ตัวบทไม่มีชื่อ — ประโยคแรก: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๕ · หน้า 219b

ཡིན་པ་དེ་ལྟར་ན་དོན་རྟོགས་པའི་ངོ་བོ་བྱ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ན། གང་ཚད་མའི་འབྲས་བུ་ཉིད་དུ་རྣམ་པར་འཇོག་པར་འགྱུར་ཞེས་དགོངས་ནས། བསྟན་བཅོས་མཛད་པས་མདོ་སྡེ་པ་ལ། དོན་རིག་གང་ཡིན་ཞེས་འདྲི་བ་མཛད་པ་ཡིན་ནོ། །དོན་རིག་པ་འདིའི་དོན་རིག་པར་བྱ་བ་ཉིད་

ཀྱི་ཕྱིར་དོན་རིག་པ་མ་ཡིན་ནོ། །སོ་སོ་རང་རིག་གཞན་གྱིས་མངོན་སུམ་གང་ཡིན་འདི་འདོད་དོ་ཞེས་བྱ་བ་སྨྲས་ཏེ། རྒྱུད་སོ་སོའི་མངོན་སུམ་ལ་དེ་ཡོད་པ་ཉིད་ཡིན་ན། ཅིའི་ཕྱིར་དེ་ལ་ཡང་སྙོན་པར་བྱེད་ཅེ་ན། རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ་ཞེས་འགོག་པར་མི་བྱེད་དོ། །འོ་ན་

ཅི་ཡིན་ཞེ་ན། མྱོང་བ་འདི་ནི་ཡོད་མོད་ཀྱི་འོན་ཀྱང་། དོན་རིག་དེ་ནི་གང་གིས་ཡིན། །རྒྱུ་གང་གིས་བརྗོད་ཅེས་འདྲི་བར་མཛད་དོ། །འདི་ལ་འདྲི་བ་ཅི་ཞིག་ཡོད། །དེ་འདྲ་བ་ལས་ཡིན། སྐྱེ་བ་དང་དོན་དང་འདྲ་བ་ལ་དོན་མྱོང་བར་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གང་ལས་ཤེས་པ་

སྐྱེ་བ་དང་འདྲ་བར་གྱུར་པ་དེ་ནི་དེའི་ཡུལ་ཡིན་ནོ་ཞེས་མཚན་ཉིད་བསྟན་པ་གང་ཡིན་པ་དེ་ནི། འཁྲུལ་པར་འགྱུར། འཁྲུལ་པ་གང་ཡིན་པ་དེ་ནི་དེའི་ཚེ་མཚན་ཉིད་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལུས་ཅན་མ་ཡིན་པ་ལྟ་བུའོ། །དེ་དང་འདྲ་བ་དེ་ལས་བྱུང་། །ཞེས་བྱ་བ་ལ་སོགས་པ་འཁྲུལ་

པར་འཆད་པར་འགྱུར་རོ། །གཞལ་བྱ་ཉམས་སུ་མྱོང་བ་མ་གཏོགས་པ་མྱོང་བ་ཡོད་པ་མ་ཡིན་པ་དེ་ལྟར་ན། དེ་མེད་ན་ཉམས་སུ་མྱོང་བ་ཡང་མེད་པ་ཐོབ་པར་འགྱུར་རོ་སྙམ་དུ་སེམས་པས། ཅི་སྟེ་གང་ལས་འདི་མྱོང་སྟེ། །ཞེས་བྱ་བ་འདྲི་བར་བྱེད་དོ། །སོ་སོ་རང་གིས་རིག་པའི་ཉམས་སུ་

མྱོང་བ་ཤེས་པ་འདིའི་གཞལ་བྱ་གང་ལས་འགྱུར་ཏེ། གཞལ་བྱ་མེད་པ་ཉིད་ཀྱི་ཕྱིར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཉམས་སུ་མྱོང་བ་འདི་ཡང་ཡོད་པ་ཡིན་པ་དེའི་ཕྱིར་འདི་ཉམས་སུ་མྱོང་བར་བྱ་བའི་སྒོ་ནས་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་འདིར་ནི་

དཔྱད་པར་བྱ། འདི་ཉམས་སུ་མྱོང་བ་ཡིན་ནོ་ཞེས་འདོད་པ་གང་ཡིན་པ་འདི་ཁོ་བོ་ཅག་གིས་ཀྱང་ཁྱེད་ལས་ཤེས་པར་འདོད་པས་དེ་ཉིད་དཔྱད་པར་བྱ་བ་ཡིན་པ་དེ་ལྟར་ན་ང་ལ་དོན་འདི་འདྲི་བར་མ་བྱེད་ཅེས་བྱ་བའི་དོན་ཏོ། །ཉམས་སུ་མྱོང་བའི་དངོས་པོ་གང་ཡིན་པ་དེ་ཡང་གཞལ་བྱ་ལས་འགྱུར་

เล่ม ๑๗๕ · หน้า 220a

རོ་ཞེས་བཤད་པ་འདི་ཡང་སྐྱོན་ཡོད་པ་མ་ཡིན་ཏེ། དོན་དམ་པར་ཐ་སྙད་འདི་མེད་པའི་ཕྱིར་དང་། བློ་འཁྲུལ་པ་ལ་སྣང་བའི་དབང་གིས་རྣམ་པར་གཞག་པའི་ཕྱིར་རོ། །མཚན་ཉིད་ནི་ཡོད་པ་ཅན་དང་ལྡོག་པ་མེད་པ་ཅན་དུ་འགྱུར་གྲང་ན། དེ་ལ་འདིར་ཡོད་པར་ཁས་ལེན་ན་ཡུལ་

གྱི་མཚན་ཉིད་འཁྲུལ་པ་ཅན་དུ་བཤད་པ་ཡིན་ནོ། །དཔྱད་པ་ན་འདྲ་བ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྡུལ་ཕྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་ཕྲ་རབ་རེ་རེའི་བདག་ཉིད་ཅན་གྱི་ཡུལ་དག་གི་ངོ་བོའམ་ཚོགས་པའི་ངོ་བོ་འཇོག་པར་འགྱུར་གྲང་ན། དེ་ལ་རེ་ཞིག་རྡུལ་ཕྲ་རབ་ཀྱི་བདག་

ཉིད་མ་ཡིན་ཏེ། འདི་ལྟར་ཤེས་པ་ལ་རགས་པའི་རྣམ་པར་སྣང་བ་དེ་ཡང་ཕྲ་བ་རེ་རེ་ལ་ཡོད་པ་མ་ཡིན་པ་དེ་ལྟར་ན་རང་གི་ངོ་བོའི་སྒོ་ནས་རྡུལ་ཕྲ་རབ་འདྲ་བར་བྱེད་པ་མ་ཡིན་ནོ། །ཚོགས་པ་རྣམས་ལས་ཡང་ངོ་བོ་གཅིག་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མ་འགལ་བའི་ཕྱིར་རོ། །རགས་པར་སྣང་

བའི་ཤེས་པ་མྱོང་བ་རྡུལ་ཕྲན་དེ་དག་གང་གིས་ན། རྣམ་པ་གང་གིས་ན་དེ་དག་འདྲ་བར་འགྱུར་ཏེ། འདྲི་བར་བྱེད་པ་ཉིད་མ་ཡིན་ཏེ། དུ་མ་ཉིད་ཀྱི་ཕྱིར་དང་རྡུལ་ཕྲ་རབ་ཉིད་ཡིན་པའི་ཕྱིར་རོ། །འདྲ་བར་བྱེད་པ་ཉིད་མ་ཡིན་པའི་རྒྱུ་དེ་ནི་དེའི་ཚེ་དོན་དངོས་མིན་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། དེའི་དོན་དངོས་མིན་ཤེས་པ་དོན་དང་འདྲ་བ་ཡོད་པ་མ་ཡིན་པ་དེ་ལྟར་ན་མཚན་ཉིད་ཡོད་པ་ཅན་མ་ཡིན་ནོ། །ཡོད་ན་དོན་དང་འདྲ་བར་ཡོད་ན་ཡང་དེ་འཁྲུལ་པ་ཅན་དུ་འགྱུར་བའི་ཕྱིར་དེ་མྱོང་བའི་ངོ་བོ་ནི། ཡུལ་ཉམས་སུ་མྱོང་བ་ཉིད་ནའོ། །སྒྲུབ་པར་བྱེད་པ་ནུས་པ་མ་ཡིན་ཏེ། དེ་ལྟར་ན།

དེ་འདྲ་བ་དང་དེ་ལས་བྱུང་། །གལ་ཏེ་མྱོང་བའི་མཚན་ཉིད་ཡིན་པ་དེའི་ཚེ། དོན་མཚུངས་ཅན་གྱིས་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། །ཉམས་སུ་མྱོང་བར་འགྱུར་ཏེ། དྲན་པ་ལས་འབྱུང་བས་ཞེས་བྱ་བའི་དོན་ཏོ། །ཉམས་སུ་མྱོང་བའི་ཤེས་པ་དེ་ནི་གཙོ་བོའི་

རྒྱུ་ཡིན་ཏེ། གཙོ་བོའི་རྒྱུ་གཞན་མེད་པའི་ཕྱིར་རོ། །དེ་མ་ཐག་ཏུ་བྱུང་བ་དྲན་པ་ལས་བྱུང་བ་དེ་དེ་ལས་དེའི་རྣམ་པ་ཅན་ཡིན་ཞིང་དེ་ལས་བྱུང་བ་དེ་ལྟར་ན་དེ་ནི་སྔ་མ་དེ་ཡུལ་དུ་འགྱུར་རོ། །གང་གི་ཕྱིར་ཉམས་སུ་མྱོང་བ་དེས་ཡུལ་མཚུངས་པ་ཅན་ཉིད་དུ་འདོད་པ་དེ་ཉིད་ཀྱི་ཕྱིར། དོན་

เล่ม ๑๗๕ · หน้า 220b

མཚུངས་ཅན་གྱི་ཞེས་བྱ་བ་སྨོས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། རྣམ་པ་ཐམས་ཅད་ཀྱི་རྗེས་སུ་བྱེད་པ་མ་ཡིན་པ་དེ་ལྟར་ན་དེའི་རྗེས་སུ་བྱེད་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞན་ལ་ཡང་མཚུངས་པ་ཅན་ཉིད་ཀྱི་ཕྱིར་རོ། །ཉམས་སུ་མྱོང་བའི་ཤེས་པ་ཡང་རྣམ་པ་ཐམས་ཅད་དུ་དོན་གྱི་རྗེས་

སུ་བྱེད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དོན་ཐམས་ཅད་ཀྱི་རྗེས་སུ་བྱེད་པས་ཤེས་པ་ཉིད་དོན་ཡིན་པ་དེ་ལྟར་ན། དོན་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །དེར་སྣང་བ་ཉིད་ནི་དྲན་པ་ལས་བྱུང་བ་ཉིད་ལ་ཡང་ཡོད་པ་མ་ཡིན་པས་དེ་ལྟར་ན་མཚུངས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། འདི་

མཐོང་དེ་ཐོས་ཞེས་བྱ་བ། །གང་ལ་བློ་ནི་ངེས་པ་དེ། །དེས་མྱོང་ཡིན་ནོ། །འདི་མཐོང་བ་དང་འདི་ཐོས་པའི་སྒྲའི་ངོ་བོ་ཞེས་བྱ་བ་མཐོང་བ་དང་། ཐོས་པ་དག་ལས་དུས་ཕྱིས་ཡུལ་གང་ལ་ངེས་པར་འགྱུར་བ་དེ་ལ་མཐོང་བ་དང་ཐོས་པ་དེ་དག་ཉམས་སུ་མྱོང་བ་ཡིན་གྱི། ཤེས་པ་དེ་མ་ཐག་པ་ལ་དེ་ལྟ་བུ་

ཡོད་པ་མ་ཡིན་ནོ། །དེས་ན་མཚན་ཉིད་ལ་འཁྲུལ་པ་མེད་པ་ཡིན་ནོ་ཞེ་ན། ཉེ་བ་ཉིད་དེ་ཉིད་དཔྱད་པར་བྱ་བ་སྟེ། སྣང་བ་དང་མཐོང་བ་དག་གིའོ། །གལ་ཏེ་མཐོང་བ་དང་ཐོས་པ་དག་གི་དོན་ཉེ་བ་འབའ་ཞིག་འཐད་པ་དེའི་ཚེ། དེ་ལ་བརྟེན་ནས་བྱུང་བ་ཞེན་པ་དེ་འདྲ་བ་ནི་ཡུལ་དུ་རྣམ་པར་གཞག་

པའི་རྟེན་དུ་འགྱུར་རོ། །མཐོང་བ་དང་ཐོས་པ་དེ་དག་ནི་དོན་དང་ཉེ་བ་དེ་ཉིད་དཔྱད་པར་བྱ་བ་ཡིན་ན། དེ་ཡང་ཡོད་པ་མ་ཡིན་ནོ། །གང་གིས་དོན་དེ་མཐོང་བ་དེ་འདོད་དེ་དེ་ནི་མཐོང་བ་དེར་རིགས་པ་མ་ཡིན་ནོ། །དེ་ལྟར་ན། སྣང་དང་མཐོང་བ་དེ་དག་ནི། །འབྲེལ་པ་ལ་ནི་བརྟེན་ནས་ནི། །

ལྟ་བ་པོ་ཡི་ངེས་དེ་ཡིན། །མཐོང་བ་དང་ཐོས་པ་འདི་ཡིན་ནོ་ཞེས་བྱ་བའི་ངེས་པ་གང་ཡིན་པ་དེ་ནི་མཐོང་བ་དང་ཐོས་པ་དག་དོན་དང་འབྲེལ་པ་གྲུབ་པ་ན་འབྲེལ་པ་དེ་ལ་བརྟེན་ནས་འགྱུར་ན་དོན་ཡང་མ་གྲུབ་པའི་མཚན་ཉིད་ཅན་ཡིན་པ་དེ་ལྟར་ན། དེའི་ཡུལ་ཅན་གྱི་མཚན་ཉིད་མཐོང་བའམ་

ཐོས་པ་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་གང་ལས་དུས་ཕྱིས་འབྱུང་བ་ཅན་གྱི་ངེས་པ་དེ་དེའི་ཡུལ་ཅན་གྱི་མཚན་ཉིད་ལ་བརྟེན་པ་ཡིན། འདིས་ནི་གཅིག་ལ་གཅིག་བརྟེན་པ་ཡིན་པ་བསྟན་ཏོ། །གང་གི་ཕྱིར་དེ་ལྟར་ཉམས་སུ་མྱོང་བར་འགྱུར་བ་གཞན་འགའ་ཞིག་མྱོང་བར་འགྱུར་བ་མ་ཡིན་པ་

เล่ม ๑๗๕ · หน้า 221a

དེ་ནི་ཕྱི་རོལ་ཉམས་སུ་མྱོང་བ་ལ་ལྟོས་པ་མེད་པར་ཤེས་པ་དེ་ནི་ཉམས་མྱོང་བ་དག་ཉིད་དེ། དེའི་ཕྱིར་དེ་ཡང་འབའ་ཞིག་གི་མ་ཡིན། དོན་ཉམས་སུ་མྱོང་བ་མ་ཡིན་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །གལ་ཏེ་འདི་ལྟར་འདིའི་མངོན་སུམ་གྱིས་སོ་སོར་མྱོང་

བ་ཉིད་དེ་ཇི་ལྟར་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོ་ཉིད་ལས་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། མངོན་སུམ་སོ་སོར་མྱོང་ཉིད་ཀྱང་། །ཤེས་པ། དེ་ཡི་དེ་ནི་བདག་ཉིད་ཡིན། །ཉམས་སུ་མྱོང་བའི་བདག་ཉིད་དུ་སྐྱེས་པ་ཡིན་གྱི་གཟུང་བ་དང་འཛིན་པའི་ངོ་བོ་ནི་མ་ཡིན་ནོ། །གང་གི་ཕྱིར་གཟུང་བ་

དང་འཛིན་པ་པོར་མི་རིགས་པའི་རྒྱུ། དེས་ན་ཉམས་མྱོང་བྱ་གཞན་མེད། །ཤེས་པའོ། །དེ་ཡི་མྱོང་བ་གཞན་མེད་ན། །གང་གིས་ན་ཉམས་སུ་མྱོང་བར་འགྱུར། ཅིའི་ཕྱིར་ཞེ་ན། དེ་ཡང་བརྒལ་བ་མཚུངས་ཕྱིར་རོ། །གལ་ཏེ་གཟུང་བའི་མཚན་ཉིད་ལ་ལར་རིགས་པར་འགྱུར་བ་དེའི་ཚེ། ཤེས་པ་ལ་ཡང་

དེར་འགྱུར་ན། །འདི་ལྟར་དེ་ཡོད་པ་མ་ཡིན་ནོ། །དེ་མེད་པར་ནི་ཡུལ་བཞིན་དུ་འདི་ལ་ཡང་ཉམས་སུ་མྱོང་བ་ཅུང་ཟད་ཀྱང་མེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། དེ་བདག་ཤེས་པ་རང་གསལ་འགྱུར། །ཉམས་སུ་མྱོང་བའི་ངོ་བོ་བདག་ཉིད་ཉམས་སུ་མྱོང་བའི་རང་བཞིན་དུ་སྐྱེས་པ་ཡིན་ནོ་ཞེས་བྱ་

བའི་ཐ་ཚིག་གོ། །གལ་ཏེ་ཕྱི་རོལ་གྱི་དངོས་པོ་ལ་སོགས་པ་ཉམས་སུ་མྱོང་བར་བྱ་བ་ཡོད་པ་མ་ཡིན་ན། ཇི་ལྟར་སྔོན་པོའི་ཉམས་སུ་མྱོང་བ་ལ། སྔོན་པོ་ཞེས་བརྗོད་པ་དེའི་ཕྱིར་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བར་བྱ་བ་ཡོད་པ་ཡིན་ནོ་ཞེས་བྱ་བ་ཡང་བརྫུན་ཡིན་ནོ། །དེ་ལྟར་ན་ཤེས་པ་དེའི་སྔོ་

སོགས་ངོ་བོའི་རང་བཞིན་དེ་ཉམས་མྱོང་བ་ལའང་། དེ་ལྟར་ན་རང་གི་མྱོང་གྱུར་ཡང་། སྔོ་སོགས་མྱོང་བར་གསལ་བ་ཡིན། །ནང་ན་གནས་པའི་ནུས་པ་སོ་སོར་ངེས་པས་སད་པ་ལས་དངོས་པོ་ལ་རེག་པ་མེད་པར་སྔོན་པོ་ལ་སོགས་པའི་བདག་ཉིད་དུ་སྐྱེས་པར་གྱུར་པ་ན་ཡང་དེ་ལྟར་གྲགས་པ་ཡིན་ནོ། །དོན་

སྔོན་པོ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ། །གལ་ཏེ་ཇི་ལྟར་ན་ཤེས་པའི་བདག་ཉིད་ཉམས་སུ་མྱོང་བར་འགྱུར་བ་གང་གིས་རང་གི་ངོ་བོ་ཉམས་སུ་མྱོང་བར་གྱུར་པ་ན་ཡང་དེ་སྐད་དུ་བརྗོད་ཅེ་ན། བདག་ཉིད་ཁོ་ནས་བདག་ཉིད་ལས་དང་པོ་པ་དང་བྱེད་པ་ལ་སོགས་པ་ཐ་དད་པའི་སྒོ་ནས་དོན་དམ་པར་

เล่ม ๑๗๕ · หน้า 221b

གསལ་བར་བྱེད་པའི་ཕྱིར་བདག་ཉིད་གསལ་བར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཇི་ལྟར་རབ་ཏུ་གསལ་མངོན་འདོད། །ཇི་ལྟར་གསལ་བྱེད་རང་ངོ་བོ། །གསལ་བ་ཡིན་པའི་བདག་ཉིད་ཕྱིར། །གསལ་བར་བྱེད་པ་ཉིད་དུ་འདོད། །དེ་ལྟར་བློ་བདག་རིག་ཅན་ཡིན། །སྒྲོན་མ་ཡང་བདག་ཉིད་

གསལ་བར་བྱེད་པ་ལ་སྒྲོན་མ་གཞན་ལ་ལྟོས་པ་མེད་ཅིང་བདག་ལ་དོན་དམ་པར་གསལ་བར་བྱེད་པ་མ་ཡིན་ནོ། །འོན་ཀྱང་གསལ་བར་བྱེད་པའི་བདག་ཉིད་དུ་སྐྱེས་པར་གྱུར་པ་ན་བདག་ཉིད་གསལ་བར་བྱེད་པ་ཞེས་བརྗོད་དེ་དེ་བཞིན་དུ་མངོན་སུམ་གྱི་མྱོང་བར་རང་བཞིན་གྱིས་གསལ་བར་བྱེད་པ་

ཡིན་པའི་ཕྱིར་བློ་བདག་ཉིད་གསལ་བར་བྱེད་པ་ཡིན་ནོ། །གང་གི་ཕྱིར་འདི་ལྟར་བློ་དེས་ནི་དོན་གཞན་རིག་ན་ཡང་། སྔོན་པོ་ལ་སོགས་པ་ཁས་ལེན་ན། ཚོར་བྱ་ཚོར་བ་པོ་མི་འཐད། །རྣམ་པ་གཉིས་སོ། །དེའི་ཕྱིར་བློ་འདིས་ནི་ཚོར་བྱ་ཚོར་བྱེད་ཅན་རྣམས་མེད། ཚོར་བར་བྱ་བ་དང་ཚོར་བ་པོ་ནི་

ཚོར་བར་བྱ་བ་དང་ཚོར་བ་དངོས་པོའོ། །དེ་དག་གི་རྣམ་པའམ། རྣམ་པ་དེ་ཉིད་དོ། །བློ་གང་ལ་དེ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི། ཇི་ལྟར་འཁྲུལ་པས་མཐོང་འགྱུར་བ། །ཞེས་བྱ་བ་དེས་ནི་རྣམ་པ་གཞན་འཛིན་པའི་རྒྱུ་བསྟན་ཏོ། །མཐོང་བ་ནི་འདྲ་བ་ཅི་ཞིག་ཅེ་ན། རྣམ་པར་ཕྱེ་བའི་བདག་ཉིད་

ཅན། །གཟུང་འཛིན་རྣམ་པར་བསླད་པ་ཅན། །ཐ་དད་པའི་མཚན་ཉིད་ཅན་བཞིན་དུ་གཟུང་འཛིན་རྣམ་པར་བསླད་པ་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་རྣམ་གཞག་བྱས་པ་འདི། །ཚོར་བར་བྱ་བ་དང་ཚོར་བ་པོའི་རྣམ་པ་ཅན་ཡིན་པའི་བློ་ཡང་ཇི་ལྟར་འཁྲུལ་པས་ཐ་དད་

པའི་མཚན་ཉིད་ཅན་གྱི་གཟུང་བ་དང་འཛིན་པའི་རྣམ་པ་ཅན་བཞིན་དུ་སྣང་བར་འགྱུར་རོ། །དེ་བཞིན་དུ་འདི་ལྟར་འདི་ནི་གཟུང་བ་ཡིན་པ་འདི་ནི་འཛིན་པ་ཡིན་ནོ་ཞེས་རྣམ་པར་གཞག་པ་འདི་བྱས་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། སྐྲ་སོགས་ཤེས་པ་ཐ་དད་བཞིན། །

ཇི་ལྟར་མིག་འཁྲུལ་ཅན་སྐྲ་ཤད་ལ་སོགས་པ་བརྫུན་པ་སྣང་བ་དག་ལ་སྐྲ་ལ་སོགས་པ་འདི་མཐོང་ངོ་ཞེས་བྱ་བའི་མངོན་པའི་ང་རྒྱལ་བས་གཟུང་བ་དང་འཛིན་པའི་འཇོག་པ་དེ་བཞིན་དུའོ། །གལ་ཏེ་ཁྱོད་ཀྱི་གཞུང་གིས་ཀྱང་བློ་དེའི་གཟུང་བ་དང་འཛིན་པའི་མཚན་ཉིད་ཅི་ཞིག་ཡིན་ཞེ་ན། དེ་ལ་

เล่ม ๑๗๕ · หน้า 222a

འདིར་ང་ལ་ཀླན་ཀ་བཙལ་བར་བྱ་བ་མ་ཡིན་ནོ། །དེ་ལྟར་ནི་དོན་དམ་པར་བློའི་གཟུང་བ་དང་འཛིན་པའི་མཚན་ཉིད་གསལ་བ་ཉིད་ཡིན་ཏེ་མི་རུང་བའི་ཕྱིར་རོ། །འོན་ཀྱང་མཐོང་བའི་དབང་གིས་རྣམ་པར་གཞག་པ་ཡིན་ནོ། །གང་ཚེ་དེ་ཚེ་གཟུང་འཛིན་གྱི། །མཚན་ཉིད་ཅན་

ལ་བརྩད་མི་བྱ། །བློ་གང་ལ་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱིས་རྟག་པ་ཡོད་པ་མ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་གི་ཚེ་འདི་ལྟར་ཕྱི་རོལ་གྱི་དོན་མི་འཐད་པ་དེའི་ཚེ་གཞན་འགའ་ཞིག་ཕྱི་རོལ་ལ་གནས་པ་དོན། དོན་རིག་མེད་ཕྱིར་རང་རིག་པ་ཉིད་ལྷག་མར་གྱུར་པ་དེ་ལྟར་ན། རང་རིག་དེ་

ཉིད་འབྲས་བུ་ཡིན་པར་འདོད་དོ། །གལ་ཏེ་རྣམ་པར་ཤེས་པ་ལས་ཐ་དད་པའི་ངོ་བོ་ཕྱི་རོལ་གྱི་དོན་བློས་མྱོང་འགྱུར་ན་ཉེས་པ་ཅི་ཡོད་པར་གྱུར་ན། གང་གིས་བདག་ཉིད་རིག་པ་འབྲས་བུར་བརྗོད་ཅེས་གཞན་དག་འདྲི་བར་བྱེད་དོ། །ཁོ་བོ་ཅག་ལ་གནོད་པ་ནི་ཅུང་ཟད་མེད་མོད་ཀྱི་འོན་ཀྱང་དངོས་པོའི་

གནས་སྐབས་ནི་དེ་ལྟར་མ་ཡིན་ནོ་སྙམ་དུ་བསམས་ནས་སྐྱོན་ཅི་ཡང་མེད་སྟོན་པར་བྱེད་དོ། །གལ་ཏེ་ཡོད་པར་འགྱུར་ན། སྐྱོན་ཡིན་ན་ཡོད་པ་ཡང་མ་ཡིན་ནོ། །མེད་པ་ཉིད་སྟོན་པར་བཞེད་ནས། ཕྱི་རོལ་དོན་དེ་མྱོང་འགྱུར་བ། །ཞེས་བྱ་བའི་ཐ་སྙད་གསོག་ཉིད་དུ་གཟིགས་པས་གཞན་ལ། ཕྱི་

རོལ་དོན་དེ་མྱོང་འགྱུར་བ། །བརྗོད་པ་འདི་ཉིད་ཀྱིས་ཅིར་འགྱུར། །ཞེས་བྱ་བས་འདྲི་བར་མཛད་དོ། །གང་གི་ཚེ་བློ་རྣམ་པ་མེད་པ་ཡིན་ཞིང་། ཡུལ་དོན་གཞན་དུ་གྱུར་པ་དེའི་ཚེ་འབྲེལ་པའི་ཁྱད་པར་མ་གྲུབ་པའི་ཕྱིར་འདི་ནི་བློ་འདིས་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་འདིའི་དོན་འགའ་ཞིག་ཀྱང་

ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཁྱོད་ཀྱིས་ཀྱང་བློས་རང་གི་བདག་ཉམས་སུ་མྱོང་བ་ཞེས་བཤད་པ་དེ་ལ་ཉམས་སུ་མྱོང་བའི་དོན་གང་ཡིན་ཞེ་ན། ཉམས་སུ་མྱོང་བའི་བདག་ཉིད་དུ་སྐྱེས་པ་ཡིན་གྱི་ཞེས་བཤད་པ་མ་ཡིན་ནམ། དོན་ཉམས་སུ་མྱོང་བ་དང་

དེ་དེ་ལྟར་རིགས་པ་མ་ཡིན་ཏེ། ཕྱི་རོལ་དུ་གྱུར་པ་མྱོང་བ་ནི་མི་རུང་བའི་ཕྱིར་རོ། །ཉམས་སུ་མྱོང་བའི་རྣམ་པ་འདི་ཡང་བློ་ལ་ཡོད་པ་ཡིན་གྱི་དོན་ལ་ཡོད་པ་མ་ཡིན་ནོ་ཞེས་གྲུབ་པོ། །ཅི་སྟེ་བློའི་རྣམ་པ་ཐ་དད་པ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར། རང་ཉིད་ཉམས་སུ་མྱོང་བ་ནི་དེ་ལ་ལྟོས་པ་མེད་

เล่ม ๑๗๕ · หน้า 222b

པ་ཉིད་ཡིན་ན་དེ་ལ་མི་རུང་ངོ་། །དོན་ཡང་རྣམ་པ་ཐ་དད་པའི་དབང་གིས་ཉམས་སུ་མྱོང་བ་གྲུབ་པ་ཡིན་ནོ། །དེའི་ཕྱིར་དེའི་རྣམ་པར་འཇོག་པར་བྱེད་པའི་དོན་གྱིས་འགྱུར་རོ་ཞེ་ན། གལ་ཏེ་བློ་ནི་དེ་རྣམ་ཅན། །དོན་གྱི་རྣམ་པ་དོན་ཉམས་སུ་མྱོང་བ་རྣམ་པར་གཞག་པའི་རྟེན་ཡིན་པར་འདོད་པ་དེའི་ཚེ་

རྣམ་པའི་ཁྱད་པར་ཅན། སྔོན་པོ་ལ་སོགས་པའི་རྣམ་པ་དང་ལྡན་པ་དེ་ཡོད། རེ་ཞིག་བློ་དེ་བསྙོན་པར་ནུས་པ་མ་ཡིན་ནོ། །འོན་ཀྱང་ཇི་ལྟར་རྣམ་པའི་ཁྱད་པར་ཅན་གྱི་བློ་དེ་ནི་ཅིའི་ཕྱིར་འམ་སྟེ། དོན་ལས་དེ་དང་འདྲ་བར་འབྱུང་བ་ཡིན་ནམ། འོན་ཏེ་གཞན་ལས་ཤེས། ནང་ན་གནས་པའི་

བག་ཆགས་ཀྱི་ཁྱད་པར་སད་པ་ལས་ཡིན་ཞེ་ན། འདི་ནི་དཔྱད་པར་རིགས་པ་ཡིན། །དཔྱོད་པར་བཞེད་པའི་དགོངས་པ་ནི། །འདི་ལྟར་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་གྱི་བློ་འདོད་པ་ན། འདིས་སྔོན་པོ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བ་ན་བདག་ཉིད་གྱུར་པ་ཉམས་སུ་མྱོང་བ་ཡིན་ནོ། །དེ་

ལྟར་མ་ཡིན་ན་རྣམ་པ་དང་ལྡན་པ་དེས་རྣམ་པ་དང་ལྡན་པ་ཉིད་མ་ཡིན་པས་ན། སྔ་མ་བཞིན་དུ་ཉམས་སུ་མྱོང་བའི་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་མྱོང་བར་བྱ་བའི་རྣམ་པ་ལས་བཟློག་པ་སྔོན་པོ་ལ་སོགས་པའི་རྣམ་པར་སྒྱུར་བར་བྱེད་པ། གཞན་ཕྱི་རོལ་དུ་འགྱུར་བ་དམིགས་པར་

མི་འགྱུར་རོ། །རྟོག་པ་སྔོན་དུ་གཏོང་བ་ཅན་གྱིས་དེ་མ་མཐོང་བར་ནང་ཉིད་དམ་ཕྱི་རོལ་རྒྱུ་ཉིད་དུ་འགྱུར་རོ་སྙམ་པ་དེ་བས་ན། ཐེ་ཚོམ་དུ་འགྱུར་བ་ནི་དཔྱོད་པའི་རྟེན་ཡིན་ལ་རྣམ་པར་དཔྱོད་པ་ལས་ཀྱང་ཕྱི་རོལ་གྱི་དོན་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ཡིན་ནོ། །ཇི་ལྟར་ཡོད་པ་མ་ཡིན་

པ་དེ་ནི་མཐོང་བ་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །བློའི་སྔོན་པོ་ལ་སོགས་པའི་རྣམ་པ་ནི་བདག་ཉིད་དུ་གྱུར་པ་ཉིད་དུ་ཡིན་ཏེ། དོན་དམ་པར་དོན་གཞན་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཐོང་བའི་ཁྱད་པར་དང་བྲལ་བ་མི་འཛིན། ཕྱིར་སྔོན་པོར་དམིགས་པར་གཟུང་བར་མ་

གྱུར་པ་ནི་སྔོན་པོའི་རྣམ་པ་མི་འཛིན་པའི་ཕྱིར་རོ། །དེ་འཛིན་ན་འཛིན་ཕྱིར། སྔོན་པོར་དམིགས་པར་གྱུར་པ་ཉིད་ནི་སྔོན་པོར་ཡང་དམིགས་པར་འགྱུར་ཏེ། དེ་བཞིན་དུ་སྔོན་པོ་ཡང་དམིགས་པར་གྱུར་པ་ན། དེ་དམིགས་པ་ཡང་དམིགས་པར་འགྱུར་རོ། །ཐ་དད་པར་མེད་པར་དམིགས་

เล่ม ๑๗๕ · หน้า 223a

པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པར་དུ་མ་ཉིད་ཡིན་ན་ངེས་པ་གཅིག་དམིགས་པ་ལས་ཏེ་ལས་གཞན་པ་དམིགས་པར་རིགས་པ་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པར་སྣང་བ་ཉིད་ཡིན་ན་ཡང་གཅིག་ཏུ་དམིགས་པའི་ཕྱིར་གཅིག་ཉིད་དུ་ཡིན་ཏེ། ཟླ་བ་གཉིས་པ་

བཞིན་ནོ། །སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། རྣམ་པར་ཤེས་པའི་དམིགས་པ་ལ་བཟློག་པའི་དམིགས་པས་འཛིན་པ་ནི། གང་ལ་བློའི་རང་བཞིན་གྱི་ཁོངས་སུ་འདུས་པ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཕྱི་རོལ་

གྱི་དོན་ལ་ལྟོས་པ་མེད་པར་ཤེས་པ་འདི་སྐྱེ་བར་འགྱུར་བ་དེའི་ཚེ། དེ་ལས་གཞན་པའི་སྣང་བ་ལ་སོགས་པའི་རྐྱེན་ཐག་ཉེ་བ་ན་ཡོད་ན། དཀར་པོར་སྣང་བའི་ངང་ཚུལ་ཅན་གྱི་ཤེས་པ་སྟོང་པའི་ཡུལ་དུ་འཇུག་པ་ན་འགྱུར་བ་ཡང་མ་ཡིན་པ་དེ་བས་ན། དཀར་པོར་སྣང་བའི་ངང་ཚུལ་ཅན་གྱི་ཤེས་པ་

འབྲས་བུར་འགྱུར་བ་དེ་ཙམ་གྱིས་མི་འགྱུར་བས་རྒྱུ་དོན་ཡང་ཡོད་པ་ཡིན་ནོ་ཞེ་ན། འབྲས་བུ་ལྡོག་པ་ལས་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་གྱི་ཕྱི་རོལ་གྱི་དོན་ལ་ལྟོས་པ་དང་བཅས་པ་ནི་མ་ཡིན་ནོ། །དེ་ལྟར་ན་འདིར་འགའ་ཞིག་གི་ཚེ་སྔོན་པོ་ལ་སོགས་པ་མཐོང་བའི་འགའ་ཞིག་

རྣམ་པར་ཤེས་པ་ནི་ནང་གི་བག་ཆགས་རབ་ཏུ་སད་པར་བྱེད་པ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །དེས་ན་ཤེས་པ་གང་གིས་སྐད་ཅིག་མ་རེ་རེ་ལ་ནུས་པའི་རང་བཞིན་གཞན་དང་གཞན་གྱི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉེ་བར་འཕྲོ་བ་ནི་ཤེས་པ་རབ་ཏུ་སད་པར་བྱེད་པ་འབྱུང་བར་འགྱུར་བ་གང་

ཡིན་པ་དེའི་དབང་གིས་དེ་དང་དེ་སྐྱེད་པར་འགྱུར་བ་ཐམས་ཅད་ནི་མ་ཡིན་ནོ། །དེ་ལྟར་ན་རབ་ཏུ་སད་པར་བྱེད་པ། དེ་ཕྱིར་བློ་ནི་རྣམ་ངེས་ཀྱིས། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །འབྲས་བུ་ལྡོག་པ་ལས་ཀྱང་དོན་གྲུབ་པ་ཡིན་ན་ནི། དོན་རྟོག་ཏུ་རྗེས་སུ་དཔག་པར་བྱ་བ་ཉིད་ཡིན་པར་འགྱུར་

གྱི། འགའ་ཞིག་ཚེ་ཡང་མངོན་སུམ་མ་ཡིན་པ་དེ་ལྟར་ན་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཕྱི་རོལ་གྱི་དོན་ཡན་གར་བ་མེད་པ་དེའི་ཕྱིར། ཤེས་པ་གཅིག་ལ་མ་རིག་པས་བསླད་པའི་ཕྱིར་ཚུལ་གཉིས་ཡོད་པ་ཡུལ་དང་རྣམ་པར་ཤེས་པའི་ངོ་བོ་དག་ཏུ་བཤད་པར་འགྱུར་བ་

เล่ม ๑๗๕ · หน้า 223b

ཡོད་པ་ཡིན་ནོ། །གང་ཞིག་དེ་ལྟར་ཉམས་མྱོང་དང་། །ཇི་ལྟར་སྣང་བ་བཞིན་དུ་དྲན་པའི་དུས་ན་ཡང་མཐོང་བ་བཞིན་དུ་སྣང་བ་ཉིད་དྲན་པར་འགྱུར་རོ། །དེ་དེ་ལྟར་ན་གཞན་མྱོང་བ་མེད་པའི་ཕྱིར། འདིའི་རྣམ་པ་གཉིས། རྣམ་པར་ཤེས་པའི་མྱོང་ཉིད་དེ། །རང་རིག་པ་གང་ཡིན་པ་དེ་ཉིད་ནི་འབྲས་

བུ་ཡིན། དེས་ནི་གཉིས་སུ་སྣང་བའི་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། རང་རིག་པ་དེ་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་བར་དེ་རྣམ་པར་བཤད་པ་ཡིན་ནོ། །དེ་དེ་ལྟར་གཟུང་བའི་རྣམ་པ་ནི་གཞལ་བྱ་ཡིན་ཞིང་། བདག་ཉིད་ཉམས་སུ་མྱོང་བ་འབྲས་བུ་ཡིན་ལ། འཛིན་པའི་

རྣམ་པ་ནི་གྲུབ་པར་བྱེད་པ་ཡིན་པ་དེ་ལྟར་ན། དོན་མེད་པ་ལ་འབྲས་བུའི་རྟོག་པ་འདི་ནི་གཅིག་ཡིན་ནོ། །གང་ཚེ་གྲུབ་པ་དེ་དངོས། གྲུབ་པ་ནི་འདོད་པ་དང་ནི། མི་འདོད་པ་ལ་སོགས་པའི་རང་བཞིན་ནོ། །གང་ཞེ་ན་གཞན་ཏེ་ཕྱི་རོལ་གྱི་དོན་འདོད་པའམ་མི་འདོད་པ་རྣམ་རིག་རྒྱུའི་ཡུལ་དག་གོ། །རྣམ་པར་རིག་

པ། དེ་ཡི་དེ་ལྟར་མྱོང་བ་ཡིན། །འདོད་པ་ནི་འདོད་པའི་རྣམ་པའི་སྒོ་ནས་ཡུལ་ཉམས་སུ་མྱོང་བ་གང་ཡིན་པ་དེ་འབྲས་བུ་ཡིན་ནོ། །དེ་ནི་དོན་དང་འདྲ་བ་ནི་ཚད་མ་ཡིན་ཞིང་། དོན་མྱོང་བ་ནི་འབྲས་བུ་ཡིན་པ་དེ་ལྟར་ན། ཕྱི་རོལ་གྱི་དོན་ཡོད་པའི་རྣམ་པར་རྟོག་པ་གཉིས་པ་བཤད་པ་ཡིན་ནོ། །རང་

གི་ཡུལ་བཅས་ཤེས་པའི། ཡུལ་དང་བཅས་པར་འཇུག་པ་ཡིན་པས་ཡུལ་བཅས་ཏེ། ཡུལ་སྣང་བ་དོན་གྱིས་སྟོང་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཡང་དེ་ལྟར་ཡིན་ཞེ་ན། ཤེས་ཆ་ལ་ནི་དོན་རྣམ་གཞག །གཟུང་བའི་རྣམ་པ་དོན་དུ་ཐ་སྙད་འདོགས་པའི་ཕྱིར་རོ། །དེ་ཚེ་བདག་ཉིད་

ཉམས་མྱོང་གང་། །བློའི་དེ་ཉིད་དུ་རྣམ་པར་ངེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གལ་ཏེ་བློ་འདི་བདག་འདོད་པའི་རྣམ་པའམ་རྣམ་པ་གཞན་ཏེ། མི་འདོད་པའི་རྣམ་པར་སྐྱེས་བུས་མྱོང་འགྱུར་ན། དེའི་ཚེ་འདོད་པའམ་མི་འདོད་པ་དེས་ཀྱང་དོན་རིག་པ་ནི་འགྱུར་བ་ཡིན་ཞེས་བྱ་

བས་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱི་འབྲས་བུའི་རྟོག་པ་འདི་བཤད་དོ། །ཕྱི་རོལ་དོན་དག་ཡོད་ན་ཡང་། །ཇི་ལྟར་ཉམས་སུ་མྱོང་ཉིད་དེ། །ཇི་ལྟར་རང་རིག་པ་ཉིད་དོ། །ཡུལ་དེ་ངེས་བདག་གཅིག་ཡིན་པར་འགྱུར་གྱི། རང་གི་ངོ་བོར་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་དོན་ཉམས་སུ་

เล่ม ๑๗๕ · หน้า 224a

མྱོང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དུ་མའི་བདག་ཉིད་སྐྱོན་ཕྱིར་ཏེ། དངོས་པོ་གཅིག་ཅིག་ལ་རྗེས་སུ་ཕན་འདོགས་པར་བྱེད་ཀྱི་གཞན་ལ་མ་ཡིན་པ་དེ་ལྟར་ན་གཅིག་ལ་རྣམ་པ་དུ་མ་ཅན་གྱིས་འགྱུར་བ་ན་དོན་ཡང་རྣམ་པ་དུ་མ་ཅན་ཐོབ་པར་འགྱུར་ཏེ།

དོན་གྱི་དབང་གིས་ཉམས་སུ་མྱོང་བར་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁས་བླངས་ན་ཡང་། གང་གི་ཚེ་བདེ་བ་ལ་སོགས་པའི་བདག་ཉིད་ཅན་དོན་རྣམ་པ་དུ་མ་ཅན་ཁས་བླངས་པ་དེའི་ཚེ། ཡང་གཉིས་ཀྱིས་ཏེ། སྐྱེས་བུ་སྐྱོན་ལ་སོགས་པ་མཚུངས་པ་དང་ལྡན་པ་ཅིག་ཅར་མཐོང་

བ་དག་གིས་གཅིག་འདོད་པའི་རྣམ་པ་ཉམས་སུ་མྱོང་བ་ཡིན་ལ། གཞན་གྱི་རྣམ་པ་གཞན་ཡིན་ནོ་ཞེས་དེ་ལྟར། ཐ་དད་ཉམས་མྱོང་མི་འགྱུར་རོ། །ཡུལ་འདྲེས་པ་ལ་འདྲེས་པ་ཁོ་ནར་རྟོགས་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མ་མཐོང་བསྒྲིབས་གྱུར་ན། །དོན་འདོད་པ་

དང་མི་འདོད་པ་ལ་སོགས་པ་རྣམ་པ་དུ་མ་ཅན་ཡང་ཅིག་ཅར་མཐོང་བ་དག་ལ་གཅིག་གི་འདོད་པ་དང་། མི་འདོད་པའི་ངོ་བོ་མ་མཐོང་བ་གང་ཡིན་པ་དེ་ནི་འདོད་པ་དང་མི་འདོད་པ་ཉམས་སུ་མྱོང་བ་གྲུབ་པར་བྱེད་པའི་ལས་ཀྱིས་ཆོད་པའི་ཕྱིར་རོ་ཞེ་ན། གང་གི་ཚེ་ཇི་ལྟར་གོམས་པའི་དོན་རྟོགས་པ་

དེའི་ཚེ་དོན་གྱི་དབང་གིས་རྟོགས་མི་འགྱུར། འོན་ཀྱང་དོན་གྱི་དབང་གིས་རྟོགས་པ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་དོན་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དང་ནི་དུ་མའི་རྣམ་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་དུ་མའི་བདག་ཉིད་དངོས་པོ་དེ་ལ། འདོད་པ་དང་ནི་མི་འདོད་

པ་དག་ལ་སོགས་པའི་ངོ་བོ་གཅིག་གི་བདག་ཉིད་དུ་ངོ་བོ་གཅིག་ལ། འདོད་པ་དང་མི་འདོད་པ་རྣམ་པར་ངེས་པར་མཐོང་བ་མ་མཐོང་བ་དེ་ལས་ཞེས་བྱ་བ་ཇི་ལྟར་ན། དོན་མཐོང་བྱེད་པ་དག་ཏུ་འགྱུར། །མི་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་ན་གལ་ཏེ་དོན་ཇི་ལྟ་བ་བཞིན་དུ་འཛིན་

པར་འགྱུར་ན་དེས་དོན་དེ་སྟོན་པར་བྱེད་པར་འགྱུར་གྱི་འདྲེས་པའི་ངོ་བོ་མ་འདྲེས་པའི་ངོ་བོར་སྟོན་པར་བྱེད་པས་ཀྱང་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་འདོད་དང་མི་འདོད་པར། །སྣང་བ་རྟོག་མིན་དབང་བློ་མིན། །ཡུལ་གཅིག་ལ་འདོད་པ་དང་མི་འདོད་པར་སྣང་བ་ཅན་གྱི་བློ་གང་ཡིན་

เล่ม ๑๗๕ · หน้า 224b

པ་དེ་ནི་དབང་པོའི་བློ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དོན་ཉེ་བ་ལ་ལྟོས་པ་མེད་པའི་རྟོག་པ་ཡིན་ནོ། །དབང་པོའི་བློ་ཡང་དོན་ཇི་ལྟ་བ་བཞིན་ཡིན་ཏེ། དེ་ཉིད་ཀྱིས་ཡང་ཚད་མའི་འབྲས་བུ་དཔྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །དེའི་དོན་འབྲེལ་པ་མེད་པ་བརྗོད་པ་ཡིན་ནོ་ཞེ་ན། འདི་ནི་ལན་ཉིད་

མ་ཡིན་ཏེ། འདི་ལྟར། འཆི་ལྟས་ལ་སོགས་མཚམས་སྦྱོར་མེད། །རྣམ་པ་གཞན་ཉིད་དུའོ། །དེ་ལའང་དབང་པོ་ལ་བརྟེན་པ་ཉིད་ལ་ཡང་སེམས་ཏེ། ཤེས་པས་མཐོང་བ་ཡིན། སོགས་པས་ནི་མིག་སེར་ལ་སོགས་པ་དང་སྲོག་ཆགས་ཀྱི་ཁྱད་པར་གྱི་དབང་པོ་རྣམས་གཟུང་ངོ་། །གལ་ཏེ་དེ་

ནི་དབང་པོ་ལ་གནོད་པ་བྱས་པ་ལས་ཡིན་ཞེ་ན། དེ་ན་དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་མི་ཤེས་པས་རོའི་རྫས་ཀྱི་བྱེ་བྲག་མི་ཤེས་པ་ཅན་གྱི་ཕྱུགས་ལ་སོགས་པ་འབའ་ཞིག་གི་ཁར་བཅུག་པའི་དེ་མ་ཐག་ཏུ་ཁའི་འགྱུར་བ་དང་སྐྱུགས་ལྡད་ལ་སོགས་པ་མཐོང་བའི་ཕྱིར་དབང་པོ་ལ་བརྟེན་པ་ཉིད་དུ་སྡུག་

བསྔལ་བ་དང་། དེ་ལས་གཞན་པ་དག་ལ་རྫས་དེ་ཉིད་ལ་དགའ་བ་དང་བཅས་པར་ཟ་བ་མཐོང་བའི་ཕྱིར། དབང་པོ་ལ་བརྟེན་པ་ཉིད་བདེ་བར་མཐོང་བ་ཉིད་ཡིན་པ་དེ་ལྟར་ན་དེ་ལས་བསྙོན་པར་ནུས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དོན་ཇི་ལྟ་བ་བཞིན་དུ་ཉམས་སུ་མྱོང་བ་མ་ཡིན་པ། དེ་

ཕྱིར་ཕྱི་རོལ་གཞལ་བྱ་ལའང་། དོན་ཁས་ལེན་པར་བྱེད་ན་ཡང་། རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །རང་ཉིད་མྱོང་བ་ཁོ་ན་འབྲས་བུ་ཡིན་པར་རིགས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཇི་ལྟར་ཉམས་སུ་མྱོང་བ་འདིའི་འདོད་པ་དང་མི་འདོད་པའི་རང་བཞིན་ཡིན་པ་དེ་ལྟར་དོན་ནི་རྣམ་པར་

ངེས། དེའི་ཕྱིར་ཇི་ལྟར་ཉམས་སུ་མྱོང་བ་ཉིད་ཡུལ་གྱི་རྣམ་པར་ངེས་པ་ཡིན་གྱི། རང་གི་ངོ་བོ་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་གི་ཚེ་འདི་ལྟར་ཕྱི་རོལ་གྱི་དོན་ལ་རང་རིག་པ་འབྲས་བུར་བརྗོད་པ། དེ་ཚེ་དོན་སྣང་ཡུལ་དུ་སྣང་བའི་ཤེས་པ། འདི་ཉིད་ནི། ཚད་ཡིན་ཡོད་དུ་ཟིན་ན་

ཡང་། །འཛིན་བདག་ཤེས་པའི་སྟེ། རྣམ་པར་རིག་པ་ཙམ་གྱི་ཕྱོགས་བཞིན་ནོ། །ཕྱི་རོལ་དོན་གཞལ་བྱ་ཉིད་དུ་འདོད་པ་དག་ལ། ཚད་མ་ཉིད་ལྟོས་མེད་ཡིན་ཏེ། ཕྱི་མིན་དོན་ཅན་ཉིད་ཕྱིར་རོ། །བདག་ཉིད་ཀྱི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །འདྲ་བ་ཉིད་ནི་སྒྲུབ་པར་བྱེད་པ་ཡིན་ཏེ། གང་གི་

เล่ม ๑๗๕ · หน้า 225a

ཕྱིར་ཇི་ལྟར་གཙང་བ་དང་མི་གཙང་བ་ལ་སོགས་པ་ཉིད་ཀྱིས་དོན་བདག་ཉིད་དོན་གྱི་རྣམ་པའོ། །ཤེས་ལ་གནས་པ་སྟེ་སོ་སོར་སྣང་བར་འགྱུར་བ་དེ་ལྟར་གཙང་བ་དང་མི་གཙང་བ་ཉིད་ལ་སོགས་པ་ཉིད་ཀྱིས་དོན་དེ་ངེས་པར་འགྱུར། རྗེས་སུ་དཔོག་པར་འགྱུར་རོ། །དེའི་ཕྱིར་དོན་ནི་

གཞལ་བྱར་བྱ་བ་ཡིན་ནོ། །དེ་ལྟར་ན་ཤེས་པ་དེ་ལ་གནས་པ། དོན་གྱི་རྣམ་པ་དེའི་དེ་ལྟར་ཞེ་ན། གཙང་བ་དང་མི་གཙང་བ་ལ་སོགས་པ་ཉིད་ཀྱིས་ཡིན་གྱི། གཞན་འགའ་ཞིག་ལས་ནི་མ་ཡིན་ཏེ། འོན་ཀྱང་བདག་ཉིད་རིག་པ་ལས་ཡིན་ཏེ། འདི་ལྟར་དོན་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་ལ་

གནས་པ་མྱོང་བར་འགྱུར་བ་དེ་ལྟར་གཞལ་བར་བྱ་བ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དོན་གྱི་རྣམ་པ་དེ་ཡང་ཤེས་པའི་བདག་ཉིད་དུ་གྱུར་པ་དེའི་ཕྱིར་དེ་ཉིད། དེ་ལྟར་དོན་མྱོང་ཉིད་ཡིན་འདོད་དོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་ཤེས་པའི་ཆ་གཟུང་བ་ཉིད་དུ་སྣང་བ་མ་གཏོགས་པ་གཞན། དོན་བདག་

མི་སྣང་བ་དེ་ནི་མྱོང་བ་དེར་གནས་པ་བློ་ཅན་ནི། དོན་དང་འདྲ་བ་སྒྲུབ་བྱེད་ཡིན་ནོ། །གལ་ཏེ་དེའི་རྣམ་པར་འབྱུང་བར་འགྱུར་བ་དེའི་ཚེ་འདྲ་བའི་བདག་ཉིད་མྱོང་བར་འགྱུར་བ་དེ་བས་ན། དེའི་དབང་གིས་ཡུལ་གནས་པར་ཡང་འགྱུར་རོ། །བློ་ལ་གནས་པའི་དོན་དེ་རང་རིག་པ་དེ་བྱ་བ་ཡིན་ནོ། །དེ་

ལྟར་ན་ཇི་ལྟར་འདོད་པ་དང་མི་འདོད་པ་ཉིད་ལ་སོགས་པར་བློ་ལ། གནས་པའི་དོན་དེ་ནི་གང་ལས་དེ་ནི་དེ་ལྟར་སྟོན། འདོད་པ་དང་མི་འདོད་པ་ལ་སོགས་པའི་ཉམས་སུ་མྱོང་བའི་ངོ་བོ་རང་རིག་པ་སྟོན་པར་བྱེད་དོ། །ཇི་ལྟ་ཇི་ལྟར་སྟོན་པ་དེ་ལྟ་དེ་ལྟར་དོན་གྱི་གནས་སྐབས་རྟོགས་པ་དེའི་ཕྱིར་དོན་གྱི་

གནས་སྐབས་རྟོགས་པའི་ངོ་བོ་ནི། རང་རིག་པའི་རང་བཞིན་ཡིན་ནོ། །དེ་ལྟར་ཤེས་པ་འདོད་པའི་རྣམ་པ་ཅན་དང་མི་འདོད་པའི་རྣམ་པ་ཅན་གྱི་མྱོང་བ་ལ་ཡུལ་འདོད་པ་དང་མི་འདོད་པ་ངེས་པར་བྱེད་དོ། །དེ་ལྟར་ན། དོན་གནས་དེ་ཡི་བདག་ཉིད་ཕྱིར། །དོན་དམ་པར་འདིར་རང་རིགས་ཡིན་ན་

ཡང་། འོན་ཀྱང་ཆ་འདི་ཙམ་གྱིས་ཉེ་བར་བཏགས་ནས། དོན་རིག་འདོད། གང་གི་ཕྱིར་འདི་ལྟར་གང་ཁོ་ན་ལ་ཕྱི་རོལ་ལ་སྒྲུབ་པར་བྱེད་པ་དེ་ཉིད་ཁོ་ན་ལ་བྱ་བ་ཡིན། དེའི་ཕྱིར་ཡུལ་ཐ་དད་མེད་ཀྱང་། ཚད་མ་དང་ཚད་མའི་འབྲས་བུ་དག་ཡིན་ནོ་ཞེས་འདོད་པར་བྱའོ། །གལ་ཏེ་འདི་ལྟར་

เล่ม ๑๗๕ · หน้า 225b

ཅིའི་ཕྱིར་རང་རིག་པ་ལས་འབྲས་བུ་བརྗོད་ཅེ་ན། བཤད་པ་བདེན་ཏེ་འོན་ཀྱང་ཕྱི་རོལ་གྱི་དོན་གཞལ་བར་བྱ་བ་ལ་ཡང་རང་རིག་འབྲས་བུ་ཡིན་པར་བཤད་པ་གང་ཡིན་པ་དེ་ནི། རང་གི་ངོ་བོ་དཔྱོད་པ་ན། སྐབས་སུ་སྟེ་དངོས་པོའི་རང་བཞིན་དཔྱོད་པ་ན་དོན་མྱོང་བ་རང་མྱོང་བའི་རང་བཞིན་བཤད་པ་

ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་མྱོང་དེ་བདག་མེད་ཕྱིར་རོ། །རང་རིག་པའི་རང་བཞིན་ཉིད་ཡིན་པ་རྒྱུའི་ཕྱིར་རོ། །འདི་ཐམས་ཅད་ཀྱིས་ནི་གང་གི་ཚེ་ཕྱི་རོལ་གྱི་དོན་གཞལ་བྱ་ཡིན་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པས་བཤད་པའི་འབྲས་བུའི་རྟོག་པ་གསུམ་པ་བཤད་པ་ཡིན་ནོ། །གལ་ཏེ་དོན་ཇི་ལྟ་བ་

བཞིན་དུ་ཉམས་སུ་མྱོང་བ་མེད་པ་དེའི་ཚེ། དེ་ལ་ལྟོས་པ་མེད་པར་རང་གི་བག་ཆགས་སད་པ་ལས་འབྱུང་བའི་ཤེས་པའི་ཕྱི་རོལ་གྱི་དོན་ཡོད་དོ་ཞེས་བྱ་བ་དེ་ཉིད་གང་ལས་ཡིན་ཞེ་ན། ཤེས་པ་དེ་ལྟར་སྣང་གྱུར་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་སྣང་གྱུར་པ་སྟེ་དོན་ལ་ལྟོས་པ་མེད་

པར་རོ། །འདོད་པ་དང་མི་འདོད་པ་ཉིད་ལ་སོགས་པའི་རྣམ་པ་ཅི་འདྲ་བ་སྣང་བར་འགྱུར་བ་དེ་འདྲ་བའི་དོན་འགྱུར་བའམ། མི་འདྲ་བའི་འགྱུར་རོ་ཞེས་བྱ་བའི་དཔྱོད་པ་བོར་ནས་ཇི་ལྟར་དེ་ལས་གཞན་པའི་རྐྱེན་ཉེ་བ་ཡང་དེ་མེད་ན་ཡང་ཤེས་པ་མེད་པའི་ཕྱིར་དབང་པོ་ལ་སོགས་པ་ཤེས་པའི་

རྒྱུ་ཡིན་པ་དེ་ལྟར། རེ་ཞིག་དོན་ཡང་རྒྱུ་ཡིན་ནོ། །ཤེས་པ་ཞེས་བྱ་བའི་དབང་དུ་བྱས་ནས། དོན་ནི་གཞལ་བྱ་ཉིད་དུ་འདོད། །དེ་ཡང་གཞན་མི་འདོད་མོད་ཀྱི་དགག་པར་བཞེད་ནས་བསྟན་པ་ཡིན་ནོ། །འདིར་དེ་ལྟ་བུར་གྱུར་པའི་རྣམ་པར་ཤེས་པ་སྐྱེད་པའི་རྟེན་དུ་གྱུར་པ་འགོག་པ་མ་ཡིན་ན་

ཡང་གང་གིས་ན་དེ་ལྟར་ལན་དུ་འགྱུར། འོན་ཀྱང་འདིར་འགྱུར་ཏེ། ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །འདོད་པ་མི་འདོད་པ་ལ་སོགས་པ་དོན་དངོས་ཏེ་དངོས་རང་བཞིན་མེད་པར་དོན་སྣང་ཅན། ཤེས་པ་དེ་ཇི་ལྟར་དོན་འཛིན་ཞེ་ན། ཇི་ལྟར་ཡོད་པ་ཡིན་ཏེ། སྲེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་

ཏོ། །བདེན་ཏེ་ངས་ཀྱང་མི་ཤེས་ཏེ། དེ་སྐད་དུ་བརྗོད་པ་ནི་བདེན་མོད་ཀྱི་འོན་ཀྱང་ངས་ཀྱང་དེ་ཇི་ལྟར་སྣང་བ་བཞིན་དུ་མེད་པ་ཉིད་ཀྱི་ཕྱིར་མི་རིག་གོ། །འདིས་ནི་འདོད་པ་གྲུབ་པ་བཤད་དོ། །ཕྱི་རོལ་གྱི་དོན་མེད་པ་ཡང་བློ་གཉིས་སུ་སྣང་སྟེ་ཞེས་བྱ་བ་ལ་སོགས་པས་རང་རིག་པ་འབྲས་བུ་ཡིན་

เล่ม ๑๗๕ · หน้า 226a

པར་དཔྱོད་པ་ན་ཇི་ལྟར་འཛིན་པའི་རྣམ་པ་ཚད་མ་ཉིད་ཡིན་པར་འདོད་པ་འཆད་པར་འགྱུར་བ་དེ་ལྟར་ན་ཕྱི་རོལ་གྱི་དོན་གཞལ་བྱ་ལ་ཡང་རང་རིག་པའི་ངོ་བོ་ཉིད་ཀྱིས་འབྲས་བུ་འདོད་ན་འཛིན་པའི་རྣམ་པ་ཉིད་ཚད་མ་ཡིན་ནོ་ཞེས་དོགས་པར་འགྱུར་བ་དེ་ལྟར་ན། དེ་དག་གསལ་བའི་

ཕྱིར་ཞར་ལ་འོངས་པ་བསྟན་པ་ཡིན་ནོ། །གང་གི་ཚེ་ཕྱི་རོལ་གྱི་དོན་ནི་གཞལ་བྱ་ཉིད་ཡིན་པ་དེའི་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱས་ནས་སྣང་བ་ཅན་གང་དེ་གཞལ་བྱ་ཞེས་བྱ་བ་ལ་སོགས་པའི་སྐབས་དང་སྦྱོར་བར་བྱེད་པ་དེ་ཡང་དེའི་ཡང་བློའི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་འཆད་

པར་བྱེད་དོ། །ཕྱི་རོལ་གྱི་དོན་མེད་པ་ལ་ཚད་མ་ལ་སོགས་ཇི་ལྟར་རྣམ་པར་གཞག་པ་ཡིན་ཞེས་འདྲི་བ་ལ། བཤད་པ་འདི་ལ་ཡང་དོན་དམ་པའི་རྣམ་པར་གཞག་པ་ནི་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཇི་ལྟར་སྣང་བ་བཞིན་དུའོ། །དེའི་ཕྱིར་འདི་ལ་གཟུང་བ་དང་འཛིན་པའི་ཆ་ཡོད་པ་མ་

ཡིན་ཏེ། བློའི་བདག་ཉིད་དུ་གཅིག་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་འདི་ལྟར་བློའི་བདག་ཉིད་ཆ་མེད་པར་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིས། མ་རིག་པའི་འཁྲུལ་པའི་སྐྱེས་བུ་དག་གིས། གཟུང་བའམ་འཛིན་པའི་མྱོང་བ་དག །ཐ་དད་པ་རྣམས་ཀྱི་ཐ་དད་པ་བཞིན་དུ་མཚོན་པར་འགྱུར་གྱི་དོན་དམ་པར་དེ་ལྟ་

བུར་གྱུར་པ་ཡང་མ་ཡིན་ནོ། །གལ་ཏེ་ཆ་མེད་པའི་ངོ་བོ་ཡིན་ན། ཇི་ལྟར་རྣམ་པ་གཞན་དུ་སྣང་བར་འགྱུར་རོ་ཞེ་ན། སྐྱོན་འདི་ཡོད་པ་མ་ཡིན་ཏེ། འདི་ལྟར། ཇི་ལྟར་སྔགས་སོགས་ཀྱིས་འཁྲུགས་པས། །དབང་པོ་རྣམས་ལ་འཇིམ་དུམ་སོགས། །དེ་ཡི་གཟུགས་དང་བྲལ་ན་ཡང་། །

ཇི་ལྟར་སྣང་བ་དེ་དེའི་བདག་ཉིད་དུ་མེད་ན་ཡང་། རྣམ་པ་གཞན་དུ་གླང་པོ་ཆེ་ལ་སོགས་པའི་བདག་ཏུ་སྣང་བར་འགྱུར་རོ། །སོགས་པ་སྨོས་པས་རྣལ་འབྱོར་དང་སྦྱོར་བའི་ནུས་པ་ལ་སོགས་པ་གཟུང་ངོ་། །གལ་ཏེ་སྔགས་ལ་སོགས་པའི་ནུས་པས་དེའི་བདག་ཉིད་དུ་འབྱུང་བར་འགྱུར་

རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དེ་ལྟར་མ་འཁྲུལ་མིག་ཅན་གྱིས། །མིག་འཕྲུལ་ལ་སོགས་པ་དག་གི་མིག་གི་ནུས་པ་མངོན་པར་འདུས་མ་བྱས་པ་ཅན་གྱི་སྐྱེས་བུ་དག་གིས་ཡུལ་དང་དུས་དེ་དང་ཉེ་བ་ཡིན་དུ་ཟིན་ཀྱང་འཇིམ་པའི་དུམ་བུ་ལ་སོགས་པ་དེ་དག་ལ་གླང་པོ་ཆེ་ལ་སོགས་

เล่ม ๑๗๕ · หน้า 226b

པའི་བདག་ཉིད་དུ་མཐོང་བ་མེད་ཕྱིར་རོ། །འཛིན་པ་མེད་པའི་ཕྱིར་རོ། །དཔེར་ན་ཐག་རིང་མྱ་ངན་ན། །ཆུང་ངུ་ཆེན་པོར་སྣང་བ་བཞིན། །དཔེར་ན་མྱ་ངན་དག་ན་ཡུལ་དང་དུས་དེར་གནས་པའི་དབྱིབས་ལ་སོགས་པའི་བྱེ་བྲག་གིས་ཐག་རིང་པོ་ན་གནས་པའི་དོན་ཆུང་ངུ་ཡང་ཆེན་པོར་སྣང་བ་བཞིན་

ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དོན་དམ་པར་གང་འདི། དཔག་བྱ་དཔོག་པའི་འབྲས་གནས་པ། །ཡོད་པ་མིན་ཡང་གཟུང་བ་དང་། །འཛིན་པའི་རིགས་ལ་ཇི་ལྟ་བུར། །གཟུང་བ་ཉིད་སྣང་བ་གང་ཡིན་པ་དེ་ནི་གཞལ་བྱ་ཡིན་ཞིང་འཛིན་པའི་རྣམ་པ་ཉིད་དུ་སྣང་བ་ནི་ཚད་མ་ཡིན་ལ་བདག་

ཉིད་མྱོང་བ་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་རྗེས་སུ་སྣང་བ་བཞིན་འདི་བཤད་དོ། །ཇི་ལྟར་སྣང་བ་བཞིན་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །དེ་ལྟར་མིན་ན། ཐ་དད་པ་འདི་འབྱུང་བ་ཉིད་ཀྱི་སྣང་བ་ཡིན་པར་འདོད་ན་དངོས་གཅིག་ལ། བློའི་བདག་ཉིད་

ཆ་དང་ལྡན་པ་མ་ཡིན་པ་ལའོ། །ཅི་འདྲ་བ་ཞིག་ཅེ་ན། སྣ་ཚོགས་ཀྱི་ངོ་བོ་སྣང་བ་ཅན་ཏེ། སྣ་ཚོགས་ཀྱི་ངོ་བོ་ཡང་དེ་དག་ཡིན་ལ་སྣང་བ་ཡང་དེ་དག་ཡིན་ཏེ། དེ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གཅིག་པོ་དེ་ལ་རྣམ་པ་དག་ཇི་ལྟར་བདེན་འགྱུར་ཏེ། །དེ་ལྟར་མི་འགྱུར་རོ། །ཅིའི་

ཕྱིར་ཞེ་ན། གཅིག་པ་ཉིད་དེ་ཉམས་ཕྱིར་རོ། །བློའི་བདག་ཉིད་གཅིག་པ་དེའི་གཅིག་པ་ཉམས་པར་འགྱུར་རོ། །དེ་ལྟར་ན་ཡང་ཡོད་པའི་ཁྱད་པར་ཉེ་བར་མཚོན་པ་གང་ཡིན་པ་དེ་ནི་སྣ་ཚོགས་ཡིན་ཏེ། དཔེར་ན་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ལྟ་བུའོ། །དེའི་ཕྱིར་རྣམ་པ་དེ་དག་ཡོད་

པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་རྩ་གཉིས་པ། བདེ་བ་ལ་སོགས་པ། གཞན་ལ་གཞན་ཉིད་ཉམས་ཕྱིར་དང་། །རྣམ་པ་དེ་དག་ཡོད་པ་ཡིན་པ་བསམ་པར་མི་བྱའོ། །དེ་ལྟར་ན་ཡོད་པའི་ཁྱད་པར་གྱི་རྣམ་པ་ལ་བརྟེན་

ནམ་བདེ་བ་ལ་སོགས་པ་ཕན་ཚུན་སྣ་ཚོགས་པ་ཉིད་ཡིན་པར་བརྗོད་དོ། །གང་གི་ཚེ་ཡོད་པའི་ཁྱད་པར་ཉེ་བར་མཚོན་པ་ཅན་ཡིན་ན་ཡང་བློ་གཅིག་ཉིད་ཡིན་པར་ཁས་ལེན་པ་དེའི་ཚེ་ཡོད་པའི་ཁྱད་པར་གྱི་རྣམ་པ་སྣ་ཚོགས་པ་ཉིད་ཀྱི་རྒྱུ་མ་ཡིན་ན་བདེ་བ་ལ་སོགས་པའི་ཕན་ཚུན་སྣ་ཚོགས་

เล่ม ๑๗๕ · หน้า 227a

པར་འགྱུར་ཏེ། མི་འགྱུར་རོ། །གལ་ཏེ་བློའི་སྣ་ཚོགས་པའི་ངོ་བོ་དང་གཅིག་གི་རང་བཞིན་དུ་འགྱུར་བ་ཡིན་ནོ་ཞེ་ན། དེ་ནི་དངོས་མཐོང་མེད་ཕྱིར་ཐ་དད་ཡིན། གཅིག་པ་དེ་ཉིད་ཡིན་པར་ཡང་རིགས་པ་མ་ཡིན་ཏེ། དེ་ལྟ་བུའི་རྣམ་པ་ཅན་གྱི་ངོ་བོ་གཅིག་མཐོང་བ་མེད་

པའི་རྒྱུའི་ཕྱིར་རོ། །ཐ་དད་པ་མེད་པའི་ངོ་བོར་མཐོང་ན་ནི་ཐ་དད་པ་མེད་པར་འགྱུར་ན། དེ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་ན། གང་ལས་བློ་ངོ་བོ་གཅིག་པ་ཅན་ཉེ་བར་མཚོན་པར་བྱ་བ་མ་ཡིན་པ་གཅིག་ཉིད་ཡིན། དེ་ལྟར་ན། བློ་དངོས་ཐ་དད་མེད་མཐོང་བས། །ཐ་དད་མེད་པར་ངེས་པར་འགྱུར། །གལ་

ཏེ་བློ་ལ་ལར་ཐ་དད་པ་མེད་པར་མཐོང་བར་འགྱུར་བ་དེའི་ཚེ་གཅིག་ཉིད་དུ་ངེས་པར་འགྱུར་གྱི། དེ་ལྟ་མ་ཡིན་ཏེ་ངོ་བོ་ཐ་དད་པ་མེད་པ་མཐོང་བར་འགྱུར་རོ། །གང་གི་ཕྱིར་འདི་ལྟར་གཅིག་དང་དུ་མའི་མཚན་ཉིད་རྣམ་པ་ཇི་ལྟར་ཡང་མི་རུང་བ་དེའི་ཕྱིར། རྣམ་པ་གང་གིས་དངོས་པོ་རྣམ་དཔྱད་ན། །

དེའི་ངོ་བོ་དོན་དམ་པར་དེ་ཉིད་དུ་ན་དངོས་མེད་དོ། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་ངོ་བོ་མེད། །དངོས་པོ་རྣམས་ཉེ་བར་མཚོན་ན་གཅིག་དང་དུ་མ་ཉིད་དུ་འགྱུར་གྲང་ན་གཅིག་ཉིད་དང་དུ་མ་ཉིད་དེ་དག་ནི་ཡོད་པ་མ་ཡིན་པ་དེ་ལྟར་ན། རྣམ་པ་གང་གིས་དེ་དག་དཔྱོད་པར་འགྱུར།

ཆ་མེད་དུ་ཟིན་ཀྱང་ཆ་དང་ལྡན་པར་འཁྲུལ་པས་ཉེ་བར་མཚོན་པ་མ་ཡིན་ནམ། དེ་ཡང་འཇིག་རྟེན་པ་དག་གི་འཁྲུལ་པ་སྐྱེ་བ་ཡིན་གྱི་རྒྱུ་མེད་པ་ཅན་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཆོས་མཐུན་པ་ཉིད་མཐོང་བ་ལས་དེ་བདག་ཉིད་ལ་དེ་བདག་ཏུ་ཞེན་པ་སྟེ་དཔེར་ན་སྨིག་རྒྱུ་ལ་སོགས་པ་ཆུའི་

ངོ་བོ་མ་ཡིན་པ་དག་ལ་ཆོས་མཐུན་པ་ཉིད་ལས་སྐྱེས་བུ་འཁྲུལ་པ་སྒྲོ་བཏགས་པའི་ཆུའི་དོན་གྱི་རང་གི་ངོ་བོ་ལ་ཞེན་པ་ལྟ་བུའོ། །འཁྲུལ་པ་སྐྱེས་པའི་རིམ་པ་ཡིན་ནོ། །དེ་ལྟར་ན་གལ་ཏེ་འདི་ལ་ཡང་བློ་ཡིས་ཐ་དད་པ་འབའ་ཞིག་གི་ཆོས་མི་མཐུན་པ་མཐོང་བ་སྐྱེ་བར་འགྱུར་རོ། །དེའི་ཚེ་འཁྲུལ་པ་

སྲིད་པའི་ཕྱིར་ཐ་དད་པར་འཛིན་པར་རིག་པར་འགྱུར་རོ། །འདི་ལྟར་རྣམ་པར་རིག་པ་ཙམ་ཉིད་ཀྱི་གཞུང་འདི་ལ། ཆོས་མཐུན་པ་འདི་མཐོང་བ་ལ་སོགས་པའི་འཁྲུལ་པའི་རྒྱུ་མཚན་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འདི་ལ་དེ་བདག་ཉིད། །དོན་གཅིག་ཀྱང་ཡང་དག་པ་མ་

เล่ม ๑๗๕ · หน้า 227b

ཡིན་པའི་དོན་གྱི་རྣམ་པ་དང་ལྡན་པ་མཐོང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ཡོད་ཀྱང་ནི་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དོ། །བདེན་མོད་ཀྱི་ཇི་སྐད་དུ་བཤད་པ་ཡིད་ཀྱི་འཁྲུལ་པ་ཆོས་མཐུན་པ་ལ་སོགས་པ་འབྱུང་བ་ཅན། འདི་ཡོད་ཀྱང་དེ་ཙམ་ནི་ཐམས་ཅད་ཀྱི་

རྒྱུ་མ་ཡིན་ཏེ་འོན་ཀྱང་ནང་གི་འཁྲུལ་པ་མ་རིག་པའི་ལིང་ཏོག་ལ་སོགས་པ་དེ་ལས་བྱུང་བ་གང་ཡིན་པ་དེ་ནི་ནང་ངོ་བོའི་འཁྲུལ་པ་ལས་བྱུང་བ་ཅན་གྱིས་བསླད་པ་གང་ཡིན་པ་དེ་སྐྱོན་བྱུང་ཕྱིར་ན། མ་རིག་པ་ལ་སོགས་པའི་ཉེས་པ་ལས་བྱུང་བའི་རྒྱུའི་ཕྱིར་རང་བཞིན་གྱིས་ཕྱིན་ཅི་ལོག་ཏུ་སྣང་བ་ཅན།

དེ་ནི་མཐོང་སོགས་ཆོས་མཐུན་ཅན་ཉིད་ལ། ལྟོས་མེད་ནི་འཁྲུལ་པའོ། །ཆོས་མཐུན་པ་ཉིད་མཐོང་བ་ནི་ཆོས་མཐུན་པ་ཉིད་མཐོང་བ་སྟེ། འདི་ལ་དེ་དང་པོ་བྱས་པ་ཡོད་པ་དེ་ལྟར་ན། མཐོང་སོགས་ཆོས་མཐུན་ཅན་ཉིད་ལ། །འཁྲུལ་པ་གང་ཡིན་པ་ལྟོས་པ་མེད་པ་ཞེས་བྱ་བའི་ཚིག་རྣམ་

པར་སྦྱར་རོ། །སོགས་པ་སྨོས་པས་ནི་ཁྱད་པར་དུ་སྒྲོ་འདོགས་པ་དང་དེར་ཞེན་པ་གཟུང་ངོ་། །ཅི་དང་འདྲ་བར་ཞེ་ན། རབ་རིབ་ལ་སོགས་བཞིན། དཔེར་ན་རབ་རིབ་ཅན་ལ་སོགས་པའི་ཤེས་པ་ཆོས་མཐུན་པ་ཉིད་ལ་ལྟོས་ནས་འབྱུང་བ་མ་ཡིན་གྱི་འོན་ཀྱང་དབང་པོའི་ནུས་པ་དཀྲུགས་པ་

ལས་ཡིན་པ་དེ་དང་འདྲའོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་རྣམ་པར་རིག་པ་ཙམ་ཉིད་ལ་ཚད་མ་ལ་སོགས་པ་རྣམ་པར་གཞག་པ་ལ་སྦྱོར་བར་བྱེད་དོ། །རྣམ་པར་རིག་པ་ཙམ་དེ་ལ་བློ་ནི་ཡོངས་སུ་གཅོད་པ་གང་ཡིན་པའོ། །ཅི་འདྲ་བ་ཞིག་ཅེ་ན། འཛིན་པའི་རྣམ་པར་འདོད་པའོ། །འཛིན་པའི་

རྣམ་པ་དེ་ནི་དེ་བདག་ཉིད་ཕྱིར་ཡོངས་སུ་གཅོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་བདག་རིག་ཡིན་ཏེ་ཉམས་སུ་མྱོང་བའི་བདག་ཉིད་དེ་གསལ་བ་ཡིན་ནོ། །དེས་ནི་འཛིན་པའི་རྣམ་པ་དེ་རང་རིག་པར་རྣམ་པར་གཞག་པའི་རྟེན་ཡིན་པ་དེ་ལྟར་ན་ཡོངས་སུ་གཅོད་པའི་བདག་ཉིད་གསལ་བར་བདག་

ཉིད་མྱོང་བར་འགྱུར་རོ་ཞེས་བརྗོད་དོ། །རྒྱུ་དེའི་ཕྱིར་འཛིན་པའི་རྣམ་པ་དེ་ནི་རང་རིག་པ་དེའི་སྒྲུབ་བྱེད་ཡིན་པར་རྣམ་པར་གཞག་པར་འགྱུར་རོ། །དེ་བདག་ཡུལ་ཅན་འཇོག་བྱེད་ལ། །བདག་ཉིད་ཀྱི་ཡུལ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །བདག་གི་ཡུལ་ཅན་དཔོག་པ་

เล่ม ๑๗๕ · หน้า 228a

ཡང་གང་ཞེ་ན། དཔེར་ན་འདོད་ཆགས་ཚོགས་ཚོར་བཞིན། །དཔེར་ན་འདོད་ཆགས་ལ་སོགས་པ་ཉམས་སུ་མྱོང་བ་བཞིན་ནོ། །དེས་ན་འདིར་རང་གི་བདག་ཉིད་ཚད་མ་ཡིན་ནོ། །དེ་ལ་འདིར་རྣམ་པར་རིག་པ་ཙམ་གྱི་གཞུང་དེ་མ་ཐག་ཏུ་བརྗོད་པ། གཞལ་བྱ་གཞལ་བྱེད་འབྲས་

གནས་པ། །ཞེས་བྱ་བ་གང་ཡིན་པ་བདག་གི་ཡུལ་ཅན་གྱི་ཚད་མ་ཀུན་ལ་འདི་ནི་སྦྱར་བར་བྱའོ། །དེ་ལའང་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ལ་སྦྱོར་བར་བྱེད་དོ། །འདོད་ཆགས་ལ་སོགས་པའི་ཡུལ་ཅན་གྱི་དཔོག་པ་དེ་ལ་ཡང་འདོད་ཆགས་ལ་སོགས་པ་དེ་དག་འཛིན་པའི་རྣམ་པ་ཉིད་ཀྱིས་རང་

བདག་མྱོང་བར་རུང་ངོ་། །ཅིའི་ཕྱིར་ཞེ་ན། ཉམས་སུ་མྱོང་བའི་བདག་ཉིད་ཕྱིར། །ཉམས་སུ་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་དེ་དག་ནི། ཉམས་སུ་མྱོང་བའི་བདག་ཉིད་དུ་རབ་ཏུ་གསལ་བ་ན། བདག་ཉིད་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བདག་ཉམས་སུ་མྱོང་བར་བསྟན་

པར་བྱའོ། །དེ་བས་ན་ཉམས་སུ་མྱོང་བའི་བདག་ཉིད་དེ་ལས་བདག་ཉམས་སུ་མྱོང་བ་ལ་རུང་བ་ཡིན་ནོ། །དེ་ལྟར་ཡིན་པའི་ཕྱིར་དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་རུང་ཉིད་དེ་དཔོག །ཚད་མ་ཉིད་ཡིན་ནོ། །དེ་དག་གི་ཉམས་སུ་མྱོང་བར་བྱ་བ། བདག་དཔག་རང་རིག་འབྲས་བུ་ཡིན། །རྟོགས་

པ་འབྲས་བུ་ཡིན་ནོ་ཞེས་རྣམ་པར་གཞག་པར་འགྱུར་རོ། །ཅི་སྟེ་རྣམ་པར་རིག་པ་ཙམ་ཉིད་གཞན་མྱོང་བ་མེད་པའི་ཕྱིར། འདོད་ཆགས་ལ་སོགས་པ་དམིགས་པའི་ངོ་བོ་ཉིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པ་ཉིད་ཀྱི་ཕྱིར་དེ་དག་སོ་སོར་འགོད་པར་བྱ་བ་ཉིད་མ་ཡིན་པ་མ་ཡིན་ནམ། སྐྱོན་འདི་ཡོད་

པ་མ་ཡིན་ཏེ། ཕྱི་རོལ་གྱི་དོན་ལ་རྣམ་པར་གཞག་པ་འདི་ཉིད་བལྟ་བར་བྱའོ་ཞེས་ཉེ་བར་དགོད་པར་བསྟན་པ་ཉིད་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱིས་བདེ་བ་ལ་སོགས་པ་རང་རིག་པའི་ཚད་མར་བཤད་པ། དེ་ཡང་འཁྲུལ་པར་བྱས་པའི་ངོ་བོ་འཛིན་པས་ཡང་འདིར་འཛིན་པའི་རྣམ་པ་ཉིད་དཔོག་པ་

ཡིན་ནོ་ཞེས་བཤད་པ་ཐོས་ནས་འགའ་ཞིག་ཏུ་འགའ་ཞིག་གི་ཚེ་འགལ་བ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་བའི་ཕྱིར། བདག་ལ་འཛིན་པ་ཞེས་བྱ་བ་ལ་སོགས་པས་དགོངས་པ་གཅིག་ཉིད་ཡིན་པར་སྟོན་ཏོ། །རང་རིག་པ་ཞེས་བཤད་པ་གང་ཡིན་པ་དེ་ཡང་འབྲས་བུ་མ་ཡིན་གྱི། འོན་

เล่ม ๑๗๕ · หน้า 228b

ཀྱང་བདག་ལ་སྟེ་ཤེས་པར་བྱ་བ་ལ་འཛིན་པའི་རྣམ་པ་ཞེས་བྱ་བའི་མིང་ཅན་གྱི་བྱེད་པ། བྱེད་པ་པོར་བྱས་ནས་ཡོངས་སུ་གཅོད་པའི་བདག་ཉིད་དེ་རིག་པའི་སྒྲས་བཤད་དོ། །ཡོངས་སུ་གཅོད་པའི་བདག་ཉིད་དེ་ཉིད་ནི། རུང་ཉིད་ཅེས་བྱ་བའི་ཕྱིར་ཚད་མ་དང་། རང་རིག་ཅེས་ནི་རབ་ཏུ་བཤད། །མིང་

གཞན་གྱིས་དོན་ཐ་དད་པར་མི་འགྱུར་རོ། །བློ་ཚུལ་གཉིས་སུ་རབ་ཏུ་བསྒྲུབ་པའི་ཕྱིར་རོ། །ཡུལ་ཤེས་དེ་ཡི་ཤེས་པ་ཡིས། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་བྱ་བ་ལ་སོགས་པ་ཉེ་བར་བཀོད་པའི་གཞུང་འཆད་པར་བཞེད་པས་རྣམ་པར་ཤེས་པ་ཐམས་ཅད་ཉིད་ཅེས་བྱ་བ་ལ་སོགས་

པ་སྨོས་སོ། །རྣམ་པར་ཤེས་པ་ཐམས་ཅད་ཉིད། །བདག་ཉིད་ཇི་ལྟ་བ་བཞིན་གྱི། །ཡུལ་རྣམས་ལས་ནི་བྱུང་བའི་ཕྱིར། །དེ་ལས་གཞན་པ། ཡུལ་ལས་གཞན་པ་དབང་པོ་ལ་སོགས་པའི་རྒྱུ་ཡོད་ན་ཡང་ངོ་། །རྣམ་འགས་ཏེ་དངོས་པོའི་ཆོས་ཉིད་ཀྱི་ཡུལ་གྱིས་བྱས་པ་ཡིན་པར་འགྱུར་རོ། །ཇི་ལྟར་

ཞེ་ན་དཔེར་ན་ཟས་དང་དུས་ལ་སོགས་བུ་སྐྱེས་པའི་བུ་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ཡང་བུ་དེ་རྣམ་པ་འགའ་ཞིག་གིས་ཀྱང་ཕ་དེའི་གཟུགས་གཅིག་འཛིན་འགྱུར་གྱི། གལ་ཏེ་ཡང་ཕ་དང་མ་བུའི་རྒྱུ་ཡིན་པ་དེ་ལྟར་ན་ཡང་། དེ་གཉི་གའི་གཟུགས་ཀྱི་རྗེས་སུ་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཕ་

མ་དག་ལས་ཕའམ་མའི་གཟུགས་གཅིག་པུ་འཛིན་པར་འགྱུར་གྱི། གཞན་འགའི་མ་ཡིན་པ་བཞིན་ནོ། །དེ་ལས་གཞན་པ་ཟས་ལ་སོགས་པའི་རྣམ་པ་འཛིན་པར་མི་འགྱུར་རོ། །སོགས་པ་སྨོས་པས་ནི་དེ་ལས་གཞན་པ་མ་མཐོང་བ་ལ་སོགས་པ་གཟུང་ངོ་། །དེ་ལས་གཞན་དང་དབང་པོ་ལ་

སོགས་པ་དང་ཡུལ་དག་ནི། དེའི་རྒྱུ་ཉིད་དུ་རྣམ་པར་ཤེས་པའི་རྒྱུ་ཉིད་དུ་མཚུངས་ན་ཡང་དེ་ཆོས་དེའི་རྣམ་པའི་རྗེས་སུ་བྱེད་པས་ཡུལ་ཉིད་ཡིན་འདོད་དེ། ཁས་ལེན་ཏོ། །དོན་མེད་པ་ན། ཡུལ་གྱི་རྣམ་པའི་རྗེས་སུ་བྱེད་པ་ན་ཡུལ་ཉིད་དབང་པོ་ལ་སོགས་པ་བཞིན་དུ་ཡུལ་དུ་མི་འགྱུར་རོ། །དོན་དང་

ལྡན་པའི་སེམས་ལ་ཡང་། །དོན་རྣམས་མེད་པར་དོགས་པར་འགྱུར། །དེ་དེ་ལྟར་ན་འདས་མ་ཐག་པའི་རྣམ་པས་བློ་ཚུལ་གཉིས་ཉིད་དུ་གྲུབ་པ་ཉིད་ཡིན་ནོ། །དེ་ལྟར་ཡིན་ན་ཡང་བརྗོད་པར་བྱ་སྟེ། ཡུལ་དང་བཅས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་དག་ལས་དོན་གཞན་དུ་གྱུར་པ་དོན་དམ་

เล่ม ๑๗๕ · หน้า 229a

པའི་དོན་དང་། ཀུན་དུ་བརྟགས་པའི་དོན་དང་ལྡན་པའི་ཤེས་པ་དེ་དག་ལ་ཡང་དོན་གྱི་རྣམ་པ་མེད་པར་དོགས་པར་འགྱུར་ཏེ། དཔེར་ན་ཤེས་པ་འདི་དོན་གྱི་རྣམ་པ་ཅན་ཡིན་ནམ་འོན་ཏེ་མ་ཡིན་ཞེས་བྱ་བ་ལྟ་བུའོ། །གང་གི་ཚེ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་འདས་པའི་དོན་ལ་

དམིགས་པ་དེའི་ཚེ་རྣམ་པར་ཤེས་པ་དེའི་ཡུལ་སྣང་བའི་རྣམ་པ་གཅིག་དང་ཉམས་སུ་མྱོང་བའི་རྣམ་པ་གཞན་ནོ་ཞེས་ཐེ་ཚོམ་ཡོད་པ་མ་ཡིན་ནོ། །དེའི་ཚེ་ད་ལྟར་ཡུལ་གྱི་རྣམ་པར་སྣང་བ་དེ་ནི་འདས་པ་ཉིད་ཀྱིས་མེད་པའི་དོན་གྱི་ནང་དུ་བསྡུ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་དེ་བློ་ཡིན་པ་ཉིད་ཀྱི་ཕྱིར་དེ་ཉམས་

སུ་མྱོང་བ་མ་ཡིན་པ་དེ་ལྟར་ན་བདག་ཉིད་ཤེས་པ་དེ་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར། ཤེས་པའི་བདག་ཉིད་མྱོང་བ་ཡང་མ་བཀག་པ་ཉིད་ཡིན་ནོ། །དེ་ལྟར་རྣམ་པར་རྟོག་པའི་བློས། །འདས་པའི་དོན་ནི་འཛིན་པ་ན། །བློའི་ཚུལ་གཉིས་རང་རིག་གྲུབ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། འདས་

པའི་བློ་གང་ཡིན་པ་དེ་འདོད་པའི་ཚེ་དོན་འཛིན་པ་མ་ཡིན་ན། གང་གིས་ན་དོན་གྱིས་རྣམ་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཚུལ་གཉིས་གྲུབ་པར་འགྱུར། འོ་ན་ཅི་ཡིན་ཞེ་ན། གསང་བའི་ངོ་བོ་ཞིག་ཏུ་ཟིན་ཀྱང་རིགས་འཇིག་པ་མེད་པ་ཅན་ཡོད་པ་ཡིན་ཏེ། དེ་ལ་དམིགས་པ་དེ་དེ་ལྟར་ན་དོན་དང་ལྡན་པ་ཡིན་

ཞིང་ཤེས་པ་ལ་ཡང་དོན་གྱི་རྣམ་པའི་དོགས་པ་དང་བྲལ་བ་ཉིད་ཡིན་ནོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔོ་སོགས་རྣམ་པ་ཐ་དད་ཕྱིར། །འདས་པ་འཛིན་པ་ཅན་གྱི་རྣམ་པར་ཤེས་པ་དེ་ནི་སྔོན་པོ་ལ་སོགས་པ་རྣམ་པར་སྐྱེས་ཤིང་བྱུང་བ་དང་རྗེས་སུ་འབྲེལ་པར་སྣང་བའི་སྔོན་པོའི་རྣམ་

པ་ཅན་གྱི་རིགས་ཡོད་པ་མ་ཡིན་ནོ། །དེ་ནི་དེ་ལྡན་མིན། ཤེས་པ་སྔོན་པོ་ལ་སོགས་པའི་སྣང་བའི་དོན་མ་ཡིན་རིགས་ཡུལ་མ་ཡིན་ནོ། །འོན་ཀྱང་རིགས་དེ་རྟག་པའམ་མི་རྟག་པར་འགྱུར་གྲང་ན། དེ་ལ་གལ་ཏེ་མི་རྟག་པ་ཡིན་པ་དེའི་ཚེ་ཐ་དད་པ་ངོ་བོ་གཞན་དང་གཞན་ཉིད་ཡིན་པའི་ཕྱིར་གསལ་བ་

བཞིན་དུ་རིགས་སུ་མི་འགྱུར་ཏེ། རིགས་ནི་ངོ་བོ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་རྟག་པ་ཡིན་པ་དེའི་ཚེ། རྟག་ནའང་སྐྱེད་བྱེད་ཇི་ལྟར་རུང་། །རྣམ་པར་ཤེས་པ་ཉིད་ཀྱི་རྟག་པ་རྣམས་ནི་བྱེད་པ་པོ་ཉིད་མ་ཡིན་པ་སྔར་བསྟན་ཟིན་པའི་ཕྱིར་རོ། །སྐྱེད་པར་བྱེད་པ་མ་ཡིན་ན་ཡང་ཡུལ་མ་ཡིན་པ་དེ་ལྟར་ན་གང་

เล่ม ๑๗๕ · หน้า 229b

ཅིར་ཡང་མི་རུང་སྟེ། རིགས་ཡུལ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། མི་ལྡན་པའི་འདུ་བྱེད་མིང་ངམ་དོན་ནམ་མཚན་མའི་དོན་ལ་དེའི་ཚེ་དམིགས་པ་ཡིན་ནོ་ཞེས་བྱ་བ་ལ་ཡང་བདེན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་སོགས་སྔར་ནི། མིང་སོགས་བརྗོད་པ་ཡིན་ན་འཆད་པ་པོ། །ཉན་པོ་

བརྗོད་བྱ་རྗེས་འབྲེལ་ཅན། །མིང་སོགས་འབྲེལ་པ་མེད་པ་ཅན། །དོན་ལ་འཇུག་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་བཀག་ཟིན་ཏོ། །འོན་ཀྱང་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་འདི་ནི་འབད་རྩོལ་གྱིས་འཇུག་པར་འགྱུར་ཏེ། ཤེས་པ་རྣམས་ཀྱི་གོ་རིམས་འདི་ནི་དོན་ལྡན་མིན། དེ་

ལས་གཞན་པ་དབང་པོའི་ནུས་པ་ལ་སོགས་པའི་རྐྱེན་ཡོད་ན་ཡང་དོན་ཉེ་བ་ན་ཡོད་ན་ཡང་དེ་དག་མི་སྐྱེ་བའི་ཕྱིར་རོ། །དེ་གལ་ཏེ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་འདི་ཡང་དོན་དང་ལྡན་པར་འགྱུར་ན། འབད་རྩོལ་ཙམ་གྱིས་སྐྱེ་བར་མི་འགྱུར་རོ། །འདི་ལྟར་འདོད་པ་ཙམ་དང་འབྲེལ་པའི་བདག་

ཉིད་ནི། འདོད་ཙམ་རྗེས་འབྲེལ་ཅན་ཉིད་ཕྱིར། །རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དོན་གྱི་བྱ་བ་འདི་ལ་ནུས་པ་སྟེ། དོན་གྱིས་ནུས་པ་འགྲུབ་མི་འགྱུར། །དེ་ལྟར་ན་དོན་འགའ་ཞིག་གང་ལས་ཡུལ་ཡིན། འདས་པ་ལ་དམིགས་པའི་ཤེས་པའི་ཡུལ་གྱི་རྣམ་པ་ཅན་ཡིན་པ་བླ་

སྟེ། ཉམས་སུ་མྱོང་བ་ཡུལ་གྱི་རྣམ་པ་ཅན་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཡིན་ཞེ་ན། འདི་ལྟར་ཤེས་པ་འདི་འདྲ་དྲན་ཡིན་ན། འདས་པའི་དོན་དུ་སྣང་བ་ཅན། །ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་དྲན་པ་ཡིན་ནོ། །དེ་ཡང་མྱོང་བ་བདག་ལས་བྱུང་། །དྲན་པ་དེ་ཡང་ཤིན་ཏུ་གསལ་བར་མྱོང་བ་

ལས་བྱུང་བ་ཡིན་ནོ། །ཉམས་སུ་མྱོང་བ་གང་ཡིན་པ་དེ་ཡང་དོན་གྱི་རྣམ་པས་སྟོང་པར་འདོད་ན་དྲན་པ་དེ་དང་དེ་ལྡན་ཏེ་དོན་གྱི་རྣམ་པ་ཅན་ཇི་ལྟར་ཡིན་པ་ཉིད་དོ། །དེ་ལྟར་ན་དོན་གྱི་རྣམ་པས་སྟོང་པའི་མྱོང་བ་གང་ཡིན་པ་དེ་ལས་དོན་དེའི་རྣམ་པ་ཅན་གྱི་དྲན་པ་འབྱུང་བར་མི་འགྱུར་རོ། །སྦྱོར་བ་ནི་གང་

ཞིག་དོན་གྱི་རྣམ་པས་སྟོང་པ་གང་ཡིན་པ་དེ་ལས་བྱུང་བའི་ཆོས་ཅན་གྱི་དྲན་པ་ཡང་དོན་དེའི་རྣམ་པ་ཅན་དུ་འབྱུང་བ་མ་ཡིན་ཏེ། དཔེར་ན་བུམ་པས་སྟོང་པའི་སྣམ་བུ་ཉམས་སུ་མྱོང་བ་ལས་སྣམ་བུའི་དྲན་པ་འབྱུང་བ་ཡང་བུམ་པའི་རྣམ་པ་ཅན་མ་ཡིན་པ་ལྟ་བུའོ། །སྔོན་པོའི་དྲན་པ་ཡང་སྔོན་པོའི་རྣམ་

เล่ม ๑๗๕ · หน้า 230a

པས་སྟོང་པའི་ཉམས་སུ་མྱོང་བ་ལས་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་ཉམས་སུ་མྱོང་བ་ལས་དྲན་པ་འབྱུང་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དོན་ལས་འབྱུང་བ་ཡིན་ནོ་ཞེ་ན། དྲན་པ་དེ་ནི་དོན་ལས་བྱུང་བ་མིན་ནོ། །ཅིའི་ཕྱིར་དྲན་པའི་དུས་

ན་དོན་ཞིག་ཅིང་མེད་པའི་ཕྱིར་རོ། །དྲན་པ་དོན་ལས་འབྱུང་བ་ཡིན་པ་ནི་བླ་སྟེ། དོན་གྱི་རྣམ་པ་གང་ལས་ཡིན། གལ་ཏེ་ཡུལ་ལས་སྐྱེས་པའི་ཕྱིར་དེས་བྱས་ལ་ཡིན་ནོ་ཞེ་ན། དེ་ལྟར་དེ་མྱོང་བ་ལས་འགྱུར། གལ་ཏེ་ཡུལ་ལས་སྐྱེས་པའི་ཕྱིར་དྲན་པ་ཡུལ་གྱི་རྣམ་པ་ཅན་ཡིན་ན་ཡུལ་ཡོད་པ་ལས་

སྐྱེ་བ་དེ་ཡང་ཡུལ་ཉམས་སུ་མྱོང་བ་དང་མཚུངས་པ་དེ་ལྟར་ན་ཡུལ་ཉམས་སུ་མྱོང་བ་ཡང་ཡུལ་གྱི་རྣམ་པ་ཅན་དུ་འགྱུར་རོ། །སྔོན་པོ་ལ་སོགས་པའི་རྣམ་པ་དྲན་པ་ལ་སོ་སོར་སྣང་བ་གང་ཡིན་པའི་དོན་གྱི་རྣམ་པ་དེ་ཡང་མེད། རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གསལ་བའི་རྣམ་པས་

དབེན་ཕྱིར་རོ། །དོན་གསལ་བའི་རྣམ་པ་མཐོང་བ་ལ་སྣང་བ་དེ་ཉིད་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པས་འཛིན་ན་དེ་ལྟར་སྣང་བར་འགྱུར་ཏེ། དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་གཟུང་བར་བྱ་བ་ལ་གསལ་བའི་རྣམ་པས་དབེན་པ་ཉིད་དུ་སྣང་བ་ཡིན་ནོ། །ཡང་གི་སྒྲ་ནི་རིམ་པ་བཞིན་དུ་སྦྱར་བར་

བྱ་བ་ཡིན་ཏེ། དོན་མེད་པའི་ཕྱིར་ཡང་དོན་གྱི་རྣམ་པ་ཡོད་པ་མ་ཡིན་ནོ། །དེ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་བར་བྱ་བ་དོན་ཐ་དད་པར་འགྱུར་བ་དེའི་ཚེ་ཇི་ལྟར་སྐྱེས་བུ་འགའ་ཞིག་དྲན་པར་བྱེད་པས་རྣམ་པ་དེ་རྟོགས་པ། དེ་ལྟར་རྣམ་པ་ཐ་དད་པ། །གཞན་དག་གིས་ནི་ཤེས་

པར་འགྱུར། །སྐྱེས་བུ་འགའ་ཞིག་གིས་རྟོགས་པའི་དུས་ན། དེ་ལ་ཆོད་པར་བྱེད་པ་མེད་པའི་ཕྱིར་དེ་ཐ་དད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། དོན་ཉིད་ཡིན་ན་ཡང་ཇི་ལྟར་བདག་ཉིད་ཀྱི་ལུས་ཀྱི་ནང་ན་གནས་པ་འཛིན་པར་མི་བྱེད་པ་དེ་ལྟར་བདག་ལ་ཡིད་ཀྱིས་གཟུང་བར་བྱ་བའི་དོན་

གྱི་བདག་ཉིད་དེ་འབྲེལ་པ་ཡིན་པ་དེའི་ཕྱིར། བདག་ལ་རྟག་ཏུ་འབྲེལ་ཡིན་ན། །གཞན་གྱིས་རྟོགས་པར་མི་འགྱུར་ན། །བརྗོད་ཀྱང་རྟོགས་པར་མི་འགྱུར་རོ། །ཁྱོད་ཅི་ཞིག་སེམས་པར་བྱེད་ཅེས་འདྲི་བར་བྱེད་པ་ན། གང་ཚེ་གཞན་ལ་སྨྲ་བར་བྱེད་པ་དེའི་ཚེ་ཡང་སྒྲ་ལས་ཀྱང་ཇི་ལྟར་

เล่ม ๑๗๕ · หน้า 230b

བསམ་པ་དེ་གཞན་གྱིས་རྟོགས་པར་མི་འགྱུར་ན། རྟོགས་པར་འགྱུར་བ་དེའི་ཕྱིར་བདག་དང་འབྲེལ་པ་ལས་གཞན་གྱིས་མི་འཛིན་པ་མ་ཡིན་ནོ། །གཞན་ཡང་རེ་ཞིག་གང་ཞིག་གཞན་གྱི་ལུས་ལ་གནས་པ་ཅན་གྱི་དངོས་པོ་མི་འཛིན་པ་ནི་རིགས་པ་ཡིན་ཏེ། ལུས་ཀྱི་དབང་པོ་ནི་ཕྲད་པའི་ཡུལ་ཅན་ཉིད་ཡིན་པའི་

ཕྱིར། མིག་ཀྱང་ཆོད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། ཕྲད་པའི་ཡུལ་ཅན་ཉིད་མ་ཡིན་པའི་ཕྱིར་དང་། ཆོད་པ་ལས་ཀྱང་འཇུག་པའི་ཕྱིར་རོ། །བདག་དང་འབྲེལ་པའི་ཕྱིར་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལན་ཉིད་མ་ཡིན་ནོ། །སྐྱེས་བུ་ཐམས་ཅད་ཡིད་

ཀྱི་རྣམ་པར་ཤེས་པའི་ཡུལ་རེ་རེས་རང་གི་རིག་པ་དང་འབྲེལ་པ་དེའི་ཕྱིར་བདག་དང་འབྲེལ་པའི་དོན་སྒྲས་བསྟན་པར་བྱ་བ་སྐྱེས་བུས་རིག་པ་ཡིན་པ་དེ་ལྟར་ན་གཞན་གྱི་ལུས་ལ་གནས་པ་འཛིན་པར་ཐལ་བ་མེད་དོ། །གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ་རེ་རེ་དག་གིས་འབྲེལ་ན་ཡང་འཆད་པ་པོ་ཉན་པ་པོའི་

སེམས་དག་གི་མཚམས་སྦྱོར་བ་ནི་མི་རུང་ངོ་། །ཅི་འདྲ་བ་ཞིག་ཅེ་ན། དོན་གཅིག་མངོན་ཞེན་བདག་ཉིད་ཅན། །དོན་གཅིག་འཛིན་པའི་རང་བཞིན་ཅན་ནོ། །ཇི་ལྟར་གཅིག་ཅིག་དོན་འགའ་ཞིག་ལ་སེམས་པར་བྱེད་པ་དེས་གཞན་ལ་ཁྱོད་དོན་ཅི་ཞིག་ལ་སེམས་པར་བྱེད་ཅེས་དྲིས་པ་ན་དེས་རང་

ཉིད་སེམས་པའི་ཡུལ་གཞན་ལ་སྨྲ་བ་དེའི་ཚེ་དེ་ལ་སེམས་པར་བྱེད་པ་དེ་ཡང་འདི་སྙམ་དུ་འདི་སེམས་པར་བྱེད་པའི་དོན་འདི་ཉིད་ང་ཡང་ཞེས་བྱ་བར་འགྱུར་རོ། །དེ་བཞིན་དུ་ཉན་པ་པོ་དང་འཆད་པ་པོའི་སེམས་དག་གིས་དོན་གཅིག་ལ་མངོན་པར་ཞེན་པའི་རང་བཞིན་གྱི་རྗེས་སུ་མཚམས་སྦྱོར་

བ་གང་ཡིན་པ་དེ་མི་འགྱུར་ཏེ། བདག་ཉིད་ཇི་ལྟར་འབྲེལ་པ་ལ་ཡིད་ཀྱིས་ཤེས་པར་བྱ་བ་མི་འཛིན་པའི་ཕྱིར་རོ། །འགྱུར་བ་ཡང་ཡིན་པ་དེའི་ཕྱིར་བདག་དང་འབྲེལ་པ་འཛིན་པ་དེ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཐ་སྙད་གཅིག་འདྲའི་ཕྱིར། འཆད་པ་པོ་དང་ཉན་པ་པོ་

སེམས་འདི་ལྟར་དོན་གཅིག་ལ་མངོན་པར་ཞེན་པ་གང་ཡིན་པ་དེ་དང་རང་དང་འབྲེལ་པའི་དོན་འཛིན་པ་ཡིན་ན་ཡང་རང་བཞིན་གྱི་རྒྱུ་དང་འབྲེལ་པའི་ཡིད་ཀྱི་ཡུལ་གྱི་དོན་དག་འདྲ་བའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། །གཉི་གའི་མཐོང་བ་ཡོད་པར་ཆོས་མཐུན་པ་ཉིད་ཀྱི་ཕྱིར་འཁྲུལ་

เล่ม ๑๗๕ · หน้า 231a

པར་འགྱུར་རོ། །གཞན་དང་འབྲེལ་པ་ཚུ་རོལ་མཐོང་བས་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་ཡང་གང་ལས་འདྲ་བའི་ཕྱིར་གཅིག་ཉིད་དུ་མངོན་པར་ཞེན་པ་ཡིན། འགྱུར་བ་ཡང་བླ་སྟེ། དེ་ལྟར་ན་ཡང་འཆད་པ་པོ་དང་ཉན་པ་པོའི་སེམས་དེ་དག་ནི་ཇི་ལྟར་དོན་དེ་རང་བཞིན་གྱིས་ཐ་དད་

པ་དེ་ལྟར་མ་ཡིན་ནོ། །གང་ལ་དེའི་རང་བཞིན་ཡོད་པ་མ་ཡིན་པ་དེ་ལྟར་ན་གཅིག་ཉིད་དུ་མངོན་པར་ཞེན་པ་སྣང་བ་ཡིན་ཏེ་འདྲ་བའི་ཕྱིར་རོ། །དེ་ལྟར་ན་དེར་སྣང་བ་ཅན་ནི་མ་ཡིན་པ། འཆད་པ་པོ་དང་ཉན་པ་པོའི་ཤེས་པ་དེ་དག་གིས། ཇི་ལྟར་ཐ་དད་བདག་ཉིད་གཟུང་། །དོན་སྣ་ཚོགས་པའི་རང་

བཞིན་གྱི་བདག་ཉིད་དེ་གཟུང་བར་མི་འགྱུར་རོ། །ཇི་ལྟར་དོན་དེ་ཡིན་པ་དེ་ལྟར་ཤེས་པ་ལ་སྣང་བར་འགྱུར་བ་དེ་བཞིན་དུ་དེ་འཛིན་པར་འགྱུར་རོ། །གང་གི་ཚེ་དོན་ཐ་དད་པ་ཡང་འཆད་པ་པོའི་ཤེས་པས་ཐ་དད་པར་སྣང་བ། དེ་ཚེ་བློ་དོན་ཅན་མེད་འགྱུར། །དེའི་ཚེ་བློ་ཡུལ་མེད་པ་ཅན་ཉིད་དུ་འགྱུར་

རོ། །ཤེས་པའི་རྣམ་པར་སྨྲ་བ་དག་ལ་ནི་ཐ་སྙད་འདི་ཐམས་ཅད་ནི་བློ་བསླད་པ་ཅན་ཡིན་པ་དེ་ལྟར་ཀླན་ཀ་བཙལ་དུ་མེད་དོ། །བདག་ཉིད་ཇི་ལྟ་བ་བཞིན་གྱི་རྣམ་པར་ཤེས་པ་ཐ་དད་པ་མེད་པར་རང་རིག་པས་འཛིན་པའི་ཕྱིར་དེ་ལས་གཞན་གྱིས་ཀྱང་རྟོག་པར་ཐལ་བ་མེད་དོ། །དེའི་ཕྱིར་བློ་ཚུལ་གཉིས་

ཉིད་དུ་གྲུབ་པ་ཡིན་ནོ། །ཉམས་མྱོང་ཞེས་བྱ་བ་ལ་སོགས་པས་ཡུལ་ཤེས་པ་དེའི་ཤེས་པའི། བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་བྱ་བ་ལ་སོགས་པས་འཆད་པ་རྩོམ་པར་མཛད་དོ། །ཡུལ་ཤེས་པ་ནི་གཟུགས་ལ་སོགས་པ་འཛིན་པ་སྟེ་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །

ཡུལ་ཤེས་པ་དེ་ལ་དེའི་ཤེས་པ་ནི་ཤེས་པ་སྟེ་ཡུལ་ཤེས་པའོ། །ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པའི་ཤེས་པ་ནི་རྟོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བྱེ་བྲག་ཡིན་ཏེ་ཡུལ་གྱི་ཤེས་པ་ཉམས་སུ་མྱོང་བའི་རྣམ་པའི་ཁྱད་པར་ལས་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིར་བློ་ནི་ཉམས་སུ་མྱོང་བའི་རྣམ་པར་

བསྒྲུབ་པའི་ཕྱིར་རང་གི་ངོ་བོ་གྲུབ་པ་ཉིད་ཡིན་པ་དེ་ལྟར་ན་བསྒྲུབ་པར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཡུལ་གྱི་རྣམ་པ་ཅན་གཞན་གྱིས་མི་འདོད་པ་དེ་ལྟར་ན་དེས་ཚུལ་དག་གཉིས་སུ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཡུལ་གྱི་ཤེས་པ་གང་

เล่ม ๑๗๕ · หน้า 231b

ཡིན་པ་དེ་དོན་དུ་རང་སྣང་བ་ཡིན་ནོ་ཞེས་དམ་བཅའ་གསུངས་པ་ཡིན་ནོ། །ཡུལ་ཤེས་པའི་ཤེས་པ་གང་ཡིན་པ་དེ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་འཛིན་པའི་ངང་ཚུལ་ཅན་གྱི་རྟོགས་པའོ། །དེ་ནི་ཡུལ་དང་རྗེས་སུ་མཐུན་པའི་ཤེས་པ་སྣང་བ་ཅན་ཡུལ་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ལ་དམིགས་པ་ཉིད་ཀྱི་

ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཡིན་ནོ། །རང་སྣང་བ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྣང་བར་འགྱུར་བ་སྟེ་བདག་ཉིད་སྣང་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མ་ཡིན་ན་གལ་ཏེ་ཡུལ་གྱི་ངོ་བོ་ཁོ་ན་འབའ་ཞིག་ཡུལ་གྱི་ཤེས་པ་ཡིན་པར་འགྱུར་གྱི་ངོ་བོ་མ་ཡིན་པའམ་ཉམས་སུ་མྱོང་བའི་རྣམ་

པ་ཉིད་ཡིན་ན་ཡང་ཡུལ་གྱི་རྣམ་པ་ཉིད་མ་ཡིན་པའི་དེའི་ཤེས་པ་ཡང་སྟེ། ཡུལ་ཤེས་པ་ཡང་ཡུལ་ཤེས་པའི་ཤེས་པ་དང་བྱེ་བྲག་མེད་པར་འགྱུར་ཏེ། ཁྱད་པར་མེད་པ་ན་ཡུལ་ཉམས་སུ་མྱོང་བའི་རྣམ་པའི་ཡུལ་ཅན་གྱིས་བསྐྱེད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་སྔོན་པོ་ལ་

སོགས་པའི་ཉམས་སུ་མྱོང་བ་ཉིད་འགྲུབ་པར་མི་འགྱུར་རོ། །འདི་ལྟར་ཡུལ་ཤེས་པ་ནི་ཡུལ་གྱི་རྣམ་པ་ཅན་ཉིད་ཡིན་ན་ཡང་དེ་ཤེས་པ་སྟེ། ཡུལ་གྱི་རྣམ་པར་ཤེས་པ་འཛིན་པའི་ངང་ཚུལ་ཅན་དུ་རིག་པ་ཡིན་ནོ། །དེ་ནི་མ་ཡིན་ན་ཤེས་པའི་ཤེས་པ་ནི་ཡུལ་གྱི་རྣམ་པ་ཉིད་ཀྱིས་ཡུལ་གྱི་ཤེས་པ་འཛིན་

པར་མི་འགྱུར་ཞིང་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བའི་ངོ་བོ་ཉིད་དུ་དེ་མི་འགྱུར་རོ། །འཛིན་པ་དང་འགྱུར་བ་ཡང་ཡིན་ཏེ། དེ་ཇི་སྐད་དུ་བཤད་པའི་རང་བཞིན་ཅན་ཡིན་པ་དེའི་ཕྱིར་དེ་ལ་ཡང་ཡུལ་གྱི་རྣམ་པ་ཡོད་པ་ཡིན་ནོ། །འདི་ལྟར། ཉམས་མྱོང་རྣམ་ཤེས་དེ་ཡང་ནི། །ཤེས་དེ་ཡིས་

ནི་དམིགས་པར་འགྱུར། །ཉམས་སུ་མྱོང་བའི་ཡུལ་ཅན་གྱི་ཤེས་པས་སོ། །ཅི་འདྲ་བ་ཞིག་གིས་ཤེ་ན། ཆ་གཉིས་དམིགས་པ་ཅན་གྱིས་སོ། །ཇི་ལྟར་དམིགས་པར་འགྱུར་ཞེ་ན། །རྣམ་པ་གཅིག་ལས་ཁྱད་པར་ཅན་གྱིས་སོ། །ཉམས་སུ་མྱོང་བའི་རྣམ་པ་གཅིག་ལས་ཁྱད་པར་དུ་གྱུར་པའི་

ཡུལ་གྱི་རྣམ་པ་ཡིན་ཏེ་དེས་སོ། །དེ་ལ་འདིར་ཉམས་སུ་མྱོང་བའི་ཤེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ་དཔྱོད་པའི་ཤེས་པ་ཡང་དེའི་ཤེས་པས་ཇི་ལྟར་བསམ་པའི་དོན་གྱི་རྣམ་པ་ཉམས་སུ་མྱོང་བའི་རང་གི་ངོ་བོའི་ཡུལ་ཅན་གྱི་ཤེས་པ་གཞན་གྱིས་དམིགས་པར་འགྱུར་རོ། །དེ་ལྟར་ན་ཇི་ལྟར་

เล่ม ๑๗๕ · หน้า 232a

ཉམས་སུ་མྱོང་བའི་ཤེས་པས་ཉམས་སུ་མྱོང་བའི་དོན་གྱི་ངོ་བོ་འབའ་ཞིག་གམ་ཉམས་སུ་མྱོང་བའི་ངོ་བོ་རྟོགས་པ་ནི་མ་ཡིན་གྱི་འོན་ཀྱང་ཤེས་པ་འདིས་འདྲ་བའི་དོན་དང་ལྡན་པར་གྱུར་ཏོ་ཞེས་ཆ་གཉི་ག་ཤེས་པར་འགྱུར་རོ། །དེ་ལྟར་ན་ངའི་བསམ་པ་འདི་འདྲ་བར་གྱུར་ཏོ་ཞེས་བསམ་པ་

ཡང་རང་གི་ཤེས་པས་འཛིན་པར་འགྱུར་རོ། །གང་གི་ཕྱིར་འདི་ལྟར་ཡུལ་གྱི་རྣམ་པ་ཅན་ཡུལ་གྱི་ཤེས་པ་དེའི་ཤེས་པས་དམིགས་པར་འགྱུར་བ་དེའི་ཕྱིར་དེའི་ཡུལ་གྱི་རྣམ་པ་ཅན་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་རྣམ་པ་ཅན་ལ་རང་གི་ཤེས་པས་དམིགས་པར་འགྱུར་བ་དེ་ནི་དེའི་རྣམ་པ་ཅན་དུ་འགྱུར་ཏེ།

དཔེར་ན་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་རྣམ་པ་ཅན་གྱི་བ་ལང་གི་ཤེས་པས་དམིགས་པ་ན་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་ཡིན་པ་ལྟ་བུའོ། །ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པ་ཡང་རང་གི་ཤེས་པས་དམིགས་པ་ཡིན་ནོ། །དེའི་རྣམ་པ་ཅན་ལ་དམིགས་པ་ཞེས་བྱ་བའི་རྣམ་གཞག་འདི་ནི་དོན་དེའི་

རྣམ་པ་ཅན་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་འབྲས་བུའི་གཏན་ཚིགས་ཉིད་ཡིན་ལ། གཞན་གྱི་ཚེ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཅིའི་ཕྱིར་དེ་ལྟར་ཡང་འགྱུར་བ་ཡིན་ཞེ་ན། འདི་ལྟར་གཞན་དུ་དེ་ནི། ཡུལ་གྱི་ཤེས་པ་དེ་དངོས་མིན། །ཡུལ་གྱི་རྣམ་པ་ཅན་མ་ཡིན་པ་ཇི་ལྟར་

འགྱུར་ཏེ། མ་ཡིན་པ་ཉིད་དོ། །དེ་ལྟར་ན་ཡུལ་གྱི་རྣམ་པ་ཅན་གྱིས་རང་ཉིད་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་ལ་གནས་པར་འགྱུར། གནས་པར་ཡང་འགྱུར་རོ། །དེའི་ཕྱིར་དེའི་ཡུལ་གྱི་རྣམ་པ་ཅན་ནོ། །གལ་ཏེ་ཡུལ་གྱི་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་མི་འགྱུར་ན། མི་འདོད་པའི་ཞིག་

ཏུ་འགྱུར་བ་དེའི་ཚེ་དེ་མི་འདོད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཤེས་པ་ཕྱི་མ་ཕྱི་མ་ཡུལ་སྔ་མ་བསྐལ་པ་སྣང་བ་ཅན་དུ་མི་འགྱུར་ཏེ། དེའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་ཏེ། ཕྱི་མ་ཕྱི་མ་དེ་ཉམས་སུ་མྱོང་བའི་ཤེས་པ་ལ་དེའི་ཤེས་པ་ལ་སོགས་པ་ཕྱི་མ་ཕྱི་མ་སྐྱེ་བར་མི་འགྱུར་རོ། །

ཇི་ལྟར་ཞེ་ན། ཡུལ་སྔ་མ་སྔ་མ་བསྐལ་པར་སྣང་བ་ཅན་ཏེ། ཤེས་པ་བསྐལ་པའི་ཡུལ་དུ་མི་འགྱུར་ཏེ། སྔ་མ་ལ་ཕྱི་མ་ཕྱི་མ་འཛིན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཡུལ་ཉིད་མ་ཡིན་པའི་ཕྱིར་རོ། །དོན་སྔ་མ་དེ་ནི་ཤེས་པ་ཕྱི་མའི་ཡུལ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ཡུལ་སྔ་

เล่ม ๑๗๕ · หน้า 232b

མ་བསྐལ་པར་སྣང་བ་ཅན་དུ་འགྱུར་བ། དེ་ལྟར་ཕྱི་མ་ཕྱི་མ་ཡི། །ཤེས་པ་རྣམ་གཅིག་ལྷག་པ་ཅན། །རྣམ་པ་རེ་རེ་འདི་ལ་ལྷག་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །རྣམ་པ་རེ་རེ་ལྷག་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཤེས་པ་ཕྱི་མ་ཕྱི་མ་ཞེས་བྱ་བ་ལ་སོགས་པའི་ཐལ་བ་བཟློག་པར་བསྟན་ཏོ། །

རྣམ་པ་རེ་རེ་ལྷག་མ་ཉིད་ཀྱང་བུམ་པ་ཉམས་སུ་མྱོང་བའི་ཤེས་པས་བུམ་པའི་རྣམ་པ་ཅན་གྱི་ཤེས་པ་ལ་དམིགས་པ་ན་བུམ་པའི་རྣམ་པ་ཅན་གྱི་ཤེས་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །དེའི་ཕྱིར་ཤེས་པའི་ཤེས་པས་བུམ་པའི་ཤེས་པ་ལ་དམིགས་པ་བུམ་པའི་ཤེས་པའི་ཤེས་པ་ཡིན་ནོ་ཞེས་

བུམ་པའི་རྣམ་པ་དང་བཅས་པར་བུམ་པའི་ཤེས་པའི་ཤེས་པ་རྟོགས་པར་འགྱུར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་གཏན་ཚིགས་ཀྱི་ཁྱབ་པ་བསྟན་ཏོ། །ཡུལ་ཤེས་པའི་ཤེས་པ་གང་ཡིན་པ་དེ་ནི་ཡུལ་དང་རྗེས་སུ་མཐུན་པའི་ཤེས་པར་སྣང་བ་དང་རང་སྣང་བ་ཡིན་ནོ། །གལ་ཏེ་དེ་ཉིད་གང་ལས་

ཡིན། གང་གིས་ནི་དེའི་དབང་གིས་ཉམས་སུ་མྱོང་བའི་ཤེས་པ་ཡང་གཉིས་སུ་སྣང་བར་འགྱུར་ཞེ་ན། གང་གི་ཕྱིར་ཤེས་པ་གཉིས་པ་དེ་ནི་དོན་གྱི་ངོ་བོར་སྣང་བ་དང་ཡུལ་གྱི་ཤེས་པ་དང་འབྲེལ་པ་ཅན་དག་སྟེ། དེའི་སྒོ་ནས་འོངས་པ་ཡུལ་དུ་སྣང་བ་དང་རང་སྣང་བའི་མཚན་ཉིད་ཅན་དག་ནི།

ཡུལ་ཉིད་དུ་སྣང་བ་དག་གོ། །འགའ་ཞིག་བདག་གི་རྣམ་པ་ལ། །རང་ཉིད་སྣང་བའི་མཚན་ཉིད་ཅན། །གསུམ་པའི་ཤེས་པའི་ཤེས་པ་དེ་མ་ཐག་ཏུ་འབྱུང་བ་ཅན་གྱི་ཤེས་པས་རྣམ་པར་འབྱེད་པར་འགྱུར། ཡང་དག་པར་དམིགས་པར་འགྱུར་རོ། །དེའི་ཕྱིར་རང་སྣང་བ་ཉིད་ཀྱང་དེའི་ཤེས་

པ་ཡིན་ནོ་ཞེས་ངེས་པར་འགྱུར་རོ། །གལ་ཏེ་ཡུལ་གྱི་རྣམ་པ་ཅན་ཉམས་སུ་མྱོང་བའི་ཤེས་པར་འགྱུར་རོ་ཞེས་བཤད་པ་གང་ཡིན་པ་དེའི་ཚེ་ཤེས་པའི་ཤེས་པ་ཡང་སྟེ། ཡུལ་གྱི་ཤེས་པའི་ཤེས་པ་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར་འདི་ལ་ཡུལ་གྱི་རྣམ་པས་བྱས་པའི་རྗེས་སུ་བསྒྱུར་བ་

ཡོད་པ་ཡིན་ནོ། །དེ་ནི་དེ་ལྟ་མ་ཡིན་ཏེ་གལ་ཏེ་འདི་ལྟར་ཉམས་སུ་མྱོང་བའི་ཤེས་པ་ཡུལ་གྱི་རྣམ་པས་ཉེ་བར་བསྒྱུར་བར་བྱས་པ་ནི་ཤེས་པའི་ཤེས་པ་ཁྱད་པར་འདི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དོན་ལས་ཡིན་ཏེ། རྣམ་པར་ཤེས་པ་རྣམ་པར་མེད་པ་ཉིད་དུ་སྐྱེ་བ་དེ་ནི་དོན་གྱི་འབྲས་བུ་

เล่ม ๑๗๕ · หน้า 233a

ཡིན་ཏེ། དོན་ལས་སྐྱེ་བའི་ཕྱིར་རོ། །དོན་གྱི་འབྲས་བུ་ཉིད་ཡིན་པས་ན་འབྲས་བུར་གྱུར་པ་ཡུལ་གྱི་ཤེས་པ་ལ་དྲན་པ་སྐྱེ་བར་འགྱུར་ཏེ། དཔེར་ན་དོན་གྱི་འབྲས་བུའི་ཤེས་པ་ནི་འདི་ཡིན་ནོ་ཞེས་བྱ་བ་ལྟ་བུ་གང་ཡིན་པ་དེ་འདི་ན་པ་དེ་ནི་དོན་གྱི་འབྲས་བུ་ཉིད་དུ་སྐྱེས་པར་གྱུར་པ་ན། དེའི་

རྒྱུར་གྱུར་པའི་དོན་ཡང་དྲན་པར་འགྱུར་རོ། །གལ་ཏེ་དོན་དྲན་པ་ཡོད་ན་ཕྱིས་འཁྲུལ་པས་ཉམས་སུ་མྱོང་བའི་ཤེས་པ་རྣམ་པ་མེད་པ་ཡིན་ན་སྐྱེས་བུས་དོན་དེས་རྣམ་པ་དང་ལྡན་པར་སྲིད་པ་ཡིན་ནོ་ཞེ་ན། དེ་ལ། ཤེས་དྲན་དོན་གྱི་འབྲས་ཉིད་ཕྱིར། །གལ་ཏེ་དོན་ནི་དྲན་པ་ལས། །འཁྲུལ་པས་

སྲེད་པར་བྱེད་ཡིན་ན། །དེའི་ཚེ། སྒྲོན་མ་ཡིད་བྱེད་དེར་འགྱུར་རོ། །ཇི་ལྟར་ཡུལ་དེ་རྒྱུ་ཡིན་པ་དེ་ལྟར་སྣང་བ་ཡང་ཡུལ་ལ་ཉེ་བར་སྦྱོར་བ་ལ་རེག་པ་མེད་པར་ཉམས་སུ་མྱོང་བའི་རྣམ་པར་ཤེས་པའི་རྒྱུའི་ངོ་བོར་འགྱུར་བ་ཅན་དང་། དེ་བཞིན་དུ་ཡིད་ལ་བྱེད་པ་ཡང་འགྱུར་རོ། །ཇི་ལྟར་ངེས་པར་དོན་གྱི་

རྣམ་པ་དང་འདྲེས་པའི་ཤེས་པ་དྲན་པ་ཡིན་པ་དེ་ལྟར་ན་དེ་བཞིན་དུ་ཡིད་ལ་བྱེད་པ་ལ་སོགས་པ་ཉམས་སུ་མྱོང་བ་དང་འབྲེལ་པར་འགྱུར་རོ། །གཞན་ཡང་གལ་ཏེ་དོན་གྱི་འབྲས་བུ་ཞེས་བྱ་བ་དོན་གྱི་རྣམ་པར་ཞེན་པ་ཅན་གྱི་ཤེས་པ་ལ་དམིགས་པར་བྱེད་པ་ན་དྲན་པ་ཡིན་པ་དེའི་ཚེ་ཇི་ལྟར་རྣམ་

པར་ཤེས་པ་དོན་དང་ལྷན་ཅིག་དྲན་པ། དེ་བཞིན་འབྲས་བུ་ཐམས་ཅད་ཀྱང་། །བདག་ཉིད་ཇི་ལྟ་བ་བཞིན་དུ་རྒྱུ་དང་ལྷན་ཅིག་འཛིན་པར་འགྱུར། དེ་ཕྱིར་རྫ་མཁན་ལ་སོགས་པ། །མེད་པར་བུམ་པ་དྲན་མི་འགྱུར། །རྫ་མཁན་དང་འཁོར་ལོ་ལ་སོགས་པ་ཡོད་ན་བུམ་པ་འགྲུབ་པ་

མཐོང་བ་དེ་ལྟར་ན་རྫ་མཁན་ལ་སོགས་པའི་འབྲས་བུ་བུམ་པ་དྲན་པར་བྱེད་པ་ན་ངེས་པར་རྫ་མཁན་ལ་སོགས་པ་དྲན་པར་འགྱུར་གྱི་རྣམ་པ་འགའ་ཞིག་གིས་ཀྱང་བུམ་པ་འབའ་ཞིག་དྲན་པར་མི་འགྱུར་རོ། །དེའི་ཕྱིར་དོན་གྱི་རྣམ་པ་ཅན་གྱི་ཤེས་པ་འབྲེལ་བས་བྱས་པ་འཛིན་པ་མ་ཡིན་ནོ། །ཅི་སྟེ་ཡུལ་

གྱི་ཤེས་པ་ལ་ཡིད་ལ་བྱེད་པ་ལ་སོགས་པ་དག་ལས་ཁྱད་པར་འགའ་ཞིག་ཡོད་པ་ཡིན་ན། གང་གིས་ན་རྒྱུ་ཉིད་དུ་མཚུངས་པ་ཉིད་ཡིན་ན་ཡང་ངེས་པར་དོན་གྱི་རྣམ་པ་འཛིན་པས་ཤེས་པ་ལ་དམིགས་པར་འགྱུར་གྱི། རྣམ་པ་གཞན་དུ་མ་ཡིན་ནོ་ཞེ་ན། དེའི་ཚེ། ཕུལ་བྱུང་གང་ལས་ཤེས་པ་ནི། །དོན་དང་འབྲེལ་

เล่ม ๑๗๕ · หน้า 233b

པ་སྟོན་པ་ཡིན། །ཤེས་པ་དོན་དང་འབྲེལ་པ་ལ་སྟོན་པ་ཅན་དུ་འགྱུར་རོ་ཞེས་འདོད་དོ། །དེ་ནི་འདྲ་བ་ལས་གཞན་ཅིར་འགྱུར། དོན་དང་འདྲ་བའི་བྱེ་བྲག་མ་གཏོགས་པར་ཡུལ་གྱི་ཕུལ་དུ་གྱུར་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདྲ་བ་ཉིད་ལས་འཁྲུལ་པས་ཤེས་པ་ལ་དོན་གྱི་རྣམ་

པར་སྒྲོ་འདོགས་པ་རིགས་པ་ཡིན་ཏེ། མཚེ་མ་ལ་སོགས་མཐོང་བ་བཞིན། །གཟུགས་མཚུངས་པའི་མཚེ་མ་དག་ལས་གཅིག་མཐོང་བས་གཞན་མཐོང་བ་ན་ངས་སྔོན་མཐོང་བ་དེ་ཉིད་འདི་ཡིན་ནོ་ཞེས་འདྲ་བ་མཐོང་བ་ལས་རྟོགས་པ་པོ་དེའི་ངོ་བོར་སྒྲོ་འདོགས་པ་ལྟ་བུའོ། །དེའི་ཕྱིར་དོན་དང་འདྲ་བ་

མཐོང་བ་འདི་ལ་ཡང་ཤེས་པ་ཡུལ་དང་འབྲེལ་པ་ལ་སྒྲོ་འདོགས་པར་འགྱུར་རོ། །གཞན་ཡང་དང་པོ་ཉམས་སུ་མྱོང་བའི་ཤེས་པ་ཡུལ་དང་ཉམས་སུ་མྱོང་བའི་རྣམ་པ་དག །གཉིས་མེད་དངོས་ཡིན་ན། འཛིན་པར་བྱེད་པ་ཕྱི་མ་དེ་ཡང་ཉམས་སུ་མྱོང་བའི་ངོ་བོ་གཅིག་ཏུ་གནས་པར་འགྱུར་གྱི་ཡུལ་

དང་རྗེས་སུ་མཐུན་པའི་ཤེས་པ་སྣང་བ་མ་ཡིན་ནོ། །གཉིས་པོ་ངོ་བོ་གཅིག་ལ་ནི། །རྣམ་པར་གནས་པ་ཤེས་པ་དེ་རྟོགས་པའི་སེམས་ཀྱིས་ཤེས་པ་འཛིན་པ་ཅན་གསུམ་པས་རྣམ་པར་འབྱེད་པ་མ་ཡིན། ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པ་ལ་སྣང་བ་ཅན་ཐ་དད་པར་འཛིན་པ་མ་ཡིན་ཏེ། རང་

ཉིད་སྣང་བའི་ངོ་བོ་གཅིག་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་མ་ཡིན་ཏེ་འོན་ཀྱང་ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པའི་སྣང་བ་དང་རང་ཉིད་ངེས་པར་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཉམས་སུ་མྱོང་བ་འཛིན་པ་ཅན་གྱི་བློ་གཉིས་པ་ནིའོ། །དེ་ཅི་འདྲ་བ་ཞིག་ཅེ་ན། དོན་བསྲེ་བ་དང་འབྲེལ་པ་ཅན། །དོན་

བསྲེ་བ་ཅན་ཏེ་དོན་གྱི་རྣམ་པ་འཛིན་པ་དེ་ནི་དོན་བསྲེ་བ་དང་འབྲེལ་ཅིང་ལྡན་པ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱོར་རོ། །བློ་དམིགས་པར་འགྱུར། བློ་གཉིས་པ་དེ་འདྲ་བ་དེ་ལའོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། སྔོན་སོགས་ངོ་བོ་རུ། མདུན་ན་སྣང་བར་གྱུར་པའི་ཡུལ་གྱི་རྣམ་པས་ཉེ་བར་གྱུར་པ་ཉམས་

སུ་མྱོང་བའི་ཤེས་པས་མདུན་ན་སྣང་བར་རྟོགས་པར་འགྱུར་བ་དེ་ལྟར་ན་བློ་ཚུལ་གཉིས་པ་ཡིན་ནོ། །དེ་ལྟ་མིན་ན་གལ་ཏེ་དོན་གྱི་འབྲས་བུ་ཉིད་ཀྱིས་དོན་དང་འདྲེས་པའི་ཡུལ་གྱི་རྣམ་པར་ཤེས་པ་ལ་དམིགས་པར་འགྱུར་གྱི་ཡུལ་གྱི་རྣམ་པ་ཉེ་བར་བསྒྱུར་བ་ལས་ནི་མ་ཡིན་ནོ། །དེའི་ཚེ་དང་པོའི་ཉམས་

เล่ม ๑๗๕ · หน้า 234a

སུ་མྱོང་བའི་ཤེས་པ་དོན་གྱི་ནུས་པ་ལས་བྱུང་བ་ཅན་གཅིག་ཕྱིར་སྦྱོར་དོན་དང་ཡིད་ཀྱི་ཤེས་པའི་ཤེས་པས་དུས་ཕྱིས་འབྱུང་བ་ཅན་གྱི་ཤེས་པ་ལ་སོགས་པ་དང་ནི་མ་ཡིན་ནོ། །ཉམས་སུ་མྱོང་བ་གཟུང་བར་བྱ་བ་དོན་སྔ་མ་དེ་དང་འབྲེལ་པ་ནི། མཐོང་མེད་ཅན་ཕྱི་མ་ཕྱི་མ་མེད་ཤེས་

པའོ། །ཅིའི་ཕྱིར་ཞེ་ན། དོན་ལས་འབྱུང་ཕྱིར་རོ། །ཉམས་སུ་མྱོང་བའི་ཤེས་པ་ཉིད་ནི་དོན་ལས་བྱུང་བའི་ཕྱིར་རོ། །རང་དང་འབྲེལ་པ་ཅན་དེ་དང་སྦྱོར་བར་བྱེད་ཀྱི་ཅིག་ཤོས་དང་མ་ཡིན་ཏེ། དེ་དག་ནི་དེའི་ཡུལ་གྱི་དོན་ལས་མ་སྐྱེས་པའི་ཕྱིར་རོ། །ཡུལ་མ་ཡིན་པ་ཉིད་ཀྱིས་འདི་མི་འཛིན་པའི་ཕྱིར་རོ། །

འདི་ནི་ཤེས་པ་ཕྱི་མ་ཕྱི་མ་ཞེས་བྱ་བ་ལ་སོགས་པའི་གཞུང་བཙུགས་པ་ཡིན་ནོ། །དེ་ལྟར་ན་ཡུལ་གྱི་ཤེས་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར། ངེས་པ་བློ་དང་བཅས་པ་ནི། །ཞེས་བྱ་བ་ལ་སོགས་པས་བདག་ཉིད་ཀྱི་རིགས་པ་གཞན་གྱིས་སྟོན་པར་མཛད་དོ། །སྔོན་པོ་ལ་སོགས་པ།

ངེས་པར་བློ་དང་བཅས་པར་ནི། །ལྷན་ཅིག་མྱོང་ནི་མྱོང་འགྱུར་བ། །དེ་དག་ལས་ནི་རྣམ་པར་ཤེས་པ་ལས་གཞན་ཉིད་དུ་ཡུལ་གྱི་རྣམ་པ་གང་གིས་ནི་གྲུབ་པར་འགྱུར། རྒྱུ་གང་གིས་འགྲུབ་པར་འགྱུར་ཏེ་མ་ཡིན་ནོ། །སྔོན་པོ་ལ་སོགས་པ་དང་དེ་ཉམས་སུ་མྱོང་བ་དག་ནི་ལྷན་ཅིག་དམིགས་པའི་ཕྱིར་ཐ་དད་

པར་སྣང་བ་ཅན་ཉིད་ཡིན་ན་ཡང་གཅིག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། གང་ཞིག་གཉིས་སུ་སྣང་བ་དེ་ནི་དོན་དམ་པར་ཐ་དད་པ་ཡིན་ཏེ། དཔེར་ན་བདེ་བ་དང་སྡུག་བསྔལ་དག་ལྟ་བུའོ། །ཡུལ་དང་ཤེས་པའི་རྣམ་པ་ཡང་གཉིས་སུ་སྣང་བ་ཡིན་ནོ། །དེ་དང་དེ་ནི་ཡོད་པ་མ་

ཡིན་ཏེ་འདི་ལྟར་ཐ་དད་སྔོན་པོ་དང་ཉམས་སུ་མྱོང་བ་དག་མཐོང་བར་འགྱུར་རོ། །གང་གིས་ཤེ་ན། སྐྱེས་བུ་འཁྲུལ་པའི་རྣམ་ཤེས་ཅན་རྣམས་ཀྱིས། །དོན་དམ་པར་ཤེས་པའི་བདག་ཉིད་ཐ་དད་པ་མེད་པ་ཡིན་ན་ཡང་ངོ་། །ཅི་དང་འདྲ་བར་ཞེ་ན། ཟླ་གཉིས་མེད་བཞིན་ཏེ། དཔེར་ན་ཟླ་བ་གཅིག་ལ་མིག་

འཁྲུལ་པ་ཅན་གྱིས་གཞན་གཉིས་པ་འཛིན་པ་དེ་བཞིན་ནོ་ཞེས་བྱ་བས་མ་ངེས་པ་བསྟན་ཏོ། །ཅི་སྟེ་མ་འཁྲུལ་པ་དག་གིས་ཞེས་བྱ་བའི་ཁྱད་པར་གཟུང་བར་གྱུར་པ་དེའི་ཚེ་མ་འཁྲུལ་པ་ཉིད་མ་གྲུབ་པ་ཡིན་ཏེ། མཆོག་མཐོང་བ་ཅན་མ་ཡིན་པ་ཐམས་ཅད་ཀྱིས་འཁྲུལ་པ་ཉིད་ཀྱི་ཕྱིར་རོ། །མྱོང་

เล่ม ๑๗๕ · หน้า 234b

བའི་ངེས་པ་ཡོད་མ་ཡིན། གཅིག་ཏུ་དམིགས་པའི་ངེས་པ་ཡོད་པ་མ་ཡིན་ནོ། །གང་ཞེ་ན། སྔོ་སེར་ངག་གི་ཐ་དད་དག །ཇི་ལྟར་སྔོན་པོ་དང་སེར་པོ་དག་དུས་གཅིག་ཏུ་དམིགས་པ་ཡིན་ན་ཡང་། རྣམ་པ་གཞན་དུ་ཡང་གཅིག་ཏུ་དམིགས་པ་ཡོད་པ་མ་ཡིན་ནོ། །འདིས་ནི་ཆོས་མི་མཐུན་པ་ཉིད་ཅན་

གྱི་དཔེ་བསྟན་ཏོ། །སྔོན་པོ་དང་དེ་ཉམས་སུ་མྱོང་བ་དེ་དག་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་འགའ་ཞིག་ནི་མྱོང་བ་མེད་པའམ། དོན་དམིགས་པ་ན་དེ་ཉམས་སུ་མྱོང་བ་མེད་པར་འགའ་ཞིག་གི་ཚེ་འགའ་ཞིག་མཐོང་བ་ཡིན་ནོ། །དོན་མེད་ཅན་ཡང་མཐོང་བ་ནི། །རྣམ་པར་ཤེས་པ་

དོན་མེད་པ་ཅན་དོན་གྱི་རྣམ་པར་ཉེ་བར་བསྒྲུབ་པ་མེད་པར་མྱོང་བར་འགྱུར་བ་མ་མཐོང་ངོ་། །དེ་ལྟར་ན་གཏན་ཚིགས་འགྲུབ་པའི་མཇུག་སྡུད་པར་བྱེད་དོ། །དེའི་ཕྱིར་དོན་དང་དེ་དམིགས་པ་དེ་དག་ཐ་དད་མེད་ཅེས་བྱ་བ་ནི་ཚད་མའི་འབྲས་བུའོ། །སྦྱོར་བ་ཡང་གང་ཞིག་གང་དམིགས་པ་ན་ངེས་པར་དམིགས་

པར་འགྱུར་བ་ན་དེ་ནི་དེ་ཉིད་ཡིན་པར་འགྱུར་ཏེ། དཔེར་ན་དེའི་རང་ཉིད་ཀྱི་ངོ་བོའམ་ཟླ་བ་གཉིས་པ་ལྟ་བུའོ། །དེ་དམིགས་པ་ལ་ཡང་དེ་ཉམས་སུ་མྱོང་བ་ངེས་པར་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཁྱབ་པ་ཡང་ཚད་མ་རྣམ་པར་ངེས་པ་ལས་རྒྱས་པར་བསྟན་ཟིན་

པ་དེ་ལྟར་ན་འདིར་མ་སྤྲོས་སོ། །དེའི་ཕྱིར་ཤེས་དུས་སྣང་བ་ཅན། །དོན་ནི་ཤེས་ལས་ཐ་དད་པར་བཟློག་པར་ཤིན་ཏུ་དཀའ་བ་ཡིན་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །དབང་པོ་ལ་སོགས་པར། རྒྱུ་གཞན་དག་ནི་ཡོད་ན་ཡང་། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །དོན་དུ་སྣང་བ་ཅན་

གྱི་བློ་མེད་པར་འདི་ནི་དེ་ཙམ་གྱི་རྒྱུ་ཅན་ཡིན་པ་དེ་ལྟར་ན་འབྲས་བུ་ལྡོག་པ་ལས། རྒྱུ་ཡི་ཐ་དད་རྗེས་དཔོག་འགྱུར། །རྒྱུ་གཞན་རྗེས་སུ་དཔོག་པར་འགྱུར་རོ། །རྒྱུ་གཞན་གང་ཡིན་པ་དེ་ནི་འདིར་དོན་ཡིན་ནོ་ཞེ་ན། དེ་ལྟར་ཡང་གལ་ཏེ་དོན་ཞེས་བྱ་བ་འགྲུབ་པར་འགྱུར་ན། དེ་རྗེས་སུ་དཔག་

པས་རྟོགས་པར་བྱ་བ་ཡིན་པར་འགྱུར་གྱི་མངོན་སུམ་གྱིས་ནི་མ་ཡིན་ནོ། །འདི་དེ་ལྟར་ཡིན་ན་ཡང་ཇི་ལྟར་ཡིད་ལ་འདོད་པའི་རྣམ་པར་ཤེས་པ་ལས་ཐ་དད་པར་གྲུབ་པ་མ་ཡིན་ནོ་ཞེ་ན། འདི་ལྟར་ཕྱི་རོལ་གྱི་དོན་དེ་གང་གི་ཚེ་འགྲུབ་པར་འགྱུར། གལ་ཏེ་རྣམ་པར་ཤེས་པ་སྨྲ་བས་མཚུངས་

เล่ม ๑๗๕ · หน้า 235a

པ་དེ་མ་ཐག་རྐྱེན་ལས་ངེས་པར་མི་སྨྲ་ནའོ། །མངོན་པར་འདོད་པའི་དོན་སྣང་བ་ཅན་གྱི་རྣམ་པར་ཤེས་པ་སྐྱེ་བའི་བག་ཆགས་ཡོངས་སུ་སྨིན་པའི་སྙིང་པོ་ཡིད་ལ་བྱེད་པས་བྱིས་པའི་བློ་རྣམས་ཀྱིས་འཇུག་པའི་ངེས་པ་མི་སྨྲ་བ་ནའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འབྲས་བུ་ལྡོག་པ་

དང་མི་ལྡོག་པ་ནི་དེ་ལྟ་བུའི་རྣམ་པར་ཤེས་པ་སྐྱེ་བའི་བག་ཆགས་སད་པ་དང་མ་སད་པས་བྱས་པ་ཉིད་ཀྱི་ཕྱིར་རོ། །འབྲས་བུ་དོན་དུ་སྣང་བ་ཅན་གྱི་རྣམ་པར་ཤེས་པ་ཡོད་པ་དང་མེད་པ་ལས་རྒྱུ་བྱེ་བྲག་མེད་པར་ཡོད་དོ་ཞེས་རྗེས་སུ་དཔོག་པ་ན་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་མ་གྲུབ་པ་

ཡིན་པ་དེ་དེ་ལྟར་ན་འབྲས་བུ་ལྡོག་པ་ལས་ཀྱང་གང་ལས་དོན་རྗེས་སུ་དཔོག་པར་འགྱུར། གལ་ཏེ་གང་གི་ཚེ་ཕྱི་རོལ་གྱི་དོན་མེད་པའི་ཚེ་བློ་ས་བོན་ལས་མྱུ་གུ་སྣང་བ་འཁྲུལ་པ་ཉིད་ཡིན་པས་ན་མེད་པ་ཉིད་ཡིན་པའི་ཕྱིར་དེ་བྱེད་པ་པོ་ཉིད་མ་ཡིན་ཞིང་འབྲས་བུ་ཉིད་ཀྱང་མ་ཡིན་ནོ། །དེ་ཇི་ལྟར་ས་བོན་

ལས་མྱུ་གུ་སྐྱེ་བ་ཞེས་བྱ་བའི་བྱེད་པ་པོ་རྣམ་པར་གཞག་པ་ཡིན། ས་བོན་དང་མྱུ་གུ་སྣང་བ་དག་ལ་ནི་ཕན་ཚུན་རྒྱུ་དང་འབྲས་བུ་ཉིད་མེད་པའི་ཕྱིར་རོ། །དེ་བཞིན་དུ་མེ་དང་དུ་བར་སྨྲ་བ་དག་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མི་རུང་བའི་ཕྱིར་རོ། །གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །

ཡང་ཕྱི་རོལ་གྱི་དོན་ཡོད་ན། ཕྱི་རོལ་གྱི་མེ་ཡོད་པ་ཡིན་ཞིང་དེ་དུ་བའི་རྒྱུ་ཡིན་པ་དེ་ལྟར་ན་དུ་བ་མེའི་གོ་བར་བྱེད་པར་འགྱུར་རོ། །རྣམ་པར་རིག་པ་ཙམ་ཉིད་ལ་ཡང་དུ་བ་རྟོགས་པའི་དུས་མེ་ཡོད་པ་མ་ཡིན་པ་དེ་ལྟར་ན། ཤེས་པར་བྱེད་པ་དུ་བ་ལས་མེ་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱེད་པ་ཇི་

ལྟར་གནས་པ་ཡིན། ཕྱི་རོལ་གྱི་དོན་ལ་ནི་བྱེད་པ་པོ་ལ་སོགས་པའི་རྣམ་པར་གཞག་པ་ཐམས་ཅད་འབད་པ་ཡིན་ནོ་ཞེ་ན། དེ་ལ་སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར། ས་བོན་ལས་ནི་མྱུག་སྐྱེ་དང་། །ཞེས་བྱ་བ། དེ་ལྟར་ཕྱི་རོལ་དོན་རྟེན་ཅན་བྱེད་པ་པོར་གནས་པ་གང་ཡིན་པ་དང་དུ་བ་ལས་མེ་གྲུབ་

པ་ཞེས་ཤེས་པར་བྱེད་པའི་ཐ་སྙད་འཇུག་པ་གང་ཡིན་པ་དེ་ཡང་གལ་ཏེ་ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་པར་དངོས་པོར་རྟོགས་པ་ལ་བརྟེན་ནས། དེ་ཡི་ངོ་བོར་སྣང་བ་ཅན། །མྱུ་གུ་ལ་སོགས་པར་སྣང་བ། །དེ་ལྟར་ངེས་འབྱུང་བ། ས་བོན་ལ་སོགས་པར་བྱེ་བྲག་ཏུ་སྣང་བའི་བློ་ལས་དེ་མ་ཐག་

เล่ม ๑๗๕ · หน้า 235b

ཏུ་འབྱུང་ཞིང་སྐྱེ་བའི་མྱུ་གུ་ལ་སོགས་པར་སྣང་བ་ཅན་གྱི་བློ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུར་གྱུར་པའི། བློ་སྟོན་པས་ནི་རྟོགས་བྱེད་ན། །འགལ་བ་དག་ནི་ཅི་ཞིག་ཡོད། །ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཇི་ལྟར་ས་བོན་ལས་མྱུ་གུ་ཞེས་བྱ་བ་སྐྱེ་བ་དངོས་པོ་ལ་སོ་སོར་ངེས་པའི་ཕྱིར།

འབྲས་བུ་རྣམ་པར་གཞག་པ་ལ་བརྟེན་པའི་འདོད་པ་དེ་ལྟར་ས་བོན་དུ་སྣང་བ་ཅན་གྱི་བློ་རྒྱུར་གྱུར་པ་ཡོད་ན་མྱུ་གུར་སྣང་བ་ཅན་གྱི་ཤེས་པ་བྱུང་བར་གྱུར་པ་རྟོགས་པ་ན་ཚད་མ་དང་འགལ་བ་མེད་པ་ཉིད་ཡིན་ནོ། །ཕྱི་རོལ་གྱི་དོན་ལ་བརྟེན་པ་ཅན་གྱི་རྣམ་པར་གཞག་པ་ཅན་འདི་ནི་སྟོན་པར་དཀའ་བ་

ཉིད་ཡིན་ཏེ་དོན་མ་གྲུབ་པའི་ཕྱིར་རོ། །རྣམ་པར་གཞག་པ་གཅིག་བོར་ནས་རྣམ་པར་གཞག་པ་གཞན་ལ་བརྟེན་པ་ལས་བྱུང་བ་ཅན་གྱི་ཉེས་པ་ཡང་འདི་ལ་འཇུག་པ་མ་ཡིན་པ་དེ་ལྟར་ན་གནོད་པ་ཅི་ཞིག་ཡོད། དེ་ལྟར་ནི་འགྱུར་མོད་ཀྱི། དུ་བ་མེས་བསྐྱེད་འགྱུར་བ་མིན། །ཇི་སྐད་དུ་བཤད་པའི་བློ་ལ་

བརྟེན་ནས་ཤེས་པར་བྱེད་པ་རྣམ་པར་འཇོག་པ་འགལ་བ་ཉིད་ཡིན་ཏེ། འདི་ལྟར་དུ་བར་སྣང་བ་ཅན་གྱི་ཤེས་པ་སྔར་འབྱུང་བར་འགྱུར་ཞིང་། ཕྱིས་མེར་སྣང་བའི་ཤེས་པ་བྱུང་བར་གྱུར་ན་སྔ་མ་ནི་འབྲས་བུ་མ་ཡིན་ཞིང་ཕྱི་མ་ནི་རྒྱུ་མ་ཡིན་ནོ། །དེའི་ཚེ་ཕྱི་རོལ་གྱི་མེ་མེད་ན་མི་སྣང་བ་ཅན་གྱི་ཤེས་པ་ནང་

ཉམས་སུ་མྱོང་བ་ཡིན་ན། གང་ལས་དུ་བར་སྣང་བ་ཅན་གྱི་ཤེས་པ་འབྲས་བུར་རྟོགས་པར་འགྱུར། དེ་ལྟར་ན་དུ་བ་ནི་མེ་ལས་སྐྱེ་བ་ཉིད་ཡིན་པར་མི་འགྱུར་རོ། །དེའི་ཕྱིར་འབྲས་བུ་ལས། དུ་བ་ལས་རྒྱུ་མ་མི་རྟོགས་པར་འགྱུར་རོ། །དེ་ལྟར་ན་ཤེས་པར་བྱེད་པ་གནས་པ་མ་ཡིན་ནོ། །ཅི་སྟེ་

ཡང་དུ་བར་སྣང་བ་ཅན་གྱི་ཤེས་པ་མེར་སྣང་བ་ཅན་གྱི་ཤེས་པའི་རྒྱུར་རྟོགས་པ་དེའི་ཚེ་དུ་བར་སྣང་བའི་ཤེས་པ་དེ་རྒྱུ་དག་ནི་ཡིན་ན་ཡང་། །རྒྱུ་ལས་འབྲས་བུའི་རྗེས་སུ་དཔོག་པ་ཐོབ་པར་འགྱུར་ན། དེའི་ཚེ་ཡང་རྒྱུ་རྣམས་ལས་འབྲས་བུ་མ་ངེས་པའི་ཕྱིར་གང་ལས་ངེས་པར་རྟོགས་པར་འགྱུར།

རྗེས་སུ་དཔག་པ་མེད་པའི་ཕྱིར་ཤེས་པར་བྱེད་པ་གནས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །དེ་ལའང་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དོ། །དེ་ལའང་དུ་བ་ལས་མེ་རྗེས་སུ་དཔོག་པར་འདོད་ན་དུ་བར་སྣང་བའི་བློ་རྟགས་ཀྱི་མིང་ཅན་མེར་སྣང་བའི་བློ་ཉིད་ནི་རྟོགས་པར་འགྱུར་

เล่ม ๑๗๕ · หน้า 236a

རོ། །ཅི་འདྲ་བ་ཞིག་ཅེ་ན། བག་ཆགས་གསལ་བར་སད་པ་དག །བློ་གང་ལས་བག་ཆགས་གསལ་བར་སད་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །མེར་སྣང་བ་ཅན་གྱི་མ་འོངས་པའི་བློ་ཉིད་ཀྱི་གོ་བར་བྱེད་པར་འགྱུར་གྱི་མེ་ནི་མ་ཡིན་ནོ། །མེར་སྣང་བ་ཅན་གྱི་ད་ལྟར་

བློ་བསྒྲུབ་པས་རྟོགས་པ་མ་ཡིན་ན་གང་གིས་ན་དེའི་ཚེ་དུ་བར་སྣང་བ་ཅན་གྱི་ཤེས་པ་ནི་མེས་བསྐྱེད་པ་ཉིད་མ་ཡིན་ཏེ། དེ་ལྟ་བུའི་རྣམ་པ་ཅན་གྱི་བློ་མེད་པའི་ཕྱིར་རོ། །འབྲས་བུ་གང་ལས་རྒྱུ་རྟོགས་པར་མི་འགྱུར་རོ། །དེ་ལྟར་ན། དེ་རུང་བག་ཆགས་སྙིང་པོ་ཅན། །མེར་སྣང་བ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་

པར་རུང་བའི་བག་ཆགས་ཀྱི་སྙིང་པོ་སྐྱེ་བའི་རྒྱུ་དང་རྟེན་རྒྱུད་གང་ལ་ཡོད་པ་དེ་ཉིད། དུ་བར་སྣང་བ་ཅན་གྱི་བློའི། །སེམས་ཀྱི་རྒྱུ་ནི་གསལ་བར་བྱེད། །སྐྱེད་པར་བྱེད་ཀྱི་གང་ཅི་ཡང་རུང་བ་ནི་མ་ཡིན་ནོ། །རྒྱུ་དེའི་ཕྱིར་མེ་ལས་དུ་བ་ཡིན། མེ་ལས་དུ་བ་བྱུང་བ་དེ་ལྟར་ན་བག་ཆགས་གསལ་བར་སད་པའི་

སྙིང་པོ་ཅན་མེར་སྣང་བའི་བློ་རྗེས་སུ་དཔོག་པར་བྱེད་པའི་ཕྱིར་རོ། །རྒྱུ་ལས་འབྲས་བུ་དཔོག་པའི་ཕྱིར་མ་ངེས་པའི་རྣམ་པ་ནི་མ་ཡིན་ནོ། །མཁས་རྣམས་ཇི་སྐད་བཤད་པའི་ཕྱི་རོལ་གྱི་དོན་ཁས་མི་ལེན་པ་ལ་རྩོད་པ་དེ་དག་ཡོད། མེད་པ་མ་ཡིན་ཏེ་ཚད་མར་མི་སླུ་བས་སྤོང་བར་རིགས་པ་ཉིད་མ་ཡིན་པའི་ཕྱིར་རོ། །

དེ་ལྟར་ན་ཡང་དག་པའི་རྩོད་པ་ལ་ལྟོས་པ་མེད་པར་ཕྱི་རོལ་ཉིད་ཀྱི་དོན་ལ་བརྟེན་ནས་ནི་ཁས་བླངས་ནས་ཀྱང་བློའི་ཚུལ་གཉིས་བརྗོད་ཡིན་ནོ། །གཅིག་མྱོང་བ་ངེས་ཕྱིར། གཅིག་ཏུ་དམིགས་པར་ངེས་པའི་ཕྱིར་བཤད་མ་ཐག་པའི་གཏན་ཚིགས་ཀྱིས་ཚུལ་གཉིས་པོ་དེ་ཡང་གྲུབ་པར་འགྱུར་རོ། །འདིར་

ཡང་ཚུལ་གཉིས་གྲུབ་པར་བྱ་བ་ལ་ཅི་དོན་ལ་སོགས་པར་རིགས་པ་གཞན་སྟོན་པར་མཛད་དེ་དོན་ལས་དེ་ཤེས་པ་སྐྱེ་བར་འགྱུར་བ་དེར་སྣང་ཡང་ཡོད་མིན་ཡུལ་གྱི་རྣམ་པ་ཅན་མེད་པ་དེའི་ཚེ། དོན་ཐ་དད་མེད་ངོ་བོའི་ཕྱིར། །ཡིད་ཀུན་ནི། ངོ་བོ་གཅིག་པ་དག་ཏུ་འགྱུར། །ཅི་འདྲ་བ་ཞིག་ཅེ་ན།

དེའི་དོན་ཅན་དོན་གཅིག་གི་ངོ་བོའི་ཡུལ་གང་ལ་ཡོད་པ་དེ་ནི་ཞེས་བྱ་བའི་ཐ་ཚིག་གོ། །དེ་རྣམ་པ་གཅིག་པ་ཅན་ཉིད་ཀྱི་ཤེས་པར་འགྱུར་རོ། །འདི་ལྟར་ཇི་ལྟར་དབང་པོའི་ཁྱད་པར་གྱིས་དབང་པོའི་འགྱུར་བས་གསལ་མི་གསལ་འདྲེན་མ་ལ་སོགས་པ། གསལ་བ་དང་མི་གསལ་བ་དང་འདྲེན་མ་

เล่ม ๑๗๕ · หน้า 236b

ལ་སོགས་པ་སྣང་བ་ཐ་དད་འཛིན་པའི་ཤེས་པ་དོན་གཅིག་ལས་སྣང་འགྱུར། མང་པོ་ཅིག་ཅར་སྣང་བར་འགྱུར་རོ། །སོགས་པ་སྨོས་པས་ནི་ཇི་ལྟར་ཡོངས་སུ་སྣང་བའི་དོན་ལ་ཕྱིན་ཅི་ལོག་པའི་ཁ་དོག་དུ་སྣང་བའི་ཁྱད་པར་འཛིན་པའི་ཤེས་པ་སྣང་བར་གཟུང་ངོ་། །དེ་དག་ཀྱང་ཕན་ཚུན་མཚན་ཉིད་མི་

འདྲ་བའི་རྣམ་པ་ཡིན་གྱི་དོན་གྱི་ནི་མ་ཡིན་ཏེ་གཅིག་ལ་སྣ་ཚོགས་པ་འགལ་བའི་ཕྱིར་རོ། །དེ་ལྟར་ན་གཅིག་ཉིད་ཁས་བླང་བར་བྱ་བ་ཡིན་པས་ན། ཡུལ་ཅན་དུ་སྣང་བའི་ཤེས་པ་གྲུབ་པ་དེ་བས་ན། ཚུལ་གཉིས་པ་ཅན་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་གྱི་གལ་ཏེ་ཤེས་པ་དོན་ལ་བརྟེན་ནས་སྐྱེ་

བ་དང་དོན་དང་འདྲ་བ་ཡིན་པ་དེའི་ཚེ་དོན་ནི་རྣམ་པ་གཅིག་པ་ཅན་ཉིད་ཡིན་པའི་ཕྱིར། དེ་ཉིད་དེ་འདྲ་བའི་རྗེས་སུ་བྱེད་པ་ཡིན་གྱི་འདྲེན་མ་ལ་སོགས་པའི་ཁྱད་པར་དུ་མི་འགྱུར་བ་དེ་ལྟར་ན་ཤེས་པ་དོན་གྱི་རྣམ་པ་ཉིད་མ་ཡིན་ནོ་ཞེ་ན། དེའི་དོན་ལ་རྟེན་པས་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་

དོ། །དོན་ལ་བརྟེན་ནས་འབྱུང་འགྱུར་ཞིང་། །དེའི་ངོ་བོ་སྟེ། དོན་གྱི་རྣམ་པའི་རྗེས་བྱེད་པ། །དེ་ནི་ཆ་འགའ་ཞིག་གིས་ན། དོན་གྱི་རྣམ་པ་ཉིད་རྗེས་སུ་བྱེད་པ་ཡིན་ན་ཡང་རྣམ་པ་གཞན་གྱི་ཆ་ཤེས་པ་གཞན་ལས་ཏེ་ནང་གི་བག་ཆགས་སད་པ་ལས་ཀྱང་འདྲེན་མ་ལ་སོགས་པའི་ཁྱད་པར་གྱིས་ཐ་

དད་འགྱུར་བའི་ཕྱིར། འགལ་བ་ཅི་ཞིག་ཡོད། དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་ཉིད་གཞུང་འཛུགས་པར་བྱེད་དོ། །དེ་ལྟར་བུ་ཕ་ལ་བརྟེན་ནས། ཕ་དེ་ཡི་ནི་གཟུགས་དག་ལའང་། །ཆ་འགའ་ཞིག་གིས་སྐྱེ་བར་འགྱུར་བ་དང་འདྲ་བ་ཡིན་པ་དེ་ལྟར་ན་ཡང་ཕ་ལས་འགའ་ཞིག་ལས་ཏེ་རྒྱུ་

གཞན་ལས་ཐ་དད་པ་ནི་དམིགས་པར་འགྱུར། གཞན་དང་འདྲ་བར་ཡང་འགྱུར་རོ། །ཕའི་རྣམ་པ་ཐམས་ཅད་འཛིན་པ་མ་ཡིན་པ་དེ་བཞིན་དུ་ཆ་རྣམས་འགའ་ཞིག་གིས་དོན་གྱི་རྗེས་སུ་བྱེད་པའི་ཤེས་པ་ཡང་རྒྱུ་གཞན་ལ་བརྟེན་པའི་ཕྱིར་རྣམ་པ་ཐ་དད་པར་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་ངག་

གི་དོན་ཏོ། །འདིས་ཀྱང་ཤེས་པ་ཚུལ་གཉིས་ཉིད་ཡིན་ཏེ་འདི་ལྟར་མིག་མི་གསལ་བས་སྐྱེས་བུ་མིག་འཁྲུལ་པས་དཀྱིལ་འཁོར་མཐོང་བར་འགྱུར་རོ། །གང་གིས་ཤེ་ན། མར་མེ་ལ་སོགས་ཀྱིའོ། །ཅི་འདྲ་བ་ཞིག་ཅེ་ན། རྨ་བྱའི་མདོངས་ཀྱི་རྣམ་པ་ཅན་རྨ་བྱའི་མདོངས་ཀྱི་དབྱིངས་ཅན་ནོ། །དཀྱིལ་

เล่ม ๑๗๕ · หน้า 237a

འཁོར་ཡང་སྔོ་དང་ནང་ན་དམར་པོར་སྣང་བ་དག །ཆེས་ཤིན་ཏུ་གསལ་བ་མངོན་པར་འགྱུར་རོ། །དེ་མར་མེའི་ངོ་བོ་ཡིན་ནོ་ཞེས་ངེས་པར་ནུས་པ་མ་ཡིན་ཏེ། མར་མེའི་རྣམ་པ་དང་ཡུལ་ཐ་དད་པ་འཛིན་པའི་ཕྱིར་རོ། །དེའི་ཕྱིར་བློ་དེ་ཉིད་དེ་ལྟར་སྣང་བ་ཡིན་པས་ནི་བློ་ཡུལ་དུ་སྣང་

བ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མར་མེ་ལ་སོགས་པའི་དཀྱིལ་འཁོར་དེ་དོན་གཞན་གྱི་ངོ་བོར་འབྱུང་བར་འགྱུར་བ་མ་ཡིན་པ་དེའི་ཚེ་ཤེས་པ་དེ་ཚུལ་གཉིས་སུ་འགྱུར་ན་འདི་ལྟར་དཀྱིལ་འཁོར་ལ་སོགས་པའི་ངོ་བོ་དེ་མཐོང་བ་བསླད་པ་ཅན་རྣམས་ཀྱིས་མཐོང་བའི་ལམ་དུ་སྣང་བ་གཞན་

ཉིད་འབྱུང་བར་འགྱུར་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ་དཀྱིལ་འཁོར་ལ་སོགས་པ། དེ་དེ་ཕྱི་རོལ་དངོས་ཡིན་ན། །དབང་པོ་གསལ་བ། ལྟ་བ་པོ་ཡུལ་དང་། དུས་དེ་དང་ཉེ་བ་ལ་ཅི་ནུས་མེད་དཀྱིལ་འཁོར་ལ་སོགས་པའི་གཟུགས་ལ་མི་བཟོད་ཅི་ཞིག་ཡོད། གང་གིས་ན་བདག་ཉིད་

ཀྱི་རྣམ་པ་དབང་པོ་གནོད་པ་བྱས་པ་ཅན་གྱི་བློ་ཉིད་ལ་སྣང་བར་བྱེད་ཀྱི་དབང་པོ་ལ་གནོད་པ་མ་བྱས་པ་ཅན་གྱི་བློ་ལ་མ་ཡིན། དེས་ཀྱང་དེའི་ངོ་བོ་གཞན་འཛིན་པ་ཡིན་ཏེ། མིག་གི་དབང་པོས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་གལ་ཏེ་དཀྱིལ་འཁོར་དེ་དངོས་པོ་

ཉིད་ཡིན་པར་འགྱུར་གྱི། བློ་འཁྲུལ་པ་ཉིད་མ་ཡིན་པ་དེའི་ཚེ། དབང་པོ་ལ་གནོད་པ་བྱས་པ་དེ་མཐོང་ཡང་དག་པའི་ངོ་བོ་མཐོང་བ་ཡིན་ན་ཇི་ལྟར་གནས་པ་བཞིན་དུ་མཐོང་བར་གྱུར་པ་ཡིན་ན། དེ་ཇི་ལྟར་དབང་པོ་གནོད་བྱས་ཡིན། འོན་ཀྱང་མ་ཡིན་པ་ཉིད་དེ་དེ་ལྟར་ལས་གཞན་པ་ཡང་དག་པའི་

དོན་མཐོང་བའི་སྐྱེས་བུ་བཞིན་ནོ། །དེ་བཞིན་དུ་གྱུར་པ་མ་ཡིན་པའི་དོན་ལ་བློ་དེ་བཞིན་དུ་སྣང་བའི་ཕྱིར་མཐོང་བ་བསླད་པ་ཡིན་པར་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་རྩ་གསུམ་པ། གཞན་ཡང་མར་མེ་ལ་སོགས་པའི་དཀྱིལ་འཁོར་དབང་པོ་ལ་

གནོད་པ་མ་བྱས་པ་ལ་མི་སྣང་བ་འདིའི་སྐྱེས་བུ་དབང་པོ་འཁྲུལ་པ་ཅན་མིག་རབ་རིབ་ཀྱིས་གནོད་པར་བྱས་པ་མ་ཡིན་ཏེ། འོན་ཀྱང་ཤིན་ཏུ་སྦྱངས་པས་ཡིན་པར་འགྱུར་པས། དབང་པོ་འདས་མཐོང་འགྱུར་ཡིན་ན། །གང་གིས་ན་གཅིག་པོ་དེ་ཉིད་ཀྱིས་དེ་མཐོང་བར་འགྱུར་གྱི་ཅིག་ཤོས་དག་གིས་མ་

เล่ม ๑๗๕ · หน้า 237b

ཡིན་ཞེས་དཔྱས་པ་ཡིན་ནོ། །སྐྱེས་བུ་དེའི་མིག་མར་མེ་ལ་སོགས་པའི་དཀྱིལ་འཁོར་འཛིན་པ་གང་ཡིན་པ་མིག་མ་བསླད་པའི་དབང་པོའི་ཡུལ་ན་ཡང་དཀྱིལ་འཁོར་འཛིན་པ་ཞེས་བྱ་བ་དབང་པོ་ལས་འདས་པའི་དོན་མཐོང་བ་དང་འབྲེལ་པའི་ཕྱིར་ཡང་གཞན་གྱི་མིག་གིས་དོན་མཐོང་བ་ཐ་མལ་པའི་མིག་གིས་

རྟོགས་པར་བྱ་བ་བུམ་པ་ལ་སོགས་པ་དེ་ཡང་ཇི་ལྟར་མི་གསལ་བ་ཡིན། གང་གིས་ན་དེ་ལས་མཐོང་བ་དམན་ཞིང་མི་གསལ་བར་འགྱུར་བའི་རིགས་ཏེ། དེ་ལ་ཡང་ཆེས་གསལ་བར་འགྱུར་ན་དེ་ཡང་མི་འགྱུར་བ་དེའི་ཕྱིར་དབང་པོ་ལ་གནོད་པ་བྱས་པའི་ཡུལ་དེ་ཡང་དེ་ལྟ་བུར་གྱུར་པའི་ཕྱིར་དོན་གཞན་

འབྱུང་བ་མ་ཡིན་ནོ། །དེ་ལྟར་ན་གང་ཞིག་གང་ཡོད་ན་འགྱུར་ཞིང་དེ་ལས་གཞན་པའི་རྒྱུ་ཡོད་ན་ཡང་མི་འགྱུར་བ་དེ་ནི་རྒྱུ་གཞན་ལ་ལྟོས་པ་དང་བཅས་པའི་ཡིན་ཞིང་ལྟོས་པར་བྱ་བ་དང་བཅས་པ་དང་ཉེ་བ་དག་གིས་དེ་ཙམ་གྱི་རྒྱུ་ཅན་ཡིན་པར་འགྱུར་རོ། །འདིར་ཡང་། སྣང་དབང་ཡིད་ལ་བྱེད་པ་ལས། །

གཞན་གཅིག་གི་མར་མེའི་ནུས་པ་རྟོགས་པར་འགྱུར་གྱི། དཀྱིལ་འཁོར་གྱིས་ནི་མ་ཡིན་ནོ། །གལ་ཏེ་འདི་ལ་ཡང་དཀྱིལ་འཁོར་ལ་སོགས་པ་ཡོད་པ་དང་། མེད་པའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་གྱི་དབང་པོའི་བློ་ལ་སྣང་བར་འགྱུར་བ་དེའི་ཚེ་འདི་ལ་ཡང་ནུས་པར་འགྱུར་ཏེ། འདི་ལྟར་སྣང་བ་དང་དབང་

པོ་དང་ཡིད་ལ་བྱེད་པ་དག་ཡོད་ན་ཡང་ཟླ་བ་ལ་སོགས་པ་མེད་ན་མེད་པའི་ཕྱིར་དང་། ཡོད་ན་ཡོད་པའི་ཕྱིར་རོ། །ཇི་ལྟར་འདི་ནི་འབྲས་བུ་ལྡོག་པའི་ཕྱིར་མཐོང་བར་ནུས་པ་ཅན་ཡིན་པ་དེ་བཞིན་གཞན་དཀྱིལ་འཁོར་ལ་སོགས་པ་ནི་མཐོང་བར་ནུས་པ་ཅན་མ་ཡིན་ནོ། །མཐོང་བར་ནུས་པ་ཅན་ཉིད་མ་ཡིན་པ་

དེའི་ཕྱིར་གཞན་ནི་རྒྱུ་མ་ཡིན། དཀྱིལ་འཁོར་ལ་སོགས་པ་དེར་སྣང་བ་ཅན་གྱི་ཤེས་པའོ། །རྒྱུ་མིན་ཡུལ་ཡང་ཇི་ལྟར་རུང་། །མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་གལ་ཏེ་དེ་ཉིད་མར་མེ་ལ་སོགས་པའི་དཀྱིལ་འཁོར་བློ་རྒྱུ་ཡིན་ན། ཅིའི་ཕྱིར་མར་མེ་ལ་ལྟོས་འགྱུར། །མར་མེ་ལ་ལྟོས་པ་མེད་

པར་དེ་ལས་གཞན་པའི་སྣང་བ་ལ་སོགས་པ་ལ་ཉེ་བ་ལ་རང་གི་ཡུལ་ལ་བུམ་པ་ལ་སོགས་པ་བཞིན་དུ་ཤེས་པ་སྐྱེ་བར་འགྱུར་ཏེ། འདི་ལྟར་མར་མེ་ཙམ་གྱིས་དཀྱིལ་འཁོར་དུ་སྣང་བ་ཅན་གྱི་བློར་འགྱུར་རོ། །མར་མེ་ཙམ་གྱིས་བློ་ཡོད་ཕྱིར། །མར་མེ་དང་དཀྱིལ་འཁོར་ལ་སོགས་པ་གཉི་ག་ཚོགས་

เล่ม ๑๗๕ · หน้า 238a

པ་རྒྱུ་ཡིན་པར་ཁྱོད་རྟོག་པ་གང་ཡིན་པ་དེ་གཉི་ག་དག་ཀྱང་རྒྱུར་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། དེ་ལས་མར་མེ་ཉིད་རྒྱུ་ཡིན་ཏེ། དེ་ཡོད་ན་ཡོད་པའི་ཕྱིར་རོ། །ཡུལ་གཉིས་ལས་འབྱུང་བའི་ངང་ཚུལ་ཅན་གྱི་བློ་ལ་ཡུལ་གཅིག་ཙམ་གྱི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་

པའི་རིགས་པ་མ་ཡིན་ཏེ། སྔོན་པོ་དང་སེར་པོ་མཐོང་བ་བཞིན་ནོ། །དེ་ཡང་ཕྱི་རོལ་གྱི་དོན་ཁས་བླངས་པས་དབང་པོའི་ཁྱད་པར་གྱིས་མིག་གསལ་བ་ལ་སོགས་པར་སྣང་བའི་ཕྱིར་བློ་ཚུལ་གཉིས་སུ་བཤད་པ་ཡིན་ནོ། །ད་ནི་ཕྱི་རོལ་གྱི་དོན་གཉིས་ཡོད་པ་མ་ཡིན་གྱི་འོན་ཀྱང་བློ་གཟུང་བ་དང་འཛིན་པའི་

རྣམ་པར་སྐྱེ་བ་སྣང་བ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། ཉེ་རིང་ལ་སོགས་ཁྱད་པར་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དངོས་པོ་ནི་གཅིག་དང་ཐ་དད་པ་མེད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར། དོན་གཅིག་སྣང་བར་གྱུར་པ་ལས། །ཉེ་རིང་ལ་སོགས་ཁྱད་པར་གྱིས། །ལྟ་བ་པོ་མང་པོ་གནོད་

པ་མ་བྱས་པར་མཚུངས་པའི་དབང་པོ་ལ་སོགས་པ་དང་ལྡན་པ་ཉེ་བ་དང་ཤིན་ཏུ་ཉེ་བར་གནས་པ་དག་ལ་དེ་དག་གཅིག་ཉིད་ཡིན་ཞིང་དེ་དག་གིས་མཐོང་བར་འགྱུར་བའི་དངོས་པོ་གསལ་བ་དང་མི་གསལ་བ་དང་ཆེས་གསལ་བ་དང་ཆེས་མི་གསལ་བ་མི་རུང་ངོ་། །དོན་གཅིག་ལ་རང་བཞིན་མང་པོ་

མི་རུང་བའི་ཕྱིར་རོ། །ཤེས་པ་ལས་ངོ་བོ་གཅིག་གསལ་བ་དང་མི་གསལ་བར་སྣང་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེས་སྣང་ཐ་དད་པས། །འགྱུར་ན་ཡུན་རིང་བ་དང་ཉེ་བར་གནས་པ་དག་ལ་སྣང་བ་ཐ་དད་པར་འགྱུར་བ་དེས་ན་དངོས་པོ་གསལ་བ་དང་མི་གསལ་བར་

སྣང་བ་ཡིན་ནོ་ཞེ་ན། འདིར་སྣང་བ་དེ་བསྒྲིབས་པ་དང་མ་བསྒྲིབས་པ་སྟེ། རྣམ་པར་རྟོག་པ་གཉིས་སུ་འགྱུར་གྲང་ན། དེ་ཚེ་མ་ཆོད་པ་ཡིན་ན་རིང་པོ་ལ་སོགས་པ་ལ་གནས་པ་ཐམས་ཅད་མཐོང་བ་མཚུངས་པར་འགྱུར། ཆོད་པ་ཡིན་ན་ཡང་མི་མཐོང་མཚུངས་པར་འགྱུར་བ་དེ་ལྟར་ན་གསལ་བ་དང་

མི་གསལ་བར་མི་འགྱུར་རོ། །སྐྱེས་བུ་ཐག་རིང་པོ་ན་གནས་པ་སྣང་བའི་ཆ་མི་གསལ་བ་དག་གིས་སྣང་བའི་དོན་དེ་ཆ་ཕྲ་བ་འགའ་ཞིག་ཡོད་པ་ཡིན་པ་དེས་ན། གལ་ཏེ་སྣང་བ་མི་གསལ་བས། །དེ་ཆ་ཕྲ་བ་འབའ་ཞིག་ནི་དོན་གྱིའོ། །མི་སྣང་ན་དེ་ཕྱིར། སྣང་བ་མི་གསལ་བས་ཡན་ལག་ཕྲ་བ་རྣམས་

เล่ม ๑๗๕ · หน้า 238b

མ་མཐོང་བའི་ཕྱིར། ཐ་དད་ཡིན་ཏེ་གསལ་བ་དང་མི་གསལ་བ་ཐ་དད་ཡིན་པར་ཁས་ལེན་པར་བྱེད་ནའོ། །དེའི་ཚེ་ཡང་རགས་པར་སྣང་བ་གང་ཡིན་པ་དེ་གཅིག་དང་དུ་མ་ཉིད་དེ་རྣམ་པར་རྟོག་པ་གཉིས་སུ་འགྱུར་གྲང་ན། རེ་ཞིག་ཕྱི་རོལ་དོན་ནི་གཅིག་ཡིན་ན་གང་ལས་སྣང་བ་ཐ་དད་མ་ཡིན་ཏེ། གཅིག་ལ་

སྣང་བ་དང་མི་སྣང་བ་ཐ་དད་པར་རིགས་པ་མ་ཡིན་ནོ། །གང་གིས་ན་འདི་ཅུང་ཟད་སྣང་བར་འགྱུར་ཞིང་ཅུང་ཟད་མི་སྣང་བར་འགྱུར། དེ་བས་ན་གསལ་བ་དང་མི་གསལ་བ་གཅིག་ལ་རིགས་པ་མ་ཡིན་ཏེ། གང་ཡང་ཐམས་ཅད་མཐོང་བ་དང་མི་མཐོང་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་མཐོང་བ་དང་མི་

མཐོང་བ་ཉིད་ཀྱིས་གཅིག་ཉིད་དུ་མི་འགྱུར་རོ། །ཅི་སྟེ་དུ་མ་ཉིད་ཡིན་པར་འདོད་པ་དེའི་ཚེ། རྡུལ་ཆ་ཐ་དད་དུ་ཉིད་ལ། །དངོས་པོ་ཐ་དད་པར་ཕྱེ་བ་ན་ཇི་སྲིད་དུ་རྡུལ་ཕྲ་རབ་ཀྱིས་བར་དུ་ཕྱེ་བ་ན་དེ་ལ་རྡུལ་ཕྲན་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་དེ་ཆ་གང་གིས་སྣང་བ་དང་མི་སྣང་བར་འགྱུར། དེ་ལྟར་ན། གང་ལས་

སྣང་མི་སྣང་ཐ་དད། །སྐྱེས་བུ་རིང་བ་དང་ཉེ་བ་ན་གནས་པ་དག་ལའོ། །གལ་ཏེ་སྣང་བ་སྟེ་སྣང་བ་གསལ་དང་མི་གསལ་ཁྱད་པར་གྱི་བློ་ཐ་དད་པར་ཁས་ལེན་པ་དེའི་ཚེ་སྣང་བ་དེ་ཡང་དོན་བཞིན་དུ་ཐ་དད་པ་རྙེད་པར་དཀའ་བ་ཡིན་ནོ། །ཐ་དད་པ་ཡིན་ན་ནི་བླ་སྟེ་དེ་ལྟར་ན་གཞན་ཐ་དད་ན། སྣང་བ་དོན་བཞིན་

དུ་གྱུར་པ་ཐ་དད་པ་ཡིན་ན་དོན་བདག་ཉིད་ཐ་དད་མེད་གང་ལས་གསལ་བ་དང་མི་གསལ་བའི་ཐ་དད་པ་སྣང་བར་འགྱུར། དེ་ནི་ངོ་བོ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །དབང་པོ་ཐ་དད་པ་ལས་གསལ་བ་དང་མི་གསལ་བ་དང་འདྲེན་མ་ལ་སོགས་པའི་ཤེས་པའི་སྣང་བ་ཐ་དད་པ་ཡང་དོན་ཐ་དད་

པ་མེད་པ་ལ་འགལ་བ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་འདིར་ལན་ཉིད་མ་ཡིན་ནོ། །གང་ཡང་སྣང་བར་འགྱུར་བའི་དོན་ཉེ་བ་ཐག་རིང་པོ་ན་གནས་པ་ན་སྣང་བ་མི་གསལ་བ་འཛིན་པའི་རྒྱུ་ཡིན་པར་བརྗོད་པ་དེའི་ཚེ། སྣང་བ་དེ་ཡང་ཅིས་མི་གསལ། །རྒྱུ་གང་གིས་ན་དེ་མི་གསལ་བ་ཡིན་ཞེས་འདྲི་བར་

མཛད་པའོ། །གཞན་གྱིས་བསྒྲིབས་ཕྱིར་ཞེས་སྨྲས་ཏེ། རྡུལ་དང་དུ་བ་ལ་སོགས་པའི་སྒྲིབ་པར་བྱེད་པ་ཡོད་པ་ཡིན་ལ། སྒྲིབ་པར་བྱེད་པ་དེས་སྣང་བ་མི་གསལ་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་སྣང་བ་ལ་བསྒྲིབས་པ་དེ་འདིར་ཉེ་བར་ཅིས་མི་འགྱུར། གང་གིས་ན་རིང་བ་ཉིད་དུ་འགྱུར།

เล่ม ๑๗๕ · หน้า 239a

སྲབ་པ་ཉིད་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཡུལ་ཉེ་བ་ན་རྡུལ་ལ་སོགས་པའི་སྒྲིབ་པར་བྱེད་པ་སྲབ་པ་ཉིད་ཀྱི་རྒྱུའི་ཕྱིར་བསྒྲིབས་པ་མ་ཡིན་པ་དེས་ན་འདིར་གསལ་བ་ཉིད་མཐོང་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ་ཇི་ལྟར་འདིར་སྒྲིབ་པར་བྱེད་པ་གསལ་བ་ཉིད་ཡིན་པ་དེ་ལྟར་

སྣང་བ་ལ་ཡང་ཡོད་དེ་ཉེ་བ་ན་སྲབ་པ་ཉིད་ཡིན་པའི་ཕྱིར་སྒྲིབ་པར་བྱེད་པ་སྲབ་པའི་རྒྱུས་ཐག་རིང་པོ་བཞིན་དུ་ཉེ་བ་ལ་ཡང་སྒྲིབ་པར་བྱེད་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཐག་རིང་པོ་ན་སྒྲིབ་པར་བྱེད་པ་ཆེས་མང་པོ་ཡོད་པ་དེ་བས་ན་དེ་ལ་སྒྲིབ་པར་འགྱུར་གྱི་གཞན་ལ་ནི་མ་ཡིན་ནོ་ཞེ་ན། དེའི་

ཚེ་གཞན་ལ་ཡང་སྣང་བ་ལ་སྲབ་པ་མེད་དེ་སྲབ་པ་ཡོད་པ་མ་ཡིན་ནོ། །ཇི་ལྟར་སྒྲིབ་པར་བྱེད་པ་མང་པོ་ཡིན་པ་དེ་ལྟར་སྣང་བ་ལ་ཡང་ཆེས་ཤིན་ཏུ་མང་པོ་ཡིན་པས་ན་སྒྲིབ་པར་བྱེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐག་རིང་པོར་སྣང་བ་གསལ་བ་མ་ཡིན་པ་དེ་ལྟར་ན་མཐོང་བ་མི་གསལ་

བར་འདོད་པ་དེའི་ཚེ། ཤིན་ཏུ་ཉེ་བ་ལའང་ཆེས་ཤིན་ཏུ་མིག་དང་ཉེ་བ་ན་སྣང་བ་གསལ་བ་ཡིན་ཁྱོད་ཀྱི་གཞུང་གིས་ཡོད་པ་དེ་ལྟར་ན་དོན་མཐོང་བ་དེ་ནི། ཤིན་ཏུ་གསལ་བར་འགྱུར་ན་འགྱུར་བ་ཡང་མ་ཡིན་པ་དེ་བས་དེ་རྟོག་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་ལའང་མཐོང་མེད་ལ། །

བརྟེན་ནས་གཟུགས་གཞན་འབྱུང་འགྱུར་ཏེ། །དེ་ལའང་སྟེ་ཉེ་བ་དང་རིང་བའི་ཁྱད་པར་གྱིས་མཐོང་བ་གསལ་བ་དང་མི་གསལ་བ་ནའོ། །ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་མཐོང་བ་མེད་པས་གསལ་བ་དང་མི་གསལ་བའི་གཟུགས་གཞན་སྐྱེད་པ་དེས་ན་དེ་ལྟར་མཐོང་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་

ལྟར་ཡིན་པ་དེའི་ཚེ་གསལ་བ་ལ་སོགས་པ་ཐ་དད་པའི་ངོ་བོ་འབྱུང་བ་དེ་ཙམ་དེ་དག་རྣམས་ནི་ཕན་ཚུན་དག །སྒྲིབ་འགྱུར་རོ། །སྒྲིབ་པར་བྱེད་པ་དེའི་ཕྱིར་སྣང་བ་ནི་དེའི་ཡུལ་ཅན་གྱི་ཤེས་པའི་རྒྱུར་གྱུར་པ་ཉམས་པར་གྱུར་ཏེ། སྒྲིབ་བྱེད་ཡིན་པར་འགྱུར་རོ། །དེ་ལ་དེ་ལྟར་སྒྲིབ་པར་བྱེད་པ་ཡིན་ན་

གཅིག་སྟེ། མ་བསྒྲིབས་པ་ན་གསལ་བ་དང་མི་གསལ་བའི་ངོ་བོ་དེ་ཉིད། སྣང་འགྱུར་གྱིས་བསྒྲིབས་པ་ཐམས་ཅད་ཀྱང་མ་ཡིན་ནོ། །དེ་ནི་ཅིག་ཅར་སྒྲིབ་མིན་ན་ཅི་སྟེ་མ་མཐོང་བ་ལ་སོགས་པས་བསྐྱེད་པའི་ངོ་བོ་ཕན་ཚུན་སྒྲིབ་པར་བྱེད་པར་འགྱུར་བ་མ་ཡིན་པ་དེའི་ཚེ། ངོ་བོ་དེ་སྒྲིབ་པར་བྱེད་པ་མ་

เล่ม ๑๗๕ · หน้า 239b

ཡིན་པར་ཁས་ལེན་ན། གཅིག་གིས་གཟུགས་གསལ་མི་གསལ་བ་སྐྱེས་བུ་མཐོང་འགྱུར། སྐྱེས་བུ་ལྟ་བ་བོ་རེ་རེས་ཐག་ཉེ་བ་དང་རིང་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཅིག་ཅར་གསལ་བ་དང་མི་གསལ་བའི་ངོ་བོ་མཐོང་འགྱུར་ན། མཐོང་བ་ཡང་མ་ཡིན་པ་དེའི་ཕྱིར་དེ་ནི་རྟོག་པ་ཙམ་ཡིན་ནོ། །དེ་

ལྟར་ནི་འགྱུར་མོད་ཀྱི། མ་མཐོང་བ་ལས་ཀྱང་གསལ་བ་དང་མི་གསལ་བ་ལ་སོགས་པའི་ངོ་བོ་སྐྱེ་ཡང་སྐྱེས་བུ་གཅིག་གིས་གསལ་བ་དང་མི་གསལ་བ་མ་མཐོང་བ་གང་ཡིན་པ་དེའི་ཚེ་ངོ་བོ་གཅིག་ནི་གསལ་བ་དང་མི་གསལ་བ་ཡིན་ཏེ་མ་མཐོང་བས་བསྒྲིབས་པ་ཉིད་ཀྱི་ཕྱིར་མཐོང་བ་ལྡོག་པ་ཡིན་ནོ་ཞེ་ན། གལ་

ཏེ་འདི་ལྟར་གསལ་བའམ་གསལ་བ་མ་ཡིན་པའི་ངོ་བོ་གཅིག་སྒྲིབ་པར་བྱེད་པ་འདོད་པ་དེའི་ཚེ་གཅིག་གི་ཡང་མ་མཐོང་བས་བསྒྲིབས་ན་ཞེས་བྱ་བ་ཡང་ལན་ཉིད་མ་ཡིན་ནོ། །དེ་ལྟར་ན་ཆོས་དང་ཆོས་མ་ཡིན་པའི་དོན་དེ་སྟོན་པར་བྱེད་པའམ་སྒྲིབ་པར་བྱེད་པ་གང་ཡིན་པ་དེ་ནི་ལྟ་བ་པོའི་ཡིད་བདེ་བ་

དང་ཡིད་མི་བདེ་བའི་སྒོ་ནས་ཕན་འདོགས་པར་བྱེད་པའམ་གནོད་པར་བྱེད་པ་མ་ཡིན་ན། གསལ་བ་དང་མི་གསལ་བའི་ངོ་བོ། གང་གིས་དོན་དང་དོན་མིན་མེད། །མི་འགྱུར་ན། མ་མཐོང་མཐོང་བ། གསལ་བ་དང་མི་གསལ་ལ་སོགས་པ་དེ་འདྲ་བ་དེ་ནི་ཅི་ཞིག་བྱེད་དེ་བྱེད་པ་མ་ཡིན་ནོ། །སེམས་

ཅན་ཐམས་ཅད་ཕན་པ་དང་གནོད་པ་སྒྲུབ་པར་བྱེད་པ་ཅན་གྱི་ལས་ཀྱི་བདག་པོ་ལས་བྱུང་བ་རྟའི་ཁའི་མེས་ཐམས་ཅད་ལ་གནོད་པར་བྱེད་པའམ། ཕན་འདོགས་པ་མ་ཡིན་ནོ་ཞེ་ན། འདིར་ཡང་རིམ་གྱིས་བྱེད་པ་ཡིན་པ་དེ་ལྟར་ན་འགལ་བ་མེད་དོ། །གང་གི་ཕྱིར་དེ་ལྟར་བཤད་མ་ཐག་པའི་གསལ་བ་དང་

གསལ་བ་མ་ཡིན་པའི་ཕྱིར་དཔྱོད་པ་ཐམས་ཅད་རིགས་པ་མ་ཡིན་ནོ། །དེའི་ཕྱིར་དོན་ཡོད་པར་ཁས་ལེན་པ་ན་དོན་ལ་བརྟེན་པ་ལས་ཤེས་པ་སྐྱེ་བར་འགྱུར་བ་དེ་ལྟར་ན་ཡང་དོན་རྟེན་སྐྱེས་གྱུར་པའི། མྱོང་བས་རྣམ་པར་ཤེས་པས་ཇི་ལྟར་རྒྱུ་བཞིན་དུ། སྣང་བ་ཐ་དད་འཇོག་པར་བྱེད། །བྱ་བ་ནི་ཇི་ལྟར་རང་གི་

བག་ཆགས་སད་པའི་ཁྱད་པར་གྱིས་གསལ་བ་དང་མི་གསལ་བ་ལ་སོགས་པ་སྣང་བ་ཐ་དད་པ་འཛིན་པར་བྱེད་པ་དེ་ལྟར་ན་ཚུལ་གཉིས་རིགས་པ་ཡིན་ནོ། །ལྷག་མ་སྣང་བ་ཐ་དད་པ་ལ་སོགས་པ་གསལ་བ་དང་མི་གསལ་བ་ལ་སོགས་པ་བརྗོད་པའི་རྟོག་པ་ཡང་བློ་ངན་རྣམས་ཀྱིས་རིགས་པ་མ་ཡིན་

เล่ม ๑๗๕ · หน้า 240a

ནོ། །ཤེས་པ་སྒྲ་དང་ཞེས་བྱ་བ་ལ་སོགས་པས་དོན་གྱི་གསལ་བ་མེད་པར་བསྟན་པས་བློ་ཚུལ་གཉིས་ཉིད་དུ་སྟོན་པ་ཡིན་ནོ། །ཤེས་པ་དང་སྒྲ་དང་མར་མེའི་ཕྱོགས་གང་ལ་སྐད་ཅིག་མར་ཁས་ལེན་པའི་ཕྱོགས་དེ་ལ། ཤེས་པ་སྒྲ་དང་མར་མེ་དག །མངོན་སུམ་དང་མངོན་སུམ་མ་ཡིན་

པའི་ཤེས་པ་གང་གི་ཚེ་སྐྱེད་པར་བྱེད་པ་དེའི་ཚེ། འདི་ཡི་དེ་དག་ཡུལ་ཡིན་ཏེ། །རྒྱུ་མ་ཡིན་པ་ནི་ཡུལ་ཉིད་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་སྐྱེད་པར་བྱེད་པ་ཡིན་པ་དེའི་ཚེ་ཤེས་པ་ལ་སོགས་པ་དེ་དག་གི་ཡུལ་ཅན་གྱི་ཤེས་པ་ལས་སྔར་བྱུང་བ་ཡིན་ཏེ། དུས་མཚུངས་པ་ཅན་ནི་འབྲས་བུ་བསྒྲུབ་པ་ལ་ནུས་པ་

མེད་པས་རྒྱུ་མ་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་ན། མངོན་སུམ་དང་ནི་ཅིག་ཤོས་ཀྱི། །སྐྱེད་བྱེད་ཉིད་ཀྱིས་རྒྱུ་ཉིད་ཀྱི། །སྔ་མའི་དུས་སུ་འབྱུང་བ་ཅན་གྱི་ཤེས་པ་དང་སྒྲ་དང་མར་མེའི་སྐད་ཅིག་རྣམས་ནི་འཇིག་ཕྱིར་རོ། །ཤེས་པ་སྐྱེ་བའི་དུས་ན་རྣམ་པར་འཇིག་པའི་རྒྱུ་ཉིད་ཀྱི་ཕྱིར་གང་གི་ཚེ་དེ་དག་ཡོད་པ་མ་ཡིན་

པས་ན་གང་གི་ཕྱིར་ཤེས་པ་ལས་མེད་གསལ་ཡིན་མ་ཡིན་ནོ། །དེ་ལྟར་ན་གང་གི་ཚེ་ཤེས་པ་ཡིན་པ་དེའི་ཚེ་དེ་དག་དོན་མ་ཡིན་ཞིང་གང་གི་ཚེ་དོན་ཡིན་པ་དེའི་ཚེ་ཤེས་པ་མ་ཡིན་པ་དེ་ལྟར་ཤེས་པའི་དུས་ན་དོན་མེད་པའི་ཕྱིར་ཤེས་པ་ཉིད་ཡུལ་གྱི་རྣམ་པ་དེར་སྣང་བས་ན་བློའི་ཚུལ་གཉིས་གྲུབ་པ་ཡིན་ནོ། །དེ་

ལྟར་ནི་འགྱུར་མོད་ཀྱི། སྒྲ་དང་མར་མེ་ལ་སོགས་པ་དག་ནི་རྣམ་པར་ཤེས་པ་དང་རིགས་མཐུན་པའི་སྐད་ཅིག་མ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བས་ན་སྒྲ་ལ་སོགས་པའི་དེ་མ་ཐག་པའི་ཤེས་པ་རྒྱུར་གྱུར་པ། སྒྲ་ལ་སོགས་པའི་སྐད་ཅིག་མ་སྔ་མས་བསྐྱེད་པ་དེའི་གསལ་བ་གྲུབ་པ་ཡིན་ནོ་ཞེ་ན། དེ་དང་དེ་

ནི་རིགས་པ་མ་ཡིན་ཏེ། འདི་ལྟར་ཤེས་པའི་དུས་ན་འབྱུང་བའི་ངང་ཚུལ་ཅན་གྱི་རིགས་མཐུན་པ་མར་མེ་ལ་སོགས་པའི་སྐད་ཅིག་མ་གང་ཡིན་པ་རང་ཡོད་པའི་དུས་ན་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་ལས་དེ་མངོན་པར་གསལ་བ་མ་ཡིན་ནོ། །ཅི་སྟེ་ཡང་

དེའི་རིགས་མཐུན་པའི་སྐད་ཅིག་མ་དེ་ཕན་འདོགས་པ་མ་ཡིན་ན་ཡང་གསལ་བར་འདོད་པ་དེའི་ཚེ། གཞན་ཡང་དེ་ཤེས་པའི་རྒྱུས་བསྐྱེད་པའི་རིགས་མཚུངས་པའི་དོན་གང་ཡིན་པ་དེ་གསལ་བ་ཡིན་པར་འདོད་པ་ན། དོན་ཀུན་འགའ་ཞིག་ཕན་འདོགས་པར་མི་བྱེད་པ་གང་ཡིན་པ་དེ་དང་དེས་གསལ་

เล่ม ๑๗๕ · หน้า 240b

བར་འགྱུར་ཏེ། ཕན་འདོགས་པར་བྱེད་པ་མ་ཡིན་པར་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་མ་ཡིན་པ་དེའི་ཕྱིར་དེ་ཡང་གསལ་བར་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རྒྱུ་ངེས་ཡིན་ན། ཕན་འདོགས་པར་བྱེད་པ་ཉིད་མ་ཡིན་པས་བྱེ་བྲག་མེད་པ་ཡིན་ན་ཡང་དོན་ཐམས་ཅད་གསལ་བར་

འགྱུར་རོ། །རང་གི་རྒྱུས་བསྐྱེད་པ་དེ་དང་རིགས་མཐུན་པ་ཉིད་གསལ་བར་འགྱུར་རོ་ཞེས་བྱ་བའི་ངེས་པ་གང་ཡིན་པ་དེའི་རྣམ་པར་ཤེས་པ་གང་ཡིན་པ་དེའི་རྒྱུའི་དོན་གང་ཡིན་པ་དེ་ཉིད་ཀྱིས་རིགས་མཐུན་པ་དེ་ཡང་བསྐྱེད་པའི་ཕྱིར། རྒྱུ་གཅིག་གིས་བྱས་པ་ཡིན་ནོ་ཞེ་ན། དེའི་རྒྱུ་དེའི་དེ་མ་ཐག་ཏུ་ཡོད་པ་དོན་

དང་ལྷན་ཅིག་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་ལ་བསྟན་མ་ཐག་པའི་རྟོག་པ་དེ་ཡང་མེད་པ་སྟེ་རུང་བ་མ་ཡིན་ནོ། །རྒྱུ་གཅིག་གིས་བསྐྱེད་པ་ཡིན་ནོ། །ཤེས་བྱ་ལས་ཤེས་པ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ན་ཡུལ་དུ་གྱུར་པར་སྣང་བ་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དབང་པོའི་ཤེས་

པའི་རྒྱུས་ཀྱང་རིགས་པའི་དབང་པོ་བསྐྱེད་པ་གང་ཡིན་པ་དེ་ཡང་ཡུལ་དུ་འགྱུར་རོ། །དེ་བས་ན་གང་ཞིག་གང་ལས་གང་གི་རྣམ་པར་སྐྱེ་བ་ངེས་བྱས་ཤེས་པ་རང་གི་ཡུལ་གྱིས་བསྐྱེད་པར་གྱུར་པ་དེ་མེད་ཀྱང་གལ་ཏེ་རང་གི་ཡུལ་དུ་གྱུར་པའི་དོན་ཤེས་པ་ཡོད་པའི་དུས་ན་ཡོད་པ་མ་ཡིན་པ་དེ་ལྟར་ན་ཡང་

དོན་དུ་སྣང་བ་ཉིད་ཀྱི་ཕྱིར། ཡུལ་གྱི་རྣམ་པའི་རྗེས་སུ་བྱེད་པས་སྐྱེ་བའི་ཕྱིར་དོན་ཏེ། གསལ་བ་ཞེས་བརྗོད་པ་ཡིན་གྱི་དེ་དང་རིགས་མཐུན་པ་དུས་མཚུངས་པར་འབྱུང་བ་ཅན་གྱི་དོན་ཡང་མ་ཡིན་ནོ། །འདི་ལྟར། ལྷན་ཅིག་སྐྱེས་པའི་དོན་གཞན་ནི། །རྒྱུ་གཅིག་པ་ཅན་གྱིས་ཀྱང་ཤེས་པ་ལ་རྣམ་པ་

མི་བྱེད་འདྲ་བ་མི་བྱེད་དོ། །འདྲ་བ་མི་བྱེད་པའི་ཕྱིར་དང་། དུས་སྔར་འདྲ་བ་ཉིད་སྐྱེ་བའི་ཕྱིར། རང་རྣམ་པས་ཤེས་ལ་རྣམ་མེད་ལྷན་ཅིག་སྐྱེ་བའི་དོན་གསལ་བར་ཇི་ལྟར་འགྱུར། ཅིའི་ཕྱིར་ཞེ་ན། ཕན་འདོགས་བྱེད་མེད་ཕྱིར་ན་སྟེ། མི་བྱེད་པའི་ཕྱིར་ཡུལ་མ་ཡིན་ཏེ། འདི་གསལ་བ་ཉིད་མ་ཡིན་ནོ་ཞེས་

བྱ་བའི་དོན་ཏོ། །སྐད་ཅིག་མ་རྣམས་ནི་འཇིག་པའི་ཕྱིར་བསྟན་པ་མ་ཡིན་པ་དག་ལ་གསལ་བར་མི་འགྱུར་མོད་ཀྱི་རྟག་པ་དག་ནི་འདི་འགྲུབ་པ་ཡིན་ནོ་སྙམ་པའི་རྟོག་པ་འདི་ཡང་ལེགས་པ་མ་ཡིན་ནོ། །དེ་ལྟར་ན། རྡོ་རྗེས་རྡོ་སོགས་དོན་དག་ཀྱང་། །བརྟན་པ་ཞེས་འདོད་པ་གང་ཡིན་པ་དེ་ཡང་རང་གི་

เล่ม ๑๗๕ · หน้า 241a

འབྲས་བུ་བྱེད་པའི་ནུས་པའི་རང་བཞིན་ལས་འཕོ་བ་མེད་པའི་ངོ་བོ་ཡིན་པ་དེ་ལྟར་ན་རང་གི་འབྲས་བུ་བྱེད་པ་ལ་ལྷན་ཅིག་བྱེད་པའི་རྐྱེན་འགའ་ཞིག་ལ་ཡང་ལྟོས་པ་མེད་པ་སྟེ། གཞན་ལ་ལྟོས་པ་མེད་པའི་ཕྱིར། རྒྱུའི་ཕྱིར་གཏོང་བ་མེད་པར་འགྲོ་བ་ཀུན་གྱིས་མངོན་པར་འདོད་པའི་འབྲས་

བུ་མེད་པའི་དུས་བཞིན་དུ་རང་གི་ཡུལ་ཅན་གྱི་ཤེས་པ་ཐམས་ཅད་ནི་ཅིག་ཅར་རང་ཉིད་སྐྱེ་བར་འགྱུར་རོ། །ནུས་པ་མེད་ན་ཡང་ཕུལ་དུ་བྱུང་བ་བྱར་མེད་པ་ཉིད་ཀྱི་ཕྱིར་ཕྱིས་ཀྱང་ནུས་པ་མེད་པ་ཡིན་པས་ན་འགའ་ཞིག་གི་ཚེ་ཡང་བསྐྱེད་པར་མི་འགྱུར་རོ། །རྐྱེན་ཇི་ལྟ་བ་བཞིན་རིམ་གྱིས་ཤེས་པ་སྐྱེད་པ་ཡིན་ན། ལྷན་

ཅིག་བྱེད་པས་ཕན་འདོགས་ཕྱིར། དེའི་ཕྱིར་རྡོ་རྗེ་དང་རྡོ་ལ་སོགས་པ་དེ་དག་རིམ་བཞིན་དུ་འབྱུང་བར་འགྱུར། རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་རྡོ་རྗེ་དང་རྡོ་ལ་སོགས་པ་བྱེད་པ་པོ་དང་བྱེད་པ་པོ་མ་ཡིན་པའི་རང་བཞིན་གྱིས། སྐད་ཅིག་རེ་རེའི་ཐ་དད་བརྗོད་ཅིང་སྟོན་པར་བྱེད་རྗོད་པ་དེ་ལྟར་ན་སྐད་ཅིག་མ་

ཉིད་ཡིན་ནོ། །སྐད་ཅིག་མ་ཉིད་ཡིན་ན་ཡང་། རྡོ་རྗེ་དང་རྡོ་ལ་སོགས་པ། འདི་ལའང་སྐྱོན་ནི་སྔར་བཞིན་ནོ། །ཇི་ལྟར་འཇིག་པའི་ཕྱིར་མེད་པ་དག་ནི་ཅིའི་ཕྱིར་ཤེས་པ་ལས་གསལ་བ་ཡིན། ཡུལ་གྱི་ཤེས་པ་དེས་ཤེས་ཞེས་བྱ་བ་ལ་སོགས་པ་བཤད་ནས། རང་ཉིད་ཀྱི་ཚུལ་གཉིས་རབ་ཏུ་བསྒྲུབས་པ་ཡིན་

ནོ། །ད་ནི། དུས་ཕྱིས་དྲན་པ་ལས་ཀྱང་ཡིན། །ངེས་མེད་པར་ནི་དེ་མ་ཡིན། །ཞེས་བྱ་བ་ལ་སོགས་པས་ཚུལ་གཉིས་པ་བསྒྲུབས་པའི་ཕྱིར་འགོད་པ། དེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཡུལ་གྱི་ཤེས་པ་དེ་ཤེས་པའི་ཁྱད་པར་ལས་ཡུལ་དུ་སྣང་བ་ཉིད་ཀྱིས་རྣམ་པར་ཤེས་པ་ཚུལ་

གཉིས་ཡིན་པར་མ་ཟད་ཀྱི། ཉམས་སུ་མྱོང་བ་དུས་ཕྱིས་དྲན་པ་ལས་ཀྱང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རིགས་པ་འདིས་ནི་ཡུལ་དུ་སྣང་བ་དང་རང་སྣང་བ་ཉིད་ཀྱི་ཚུལ་གཉིས་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རང་རིག་པ་ལས་དུས། རིག་པར་བྱ་བ་དང་རིག་པར་བྱེད་པའི་རྣམ་པ་ཡིན་ནོ་ཞེས་བྱ་

བས་ཀྱང་ལོག་པ་ཡིན་ནོ། །དེ་ལྟར་ནི། ཡུལ་ཤེས་དེ་ཡི་ཤེས་པ་ཡིས། །ཞེས་བྱ་བ་ལ་སོགས་པས་དེ་མ་ཐག་ཡུལ་དུ་སྣང་བས་ཚུལ་གཉིས་བསྒྲུབས་པར་འདོད་པ་ཡིན་ནོ། །དེ་ཡང་བསྟན་ནས། གང་ལ་དུས་ཕྱིས་དྲན་པ་ལས་ཀྱང་ཡིན། །ཚུལ་གཉིས་པ་ཉིད་ཡིན་ནོ་ཞེས་སྦྱོར་བར་བྱེད་པ་གང་

เล่ม ๑๗๕ · หน้า 241b

ཡིན་པ་དེ་ལས་ཚུལ་གཉིས་ཀྱི་སྐབས་ཡིན་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སྔར་རིག་པར་བྱ་བ་དང་རིག་པར་བྱེད་པའི་རྣམ་པས་ཚུལ་གཉིས་པའི་སྐབས་ནི་མ་ཡིན་ཏེ་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་རང་སྣང་བ་དང་ཡུལ་གྱི་རྣམ་པ་ཅན་ཏེ། གཉིས་སུ་སྣང་བའི་རྣམ་པར་ཤེས་པ་ཞེས་བཤད་པའི་ཚུལ་

གཉིས་གང་ཡིན་པ་དེ་ནི། དེ་ཡང་ཡུལ་དུ་སྣང་བས་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། བྱེ་བྲག་མེད་པ་ཚུལ་གཉིས་སྤྱིར་བཤད་པ་སྔར་ཡོད་པ་དེས་ན་ཕྱིས་ཀྱང་། རང་ཉིད་ཉམས་སུ་མྱོང་བའི་རྣམ་པས་ཚུལ་གཉིས་འདོད་པ་ན་ཡང་ཚུལ་གཉིས་པ་ཉིད་ཡིན་ནོ་

ཞེས་བཤད་པ་ལ་ཁ་ན་མ་ཐོ་བ་ཡོད་པ་མ་ཡིན་ནོ་ཞེ་ན། གལ་ཏེ་འདི་ལྟར་སློབ་དཔོན་ཚུལ་གཉིས་བསྒྲུབ་པར་བཞེད་པར་འགྱུར་བ་དེའི་ཚེ། རང་རིག་པ་ཉིད་ཡིན་ན་ཞེས་བྱ་བ་ཞར་ལ་འོངས་པའི་ངོ་བོ་བསྒྲུབ་པར་བྱ་བ་གཞན་ཉིད་དུ་ཚུལ་གཉིས་པོ་དེ་དང་ཉེས་པ་མེད་པར་ནི། དེ་མ་ཡིན་ཞེས་བྱ་བ་ལ་

སོགས་པས་སྒྲུབ་པར་བྱེད་པ་གཞན་འཆད་པར་མི་འགྱུར་རོ། །དེའི་ཕྱིར་དྲན་པ་ལས་ཀྱང་ཡུལ་གྱི་རྣམ་པ་དང་ཉམས་སུ་མྱོང་བའི་རྣམ་པ་ཉིད་ཀྱིས་ཚུལ་གཉིས་པ་ཉིད་བསྒྲུབ་པར་བཞེད་པ་ཡིན་ནོ། །དེ་ཉིད་ནི། དེ་ཡི་བདག་ཉིད་མྱོང་བ་ལ། །ཡང་དག་པ་ཉམས་སུ་མྱོང་བ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་

ཅེ་ན། བརྩད་པ་འགའ་ཡང་ཡོད་མ་ཡིན། །དཔེར་ན་ཤེས་པ་ལ་ཤེས་པའི་ངོ་བོ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འོན་ཀྱང་འགའ་ཞིག་ཤེས་པ་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པར་འདོད་པ་ཡིན་ནོ། །ཤེས་པ་དེའི་དོན་ངོ་བོ་ཉིད་གྲུབ་པ། ཡུལ་གྱི་ངོ་བོ་དེ་ཡང་གྲུབ་པར་འགྱུར་རོ། །གང་ལས་ཤེ་ན། དྲན་

པས་ཞེས་བྱ་བ་ལ་སྔར་ཤེས་པ་གཅིག་གིས་བདག་ཉིད་ལ་ཡུལ་གྱི་རྣམ་པ་འཛིན་པའི་ངོ་བོ་ཅན་གྱི་ཁྱད་པར་གྱིས་ཚུལ་གཉིས་བསྒྲུབས་ནས། ད་ནི་ཤེས་པ་རྣམས་ཀྱི་ངོ་བོ་ཕན་ཚུན་ཐ་དད་པར་དམིགས་པའི་ཕྱིར་དྲན་པ་ལས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ལྟར་ཉམས་སུ་མྱོང་བའི་དུས་ཕྱིས་ཡུལ་

བཞིན་དུ་ཤེས་པ་ལས་ཡང་དྲན་པ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་གཟུགས་ལ་སོགས་པ་ཕན་ཚུན་གཉིས་དང་བྲལ་བ་ཉམས་སུ་མྱོང་བ་དག་ལ་ཕན་ཚུན་དབེན་པར་དྲན་པ་འབྱུང་བར་འགྱུར་བ་དེ་བཞིན་དུ་ཤེས་པ་ལ་ཡང་ཕན་ཚུན་ཐ་དད་པར་དྲན་པ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཚུལ་

เล่ม ๑๗๕ · หน้า 242a

གཉིས་པ་ཉིད་ཀྱི་ཤེས་པ་ཡོད་པ་ཡིན་ནོ། །དེ་གང་ལས་ཤེ་ན། འདི་ལྟར་རེ་ཞིག་བདག་ཉིད་ཇི་ལྟ་བ་བཞིན་གྱི་ཡུལ་དག་གིས་རྣམ་པར་བསྒྱུར་བས་ཤེས་པ་དེ་དག་ཐ་དད་པར་འདོད་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་ཉམས་སུ་མྱོང་བའི་བདག་ཉིད་དུ་དོན་སོ་སོ་ལ་བྱེ་བྲག་མེད་པ་ཡིན་ནོ། །རང་

སྤྱོད་ཡུལ་གྱིས། རང་གི་ཡུལ་གྱིས་ཕྱ་མེད་ཅིང་། །ཐ་དད་པར་ནི་དེ་མྱོང་བྱེད། །ཤེས་པ་ཡོད་ནའོ། །དེ་ལྟ་ཡིན་གྱི་དེ་ལྟ་མིན། །ངའི་གཟུགས་ཀྱི་ཤེས་པ་ཡིན་གྱི་སྒྲའི་ཤེས་པའམ། གཞན་མ་ཡིན་ནོ། །གང་འདི་ཐ་དད་པར་ཞེས་དེ་ཐ་དད་ཅན་དྲན་པར་མི་འགྱུར་རོ། །དེ་ལྟར་ན་ཤེས་པ་ནི་ཐམས་ཅད་ལ་ཉམས་སུ་

མྱོང་བ་ཙམ་དུ་བྱེ་བྲག་མེད་པ་ཡིན་ནོ། །ཉམས་སུ་མྱོང་བ་ཙམ་གྱིས་ནི། །ཤེས་པ་བྱེ་བྲག་མེད་པར་འདོད་ན་དོན་དང་འདྲ་བ་ལས་གཞན་ཐ་དད་འགའ་ཞིག་དབང་པོ་ལ་སོགས་པ། ཤེས་པ་རྣམས་ཕན་ཚུན་འབྱེད་བྱེད་མེད་ན་གང་གིས་ན་དེ་དག་ཐ་དད་པར་དྲན་པར་འགྱུར། དེ་ལྟར་ནི་འགྱུར་མོད་ཀྱི། ཇི་ལྟར་མངོན་

པར་འདོད་པ་ལ་སོགས་པའི་བདག་ཉིད་དུ་མཚུངས་པ་ལ་སོགས་པའི་བྱེ་བྲག་གིས་བདེ་བ་ལ་སོགས་པའི་ཁྱད་པར་མཐོང་བ་དེ་ལྟར་ཡུལ་སོ་སོ་ལ་ཚོགས་པ་གཞན་དང་། གཞན་གྱི་ཁྱད་པར་ཕྲ་མོ་ཡོད་པ་ཡིན་ནོ། །དེ་བས་ན་ཐ་དད་པར་དྲན་པ་འགྲུབ་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་ཁྱད་པར་

ཉམས་སུ་མྱོང་བ་དྲན་པའི་རྒྱུ་ཡིན་གྱི། གང་ཅི་ཡང་རུང་བ་མ་ཡིན་པ་དེ་ལྟར་ན་ལྟོས་པར་རུང་བའི་ཡུལ་གཅིག་ལ། ཤེས་པ་གང་རྒྱུན་གྱིས་འབྱུང་བ་ཅན་འཇུག་པར་འགྱུར་བ་དེའི་ཚེ་ཡང་དབང་པོ་ལ་སོགས་པ་ཚོགས་པའི་གཞན་དང་གཞན་ཡོད་པ་ཡིན་ནོ། །དེ་ལྟར་ན་ཡང་ཐ་དད་པ་དྲན་པ་མ་ཡིན་

ཏེ། དཔེར་ན་བློའི་སྐད་ཅིག་མ་འདས་པ་འདི་ཙམ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་ཐ་དད་གསལ་བྱེད་ཅན་ལ་དོན་ལ་བློ་དྲན་པ་ཐ་དད་ཅན་མི་འགྱུར་རོ། །ཅི་དང་འདྲ་བར་ཞེ་ན། མཚེ་སོགས་བཞིན། མཚེ་མ་གཟུགས་མཚུངས་སུ་ཟིན་ཀྱང་དོན་དམ་པར་ཁྱད་པར་ཡོད་པ་ཉིད་ཡིན་ནོ། །དེ་ལྟར་ན་

ཡང་དེ་གསལ་བ་མ་ཡིན་པས། ཐ་དད་པར་ངོ་ཤེས་པ་མ་ཡིན་ནོ། །འོན་ཀྱང་དེ་དག་རྣམ་གྲངས་ཀྱིས་མཐོང་བ་ན་ཕན་ཚུན་སྒྲོ་འདོགས་པ་ཡིན་པ་དེ་དང་འདྲའོ། །དེ་ལྟར་ན་རྒྱུན་གྱིས་འབྱུང་བ་ཅན་རྣམ་པ་གཅིག་གི་ཡུལ་ཅན་གྱི་ཤེས་པ་ཡིན་ནོ། །དེ་ལ་ཐ་དད་པར་ངོ་ཤེས་པ་ཡོད་པ་མ་ཡིན་མོད་ཀྱི། ཡང་དེའི་

เล่ม ๑๗๕ · หน้า 242b

གནས་སྐབས་ཀྱི་དབང་པོ་ལ་སོགས་པའི་ཡུལ་གཞན་མཐོང་བ་ན་འགྱུར་བ་ཡིན་ནོ། །ཅི་སྟེ་དོན་གྱིས་བྱས་པའི་ཉམས་སུ་མྱོང་བ་ལ་ཕན་འདོགས་པར་བྱེད་པ་འགའ་ཞིག་ཡོད་པ་གང་ཡིན་པ་ལས་ངོ་ཤེས་པ་ཡིན་ནོ་ཞེས་དེ་ལྟར་འདོད་པ་ན། དེ་རང་ངོ་བོ་འཇོག་པ་ལས་གཞན་མ་ཡིན་པ་དེ་ལྟར་ན་ཤེས་པ་དོན་དང་

འདྲ་བ་ཉིད་དུ་འགྱུར་རོ། །དེ་ལྟར་མ་ཡིན་ན་ཡུལ་ལ་སོགས་པ་ལས་སྐྱེ་བའི་ཆོས་ཅན་ཉམས་སུ་མྱོང་བ་ཙམ་དུ་བྱེ་བྲག་མེད་པའི་ཤེས་པ་རྣམས་ནི་ཐ་དད་པར་ངོ་ཤེས་པར་མི་འགྱུར་ན། འགྱུར་བ་ཡང་ཡིན་པ་དེ་བས་ན་ཡུལ་གྱི་རྣམ་པས་བསྒྱུར་བའི་རྣམ་པར་ཤེས་པ་ཡོད་པ་ཡིན་པ་དེ་ལྟར་ན། ཤེས་པའི་

ཚུལ་གཉིས་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཤད་མ་ཐག་པའི་ངོ་བོ་ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱིས་ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་རང་རིག་རྣམས་ཕལ་ཆེར་འགྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རང་རིག་པ་ཉིད་ཅེས་བྱ་བ་བསྒྲུབ་པར་བྱ་བ་གསུངས་པ་ཡིན་ནོ། །གལ་ཏེ་ཅི་

ཚུལ་གཉིས་སྒྲུབ་པར་བྱེད་པ་འགའ་ཞིག་གིས་རང་རིག་པའི་ཤེས་པ་འགྲུབ་པར་འགྱུར་ན། གང་གིས་ན་ཕལ་ཆེར་ཞེས་བྱ་བའི་སྒྲ་བྱས་ཤེ་ན། དེ་ནི་མ་ཡིན་ཏེ། དོན་གཞན་ཉིད་ཡིན་པའི་ཕྱིར་ཏེ་ཤེས་པའི་ཚུལ་གཉིས་ནི་དོན་དང་འདྲ་བའི་བདག་ཉིད་དུ་གྱུར་པ་ཡིན་ཞིང་དེ་ཡང་མྱོང་བ་ཡིན་པ་དེའི་ཕྱིར་དོན་

གྱི་བདག་ཉིད་ཉམས་སུ་མྱོང་བ་གྲུབ་པ་ཡིན་གྱི་དངོས་སུ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་དོན་དུ་ཕལ་ཆེར་གྱི་སྒྲ་མཛད་པ་ཡིན་ནོ། །སློབ་དཔོན་གྱིས་རང་རིག་ཉིད་ཅེས་བསྒྲུབ་པར་བྱ་བ་གཞན་གསུངས་པ་ལ་རེ་ཞིག་འགའ་ཞིག་ལས་ཉམས་སུ་མྱོང་བ་ཡོད་པ་ཡིན་པ་དེ་བས་ན་དྲན་པ་ཡང་འགྱུར་ན། དེ་

ཙམ་གྱིས་གང་ལས་རང་རིག་པ་ཉིད་དུ་འགྱུར་སྙམ་དུ་སེམས་པས་གཞན་གྱིས་ཅིའི་ཕྱིར་ཞེ་ན་ཞེས་འདྲི་བར་བྱེད་པ་ལ། སློབ་དཔོན་གྱིས་ཤེས་པ་གཞན་ཉམས་སུ་མྱོང་བ་རིགས་པ་མ་ཡིན་པར་གཟིགས་ནས་ཤེས་པ་ཉམས་སུ་མྱོང་བ་མ་ཡིན་ན་དེ་གཞན་གང་ལས་འགྱུར། རང་ཁོ་ན་ལས་རིགས་པ་ཡིན་

ནོ་ཞེས་དགོངས་པས། ངེས་མེད་པར་ནི་དྲན་པ་དེ་མ་ཡིན། །ཉམས་སུ་མྱོང་བ་མེད་པར་ཞེས་གསུངས་སོ། །དེ་ཡང་ཉམས་སུ་མྱོང་བ་མེད་པ་ལ། དྲན་པ་མེད་དོ་ཞེས་བྱ་བ་ལ་སོགས་པས་བཤད་ཅིང་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བར་རྟོག་པ་ན་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་མ་ཡིན་

เล่ม ๑๗๕ · หน้า 243a

ཏེ་ཞེས་བྱ་བ་ལ་སོགས་པས་དགག་པ་གསུངས་སོ། །དེ་དེ་ལྟར་ན་རེ་ཞིག་སློབ་དཔོན་གྱིས་རང་རིག་པ་ཉིད་བསྒྲུབས་ནས་ང་བསྟན་བཅོས་མཛད་པ་རང་ཉིད་ཀྱིས་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པས་བསྒྲུབས་པར་མཛད་དོ། །ཅིའི་ཕྱིར་ཚུལ་གཉིས་གྲུབ་པ་ན་དོན་གྱིས་རང་རིག་པ་གྲུབ་པར་

འགྱུར་ཞེ་ན། རང་གི་ངོ་བོར་གྱུར་སྣང་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དོན་དང་འདྲ་བའི་བདག་ཉིད་དུ་གྱུར་པ་ཚུལ་གཉིས་པའི་རང་གི་ངོ་བོར་གྱུར་པ་སྣང་བ་ན་དེའི་ཚེ་མྱོང་བ་གྲུབ་ཕྱིར་རོ། །ཉམས་སུ་མྱོང་བ་མཐོང་བའི་ཕྱིར་རོ། །གང་གི་ཚེ་ཤེས་པ་ཡུལ་གྱི་རྣམ་པ་ཅན་ཡིན་པ་དེའི་ཚེ་

འདིའི་བདག་ཉིད་དུ་འགྱུར་བའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་ཡིན་པ་དེ་ལྟར་ན་བདག་ཉིད་མྱོང་བ་ཉིད་གྲུབ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཡུལ་གྱི་རྣམ་པ་ཅན་གྱི་བདག་ཉིད་ཤེས་པས་ཉམས་སུ་མྱོང་བ་མ་ཡིན་ན་གང་གིས་ན་རང་རིག་པ་འགྲུབ་པར་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། ཚུལ་

གཉིས་སུ་འབྱུང་བ་དེ་དུས་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་བློས་ཉམས་སུ་མྱོང་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ་འཛིན་པར་བྱེད་པའི་བློ་ཡོད་པའི་དུས་ན། ཡུལ་གྱི་བློ་འགག་པ་ཡིན་ཏེ། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཡུལ་གྱི་བློ་འགག་པ་ཡིན་ན། དེའི་ཚེ། དངོས་པོ་ཅན་གྱི་བློ་ཡིས་

ནི། །ཡུལ་གྱི་ཤེས་པ་དང་འདྲ་བས་ཤེས་པ་འགག་པ་ཉིད་ཀྱི་ཕྱིར་ཤེས་པ་མེད་པ་དེ་ཅི་ལྟར་མྱོང་བ་ཡིན་ཏེ། མ་ཡིན་པ་ཉིད་ཡིན་ནོ། །དེ་ལྟར་ན་ཤེས་པ་གཞན་གྱིས་བློ་ཉམས་སུ་མྱོང་བ་མ་ཡིན་ཏེ་བདག་ཉིད་ཀྱིས་ཉམས་སུ་མྱོང་བ་ཁས་མི་ལེན་པའི་ཕྱིར་རོ། །བློ་ཕྱི་མ་དེས་རང་ངོ་བོ་བློ་སྔ་མ་ལས་

བྱུང་བ་དང་འདྲ་བ་མཚན་ཉིད་ཅན་བདག་ཉིད་མྱོང་མེད་ཕྱིར་དེ་རྒྱུ་དེའི་ཕྱིར། ཉམས་སུ་མྱོང་བ་ལས་ལྡོག་པར་འགྱུར། ཤེས་པའམ་ཤེས་བྱའིའོ། །དེ་ལྟར་ན་ཉམས་སུ་མྱོང་བ་མེད་པར་ཤེས་པར་འགྱུར་བ་མ་ཡིན་ནོ། །གཞན་ཡང་བློས་བདག་ཉིད་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་བྱ་བ་དེ་

ཡང་མངོན་སུམ་དང་འགལ་བ་ཡིན་ནོ། །དེ་ལྟར་ན་དོན་དུ་སྣང་བ་དང་ལྡན་པ། ཤེས་པ་དེ་ཕྱི་རོལ་ལ་མངོན་ཕྱོགས་དང་ཤེས་པ་གང་འགའ་ཞིག་གཞན་ལ་ཡུལ་ཉིད་དུ་རྣམ་པར་གནས་པ་དེའི་རྣམ་པར་སྣང་བ་དང་ལྡན་པའི་ངེས་པ་འཛིན་པ་དེ་ཐམས་ཅད་ནི། ཕྱི་རོལ་དུ་མངོན་དུ་ཕྱོགས་

เล่ม ๑๗๕ · หน้า 243b

པ་སྟེ་གཟུང་བ་ཉིད་དུ་སྣང་བར་འགྱུར་རོ། །སྣང་བར་གྱུར་པ་ན་ཡང་ཤེས་པའམ་གཞན་ལ་ཡུལ་དུ་འཛིན་པར་བྱེད་དོ། །དེ་བཞིན་དུ་ཉམས་སུ་མྱོང་བའི་བློ་འདི་ཡང་ཕྱི་རོལ་ཏུ་མངོན་དུ་ཕྱོགས་པར་སྣང་བར་འགྱུར་རོ། །འདི་ལྟར་ཡུལ་བློ་ལའང་འཛིན་པར་བྱེད་པའི་བློ། །ཉམས་སུ་མྱོང་བ་གང་ཡིན་པ་དེ་རྟག་ཏུ་

བདག་ལ་རྟོགས་པར་བྱ་བ་ལ། ནང་མངོན་ཕྱོགས་འཛིན་པའི་རྣམ་པ་ཉིད་ཀྱི་སྲོག་ཆགས་ཐམས་ཅད་ཀྱི་རང་རིག་པའི་ངོ་བོ་ཡིན་པ་དེ་ལྟར་ན་ཇི་ལྟར་ན་དེ་ལ་བསྙོན་པར་ནུས། གལ་ཏེ་རང་གི་བློ་ཉིད་ཡིན་པའི་ཕྱིར། ཕྱི་རོལ་ཏུ་ཁ་བལྟས་པས་འཇུག་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ།

གང་གི་ཚེ་རང་གི་བློ་དྲན་པར་བྱེད་པ་དེའི་ཚེ། ཡང་ཕྱི་རོལ་ཏུ་ཁ་བལྟས་པ་ཡིན་པར་མི་འགྱུར་རོ། །འདི་ལྟར་ཕྱི་རོལ་ཉིད་དུ་དྲན་པ་ལས་སོ་སོར་གནས་པ་ཡིན་ནོ་ཞེས་བྱ་བའི་རྟོག་པ་འདི་ཡང་མི་རུང་ངོ་། །གཞན་ཡང་དོན་དང་འདྲ་བ་བདག་ཉིད་ཉམས་སུ་མྱོང་བ་མ་ཡིན་ན། གང་ཞིག་ཡུལ་དུ་སྣང་

གང་དེ། །དོན་གང་ཡིན་པ་དེ་ཤེས་པ། །དེས་མྱོང་མ་ཡིན་ཤེས་པའང་ཐོབ། །དེ་ལྟར་ན་གང་གིས་དོན་དང་འདྲ་བའི་བདག་ཉིད་དུ་གྱུར་པ་མྱོང་བར་འགྱུར་བ་དེའི་ཚེ་དེའི་དབང་གིས་དེས་དོན་དེ་སོ་སོར་རྟོགས་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་འདྲ་བས་མྱོང་བ། །གཞན་ཡོད་ཅེས་ནི་

འདོད་འགྱུར་ན། །དོན་དང་འདྲ་བ་ལས་ཉམས་སུ་མྱོང་བའི་བདག་ཉིད་ཅན་གྱི་ངོ་བོའི་མྱོང་བ་གཞན་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དོན་དང་འདྲ་བ་ཙམ་གྱིས་དོན་ཉམས་སུ་མྱོང་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ཉམས་སུ་མྱོང་བའི་མཚན་ཉིད་ཡིན་པ་དེའི་ཚེ། འདྲ་བ་ཐམས་ཅད་ཕན་ཚུན་

དགེ། །མྱོང་བ་དག་ནི་ཐོབ་པར་འགྱུར། །དོན་དང་འདྲ་བས་ཐམས་ཅད་ཕན་ཚུན་མཚུངས་པ་ཡོད་པ་དེ་ལྟར་དེ་དག་གཅིག་ལ་གཅིག་མྱོང་བར་འགྱུར་ན། འདོད་པ་ཡང་མ་ཡིན་པ་དེའི་ཕྱིར་ཉམས་སུ་མྱོང་བའི་མཚན་ཉིད་འཁྲུལ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་བློ་འདྲ་དེ་

མྱོང་ཡིན། །འདྲ་བ་ཙམ་དོན་ཉམས་སུ་མྱོང་བའི་མཚན་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བློའི་ངོ་བོ་འདྲ་བ་གང་ཡིན་པ་དེ་དོན་མྱོང་བ་ཡིན་ནོ་ཞེ་ན། འོ་ན་མྱོང་བ་འདྲ་མ་ཡིན། །གལ་ཏེ་བློའི་ངོ་བོ་ཉིད་ཀྱིས་འདྲ་བ་ཁྱད་པར་ཅན་ཉམས་སུ་མྱོང་བའི་མཚན་ཉིད་ཡིན་པ་དེའི་ཚེ་དོན་དང་འདྲ་

เล่ม ๑๗๕ · หน้า 244a

བས་དོན་ཉམས་སུ་མྱོང་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་འགྱུར་རོ། །དེ་ལྟར་ཤེས་པ་ཉམས་སུ་མྱོང་བ་བདག་ཉིད་མྱོང་བ་ཡིན་པས་ན། ཉམས་སུ་མྱོང་བ་དེ་རང་ཉིད་དེ་ལྟར་གསལ་བ་ཡིན་ནོ། །ཉམས་སུ་མྱོང་བ་སྟེ་བློ་རང་ཉིད་བློ་དེ་ཉམས་སུ་མྱོང་བ་དེ་

འདྲ་བའི་རྒྱུ་ཅན་མིན། འདྲ་བས་བྱས་པ་མ་ཡིན་ནོ། །འོན་ཀྱང་བློ་འདིའི་དོན་དང་འདྲ་བ་དེ་ནི་དེའི་བྱ་བ་ནི་འདི་ཡིན་ཞིང་འདིས་ཉམས་སུ་མྱོང་བ་ནི་འདི་ཡིན་ནོ་ཞེས་བྱ་བ་ལས་ཀྱི་རྣམ་གཞག་གི། འཇིག་རྟེན་ན་ནི་རྒྱུར་འགྱུར་གྱི། །དེ་ལས་ཉམས་སུ་མྱོང་བའི་བདག་ཉིད་ནི་མ་ཡིན་ནོ། །གལ་ཏེ་ཉམས་

སུ་མྱོང་བའི་བདག་ཉིད་ཀྱིས་གསལ་བ་ཉམས་སུ་མྱོང་བ་ཡིན་པ་ཅིའི་ཕྱིར་དེ་སྔོན་པོ་ལ་སོགས་པ་ཕྱི་རོལ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་ཅེ་ན། རང་བཞིན་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་དུ་གྱུར་པ་སྟེ། བདག་ཉིད་དུ་གྱུར་པ་དང་། དེའི་ངོ་བོ་སྟེ་སྔོན་པོ་ལ་སོགས་

པའི་ངོ་བོ་མྱོང་བ་ཡུལ་ཡོད་པ་ཅན་མ་ཡིན་པ་གང་ཡིན་པའི་མྱོང་བ་དེ་ལ་ཡང་འཇིག་རྟེན་ཕྱི་རོལ་གྱི་དོན་དག་ལ་སྒྲོ་འདོགས་པས་འཁྲུལ་པར་བྱེད་དེ། དཔེར་ན་ཕྱི་རོལ་གྱི་དོན་མྱོང་བ་ནི་འདི་ཡིན་ནོ་ཞེས་རྣམ་པར་ཆད་པ་བཞིན་དུ་སྣང་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རང་བཞིན་གྱུར་པ་དེའི་ངོ་བོ་མྱོང་བའི་སྒྲོ་

འདོགས་འཁྲུལ་པ་ལས། རྒྱུའི་ཕྱིར་ཇི་ལྟར་སྒྲོ་བཏགས་པ་བཞིན། སྔོ་སོགས་མྱོང་བར་གྲགས་ཡིན་གྱི། །སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་ཐ་སྙད་འདོགས་པ་ཡིན་གྱི་གཞན་གྱི་བདག་ཉིད་དེ། སྔོན་པོ་ལ་སོགས་པ་ཕྱི་རོལ་ཏུ་གྱུར་པ། མྱོང་ལས་ཉམས་སུ་མྱོང་བའི་རྒྱུས་ནི་མ་ཡིན་

ནོ། །གལ་ཏེ་བློ་སྔོན་པོ་ལ་སོགས་པའི་ངོ་བོ་ཡིན་པ་དེའི་ཚེ། བློ་ནི་སྔོ་སོགས་དངོས་ཡིན་ན། །སྔོན་པོ་ལ་སོགས་པའི་ངོ་བོར་སྣང་བའི་རྣམ་པ་མ་གཏོགས་པར་འདྲ་བ་མེད་པ་གཞན་མ་མཐོང་བའི་ཕྱིར། ཕྱི་རོལ་དོན་ལ་ཚད་མ་དག །དེ་ཡོད་པ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དོན་ཉིད་

དུ་མི་འགྱུར་ན་དོན་ཡང་ཡོད་པ་ཡིན་ཏེ། བློའི་དོན་དང་འདྲ་བར་ཁས་ལེན་པའི་ཕྱིར་རོ། །དེ་བས་ན་རྣམ་པ་དེའི་ཕྱི་རོལ་གྱི་ཡིན་པར་འགྱུར་གྱི་བློ་མ་ཡིན་ནོ་སྙམ་སེམས་པས་གཞན་གྱིས་དྲིས་པ་ཡིན་ནོ། །བློ་ནི་སྔོ་སོགས་དངོས་ཡིན་ན། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །

เล่ม ๑๗๕ · หน้า 244b

རེ་ཞིག་བློ་ནི་སྔོན་པོ་ལ་སོགས་པའི་ངོ་བོར་འདོད་པར་བྱའོ། །དེ་ལྟར་མ་ཡིན་ན། བློ་ནི་སྔོ་སོགས་དངོས་མིན་ན། །ཡུལ་དུ་སྣང་བ་ཉིད་མ་ཡིན་ན། དོན་དེ་ལ་སྔོན་པོ་ལ་སོགས་པ་དེ་ལས་མྱོང་བ་ཇི་ལྟར་རུང་སྟེ་མ་ཡིན་པ་ཉིད་ཡིན་ནོ། །འོ་ན་དེ་ལྟ་ན་ནི་བློ་དོན་དང་འདྲ་བར་གདོན་མི་ཟ་བར་ཁས་ལེན་པ་ན་

དོན་ཞེས་བྱ་བ་གཞན་ཅི་ཞིག་ཡོད། དེ་ཇི་ལྟར་གྲུབ་པ་ཡིན་པ་དེ་བརྗོད་པར་བྱའོ་ཞེ་ན། དེ་ཡང་ཁོ་བོས་མི་ཤེས་ཀྱི་དེ་འདོད་པ་གང་ཡིན་པ་དེ་ཉིད་ལ་དྲི་བར་བྱའོ་ཞེས་དགོངས་སོ། །དོན་དང་འདྲ་བ་ནི་མྱོང་བ་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་ནི་གང་ཚེ་ཞེས་བྱ་བ་ལ་སོགས་པས་གཞུང་འཛུགས་པར་བྱེད་དོ། །

གང་ཚེ་མྱོང་བའི་བདག་ཉིད་ནི། །འདྲ་བའི་རྒྱུ་ཅན་མ་ཡིན་ན། །དེའི་ཚེ་ཤེས་པ་འདིའི་ཉམས་སུ་མྱོང་བ་དེ་རང་ཉིད་ལས་གྲུབ་ན། དོན་གྱིས་ཅི་ཞིག་འཇོག་པར་འགྱུར། །དོན་དང་འདྲ་བས་དོན་ཉམས་སུ་མྱོང་བ་ལ་ཅི་ཞིག་རྣམ་པར་གཞག་ཅེས་བྱ་བའི་དོན་ཏོ། །གཞན་ཡང་བདག་ཉིད་ཐམས་ཅད་ཀྱིས་ཤེས་

པ་དོན་དང་འདྲ་བར་འགྱུར་རམ་རྣམ་པ་འགའ་ཞིག་གིས་འགྱུར་གྲང་ན། རེ་ཞིག་ཤེས་པ་ནི་བདག་ཉིད་ཀུན་གྱི་མཚུངས་པ་ཡིན། ཅིའི་ཕྱིར་ཞེ་ན། ཤེས་པ་འདི་དོན་གྱི་རང་གི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །ཤེས་པ་ཉིད་མིན་ཐལ་བར་འགྱུར་རོ། །དོན་གྱི་ཆ་འགའ་ཞིག་གིས་མཚུངས་པ་ཡིན་པར་ཤེས་

པ་ཁས་ལེན་པར་བྱེད་ན་དོན་ཐམས་ཅད་ཤེས་པ་ཐམས་ཅད་ཀྱིས་མྱོང་བར་འགྱུར་རོ། །བུམ་པའི་ཤེས་པས་ཀྱང་སྣམ་བུ་ཉམས་སུ་མྱོང་བར་འགྱུར་ཏེ། སྣམ་བུའི་རྣམ་པ་འགའ་ཞིག་ཤེས་བྱ་ཉིད་ལ་སོགས་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །གལ་ཏེ་ཡང་ཡུལ་ཐ་དད་པ་དག་ལ་རྣམ་པ་ཐ་དད་པ་ཡོངས་སུ་

འཛིན་པའི་ཕྱིར་དེ་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་རྟོགས་པར་འགྱུར་ན། བུམ་པའི་རྣམ་པར་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་གང་ཡིན་པ་དེ་བུམ་པ་ཐམས་ཅད་ཀྱི་རྗེས་སུ་བྱེད་པ་ཡིན་པ་དེ་ལྟར་ན་ད་ལྟར་གྱི་བུམ་པ་བཞིན་དུ་ཐམས་ཅད་ཤེས་པས་མྱོང་བར་འགྱུར་ན་འདོད་པ་ཡང་མ་ཡིན་ནོ། །དེ་

བས་ན་དོན་ཉམས་སུ་མྱོང་བ་འདྲ་བས་བྱས་པ་མ་ཡིན་ནོ། །གཞན་ཡང་། ཇི་ལྟར་སྔོ་སོགས་ངོ་བོའི་ཕྱིར། །རྒྱུའི་ཕྱིར་ཤེས་པ། སྔོ་སོགས་ཉམས་སུ་མྱོང་བར་འདོད། །ཁས་ལེན་ཏོ། །དེ་ལྟར་ཉམས་མྱོང་ངོ་བོའི་ཕྱིར། །གལ་ཏེ་དེ་འདྲ་བ་ལས་དེའི་ཉམས་སུ་མྱོང་བ་རྣམ་པར་འཇོག་པ་ན་སྔར་བྱུང་བ་

เล่ม ๑๗๕ · หน้า 245a

ཉམས་སུ་མྱོང་བའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར། གཞན་གྱི་ཡུལ་ཅན་གྱི་ཕྱིས་ཀྱི་ཉམས་སུ་མྱོང་བ་ཡང་ཤེས་པ་སྔ་མ་ཉམས་སུ་མྱོང་བ་ཉིད་ཐོབ་པར་འགྱུར་རོ། །དེ་བས་ན་ཉམས་སུ་མྱོང་བ་འདྲ་བས་བྱས་པ་མ་ཡིན་ནོ། །གལ་ཏེ་གང་ཞིག་གང་ལས་བྱུང་བ་དང་གང་གི་རྣམ་པ་ཅན་ཡིན་པ་ཞེས་བྱ་

བ་དེ་ཙམ་གྱིས་ནི་དོན་ཉམས་སུ་མྱོང་བའི་མཚན་ཉིད་མ་ཡིན་ན། གང་གིས་ན་ཉམས་སུ་མྱོང་བའི་ཤེས་པ་དེ་མ་ཐག་ཏུ་འབྱུང་བ་ཅན། ཉམས་སུ་མྱོང་བའི་ཤེས་པ་ལས་དེའི་རྣམ་པར་འབྱུང་བའི་ཤེས་པས་དེ་ཉམས་སུ་མྱོང་བ་ཡིན་པར་འགྱུར། འོ་ན་ཅི་ཡིན་ཞེ་ན། དེ་ལས་བྱུང་བ་དང་འདྲ་བ་དག་ཡོད་ན་ཡང་སྔོན་པོ་

ལ་སོགས་པ་འདི་ཁོ་བོས་ཉམས་སུ་མྱོང་ངོ་ཞེས་དོན་ལ་རྣམ་པར་ངེས་པ་ལས་ཡིན་ཏེ། ཉམས་སུ་མྱོང་བའི་མྱོང་བ་དེ། །དོན་བཞིན་རྣམ་པར་ངེས་པ་མེད། །ཉམས་སུ་མྱོང་བ་རྣམ་པར་ངེས་པར་མི་འགྱུར་རོ། །དེའི་ཕྱིར་ཇི་སྐད་དུ་བཤད་པའི་སྐྱོན་མེད་དོ་ཞེ་ན། དོན་ལ་ཡང་དེ་ནི་རྟག་ཏུ་མེད། ཡུལ་གཅིག་འགའ་

ཞིག་ཏུ་རྒྱུན་གྱིས་འབྱུང་བ་ཅན་གྱི་ཤེས་པ་དག་ལ་སྐད་ཅིག་མ་རེ་རེ་དོན་འདི་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བའི་ངེས་པར་མི་འགྱུར་རོ། །དོན་འགའ་ཞིག་མཐོང་བ་ཉིད་ནི་ཅིག་ཅར་ཡུལ་གཞན་ལ་རྣམ་པར་གཡེང་བ་ན་ཉམས་སུ་མྱོང་བ་ངེས་པ་མེད་པའི་ཕྱིར་ཉམས་སུ་མྱོང་བ་དེའི་ཡུལ་མ་ཡིན་ནོ་ཞེས་བྱ་

བ་ཐོབ་པར་འགྱུར་ན་མི་འགྱུར་བ་ཡང་ཡིན་པ་དེའི་ཕྱིར་ཉམས་སུ་མྱོང་བ་ངེས་པ་དང་མ་ངེས་པའི་དབང་གིས་ཡུལ་དང་ཡུལ་མ་ཡིན་པའི་མཚན་ཉིད་མ་ཡིན་ནོ། །གཞན་ཡང་ཅིའི་ཕྱིར་ཉམས་སུ་མྱོང་བ་མེད་དེ། ཉམས་སུ་མྱོང་བར་བྱ་བ་མྱོང་བ་ཞེས་བྱ་བའི་ངེས་པ་ཡོད་པ་མ་ཡིན་ན་གང་གིས་ན་

ཡུལ་དེ་དེ་མ་ཐག་ཏུ་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་མ་ཡིན། སྔར་གྱི་ཤེས་པ་ཡོད་པ་ཉིད་ཀྱི་རྒྱུ་ནི་ཡོད་ན་ཉམས་སུ་མྱོང་བ་ངེས་པའི་རྒྱུ་ཡོད་ནའོ། །དོན་ལ་དེ་ཉིད་རྒྱུ་ཡིན་ཏེ། འདི་ལྟ་སྟེ། དེ་དང་འདྲ་བ་དང་དེ་ལས་བྱུང་བ་དེ་ནི་གལ་ཏེ་ཉམས་སུ་མྱོང་བའི་ཤེས་པ་དེ་མ་ཐག་ཏུ་འབྱུང་བའི་ཤེས་པ་

ཡོད་ན་ཡང་། ཉམས་སུ་མྱོང་བའི་ངེས་པའི་ཤེས་པ་ཡོད་པ་ཉིད་ཀྱི་རྒྱུར་མཚུངས་པ་ཡིན་ན། ཉམས་སུ་མྱོང་བར་བྱ་བ་མྱོང་བ་ཡིན་ནོ་ཞེས་ངེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་འདྲ་བའི་དབང་གིས་ཉམས་སུ་མྱོང་བ་མ་ཡིན་གྱི་འོན་ཀྱང་རང་ཉིད་ལས་ཡིན་ནོ། །གཞན་ཡང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด