབ་པའི་མཐའི་སྐབས་ཀྱང་སྒྲུབ་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་གཏན་ཚིགས་ལ་སོགས་པ་མ་གྲུབ་པ་ལ་ཡང་། གྲུབ་མཐའ་མཚུངས་སོ། །ཅིའི་ཕྱིར་ཞེ་ན། གང་གིས་དེ་དག་ཀྱང་རྒོལ་བའི་རྒྱུད་ལ་སོགས་པའི་གྲུབ་པའི་མཐའི་ཁས་བླངས་མཚན་ཉིད་ཕྱིར།

ཁས་བླངས་པའི་རང་བཞིན་ཅན་གྱི་ཁྱད་པར་མེད་པས་གང་ལས་དེ་དག་རྣམ་པར་གཅོད་པ་ཡིན་གལ་ཏེ་ཡང་མ་གྲུབ་པ་ལ་སོགས་པ་དེའི་ཚེ་ཁས་མི་ལེན་པ་དེ་ལྟར་ན་ཁས་བླང་བར་བྱ་བ་དག་ལ་བྱེད་པ་དང་ལྡན་པའི་རྐྱེན་བཤད་པ་ཉིད་ཀྱིས་གྲུབ་པའི་མཐའ་ཉིད་ཐོབ་པར་འགྱུར་རོ། །འདི་ཡང་བསྒྲུབ་པར་

བྱ་བའི་ཆོས་སམ་ཆོས་ཅན་ནམ། གཉི་གར་འགྱུར་གྲང་ན། གལ་ཏེ་ཆོས་ཅན་ཙམ་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར། དེའི་ཆོས་ཡོད་པ་ཅན་དཔེ་ཡིན་ནོ་ཞེས་བྱ་བ་འགལ་བར་འགྱུར་རོ། །དེ་ལྟར་ན་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཉིད་སྐྱེ་བ་དང་ལྡན་པ་

ཉིད་ལ་སོགས་པར་ཆོས་སུ་མི་འགྱུར་ཏེ། དེ་ནི་སྒྲའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་དཔེའི་ཆོས་དེའི་ཆོས་ཉིད་ཡོད་པ་ཅན་ཉིད་དུ་མི་འགྱུར་རོ། །ཅི་སྟེ་ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་ན་དེའི་ཚེ། ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་ན། དཔེ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་

เล่ม ๑๗๕ · หน้า 302a

སྒྲུབ་པར་བྱེད་པའི་གཏན་ཚིགས་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྒྲ་གྲུབ་པ་མ་ཡིན་པ་གང་གིས་ན་བསྒྲུབ་པར་བྱ་བ་དེ་སྒྲུབ་པར་བྱེད་པ་དེའི་གཏན་ཚིགས་ཡིན་ཏེ། སྒྲ་ནི་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་ཆོས་དང་ཆོས་ཅན་གཉི་ག་བསྒྲུབ་

པར་བྱ་བ་ཡིན་པ་དེའི་ཚེ། གཉི་ག་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་བའི་སྐྱོན་གང་ཡིན་པ་དེ་ལྡོག་པ་མེད་པ་ཉིད་ཡིན་ནོ། །དེ་ལྟར་གནས་པ་ལ་འོན་ཏེ་ཚོགས་པ་བསྒྲུབ་པར་བྱ་བ་ཉིད་ཡིན་པར་འགྱུར་རོ་ཞེ་ན། བཤད་པ་དེའི་ཚེ། ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནའང་། ཁས་ལེན་པར་བྱེད་ན་གཞན་ནི་གཞན་གྱི་

ཁྱད་པར་ཡིན། བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནམ་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་བསྒྲུབ་པར་བྱ་བ་ཡིན་པར་འདོད་པར་འགྱུར་ཏེ། ཚོགས་པ་ཅན་དག་ལས་ཚོགས་པ་དོན་གཞན་ཉིད་མ་ཡིན་པའི་ཕྱིར་རོ། །ཆོས་དང་ཆོས་ཅན་གཉིས་བསྒྲུབ་

པར་བྱ་བ་ཡིན་པ་དེའི་ཚེ། གཏན་ཚིགས་དང་། དཔེའི་མཚན་ཉིད་མ་གྲུབ་པ་ཡིན་ནོ། །དེ་ལྟར་ན་ཆོས་ཀྱིས་ཁྱད་པར་ཅན་དུ་བྱས་པའི་ཆོས་ཅན་གྱི་སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་པའི་སྒོ་ནས་དཔེ་ལ་ཆོས་མཐུན་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་ཆོས་ཅན་ལ་གཞན་གྱི་གཏན་

ཚིགས་མ་གྲུབ་པ་ཡིན་པས་ན་གཏན་ཚིགས་ཀྱི་མཚན་ཉིད་མ་ཡིན་ནོ། །མི་རྟག་པས་ཁྱད་པར་དུ་བྱས་པའི་ཆོས་ཅན་དཔེ་ལ་ཆོས་མཐུན་པ་ཡོད་པ་མ་ཡིན་པས་ན་དཔེའི་མཚན་ཉིད་མ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་རྩ་དགུ་པ། ཅི་སྟེ་འདི་ལྟར་སྐྱེ་བ་

དང་ལྡན་པ་ཉིད་ལ་སོགས་པའི་ཆོས་ཉིད་ལ། བསྒྲུབ་བྱའི་སྒྲ་ནི་མེད་པའི་ཕྱིར། །གལ་ཏེ་ཆོས་ཅན་འཇུག་ཅན་འདོད། །ཇི་ལྟར་ཁོ་བོ་ཅག་གིས་བསྒྲུབ་པར་བྱ་བའི་ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར་ཉེ་བར་བཏགས་ནས་ཕྱོགས་གཅིག་ལ་འཇུག་པ་ཅན་བསྒྲུབ་པར་བྱ་བའི་སྒྲས་བཤད་པ་ཡིན་ནོ། །དེའི་

ཚེ་བསྟན་བཅོས་ཀྱིས་ཆོག་པ་ཡིན་ན། དེའི་ཚེ་མཚན་ཉིད་ཀྱི་ཚིག་གིས་ཅི་ཞིག་བྱ། བདག་ཉིད་ཅི་རིགས་པར་རྟོགས་ཤིང་ཤེས་ནས། འཇིག་རྟེན་ཉིད་ནི་འཇུག་པར་འགྱུར། ཁོ་བོས་ནི་ཕྱོགས་ཀྱི་ཕྱོགས་གཅིག་ཏུ་རུང་བའི་ཆོས་ཅན་གྱི་ཆོས་ཉིད་ཡོངས་སུ་བཟུང་བའི་ཕྱིར་མཚན་ཉིད་ཀྱི་ཚིག་སྨོས་པ་ཡིན་པ་དེ་ལྟར་རིགས་པ་ཡིན་གྱི།

เล่ม ๑๗๕ · หน้า 302b

གཞན་གྱིས་ནི་མ་ཡིན་ནོ། །དེ་བས་ན་ཅི་ཙམ་པའི་ཚིག་གིས་དེ་བརྗོད་པར་བྱའོ། །གཞན་ཡང་བསྒྲུབ་པར་བྱ་བ་སྟོན་པ་དམ་བཅའ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་བསྒྲུབ་པར་བྱ་བ་སྟོན་པ་ཉིད་དམ་བཅའ་བ་ཉིད་ཡིན་ནོ་ཞེས་སྔར་ངེས་པར་གཟུང་བའམ། བསྒྲུབ་པར་བྱ་བ་སྟོན་པ་དམ་བཅའ་བ་

ཉིད་ཡིན་ནོ་ཞེས་བྱ་བ་ཕྱིས་ངེས་པར་གཟུང་བ་ཡིན་པར་འགྱུར་གྲང་ན་དེ་ལ་རེ་ཞིག་སྔར་ངེས་པར་བཟུང་བ་ནི་གྲུབ་པ་ལྡོག་པར་མ་གྲུབ་པ་ཡོངས་སུ་བཟུང་བའི་དོན་མ་ཡིན་ནོ། །འདི་ལྟར་དེའི་དོན་ལ་དམ་བཅས་པའི་དོན་ལ་བསྒྲུབ་བྱར་རྟོགས། དེ་ཁོང་དུ་ཆུད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན།

སྒྲུབ་བྱེད་བསྟན་པའི་ཤུགས་ཉིད་ཀྱིས་གལ་ཏེ་གྲུབ་པར་འགྱུར་བ་དེའི་ཚེ། རྩོད་པའི་གནས་མ་ཡིན་པའི་ཕྱིར། དེ་སྒྲུབ་པའི་ཕྱིར། སྒྲུབ་པར་བྱེད་པ་བརྗོད་པར་མི་འགྱུར་ན། སྒྲུབ་པར་བྱེད་པ་བརྗོད་པར་ཡང་འགྱུར་བ་དེ་ནི་མ་གྲུབ་པ་ཉིད་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །གཞན་

ཡང་བསྒྲུབ་པར་བྱ་བ་སྟོན་པ་ཉིད་དམ་བཅའ་བ་ཡིན་ནོ་ཞེས་ཡོངས་སུ་བཟུང་བ་ན། སྒྲུབ་པར་བྱེད་པའི་ཚིག་དམ་བཅའ་བ་ཡིན་ནོ་ཞེས་བྱ་བར་སྟོན་པར་འགྱུར་རོ། །སྒྲུབ་པར་བྱེད་པའི་ཚིག་ལ་ཡང་དམ་བཅའ་བ་ཡོད་པ་ཉིད་མ་ཡིན་པ་དེ་ལྟར་ན། སྒྲུབ་པར་བྱེད་པ་སྟེ། སྒྲུབ་པར་

བྱེད་པའི་ཚིག་ལ་དམ་བཅའ་བ་ཉིད་དུ་ཐེ་ཚོམ་མེད་དོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་སོགས་ཚིག་གིས་ཡུལ་འདི་ལ་ཁྱབ་ཕྱིར་རོ། །དེ་བས་ན་རྒྱུ་འདིས་སྔར་ངེས་གཟུང་ཡིན། དེ་ཡིས་ནི། གཏན་ཚིགས་ལ་སོགས་པས་དོན་འདི་འཕངས་པ་ཡིན་པའི་ཕྱིར་དམ་བཅའི་མཚན་ཉིད་

བརྗོད་དོན་མེད། གང་གིས་སྔར་ངེས་པ་གཟུང་བ་དོན་མེད་པ་དེའི་ཕྱིར། རྒྱུའི་ཕྱིར་ཤུགས་ལས་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཉིད་ཡིན་ནོ་ཞེས་བྱ་བ་ཕྱིས་ངེས་པར་གཟུང་བ་འདི་ལ་བསྒྲུབ་པར་བྱ་བ་སྟོན་པ་ཉིད་ཡིན་ནོ་ཞེས་བྱ་བར་བཤད་པ། ཁྱབ་པའི་འབྲས་ཅན་ཡིན་པ་སྟེ། །

མི་ལྡན་པ་རྣམ་པར་གཅོད་པའི་འབྲས་ཅན་ཡིན་པ་དེ་ལྟར་ན། གཏན་ཚིགས་དང་དཔེ་མ་གྲུབ་པ་སྟོན་པ་དམ་བཅའ་བ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །དམ་བཅའ་བ་ཉིད་ཡིན་ན་ངག་གིས་འགལ་བ་ནི་དམ་བཅའ་བའི་སྐྱོན་ཡིན་ཏེ། དཔེར་ན་སྒྲ་རྟག་པ་ཡིན་ཏེ། ཐམས་ཅད་མི་རྟག་པ་ཉིད་ཡིན་

เล่ม ๑๗๕ · หน้า 303a

པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་འདིར་སྒྲ་རྟག་པ་ཡིན་ནོ། །ཐམས་ཅད་མི་རྟག་པ་ཉིད་དང་འགལ་བ་ཡིན་ཏེ། ཐམས་ཅད་མི་རྟག་པ་ཉིད་ཡིན་ན་སྒྲ་ཐམས་ཅད་ཀྱི་ཁོངས་སུ་འདུས་པ་པ་ཉིད་ཀྱི་ཕྱིར། སྒྲ་རྟག་པ་ཉིད་འགལ་བ་ཡིན་ནོ་ཞེ་ན། དེ་ལ་འདིར་

འདོད་དང་འབྲེལ་མེད་འགལ་བ་ཡིན་པར་འགྱུར་ཏེ། འདོད་པའི་དོན་དང་འབྲེལ་པ་མེད་ཉིད་ཡིན་ན་འགལ་བ་ཡིན་པར་འགྱུར་རོ། །དེ་ཡང་ཕན་མི་འདོགས་ལྷན་ཅིག་མི་གནས། རྣམ་པ་གཉི་ག་དང་འདོད་པ་འབྲེལ་པ་མེད་པར་འགྱུར་རོ། །གཏན་ཚིགས་བསྒྲུབ་པར་བྱ་བ་ལ་ཕན་འདོགས་

པ་མི་བྱེད་པ་དེ་ལྟར་ན། ཕན་མི་འདོགས་པའི་ཕྱིར་རམ། ལྷན་ཅིག་མི་གནས་པའི་ཕྱིར། དེ་ལ་རེ་ཞིག་འདིར་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། གལ་ཏེ་གཏན་ཚིགས་སྐྱོན་དང་ལྡན་པ་ཡིན་ན་བསྒྲུབ་པར་བྱ་བའི་དོན་ལ་གནོད་པའི་ཕྱིར་དམ་བཅའ་བའི་སྐྱོན་དུ་འགྱུར་བ་དེ་ལྟར་རྟགས་ཀྱི་སྐྱོན་

ཐམས་ཅད་རྟགས་ཀྱི་མ་གྲུབ་པ་ལ་སོགས་པའི་སྐྱོན་ཐམས་ཅད་དམ་བཅའི་སྐྱོན་ཉིད་འགྱུར། དེའི་སྐྱོན་དག་གིས་དམ་བཅའ་བ་ལ་གནོད་པའི་ཕྱིར་རོ། །ཕྱོགས་སྐྱོན་གཞན་ལ་ལྟོས་པ་ནི། །ཡན་ལག་ཕྱི་མ་ལ་ལྟོས་པ། །མ་ཡིན་ཞེས་ཀྱང་སྔར་བསྟན་ཟིན་ཏོ། །དེ་བས་ན་དམ་བཅའ་བ་ཙམ་དང་རྗེས་

སུ་འབྲེལ་པ་ཙམ་ཉིད་དམ་བཅའ་བའི་སྐྱོན་ཡིན་ནོ། །ཅི་སྟེ་འདོད་དང་འབྲེལ་མེད་ཅན་ཏེ། བསྒྲུབ་པར་བྱ་བའི་ཆོས་སུ་འདོད་པ་དང་། ལྷན་ཅིག་བྱེད་པ་ནི་དེ་དང་ལྷན་ཅིག་གནས་པ་མ་ཡིན་པའི་གཏན་ཚིགས་ཡིན་པ་དེ་བས་ན། དེ་ལ་མེད་པའི་ཕྱིར་འགལ་བ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་

ཏེ། འདི་ལྟར། འདོད་དང་མེད་ཅན་མ་གྲུབ་ཡིན། །གཏན་ཚིགས་ཀྱི་སྐྱོན་ཡིན་གྱི། འདི་ཕྱོགས་ཀྱི་སྐྱོན་ཉིད་ཡིན་པར་མི་འགྱུར་རོ། །ཐམས་ཅད་མི་རྟག་པ་ཉིད་ཀྱི་གཏན་ཚིགས་ཀྱིས་སྒྲ་ལ་རྟག་པ་ཉིད་བསལ་བ་མ་ཡིན་ན། གང་གིས་ན་དམ་བཅའ་བའི་དོན་ལ་འགལ་བར་འགྱུར། ཅིའི་ཕྱིར་ཞེ་ན།

འདི་ལྟར་གལ་ཏེ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་ཀྱིས་སྒྲ་གཏན་ཚིགས་དང་བཅས་པར་འགྱུར་བ་དེ་བས་ན། མི་རྟག་གཏན་ཚིགས་བཅས་ཡིན་ན། བསྒྲུབ་པར་བྱ་བའི་ཆོས་དེ་ཡང་དེ་ལྟར་བསལ་བར་འགྱུར་ཞིང་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་སྒྲ་ལ་དེ་སྐད་བསྟན་པར་འགྱུར་རོ། །འདི་ལྟར་ཐམས་

เล่ม ๑๗๕ · หน้า 303b

ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་འདི་ལ་དཔེ་བཤད་པ་ཉིད་ལས། དོན་མཐོང་གཞན་ཅི་ཞིག་ཡོད་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་དེ་ནི་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་སྟོན་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་ཁྱད་པར་ཏེ་སྒྲ་ཉིད་ལའོ། །ཐ་དད་དེ། འགལ་བའི་ཆོས་རྟག་པ་

ཉིད་བཤད་པ་ཡིས་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་སྤྱི་ནི་རྗེས་སུ་འཇུག་ཡིན་ན། དེ་ལ་ཁྱད་པར་སྒྲ་ཞེས་བྱ་བའི་ཁྱད་པར་དེས་མི་རྟག་པ་ཉིད་ཐོབ་པ་མ་ཡིན་ནོ། །འདི་ལྟར་ཁྱད་པར་སྐབས་སུ་བྱས་ནས་ཕྱིས་སྤྱི་བསྒྲུབ་ཁྱད་པར་དེ་ལ་བརྟེན་པ་མ་ཡིན་གྱི། འོན་ཀྱང་སྐབས་སུ་བབ་པའི་ཁྱད་པར་གྱི་ཡུལ་

སྤངས་ནས་གཞན་ཐམས་ཅད་ལ་འཇུག་པར་འགྱུར་ཏེ། དཔེར་ན་བྲམ་ཟེ་ཀུན་དིའི་བུ་ལ་དར་བ་བྱིན་ཅིག་ཅེས་བྱས་ནས། བྲམ་ཟེ་དག་ལ་ཞོ་བྱིན་ཅིག་ཅེས་སྨྲས་པས། ཀུན་དིའི་བུ་ལ་ཞོ་བྱིན་པ་མ་ཡིན་གྱི། འོན་ཀྱང་དེ་ལས་བཟློག་པའི་བྲམ་ཟེ་གཞན་དག་ལ་ཡིན་པ་ལྟ་བུའོ། །དེ་ལྟར་སྒྲ་རྟག་པ་ཉིད་ཡིན་པ་

བརྗོད་ནས་ཐམས་ཅད་ལ་རྟག་པ་ཉིད་ཡིན་པར་སྨྲ་བ་ན་སྒྲ་ལས་བཟློག་པ་གཞན་ཐམས་ཅད་ལ་བརྟེན་པ་ཡིན་ནོ། །དེ་བས་ན་སྒྲ་ལ་མི་རྟག་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ན། ཇི་ལྟར་ན་རང་དང་འགལ་བ་སེལ་བར་འགྱུར། གལ་ཏེ་སྒྲ་ལས་བཟློག་པ་ཐམས་ཅད་མི་རྟག་པ་ཉིད་ཡིན་པར་འགྱུར་བ་དེའི་ཚེ། སྤྱི་ཡིས་

ནི། རྗེས་སུ་འཇུག་པའི་འབྲས་བུ་ཅི། །དཔེར་ན་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་སྒྲ་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཉིད་བརྗོད་པར་བྱ་བར་འགྱུར་རོ། །དེ་བས་ན་སྒྲ་ལ་མི་རྟག་པ་ཉིད་མེད་པ་ཡིན་པ་དེ་བས་ན། དེ་ལ་རྟག་པ་ཉིད་སེལ་བར་བྱེད་པ་མ་ཡིན་

ནོ། །ཡོད་པ་ཡིན་ན་སེལ་བར་འགྱུར་རོ། །དེའི་ཕྱིར་སློབ་དཔོན་གྱིས། སྒྲའི་མི་རྟག་པས་བསལ་པར་འགྱུར་བ་ཡིན་ཞེས་གསུངས། ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདིས་ནི་དེ་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་བཤད་པ་ཡིན་པར་གནས་པ་ཡིན་ཏེ། དེའི་མཚན་ཉིད་ཀྱི་རྗེས་སུ་བྱེད་

པའི་ཕྱིར་རོ། །གཏན་ཚིགས་ཀྱང་ཉེ་བར་སྦྱར་བ་ལས་ཡིན་པ་དེ་ལྟར་ན། དཔེར་ན་ཐམས་ཅད་ནི་མི་རྟག་པ་ཡིན་ལ། སྒྲ་ཡང་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། རྟག་པ་ཡིན་ཏེ། ཐམས་ཅད་མི་རྟག་པ་ཡིན་པ་ཉིད་ནི་གཏན་ཚིགས་ཡིན་ནོ། །དེ་ཡང་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཐམས་

เล่ม ๑๗๕ · หน้า 304a

ཅད་ཀྱི་སྒྲ་འཇིག་རྟེན་ལ་གྲགས་པ་ཡིན་ནམ། འགའ་ཞིག་ལ་གྲགས་པ་ཡིན་པར་འགྱུར་གྲང་ན། གལ་ཏེ་འཇིག་རྟེན་ལ་གྲགས་པ་ཡིན་པ་དེའི་ཚེ། མ་ལུས་པ་འཕངས་པས་འཇུག་པ་ཡིན་པ་དེ་བས་ན་སྒྲ་ཡང་འཕངས་པ་ཡིན་པ་དེ་ལྟར་ན། སྒྲ་དེ་དག་གི་ནང་དུ་

འདུས་པ་ཡིན་ཏེ། ཐམས་ཅད་ཀྱི་ཁོངས་སུ་འདུས་པ་ཉིད་ཀྱི་ཕྱིར། ཐམས་ཅད་མ་ཡིན་པ་ཉིད་དུ་མ་གྲུབ་པ་ཡིན་ནོ། །ཅི་སྟེ་འགའ་ཞིག་ལ་གྲགས་པ་ཡིན་ན་སྒྲ་མ་ཡིན་པ་གང་ཡིན་པ་དེ་དག་ནི་ཐམས་ཅད་ཀྱི་སྒྲས་བརྗོད་པར་བྱ་བ་ཡིན་ཞིང་། སྒྲ་གཅིག་པུ་ཐམས་ཅད་མ་ཡིན་པ་དེ་

ལྟར་ན། སྒྲ་དང་ཐམས་ཅད་མ་ཡིན་པ་ཞེས་བྱ་བ་དེ་དག་རྣམ་གྲངས་ཀྱི་སྒྲ་ཉིད་ཡིན་ནོ། །དེ་ལྟར་ན་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ། སྒྲ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་མ་གྲུབ་པ་ཡིན་པ་དེ་ལྟར་ན་འདི་ཡང་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །

ཐམས་ཅད་ཀྱི་ཁོངས་སུ་འདུས་པ་ཉིད་ཀྱི་ཕྱིར། ཐམས་ཅད་མ་ཡིན་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ན། གཞན་དག་ན་རེ་ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར། སྒྲ་ཇི་ལྟར་ཐམས་ཅད་མ་ཡིན་པ་ཉིད་ཡིན་ནོ་ཞེས་སྨྲའོ། །དེ་དང་དེ་ནི་བདེན་པ་མ་ཡིན་ཏེ། གལ་ཏེ་ཐམས་ཅད་ཀྱི་

ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར། སྒྲ་ཐམས་ཅད་མ་ཡིན་པ་དེའི་ཚེ་དངོས་པོ་སྒྲའི་བདག་ཉིད་ཅན་མ་ཡིན་པ་དག་ཀྱང་སོ་སོར་རེ་རེ་ལ་ཕྱོགས་གཅིག་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་ན། དེ་དག་ལ་ཡང་ཐམས་ཅད་མ་ཡིན་པ་ཉིད་ཡོད་པའི་ཕྱིར་འགའ་ཞིག་ཐམས་ཅད་ཡིན་པར་

མི་འགྱུར་ན། དེ་ལྟར་ཡང་ནི་འདོད་དོ། །ལན་འདི་ཡུལ་གཞན་ལ་ནི་ཞེས་བྱ་བ་ལ་སོགས་པས་གཞུང་འཛུགས་པར་བྱེད་དོ། །ཡུལ་གཞན་ལ་ནི་འགལ་སྨྲ་བས་སྒྲ་ནི་གཞན་ཉིད་ཡིན་པར་སྨྲ། སྒྲ་ལ་ཐམས་ཅད་ཉིད་ལ་འགལ་བ་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཆོས་སྨྲ་བ་ན་སྒྲ་དེ་མཉན་

པ་ཐམས་ཅད་ལས། གཞན་ཉིད་ཡིན་པར་སྨྲའོ། །དེ་ལྟར་ན་གང་ཞིག་གང་དང་འགལ་བའི་ཆོས་ཅན་ལ་སྨྲ་བ་དེས་དེ་ལས་ཐ་དད་པ་ཉིད་ཡིན་པ་བརྗོད་པར་འགྱུར་རོ། །དེ་ཡང་སྟེ་སྒྲ་ཐམས་ཅད་ལས་ཐ་དད་པར་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤྱི་ནི་ཁྱད་པར་མི་སྤོང་

เล่ม ๑๗๕ · หน้า 304b

ཕྱིར། །སྤྱིའི་སྒྲ་ནི་རང་གི་ཁྱད་པར་འདོར་བ་མ་ཡིན་གྱི། འོན་ཀྱང་འཕེལ་བས་འཇུག་པར་འགྱུར་ཏེ། དཔེར་ན་ཤིང་གི་སྒྲ་པ་ལ་ཤ་ལ་སོགས་པའི་ཁྱད་པར་མི་སྤོང་བ་ལྟ་བུའོ། །དེ་བས་ན་ཐམས་ཅད་ཀྱི་སྒྲས་ཀྱང་སྒྲ་ཡང་འཕེན་པར་བྱེད་པ་ཡིན་པ་དེ་ལྟར་ནི་སྒྲ་ཐམས་ཅད་ཉིད་ཡིན་ནོ། །དེ་ལྟར་

ནི་འགྱུར་མོད་ཀྱི། སྤྱི་ཁྱད་པར་འདོར་བ་ཉིད་ཡིན་ཏེ། དཔེར་ན་ཅི་ཤིང་ཤ་པ་ཤིང་ཡིན་ནམ་འོན་ཏེ་མ་ཡིན་ཞེས་དྲིས་པ་ན། ཤིང་ཤ་པ་ཉིད་ཤིང་མ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །ཤིང་ཤ་པ་ལ་ཤིང་བཀག་པ་ཉིད་ཀྱི་ཕྱིར། འདིར་སྤྱིས་ཁྱད་པར་སྤངས་པ་ཡིན་ནོ་ཞེ་ན། སྤངས་པ་མ་ཡིན་ཏེ། འདི་

ལྟར་ཤིང་གི་སྤྱི་དེ་རྣམ་པ་འདིས་ཤིང་ཤ་པ་ལ་གསལ་བ་གཅིག་ལ་ངེས་པ་དེ་བཟློག་པ་ཡིན་གྱི། དེ་ཤིང་ཉིད་ཀྱིས་སྤངས་པ་ནི་མ་ཡིན་ནོ། །འདི་ལྟར། དཔེར་ན་གནས་སྐབས་ལ་ལར་ནི། །ཤིང་ཤ་པ་ཉིད་ཤིང་མིན་ཞེས་སྤྱི་གཅིག་ལ་ངེས་པ་འགོག་པ་ཡིན་པ་དེ་ལྟར་ན་སྒྲ་ཀུན། སྒྲ་གཅིག་

ཉིད་ལ་འཇུག་པ་འགོག་པར་འགྱུར་བའི་ཕྱིར་འདི་འདྲ་བ་འདི་ནི་སྒྲ་ཐམས་ཅད་གཅིག་ལ་འཇུག་པ་ནི་འགོག་པར་འགྱུར་བ་ཡིན་གྱི། སྒྲ་ལ་འཇུག་པ་བཟློག་པ་ནི་མ་ཡིན་ནོ། །འདི་ཙམ་ཉིད་ཀྱིས་སྒྲ་ཐམས་ཅད་སྒྲ་གཅིག་ལ་འཇུག་པ་འགོག་པ་ཙམ་གྱིས་དེ་སྒྲ་ནི་ཀུན་མིན་མ་ཡིན་པར་

འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲའི་ངོ་བོ་མ་ཡིན་པའི་ཁྱད་པར་ཀུན་སོ་སོ་དེ་ཉིད་མིན་ལ། ཐམས་ཅད་ཉིད་མེད་པ་ཡིན་ནོ། །དེ་མེད་ཕྱིར་ཏེ་ཐམས་ཅད་ཉིད་མེད་པའི་ཕྱིར་འགའ་ཞིག་ཀྱང་ཐམས་ཅད་ཉིད་དུ་མི་འགྱུར་བ་ན་འདོད་པ་ཡང་ཡིན་པ་དེའི་ཕྱིར། སྒྲ་ཐམས་ཅད་ཀྱི་ཁོངས་སུ་འདུ་བ་ཡིན་

པས་ན། དེ་ལ་ཐམས་ཅད་མ་ཡིན་པ་ཉིད་མ་གྲུབ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་འཇིག་རྟེན་ལ་གྲགས་པའི་ཐམས་ཅད་ཉིད་ཡིན་པར་འགྱུར་ན་ནི། ཐམས་ཅད་ཀྱི་ཁོངས་སུ་འདུས་པ་ཉིད་ཀྱི་ཕྱིར། དེ་ཐམས་ཅད་ཉིད་མ་ཡིན་པ་མ་གྲུབ་པར་འགྱུར་ན། གང་གི་ཚེ་གང་

ཞིག་ལ་གྲགས་པའི་ཐམས་ཅད་ཉིད་ཡིན་པ་དེའི་ཚེ། འདི་རྣམ་གྲངས་ཉིད་ཡིན་ན། སྒྲ་ལ་སྒྲ་ཉིད་ཡོད་པ་མ་ཡིན་པ་དེ་ལྟ་ན་ཇི་ལྟར་མ་གྲུབ་པ་ཡིན་ཞེ་ན། བཤད་པ་མ་གྲུབ་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་བྱ་ཤེས་བྱེད་ཐ་དད་ཕྱིར། །བསྒྲུབ་པར་བྱ་བ་ཡང་གཞན་ཡིན་ཞིང་

เล่ม ๑๗๕ · หน้า 305a

སྒྲུབ་པར་བྱེད་པ་གཞན་ཡིན་ནོ། །སྒྲ་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ཡང་རང་གི་སྒྲུབ་པར་བྱེད་པ་ལ་ཤེས་པར་བྱེད་པ་ཉིད་དུ་མ་གྲུབ་པ་ཡིན་ཏེ། ཤེས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ཅན་ཤེས་པར་བྱེད་པར་མ་གྲུབ་པ་ཡིན་ནོ། །ཅི་འདྲ་བར་

གྱུར་པ་མ་གྲུབ་ཅེ་ན། གཏན་ཚིགས་ལྡན་པ་དེ། གཏན་ཚིགས་ཉིད་དུ་བརྗོད་པས་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་ན། གཏན་ཚིགས་ལྡན་པའི་ཆོས་ཅན་ནི། །ཤེས་བྱེད་མ་གྲུབ་ཕྱིར། སྒྲ་བསྒྲུབ་པར་བྱ་བའི་ཆོས་ཅན་རང་ཉིད་སྒྲུབ་བྱེད་ལ་ཏེ། བདག་ཉིད་བསྒྲུབ་པར་

བྱ་བའི་ཕྱིར་བརྗོད་པ་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་གྲུབ་མིན་ཏེ། སྒྲའི་ངོ་བོ་ཉིད་དུ་གྲུབ་ཏུ་ཟིན་ཀྱང་། བདག་ཉིད་ལ་གཏན་ཚིགས་ཀྱི་ངོ་བོར་མ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དངོས་པོ་ཐམས་ཅད་ལ། །ཆོས་དང་ཆོས་ཅན་འབྱེད་མི་འགྲུབ་པའི་

རྒྱུའི་ཕྱིར། ཐམས་ཅད་ལ་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ལ་ཡོད་པ་ཅན་གྱི་མ་གྲུབ་པ་ཉིད་ཀྱི་སྐྱོན་མཚུངས་པར་འགྱུར་རོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདིར་ལྡོག་པས་ཁྱད་ཡོད་ཕྱིར་རོ། །འདི་ཇི་ལྟར་ལྡོག་པས་བྱས་པའི་ཐ་དད་པ་ལ་བརྟེན་ནས་

བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་བྱེ་བྲག་ཡོད་པ་ཡིན་ནོ་ཞེས་བསྟན་ཏོ། །ཇི་ལྟར་ཐམས་ཅད་ལས་ལྡོག་པའི་དངོས་པོ་གཅིག་གང་དང་གང་ལས་ཐ་དད་པ་དེ་དང་དེ་ལ་ལྟོས་ནས་ཆོས་སུ་རྣམ་པར་གཞག་པར་འགྱུར་རོ། །འོན་ཀྱང་། དོན་དམ་པར་ནི་དཔྱད་པར་བྱ་སྟེ།

སྐབས་སུ་དངོས་པོར་གྱུར་པའི་ཆོས་གཞན་གྲུབ་པ་མ་ཡིན་ཏེ། དེ་ལྟ་བུར་གྱུར་མ་གྲུབ་ཕྱིར། །ཀུན་རྫོབ་པ་ཡི་དངོས་རྣམས་ལ། །དེ་ཉིད་གཞན་ཉིད་འགོག་པར་འགྱུར། །དེ་དག་ནི་དངོས་པོ་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན་ཇི་ལྟར་རྗེས་སུ་དཔག་པར་བྱ་བ་དང་

དཔོག་པར་བྱེད་པའི་ཐ་སྙད་རྣམ་པར་གཞག་པ་ཡིན་ཞེ་ན། བཤད་པ། དཔག་བྱ་དཔོག་བྱེད་དག་གི་དོན། །ཐ་སྙད་གནས་པ་འདི་ཡི་ནི། །ཐ་དད་ལ་བརྟེན་ནས་རྣམ་པར་བརྟགས་པ་ཡིན། ལྡོག་པ་ལ་བརྟེན་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་པ་ཅི་འདྲ་བ་ཞིག་ཅེ་ན། ཤེས་པ་

เล่ม ๑๗๕ · หน้า 305b

ལ་གྲུབ་སྟེ། ལྡོག་པ་ལ་བརྟེན་པའི་ཕྱིར། ཤེས་པ་ལ་གྲུབ་པའི་ཐ་དད་པ་གང་ཡིན་པ་དེ་ལ་བརྟེན་ནས་སོ། །སྒྲ་ཞེས་བརྗོད་པ་དང་བྱས་པ་ཉིད་ཅེས་བརྗོད་པ་ན་ཤེས་པ་ཐ་དད་པར་འགྱུར་གྱི། དངོས་སུ་ཐ་དད་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་ལྡོག་པ་ལ་བརྟེན་པ་ལས་དེ་མཐར་

ཕྱིན་པའི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ཆོས་དང་ཆོས་ཅན་ལ་ཐ་དད་པ་བསྟན་པ་ཅན་དུ་འགྱུར་རོ། །བདག་ཉིད་ཐ་དད་མཐར་ཐུག་པའི། །ཤེས་དེ་དག་ལ་ཐ་དད་པར། །ཆོས་དང་ཆོས་ཅན་སྣང་འགྱུར་བ། །ཐ་སྙད་དེ་ཡི་རྟེན་ཅན་ཡིན། ཇི་ལྟར་སྣང་བ་བཞིན་གྱི་ཆོས་ཅན་ལ་བརྟེན་ནས་བསྒྲུབ་

པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཐ་སྙད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དོན་ལ་མི་སླུ་བ་ནི་འབྲེལ་པ་ལས་ཡིན་ནོ་ཞེས་བཤད་ཟིན་ཏོ། །འདིར་ནི་ལྡོག་པས་བྱས་པའི་ཐ་དད་པ་ཡང་ཡོད་པ་མ་ཡིན་ན། གང་གིས་ནི་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་པར་མི་འགྱུར།

དེ་ལྟར་ན་འདིར་ནི་ཐ་སྙད་ཐོབ་པ། ཐ་སྙད་ཀྱི་ཐོབ་པའི་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་སྒྲ་ནི་རྟག་པ་ཡིན་ཏེ། ཐམས་ཅད་མི་རྟག་པ་ཉིད་ཡིན་ནོ་ཞེས་བྱ་བ་འདིར་བསྒྲུབ་བྱ་སྒྲུབ་བྱེད་ཉིད་ཐོབ་པ་ཡིན་ནོ། །བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཉིད་ཐོབ་པ་ཅི་འདྲ་བ་ཞིག་ཅེ་ན། ཐ་དད་བློ་ནི་འདྲེས་

མེད་ཅན། གང་སྒྲ་ཐ་དད་པའི་བློ་འདྲེས་པ་མེད་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །བསྒྲུབ་པར་བྱ་བ་ཉིད་ཐོབ་པའི་རྣམ་པ་ལས་ཐ་དད་པའི་ངོ་བོར་ཤེས་པ་གཞན་ལ་འཇུག་པ་མེད་པ་ནི་ཐ་དད་པའི་བློ་དང་འདྲེས་པ་མེད་པ་ཅན་ཞེས་བྱ་བའི་དོན་ཏེ། སོ་སོར་རྣམ་པར་གཅོད་པ་མེད་པའི་ཕྱིར་

རོ། །གང་གི་ཕྱིར་ཤེས་པས་གྲུབ་པའི་ཡང་ཐ་དད་པ་མེད་པ་དེས་ནི་མ་གྲུབ་པ་སྟེ། སྒྲ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་བསྟན་པ་ཡིན་ནོ། །དེ་དེ་ལྟར་གནས་པ་ལས་གཞན་གྱིས་དཔེར་ན་འདུས་པ་དག་ནི་གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་པ་ཉིད་ཡིན་པའི་ཕྱིར་རམ།

འདུས་བྱས་པ་ནི་མི་རྟག་པ་ཡིན་ཏེ། འདུས་བྱས་ཉིད་ཡིན་པའི་ཕྱིར་རོ་ཞེས་དམ་བཅས་པའི་དོན་གྱི་ཕྱོགས་གཏན་ཚིགས་སུ་མཐོང་བ་མ་ཡིན་ནམ། དེ་ལྟར་མ་ངེས་པའི་དོན་ཡིན་པར་སེམས་སོ། །སྐྱོན་དེ་ཡོད་པ་མ་ཡིན་ནོ། །འདུས་མ་བྱས་ཐམས་ཅད་དམ། འདུས་བྱས་ཐམས་ཅད་

เล่ม ๑๗๕ · หน้า 306a

ནི་དམ་བཅའི་དོན་མ་ཡིན་ནོ། །འོན་ཀྱང་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ཞིང་སྤྱི་གཏན་ཚིགས་ཡིན་པ་དེ་ན་ལྡོག་པས་བྱས་པའི་ཐ་དད་པ་ལས་ཇི་སྐད་དུ་བཤད་པའི་སྐྱོན་དང་རྗེས་སུ་འབྲེལ་པ་མ་ཡིན་ནོ། །ལན་འདིའི་ཁྱད་པར་སྤྱི་དག་ཅེས་བྱ་བ་ལ་སོགས་པས་གཞུང་

འཛུགས་པར་བྱེད་དོ། །ཤེས་པ་ཐ་དད་པ་མེད་པའི་ཡུལ་བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲུབ་པར་བྱེད་པ་ཉིད་དུ་ཁས་བླངས་པའི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་ཞིང་། དེ་ཡང་འདི་ལ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ཞིང་སྤྱི་སྒྲུབ་པར་བྱེད་པ་

ཡིན་པ་དེ་ལྟར་ན། ཁྱད་པར་སྤྱི་དག་སྟེ་གཉིས་པོ་ཐ་དད་དེ། ལྡོག་པས་བྱས་པའི་ཐ་དད་པ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཁྱད་པར་སྤྱི་དག་ཐ་དད་པའི་རྟགས་ཅན་ཡིན། ཇི་ལྟར་ཡིན་ཞེ་ན། དཔེར་ན། སྒྲ་ནི་རྩོལ་བྱུང་མི་རྟག་ཡིན། །ཞེས་བྱ་བ་ཁྱད་པར་བསྒྲུབ་པར་བྱ་བ་ལ་ཡིན་ཞིང་།

རྩོལ་བས་བསླད་པའི་ཕྱིར། སྤྱིའི་ཆོས་གཏན་ཚིགས་སུ་གྱུར་པའི་ཕྱིར་རོ། །དེ་ལྟར་བརྩལ་མ་ཐག་ཏུ་བྱུང་བའི་སྒྲ་ནི་སྒྲ་ཡིན་པས་བུམ་པ་ལ་སོགས་པ་སེལ་བར་བྱེད་ཀྱི། བརྩལ་མ་ཐག་ཏུ་བྱུང་བའི་སྒྲ་ཞེས་བྱ་བ་མ་ཡིན་ཏེ། ལྡོག་པས་བྱས་པའི་ཐ་དད་པ་ལས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་

བྱེད་པ་ཐ་དད་པ་ཡིན་ནོ། །བརྩལ་མ་ཐག་ཏུ་བྱུང་བ་ཉིད་བསྒྲུབ་པར་བྱ་བའི་ཆོས་ཅན་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མ་ཡིན་ཏེ། འདི་ལྟར་ཕྱོགས་ཡན་ལག་ན། ཕྱོགས་ཀྱི་ཆོས་ཀྱི་ཁྱད་པར་ཉིད་ནའང་བརྩལ་མ་

ཐག་ཏུ་བྱུང་བ་ཉིད་ཀྱིས་གནོད་མེད་ཕྱིར། འགལ་བ་མེད་པའི་ཕྱིར་ན། ཆོས་ཅན་ཐ་དད་མ་གྲུབ་མིན། །བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲ་ལས་ཐ་དད་པ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། དཔེར་ན་ཤེས་པ་མི་གསལ་བ་ཡིན་ན། གོང་བུ་མང་པོ་དག་ཉེ་བ་ན། ཅི་རྟ་ཡིན་ནམ་མ་ཡིན་ཞེས་ཐེ་

ཚོམ་དུ་གྱུར་པ་ན། རྭ་ཅན་ཉིད་ཡིན་ཕྱིར། གོང་བུ་རྭ་ཅན་དེ་རྟ་མིན། །ཞེས་བརྗོད་པ་ལྟ་བུའོ། །དེ་ལ་འདིར་གོང་བུ་ཕྱོགས་སུ་བྱས་པ་ནི་རྭ་ཅན་ཉིད་ནི་བསྒྲུབ་པར་བྱ་བའི་ནང་དུ་འདུས་པ་ལ་ལྟོས་པ་མ་ཡིན་ཏེ། གལ་ཏེ་གོང་བུ་རྭ་ཅན་ཉིད་ཀྱིས་ཁྱད་པར་དང་ཁྱད་པར་གྱི་གཞིར་འགྱུར་ན་ཡང་

เล่ม ๑๗๕ · หน้า 306b

བསྒྲུབ་པར་བྱ་བར་འགྱུར་རོ་ཞེས་བྱ་བའི་ངེས་པ་མེད་པར་འགྱུར་རོ། །དེ་བས་ན་འདིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ཐ་དད་པའི་ཕྱིར་མ་གྲུབ་པ་མ་ཡིན་ནོ། །ཡང་ན་བསྒྲུབ་པར་བྱ་བའི་དུས་ན་ཡན་ལག་མིན། བསྒྲུབ་པར་བྱ་བའི་དུས་ཉིད་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཁྱད་པར་

མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་རྟོགས་ནས་ནི་ལྡོག་ཕྱིར་རོ། །ཡི་གེ་དང་ཚིག་དང་ངག་གི་ངོ་བོ་ཅན་གྱི་སྒྲ་རྟོགས་ནས་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ལྡོག་པར་འགྱུར་རོ། །ལྡོག་པ་དེ་ལས་རང་གི་ངོ་བོར་རྟོགས་པ་བསྒྲུབ་པར་བྱ་བ་ཉིད་ཐོབ་པ་མ་ཡིན་པ་དེ་ལྟར་ན་སྒྲུབ་པར་བྱེད་པའི་དུས་ན་ཁྱད་

པར་ཡོད་པ་མ་ཡིན་པའི་ཕྱིར་མ་གྲུབ་པ་ཡིན་ནོ། །སྒྲ་གཅིག་ལ་སྒྲ་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་ན། འདིར་མཉན་པར་བྱ་བ་དང་འདྲ་བར་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་བས་ན། དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིའོ། །ཁྱད་པར་དམ་བཅའི་

དོན་དུ་ཡང་། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱད་པར་ཏེ་མཉན་པར་བྱ་བ་ཡང་དམ་བཅའ་བའི་དོན་ཡིན་པར་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། ཆོས་ཐ་དད་ཕྱིར་རོ། །དེ་ལྟར་ན་སྒྲས་སྒྲ་མ་ཡིན་པ་

རྣམ་པར་གཅོད་ཅིང་། མཉན་པར་བྱ་བའི་སྒྲས་ཀྱང་རྣ་བའི་དབང་པོའི་ཡུལ་མ་ཡིན་པ་རྣམ་པར་གཅོད་པ་དེ་ཡིན་པ་དེ་ལྟར་ན། སྒྲ་ལ་མཉན་པར་བྱ་བའི་ཆོས་ཡོད་པ་ཡིན་པའི་ཕྱིར། དེ་ཐུན་མོང་མ་ཡིན་པར་འགྱུར་རོ། །འདི་ནི་སྒྲ་སྒྲའི་གཏན་ཚིགས་བརྗོད་པ་ཅན་དང་ཆོས་

ཅན་བརྗོད་པ་ཅན་རྣམ་པར་གཅོད་པ་མཚུངས་པ་ཡིན་པ་དེ་ལྟར་ན། སྒྲ་ལ་གཞན་སྒྲ་ཉིད་ཀྱི་ཆོས་འདི་ལ་ཡོད་པ་མ་ཡིན་གྱི། འོན་ཀྱང་བསྒྲུབ་པར་བྱ་བ་དེ་ཉིད་དུ་སྒྲུབ་པར་བྱེད་པ་དེ་ཐོབ་པ་སྟེ། སྒྲུབ་པར་བྱེད་པ་ཉིད་དུ་ཁས་ལེན་པ་ལྟར་ན་མ་གྲུབ་པ་ཉིད་ཡིན་ནོ། །ཕྱོགས་ཆོས་མཐུན་

ཕྱོགས་ཡོད་མེད་གཉིས། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པས་ཕྱོགས་ཀྱི་ཆོས་རྣམ་པ་དགུར་དབྱེ་བའི་དགོས་པ། ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡིས། །ཞེས་བྱ་

เล่ม ๑๗๕ · หน้า 307a

བ་ལ་སོགས་པས་སྟོན་པར་བྱེད་དོ། །ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡིས། །གཏན་ཚིགས་ཀྱི་རབ་ཏུ་དབྱེ་བས་དོན་ཐམས་ཅད། བདེ་བར་བཟུང་བར་གྲུབ་པའི་ཕྱིར། །གཏན་ཚིགས་དག་གི་སྐབས་ཀྱི་དོན། །མདོར་བསྡུས་པ་ནི་བརྗོད་པ་ཡིན། །ཕྱོགས་ཆོས་ཞེས་བྱ་བ་ལ་སོགས་པ་

ནི་དག་ནི་དོན་ཡིན་ནོ། །གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན། ཕྱོགས་ཀྱི་ཁྱད་པར་ལ་ལྟོས་པ་དཔེ་ལ་གཏན་ཚིགས་མི་འཇུག་པའི་ཕྱིར། མཐུན་ཕྱོགས་ཡོད་ཅེས་བྱ་བ་ལ་སོགས་པ་མི་རུང་ངོ་། །ཅི་སྟེ་ཁྱད་པར་དུ་གྱུར་པ་ཉིད་མ་ཡིན་པ་དེའི་ཚེ། ཕྱོགས་ཀྱི་ཆོས་ཉིད་མ་ཡིན་ནོ་ཞེ་ན།

མ་ཡིན་ཏེ། མི་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །རེ་ཞིག །ཆོས་ཚིག་ཕྲད་ཐ་དད་བྱེད་པས། །མི་ལྡན་པ་དེ་མ་འབྲེལ་པའོ། །གཞན་དང་ལྡན་པ་དག །ཤིན་ཏུ་མ་འབྲེལ་རྣམ་གཅོད་བྱེད། །རྣམ་པར་གཅོད་པར་བྱེད་པར་འགྱུར་རོ། །རྣམ་པ་གང་གིས་ཤེ་

ན། ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཚིག་གི་ཕྲད་ཁྱད་པར་དང་ལྷན་ཅིག་བརྗོད་པར་འགྱུར་བ་དེའི་ཚེ་མི་ལྡན་པ་དང་། ཁྱད་པར་གཞི་དང་ལྷན་ཅིག་བརྗོད་པ་ན་གཞན་དང་ལྡན་པ་དང་། བྱ་བ་དག་དང་ལྷན་ཅིག་བརྗོད་པ་ན། ཤིན་ཏུ་མི་སྲིད་པ་རྣམ་པར་

གཅོད་པར་བྱེད་དོ། །འོ་ན་གང་ལ་ཚིག་གི་ཕྲད་དེ་མ་ཐོབ་པ་དེ་ལ་ཇི་ལྟར་འགྱུར་ཞེ་ན། དེ་ལའང་ཚིག་གི་ཕྲད་སྒྲའི་ངོ་བོ་ཉིད་དུ་སྦྱར་བ་མེད་ན་འང་བརྗོད་འདོད་ལས་འཆད་པ་པོའི་སྐབས་ལས་འོངས་པའི་བརྗོད་པར་འདོད་པའི་དབང་གིས་དོན་འདི་ཉིད་ནི་རྣམ་པར་གཅོད་པ་

རྣམ་པ་གསུམ་ཤེས་པར་འགྱུར་རོ། །ཅིའི་ཕྱིར་སྒྲ་སྦྱར་བ་མེད་པ་ལ་རྣམ་པར་གཅོད་པའི་ངེས་པ་འདི་ཡིན་ནོ་ཞེ་ན། དེ་ལྟར་གདོན་མི་ཟ་བར་ཡིན་ཏེ། གང་ཕྱིར་ངག་འབྲས་རྣམ་གཅོད་ཡིན། །གཞན་ལ་བསྟན་པར་བྱ་བའི་ཕྱིར་རབ་ཏུ་སྦྱར་བ་འདིས་གདོན་མི་ཟ་བར་མི་ལྡན་པ་ལ་སོགས་པ་

འགའ་ཞིག་རྣམ་པར་གཅོད་པར་བྱ་བ་ཡིན་ནོ་དེ་ལྟར་མ་ཡིན་ན་འཆད་པ་པོ་དེའི་བརྗོད་པ་འབྲས་བུ་མེད་པར་འགྱུར་བ་དང་། རྟོགས་པ་པོས་རྟོགས་པ་མེད་པར་འགྱུར་རོ། །མི་ལྡན་པ་རྣམ་པར་གཅོད་པ་ལ་སོགས་པའི་དཔེ་དག་ནི་གོ་རིམས་བཞིན་དུ་སྟོན་པར་བྱེད་དོ། །དཔེར་ན་ནག་པ་

เล่ม ๑๗๕ · หน้า 307b

འཕོང་སྐྱེན་ཉིད། གཞན་ལ་དེ་བཀག་པ་མེད་པ་ཉིད་ཡིན་ནོ། །གཞན་དང་ལྡན་པ་ལ་ནི་སྲིད་སྒྲུབ་འཕོང་སྐྱེན་པ་ཉིད་ཐོབ་པ་དེ་ལྟར་ན་གཞན་དང་འབྲེལ་པ་ལྡོག་པར་འགྱུར་ཏེ། སིད་སྒྲུབ་ཁོ་ན་འཕོང་སྐྱེན་པའམ་ཞེས་བྱ་བ་ལྟ་བུའོ། །ཤིན་ཏུ་མི་སྲིད་པ་ནི། སྔོན་པོ་མཚོ་སྐྱེས་འགྱུར་ཉིད་

བཞིན། །མི་སྲིད་རྣམ་པར་གཅོད་པ་བཞིན། །དེ་ལའང་ཟླ་བོ་རྣམ་གཅོད་པ། །དོན་རྣམས་ལ་ནི། རྣམ་པར་གཅོད་པར་བྱེད་པ་ན། །རྟོགས་པར་འགྱུར། རྟོགས་པར་བྱ་བ་གཞན་ནི་མ་ཡིན་ནོ། །དཔེར་ན་ལྷ་སྦྱིན་དཔའ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཟླ་བོ་མི་དཔའ་བ་ཉིད་རྣམ་པར་

གཅོད་པ་ན་མི་ལ་སོགས་པ་རྣམ་པར་གཅོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་གྲགས་ཕྱིར་རོ། །འཇིག་རྟེན་ན་འདི་སྐད་དུ། འདོད་པས་དམིགས་པའི་ཟླ་བོ་གང་ཡིན་པ་དེ་ཉིད་རྣམ་པར་གཅོད་པ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་གྲགས་པ་ཡིན་ནོ། །ཆོས་གཞན་རྣམ་པར་གཅོད་པ་

ལ་བློ་འགྱུར་བ་ནི་བླ་སྟེ། དེ་ལྟར་ཡང་ཚིག་ཕྲད་དེ་ཟླ་བོ་རྣམ་པར་གཅོད་པ་ལ་ནུས་པ་ཡོད་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་སྒྲ་ནི་བརྗོད་པར་འདོད་པའི་རྗེས་སུ་བྱེད་པ་ཅན་ཡིན་གྱི། རང་དབང་ཅན་མ་ཡིན་པ་དེ་ལྟར་ན། བརྗོད་པར་འདོད་པའི་དབང་གིས་རྣམ་པར་གཅོད་པ་ཅན་ཡིན་ནོ། །དེ་ཡང་

ཉན་པ་པོ་འདོད་པའི་རྗེས་སུ་བྱེད་པར་འགྱུར་རོ། །འདོད་པས་ཀྱང་ཟླ་བོ་ཕྱོགས་རྣམ་པ་གཉིས་སུ་འཇོག་པར་བྱེད་པ་དེ་ལྟར་ན། སྒྲ་བརྗོད་འདོད་རྗེས་འཇུག་ཕྱིར་རོ། །རྒྱུའི་ཕྱིར་ཡང་ཟླ་བོ་རྣམ་པར་གཅོད་པ་ཉིད་ཡིན་ནོ། །གང་གི་ཕྱིར་མི་ལྡན་པ་རྣམ་པར་གཅོད་པ་ཡོད་ན་ཡང་གདོན་མི་ཟ་

བར་ཐམས་ཅད་ལ་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཉིད་མ་ཡིན་པ་དེ་ལྟར་ན་བྱས་པ་ཉིད་ལ་སོགས་པའི་ཆོས་དེས་མི་ལྡན་པ་ནི་དེ་དང་མི་ལྡན་པའོ། །དེ་རྣམ་པར་གཅོད་ཕྱིར། ཕྱོགས་ཆོས་ཅན་ཆོས་དེ་བྱས་པ་ཉིད་ལ་སོགས་པ་ཁྱད་པར་ཡིན་གྱི། གཞན་དང་ལྡན་པ་རྣམ་པར་

གཅོད་པས་ནི་མ་ཡིན་ནོ། །དེ་ཡིས་ཁྱད་པར་བྱས་པའི་ཆོས། །ཆོས་ཅན་གྱིས་ཁྱད་པར་དུ་བྱས་པ་ཉིད་ལ་སོགས་པ། རྗེས་འགྲོ་མེད་པའི་སྐྱོན་མི་རྟེན་ཏོ། །རང་བཞིན་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ཕྱོགས་ཀྱི་ཆོས་རྣམ་པ་དགུའི་དགོས་པ་བསྟན་ཏོ། །རང་བཞིན་འབྲས་བུ་གྲུབ་

เล่ม ๑๗๕ · หน้า 308a

དོན་དུ། གཉིས་དང་གཏན་ཚིགས་བཟློག་པ་གཉིས། རང་བཞིན་དང་འབྲས་བུ་དག་ནི་རང་གི་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཉིད་ཡིན་ནོ། །དེ་དག་ཉིད་ནི་བསྒྲུབ་པར་བྱ་བ་བཟློག་པ་འགལ་བ་དག་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་

ཆོས་རྣམ་པ་བཞི་བསྟན་ཏོ། །སྒྲ་ནི་མི་རྟག་སྟེ། བྱས་པ་ཉིད་ཀྱི་ཕྱིར་དང་། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གཉིས་སོ། །དེ་དག་ཉིད་ནི་སྒྲ་ནི་རྟག་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ་འགལ་བ་དག་ཡིན་ནོ་ཞེས་བསྟན་པར་བྱ་བའི་དོན་དུ་གཞན་གཉིས་ཡིན་ནོ། །རྩོད་ཕྱིར་

ཐ་དད་སྤྱི་དག་དང་། ལྡོག་པ་ཅན་དང་རྗེས་སུ་འགྲོ་བ་ཅན་གྱི་གཏན་ཚིགས་ནི་གོ་བར་བྱེད་པ་མ་ཡིན་ནོ་ཞེས་དགག་པར་འདོད་པས། ཕྱོགས་ཀྱི་ཆོས་གཞན་གཉིས་བསྟན་ཏེ། དཔེར་ན་མཉན་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང་། གཞལ་བྱ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །

ལྷག་མ་ལྡོག་པའི་སྒྲུབ་བྱེད་ཡིན། གཏན་ཚིགས་ཀྱི་ལྡོག་པ་གཙོ་བོར་གྱུར་པ་བསྒྲུབ་པའི་ཕྱིར། །ཕྱོགས་ཀྱི་ཆོས་གསུམ་བསྟན་ཏེ། སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་འདིའི་མཐུན་པའི་ཕྱོགས་ནི། གློག་ལ་སོགས་པ་ཡིན་ནོ། །དེ་

ལ་མི་རྟག་པ་ཉིད་ཡོད་པ་དེ་བས་ན། རྟོགས་པར་འགྱུར་ན། འགྱུར་བ་མ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་ཡོད་པ་དག་གིས་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །ཅི་སྟེ་ལྡོག་པ་མེད་པ་ཅན་གྱི་རྗེས་སུ་འགྲོ་བ་འབའ་ཞིག་ལས་རྟོག་པར་མི་འདོད་ན། འོ་ན་འདིར་འགྱུར་ཏེ། དཔེར་ན་སྒྲ་

རྟག་སྟེ། རིག་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་དང་དེ་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་ལ་ཡང་ཡོད་ཅིང་མི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ལ་ཡང་མེད་པ་ཉིད་དོ། །ཅི་སྟེ་འདི་ལ་ཡང་རྟོགས་པ་ཡོད་པ་མ་ཡིན་ཏེ། མཐུན་པའི་ཕྱོགས་ཐམས་ཅད་ལ་མེད་པས་

རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་པའི་ཕྱིར་རོ། །འདི་ལ་རྗེས་སུ་འགྲོ་བ་སྟོབས་དང་ལྡན་པ་ཡིན་ཏེ། དཔེར་ན་སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་བ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདི་ནི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ཐམས་ཅད་ལ་ཡོད་ཅིང་མི་མཐུན་པའི་

เล่ม ๑๗๕ · หน้า 308b

ཕྱོགས་ནམ་མཁའ་ལ་སོགས་པ་འགའ་ཞིག་ལ་མེད་པ་དེ་ལྟར་ན། རྟོགས་པར་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །དེ་བས་ན་རྗེས་སུ་འགྲོ་བ་ཡོད་པ་ཙམ་གྱིས་ཀྱང་མ་ཡིན་ཞིང་། ལྡོག་པ་དང་བཅས་པས་ཀྱང་མ་ཡིན་ལ། རྗེས་སུ་འགྲོ་བ་གཙོ་བོས་ཀྱང་རྟོགས་པ་མ་ཡིན་ནོ། །

འོན་ཀྱང་ཐམས་ཅད་ལས་ལྡོག་པར་ངེས་པར་བྱེད་པའི་གཏན་ཚིགས་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱོགས་ཀྱི་ཆོས་གསུམ་པོ་དེ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་བྱས་པ་ཉིད་ཀྱང་རང་བཞིན་གྱི་གཏན་ཚིགས་ཡིན་ཞེ་ན། འདི་ལྟར་གང་གི་ཕྱིར་འདིའི་མཐུན་པའི་ཕྱོགས་

ཐམས་ཅད་ལ་ཡོད་པ་ཉིད་ཡིན་པར་གསུངས་པ་ཡིན་ནོ། །དེ་ལས་ཀྱང་ཅིའི་ཕྱིར་རང་བཞིན་ཡིན་ཞེ་ན། འདི་ལྟར། རང་བཞིན་ཉིད་ལས་གཞན་གྱིས་ནི། །རྟགས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཀྱི་མཐུན་པའི་ཕྱོགས་ལ་ཁྱབ་པ་མེད་དོ། །ཅིའི་ཕྱིར་ཞེ་ན། རྒྱུ་ནི་འཁྲུལ་

པ་སྲིད་ཕྱིར་རོ། །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ལ་ཉེ་བར་སྦྱར་བའི་རྒྱུ་ནི་འབྲས་བུ་ལ་འཁྲུལ་པར་འགྱུར་རོ། །དེའི་ཕྱིར། རྒྱུའི་ཕྱིར་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་དངོས་པོ་མི་རྟག་པ་ཉིད་ནི་འབྲས་བུ་

བརྩལ་མ་ཐག་ཏུ་བྱུང་བའི་ངང་ཚུལ་ཅན་གྱི་ཤེས་པའི་རྒྱུ་ཡིན་ནོ། །མི་རྟག་པ་ཉིད་ཅེས་བྱ་བ་ཐམས་ཅད་འབྲས་བུ་བརྩལ་མ་ཐག་ཏུ་བྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་སྐྱེད་པ་མ་ཡིན་ནོ། །དེ་བས་ན་མཐུན་པའི་ཕྱོགས་ལ་འབྲས་བུ་རྣམ་པ་གཉིས་སུ་འཇུག་པར་འགྱུར་རོ། །མཐུན་པའི་ཕྱོགས་

ཐམས་ཅད་ལ་ཡོད་པར་འགྱུར་བ་གང་ཡིན་པ་དེ་ནི་རང་བཞིན་ཉིད་ཡིན་ནོ། །བརྩལ་མ་ཐག་ཏུ་བྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་མི་རྟག་པའི་འབྲས་བུ་ཡིན་ནོ་ཞེས་ཇི་ལྟར་ཤེས་པར་འགྱུར་ཞེ་ན། འདི་ལྟར། རྩོལ་བ་ལས་སྔར་ཡོད་པ་ནི། །སྒྲ་ངེས་པ་ཡིས། བརྩལ་མ་ཐག་བྱུང་

ཤེས་མ་ཡིན་ཏེ། མི་རུང་ངོ་། །ཐམས་ཅད་ཀྱི་ཚེ་དམིགས་པར་འགྱུར་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། སྒྲིབ་བྱེད་དབང་པོ་སྒྲ་དེ་ལ། །དམིགས་པ་ལ་སྒྲིབ་པར་བྱེད་པ་དང་། དབང་པོ་དང་སྒྲ་རྣམས་ལ་རྩོལ། །རྣམ་ཀུན་ཉེར་

เล่ม ๑๗๕ · หน้า 309a

སྦྱོར་མེད་ཕྱིར་རོ། །ཅུང་ཞིག་ཀྱང་མི་བྱེད་པའི་ཕྱིར་རོ། །གོང་དུ་ཇི་སྐད་བཤད་ཟིན་པ་ལྟ་བུའོ། །དེ་ལྟར་ན་སྒྲ་ལྟོས་པ་མེད་པར་རྟག་ཏུ་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལྟོས་པ་མེད་པའི་སྒྲ་འགའ་ཞིག་ཚེ། འབྲས་མི་བྱེད་པ་འགལ་

ཕྱིར་རོ། །འབྲས་བུ་མི་བྱེད་པ་འགལ་བར་འགྱུར་རོ། །དེ་བས་ན་ཤེས་པ་དེའི་སྒྲའི། རེས་འགའ་བའི་འབྲས་བུར་གྲུབ། བརྩལ་མ་ཐག་ཏུ་བྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ། དེ་དེ་འདྲ་བ་སྒྲ་རེས་འགའ་བའི་རྟགས་ཡིན་ནོ། །དེ་ཙམ་ཉིད་ཀྱིས་གྲུབ་ན་ཡང་། བརྩལ་མ་ཐག་ཏུ་བྱུང་བ་

ཉིད་ཀྱི་ཕྱིར་ཞེས་བྱ་བ་ཐུན་མོང་དུ་བསྟན་པའི་དཔེ་འདི་ཉིད་ཀྱི་རང་བཞིན་གྱི་གཏན་ཚིགས་རབ་ཏུ་གྲུབ་པ་ཉིད་དུ་འགྱུར་རོ། །དེ་ལྟ་ན་ཡང་རང་བཞིན་བྱས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པས་ཐ་དད་བྱས་པ་ཡིན། གང་ཡིན་པ་དེ་ནི་ཐ་དད་དོན་ཅན་ཡིན་ཏེ། དཔེར་ན་འབྲས་དང་ལྷན་ཅིག་རང་

བཞིན་ཡང་བཤད་པ་ན། སྒྲུབ་པ་པོས་ཐམས་ཅད་དེ་ལྟར་ཤེས་མ་གྱུར། རང་བཞིན་གྱི་གཏན་ཚིགས་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་པའི་རང་བཞིན་གྱི་རྟགས་དང་འབྲས་བུའི་རྟགས་ཡིན་ནོ། །གཞན་ཡང་སྒྲུབ་པ་པོས་གཏན་ཚིགས་བརྗོད་མཁས་དོན་དུ་བྱས་པ་ཡིན་ནོ། །ཅི་འདྲ་བ་

ཞིག་ཅེ་ན། རྗེས་སུ་དཔག་པར་བཤད་ཟིན་ཏོ། །རང་གི་དོན་གྱི་རྗེས་སུ་དཔག་པར་གཏན་ཚིགས་ཀྱི་དོན་བཤད་ཟིན་པ་ཡིན་ཡང་ཡང་བྱས་པ་གང་ཡིན་པ་དེ་ནི། མཁས་པའི་དོན་དུ་བྱས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན། མཁས་པའི་དོན་དུ་གཏན་ཚིགས་ཀྱི། །རབ་དབྱེ་ཙམ་ནི་

བཤད་པ་ན། །མཚན་ཉིད་ཐ་དད་པར་མི་འགྱུར། །རང་གི་དོན་གྱི་རྗེས་སུ་དཔག་པར་གཉིས་པོ་གང་ཡིན་པ་དེ་ཉིད་ཐུན་མོང་དུ་བསྟན་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །དེས་འདིར་འབྲས་བུའི་རྟགས་ཀྱིས་ནི། དཔེར་ན་རང་བཞིན་གྱི་རྟགས་ཀྱི་ཆོས་རྟེན་པ་ཡིན་ནོ། །རང་བཞིན་ཉིད་ཀྱང་ཕྱོགས་

གཅིག་རྟེན་པ་བཤད་པར་འགྱུར་ཏེ། དཔེར་ན་རང་བཞིན་གྱི་གཏན་ཚིགས་ཀྱང་ཕྱོགས་གཅིག་ལ་འཇུག་པ་ཅན་ཡིན་ནོ་ཞེས་བསྟན་པར་འགྱུར་བ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས། དཔེ་འདི་འདྲ་བར་བྱས་པ་ཡིན། །གང་གི་ཞེ་ན། རྩོལ་བས་གསལ་དང་སྐྱེ་བའི།

เล่ม ๑๗๕ · หน้า 309b

བརྩལ་མ་ཐག་ཏུ་བྱུང་བས་འབྲས་བུར་གྱུར་པ་དམིགས་པ་དང་། བརྩལ་མ་ཐག་ཏུ་བྱུང་བ་རང་བཞིན་དུ་གྱུར་པའིའོ། །དེ་ལྟར་ནི་འགྱུར་མོད་ཀྱི། འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ལ། འདི་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ་ཞེས་ཐ་དད་པར་བསྟན་པ་ལ་དགོས་པ་ཅི་

ཞིག་ཡོད་ཅེ་ན། དགོས་པ་ཡོད་པ་ཡིན་ནོ། །དེ་ལྟར་ན་རྟགས་ཅན་ལ། མེད་ན་མི་འབྱུང་གང་ཡོད་དང་། །རྟགས་སོ། །བདག་དང་ཐ་དད་མེད་པ་གང་། །བདག་ཉིད་དུ་གྱུར་པའི་བསྒྲུབ་པར་བྱ་བའི་རང་བཞིན་ལས་ཐ་དད་པ་མེད་པའི་ངོ་བོ་གང་ཡིན་པའོ། །དེས་ཏེ་དོན་རྟགས་

སུ་གྱུར་པའོ། །གང་གི་ཕྱིར་རྒྱུ་དེ་ཡིས་ཡོད་པ་ཉིད་ཐོབ་པར་འགྱུར་རོ། །གང་གི་ཕྱིར་ཐ་དད་པ་མེད་པའི་བདག་ཉིད་ཅན་གྱི་དངོས་པོ་གང་ཡིན་པ་དེ་ཉིད་དེ་དང་འཁྲུལ་མེད་ཅན་འགྱུར། དེ་ལྟར་དེ་དོན་རབ་དབྱེ་ཡིན། །རབ་ཏུ་དབྱེ་བ་སྟོན་པ་ཡིན་ནོ། །དེ་ལྟར་ན་ལྡན་པ་ཉིད་ལ་སོགས་

པ་ལྡན་པ་དང་། འཕྲོད་པ་འདུ་བ་དང་། དོན་གཅིག་ལ་འདུ་བ་དང་། རྗེ་ཁོལ་གྱི་འབྲེལ་པ་ལ་སོགས་པ། གང་དག་ལ། འབྲེལ་པ་དེ་འདྲ་བ་ཡོད་པ་མ་ཡིན་དེ་ལས་བྱུང་བ་དང་དེའི་མཚན་ཉིད་ཀྱི་མཚན་ཉིད་ཅན་ནོ། །དེ་དག་གཏན་ཚིགས་མིན་ཞེས་བཤད། དོན་གྱིས་བཤད་

པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འཁྲུལ་པ་དང་ནི་སྲིད་ཕྱིར་རོ། །རག་མ་ལས་པའི་ངོ་བོ་རྣམས་ནི་གཞན་གྱི་མི་འཁྲུལ་པ་ཅི་ཞིག་ཡིན། ཅི་སྟེ་འབྲེལ་པ་འདོད་པ་ཉིད་ཡིན་པ་དེའི་ཚེ། འབྲེལ་པ་ཡོད་པ་ཡིན་ན་ཡང་། འོ་ན་ནི་འབྲེལ་པ་དེ་ཉིད་རྟོགས་པའི་སྒྲུབ་བྱེད་ཡིན། གཞན་ལྡན་

པ་ལ་སོགས་པ་ཁས་བླངས་པས་ཅི་ཞིག་བྱ། འདི་ལྟར་སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བ་ལ་འབྲེལ་པ་ངེས་པ་དེ་ཉིད། མེད་ན་མི་འབྱུང་བ་ཡིན་ནོ། །ངེས་པ་མེད་པ་སྟེ་འབྲེལ་པ་མེད་པ་ཡང་ན་སྒྲུབ་བྱེད་མིན་ནོ། །རེ་ཞིག་ལྡོག་པ་ཅན་གྱི་གཏན་ཚིགས་ལ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་

ཉིད་ཡོད་པ་མ་ཡིན་ནོ། །འདི་ལྟར་བསྒྲུབ་བྱ་མེད་ན་ངེས་པར་གཏན་ཚིགས་མེད་པའི་ལྡོག་པ་གང་ཡིན་པ་འདི་ནི་མི་འབྱུང་བའི་ཕྱོགས་ལས་གཏན་ཚིགས། ལྡོག་པ་ཉིད་ནི་ངེས་པ་ཉིད་ཡིན་ཏེ། དེ་ཡང་ལྡོག་པ་ཉིད་ནི་ངེས་པ་ཉིད། མེད་ན་མི་འབྱུང་བ་ཡིན་པར་སྒྲ་ཡིས་བརྗོད་པ་ཡིན་ནོ། །

เล่ม ๑๗๕ · หน้า 310a

ལྡོག་པ་ངེས་པ་ཉིད་དེ་ཡང་བདག་ལ་སྲོག་ལ་སོགས་པ། འབྲེལ་པ་མེད་ལ་མེད་པ་ཡིན་པ་དེ་བས་ན་ལྡོག་པ་འདོད་པས་འབྲེལ་པ་ཡང་འདོད་པར་བྱའོ། །དེ་ཉིད་ཕྱིར་ན། འབྲེལ་པའི་ཕྱིར། རྗེས་འགྲོ་གནས་པ་ཡིན་པ་དེ་བས་ན་སྒྲུབ་པར་བྱེད་པ་ལ་བསྒྲུབ་

པར་བྱ་བའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་གནས་པ་ཡིན་ནོ། །རང་བཞིན་ཉིད་དང་རྒྱུ་དངོས་ནི་གྲུབ་ན། དེ་མེད་ན་མེད་པར་ངེས་པའི་ཕྱིར་དེ་ལ་འབྲེལ་པའི་ལྡོག་པ་གྲུབ་པར་འགྱུར་ན། ཐུན་མོང་མ་ཡིན་པ་ལ་རྣམ་གཉིས་པོ་དེ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ན་ཁྱད་པར་ལ་ཐུན་མོང་མ་

ཡིན་པ་ལ། ལྡོག་པ་མེད་པ་དང་རྗེས་འགྲོ་མེད་འབྲེལ་པ་ཉིད་ཡོད་ན་དེ་དག་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་འདི་ལྟར་སློབ་དཔོན་གྱིས་ཁྱད་པར་ལྡོག་པ་མ་ཡིན་ན། ཇི་ལྟར་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལས་དེ་ལྡོག་པ་ཡིན་ནོ་ཞེས་བཤད་ཅེ་ན། དེ་ནི་མེད་

པ་ལས་ལྡོག་པ་ཡིན་པ་དེ་ལྟར་ནི་མ་བཤད་དོ། །དེ་མ་མཐོང་བ་ཙམ་ལ་བསྟན་ནས། དེའི་ལྡོག་པ་འབའ་ཞིག་བཤད་པ་ཡིན། གང་གི་ཕྱིར་མི་མཐུན་པའི་ཕྱོགས་ལ་དེ་མཐོང་བ་མེད་པ་ཙམ་གྱིས་ལྡོག་པ་ཡིན་པ། དེའི་ཕྱིར་ན་མ་ངེས་པ་ཡིན་ནོ། །གཞན་དུ་ན་གལ་ཏེ་ལྡོག་པ་

ངེས་པར་འགྱུར་བ་དེའི་ཚེ། །གོ་བར་བྱེད་པར་འགྱུར་གྱི་མ་ངེས་པ་ཉིད་ཡིན་པར་མི་འགྱུར་རོ། །འདིར་ཡང་། སྲོག་སོགས་མེད་པས་བདག་མེད་ལ། །ཁྱབ་པ་ཞེས་བྱ་བ་ནི་འདི་ལྟར་བསྒྲུབ་པར་བྱ་བ་ལྡོག་པས་སྒྲུབ་པར་བྱེད་པ་ལྡོག་པ་ཡོད་ན། སྒྲུབ་པར་བྱེད་པ་མེད་

པས་བསྒྲུབ་པར་བྱ་བ་མེད་པ་ལ་ཁྱབ་པར་འགྱུར་རོ། །འདིར་ཡང་བདག་བསྒྲུབ་པར་བྱ་བ་ལྡོག་པ་སྒྲུབ་པར་བྱེད་པ་སྲོག་ལ་སོགས་པ་ལྡོག་པ་བུམ་པ་ལ་སོགས་པ་ཐམས་ཅད་ལ་ཡོད་པ་ཡིན་ནོ། །དེ་བས་ན་སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པ་ཡིན་ཞིང་། དེ་ཡང་

དེའི་ཚེ་བདག་མེད་པ་ལ་ཁྱབ་པར་འགྱུར་ན། གང་ལ་རང་ཉིད་མི་འགྱུར་བ་དེ་ཉིད་ལས་བདག་མེད་པའི་བདག་ཉིད་ཁྱབ་པར་འགྱུར་རོ་ཞེས་བྱ་བ་འདི་ནི་ཕྱོགས་སྔ་མའི་བསམ་པ་ཡིན་ནོ། །བདག་ལྡོག་པ་ན་ཡང་། སྲོག་ལ་སོགས་ཀྱང་ལྡོག་འགྱུར་ན། །ཞེས་བསམ་པར་འགྱུར་རོ། །དེ་

เล่ม ๑๗๕ · หน้า 310b

བས་ན་བདག་བསྒྲུབ་པར་བྱ་བ་ལྡོག་པ་སྲོག་ལ་སོགས་པ་སྒྲུབ་པར་བྱེད་པ་གདོན་མི་ཟ་བར་ལྡོག་པ་དེ་ལྟར་ན་སྲོག་ལ་སོགས་པ་ལྡོག་པར་རྟོགས་པར་འགྱུར་རོ། །གང་དེ་མིན་ཏེ། མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། གཞན་ནི་ཁྱབ་པར་བྱེད་པ་ཉིད་དུ་མ་གྲུབ་པ་བདག་ལྡོག་པ་ཡིས་གཞན་

ཏེ། དེ་ལ་རག་ལས་མེད་པའི་སྲོག་ལ་སོགས་པ། ལྡོག་པར་མི་རུང་བ་ཉིད་ཀྱི་ཕྱིར་རོ། །རྒྱུའི་ཕྱིར་རོ། །ཅིའི་ཕྱིར་སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པར་འགྱུར། གང་གིས་ན་ཁྱབ་པའི་ཕྱིར་བདག་ལྡོག་པས་སྲོག་ལ་སོགས་པ་ལྡོག་པར་འགྱུར། དེ་ལྟར་དེ་འགྱུར་

མོད་ཀྱི། གལ་ཏེ་དེ་བདག་དེ་ལས་བྱུང་། །བདག་གི་དང་བདག་ཉིད་དུ་གྱུར་པའི་སྲོག་ལ་སོགས་པའམ། བདག་ལས་བྱུང་ཞིང་སྐྱེས་པ་དེ་བས་ན་དེའི་འབྲེལ་པ་ཡིན་ནོ། །དེ་བས་ན་འབྲེལ་པ་ཡོད་པས་ན་དེ་ལྟར་ན། བདག་ལྡོག་པའི་ཕྱིར་དེ་ལྡོག་པ་ཡིན་ནོ་ཞེ་ན། འདིར་རེ་ཞིག་དེའི་

བདག་ཉིད་ནི་རིགས་པ་མ་ཡིན་ཞིང་། གཞན་ཡང་འདོད་པ་མ་ཡིན་ནོ། །འོན་ཀྱང་འབྲེལ་པའི་ཡུལ་དེ་ཙམ་དུ་འགྱུར་ན་འགྱུར་བ་མ་ཡིན་པ་དེ་ལྟར་ན། འདི་བཀོད་པ་ཡིན་ནོ། །དེ་ལས་བྱུང་བའི་མཚན་ཉིད་འགྱུར་གྲང་ན། བདག་ལ་སྲོག་ལ་སོགས་པ་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་

ན། དེ་ནི་བདག་ལ་དམིགས་པ་ན། སྲོག་ལ་སོགས་པ་དེ་དམིགས། བདག་རྟོགས་པ་མེད་ན་ནི། སྲོག་ལ་སོགས་པ་ཡང་རྟོགས་པ་མེད་ནའང་གྲུབ་པར་འགྱུར་རོ། །འདིར་རྒྱུ་དང་འབྲས་བུར་རྟོགས་པའི་ཐབས་དེ་ནི་འདི་ལྟ་སྟེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་གང་སྔར་མི་

དམིགས་པ་དང་། གང་དམིགས་པ་ཡོད་ན་དམིགས་པར་འགྱུར་བ་དང་། མི་དམིགས་པར་འགྱུར་བ་དེ་ནི་དེའི་འབྲས་བུ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །བདག་དང་ལྷན་ཅིག་སྲོག་ལ་སོགས་པ་དག་ནི་དེ་ལྟ་བུའི་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་ཡོད་པ་མ་ཡིན་ཏེ། བདག་ནི་རྟག་ཏུ་

མི་དམིགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་བདག་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ། རྣམ་པ་འགའ་ཞིག་ལྟར་ཡང་། མཐོང་དང་མ་མཐོང་དེ་མི་འགྲུབ། །དེ་ལྟར་ན་སྲོག་ལ་སོགས་པ་དེ་དང་འབྲེལ་པའི་རང་བཞིན་ཉིད་དུ་མ་ཡིན་ན། གང་གིས་ན་བདག་ལྡོག་པས་དེ་ལྡོག་པར་

เล่ม ๑๗๕ · หน้า 311a

འགྱུར། གཞན་ལ་ཡང་ལ་ལར་མཐོང་བ་གང་ཡིན་པ་དེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་གལ་ཏེ་གཞན་ལ་མི་དམིགས་པ་དེའི་ཚེ་མེད་དོ་ཞེས་ཤེས་པར་འགྱུར་རོ། །མི་སྣང་བ་དེའི་རང་བཞིན་ཡང་ལ་ལར་འཇུག་པ་དང་། ལྡོག་པ་རྟོགས་པ་མ་ཡིན་ཏེ། རྒྱུད་གཞན་ལ་ཡོད་པའི་རྣམ་

པར་རྟོག་པའི་ཁྱད་པར་བཞིན་ནོ། །བདག་འགའ་ཞིག་ལ་མ་མཐོང་བ་དེ་ཡང་། གཞན་ལ་ལར་མཐོང་མེད་ངོ་བོ་ཅན་དུ་འགྱུར་བ། བུམ་པ་སོགས་ལ་བདག་མེད་ཅེས་བྱ་བ་དེ་ཉིད་གང་ལས་ཡིན་ཏེ། མ་ཡིན་པ་ཉིད་དོ། །དེ་ལྟར་མེད་པ་མི་ཤེས་པ་གང་ཡིན་པ་དེ་ནི། ལྡོག་པ་ཤེས་པ་མེད་པའི་

ལྡོག་པའི་ཁྱབ་པ་གང་ལས་ཡིན། ལྡོག་པ་སྟེ། མེད་པ་མི་ཤེས་པ་གང་ཡིན་པ་དེ་ནི་ལྡོག་པ་མི་ཤེས་པ་བདག་ཉིད་ལྡོག་པའི་སྲོག་ལ་སོགས་པ་གང་ཡིན་པ་དེ་མེད་པས་ཁྱབ་པ་གང་ལས་ཡིན་ཏེ། མ་ཡིན་པ་ཉིད་ཡིན་ནོ། །གཞན་ཡང་། སྲོག་སོགས་ལ་ལར་མཐོང་བ་ཡིན། །ལ་ལར་

མཐོང་བ་ཉིད་ཀྱི་ཕྱིར། གསོན་པོའི་ལུས་ལ་ཡོད་ཉིད་དང་། བུམ་པ་ལ་སོགས་པ་ལ་མེད་པ་ཉིད་རྟོགས་པར་འགྱུར་རོ། །གལ་ཏེ་དེ་ལྟར་སྲོག་ལ་སོགས་པ་བཞིན་དུ་བདག་མཐོང་བ་དེའི་ཚེ་དེའི་གསོན་པོའི་ལུས་ལ་ཡོད་ཉིད་དང་། བུམ་པ་ལ་སོགས་པ་ལ་མེད་ཉིད་རྟོགས་པར་

འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་གསོན་པོའི་ལུས་བདག་དང་བཅས་པ་མ་ཡིན་པ་དེའི་ཚེ། འདིའི་སྲོག་ལ་སོགས་པ་དང་བྲལ་བར་ཐལ་བར་འགྱུར་ཏེ། བདག་མེད་པའི་ཕྱིར། བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་ཐལ་བ་བརྗོད་པ་གང་ཡིན་པ་དེ་ཡང་མ་ངེས་པ་

ཡིན་ཏེ། རྒྱུ་མ་ཡིན་པ་བཀག་པས་སྲོག་ལ་སོགས་པ་གསལ་བ་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་བློ་དང་ལུས་ཕུལ་དུ་བྱུང་བའི་རྩོལ་བ་ལ་སོགས་པ། གཏན་ཚིགས་གང་དག་མེད་པ་ཡིས། །བུམ་པ་ལ་སྲོག་ལ་སོགས་པ་སྣང་མི་འགྱུར་རོ། །གལ་ཏེ་ལུས་ལའང་དེ་སྲོག་ལ་སོགས་

པའི་གཏན་ཚིགས་ཀྱིས་མཐོང་བར་ནུས་པ་ཅན་གྱི་བློ་ལ་སོགས་པ་མི་འགྱུར་བ་དེའི་ཚེ་རང་གི་རྒྱུ་ལྡོག་པའི་ཕྱིར། ལུས་ལ་སྲོག་ལ་སོགས་པ་མེད་པ་རིགས་པ་ཡིན། སྲིད་པ་མ་ཡིན། སྲིད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་ཉིད་དུ་མ་གྲུབ་པའི་བདག་ཉིད་ལྡོག་པས་ཀྱང་མ་ཡིན་ཏེ།

เล่ม ๑๗๕ · หน้า 311b

འདི་ལྟར་གང་ཞིག་གང་ལ་རག་ལས་པར་འགྱུར་བ་དེ་ཁྱབ་པར་བྱེད་པ་ལྡོག་པ་ན་ལྡོག་པ་རྗེས་སུ་དཔག་པར་བྱ་བ་ཡིན་པའམ། རག་ལས་པ་དེ་ཡོད་པས་ཁྱབ་པར་བྱེད་པ་དེ་ཡོད་པ་རྗེས་སུ་དཔག་པར་བྱ་བ་ཡིན་གྱི། གཞན་ལ་རག་ལས་པ་མ་ཡིན་པ་ནི་མ་ཡིན་ནོ། །གང་འགའ་

ཞིག་ཆོས་མཐུན་པ་ཉིད་མཐོང་བའི་ཕྱིར་འགའ་ཞིག་ཡོད་པ་དང་མེད་པ་རྗེས་སུ་དཔོག་པར་བྱེད་དོ། །ཅུང་ཟད་ཙམ་དུ་ཆོས་མཐུན་ཕྱིར། །ཇི་སྐད་དུ་བཤད་པའི་རག་ལས་པའི་མཚན་ཉིད་མེད་པར། གལ་ཏེ་བདག་མེད་པ་ཉིད་ལ་སོགས་པ་མི་དམིགས་པ་ཙམ་གྱིས་གསོན་པོའི་

ལུས་ལ་སྲོག་ལ་སོགས་པ་ཡོད་པའི་ཕྱིར། དེ་ཉིད་དུ་རྟོགས་པར་འགྱུར་ཏེ། བདག་གི་དངོས་པོ་རྗེས་སུ་དཔོག་པ་དེའི་ཚེ། གཞལ་བྱ་ཉིད་ཕྱིར། གཏན་ཚིགས་ཀྱི་ཕྱིར་བུམ་སོགས་རྣམས། །བདག་དང་བཅས་པར་ཏེ། གསོན་པོའི་ལུས་བཞིན་དུ། བདག་བཅས་ཅིས་མི་དཔོག །

དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མི་འདོད་ན་སྟེ། བུམ་པ་ལ་སོགས་པ་གྲུབ་པའི་མཐའ་ལ་བདག་དང་བཅས་པར་མི་འདོད་པ་དེ་བས་ན་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེ་ནི་མ་ཡིན་ཏེ། འདི་ལྟར་ཚད་མ་ནི། འདོད་པ་ཐམས་ཅད་ཀྱི་རྒྱུ་ཡིན། དེ་བས་ན་ཚད་མ་ཉིད་ཀྱིས་གྲུབ་པ་གང་

ཡིན་པ་དེ་འདོད་པར་བྱ་བ་ཡིན་ནོ། །དེ་བས་ན་ཁྱོད་ཀྱི་འདོད་པས་གཞལ་བྱ་ཉིད་ལ་སོགས་པ་ཡང་། བུམ་པ་ལ་སོགས་པ་ལ་བདག་ཉེ་བར་འཇོག་པ་ཡིན་པ་དེ་ལྟར་ན་བདག་ཉིད་ཅིའི་ཕྱིར་དེ་དག་བདག་དང་བཅས་པར་མི་འདོད། དེ་ལྟར་ན་ཚད་མ་དེ་མེད་པར་ནི་དངོས་པོ་དང་། དངོས་མེད་

རྣམ་གཞག་སྟེ། འདི་ཡོད་པ་ཡིན་ཞིང་འདི་མེད་པ་ཡིན་ནོ་ཞེས་རྣམ་པར་འཇོག་པར་བྱེད་པ་གང་གིས་ནུས། དེ་ལྟར་ཚད་མས་བསྟན་པ་ཉིད་གདོན་མི་ཟ་བར་འདོད་པར་བྱ་བ་ཡིན་ནོ། །གལ་ཏེ་ཁྱེད་ཅག་ཀྱང་ཅིའི་ཕྱིར་དེ་ལྟར་མི་འཛིན་ཅེ་ན། འདི་ལྟར་ཁོ་བོ་ཅག་གི་དེ་འདྲ་བའི་གཏན་

ཚིགས་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །གོ་བར་བྱེད་པ་ཉིད་གང་ཡིན་པ་དེ་ནི་བསྟན་ཟིན་ཏེ། །གལ་ཏེ་སྟོན་པར་འགྱུར་ན་གཟུང་བར་བྱ་བ་ཉིད་ཡིན་ནོ། །དྲན་དང་འདོད་ཞེས་བྱ་བ་ལ་སོགས་པས་སྲོག་ལ་སོགས་པའི་གཏན་ཚིགས་གང་ཡིན་པ་བདག་ཉིད་ལྡོག་པ་ན་ལྡོག་པར་བྱེད་པ་དེ་

เล่ม ๑๗๕ · หน้า 312a

སྟོན་པར་བྱེད་དོ། །དེ་ལ་འདི་དྲན་པ་ལ་སོགས་པ་ཅི་རིགས་པར་རྒྱུ་ཉིད་ཡིན་པར་རྟོགས་པར་བྱའོ། །དཔེར་ན་འགའ་ཞིག་མཐོང་བ་མ་བསྣམས་པ་ན། གཞན་ལྕེའི་དབང་པོ་འགྱུར་བ་འགྲམ་ཆུ་ལྡང་བའི་དྲན་པ་དང་འདོད་པ་ལ་སོགས་པ་ལྟ་བུ་དང་། ལུས་

ཀྱི་ནུས་པ་དང་བློ་དང་རྩོལ་བ་ལ་སོགས་པ་ནི་དབུགས་དབྱུང་བ་དང་། རྔུབ་པ་དང་། མིག་འབྱེད་པ་དང་། འཛུམས་པའི་རྒྱུ་ཉིད་ཡིན་པ་ལྟ་བུའོ། །དེ་བཞིན་གཞན་དག་ལ་ཡང་རྟོགས་པར་བྱའོ། །དེ་དག་འབྱུང་བ་དྲན་པ་དང་འདོད་པ་ལ་སོགས་པ་དེ་ཡང་ཅི་རིགས་པ་ཉིད་དུ་ཡུལ་

དབང་བློ་ལས་འབྱུང་། ཉམས་སུ་མྱོང་དང་བདག་ཉིད་ཇི་ལྟ་བ་བཞིན་གྱི་རྐྱེན་ལས་དྲན་པ་དང་། དེ་བཞིན་དུ་འདོད་པ་དང་རྩོལ་བ་དག་ཡིན་ནོ། །དེ་དག་སྟེ། ཡུལ་དང་། །དབང་པོ་དང་བློ་དག་ཀྱང་། རང་རིགས་ལས་བྱུང་དང་། རིགས་མཐུན་པའི་ཉེ་བར་ལེན་པའི་རྒྱུ་ལས་

སྐྱེ་བ་ཡིན་ནོ། །དེ་ཡང་ཉེ་བར་ལེན་པའི་རྐྱེན་འབའ་ཞིག་ལས་སྐྱེ་བ་མ་ཡིན་གྱི། འོན་ཀྱང་ཕན་རྐྱེན་ལ་ལྟོས་པ་ཡིན། བདག་ཉིད་ཇི་ལྟ་བ་བཞིན་གྱི་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་ནས་འཇུག་པ་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བློ་དྲུག་པོ་དག་གི་ནང་ནས་མིག་ལ་སོགས་

པའི་བློའི་འབྲས་བུ་ལྡོག་པ་ལས་མིག་ལ་སོགས་པའི་ནུས་པ་མཐོང་བ་དང་། ཡུལ་གཞན་ལ་གཡེངས་པ་དང་ཐོགས་པ་ལས་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེ་བ་དང་། རྣམ་པར་གཡེངས་པ་མཐོང་བའི་ཕྱིར་ཡིད་ལ་བྱེད་པ་བློ་ཐམས་ཅད་ལ་ནུས་པ་ཉིད་ཡིན་ནོ། །དབུགས་དབྱུང་བ་དང་།

རྔུབ་པ་དང་། དབང་པོ་ལ་སོགས་པ་དག་གི་སྔར་གྱི་སྐལ་པ་མཉམ་པའི་གནས་སྐབས་ཀྱི་ཁྱད་པར་ཉེ་བར་ལེན་པ་དང་། བློ་རྐྱེན་ཡིན་ཏེ་དེ་དག་དང་བ་དང་། རྙོག་པ་དག་ལས་དབང་པོ་རྣམས་ལ་ཕན་འདོགས་པ་དང་གནོད་པ་མཐོང་བའི་ཕྱིར་རོ། །སྲོག་ལ་སོགས་པའི་འཇུག་པ་དང་།

ལྡོག་པ་ནི་དེ་དག་དང་འབྲེལ་པ་ཅན་ཡིན་ནོ། །དེ་ལྟར་ན་དེ་ཙམ་ལ་སྟེ། རྒྱུ་ཚོགས་པ་ལ། བདག་གི་དངོས་པོ་འདི། སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན། །རྗེས་འགྲོ་ལྡོག་པ་དག་ལ་བརྟེན། །གལ་ཏེ་ཡང་ཇི་ལྟ་བ་བཞིན་དུ་ནུས་པ་འདིར་བདག་ལ་སོགས་པ་གཞན་ཡང་རྒྱུ་ཉིད་དུ་

เล่ม ๑๗๕ · หน้า 312b

རྟོགས་པར་འགྱུར་བ་དེའི་ཚེ། གཞན་དུ་རྟོགས་ན་ཐུག་པ་མེད། །གཞན་དང་གཞན་ཡང་བརྟག་པར་བྱ་བ་ཡིན་པར་འགྱུར་རོ། །དེ་བས་ན་ནུས་པ་མཐོང་བ་མེད་པ་ཅན་གྱི་བདག་ལྡོག་པ་ན་སྲོག་ལ་སོགས་པ་ལྡོག་པ་མ་ཡིན་ནོ། །གཞན་ཡང་། མཉན་བྱ་ཉིད་དང་སྲོག་ལ་སོགས། །

དེ་མཚུངས་འཁྲུལ་པ་ཉིད་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། མ་ཡིན་དེ་ལ་འཁྲུལ་མེད་ཕྱིར། །གལ་ཏེ་ལྡོག་པ་ཡིན་ནའང་། །སྲོག་ལ་སོགས་པ་མི་མཐུན་པའི་ཕྱོགས་ཉིད་ལས་ལྡོག་པར་འགྱུར་གྱི། མཐུན་པའི་ཕྱོགས་ལས་ལྡོག་པ་ནི་མ་ཡིན་ཏེ། མེད་པ་ལ་ལྡོག་པ་མི་རུང་

བའི་ཕྱིར། འདི་ནི་ལྡོག་པ་འཁྲུལ་པ་མེད་པ་ཅན་ཉིད་ཡིན་ནོ། །དེ་བཞིན་དུ་མཉན་པར་བྱ་བ་ཉིད་ནི་མ་ཡིན་ནོ་ཞེ་ན། ཇི་ལྟར་ཏེ། ཇི་ལྟར་ན། རེ་ཞིག་མཉན་པར་བྱ་བ་ཉིད་ཀྱི་ལྡོག་པ་འཁྲུལ་པ་ཅན་ཡིན་ནོ་ཞེས་དྲིས་པ་ན། བསྒྲུབ་མིན་དེ་ལས་དེའི། ལྡོག་མེད་དོ་ཞེས་སྨྲ་བ་སྟེ།

མི་མཐུན་པའི་ཕྱོགས་ཉིད་ལས་མཉན་པར་བྱ་བ་ལྡོག་པ་ཉིད་མ་ཡིན་གྱི། འོན་ཀྱང་མཐུན་པའི་ཕྱོགས་ཉིད་ལས་ཀྱང་མཉན་པར་བྱ་བ་ཉིད་ལྡོག་པ་ཡིན་པར་སྨྲ་བས། དོན་གྱིས་དེ་མཉན་པར་བྱ་བ་ཉིད་བསྒྲུབ་བྱ་སྟེ། མཐུན་པའི་ཕྱོགས་ལ་རྗེས་སུ་འཇུག་པ་མེད་བརྗོད་དེ་མཐུན་

པའི་ཕྱོགས་ལ་སྲོག་ལ་སོགས་པ་རྗེས་སུ་འགྲོ་བ་ཉིད་ཡོད་དམ་ཞེས་དྲི་བ་ལ། གདོན་མི་ཟ་བར་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ལྟར་ན་མཐུན་པའི་ཕྱོགས་ལ་རྗེས་སུ་འཇུག་པ། དེ་གཞན་ལ་ཡང་དེ་མཚུངས་པ་མ་ཡིན་ནམ། སྲོག་ལ་སོགས་པ་ལའོ། །དེ་ལྟར་སྲོག་ལ་སོགས་

པ་མཉན་པར་བྱ་བ་དང་མཚུངས་པ་ཉིད་ཡིན་ནོ། །ལྡོག་པ་གཞན་མ་ཡིན་ཞིང་རྗེས་སུ་འགྲོ་བ་མེད་པ་ཡང་གཞན་མ་ཡིན་ནོ། །ལྡོག་པ་མེད་པའང་གཞན་མ་ཡིན་ཞིང་། རྗེས་སུ་འགྲོ་བ་ཡང་གཞན་མ་ཡིན་ནོ། །གཞན་ཡང་སྲོག་ལ་སོགས་པ། བསྒྲུབ་བྱ་མེད་ཉིད་ལས། མི་

མཐུན་པའི་ཕྱོགས་ཉིད་ལས་སོ་རྣམ་གཅོད་དེ། ལྡོག་པ་གང་ཡིན་པ། དེ་ལྟར་བརྗོད་པ་ན། དེ་ལྟར་དོན་གྱིས་གོ་བ་ཡིས། །བསྒྲུབ་པར་བྱ་བ་ལ་མཐུན་པའི་ཕྱོགས་ལ་ཡོད་བརྗོད་བྱ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །

เล่ม ๑๗๕ · หน้า 313a

དེའི་ཕྱིར་གཅིག་གིས་གཉིས་བསྟན་པར་བྱ་སྟེ། ཡང་དོན་གྱིས་གོ་བས་གང་ཡང་རུང་བས་གཉི་ག་རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་བྱ་བས་བཤད་ཟིན་ཏོ། །དེ་ལྟར་རྗེས་སུ་འགྲོ་བ་མེད་པ་ལ་སྲོག་ལ་སོགས་པ་ལྡོག་པ་མ་ངེས་པ་ཅན་ཡིན་པར་འགྱུར་རོ། །གང་གི་ཕྱིར་ལྡོག་

པ་ངེས་པ་ནི་རྗེས་སུ་འགྲོ་བ་འཕེན་པ་ཉིད་ཡིན་པར་འགྱུར་བ། དེའི་ཕྱིར་དེ་འདྲའི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་འཁྲུལ་པ་མེད་པ་གཏན་ཚིགས་རྗེས་འགྲོ་མེད་ལ་གྲུབ་མེད་དང་། གཞན་ཡང་སྲོག་ལ་སོགས་པ་མཐུན་པའི་ཕྱོགས་ལ་མེད་པ་མ་ཡིན་ནོ་ཞེས་བཀག་པ་འགོག་པར་བྱེད་

པ་ནི། གང་ཡིན་པ་དེ་ནི། བསྒྲུབ་པ་ལས་གཞན་ཅི་འདྲ་ཞིག །འགྱུར་བར་འདོད། བསྒྲུབ་པ་ནི་མེད་པ་འགོག་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཉིད་ཡིན་པ་དེ་ལྟར་ལྡོག་པ་མ་ཡིན་ནོ། །འདི་

ལྟར་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གྱི་ཆོས་གཉིས་པོ་ལ་ཆོས་གཅིག་གི་ཡུལ་མ་ཡིན་པ་དེ་གཞན་གྱི་ཡུལ་ཡིན་ནོ། །གལ་ཏེ་རྟག་པ་དང་མི་རྟག་པ་དག་གི་ནང་ནས་གཅིག་གི་ཡུལ་མ་ཡིན་པ་མེད་པ་གཞན་གྱི་ཡུལ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དེ་དག་གི་དངོས་པོ་ཉིད་ཀྱི་དེ་ཉིད་

མཚན་ཉིད་ཡིན་པའི་ཕྱིར་རོ། །དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་འདི་དག་མེད་པ་ལ་འཇུག་པ་མ་ཡིན་ནོ། །དེ་ལ་ཡང་རྣམ་པར་གཅོད་པ་ཙམ་བརྗོད་པར་འདོད་པ་ཡོད་ན་དགག་པ་ལ་དེའི་མཚན་ཉིད་ཡོད་པ་ཡིན་ནོ། །གཞན་ཡང་བསྒྲུབ་བྱ་མེད་ལས་ཏེ། །མཐུན་པའི་ཕྱོགས་མེད་པ་

ལས་སྲོག་ལ་སོགས་པ་ལྡོག་པ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱ་མེད་པ་ལས། བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ཉིད་ལ་སྲོག་ལ་སོགས་པ་དེ་མེད་པ་སྟེ། ཡོད་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡང་མེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ། །མེད་ལས་ཏེ། མཐུན་པའི་

ཕྱོགས་ལས་ལྡོག་པའི་ལྡོག་པ་དེ་ཉིད་ཅི་ཕྱིར་འདོད། མེད་པ་ལ་གཏན་ཚིགས་ལྡོག་པ་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བས་ལྡོག་པའི་ལྡོག་པར་བརྗོད་པ་ཡིན་ནོ། །དེ་ཡང་མེད་པ་ལ་ཁྱེད་ཀྱི་གཞུང་གིས་དགག་པའི་ངོ་བོ་ཉིད་ཡིན་པར་མི་འགྱུར་རོ། །དེ་ཇི་ལྟར་ན་ཡོད་པ་ཡིན་ཞེས་ཚིག་

เล่ม ๑๗๕ · หน้า 313b

འགལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་གཏན་ཚིགས་ལྡོག་པ་མེད་པ་གང་ཡིན་པ་དེ་བསྒྲུབ་པ་ཡིན་ནོ། །བསྒྲུབ་པ་དེ་ཡང་དངོས་པོ་ཡོད་པ་ཉིད་ཡིན་ནོ། །དེ་ཡང་མེད་ན་ཡང་ཡོད་པ་མ་ཡིན། མེད་དུ་ཟིན་ཀྱང་ཡོད་པ་མ་ཡིན་ནོ། །དངོས་པོ་མེད་པ་འདིར་རིགས་

པས་ཐོབ་པ་གང་ཡིན་པ་དེ་ཡང་ཡོད་མིན་ཞེས་དེ་སྐད་སྨྲ་བའི་མཐོང་བ་བླུན་པོས་སྦྱར་བ་ཡིན། དེ་ལྟར་ན་དངོས་པོར་གྱུར་པའི་གཏན་ཚིགས་མེད་པ་ལ་མེད་པ་སྨྲ་བས་གཏན་ཚིགས་དེ་དེ་ལ་ཡོད་པར་བསྟན་པ་ཉིད་དུ་འགྱུར་རོ། །དེ་ལྟར་མེད་པ་ལ་ཤིན་ཏུ་འགལ་བའི་གཏན་ཚིགས་

འཇུག་པར་བྱེད་པ་དང་མི་འཇུག་པ་འགལ་བ་ཡིན་ནོ། །མེད་པ་ལ་འགལ་བ་མེད་དུ་ཟིན་ཀྱང་ལྡོག་པ་འགོག་པར་བྱེད་པ་བླུན་པོ་ཡིན་ནོ་ཞེས་ངེས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཇི་ལྟར་བློ་བྱང་བ་དག་དེ་སྐད་དུ་སྨྲ་བར་འགྱུར། གཞན་ཡང་། གལ་ཏེ་དེ་ལ་མེད་པ་ལ། །གཏན་ཚིགས་

ལྡོག་མེད་མི་འདོད་ན། །གཏན་ཚིགས་འཇུག་པར་འདོད་དམ་ཅི། །ཞེས་དྲིས་པ་ན་གཞན་གྱིས་མིན་ཏེ་ཞེས་སྨྲའོ། །འོ་ན་གལ་ཏེ་དེ་ལྟ་ཡིན་ན་དེ་ཡང་སྟེ། གཏན་ཚིགས་འཇུག་པ་མེད་པ་ཉིད་ཡིན་པ་དེའི་ཚེ། གཏན་ཚིགས་མེད་པ་ལ་འདི་འགོག་པ་ཡིན་པར་བདག་ཉིད་ཀྱིས་དམ་

བཅས་པར་འགྱུར་རོ། །དེ་ལྟར་ན་ཡང་གཞན་གྱིས་དེ་ཉིད། ལྡོག་པ་ཡོད་པ་ཅིའི་ཕྱིར་མི་འདོད། །རིགས་པས་གྲུབ་པ་བདག་ཉིད་འདོད་པ་ཡིན་པ་དེ་ལྟར་ན་གཞན་དག་ཀྱང་དེ་སྨྲ་བ་ལ་རིགས་པ་མ་ཡིན་པ་བྱེད་པ་བསམ་པར་མི་བྱའོ། །དེ་ལྟར་རྣམ་པར་གཅད་པ་ཙམ་ལས་གཞན་མ་ཡིན་པ་དངོས་

པོ་ལ་རེག་པ་མེད་པ་དགག་པའི་བརྗོད་པར་འདོད་པ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཞི་བཅུ་པ། ཅི་སྟེ་ཡང་རྣམ་པར་གཅོད་པས། མེད་པ་ལ་དངོས་པོའི་ཁྱད་པར་གཏན་ཚིགས་འགོག་པར་བྱེད་པར་འགྱུར། འགོག་པར་བྱེད་པ་དེའི་ཚེ། ཟླ་བོའི་དངོས་

པོ་གྲུབ་པ་གཞན་ཉིད་ཡིན་པར་འགྱུར་རོ། །དེ་ལྟར་གཏན་ཚིགས་མཐུན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་སྟོན་པར་འདོད་པ་ཡིན་ཏེ། དེའི་ཚེ་མེད་པར་དགག་པ་བརྗོད་པར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །མ་ཡིན་པར་དགག་པས་བསྒྲུབ་པར་བྱ་བ་ལས་བཟློག་པའི་དངོས་

เล่ม ๑๗๕ · หน้า 314a

ལ་རེག་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྟག་པ་ནི་མ་བྱས་པ་ཡིན་ནོ་ཞེས་ཟླ་བོ་ཁྱབ་པར་བྱེད་པ་བསྟན་པར་བྱ་བའི་ཕྱིར་མི་འདོད་པ་སྟོན་པར་བྱེད་པའི་ཕྱིར་སྐབས་སུ་བབ་པའི་སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བའི་ཆོས་ལྡོག་ན་ལྡོག་པར་མ་བསྟན་པ་དེ་ལྟར་ན་འབྲེལ་པ་

མེད་པའི་ཕྱིར། གཏན་ཚིགས་གོ་བར་བྱེད་པ་ཉིད་དུ་མ་བསྟན་པར་འགྱུར་རོ། །དེ་བས་ན་རྣམ་པར་གཅོད་པ་ཙམ་ཉིད་འདོད་པ་དང་འགལ་བ་མེད་པ་གང་ཡིན་པ་དེ་ཉིད་བྱེད་པ་ཡིན་པ་དེ་ལྟར་ན་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །གཞན་ཡང་བསྒྲུབ་དང་དགག་པ་སྟེ། རྣམ་པར་གཅོད་པ་ཙམ་གྱི་མཚན་ཉིད་དོ། །

མ་རྟོགས་པར་སྒྲ་ལས་བྱུང་བའི་ཐ་སྙད་གཞན་ཡོད་མིན་དེ་ཡང་། བསྒྲུབ་དང་དགག་པ་སྟེ་མཚན་ཉིད་ཅན་སྒྲ་ལས་བྱུང་བའི་ཐ་སྙད་དོ། །ཁྱེད་ཀྱི་གཞུང་གིས་མེད་ལ་མེད། །དེ་ལྟར་འདི་ལ་མི་སྨྲ་ཐོབ་བསྒྲུབ་དང་དགག་པ་དག་གིས་སྒྲའི་འཇུག་པ་མེད་པའི་ཕྱིར་རོ། །གཞན་ཡང་ཡོད་པ་གང་ཡིན་

པ་དེ་དག་དགག་པར་ནུས་པ་མ་ཡིན་ཏེ། དཔེར་ན་ཏ་ལའི་འབྲས་བུ་དང་། སྐྱུ་རུ་རའི་དངོས་པོ་བཞིན་ནོ། །ཡོད་པ་རྣམས་ལ་དགག་པ་མེད་ན་མེད་པ་རྣམས་ལ་འགོག་པར་བྱེད་པར་འགྱུར་ན། དེ་ཡང་ཁྱེད་ཀྱི་འདོད་པས་མེད་ལ་འཇུག་མི་འགྱུར། མ་ཡིན་པར་དགག་པའི་ངོ་བོ་མ་ཡིན་པ་དག་ཀྱང་ངོ་། །

དེ་ལ་ཡང་དགག་པ་མེད་ན་གང་དེའི་ཡུལ་དུ་འགྱུར། དེ་བས་ན་མི་རུང་བའི་ཕྱིར་དགག་པ་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་ན། རིགས་པ་འདི་ཡིས་འགྲོ་བ་ལ། །དགག་པའི་དོན་ཡང་མེད་པ་སྟེ། །དགག་པའི་དོན་དེ་འཇིག་པར་འགྱུར་རོ། །གལ་ཏེ་མེད་པ་ལ་ཡུལ་དུ་འགོག་པ་ན། དགག་

པའི་དོན་བསྙོན་དུ་མེད་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། དགག་པ་རྣམ་པ་གཉི་ག་ཡང་མི་རུང་བའི་ཕྱིར་རོ། །ཇི་ལྟར་ཡོད་པ་སྟེ། རྣམ་པ་གང་གིས་དོན་ཡོད་པ་དེ་ལྟར་ནི་མི་དགག་གོ། །ཇི་ལྟར་དངོས་པོ་མེད་པ་ཁྱེད་ཀྱི་གཞུང་གིས། དེ་ལྟར་ཡང་ནི་འགོག་

མི་འགྱུར། །མེད་པ་འགོག་པར་ཁས་མ་བླངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ནི་འགྱུར་མོད་ཀྱི། ཡོད་པ་ལ་འགའ་ཞིག་དང་རྣམ་པ་འགའ་ཞིག་གིས་བྱ་བ་དང་བྱེད་པ་པོ་དང་ཆོས་དང་ཆོས་ཅན་གྱི་ཐ་སྙད་ཀྱི་འབྲེལ་པ་ཅན་དུ་འགྱུར་གྱི། ཇི་ལྟར་ཁྱེད་ཀྱི་ཡང་མེད་པ་ལ་ཡང་དེའི་རྟེན་ཅན་གྱི་ཐ་སྙད་ཡིན་

เล่ม ๑๗๕ · หน้า 314b

ཞེ་ན། ཁོ་བོ་ཅག་ལ་སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཁྱེད་ཅག་བཞིན་དུ་ཁོ་བོ་ཅག་ནི་ཕྱི་རོལ་གྱི་རང་གི་མཚན་ཉིད་ལ་བརྟེན་ནས་བསྒྲུབ་པ་དང་དགག་པའི་ཐ་སྙད་སྟོན་པ་མ་ཡིན་གྱི། འོན་ཀྱང་བློ་ལ་སྣང་བ་ལ་ཡིན་ཏེ། ཕྱི་རོལ་ལ་བསྒྲུབ་པ་དང་དགག་པས་རེག་པར་ནུས་པ་ཉིད་མ་ཡིན་པའི་

ཕྱིར་ཏེ། དེ་ལྟར་ནི་མང་དུ་བཤད་ཟིན་ཏོ། །དངོས་དང་དངོས་མེད་རྟེན་ཅན། ཕྱི་རོལ་མིང་རྟེན་སྒྲའི་དོན་ལ་དངོས་པོར་ཞེན་པ་ཅན་གྱི་བློ་ལ་སྣང་བ་དེ་ནི་དངོས་པོ་ལ་བརྟེན་པའི་དངོས་པོ་མེད་པའི་ཞེན་པ་ཅན་ལ་སྣང་བ་ནི་མེད་པ་ལ་བརྟེན་པའོ། །དེ་ལ་བརྟེན་ནས་བློ་ལ་སྣང་བའི་དོན་ཏོ། །འདིར་བསྒྲུབ་

པ་དང་། དགག་པ་ཐམས་ཅད་འདོད་པ་ཡིན། ཕྱི་རོལ་གྱི་དོན་ལ་བརྟེན་ནས་མ་ཡིན་ནོ། །དེ་དེ་ལྟར་ན་བསྒྲུབ་པ་དང་དགག་པ་དོན་དམ་པ་མ་ཡིན་ན་ཡང་། དེ་འདྲ་མེད་ན་ཡང་། བསྒྲུབ་པ་དང་དགག་པའི་མཚན་ཉིད་ཅན་གྱི་ཕྱི་རོལ་གྱི་དོན་དེ་འདྲ་མེད་ན་ཡང་། ཆོས་ཅན་དེ། དེ་དག་

དང་ནི་འབྲེལ་པར་སྣང་བ་ཡིན་ནོ། །དེ་ཡང་བསྒྲུབ་པ་དང་དགག་པའི་ཐ་སྙད་སྟོན་པར་འདོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྒྲའི་འཇུག་ཕྱིར་ན། སྒྲ་འཇུག་པ་ན་དེར་བློ་ལ་སྣང་བའི་ཕྱིར་རོ། །ཡོད་དོ་ཞེ་ན་དངོས་སུ་དེ་ཉིད་ལ་ལྟོས་པ་མེད་པར་འདོད་པའོ། །དེ་ལྟ་མིན་ན། གལ་ཏེ་བློ་ལ་སྣང་བའི་དོན་གྱི་

ཡུལ་ལ་བསྒྲུབ་པ་དང་དགག་པ་མི་འདོད་པ་དེའི་ཚེ། དངོས་དོན་རྣམས་བསྒྲུབ་པར་བྱ་བའམ། དགག་པར་བྱ་བའི་ཆོས་གང་ཡིན་པ་དེ་དག །ཕྱི་རོལ་དངོས་པོ་ལས་གཞན་མ་ཡིན་པའམ། གཞན་ཉིད་ཡིན་པ་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་གྲང་ན། དེ་ལ་

རྣམ་པར་རྟོག་པ་དང་པོ་ནི། ཆོས་གཅིག་ལ་ནི་བསྒྲུབ་པ་དང་། དགག་པ་ཡིན་ན། བྱེད་པ་ཡིན་ན་བདག་ཉིད་དག །ཐམས་ཅད་དགག་བསྒྲུབ་བྱེད་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པའི་ཆོས་ཐམས་ཅད་བསྒྲུབ་པ་དང་དགག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དུ་མའི་བདག་ཉིད་མེད་

ཕྱིར་རོ། །ཆོས་ཅན་ལས་ཆོས་རྣམས་སོ། །ཐ་དད་པ་ལ། ཆོས་ཅན་གཅིག་ལ་བསྒྲུབ་པ་དང་། དགག་པའི་ཚོགས་པ་མེད་པ་ཡིན། །གཞི་མཐུན་པ་མ་ཡིན་པར་འགྱུར་རོ། །ཅི་འདྲ་བར་ཞེ་ན། དུ་མ་དགག་བསྒྲུབ་བཞིན། གལ་ཏེ་ཁྱེད་ཅག་གི་ཡང་ཇི་ལྟར་ཡིན་ཞེ་ན།

เล่ม ๑๗๕ · หน้า 315a

འདིར་དོན་དམ་པར་ཆོས་ཅན་ནམ་དེའི་ཆོས་འགའ་ཞིག་ཀྱང་བསྒྲུབ་པའམ་དགག་པ་བརྗོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཇི་ལྟར་བློ་ནི། ཆོས་ཅན་གཅིག་ཅིག་བསྟན་པའི་ནི་ཆོས་དུ་མའི། རྟེན་ཅན་བཞིན་དུ་ཆོས་གཅིག་བསྒྲུབ་པ་ན། ཆོས་ཅན་དེ་ལ་དེ་བརྟེན་

པ་ཡིན་ཏེ། བསྒྲུབ་པའི་ཆོས་དེ་དང་ཆོས་ཅན་འབྲེལ་བ་བཞིན་ནོ། །གཞན་དག་བསྒྲུབ་པ་དང་དགག་པ་དག་གིས་མ་རེག་པའི་ངོ་བོ་ཅན་གྱི་ཆོས་རྣམས། ཡོངས་སུ་སྤོང་བར་བྱེད་པ་བཞིན་ནོ། །ཆོས་གཅིག་འགོག་པ་ཡིན་ན་དེས་དབེན་པ་སྟེ། འགྲིབ་པའི་ངོ་བོ་བཞིན་ནོ། །དེ་ལས་གཞན་

པ་སྟེ། བཀག་པ་མ་ཡིན་པ་སྤོང་མི་བྱེད་པ་བཞིན་དུ། ཆོས་ཅན་བསྟན་ནས། རྣམ་པར་རྟོག་པའི་བློ། །མེད་པའི་དོན་ཅན་གྱི། ཐ་སྙད་རབ་ཏུ་སྟོན་པར་བྱེད་དོ། །སྒྲ་ལས་བྱུང་བའི་ཐ་སྙད། དེ་དེ་ལྟར་ནི་དོན་དམ་པར་ཆོས་དང་ཆོས་ཅན་གྱི་དངོས་པོ་མེད་དུ་ཟིན་ཀྱང་བློས་རྣམ་པར་བརྟགས་

ནས་ཏེ། དོན་དམ་པར་ཡོད་པ་ཉིད་དམ་མེད་པ་ཉིད་དུའོ། །བློའི་ཡུལ་དུ་བསྟན་པའི་ཐ་སྙད་དེ་ནི་དོན་ཐ་དད་རྟེན་ཏེ། གཞན་སེལ་བ་ལ་བརྟེན་པའི་སྐྱེས་བུ་རྗེས་འགྲོ་བ། འཇིག་རྟེན་པའི་སྒྲའི་དོན་ལ་གནོད་མི་འགྱུར་རོ། །ཅི་འདྲ་བ་ཞིག་ཅེ་ན། ཐོག་མེད་བག་ཆགས་ལས་བྱུང་བའི། །

ཐོག་མ་མེད་པའི་ཐ་སྙད་ཀྱི་བག་ཆགས་ལས་ཀུན་ནས་འབྱུང་བའི་རྣམ་པར་རྟོག་པའི་བློས་བསྟན་པའོ། །དེ་ལྟ་མ་ཡིན་ན་ཐ་སྙད་མི་རུང་བ་དེ་ལྟར་ན་བློ་ལ་སྣང་བའི་དོན་ཉིད་ལ་ཐ་སྙད་འདི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཇི་ལྟར་ན་དོན་ཐ་དད་པ་དང་ཐ་དད་པ་ལ་རྟེན་པའི་ཐ་སྙད་ལ་རྟེན་པའི་སྐྱེས་བུ་

དག་གིས་ཇི་ལྟར་ན། དེ་ཡང་ཐ་སྙད་ཀྱི་ལམ་ཐོབ་པར་འགྱུར་ཞེ་ན། བཤད་པ་འདི་ལྟར་མིག་གི་དབང་པོ་མིག་གི་རྣམ་པར་ཤེས་པའི་འབྲས་བུ་ཅན་དང་། སྒྲའི་ཤེས་པའི་འབྲས་བུ་ཅན་མ་ཡིན་ཞིང་། རྣ་བ་ལ་སོགས་པའི་འབྲས་བུ་ཅན་མ་ཡིན་པ་དང་། སྒྲའི་ཤེས་པའི་འབྲས་བུ་ཅན་

ཡིན་པ་དེ་དེ་ལྟར་ན། དེ་འབྲས་ཅན་དང་དེ་འབྲས་ཡིན། །དེ་དེ་ལས་ཐ་དད་དོན་གཅིག །གང་དང་གང་ལས་ཐ་དད་པ་དེ་ནི། དེ་དང་དེའི་འབྲས་བུ་ཅན་མ་ཡིན་པ་དག་དང་། དེའི་འབྲས་བུ་ཅན་དག་ལས་ལྡོག་པས་བྱས་པའི་ཐ་དད་པ་ལ་བརྟེན་ནས་ཆོས་ཐ་དད་པར་སྒྲོ་འདོགས་པ་དང་། སྐུར་

เล่ม ๑๗๕ · หน้า 315b

པ་འདེབས་པའི་བསླད་པ་མཐའ་ཡས་པ་ཉིད་འཇུག་པར་འགྱུར་རོ། །བསླད་པ་དེ་དང་དེ་དག་གིས་སོ། །ཅི་འདྲ་བ་ཞིག་ཅེ་ན། དེ་ལྟར་གྱུར་པའི་དོན་དེ་ལ་འཕེལ་འགྲིབ་ཐོབ་པ་ཅན་བཞིན་གྱིའོ། །དེ་ལྟར་མིན་ཡང་། དོན་དམ་པར་འཕེལ་བ་དང་འགྲིབ་པ་དང་བྲལ་བ་ཡིན་ན་ཡང་དོན་དེ་

མཐོང་བ་ལ་འཇུག་པ་སྟེ། གྲགས་པའི་ཡུལ་ལ་འཇུག་པར་འགྱུར་རོ། །གང་ལས་ཤེ་ན། འཇུག་པ་དང་ལྡོག་པའི་དོན་གྱི་འབྲེལ་པ་ནི་འགའ་ཞིག་ལས་ཏེ། འབྲེལ་པས་ཐ་སྙད་ཀྱི་ལམ་ལ་འཇུག་པར་འགྱུར་རོ། །བསླད་པ་དེ་དག་ཅི་འདྲ་བ་ཞིག་གིས་ཤེ་ན། ཐ་དད་རྟེན་ཅན་གྱིས་ལྡོག་པ་ལ་

བརྟེན་པ་ཅན་དག་གིས་སོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་དང་འབྲེལ་པ་མེད་པས་སྒྲ་ལས་བསླད་པ་ཞེས་ཐ་སྙད་དུ་བྱས་པ་ཡིན་ནོ། །གང་གི་ཕྱིར་ཡོད་པ་མ་ཡིན་ན་ཡང་ཡོད་པ་བཞིན་དུ་སྟོན་པར་བྱེད་པ་དེའི་ཕྱིར་སྒྲ་དེ་དག་ཀྱང་མི་ཤེས་བསླད་ཅན། རྣམ་པར་མི་ཤེས་པ་ཅན་ཡང་དག་པར་མ་གྱུར་པ་དངོས་

པོ་ཐ་སྙད་པ་ལ་བརྟེན་པས་འཇུག་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ལ་འབྲེལ་པ་ཡོད་པ་དེ་ལས་དེ་དེ་ལྟ་བུར་གྱུར་པ་མ་ཡིན་པ་ཐ་དད་པའི་དངོས་པོ་ལ་མི་སླུ་བའི་ཕྱིར་རོ། །གཞན་ཡང་བདག་མེད་པ་ཉིད་ཀྱི་ཕྱིར་མཐུན་པའི་ཕྱོགས་ལ་སྲོག་ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་

གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་སྟོན་པར་བྱེད་པས་བདག་མེད་པ་ངེས་པ་ཉིད་དུ་ངེས་པ་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ཏེ། དོན་དམ་པར་མེད་པ་ཉིད་དུ་ངེས་པ་ཡིན་མོད་ཀྱི། ཡོད་ཉིད་སྒྲུབ་བྱེད་འཇུག་པའི་ཕྱིར། །བདག་དེ་ཉིད་ལ་ཡང་ཡོད་པ་

ཉིད་དུ་སྒྲུབ་པར་བྱེད་པ་འཇུག་པ་དེ་ལྟར་ན། སྟོན་པར་བྱེད་པའི་གནས་སྐབས་ཁས་ལེན་པ་ཉིད་ཀྱི་ཕྱིར་དེས་དེ་ཡོད་པ་ཉིད་དུ་ངེས་པར་འདོད་པར་འགྱུར་ཏེ། དེ་མེད་པར་ངེས་པ་དང་། དེ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཚིག་དག་འགལ་བར་བྱེད་པའི་ཕྱིར་རོ། །དེ་བས་ན་

འཆད་པ་པོར་འགྱུར་བ་དེས་དེ་ཡོད་པ་ཉིད་དུ་ངེས་པས་ཁས་བླངས་པ་དེའི་ཚེ། འདི་ལྟར་རེ་ཞིག་སྟོན་པར་བྱེད་པ་ལ་བདག་མེད་པ་མ་ཡིན་ནོ། །བསྟན་པར་བྱ་བ་ལ་ཡང་མ་ཡིན་ཏེ། འདི་ལྟར་གཞན་ལས་ཤེས་པར་འདོད་ཅིང་། ཉན་པར་འདོད་པ་ན་དེ་ཡང་ཐེ་ཚོམ་མེད་པར་མ་ཡིན་ནོ། །

เล่ม ๑๗๕ · หน้า 316a

དེ་ལྟ་མ་ཡིན་ན་ཡོད་པ་དང་མེད་པ་ཉིད་དུ་ངེས་པ་ཅན་ཤེས་པར་མི་འདོད་ན་ཡང་། གཞན་ཡང་སྒྲུབ་པར་བྱེད་པ་ཉན་པ་ལ་གུས་པར་མི་བྱེད་པ་དེ་ལྟར་ན་དེ་ལ་སྟོན་པར་བྱེད་པས་ཡོད་པ་ཉིད་སྒྲུབ་པར་བྱེད་པ་ལ་འཇུག་པར་མི་འགྱུར་ན། འཇུག་པར་ཡང་འགྱུར་བ་དེའི་

ཕྱིར་བསྟན་པར་བྱ་བ་ཉིད། ཉན་པ་པོ་ཉིད་ཀྱི་གནས་སྐབས་ཁས་ལེན་པ་ཉིད་ཀྱི་ཕྱིར་བདག་ཉིད་ཡོད་པ་ལ། ཐེ་ཚོམ་ཟ་བ་ཅན་གྱི་བདག་ཁས་ལེན་པ་དེ་ལྟར་ན་ཡོད་པ་ཉིད་སྒྲུབ་པར་བྱེད་པ་ལ་འཇུག་པར་འགྱུར་ཏེ། ཡོད་ཉིད་སྒྲུབ་བྱེད་འཇུག་པའི་ཕྱིར། རྒྱུའི་ཕྱིར་རོ། །མཐུན་པའི་

ཕྱོགས་དེ་མེད་པ་ཡིན་ཏེ། བསྟན་པར་བྱ་བ་ལ་ལྟོས་ནས་སོ། །འོ་ན་ཅི་ཡིན་ཞེ་ན། ཅི་ཡོད་དམ་མེད་ཅེས་ཐེ་ཚོམ་དུ་འགྱུར་རོ། །ཅི་སྟེ་ཡང་ན་ཡོངས་སུ་དཔྱོད་པའི་དུས་ན་ཡོད་པ་ཉིད་སྒྲུབ་པར་བྱེད་པ་འཇུག་པའི་ཕྱིར་བསྟན་པར་བྱ་བ་ལ་ཐེ་ཚོམ་ཟ་བར་འགྱུར་ཏེ། དོན་དམ་པར་ཚད་

མས་མེད་པ་ཉིད་དུ་ངེས་པ་ལ་དེ་མི་རུང་བའི་ཕྱིར་དང་། ཚད་མ་དང་ཅིག་ཤོས་དག་འགལ་བ་མེད་པའི་ཕྱིར་རོ། །གལ་ཏེ་བདག་མེད་དོ་ཞེས་བསྟན་པར་བྱ་བས་ཁས་བླངས་པ་དེའི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་བ་མེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་འདི་ལ་ཡང་བསྟན་པར་བྱ་བ་དེས་

ཚད་མས་དེ་དག་མེད་པ་ཉིད་དུ་དམ་བཅས་པ་ཡིན་ནམ། ཁས་ལེན་པ་ཙམ་སྟེ། གལ་ཏེ་ཚད་མས་ཡིན་པ་དེའི་ཚེ་ཚད་མ་གང་ལས་མེད་པ་ཉིད་དུ་ཁས་ལེན་པ་དེ་ཉིད་ལས་སྟོན་པར་བྱེད་པས་ཀྱང་མེད་པ་ཉིད་དུ་རྟོགས་པ་ཉིད་དུ་རིགས་པ་ཡིན་ནོ། །དེ་ལྟར་ན་དེ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་

པ་འཇུག་པ་མ་ཡིན་ནོ། །ཅི་སྟེ་ཁས་ལེན་པ་ཙམ་ལས་ཡིན་པ་དེའི་ཚེ། ཚད་མ་མེད་པ་ཁས་ལེན་ཕྱིར། །བདག་མེད་པ་ཉིད་ནི་རུང་མ་ཡིན། །དེ་ལྟར་ན་སྒྲུབ་པར་བྱེད་པ་དང་། གནོད་པ་ཅན་གྱི་ཚད་མ་དག་མཐོང་བ་མེད་པར་དོན་དེ་ལ་ཐེ་ཚོམ་ཟ་བ་ཉིད་ཡིན་པ་དེ་ལྟར་ན་གཞན་གྱིས་

ཁས་བླངས་པ་ཡིན་པ་དེའི་ཚེ། དེ་ཁོ་ན་ཉིད་དཔྱོད་པའི་དུས་ན་རིགས་པ་ཤེས་པ་རྣམས་ཁས་བླང་བར་བྱ་བ་མ་ཡིན་ནོ། །དེ་དེས་དེ་ལྟར་ཁས་བླངས་པས་ཚོད་མ་མ་ཡིན་པ་དེ་ཉིད་ཁས་ལེན་པའི་ཕྱིར་མེད་པར་འགྱུར་བ་མ་ཡིན་ན། གང་གིས་ན་དེ་ལ་ལྡོག་པ་རིགས་པར་འགྱུར་

เล่ม ๑๗๕ · หน้า 316b

ན། ངོ་བོ་ཉིད་ཀྱིས་མེད་པ་ལ་ལྡོག་པ་མི་རུང་བའི་ཕྱིར་རོ། །མཐུན་པའི་ཕྱོགས་མ་ཡིན་པ་ལས་ངེས་པར་ལྡོག་པའི་ཕྱིར་དངོས་སུ་གཏན་ཚིགས་གོ་བར་བྱེད་པ་ཡིན་པར་འགྱུར་གྱི། ཡང་དག་པ་མ་ཡིན་པར་ཁས་ལེན་པ་ཉེ་བར་བཏགས་པ་ལས་ནི་མ་ཡིན་ཏེ། བྱས་པ་ཉིད་ཀྱི་གཏན་

ཚིགས་ཀྱང་ཡང་དག་པ་མ་ཡིན་པ་རྟོགས་པའི་གཏན་ཚིགས་ཉིད་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་སྲོག་ལ་སོགས་པ་རྒྱུ་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལས་ལྡོག་པ་ཉིད་དུ་ཁས་ལེན་པའི་ཕྱིར། མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་

མེད་པ་ཉིད་ལས་ཏེ། མཐུན་པའི་ཕྱོགས་ལས་ལྡོག་པ་མེད་ན་ཡང་ཁས་ལེན་པར་བྱེད་ན་སྲོག་ལ་སོགས་པ་དེ། མཐུན་ཕྱོགས་ལས་ལྡོག་ཐེ་ཚོམ་ཟ་བ་ཉིད་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་ཕྱིར་རོ། །རྒྱུའི་ཕྱིར་རོ། །དེ་ལྟར་ན་མཐུན་པའི་ཕྱོགས་མེད་པ་ཉིད་ལ་བརྟེན་ནས་

ལྡོག་པ་ཉིད་མེད་དོ་ཞེས་བརྗོད་པ་ཡིན་ནོ། །དེ་ཡང་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ཐེ་ཚོམ་ཟ་ན་ཡང་མ་ངེས་པ་དེ་ལྟར་ན་དགག་པར་ནུས་པ་མ་ཡིན་ཏེ། དགག་པའི་རྟེན་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཐུན་པའི་ཕྱོགས་ལས་སྲོག་ལ་སོགས་པ་ལྡོག་པ་ལ་ཐེ་ཚོམ་ཟ་

བའི་ཕྱིར། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལའང་ཐེ་ཚོམ་ཟ་བ་ཉིད་ཡིན་ནོ། །དེ་ལྟར་ནི། གཅིག་ལ་ངེས་པ་གྲུབ་པ་ནི། །གཞན་ལ་ལྡོག་པ་གྲུབ་པར་འགྱུར། །གལ་ཏེ་སྲོག་ལ་སོགས་པ་མཐུན་པའི་ཕྱོགས་ཉིད་ཡོད་པར་གྲུབ་པ་དེའི་ཚེ། དེ་དག་མི་མཐུན་པའི་ཕྱོགས་ཐམས་ཅད་

ལ་མེད་པར་རྟོགས་པར་འགྱུར་རོ། །ཇི་ལྟར་བདག་དང་བཅས་པ་ལ་ཡོད་པ་དང་མེད་པ་ཉིད་ངེས་པར་མེད་པའི་ཕྱིར་གཅིག་སོ་སོར་ངེས་པ་ཡོད་པ་མ་ཡིན་པ་དེ་ལྟར་ན་མཐུན་པའི་ཕྱོགས་མ་ཡིན་པ་ལའང་ཡོད་པ་དང་མེད་པ་མ་ངེས་པ་ཉིད་ཡིན་པས་ན། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་

ལ་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ལྟར་ན་བདག་དང་བཅས་པ་བདག་མེད་པ་ལ་ཕུང་པོ་གསུམ་པ་གཞན་ཡོད་པ་མ་ཡིན་ནོ། །འགའ་ཞིག་ལ་འཇུག་པ་ཡིན་ན་འདི་དག་ལས་གཅིག་ལ་སྲོག་ལ་སོགས་པ་ཡོད་པར་འགྱུར་ཏེ། གཅིག་ལ་འཇུག་པ་དང་ལྡོག་པའི་སྒྲུབ་པར་བྱེད་པའི་ཚད་མ་

เล่ม ๑๗๕ · หน้า 317a

མེད་པའི་ཕྱིར། དེ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་དེ་ལྟར་ནི་འགྱུར་མོད་ཀྱི། བདག་དང་བཅས་པ་དང་བདག་མེད་པ་ལ་སྲོག་ལ་སོགས་པ་ལྡོག་པ་མཐོང་བ་དེའི་ཚེ་ཕུང་པོ་གསུམ་མེད་པའི་ཕྱིར་དོན་གྱིས་བདག་དང་བཅས་པ་ཉིད་ལ་སྲོག་ལ་སོགས་པ་འཇུག་པས་འདིའི་མི་

མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ནོ་ཞེ་ན། གལ་ཏེ་ཡང་ཕུང་པོ་གཉིས་ལ་སྲོག་ལ་སོགས་པ་བུམ་པ་ལ་སོགས་པ་བདག་མེད་པ་འགའ་ཞིག་ལ་མ་མཐོང་བ་དེ་ལྟར་ཡང་། ལ་ལར་སྲོག་ལ་སོགས་པ་མཐོང་བ་མེད་ན་ཡང་། འགའ་ཞིག་མཐོང་བ་མེད་པ་ཐེ་ཚོམ་

འགྱུར། དེ་དག་སྲོག་ལ་སོགས་པ་མཐོང་བ་མེད་པ་ཅན་དུ་མི་འགྱུར་རོ། །དེ་ལྟར་ནི་འདིར་མཐོང་བ་དང་། མཐོང་བ་མེད་པ་ལ་བརྟེན་ནས་ནི། སྒྲུབ་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཚད་མ་དང་ལྡན་པའི་ཁྱབ་པ་ལ་ཡིན་ནོ། །གསལ་ལ་ཁྱབ་བྱེད་མ་ཡིན་པ། །རིགས་དེ་ཡོད་

ཅན་དོན་ཡོད་ནའང་། །རིགས་པ་ཡོད་པ་ཅན་ཡིན་ནའང་གསལ་བའི་ཁྱད་པར་མ་ལུས་པ་ལ་ཁྱབ་པར་བྱེད་པ་ཅན་གྱི་དོན་ཡོད་པ་མ་ཡིན་ཏེ། དེ་དག་འགའ་ཞིག་ཁོ་ན་ལ་ཡོད་པ་ཡིན་ནོ། །གསལ་བའི་ཁྱད་པར་ཉུང་ཟད་མཐོང་བས་ཞེས་བྱ་བ་མཐོང་བ་ཙམ་གྱིས་ལ་ལར་ཏེ་གསལ་བའི་

ཁྱད་པར་མ་ལུས་པ་མཚུངས་པར་ངེས་པར་བྱེད་པར་ནུས་པ་མ་ཡིན་ཏེ། ཇི་ལྟར་འདི་ལ་ཡོད་པ་དེ་ལྟར། རིགས་པ་ཡོད་པ་ཅན་གྱི་གསལ་བའི་ཐམས་ཅད་ལ་ཡོད་པར་འགྱུར། ཅི་དང་འདྲ་བར་ཞེ་ན། འཐས་པ་མཚོན་གྱིས་བཅད་པ་བཞིན། །དཔེར་ན་རྡོ་རྗེ་ལ་སོགས་པ་འཐས་པ་ལ་

ལ་ལ་ལྕགས་ཀྱིས་བཅད་པ་ཉིད་འགའ་ཞིག་གིས་ཇི་ལྟ་བ་བཞིན་དུ་མཐོང་བ་མེད་པར་འགྱུར་ཞིང་། ཤིང་ལ་སོགས་པ་འཐས་པ་གཞན་དག་ལ་ཡང་ཆེས་མང་དུ་མཚོན་གྱིས་བཅད་པ་མཐོང་བ་ཡིན་ནོ། །དེ་ཙམ་གྱིས་དེས་འདི་སྐད་དུ། གསལ་བ་འཐས་པ་ཐམས་ཅད་མཚོན་གྱིས་

བཅད་པ་བཞིན་ཏེ། འཐས་པ་ཉིད་ཡིན་པའི་ཕྱིར་ཤིང་དང་རྩྭ་ལ་སོགས་པ་བཞིན་ནོ་ཞེས་བརྗོད་པར་ནུས་པ་མ་ཡིན། དེ་བས་ན་བདག་མེད་པ་ལ་ལ་ལ་སྲོག་ལ་སོགས་པ་དང་བྲལ་བར་འགྱུར་བའམ། བདག་དང་བཅས་པ་ལ་སྲོག་ལ་སོགས་པ་དང་ལྡན་པར་འགྱུར་བ་ཡིན་ནོ་

เล่ม ๑๗๕ · หน้า 317b

ཞེས་བྱ་བའི་ངེས་པ་འདི་མེད་པ་ཡིན་པ་དེ་ལྟར་བདག་མེད་པ་ཡང་སྲོག་ལ་སོགས་པར་འགྱུར་རོ། །གཞན་ཡང་སྲོག་ལ་སོགས་པ་མི་མཐུན་པའི་ཕྱོགས་ལ་ཡོད་པ་འགལ་བ་མ་མཐོང་ན། གང་གིས་ཐེ་ཚོམ་ལྡོག་པར་འགྱུར། བདག་མེད་པ་དང་ལྷན་ཅིག་སྲོག་ལ་

སོགས་པ་འགལ་བ་རྣམ་པ་གཉིས་སུ་བཤད་པའི་མཚན་ཉིད་ཅན་མ་གྲུབ་པའི་རྒྱུའི་ཕྱིར་བདག་མེད་པ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །བདག་མེད་པ་དང་འགལ་བའི་བདག་གི་སྲོག་ལ་སོགས་པ་ལ་ཁྱབ་པར་འགྱུར་བ་དེ་བས་ན། དེ་དག་བརྒྱུད་པས་བདག་མེད་

པ་དང་ལྷན་ཅིག་འགལ་བར་འགྱུར་རོ་ཞེ་ན། དེ་ཡང་སྟེ། དེ་འདྲ་བའི་འགལ་བའོ། །དེ་འབྲས་དང་བདག་ཉིད་སྲོག་ལ་སོགས་པ་བདག་གི་འབྲས་བུ་ཉིད་དམ་རང་བཞིན་ཉིད་ཀྱིས་ལ་ལར་ཏེ་བདག་ལ། རྣམ་ངེས་ཕྱིར་གཞན་ཅི་ཞིག་ཡིན་ཏེ། གཞན་ཉིད་མ་ཡིན་ནོ། །

བདག་དང་སྲོག་ལ་སོགས་པ་སོ་སོར་ངེས་པ་འདི་ཡོད་པ་མ་ཡིན་ནོ། །དེ་ལ་གང་གི་ཕྱིར་འདི་ལྟར་དངོས་སུ་འགལ་བ་མ་ཡིན་ཞིང་། བདག་མེད་པ་དང་འགལ་བའི་བདག་གིས་ཁྱབ་པ་ཉིད་ཀྱི་ཕྱིར་བརྒྱུད་པས་ཀྱང་མ་ཡིན་པ་དེས་ན། བདག་མེད་པ་ལས་ཀྱང་སྲོག་ལ་སོགས་

པ་འདི་ནི། ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །བདག་མེད་པ་ལས་སྲོག་ལ་སོགས་པ་ལྡོག་ཅིང་སྲོག་ལ་སོགས་པ་ཡོད་ན་གསོན་པོའི་ལུས་ལ་བདག་ལྡོག་པར་འགྱུར་བ་ནི་བླ་སྟེ། དེ་ལྟ་ཡིན་ཡང་། བདག་མེད་ཕྱིར། རྒྱུའི་ཕྱིར། གསོན་པོའི་ལུས་ལ་བདག་གྲུབ་

མིན་ནོ། །ཅིའི་ཕྱིར་ཞེ་ན། གང་གིས་དེ་ནི་ལྡོག་པ་ཡིས། །མེད་པ་དངོས་ལ་འདོད་མ་ཡིན། །དཔེར་ན་སྲོག་སོགས་མཐུན་ཕྱོགས་ལས། །ལྡོག་པ་མེད་པ་དེ་དག་མཐུན་ཕྱོགས་ལ་ཡོད་པར་མི་འདོད་པ་དེ་བཞིན་དུ། བདག་ལྡོག་པ་བདག་མེད་མེད་ན་ཡང་། བདག་དེས་

འདོད་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། མཐུན་པའི་ཕྱོགས་མེད་པ་ལ་སྲོག་ལ་སོགས་པ་ལྡོག་པ་མེད་ན་ཡང་ཡོད་པ་འགལ་བ་ཡིན་ན། དེ་ལྟར་གསོན་པོའི་ལུས་ཡོད་པ་ཡིན་ན་མ་ཡིན་ནོ། །གང་གིས་ན་དེ་ལ་བདག་མེད་པ་ལྡོག་པ་དེའི་ཟླ་བོ་མི་འགྱུར་བ་ཡིན་ན། ཕུང་

เล่ม ๑๗๕ · หน้า 318a

པོ་གསུམ་པ་མེད་པའི་ཕྱིར་རོ། །གང་ལ་ཡོད་པ་ཡང་མ་ཡིན་ཞིང་མེད་པ་ཡང་མ་ཡིན་པར་འགྱུར་བ། དེ་ཡོད་ན་ནི་དེར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་དངོས་པོ་དང་དངོས་པོ་མེད་པ་དག་གིས་མ་བསྡུས་པའི་ཕུང་པོ་གཞན་ནི་ཡོད་པ་མ་ཡིན་

ནོ་ཞེ་ན། དེ་ནི་དེ་ལྟར་ཡིན་མོད་ཀྱི། ཡོད་པ་འགོག་པ་ནི་ལྡོག་པ་ཡིན་ལ། དེ་ཡང་མཐུན་པའི་ཕྱོགས་མ་ཡིན་པ་ལ། ཁྱོད་རང་ཉིད་འདོད་པ་ཡིན་ཏེ། ཡོད་པ་མི་འདོད་པའི་ཕྱིར་རོ་ཞེ་ན། དེའི་ཚེ་དེ་ལས་སྲོག་ལ་སོགས་པ་ལྡོག་པར་གྱུར་པ་དག །དེ་ལ་ཡོད་པ་ཉིད་འགལ་བ་

ཡིན་མོད་ཀྱི། འོན་ཀྱང་ཡོད་པ་ལྡོག་པ་མེད་ན། ཡང་ཡོད་པ་མི་བརྗོད་པའི་ཕྱིར་ཚིག་འཇུག་པ་འགལ་བ་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་དོ། །དཔེར་ན་སྲོག་ལ་སོགས་པ་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པ་ཡིན་ཡང་མཐུན་པའི་ཕྱོགས་ལ་ཡོད་པར་མི་འདོད་པ་དེ་བཞིན་དུ་བདག་

ལྡོག་པ་མེད་པ་མེད་ན་ཡང་། ཁྱོད་ཀྱིས་བདག་ཡོད་པ་ཉིད་དུ་འདོད་པར་བྱ་བ་མ་ཡིན་ནོ། །དེ་དེ་ལྟར་ན། གལ་ཏེ་རྟགས་མཐུན་ཕྱོགས་ལྡོག་མེད། །གལ་ཏེ་མཐུན་པའི་ཕྱོགས་ལས་ལྡོག་པ་ཡོད་པ་མ་ཡིན་པའི་གཏན་ཚིགས་སྲོག་ལ་སོགས་པ་གང་ཡིན་པ་དེ་ཡང་འདོད་པ་དེའི་

ཚེ། དེའི་ཕྱིར། མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པའི་རྒྱུའི་ཕྱིར། གཏན་ཚིགས་རྗེས་འགྲོ་ཅན་ཡིན་པར་འགྱུར་རོ། །དེ་བས་ན་ལྡོག་པ་ཅན་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་ལྡོག་མེད་རྗེས་འགྲོ་མེད། །ཅི་སྟེ་མཐུན་པའི་ཕྱོགས་ལ་སྲོག་ལ་སོགས་པ་ལྡོག་པ་མེད་ན་

ཡང་དེ་ལ་སྲོག་ལ་སོགས་པ་ཡོད་པར་ཁས་མི་ལེན་པ་དེའི་ཚེ། བདག་མེད་མེད་ཕྱིར་བདག་བཅས་མིན་ཏེ། གྲུབ་པ་མ་ཡིན་ནོ། །འདི་ལ་བདག་མེད་པ་ཉིད་ཡིན་ཡང་གསོན་པོའི་ལུས་ནི་བདག་དང་བཅས་པར་མི་འགྱུར་ཏེ། ལྡོག་པ་མེད་པ་ལ་ཡང་ཡོད་པར་ཁས་མི་ལེན་པའི་

ཕྱིར་རོ། །འདིས་ཀྱང་བདག་ཡོད་པ་མ་ཡིན་ན་སྲོག་ལ་སོགས་པ་ལྡོག་པར་མི་འགྱུར་ཏེ། འདི་ལྟར། གང་རང་བདག་ཉིད་འཇུག་པ་ལ། །གང་ཞིག་མེད་ན་མི་འབྱུང་གྲུབ། །རྟགས་གང་གི་རང་གི་བདག་ཉིད་ཁྱབ་པར་བྱེད་པ་གང་འཇུག་པ་སྟེ། ཡོད་ལ་ཡོད་པ་ཉིད་ཀྱིས་མེད་ན་མི་

เล่ม ๑๗๕ · หน้า 318b

འབྱུང་བར་གྲུབ་ཅིང་། ཁྱབ་པར་བྱེད་པ་དེ་ལྡོག་པ་ན་རག་ལས་པ་དེ་ལྡོག་བྱེད་ཉིད་དེའི་ཕྱིར། རག་ལས་པ་དེ་འཇུག་པའི་ཡང་སྟེ། ཁྱབ་པར་བྱེད་པ་དེ་ཡོད་ན། འཇུག་བྱེད་ཡིན་ཞིང་ཤེས་པར་བྱེད་པ་ཡིན་པར་འགྱུར་རོ། །མེད་ན་མི་འབྱུང་དེ་ཡང་ནི། །བཤད་མ་ཐག་པ་དེར་ངེས་པ། །

སྒྲུབ་པར་བྱེད་ལ་ལྡོག་པ་ཡིན། །སྒྲུབ་པར་བྱེད་པ་དེ་ཡང་ཅི་ཞིག་ཡིན་ཞེ་ན། བཤད་པ། འབྲས་ལ་མཐོང་དང་མ་མཐོང་བ། །དམིགས་པ་དང་མི་དམིགས་པ་དག་གོ། །མཐོང་བ་དང་མ་མཐོང་བ་དེ་དག་རྒྱུ་དང་འབྲས་བུ་ཉིད། དེ་དག་མེད་པ་གང་ཡིན་པ་དེ་དག་ནི་རྒྱུ་དང་འབྲས་བུ་

ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །དེ་བས་ན་དོན་གཞན་ཏེ། བདག་གི་སྲོག་ལ་སོགས་པ་འབྲས་བུ་མ་ཡིན་པའི་ཕྱིར་རྟོགས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡོད་ན་སྟེ། དོན་གཞན་དུ་གྱུར་པ་སྲོག་ལ་སོགས་པ་འབྲས་བུ་མ་ཡིན་

པ་ཡོད་ན་བདག་ནི་ཡོད་དེས་མེད་ཕྱིར་རོ། །རྗེས་སུ་འགྲོ་ཙམ་ལས་རྒྱུའི་ནུས་པ་རྟོགས་པ་མ་ཡིན་གྱི། འོན་ཀྱང་ལྡོག་པ་ལས་ཀྱང་ངོ་། །དེ་ཡང་འདི་ལ་ཡོད་པ་མ་ཡིན་ཏེ། རྟག་ཏུ་ཡོད་པ་ཅན་ཏེ། བདག་རྟག་པ་མེད་ན། སྲོག་ལ་སོགས་པ། དེ་དག་མེད་མི་སྲིད་ཕྱིར་རོ། །རྟག་པ་

ཉིད་ཀྱི་ཕྱིར་བདག་ལྡོག་པ་མེད་པས་དེ་མེད་ན་སྲོག་ལ་སོགས་པ་ལྡོག་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ནི་འགའ་ཞིག་གི་ཚེ་ཡང་འགའ་ཞིག་ལ་ལྡོག་པ་མ་ཡིན་ཏེ། རྟག་པ་ཉིད་ཀྱི་ཕྱིར་དང་ཐམས་ཅད་ལ་ཞུགས་པ་ཉིད་ཀྱི་ཕྱིར་རོ། །དེ་མེད་ན་སྲོག་ལ་སོགས་པ་མེད་པ་མི་སྲིད་

པས་བདག་ནི་སྲོག་ལ་སོགས་པ་ལ་ནུས་པ་མེད་པ་ཉིད་ཡིན་ནོ། །དེའི་འབྲས་བུ་མ་ཡིན་པའི་ཕྱིར་སྲོག་ལ་སོགས་པ་ལས་བདག་རྟོགས་པ་མ་ཡིན་ནོ་ཞེས་བཤད་པ་ལ་ལྡོག་པ་ལས་གདོན་མི་ཟ་བར་རྒྱུ་དང་འབྲས་བུའི་སོ་སོར་ངེས་པ་མ་ཡིན་ན། གང་གིས་ན་དེ་ལྟར་འགྱུར། འོ་ན་ཅི་ཡིན་

ཞེ་ན། ཡོད་ན་ཡོད་པ་ཅན་གྱི་མཚན་ཉིད་ཅན་གྱི་རྗེས་སུ་འགྲོ་བ་འབའ་ཞིག་ལས་ཀྱང་ཡིན་ནོ་ཞེས་གཞན་དག་སེམས་སོ། །དེ་ལྟར་དོགས་པ་ལས་འབྲས་བུའི་རང་བཞིན་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དོ། །རེ་ཞིག་འབྲས་བུའི་རང་བཞིན་ཐ་དད་པ་གློ་བུར་བ་ནི་རིགས་པ་མ་ཡིན་ཏེ།

เล่ม ๑๗๕ · หน้า 319a

ཡོད་ན་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་བདག་ཉིད་ཐམས་ཅད་ཡོད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་རྒྱུ་དག་ལས་འབྲས་བུ་རྣམས་ཀྱི་སོ་སོར་ངེས་པའི་རང་བཞིན་གྱི་བྱེ་བྲག་ཡིན་པས་ན། འབྲས་བུའི་རང་བཞིན་ཐ་དད་རྣམས། །རྒྱུ་རྣམས་ལས་ནི་བྱུང་བའི་

ཕྱིར། །རྒྱུའི་ཕྱིར་རྒྱུ་རྣམས་ཀྱིས་འབྲས་བུ་ཅུང་ཟད་ཅིག་ཅིག་ཅར་སྐྱེད་པ་གང་ཡིན་པའི་རྒྱུ། དེ་དག་མེད་པར་ཇི་ལྟར་ཡོངས་སུ་མཐོང་བའི་རྒྱུ་ལས་གཞན་ལ་འབྱུང་བ་སྟེ། འབྲས་བུ་འགའ་ཞིག་གོ། །དེ་སྐྱེད་དེ། ཇི་ལྟར་ཡོངས་སུ་མཐོང་བའི་རྒྱུ་ལས་སྐྱེས་པའི་ངོ་བོ་གང་ལས་

འགྱུར། འབྲས་བུ་ཇི་ལྟར་འགྱུར་བ་ཡིན། འགྱུར་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན། ཚོགས་པའི་ནུས་པ་ཐ་དད་ཕྱིར། །དངོས་རྣམས་སྣ་ཚོགས་ངོ་བོ་ཉིད། །རྒྱུ་ཐ་དད་པ་ལས་སྐྱེ་བ་ཐ་དད་པ་ཡིན་ཞིང་། ཐ་དད་པ་མ་ཡིན་པ་ལས་ཐ་དད་པ་མེད་པ་

ཡིན་པ་དེ་ལྟར་ན། དངོས་པོ་རྣམས་ཀྱི་སྣ་ཚོགས་ནི་རྒྱུ་ཐ་དད་པས་བྱས་པ་ཡིན་ནོ། །འབྲས་བུ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཚོགས་པ་གལ་ཏེ་དེ་ཐ་དད་བྱེད་མིན་དེའི་ཚེ་འགའ་ཞིག་ལས་ཀྱང་དངོས་པོ་རྣམས་ཀྱི་ཐ་དད་པ་འབྱུང་བ་ཡོད་པ་མ་ཡིན་པ། དེ་ལྟར་ན་ཐ་དད་པ་མེད་པའི་ཕྱིར།

འགྲོ་བའི་ངོ་བོ་གཅིག་ཐོབ་འགྱུར། །གང་གི་ཚེ་དངོས་པོ་རྣམས་རྒྱུ་ལས་ཐ་དད་པ་མ་ཡིན་པ་དེའི་ཚེ་ཐ་དད་པ་ཉིད་ཀྱང་མ་ཡིན་ནོ། །དེ་ལྟར་ན་གང་གི་ཚེ་རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་སྐྱེ་བ་མ་ཡིན་པ་དེའི་ཚེ་རྒྱུའི་ཐ་དད་པ་མེད་པའི་ཕྱིར། ཐ་དད་པ་བཞིན་དུ་འབྲས་བུའི་ཐ་དད་པ་མེད་པ་མ་ཡིན་

ཏེ། རྒྱུའི་ནུས་པ་སོ་སོར་ངེས་པ་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ལྟོས་པ་ཡིན་ན་ཡང་རྒྱུའི་ཐ་དད་པ་ལས་ཀྱང་ཐ་དད་པར་འགྱུར་རོ། །ཅི་སྟེ་ཐ་དད་ན་ཡང་མི་འགྱུར་ན་ནི་ཐ་དད་པ་མེད་པར་ཡང་མི་འགྱུར་རོ། །ཐ་དད་པ་དང་ཐ་དད་པ་མེད་པའི་རང་བཞིན་ལས་འདས་པའི་དངོས་

པོ་ཡོད་པ་ནི་མ་ཡིན་པ་དེ་ལྟར་ན་འགའ་ཞིག་ཀྱང་རྒྱུ་དང་འབྲས་བུ་ཅན་དུ་མི་འགྱུར་རོ། །དེ་ལྟར་ན་བསྒྲུབ་པར་བྱ་བ་ངེས་པ་ལ་སྒྲུབ་པར་བྱེད་པ་ཉེ་བར་སྦྱོར་བ་ལ་སོགས་པ་མེད་པར་ཐལ་བར་འགྱུར་རོ། །འདི་ཐ་དད་བྱེད་ཐ་དད་མིན། །ངོ་བོ་ཐ་དད་མེད་ཉིད་ཉམས། །དེ་ལྟར་ནི་འགྱུར་མོད་

เล่ม ๑๗๕ · หน้า 319b

ཀྱི། དུ་བ་ལ་སོགས་པ་སྐྱེད་པར་བྱེད་པའི་ཚོགས་པ་གཅིག་ལས་དོན་གཞན་དུ་གྱུར་པའི་ཚོགས་པ་གང་ཡིན་པ་དེའི་རང་བཞིན་གཅིག་པོ་དེའི་འབྲས་བུའི་ཐ་དད་པ་དེས་ན་ཐ་དད་པའི་རྒྱུའི་ཕྱིར་དང་དུ་བ་ལ་སོགས་པའི་འབྲས་བུ་ཡོད་ཅིང་ཐ་དད་པ་མེད་པའི་རང་བཞིན་གཞན་

ཡང་ཡོད་པ་ཡིན། གང་གི་ཚོགས་པ་མི་འདྲ་བ་སྔ་མས་སྐྱེད་པའི་རང་བཞིན་ཅན་གྱི་དུ་བ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། འདི་ལྟར་ཚོགས་པ་འདིའི་ཐ་དད་བྱེད་པ་ཐ་དད་མིན་ན། ངོ་བོ་ཐ་དད་མེད་ཉིད་ཉམས། །གཅིག་ལ་ཐ་དད་པར་བྱེད་པ་དང་ཐ་དད་པར་བྱེད་པ་མ་ཡིན་པ་ཕན་ཚུན་

འགལ་བའི་རང་བཞིན་རིགས་པ་མ་ཡིན་ནོ། །དོན་དམ་པར་དངོས་པོ་གཅིག་ཐ་དད་པའི་ངོ་བོ་ཡིན་པ་དེ་ལྟར་ན་ཡང་གཅིག་ནི་དུ་བའི་དངོས་ཉིད་ན་སྟེ་ཁས་ལེན་པར་བྱེད་ན། མེ་དང་ཅིག་ཤོས་གཟུགས་གཉིས་ཡིན། ཐ་དད་པར་བྱེད་པ་མ་ཡིན་པའི་རང་གི་ངོ་བོ་གང་ཡིན་པ་དེ་གང་

གིས་མེ་ལ་སོགས་པའི་ཚོགས་པས་སྐྱེད་པར་བྱེད་པའི་རང་བཞིན་ཅན་གྱི་བར་དུ་སྐྱེད་པར་འགྱུར་བ་དེ་མ་ཡིན་ཞིང་ཐ་དད་པར་བྱེད་པ་གང་ཡིན་པ་དེ་ནི་མེ་མ་ཡིན་ནོ། །དེའི་ཕྱིར་མེ་ལ་སོགས་པའི་ཚོགས་པས་དུ་བ་སྐྱེད་པར་བྱེད་པ་གང་ཡིན་པ་དེ། དུ་བ་སྐྱེད་བྱེད་ངོ་བོ་ནི། ངོ་བོ་དེ་ཉིད་

ཀྱང་གལ་ཏེ་གཞན་ཡིན། འཁྲུལ་པའི་ཡུལ་ཉིད་དུ་འདོད་པ་ཡིན་ན་ཡང་། དེའི་ཚེ་དེ་ཉིད་མེ་ལ་སོགས་པའི་ཚོགས་པ་དེ་ཉིད་ཡིན་ནོ། །དེ་ལྟར་མེ་ལ་སོགས་པའི་ཚོགས་པ་གང་ཡིན་པ་དེ་དུ་བ་སྐྱེད་པར་བྱེད་པའི་རང་བཞིན་ཅན་ཡིན་ནོ། །ཅི་སྟེ་དེ་དུ་བ་སྐྱེད་པའི་ངོ་བོ་མ་ཡིན་ན། དེའི་ཚེ་དུ་

བ་སྐྱེད་པར་བྱེད་པའི་རང་བཞིན་ཅན་མ་ཡིན་པ། དེ་ལས་དུ་བ་ལ་སོགས་པའི་འབྲས་བུ། དེ་འབྱུང་ཇི་ལྟར་ཡིན། གང་གི་ཕྱིར་དུ་བ་ལ་སོགས་པ་སྐྱེད་པར་བྱེད་པའི་རང་བཞིན་ཅན་གྱི་མེ་ཡིན་གྱི། དེ་སྐྱེད་པར་བྱེད་པའི་རང་བཞིན་ཅན་མ་ཡིན་པ་ལས་དུ་བ་མི་འབྱུང་བ།

དེ་ཕྱིར་རྒྱུ་དང་འབྲས་བུ་དག །ཕན་ཚུན་རང་བཞིན་ངེས་པ་ཡིན། །ཇི་ལྟར་དུ་བ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་མེ་ལ་སོགས་པ་ཚོགས་པའི་ཁྱད་པར་གྱིས་སྐྱེད་པ་གང་ཡིན་པ་དེ་ལྟར་ན་རྒྱུ་དང་འབྲས་བུའི་རང་བཞིན་ངེས་པ་ཡིན་ནོ། །དེའི་ཕྱིར་རང་གིས་མཐོང་བཞིན། ཇི་ལྟར་

เล่ม ๑๗๕ · หน้า 320a

མེ་ལས་དངོས་སུ་འབྱུང་བའི་རྒྱུའི་ཡུལ་ཅན་གྱི་ཤེས་པ་ལས། དེ་རྒྱུར་རྟོགས་འགྱུར་དེ་བཞིན་དུ་འབྲས་བུ་སྟེ། རྟགས་སུ་གྱུར་པ་མཐོང་ནའང་དེ་རྒྱུ་ཡིན་པར་རྟོགས་པར་འགྱུར་རོ། །དེ་ལྟར་ན་འབྲས་བུའི་རྟགས་ནི་རང་གི་རྒྱུ་ལས་འཁྲུལ་པ་མེད་པ་ཅན་ཡིན་

ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཆུ་དང་འོ་མའི་རུལ་པ་བཞིན། །དུ་མ་ལས་གཅིག་ཇི་ལྟར་ཡིན། །འབྲས་བུ་གཅིག་ལས་མཐོང་བ་ཡང་རིགས་མི་མཐུན་པ་གཞན་ལས་ཀྱང་འབྱུང་བ་མཐོང་བ་ཡིན་ཏེ། དཔེར་ན་འོ་མས་དེ་དང་འབྲེལ་པ་ཅན་གྱི་རྫས་རུལ་པའི་རང་བཞིན་གཟུགས་དང་རེག་

བྱ་ལ་སོགས་པ་རྣམ་པར་གྱུར་པ་རྣམ་པ་གཞན་དུ་འགྱུར་བའི་མཚན་ཉིད་ཅན་ཡང་། འོ་མའི་མཚན་ཉིད་མེད་པ་ཆུ་ལས་ཀྱང་དེ་ཉིད་དུ་འགྱུར་བ་དེ་ལྟར་དུ་བ་ལ་ཡང་འགྱུར་བ་ལྟ་བུའོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་འོ་མ་དང་ཆུ་ཐ་དད་པ་དག་གི་རུལ་པའི་འབྲས་བུ་ཡང་ཐ་དད་པ་ཉིད་

ཡིན་ནོ། །ཅི་སྟེ་འབྲས་བུ་རུལ་པའི་སྤྱི་ལ་བརྟེན་ནས་འབྲས་བུ་ཐ་དད་པ་མེད་པར་བརྗོད་པ་དེ་ལྟར་ན་དེའི་རྒྱུའི་སྤྱིའི་ཐ་སྙད་ཀྱང་དེ་དག་ལས་འགལ་བ་མེད་པ་ཡིན་ནོ། །འདི་ལྟར་རྣམ་པ་ཐ་དད་པ་ཡིན་པ་དེ་དག་ཀྱང་དངོས་པོའི་ཞུ་བའི་ནུས་པ་ཞུ་བར་ནུས་གང་ལས། འབྲས་ལ་སོགས་པ་རུལ་

པ་གང་ཡིན་པ་ནི་རུལ་པའི་ནུས་པར་བྱེ་བྲག་མེད་པས་གཉིས་ཀྱི་ཡང་། འོ་མ་དང་ཆུ་དག་གིས་གཅིག་ཉིད་ཡིན་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། འདི་བདག་ཅིའི་ཐ་དད་པ་དང་། ཐ་དད་མེད་གལ་ཏེ་གཉི་ག་ནུས་པ་གཅིག་ཡིན་པ་དེའི་ཚེ་ནུས་པའི་བདག་

ཉིད་ཐ་དད་པ་མེད་པ་གཅིག་གི་རང་བཞིན་ཡིན་ཞིང་། སྣང་བ་ཐ་དད་པའི་ཕྱིར་གཞན་གྱི་རང་བཞིན་ཐ་དད་པ་ཡིན་པ་དེ་ལྟར་ན་གཅིག་ཀྱང་ཐ་དད་པ་དང་ཐ་དད་པ་མེད་པའི་རང་བཞིན་དུ་འགྱུར་རོ། །ཞེ་ན། ཐ་དད་པ་དང་ཐ་དད་པ་མེད་པའི་རང་བཞིན་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན།

ཐ་དད་པ་ཉིད་ཡིན་ནོ། །གལ་ཏེ་འོ་མ་ལས་ཆུ་ཐ་དད་པ་ཡིན་པ་དེའི་ཚེ། འོ་མ་དང་ཆུ་ཐ་དད་ཞོ་ཉིད་ངོ་བོ་གཅིག་ཇི་ལྟར་ཡིན་ཏེ། གང་ལས་རུལ་པ་ཡིན་པར་འགྱུར་བར་འགྱུར་ཞེ་ན། བདེན་ཏེ། ཇི་ལྟར། རང་རང་གཙོ་བོ་ལ་གནས་ཕྱིར། །དངོས་པོ་ཐམས་ཅད་ཕན་ཚུན་འདྲེས་པ་མ་ཡིན་པ་

เล่ม ๑๗๕ · หน้า 320b

དེ་ལྟར་བདག་ཉིད་དུ་གྱུར་པའི་ནུས་པ་དེ་དག་དང་དེའི་འབྲས་བུ་རྣམས་ནི་ཕན་ཚུན་འདྲེས་པ་མ་ཡིན་ནོ། །འོན་ཀྱང་ངོ་བོ་ཉིད་ཀྱིས་ཐ་དད་པ་ཡིན་ན་ཡང་ཁ་ཅིག་འབྲས་བུ་གཅིག་བྱེད་པ་ཡིན་ནོ། །འབྲས་བུ་གཅིག་རྟོགས་པའི་བློ་གཅིག་ཡིན་ཏེ། ཉམས་སུ་མྱོང་བ་ཡིན་པའི་

ཕྱིར་རོ། །འབྲས་བུ་ཐ་དད་པ་གཞན་ལ་ཡང་། གཅིག་ཉིད་དུ་ཞེན་པར་བྱེད་པ་སྐྱེ་བར་འགྱུར་ཏེ། རང་བཞིན་གྱིས་འཁྲུལ་པའི་ཕྱིར་རོ། །དེ་ལྟར་ན་བློ་དེའི་དངོས་ཏེ། རྟོགས་པའི་ངོ་བོ་གཅིག་ཐ་དད་མེད་ཕྱིར། རྒྱུའི་ཕྱིར། ནུས་པ་ཐ་དད་པ་མེད་པ་ཡིན་ཞེས་བརྗོད། དངོས་པོ་

རྣམས་ཀྱི་ཐ་དད་པ་དང་ཐ་དད་པ་མེད་པ་འདི་རྣམ་པར་ཤེས་པ་གཅིག་དང་དུ་མ་སྐྱེད་པ་གང་ཡིན་པ་དེའི་དེ་དང་དེ་དག་ནི་རིགས་མཐུན་པ་དང་མི་མཐུན་པ་རྣམ་པར་གཞག་པའི་རྒྱུ་མཚན་ཡིན་ནོ། །རྣམ་པར་ཤེས་པ་གཅིག་དང་དུ་མ་སྐྱེས་པའི་རང་བཞིན་དེས་འབྲས་བུ་ཡང་རྣམ་

པར་ཤེས་པ་གཅིག་དང་དུ་མ་སྐྱེས་པའི་རང་བཞིན་གྱི་རྒྱུར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ན་དངོས་པོ་ཐ་དད་པ་ཡིན་ན་ཡང་རང་བཞིན་གང་གིས་འབྲས་བུ་དེ་དག་སྐྱེད་པར་བྱེད་པའི་རང་བཞིན་དེ་ཉིད་ཀྱི་ཤེས་པ་རྟོག་པའི་ངོ་བོ་གཅིག་གི་རྒྱུར་གྱུར་པ་དོན་དམ་པར་ཐ་དད་པ་ཡིན་ན་

ཡང་ཐ་དད་པ་མེད་པར་ཞེན་པར་འགྱུར་བ། དེ་བཞིན་ཐ་དད་ཡིན་འང་ཆ་གང་གིས་ཏེ། རང་བཞིན་གྱིས་མེ་ནི་མི་ཤེས་པའི་རྟེན་ཡིན། མེ་རྟོགས་པའི་ཤེས་པ་ཐ་དད་པ་མེད་པའི་རྒྱུ་ཡིན་ནོ། །རང་བཞིན་དེས་ན་དུ་སྐྱེད་པ། །དུ་བ་སྐྱེད་པར་བྱེད་པ་སྟེ། དུ་བའི་མེ་ནི་རྟེན་དུ་གྱུར་

པ་ཡིན་ནོ། །རྒྱུ་གང་གིས་མེ་མ་ཡིན་པ་ལས་ལྡོག་པའི་ཆ་ཉིད་ཀྱིས། མེ་དུ་བ་སྐྱེད་པར་བྱེད་པའི་རྒྱུ། དེས་ན་དུ་བའི་རྟགས་དེ་ལས་མེ་དེ་ལྟར་ན། མེ་མ་ཡིན་པ་རྣམ་པར་གཅད་པ་ཉིད་ཀྱི་སྒོ་ནས་ཀྱང་རྟོགས་པར་འགྱུར་རོ། །དེ་ལྟར་ན་གཞན་ལྟོས་པའི་སྟེ། ཤིང་གི་ཁྱད་པར་གྱིས་

ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པའི་མེའི་ཆ་ཉིད་ལས་ནི། མེ་རྟོགས་པའི་ཤེས་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་མེའི་མཚན་ཉིད་ལས་དུ་བ་ཡང་འབྱུང་བའི་ཕྱིར། རྒྱུའི་ཕྱིར། དུ་བ་དེ་ལས་འཁྲུལ་མེད་ཅན། །ཞེས་བྱ་བ་དེ་ཉིད་ནི་ཇི་ལྟར་དུ་བ་འཁྲུལ་པ་མེད་པ་ཅན་ཡིན་པ། དེ་ལྟར་

เล่ม ๑๗๕ · หน้า 321a

དེ་བཞིན་འཁྲུལ་པ་མེད་པ་ཅན་གྱི་འབྲས་བུ་གཞན་གྲུབ་པར་རིག་པར་བྱའོ་ཞེས་བྱ་བས་གཞུང་བཙུགས་པ་ཡིན་ནོ། །ཅི་ཕྱིར་དུ་བ་མེ་ལ་འཁྲུལ་པ་མེད་པ་ཅན་ཡིན་ནོ་ཞེ་ན། བཤད་པ་འདི་ལྟར་མེ་ཞེས་བྱ་བའི་གཞན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །

འོ་ན་ཅི་ཡིན་ཞེ་ན། དུ་བ་དང་བུད་ཤིང་གི་འགྱུར་བ་སྐྱེད་པར་བྱེད་པ་གང་ཡིན་པ་དེའི་ཡན་ལག་གི་དངོས་པོའི་རྟེན་དེ་ལ། དུ་བ་བུད་ཤིང་འགྱུར་ཡན་ལག །རྟེན་ལ་སྟེ། དངོས་ལ་མེ་ནི་གནས་ཕྱིར་ཏེ། ཐ་སྙད་དུ་བྱས་པའི་ཕྱིར་རོ། །གལ་ཏེ་དུ་བ་འཁྲུལ་པ་མེད་པའི་ཡུལ་ཅན་

ཉིད་དུ་འདོད་པ་མེ་ཡིན་པས་དེ་ལས་སྐྱེས་པའི་དོན་དུ་བ་ཉེ་བ་ཉིད་དུ་འདོད་པ་དེ་དུ་བ་མིན་ཕྱིར་ཏེ། དེ་ལྟར་ན་མེས་བསྐྱེད་པ་གང་ཡིན་པ་དེ་དུ་བ་ཡིན་ནོ། །གལ་ཏེ་དུ་བ་ཡིན་ན་ཅི་སྟེ་གཞན་ལས་སྐྱེད་པའི་དུ་བར་འདོད་པ་དེའི་ཚེ་རྒྱུར་གྱུར་པའི་དོན་དེ་མེའི་མཚན་ཉིད་དང་བྲལ་བ་མ་ཡིན་ན་གང་གིས་

ན་དུ་བ་མེ་ལ་འཁྲུལ་པར་འགྱུར། དེ་མེ་ཡིན་ཏེ། དེ་ནི་དུ་བ་སྐྱེད་པར་བྱེད་པ་ལ་སོགས་པའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་རྒྱུ་དང་འབྲས་བུའི་མེད་ན་མི་འབྱུང་བ་ཉིད་ཡིན་ནོ། །རང་བཞིན་ཏེ། རང་བཞིན་གྱི་གཏན་ཚིགས་ནི། བདག་ཉིད་ཇི་བཞིན་རྒྱུ་ལྟོས་ནས། རང་བཞིན་མེད་ན་མི་འབྱུང་

བར། །ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་འགའ་ཞིག་ལ་ཁྱབ་བསྒྲུབ་པར་བྱེད་པའི་རྒྱུ་ཡིན་པ་དེ་ལྟར་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་དེ་སྒྲུབ་པར་བྱེད་པའི་གཏན་ཚིགས་དག་གིས་མེད་ན་མི་འབྱུང་བ་ཉིད་ཡིན་པར་རྟོགས་པར་བྱའོ། །འཇིག་དང་བྱས་པ་ཉིད། གོང་དུ་ཇི་སྐད་བཤད་ཟིན་ཏོ། །

དེ་ཇི་ལྟར་རིགས་པར་རང་བཞིན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་གཞན་དག་ཀྱང་མེད་ན། མི་འབྱུང་བ་ཉིད་ཡིན་པར་རིག་པར་བྱའོ། །དེ་དེ་ལྟར་ན་འབྲེལ་པ་རྣམ་པ་གཉིས་པོ་དག་ཀྱང་སྲོག་ལ་སོགས་པ་ལ་ཡོད་པ་མ་ཡིན་པ་དེ་ལྟར་གོ་བར་བྱེད་པ་མ་ཡིན་ཏེ། དཔེར་ན་མཉན་པར་བྱ་བ་ཉིད་ལྟ་བུའོ། །

གང་དག་དེ་གོ་བར་བྱེད་པ་ཡིན་པར་མི་འདོད་པ་དང་སྲོག་ལ་སོགས་པ་གོ་བར་བྱེད་པ་ཡིན་པར་འདོད་པ་དེ་དག་གི། ཇི་ལྟར་མཉན་པར་བྱ་བ་ཉིད་གོ་བར་བྱེད་པ་མ་ཡིན་པ་དེ་ལྟར་སྲོག་ལ་སོགས་པ་ཡང་ཡིན་ནོ། །མཚུངས་པར་མཐོང་ཕྱིར། མཚུངས་པར་སྣང་བ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་མཉན་

เล่ม ๑๗๕ · หน้า 321b

པར་བྱ་བ་ཉིད་བཤད་པ་མཛད་པས་གཏན་ཚིགས་མིན། རྟོགས་པའི་ཚུལ་འདི་ཀུན། བཤད་མ་ཐག་པ་སྟེ། དཔེར་ན་སྲོག་ལ་སོགས་པ་ཁོ་བོ་ཅག་གིས་བསྟན་པ་ལྟ་བུའོ། །དེ་བཞིན་དུ་གཞན་དག་ལ་ཡང་གཏན་ཚིགས་ལྡོག་པ་ཅན་ནི་དཔྱད་པར་བྱ། གལ་ཏེ། རང་བཞིན་

འབྲས་བུ་བསྒྲུབ་དོན་དུ། གཉིས་དང་གཏན་ཚིགས་བཟློག་པ་གཉིས་ཡིན་པ་དེའི་ཚེ་མི་དམིགས་པ་གྲུབ་པའི་དོན་དུ་ཡང་ཅིའི་ཕྱིར་དཔེ་མ་བྱས་པ་ཡིན་ཞེ་ན། བྱས་པ་ཉིད་ཡིན་ཏེ། དེ་ལྟར་ནི་རང་བཞིན་མི་དམིགས་པ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པར་འགྱུར་རོ་ཞེས་བཤད་པ་

ཉིད་ཡིན་ནོ། །དེ་ན་རང་བཞིན་གྱི་གཏན་ཚིགས་ཀྱི་དཔེ་ཉིད་ཀྱིས་བསྟན་པ་ཡིན་ནོ། །བརྒྱུད་པས་རང་བཞིན་ཉིད་འགོག་པའི་ཕྱིར། །རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ཡང་བསྟན་པར་འགྱུར་རོ། །ཡང་ན་འདི་གཉིས་སོ་སོར་བསྟན་པ་ན་ཡང་གང་གི་རྒྱུའམ་རང་བཞིན་འདི་ཉིད་ལྡོག་

པ་ན། རང་གི་འབྲས་བུ་དང་རང་བཞིན་ལྡོག་པར་འགྱུར་རོ་ཞེས་བཤད་དོ་དེའི་ཕྱིར། གཏན་ཚིགས་རང་བཞིན་ལྡོག་ཉིད་ཀྱིས། །དོན་གྱིས། དེ་ལས་བྱུང་བ་དང་དེའི་རང་བཞིན་ལྡོག་པ་བརྗོད་པའི་རྒྱུའི་ཕྱིར། གང་ལ་རྒྱུའམ་རང་བཞིན་མེད་པ་དེ་ལ་འབྲས་བུའམ་རང་བཞིན་ཡོད་

པ་མ་ཡིན་ནོ་ཞེས་དོན་གྱིས་བཤད་པར་འགྱུར་རོ། །དེ་ལྟར་ན་རང་བཞིན་དང་འབྲས་བུ་དག་གི་ལྡོག་པ་བསྟན་པ་ཉིད་ཀྱིས། མི་དམིགས་དཔེ་ནི་གྲུབ་པ་ཅན། །རྒྱུ་མི་དམིགས་པ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་པའི་ཕྱིར་ཐ་དད་པར་ནི་མ་བསྟན་ཏེ། སོ་སོར་མ་བསྟན་ཏོ་ཞེས་བྱ་བའི་ཐ་

ཚིག་གོ། །དེ་ལྟར་འགྱུར་བ་ནི་བླ་སྟེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཞེས་བྱ་བའི་ཁྱད་པར་གང་ལས་ཐོབ་པ་ཡིན་ཞེ་ན། བཤད་པ་དེ་ལ་འོད་སྐྱེས་བུ་མ་མཐོང་ལས། སྲོག་སོགས་ལྡོག་པ་མེད་པའི་ཕྱིར། །གཞན་ལ་མཐོང་བའི་ངོ་བོ་ཞེས་བྱ་བ་ལ་སོགས་པས་བདག་མི་སྣང་བ་ལྡོག་

པ་མེད་པའི་ཕྱིར་སྲོག་ལ་སོགས་པ་གཏན་ཚིགས་ཐེ་ཚོམ་ཟ་བཤད་པས། གལ་ཏེ་མི་དམིགས་པ་འདི་ལ་ཡང་གང་ལྡོག་པ་སྒྲུབ་པར་བྱེད་པ་དེ་མི་སྣང་བའི་དོན་ཡིན་པ་དེའི་ཚེ། མི་སྣང་དོན་ལ་དེ་སྟེ། གཏན་ཚིགས་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །མི་དམིགས་པའི་

เล่ม ๑๗๕ · หน้า 322a

དེ་དངོས་ཏེ། དངོས་པོར་གྱུར་པའི་ཆོས་ཅན་ལ་ཡང་དགག་པ་བསྒྲུབ་པར་འགྱུར་རོ། །ཡང་གི་སྒྲ་ནི་དངོས་པོ་མ་ཡིན་པ་ལ་ཡང་ངོ་། །འདི་འདྲ་བ་ཞིག་ཅེ་ན། ཆ་ནི་ཁས་བླངས་མེད་པ་ཅན་ཏེ། དངོས་པོའི་རང་བཞིན་འཕེན་པ་མ་ཡིན་པའོ། །རྒྱུ་དང་ཁྱབ་པར་བྱེད་པ་མི་

དམིགས་པ་དག་གི་ནི་དངོས་པོ་རྣམ་པར་གཅོད་པ་ཙམ་དང་། མེད་པའི་ཐ་སྙད་འབའ་ཞིག་སྒྲུབ་པར་བྱེད་པ་ཡིན་ནོ། །སྔ་མ་དག་གིས་ཏེ། རང་བཞིན་དང་འབྲས་བུའི་གཏན་ཚིགས་དག་གིས་དོན་གཞན་གྱིས་དབེན་པའི་དངོས་པོའི་ཆོས་མ་ཡིན་པའི་བསྒྲུབ་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།

སྒྲུབ་པར་བྱེད་པའི་ཕྱིར་རོ། །དངོས་པོ་ཙམ་ཉེ་བ་ཉིད་ཡིན་པའི་ཕྱིར་རོ། །རང་བཞིན་མི་དམིགས་པ་ནི་མེད་པའི་ཐ་སྙད་ཡིན་གྱི། མེད་པ་མ་ཡིན་པ་དེ་ལྟར་ན་རང་བཞིན་མི་དམིགས་པ། དེ་ལ་དམིགས་པ་དག་ལ་ནི། སྣང་བའི་དོན་དག་ལ། དམིགས་པ་ལས་གཞན་ཡོད་པ་

ཡིན། འོན་ཀྱང་དམིགས་པ་ཉིད་ཡོད་པ་ཉིད་ཡིན་ནོ། །དེ་ལྟར་དམིགས་པའི་སྒྲ་ལས་ལ་ཡོད་པའམ། བྱེད་པ་པོ་ལ་ཡོད་པའི་བྱ་བ་ཡིན་པར་བརྗོད་གྲང་ན། ལས་ལ་གནས་པ་ཡིན་ན་ནི། དོན་གྱི་རུང་བ་ཉིད་དམིགས་པ་ཡིན་ནོ། །དེ་ཡང་དམིགས་པ་དག་ལ་བདག་ཉིད་

ཀྱི་ཕྱིར་ཁྱད་པར་ཡོད་པ་ཉིད་ཡིན་ནོ། །བྱེད་པ་པོ་ལ་གནས་པ་ཉིད་ཡིན་ན་མི་དམིགས་པའི་ཤེས་པ་དམིགས་པ་ཡིན་ཏེ། དེ་ཡང་དེ་འདྲ་བའི་དོན་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཁྱབ་པ་དང་ལྡོག་པ་མེད་ན་ནི་འཁྲུལ་པ་མེད་པ་ཅན་ཡིན་པ་དེ་ལྟར་ན་ཡང་ཡོད་པ་ཉིད་

བཞིན་དུ་ཉེ་བར་བཏགས་པ་ལས་ཡོད་པ་ཉིད་ཡིན་ནོ། །དེ་ལྟར་རྣམ་པ་གཉི་ག་ལྟར་ཡང་མི་དམིགས་པ་ཡོད་པ་ཉིད་ཡིན་ནོ། །དེ་མེད་པའང་མེད་པ་ཉིད་ཡིན་ཏེ། མི་དམིགས་པའི་ཕྱིར་རོ། །མེད་པའི་ཐ་སྙད་ཀྱི་ཡུལ་དེ་ཤེས་པ་ན། གང་གི་ཡུལ་ཅན་དག་མི་ཤེས་པ་ཡིན་ཏེ།

རྨོངས་པའི་ཕྱིར་རོ། །དེའི་ཕྱིར་མི་ཤེས་ཤེས་བྱེད་ཕྱིར། རང་བཞིན་མི་དམིགས། གཅིག་དཔེར་བཞེད་པ་ཡིན་མི་དམིགས་པ་དེ་ཡང་མེད་པ་ཉིད་ཀྱི་རང་བཞིན་ཡིན་ནོ། །དེ་བས་ན་རང་བཞིན་མི་དམིགས་པ་དེ་ལྟ་ཡུལ་ནི་མེད་ཉིད་ཕྱིར། ཤེས་པ་ལ་སོགས་པའི་ཡུལ་གྱི་དངོས་

เล่ม ๑๗๕ · หน้า 322b

པོ་མེད་པའི་རྒྱུའི་ཕྱིར། ཤེས་པ་ཡོད་པ་ཉིད་དང་བརྗོད་པ་ཉིད་ཡོད་དམ་མེད་ཅེས་ཐེ་ཚོམ་ཟ་བ་ནི། ཤེས་བརྗོད་ཐེ་ཚོམ་ཟ་བ་ཡིས། །ཡུལ་ཅན་དག་ནི་འགོག་པར་འགྱུར། །ཇི་ལྟར་ཞེ་ན། དཔེར་ན་སྲེག་མེད་ཕྱིར་མེ་མིན། དཔེར་ན་འགའ་ཞིག་ལ་གཞན་གྱི་མེ་དང་འདྲ་

བར་སྣང་བའི་ཤེས་པ་སྐྱེས་ན། མེའི་རང་བཞིན་གྱི་ཐེ་ཚོམ་ཡོད་ན། གཞན་ལ་འདི་ནི་དཔེར་ན་མེ་མ་ཡིན་ཏེ། སྲེག་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ལྟ་བུའོ། །སྲེག་པར་བྱེད་པ་ལས་མེ་ནི་གཞན་མ་ཡིན་ཏེ། འོན་ཀྱང་སྲེད་པར་བྱེད་པའི་དོན་མེའི་ཐ་སྙད་

ཀྱི་ཡུལ་དུ་འགྱུར་བ་མེད་པ་ཉིད་ཀྱིས། འཇིག་རྟེན་ལ་ཐ་དད་པ་མེད་པར་མེའི་ཤེས་པ་ལ་སོགས་པར་འགོག་པར་འགྱུར་རོ། །ཇི་ལྟར་དམིགས་པ་ལས་ཡོད་པ་ཉིད་གཞན་མ་ཡིན་ནོ་ཞེས་མི་བརྗོད་པ་དེ་ལྟར། མི་དམིགས་པ་ལ་མི་དམིགས་དོན་དག་ལ། གཞན་ཡང་ཡོད་པ་

ཉིད་མ་ཡིན། འོན་ཀྱང་མི་དམིགས་པ་ཁོ་ན་མེད་པ་ཉིད་ཡིན་ནོ། །དེ་བས་ན་སྟེ་དེའི་ཕྱིར་རོ། །དེ་ཡོད་ཕྱིར། མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཤེས་པ་དེ་རྒྱུ་ཅན་ཏེ། མི་དམིགས་པའི་རྒྱུ་ཅན་དང་། སྒྲ་བསྒྲུབ་བྱར་འགྱུར། མེད་པའི་ཤེས་པ་དང་། བརྗོད་

པ་དང་ཐ་སྙད་དོ། །གལ་ཏེ་དམིགས་པའི་རྒྱུ་མཚན་དུ་གྱུར་པས། རྒྱུ་མཚན་མེད་པའི་ཤེས་པ་ལ་སོགས་པ་བསྒྲུབ་པར་བྱ་བ་ཡིན་ན། དེའི་ཚེ་རྒྱུ་མཚན་ཡོད་ན་རྒྱུ་མཚན་ཅན་ཡོད་པར་ངེས་པ་མེད་པའི་ཕྱིར། མེད་པའི་ཤེས་པ་དང་། བརྗོད་པ་འཇུག་པ་འགྲུབ་པ་མ་ཡིན་ནོ་

ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་མེད་ཅེས་བྱ་བའི་ཐ་སྙད་འདི་གྲུབ་པོ། །གྲུབ་པ་ཉིད་ཡིན་ནོ། །གང་གི་ཚེ་ཞེ་ན། སྣང་བ་མ་མཐོང་ལ། དམིགས་སུ་རུང་བ་མ་མཐོང་བ་ཡོད་པ་ནའོ། །དེའི་ཕྱིར་མཐོང་བ་དང་མ་མཐོང་བ། དེ་གྲུབ་པ་ན་དེ་འབྲས་ལའང་། ཡོད་ན།

བློ་དང་སྒྲ་ལ་ཐེ་ཚོམ་མེད། དེ་ལྟར་མེད་པའི་ཐ་སྙད་ལ། དེ་དག་འཇུག་པ་མ་ཡིན་ན་གང་གིས་ན་ངེས་པ་མེད་པར་འགྱུར། འོན་ཀྱང་དེ་འདྲ་བའི་ཡུལ་གྱི་དངོས་པོ་སྣང་བ་ལ་མེད་དོ་ཞེས་བྱ་བའི་ཐ་སྙད་གྲུབ་པ་མ་ཡིན་ནོ། །འོན་ཀྱང་ཡུལ་ཡོད་ན་ཡང་རྨོངས་པའི་ཕྱིར། གཞན་དག་

เล่ม ๑๗๕ · หน้า 323a

སྐྱེས་བུ་གཞན་བསྟན་པར་བྱ་བ། དེ་ལ་འཇུག་མི་འགྱུར། མེད་པར་བརྗོད་པ་ལ་སོགས་པ་འཇུག་པར་མི་འགྱུར་གྱི། བརྡ་དང་དྲན་པར་བྱེད་པ་ཡིན། དཔེར་ན་འཇིག་རྟེན་མེད་པ་ཐ་སྙད་ཅི་འདྲ་བ་སྣང་བར་འགྱུར་བ་མི་དམིགས་པ་ན། ཡུལ་ཉིད་དུ། གྲུབ་པ་

ཡིན་ཞིང་གང་ལ་ཁྱོད་ཀྱིས་ཀྱང་མེད་པའི་ཐ་སྙད་བྱས་པ་དེ་དང་ཆོས་མཐུན་པ་ཡིན་པ་དེ་བས་ན་འདི། གྲུབ་པའི་ཡུལ་དང་ཆོས་མཐུན་ཕྱིར། འདིར་ཡང་མེད་པའི་ཐ་སྙད་རྟོགས་པར་འགྱུར་རོ། །ཅི་དང་འདྲ་བར་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར། རྒྱུ་དང་

འབྲས་ཉིད་གྲུབ་པར་འགྱུར། །གང་ལས་ཤེ་ན། མཐོང་དང་མ་མཐོང་ལས། དཔེར་ན་མཐོང་བ་དང་མ་མཐོང་བ་དག་ལ་འབྲས་བུ་དང་རྒྱུའི་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་པ་ལྟ་བུའོ། །འདི་གཉིས་ལས་གཞན་པའི་རྒྱུ་དང་འབྲས་བུ་ཞེས་བྱ་བ་ཉིད་ཀྱི་ཕྱིར། དེ་དག་ལ་ནི་མཐོང་བ་དང་མ་

མཐོང་བ་དག་ལ་ནི་འབྲས་སོགས་སྒྲའི། ཐ་སྙད་ཕྱིར་ནི་བརྟགས་པ་ཡིན། །འདི་ལྟར་མི་དམིགས་པའི་རྒྱུའི་ཕྱིར། མེད་པའི་ཤེས་པ་ལ་སོགས་པར་རུང་བ་ཉིད་ཀྱི། འབྲས་བུ་གྲུབ་པས་ན། དེ་བས་ན་རང་བཞིན་མི་དམིགས་པ་ནི། རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པ་ཡིན་པ་དེ་བས་

ན། རང་བཞིན་མི་དམིགས་པ་འདི་ནི། རང་བཞིན་ནང་འདུས་ཕྱིར། གཏན་ཚིགས་རབ་དབྱེ་བཤད་པ་ལ། །ཐ་སྙད་དཔེ་བསྟན་མེད་པ་ཅན། །གང་ལ་དཔེ་བསྟན་པ་མེད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་མི་དམིགས་པ་དེ་ཉིད་ཇི་ལྟར་གྲུབ་པ་ཡིན་ཞིང་གང་གིས་མེད་པའི་

ཤེས་པ་ལ་སོགས་པ་བསྒྲུབ་པར་བྱ་བ་ཡིན་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར། གཅིག་དམིགས་ཉམས་སུ་མྱོང་བའི་ཕྱིར། དོན་གཅིག་གཞན་དང་འདྲེ་བ་ཅན་དམིགས་པ་ཉམས་སུ་མྱོང་བའི་ཕྱིར་དུས་ཕྱིས་དངོས་པོ་འདི་ནི་དམིགས་པ་མེད་ཅེའམ། དམིགས་པ་ཞེས་ནི་རྟོགས་

པ་ཡི། །དེ་ལྟར། བློ་ནི་ངེས་པར་འགྱུར་བ་ཡིན། གཅིག་དམིགས་པའི་ཕྱིར་ཞེས་བྱ་བ་དེ་ཙམ་བརྗོད་པར་བྱ་བ་ཡིན་ན། དོགས་པ་གང་གིས་ཉམས་སུ་མྱོང་བར་བསྟན་པར་བྱ་བའི་ཕྱིར། ཚོར་བ་ཁྱད་པར་ཅན་ཉིད་ཕྱིར། དོན་རྣམས་ཁྱད་པར་རྟོགས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ།

เล่ม ๑๗๕ · หน้า 323b

དེ་སྐད་དུ་དེ་ནི་རེ་ཞིག་དོན་ནི་རང་ཡོད་པ་ཉིད་ཙམ་གྱི་ཐ་དད་པ་དང་ཐ་དད་པ་མེད་པ་གྲུབ་པ་ཉིད་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཤེས་པའི་དབང་ལས་ཡིན་ནོ། །གལ་ཏེ་ཐ་དད་པ་མ་ཡིན་པ་དེའི་ཚེ། དོན་ཐ་དད་པའམ་ཐ་དད་པ་མེད་པ་འགྲུབ་པར་འགྱུར་རོ། །ཇི་ལྟར་མྱོང་བ་ཐ་དད་པ་དང་།

ཐ་དད་པ་མེད་པ་དག་གིས་དོན་ཐ་དད་པ་དང་ཐ་དད་པ་ཡིན་པ་དེ་ལྟར་དེ་ཤེས་པའི་ཤེས་པ་ཐ་དད་པ། མེད་པ་དག་གིས་ཤེས་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཤེས་པའི་བདག་ཉིད་དེ་ཇི་ལྟར་གཞན་དང་འདྲེས་པ་ཅན་ནམ་གཞན་དང་འདྲེས་པ་ཅན་མ་ཡིན་པ་གསལ་བར་བྱེད་པ་དེ་ལྟར་

ཐ་དད་པ་དང་། ཐ་དད་པ་མེད་པའི་ཤེས་པའི་ཡུལ་དུ་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་བསྟན་པའི་ཕྱིར་ཉམས་སུ་མྱོང་བ་གསུངས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ན། དེ་ལྟའི་བདག་ཉིད་མྱོང་བ། སོ་སོར་ངེས་པའི་རང་གི་ངོ་བོ་ཉམས་སུ་མྱོང་བ་ཉིད་ནི། ཤེས་འདིའི་ཐ་

དད་བློ་རྒྱུ་ཡིན། །དེའི་མྱོང་བའི་ཁྱད་པར་གཞན་ནི་མ་ཡིན་ནོ། །དེས་ན་དོན་གྱི་རྣམ་པ་ཐ་དད་པ་འཛིན་པ་ཅན་གྱི། བློ་གཉིས་ཐ་དད་གྲུབ་པ་ཡིན་ཏེ། དཔེར་ན་བློ་འདི་ལས་ཐ་དད་པ་ཡིན་ནོ་ཞེས་རང་ཉིད་ལས་གྲུབ་པར་འགྱུར་རོ། །ཡང་ཤེས་པ། དེ་དག་གིས་དེའི་དོན། ཤེས་པ་ཐ་

དད་པ་དེ་དག་གི་ཡུལ་དུ་གྱུར་པའི་དོན་གང་ཡིན་པ་དེ་དག་ནི། རང་གི་ཡུལ་དུ་གྱུར་པའི་ཤེས་པ་དག་ལས་ཐ་དད་པར་གྲུབ་པ་ཉིད་ཡིན་ནོ། །དེ་ལྟ་མིན་ན་གལ་ཏེ། བློ་རང་ཉིད་ལས་ཐ་དད་པ་མ་ཡིན་གྱི། འོ་ན་ཅི་ཡིན་ཞེ་ན། ཤེས་པའི་ཤེས་པ་ཐ་དད་པ་ལས་ཡིན་ན། དེའི་ཚེ་དེ་ཡང་

རང་རིག་པའི་ཁྱད་པར་གཞན་ལས་ཁྱད་པར་དུ་གྱུར་པ་ཡིན་ཞིང་། གཞན་ལས་ཡིན་པ་དེ་ལྟར་ན་ཐུག་མེད་ཕྱིར་ཏེ། རྒྱུའི་ཕྱིར་གཅིག་གི་ཡང་ཐ་དད་པ་མ་གྲུབ་པ་ན་ཐམས་ཅད་ཀྱི་མི་འགྲུབ་པ་དེ་ལྟར་ན། འགའ་ཞིག་ཐ་དད་གྲུབ་མི་འགྱུར། །ཤེས་པའམ། དོན་འགའ་ཞིག་གི་

ཡང་ཐ་དད་པའམ། ཐ་དད་པ་མེད་པ་གྲུབ་པར་མི་འགྱུར་རོ། །དེ་ལྟར་ན་གདོན་མི་ཟ་བར་ཤེས་པ་བདག་ཉིད་ཀྱི་ཁྱད་པར་དུ་གྱུར་པ་ཡིན་ནོ་ཞེས་ཁས་བླང་བར་བྱའོ། །འདིས་ཀྱང་ཤེས་པ་རང་རིག་ལ་གྲུབ་པ་ཡིན་ནོ། །ཞར་ལ་འོངས་པ་རྫོགས་སོ།། །།

เล่ม ๑๗๕ · หน้า 324a

དེ་བས་ན། ཁྱད་པར་ཅན་དངོས་པོ་མྱོང་བ་དེའི་ཕྱིར། གཞན་དང་འདྲེས་པ་མ་ཡིན་པའི་དོན་གྱི་རང་གི་ངོ་བོ་རྣམ་པར་ངེས་པ་དམིགས་པ་མྱོང་བའི་ཕྱིར། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་དོན་ཏེ། བསལ་བ་སྟེ། བཀག་པས་

ནི་གཞན་མ་ཡིན། དེ་བས་ན། དེ་ལས་ཁྱད་པར་ཅན་དམིགས་པ། དེ་དགག་པར་བྱ་བ་བུམ་པ་ལ་སོགས་པ། དེ་ལས་ཁྱད་པར་ཅན་འགའ་ཞིག །དོན་དེས་དབེན་པའི་ངོ་བོ་ཅན་གྱི་དོན་དམིགས་པ་གང་ཡིན་པ་དེ་ཉིད་དགག་པར་བྱ་བ་ཉིད་དུ་བརྗོད་པར་འདོད་

པའི་དོན་དེ་ཡང་མི་དམིགས་པ་ཡིན་ནོ། །གང་གི་ཕྱིར་གཞན་དམིགས་པ་ཉིད་མ་ཡིན་པར་དགག་པ་མི་དམིགས་པ་བརྗོད་པ། དེས་ན་མི་དམིགས་པ་འདི་ནི། མངོན་སུམ་བདག་ཉིད་ཁོ་ནས་རྟོགས། རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། གཅིག་དམིགས་

པ་ཉིད་གཞན་མི་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཤེས་པ་ཤེས་པ་གཞན་ལས་ཁྱད་པར་མ་གྲུབ་པ་ཅན་དུ་གྱུར་པ། གོ་བྱེད་ཉིད་ཡིན་ནོ། །གང་གི་ཞེ་ན། དེ་མེད་རྣམ་གཞག་གིས་ཏེ། མེད་པའི་ཐ་སྙད་ཀྱིའོ། །ཅི་འདྲ་བ་ཞིག་ཅེ་ན། རང་ཉིད་ཙམ་གྱིས་འཇུག་

པ་ཅན། མི་དམིགས་པའི་རང་གི་ངོ་བོ་ཉེ་བ་ཙམ་གྱིས་འཇུག་པའི་ཆོས་ཅན་ནོ། །དེ་ལ་གང་གི་ཚེ་རྣམ་པ་གཅིག་ཏུ་རྣམ་པར་ངེས་པའི་དོན་ཅན་གྱི་མི་དམིགས་པ་ཡིན་པ་དེའི་ཚེ་ཡུལ་དུ་གྱུར་པ་ལས་ཡུལ་ཅན་གྱི་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ནོ། །ཅི་སྟེ་ཡང་ཤེས་པ་མི་དམིགས་པ་ཡིན་

པ་དེའི་ཚེ། རྒྱུ་མཚན་དེས་རྒྱུ་མཚན་ཅན་གྱི་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་ན་རྣམ་པར་ངེས་པའི་ཡུལ་དང་དམིགས་པ་འདི་ལ་རང་ཡོད་པ་ཙམ་གྱིས་མེད་པའི་ཐ་སྙད་ལ་འཇུག་པར་འགྱུར་བའི་ཕྱིར། འདི་གཉིས་ནི། རང་ཉིད་ཙམ་གྱིས་འཇུག་པ་ཅན། །ཞེས་བྱ་

གསུངས་པ་ཡིན་ནོ། །གཞན་དུ་གལ་ཏེ་རང་ཉིད་ལས་མི་དམིགས་པ་གྲུབ་པར་མི་འགྱུར་བ་དེའི་ཚེ། མི་དམིགས་པ་ལས་ནི། དོན་མེད་པ་ཉིད་རྟོགས་པར་འགྱུར། །ཡུལ་ལ་དམིགས་པ་ལྡོག་པ་ལས་སོ། །གཞན་གྱི་ཡུལ་ལ་དམིགས་པ་དེ་ཡང་མེད་པ་ཉིད། ཡུལ་དམིགས་

เล่ม ๑๗๕ · หน้า 324b

པ་མི་དམིགས་པས་སོ། །དེ་ལྟར་ན་ནི་ཐུག་མེད་འགྱུར། །དེ་བས་ན་འགའ་ཞིག་ཀྱང་མེད་པ་ཉིད་དུ་གྲུབ་པ་མ་ཡིན་ནོ། །དེ་དེ་ལྟར་ན་མི་དམིགས་པ་དེ་ལྟ་བུར་གྱུར་པས་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་དོན་དག་ལ་མེད་པར་རྟོགས་པར་འགྱུར་རོ། །དོན་མི་སྣང་བ་ལ་ཡང་མེད་

པའི་ངེས་པ་མི་རུང་ཕྱིར། ཅི་སྟེ་ཡོད་པའམ་ཅི་དེ་མེད་པ་ཉིད་ལས་མི་དམིགས་པ་ཡིན་ནོ་ཞེའོ། །འོན་ཀྱང་མི་དམིགས་པའི་མཚན་ཉིད་ཅན་གྱི་དོན་གཞན་ལ་གནས་པ་སྟེ། ཡོད་པའི་ཐ་སྙད་འགོག་པར་འགྱུར་ཏེ། མི་སྣང་བའི་ཡུལ་ཅན་གྱི་མི་དམིགས་པ་ནི་ཡོད་པའི་ཐ་སྙད་འགོག་པའི་

འབྲས་བུ་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དམིགས་པ་ན་ཡོད་པའི་ཐ་སྙད་ཀྱི་རྒྱུ་ཡིན་ལ། དེ་དོན་གང་ལ་མེད་པ་དེ་ལས་ཡོད་པའི་ཐ་སྙད་ལྡོག་པར་འགྱུར་གྱི། མེད་པའི་ཐ་སྙད་ཀྱི་ཡུལ་དུ་གྱུར་པ་ནི་མ་ཡིན་ནོ། །དཔེར་རྟགས་ཅན་མིན། རྟགས་ཡོད་པ་མ་ཡིན་པ་ཅན་

ནོ། །རྣམ་རྟོག་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི། ཤེས་པའི་ཤེས་ལ་སོགས་པ་གཟུང་ངོ་། །སེམས་ཅན་གཞན་ལ། སྐྱེ་བ་དབང་པོ་ལས་འདས་པ་ཉིད་ཡིན་པའི་ཕྱིར། མི་དམིགས་པར་འགྱུར་བ་ན། འགྲུབ་པ་མི་འགྱུར་བཞིན་ནོ། །དེ་ལྟར་ན་ཡང་དེ་ལ་མེད་པའི་ཐ་སྙད་ཉིད་

འཇུག་པར་འགྱུར་བ་མ་ཡིན་ནོ། །ཡང་ཅིའི་ཕྱིར་མི་དམིགས་པ་དེ་དག་ཡོད་ན་ཡང་མེད་པའི་ཐ་སྙད་འཇུག་པར་མི་འགྱུར་ཞེ་ན། འདི་ལྟར། འབྲས་བུ་ངེས་མེད་ཅན་དེ་དག །མི་སྣང་བའི་ཡུལ་ཅན་གྱི་མི་དམིགས་པའོ། །ཡོད་པ་དང་མེད་པ་ཉིད་དུ་བསྒྲུབ་པའི་རྒྱུ་མཚན་ཅན་ནི་ཡོད་པ་དང་མེད་

པའི་ཐ་སྙད་ཡིན་ཞིང་། དེ་ལ་ཇི་ལྟར་ཡོད་པ་གྲུབ་པ་མེད་པའི་ཕྱིར། །རྣམ་པར་རྟོག་པ་ལ་སོགས་པའི་ཐ་སྙད་ལ་འཇུག་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། འདི་ལྡོག་པ་བསྒྲུབ་ལ་ནུས་པ་མེད། ལྡོག་པ་ངེས་པ་ལའོ། །དང་པོར་ཡང་རྒྱུ་ལ་སོགས་པ་མི་དམིགས་པ་མེད་པ་སྒྲུབ་པར་བྱེད་པ་ལ།

གཏན་ཚིགས་དེ་དག་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ངེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ངེས་པ་ཉིད་ཀྱི་གཏན་ཚིགས་ཚུལ་གསུམ་པ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་དོན་བསྒྲུབ་ཕྱིར་རོ། །དེ་ཡང་ངེས་པར་བྱེད་པའི་ངང་ཚུལ་དང་པོའི་མི་དམིགས་པ་ཉིད་ཡིན་ནོ། །བདག་ཉིད་སྦྱོར་བ་

เล่ม ๑๗๕ · หน้า 325a

དག་ལ་དེའི། མེད་པ་སྒྲུབ་པར་བྱེད་པའི་རང་གི་ངོ་བོ་སྟེ། མི་དམིགས་པའི་ངོ་བོ་སྦྱོར་བའམ། དོན་ལ་གནོད་བྱེད་ངོ་བོ་སྟེ། །ཕྱིན་ཅི་ལོག་ཏུ་དམིགས་པའི་ངོ་བོའོ། །དོན་འདི་ལ་གནོད་པར་བྱེད་པ་འདི་ཡིན་ནོ་ཞེས་བྱ་བ་འདི་ཉིད་གང་ལས་རྟོགས་པར་འགྱུར།

གང་གིས་དོན་ལ་གནོད་བྱེད་ངོ་བོ་སྦྱོར་བ་ཡིན་ཞེ་ན། ཡོད་ན་ཡོད་པས་མེད་ཕྱིར་རམ། །རྒྱུ་མ་གཏུགས་པ་ཅན་ཡོད་ན་མེད་ཕྱིར་ཏེ། སྣང་བའི་བདག་ཉིད་ཅན་གྱི་གྲང་བ་དང་། དྲོ་བའི་རེག་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕན་ཚུན་ཐ་དད་གྲུབ་པའི་ཕྱིར། །ཕན་ཚུན་སྤངས་

ཏེ་གནས་པའི་མཚན་ཉིད་ཅན་གྱི་འགལ་བ་ཉིད་ཡིན་པའི་ཕྱིར་རོ། །བརྟན་དངོས་དང་ནི་འཇིག་པ་བཞིན། །རྟག་པ་དང་མི་རྟག་པ་ཉིད་བཞིན་ནོ། །ལྷན་ཅིག་མི་གནས་པའི་མཚན་ཉིད་ཅན་གྱི་འགལ་བ་ནི་ཅིག་ཤོས་ཁོ་ན་ཡིན་ནོ། །དེ་ཡང་སྣང་བ་དང་མི་སྣང་བའི་ཡུལ་གྱི་ཁྱད་པར་

ལས་གཉིས་སུ་ངེས་པར་བྱས་ནས། རྣམ་པ་གཉིས་སུ་བསྟན་པར་འགྱུར་རོ། །ཚད་མ་གཞན་གྱིས་གནོད་པའི་ཕྱིར་དང་བརྒྱུད་པས་ཀྱང་འགལ་བར་འགྱུར་རོ། །རེས་འགའ་བ་དང་ལྟོས་མེད་བཞིན། །དངོས་པོ་གང་ལ་ལྟོས་པ་མེད་པ་གང་ཡིན་པ་དེ་དག་ནི། རེས་འགའ་

བར་འགྱུར་བ་མ་ཡིན་ཏེ། དཔེར་ན་རྒྱུའི་ཚོགས་པ་ཐ་མ་ལ་གགས་བྱེད་པ་མི་སྲིད་པ་བཞིན་ནོ། །དེ་འདིར་ལྟོས་པ་མེད་པ་དང་། །རེས་འགའ་བ་ཉིད་ནི་དངོས་སུ་འགལ་བ་ཡོད་པ་མ་ཡིན་ན་ཡང་། ལྟོས་པ་མེད་པ་ཉིད་ཀྱི་ཁྱབ་པར་བྱེད་པ་བརྟན་པའི་ངོ་བོ་ཉིད་དང་། ལྷན་ཅིག་རེས་འགའ་

བ་ཉིད་འགལ་བར་འགྱུར་བ་ན། ལྟོས་པ་མེད་པ་ཉིད་དང་། དོན་གྱིས་འགལ་བ་ཡིན་ནོ། །ཅི་སྟེ་སྒྲ་འཇིག་པ་ལ་ལྟོས་པ་མེད་པར་མི་འདོད་པ་དེའི་ཚེ། འཇིག་པའི་རང་བཞིན་ཅན་དུ་ངེས་པར་མི་འགྱུར་རོ། །དེ་ལྟར་ནི། ཉེ་བ་ཡིན་ན་རྒྱུ་གཞན་གྱི། །ཀུན་སློང་ངེས་པ་གང་ལས་ཡིན། །མ་

ཡིན་པ་ཉིད་ཡིན་ནོ། །དངོས་པོ་གང་ལ་ལྟོས་པ་བཅས་པར་འདོད་པ་གང་ཡིན་པ་དེ་དག་ནི། དེའི་ངོ་བོ་ངེས་པར་འདོད་པ་ཉིད་ཡིན་པར་མི་བྱ། དཔེར་ན་གོས་ལ་ཚོན་བཞིན་ནོ། །དངོས་པོ་སྐྱེ་བ་དང་ལྡན་པ་འཇིག་པའི་རང་བཞིན་ནི་ལྟོས་པ་དང་བཅས་པ་ཡིན་པར་འདོད་

เล่ม ๑๗๕ · หน้า 325b

པ་ཡང་ཡིན་ནོ། །དེ་ལྟར་མི་འགྱུར་མོད་ཀྱི། དངོས་པོ་རྒྱུ་ལས་བྱུང་ཉིད་ན། །དངོས་པོ་འགྲུབ་བྱེད་པ་རྒྱུ་ཉིད་ཀྱིས་མི་རྟག་པ་ཉིད་ཅེས་བྱ་བའི་ཆོས། དངོས་པོ་འཇིག་པ་སྐྱེད་པར་བྱེད་དོ། །དེས་ནི་དངོས་པོ་འཇིག་པའི་རང་བཞིན་དུ་ངེས་པ་ཡིན་ནོ། །དེའི་ཚེ་ཡང་། བརྒྱུད་

པའི་དུབ་པས་ཅི་ཞིག་བྱ། །རང་ཡོད་པ་ཉིད་ཀྱི་རྒྱུ་ཉིད་ལས་དངོས་པོ་འཇིག་པའི་རང་བཞིན་དུ་ངེས་པ་དེ་དེ་འདྲ་བར་གྱུར་པ་ཡིན་ན། བརྒྱུད་པས་ཅི་ཞིག་བྱ། གཞན་ཡང་། གཞན་འཇིག་སྟེ་མི་རྟག་ཉིད་ལ་སོགས་པ་དངོས་པོ་འཇིག་པར་བྱེད་པའོ། །སྐྱེད་པར་བྱེད་པ་ཉིད་ཡིན་ནོ། །དངོས་

དེའི་སྐྱེད་པར་བྱེད་པའི་རྒྱུ། དེས་དངོས་པོ་དེའི་འཇིག་བྱེད་ཡིན་པར་འདོད་ན་གལ་ཏེ་དངོས་སུ་དེ་ཉིད་འཇིག་པའི་དངོས། སྐྱེད་པར་འགྱུར་ན། མི་འདོད་པ་ཅི་ཞིག་འགྱུར། །གལ་ཏེ་ཅིར་ཡང་མི་འགྱུར་མོད་ཀྱི། འོན་ཀྱང་དེ་ཉིད་ནི། དངོས་པོ་རྣམས་ཀྱི་འཇུག་པའི་རིམ་པ་ཡིན་པ་

དེ་བས་ན། དེ་དག་ཇི་ལྟ་བུར་འགྱུར་བ་ཉིད་ཡིན་པར་སེམས་པ་ཡིན་གྱི། རྣམ་པ་གཞན་དུ་ནི་མ་ཡིན་ནོ་ཞེ་ན། དེ་དེ་ལྟར་མ་ཡིན་གྱི། འདི་ལྟར་དེ་དག་ནི་གཉིས་སུ་འགྱུར་ཏེ། གལ་ཏེ་དངོས་པོ་འཇིག་པ་མི་རྟག་པ་ཉིད་ལ་སོགས་པ་དེ་དངོས་པོའི་བདག་ཉིད་དུ་གྱུར་པའི་འཇིག་པའི་རང་བཞིན་

བྱེད་པས་བདག་ལ་ཕན་པ་བྱེད་པའམ། མ་ཡིན་པར་འགྱུར་གྲང་ན། གལ་ཏེ་བདག་ལ་ཕན་པར་བྱེད་པ་ཡིན་པར་འདོད་པ་དེའི་ཚེ། དངོས་པོ་དེ། དེ་གྲུབ་བདག་ཉིད་ཅན་འགྱུར་ན། རྒྱུ་གྲུབ་པའི་རང་བཞིན་ཅན་གྲུབ་པར་གྱུར་ན། དེ་བདག་ལ་ཕན་བྱེད་འགྱུར་བ་ཅི་ཅིར་འགྱུར།

མ་ཡིན་པ་ཉིད་དེ་བྱ་བ་མེད་པའི་ཕྱིར་རོ། །ཅི་སྟེ་བདག་ལ་ཕན་པར་མི་འགྱུར་བ་དེ། འདོད་པའི་ཚེ་ན། འགྱུར་ན་ཅི་སྟེ། འདིའི་འགའ་ཞིག་ཏུ་ཡང་མི་འགྱུར་ཏེ། ཅུང་ཟད་ཀྱང་བྱེད་པ་མེད་པའི་ཕྱིར་རོ། །དངོས་པོ་དེ་བས་ན་གང་ལ་ལྟོས་པར་འགྱུར། འཇིག་པའི་དངོས་པོ་ལའོ། །

དེ་ལྟར་ན་འཇིག་པའི་རྒྱུ་རྟོག་པ་དོན་མེད་པ་ཅན་ནོ། །ཅི་སྟེ་འཇིག་པ་ཉིད་འགའ་ཞིག་ལ་ལྟོས་པ་མེད་ཅིང་། དངོས་པོ་བསྐྱེད་པར་འགྱུར་བ་དེའི་ཚེ། ལྟོས་པའི་རང་བཞིན་མེད་ནའང་འགའ་ཞིག་གི་ཚེ་འཇིག་པའི་རང་བཞིན་མེད་པ་དེ་ལྟ་བུར་འགྱུར་བ་མིན་ནམ་ཅི། རྟག་ཏུ་འཇིག་

เล่ม ๑๗๕ · หน้า 326a

པའི་རང་བཞིན་ཉིད་ཡིན་པར་འགྱུར་རོ། །དཔེར་ན་དེ་ཉིད་འབྱུང་འཇིག་ཅན། གང་ལ་འབྱུང་མ་ཐག་ཏུ་འཇིག་པའི་རང་བཞིན་ཡོད་པ་དེ་ལྟར་ན་འབྱུང་འཇིག་ཅན་ནོ། །སྡོད་པ་ལ་བརྟེན་མི་འདོད་བཞིན། །སྡོད་པ་ལ་རྟེན་པར་བྱེད་པས་ན། སྡོད་པ་

ལ་བརྟེན་པའོ། །སྡོད་པ་ལ་བརྟེན་པར་བྱེད་པར་མི་འདོད་བཞིན་ཏེ། སྡོད་པས་འཇིག་པའི་རང་བཞིན་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན་སྔ་མའི་གནས་སྐབས་ལས་དེ་ལ་ལྟོས་པ་མེད་པའི་ཕྱིར། འཇིག་པའི་རང་བཞིན་ཅན་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་

སྐད་ཅིག་ཀྱང་ལྟོས་མེད། །དངོས་པོ་འབྱུང་བ་མ་ཡིན་ནོ། །དངོས་པོ་མེད་པའི་འཇིག་པ་ཡིན་ཞིང་དེ་ཡང་གལ་ཏེ་མི་འདོད་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་ཚེ་འགྱུར་བ་དེའི་ཚེ་སྐད་ཅིག་མ་གཅིག་ལ་ཡང་དེ་ཉིད་དངོས་པོའི་རང་བཞིན་ཡིན་པའི་རྟག་ཏུ་དངོས་པོ་མེད་པས་དངོས་པོའི་

འབྱུང་བ་སྟེ། སྐྱེ་བ་ཉིད་དུ་འགའ་ཞིག་གི་ཚེ་ཡང་མི་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། དངོས་པོའི་རང་གི་ངོ་བོ་ཡོངས་སུ་ཤེས་པ་མེད་པའི་ཕྱིར་རོ། །དངོས་དེ་དེ་ལྟར་འགྱུར་བ་ཡིན། འཇིག་པའི་རང་བཞིན་དུའོ། །དེ་ཡང་གང་གི་ཚེ་སྐད་ཅིག་མ་དེར་ཡང་མི་འགྱུར་བ་

དེའི་ཚེ། དངོས་པོ་འཇོམས་པའི་མཚན་ཉིད་ཅན་ལ་སོགས་པའི་འཇིག་པ་ཡོད་པ་མེད་པར་འཇིག་པ་མི་རུང་བའི་ཕྱིར། དངོས་པོ་འཇིག་པའི་ངང་ཚུལ་ཅན་དུ་མི་འགྱུར་རོ། །དེ་བས་ན་དངོས་པོ་ཡོད་པ་ཉིད་འཇིག་པའི་རང་བཞིན་དུ་རིགས་པ་མ་ཡིན་པ་དེ་ལྟར་ན། གདོན་མི་ཟ་བར་

དངོས་པོ་སྐད་ཅིག་མ་ཉིད་ཡིན་ནོ། །ཅི་སྟེ་སྐད་ཅིག་མ་ཉིད་ལ་ཡང་དངོས་པོར་འགྱུར་བ་དེའི་ཚེ། དེ་ལྟར་མེད་ཡོད་ཇི་ལྟར་རུང་། དངོས་པོ་མི་རྟག་པར་མི་འགྱུར་ན། འགའ་ཞིག་ཀྱང་མེད་པའི་ཕྱིར། གང་དེ་ནི་ཅིར་ཡང་མི་རུང་ངོ་། །གཞན་ཡང་དངོས་པོ་རང་བཞིན་ཉིད་ཀྱིས་འཇིག་

པའམ་མ་ཡིན་པར་འགྱུར་གྲང་ན། འཇིག་པའི་ངང་ཚུལ་ཅན་ཉིད་ཡིན་ན་ནི་འཇིག་པའི་རྒྱུ་ཅུང་ཟད་ལ་ལྟོས་པར་མི་འགྱུར་ཏེ། བདག་ཉིད་དེའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །འཇིག་པའི་རང་བཞིན་ཉིད་མ་ཡིན་ན་ཡང་འཇིག་པའི་རྒྱུས་འཇིག་པར་བྱེད་པ་མ་ཡིན་པ། དེ་ལྟར་ན་དངོས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด