ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗๖ · หน้า 108b
བྱའོ། །དེ་ལྟ་ན་ནི་སྒྲའི་ཐ་སྙད་ཆད་པར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་པས་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་ཞེས་བྱ་བ་ནི་གཞན་རྣམ་པར་བཅད་པའོ། །དེ་ལས་གཞན་པ་དག་ལ་ཞེས་བྱ་བ་ནི་དེ་བྱེད་པ་མ་ཡིན་པ་དེ་ལས་གཞན་པ་འབྲས་བུ་གཅིག་པ་ཅན་
དག་ལ་ཐ་མི་དད་པ་ཡིན་ཏེ། ཐམས་ཅད་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ལོག་པའི་ཕྱིར་རོ། །རྣམ་པར་བཅད་པ་ལ་རིགས་ཀྱི་ཆོས་དུ་མ་ལ་འཇུག་པ་ཉིད་ཀྱང་ཡོད་དོ། །དེ་ཞེས་བྱ་བ་ནི་རྣམ་པར་བཅད་པའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། ངེས་པར་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། རྣམ་པར་བཅད་པ་གང་ལ་ངེས་པར་ཁས་བླངས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཁས་མི་ལེན་ན་རིགས་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ལ་གདོན་མི་ཟ་བར་བརྗོད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་མ་བརྗོད་ན་སྒྲ་སྦྱོར་བ་འབྲས་བུ་མེད་པར་འགྱུར་རོ། །གསལ་
བ་རྣམས་ལ་བློ་དང་སྒྲ་དག་རྗེས་སུ་འགྲོ་བའི་མཚན་ཉིད་ཀྱི་རིགས་ཀྱི་དོན་དེ་རབ་ཏུ་སྒྲུབ་པ་འདི་རབ་ཏུ་བསྒྲུབ་པའི་ཕྱིར་རོ། །རྣམ་པར་བཅད་པ་དེ་ལྟ་བུ་དེ་ཡོངས་སུ་བོར་ནས་སྤྱི་དོན་གཞན་དུ་རྟོག་པ་ནི་དོན་མེད་པ་ལ་གཅིག་པོ་ཆེར་འཛིན་པ་འབའ་ཞིག་ཏུ་ཟད་དེ། དངོས་པོ་མེད་པ་ལ་མངོན་
པར་ཞེན་པ་ཉིད་འབའ་ཞིག་ཏུ་ཟད་ཀྱི་རྒྱུ་གཞན་ནི་ཅུང་ཟད་མེད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། རྟག་པ་དང་། ཁྱབ་པ་ལ་སོགས་པའི་རྣམ་པ་དག་ཏུ་ཇི་ལྟར་བརྟགས་པ་བཞིན་དུ་སྤྱི་དེ་མི་རུང་བའི་ཕྱིར་རོ། །གཞན་གྱིས་རྣམ་པར་གཅོད་པར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྒྲས་རྣམ་
པར་གཅོད་པར་མི་བྱེད་པ་ཉིད་ནི་མ་ཡིན་གྱི། འོན་ཀྱང་བྱེད་པ་ཁོ་ནའོ། །འོ་ན་ཇི་སྟེ། རིགས་བརྗོད་ཅེ་ན། དེའི་ཕྱིར་འཇུག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱེད་པ་དོན་དུ་གཉེར་བའི་འཇུག་པ་གང་ཡིན་པ་དེའི་ཡུལ་ནི་རིགས་ཡིན་པས་ཁོ་བོ་དེ་བརྗོད་པས་རིགས་སྨྲས་སོ་ཞེ་ན།
གྲུབ་པའི་མཐའ་སྨྲ་བས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲ་འདི་ལ་བརྗོད་པར་བྱ་བ་རྣམ་པར་བཅད་པ་ཡོད་དོ་ཞེའམ། གལ་ཏེ་རིགས་དང་ལྡན་པ་འདི་ལ་སྒྲའི་བརྗོད་པར་བྱ་བ་རྣམ་པར་བཅད་པ་ཡོད་དོ་ཞེ་ན། སྒྲ་རྣམས་ཀྱི་དགོས་པ་ནི་གཞན་རྣམ་པར་བཅད་པས་འདོད་
เล่ม ๑๗๖ · หน้า 109a
པ་ལ་འཇུག་པ་དེ་ཙམ་དུ་ཟད་པ་མ་ཡིན་ནམ། ཁྱེད་ལ་དེར་ཞེས་བྱ་བ་གཞན་རྣམ་པར་བཅད་པས་འདོད་པ་ལ་འཇུག་པ་དེ་ལ་སྤྱི་གཞན་གྱིས་ནི་ཅི་ཞིག་བྱ་སྟེ། ཁྱོད་ལ་སྤྱི་ཅུང་ཟད་ཀྱང་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་འཇུག་པའི་ཡུལ་ཞེས་བྱ་བ་ལ་སོགས་
པ་སྨྲས་པ་དང་། སློབ་དཔོན་གྱིས་ད་སྐད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་རིགས་པ་མ་ཡིན་པ་ཉིད་སྟོན་པ་ཡིན་ཏེ། དེ་ནི་ཞེས་བྱ་བ་ནི་རིགས་སོ། །རིགས་ནི་དོན་བྱེད་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །འཇུག་པར་རུང་བ་ཉིད་མ་ཡིན་ནོ་ཞེས་དེ་སྐད་དུ་
རིགས་དོན་བྱེད་རུང་མིན་ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ། །གལ་ཏེ་རིགས་རུང་བ་མ་ཡིན་ཡང་། འོན་ཀྱང་དེ་བརྗོད་ན་ཤུགས་ཀྱིས་རྫས་མ་བརྗོད་པ་སྐྱེས་བུ་འཇུག་པར་འགྱུར་རོ་ཞེ་ན། དེའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ཀྱི་སྒོ་ནས་རྫས་མ་བརྗོད་པ་ལ་འཇུག་པ་
ཡང་འབྲེལ་པ་ཡོད་དུ་ཟིན་ཀྱང་སྒྲས་མ་བརྗོད་པ་ལ་ཇི་ལྟར་འཇུག་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་སྩལ་ཟིན་ཏོ། །གལ་ཏེ་རིགས་ཀྱི་སྒོ་ནས་དེ་དང་ལྡན་པ་ཁོ་ནས་བརྗོད་དོ་ཞེ་ན། དེ་དང་ལྡན་པ་བརྗོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྤྱིས་བར་དུ་ཆོད་པར་འགྱུར་བས་ན། དེ་
ཡང་ནི་ཅིའི་ཕྱིར་དངོས་སྦྱོར་མི་བྱེད་ཅེས་བྱ་བ་དང་དེ་ལ་བར་དུ་གཅོད་པར་བྱེད་པ་གཞན་གྱིས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པས་བསལ་ཟིན་ཏེ། གལ་ཏེ་རིགས་སམ་གསལ་བ་འབའ་ཞིག་ནི་སྒྲའི་རྟེན་ཅན་གྱི་འཇུག་པའི་རྟེན་མ་ཡིན་ཏེ། རིགས་འབའ་ཞིག་གིས་དོན་བྱེད་པར་མི་ནུས་པའི་ཕྱིར་དང་། གསལ་
བ་འབའ་ཞིག་ཀྱང་བརྗོད་པར་མི་ནུས་པའི་ཕྱིར་རོ། །དེ་ལྟ་བས་ན་རིགས་དང་དེ་དང་ལྡན་པ་བསྡོངས་པ་དག་ནི་འཇུག་པའི་རྒྱུ་ཡིན་ཏེ། དེ་དག་ཚོགས་པ་ཁོ་ནའི་དོན་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་རིགས་དང་དེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇུག་པའི་ཡུལ་ཉིད་ཡིན་ན་ཞེས་བྱ་བ་ནི་སྒྲའི་རྟེན་
ཅན་གྱིས་འཇུག་པའི་ཡུལ་ཉིད་ཡིན་པར་ཁས་ལེན་ན། ལྡོག་པ་དང་དེ་དང་ལྡན་པ་དག་ཡིན་པར་ཇི་སྟེ། མི་འདོད་འཇུག་པའི་ཡུལ་ཉིད་དུ་ཞེས་བྱ་བར་ཁོང་ནས་དབྱུང་ངོ་། །ལྡོག་པ་དང་ལྡོག་པ་དང་ལྡན་པ་དག་ནི་ཚད་མ་གྲུབ་པོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་ལྡོག་པའི་སྒྲའི་ཡུལ་དུ་
เล่ม ๑๗๖ · หน้า 109b
གྱུར་པ་ནི། བློས་ཀུན་བརྟགས་པའི་ཕྱིར་དངོས་པོ་མེད་པ་ཉིད་ཡིན་ནོ། །རྒྱུ་དེས་ན་བཞོན་པ་དང་བཞོ་བ་ལ་སོགས་པའི་དོན་བྱ་བ་ལ། སྒྲུབ་པ་མ་ཡིན་པའི་ཕྱིར་ལྡོག་པ་དང་དེ་དང་ལྡན་པ་དག་འཇུག་པའི་ཡུལ་ཉིད་དུ་མི་འདོད་དོ་ཞེ་ན། སྒྲུབ་པ་མ་ཡིན་པ་ཉིད་དེ་ནི་རིགས་ལ་ཡང་མཚུངས་ཏེ། དེ་
ཡང་བཞོན་པ་དང་བཞོ་བ་ལ་སོགས་པར་ནུས་པ་མ་ཡིན་ནོ།། །།བམ་པོ་བཅུ་གཅིག་པ། གལ་ཏེ་དེ་དང་ལྡན་པས་ཞེས་བྱ་བ་ནི་རིགས་དང་ལྡན་པས་དོན་བྱ་བ་བསྒྲུབ་པའི་ཕྱིར་ཉེས་པ་མེད་དོ་འདི་སྐད་དུ་རིགས་ཀྱིས་དོན་བྱ་བ་མི་བྱེད་མོད་ཀྱི། འོན་ཀྱང་དེ་དང་འབྲེལ་པའི་རྫས་ཀྱིས་
དོན་བྱ་བ་བྱེད་དེ། དེའི་ཕྱིར་དེའི་སྒོ་ནས་རིགས་དང་དེ་དང་ལྡན་པ་དག་འཇུག་པའི་ཡུལ་དུ་མི་འདོད་དོ་ཞེས་སྨྲས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱེད་པ་སྒྲུབ་པ་ཉིད་དེ་ནི་ལྡོག་པ་དང་ལྡན་པ་ལ་ཡང་མཚུངས་སོ། །དེ་བས་ན་དེའི་སྒོ་ནས་ལྡོག་པ་དང་
ལྡོག་པ་དང་ལྡན་པ་དག་སྒྲའི་དོན་དུ་ཅི་སྟེ་མི་འདོད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་མགོ་མཉམ་པའི་ཚུལ་དུ་བཤད་པ་ཡིན་ནོ། །གལ་ཏེ་ལྡོག་པར་སྨྲ་བ་ཡང་གཞན་གྱི་ལྟར་སྒྲའི་དོན་དངོས་པོ་ཁོ་ན་ཡིན་པར་འདོད་པ་ཞིག་ཏུ་གྱུར་ན་ནི་ལྡོག་པ་བསྒྲུབ་པ་མ་ཡིན་པའི་ཕྱིར་སྒྲའི་དོན་ཉིད་དུ་
རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཀླན་ཀ་འདིར་ཡང་འགྱུར་བ་ཞིག་ན། འོན་ཀྱང་ལྡོག་པ་སྨྲ་བ་རྣམས་ཀྱི་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །གལ་ཏེ་དངོས་པོའི་ཡུལ་ཅན་མ་ཡིན་ན། ཇི་ལྟར་དོན་བྱེད་པ་དོན་དུ་གཉེར་བ་འཇུག་པར་བྱེད་ཅེ་ན།
དེ་ནི་འཁྲུལ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་སྒྲའི་ཤེས་པའོ། །རྣམ་པར་རྟོག་པ་ལ་སྣང་བའི་དོན་མེད་པ་ལ་དོན་དུ་ལྷག་པར་ཞེན་པ་ནི་འཁྲུལ་པ་སྟེ། དེའི་དབང་གིས་མཐུས་རང་སྣང་བ་བྱེད་པ་པོ་མ་ཡིན་པ་ལས་ཡང་བྱེད་པ་པོར་ལྷག་པར་ཞེན་པས་འཇུག་པར་བྱེད་དེ། སྐྱེས་བུ་
ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །འཁྲུལ་པས་འཇུག་པ་ལ་ནི་རག་ན། འོན་ཀྱང་གཞན་གྱི་རྗེས་སུ་དཔག་པ་ལ་གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་བྱ་བ་ལ་སོགས་པ་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པའི་སྒྲ་ལས་བྱུང་བ་རྟགས་དང་རྟགས་ཅན་གྱི་ཤེས་པ་རྣམས་ཀྱིས་གོ་ཇི་ལྟར་དངོས་པོ་འཐོབ་ཅེ་ན།
เล่ม ๑๗๖ · หน้า 110a
དེའི་ཕྱིར་དངོས་པོ་འཐོབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྒྱུད་དེ་དངོས་པོ་ལས་སྐྱེ་བའི་རྒྱུར་གྱུར་པས་དངོས་པོ་དེ་དང་འབྲེལ་ཏེ། དེ་ལྟ་ཡིན་ན་དངོས་པོ་འཐོབ་པར་འགྱུར་གྱི་ཞེས་བྱ་བར་སྦྱར་རོ། །འདི་སྐད་དུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་རྟགས་དང་རྟགས་ཅན་གྱི་
ཤེས་པ་ཡང་བརྒྱུད་པས་དངོས་པོ་དང་འབྲེལ་པའི་རྟགས་ཀྱི་སྒོ་ནས་འོངས་པའི་ཕྱིར་དངོས་པོ་འཐོབ་པར་བྱེད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གཞན་དུ་ན་ཞེས་བྱ་བ་ནི་འབྲེལ་པ་མེད་པ་ན་སྒྲའི་ཤེས་པས་དངོས་པོ་འཐོབ་པར་མི་འགྱུར་བ་ཁོ་ནའོ། །གལ་ཏེ་སྒྲ་ནི་བྱས་པའི་ཕྱིར་མི་རྟག་པའོ་ཞེས་བྱ་བའི་
སྒྲའི་ཤེས་པ་ཡང་དངོས་པོ་ཇི་ལྟ་བ་ལས་སྐྱེས་པའི་ཕྱིར་མངོན་སུམ་བཞིན་དུ་མི་འཁྲུལ་པར་འགྱུར་རོ་ཞེ་ན། སྦྱོར་བ་ནི་གང་ཞིག་དངོས་པོ་ལས་སྐྱེས་པ་དེ་ནི་མི་འཁྲུལ་པ་སྟེ། དཔེར་ན་མངོན་སུམ་ལྟ་བུའོ། །སྒྲའི་ཤེས་པ་དངོས་པོ་འཐོབ་པ་ཡང་དངོས་པོ་ལས་སྐྱེ་བས་ཞེས་བྱ་བ་ནི་ཁྱབ་པར་བྱེད་
པ་འགལ་བ་དམིགས་པ་ཡིན་ནོ་སྙམ་དུ་སེམས་ཏེ། དངོས་པོ་ལས་མི་སྐྱེ་བས་འཁྲུལ་པ་ལ་ཁྱབ་པའི་ཕྱིར་དང་། དངོས་པོ་ལས་སྐྱེ་བ་ཡང་དེ་དང་འགལ་བའི་ཕྱིར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། དངོས་པོ་ལས་སྐྱེ་བ་ཡིན་དུ་ཟིན་ཀྱང་། དེ་མི་སྣང་བར་དངོས་པོའི་ངོ་བོ་མི་སྣང་བར་དེར་ལྷག་པར་ཞེན་པའི་
ཕྱིར་འཁྲུལ་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་ལས་སྐྱེ་བ་དང་། འཁྲུལ་པ་དག་འགལ་བ་མེད་པའི་ཕྱིར་གཏན་ཚིགས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཅན་ཉིད་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་ན་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་ཅི་ཞིག་བྱ། གཏན་ཚིགས་འདི་ནི་ཐུན་མོང་གི་མ་ངེས་
པ་ཅན་ཡིན་པར་མངོན་པར་ཤེས་སོ་ཞེས་བྱ་བར་བསྟན་པའི་ཕྱིར་འོད་ལ་ནོར་བུར་འཁྲུལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནོར་བུའི་འོད་ལ་ནོར་བུར་འཁྲུལ་པ་སྣང་བས་འཁྲུལ་པའི་ཡང་ཕྱིར་ཏེ། ནོར་བུའི་འོད་ལ་ནོར་བུར་འཁྲུལ་པའི་ནོར་བུའི་དངོས་པོ་ལས་སྐྱེས་ཀྱང་འཁྲུལ་པ་སྣང་ངོ་། །གལ་
ཏེ་འཁྲུལ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སྨིག་རྒྱུ་ལ་ཆུར་འཁྲུལ་པས་དངོས་པོ་འཐོབ་པར་མི་བྱེད་པ་ལྟར་རྗེས་སུ་དཔག་པའི་རྟོག་པས་ཀྱང་དེ་དང་འདྲའོ་སྙམ་དུ་བསམས་པ་ཡིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་ཏེ། ཇི་སྐད་བཤད་པ་ལྟ་བུར་ཁོ་ནས་ཞེས་བྱ་བ་ནི་ནོར་
เล่ม ๑๗๖ · หน้า 110b
བུའི་འོད་ལ་ནོར་བུར་འཁྲུལ་པར་སྣང་བ་ལྟ་བུ་སྟེ། འདི་ལྟར་ནོར་བུའི་འོད་ལ་ནོར་བུར་འཁྲུལ་པ་ནི་ནོར་བུ་ཐོབ་པར་བྱེད་པ་ཉིད་དོ། །འཁྲུལ་པ་ཉིད་གཞུང་གཟུགས་པའི་ཕྱིར། འཁྲུལ་པའི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་གལ་ཏེ་འཁྲུལ་པ་དང་ཐོབ་པར་བྱེད་
པ་འགལ་བ་ཞིག་ཏུ་གྱུར་ན་ནི་དེའི་ཚེ་འཁྲུལ་པ་དངོས་པོ་ཐོབ་པར་བྱེད་པ་མ་ཡིན་པ་བསྒྲུབ་པར་བྱ་བ་ལ་འཁྲུལ་བ་མེད་ཞིག་ན། དེ་ནི་མེད་དེ་འདི་ལྟར་འཁྲུལ་པའི་མཚན་ཉིད་ནི་ལྡོག་པར་སྣང་བ་ཡིན་གྱི་ཐོབ་པར་མི་བྱེད་པ་ནི་མ་ཡིན་ནོ། །དེ་མེད་ན་མི་འབྱུང་བ་ཉིད་ཀྱིས་ཞེས་བྱ་བ་ནི་དངོས་པོ་
མེད་ན་མི་འབྱུང་བ་ཉིད་ཀྱིས་དེ་ལས་སྐྱེ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཐོབ་པར་བྱེད་པ་ཉིད་སྣང་བ་ལ་ལྟོས་པ་མ་ཡིན་ཞིང་དངོས་པོར་གཏོགས་པའི་སྣང་བ་ལ་ལྟོས་པ་ནི་མ་ཡིན་ཏེ། དངོས་པོ་དང་འབྲེལ་པ་ཁོ་ནས་དེ་མི་སྣང་བས་ཀྱང་འཐོབ་པའི་ཕྱིར་རོ། །དེ་ལྟ་བས་ན་སྒྲའི་ཤེས་པ་
ལོག་པར་སྣང་ཡང་དངོས་པོ་དང་འབྲེལ་པ་ཡོད་ན་དེ་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །འོན་ཏེ་ཡང་སྒྲའི་ཤེས་པ་དངོས་པོ་ཇི་ལྟ་བ་བཞིན་ཁོ་ན་ཡིན་པར་འདོད་ན། དེའི་ཚེ་ཕྱི་རོལ་གྱི་དངོས་པོ་ལ་ངོ་བོ་ཇི་ལྟ་བ་བཞིན་དངོས་པོ་ཇི་ལྟ་བ་བཞིན་སེམས་གཏད་ཅིང་ཤེས་པ་བསྐྱེད་པ་
སྟེ། སྒྲའི་སྟོབས་ཀྱིས་དངོས་པོ་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེས་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་འཇུག་པ་ཁས་ལེན་ན་ནི་སྒྲའི་ཤེས་པ་དེའི་གཟུང་བར་བྱ་བ་སྤྱི་ཡིན་པར་འདོད་པར་བྱ་དགོས་ཏེ། རང་གི་མཚན་ཉིད་ནི་སྒྲས་མི་བརྗོད་པའི་ཕྱིར་རོ། །གཟུང་བར་བྱ་བའི་སྤྱི་དེ་དོན་བྱེད་
པར་མི་རུང་བའི་ཕྱིར་རྣམ་པར་རྟོག་པའི་ཤེས་པའི་ཡུལ་གྱི་སྤྱི་དེ་ལ་འཇུག་པར་མི་འགྱུར་རོ། །གཞན་ལ་ཡང་ཞེས་བྱ་བའི་ནི་སྤྱི་ལས་གཞན་པ་སྒྲས་མ་བརྗོད་པ་གསལ་བ་ལ་ཡང་འཇུག་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། བ་ལང་གི་སྒྲས་རྟ་ལ་ཡང་འཇུག་པར་འགྱུར་རོ། །གལ་ཏེ་བ་ལང་ཉིད་ཀྱི་སྤྱི་
དང་རྟའི་གསལ་བར་ནི་འབྲེལ་པ་མེད་པའི་ཕྱིར་དེ་ལྟར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། འབྲེལ་པ་ཡོད་དུ་ཟིན་ཀྱང་སྒྲས་མ་བརྗོད་པ་ལ་འཇུག་པར་མི་རུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འཁར་བ་ཆོད་ཅིག་ཅེས་སྨྲས་ན། འཁར་བ་ཐོགས་པ་ལ་ཡང་འཇུག་པར་འགྱུར་རོ། །འཁར་བ་དང་འཁར་བ་ཐོགས་
เล่ม ๑๗๖ · หน้า 111a
པ་དག་འབྲེལ་པ་ངེས་པ་མ་ཡིན་ནོ་ཞེ་ན། རིགས་དང་དེ་དང་ལྡན་པ་དག་ལ་ཡང་མཚུངས་སོ་ཞེས་དེ་ནི་གོང་ཉིད་དུ་བཤད་ཟིན་ཏོ། །འོན་ཏེ་རིགས་འབའ་ཞིག་སྒྲས་བརྗོད་པ་ནི་མ་ཡིན་ཏེ། འོན་ཀྱང་དེ་དང་ལྡན་པ་ཡང་ཡིན་ནོ་ཞེ་ན། དེའི་ཚེ་དེ་དང་ལྡན་པ་འཛིན་པར་ཁས་
ལེན་ན་ནི་སྤྱི་དོན་མེད་པ་ལ་སོགས་པར་བཤད་ཟིན་ཏེ་གསལ་བ་རྣམས་ཁོ་ན་ལ་དངོས་སུ་སྒྲ་སྦྱོར་འདོད་ཅིང་། སྤྱིས་ཅི་ཞིག་བྱ་ཞེས་སྤྱི་དོན་མེད་པར་བཤད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་མཐའ་ཡས་པ་ལ་སོགས་པའི་ཉེས་པ་ཡོངས་སུ་བསྡུའོ། །སྒྲས་ནི་རིགས་ཁོ་ན་བརྗོད་ན། རིགས་
དེ་ནི་གསལ་བ་དང་ལྡན་པའི་ཕྱིར་རོ། །ཡན་གར་དུ་གཟུང་བ་མི་ནུས་པས་དེའི་ཕྱིར་གསལ་བའི་ངོ་བོ་གཅིག་ཏུ་གྱུར་པ་འཛིན་ཏོ་སྙམ་ན། དེ་ཁོ་ནའི་དོགས་པ་བསུ་བར་གལ་ཏེ་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲེས་པར་སྣང་བ་ཞེས་བྱ་བ་རང་དང་སྤྱིའི་མཚན་ཉིད་དག་འདྲེས་པ་སྣང་
བའི་བློས་དོན་བྱ་བ་བྱེད་པ་གསལ་བ་ལ་འཇུག་པར་བྱེད་དོ་ཞེ་ན། དེའི་ཚེ་རིགས་ཀྱང་མ་ཡིན་ལ་དེ་དང་ལྡན་པ་ཡང་མ་ཡིན་ཏེ། རང་གི་ངོ་བོར་གཟུང་བ་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །ཅིའི་ཕྱིར་ཞེ་ན་སྤྱིའམ། དེ་དང་ལྡན་པ་གཅིག་གི་ཡང་རང་གི་ངོ་བོར་གནས་པ་མ་འདྲེས་པའི་ངོ་བོ་གང་ཡིན་པ་
དེ་འདྲེས་པར་སྣང་བ་འཁྲུལ་པའི་བློས་མ་བཟུང་བའི་ཕྱིར་རོ། །དེ་བས་ན་འཁྲུལ་པའི་བློ་འཇུག་པར་ཁས་བླངས་པའི་ཕྱིར་གཞན་གྱི་སྨྲ་བ་ཁོ་ན་ལ་སྟེ། གཞན་སེལ་བར་སྨྲ་བའི་ལྟ་བ་ཁོ་ན་ལ་བརྟེན་པར་འགྱུར་རོ། །གཞན་གྱི་དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྗེས་སུ་འགྲོ་བ་
ཞེས་བྱ་བ་ནི་གསལ་བ་དུ་མ་དང་ལྡན་པའི་སྤྱིའོ། །གྲུབ་པའི་མཐའ་སྨྲ་བས་ཉེས་པ་མེད་དེ་ཞེས་བྱ་བ་སྨོས་ཏེ། ཐ་དད་ཀྱང་ཞེས་བྱ་བ་ནི་ཕན་ཚུན་ལོག་པ་ཉིད་ཡིན་ཡང་ངོ་། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཆུ་བཅུ་བ་ལ་སོགས་པ་བསྡུའོ། །དངོས་པོའི་ཆོས་ཉིད་ཀྱིས་ཤེས་པ་ལ་སོགས་
པ་དོན་བྱ་བ་འདྲ་བ་དེ་དང་དེ་བྱེད་པ་ནི། དོན་རྣམས་མཐོང་ནས་གཞན་མཐོང་བ་ཡང་སྟེ། སྔར་མཐོང་བ་ལས་གཞན་པ་མཚན་ཉིད་མི་འདྲ་བ་མཐོང་ཡང་ངོ་། །སྒྲ་གང་དག་ལ་ཡུལ་དེ་ལས་གཞན་དང་ཞེས་བྱ་བ་དེའི་འབྲས་བུ་ཅན་མ་ཡིན་པ་དག་དང་བྲལ་ཞིང་རྣམ་པར་གཅོད་པ་ཡོད་པའི་
เล่ม ๑๗๖ · หน้า 111b
སྒྲ་ནང་གི་བརྗོད་པའི་ངོ་བོ་རྣམས་ཀྱིས་དེ་ཉིད་འདི་ཡིན་ནོ་ཞེས་དོན་རྣམས་ལྷན་ཅིག་སྦྱར་ཏེ། སྐྱེས་བུ་དོན་བྱ་བ་འདྲ་བར་བྱེད་པ་ཉིད་ཀྱིས་བསླུས་པས་གཅིག་པ་ཉིད་དུ་སྒྲོ་བཏགས་ནས་ངོ་ཤེས་པར་བྱེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །ཡང་ཇི་ལྟར་ཐ་དད་པ་རྣམས་དོན་བྱ་བ་ཐ་མི་དད་པ་
དག་བྱེད་ཅེ་ན། དེའི་ཕྱིར་འདི་ནི་བཤད་ཟིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་དུ། གཅིག་རྟོགས་དོན་ཤེས་ལ་སོགས་པ། །དོན་གཅིག་བསྒྲུབ་ལ་ཁ་ཅིག་ནི། །ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ། །དེ་དག་ལ་ཞེས་བྱ་བ་ནི་དོན་ཐ་དད་པ་རྣམས་ལ་སྟེ། གཅིག་ཅེས་བྱ་བ་
འདྲ་བ་དེ་མཐོང་བའི་སྐྱེས་བུ་ལ་གཞན་དག་ལས་ཞེས་བྱ་བ་དེ་བྱེད་པ་མ་ཡིན་པ་ལྡོག་པའི་དངོས་པོ་རྣམས་ཀྱི་ཆོས་ཉིད་ཁོ་ནས་དངོས་པོའི་རང་གི་ངོ་བོ་ཁོ་ནས་དེ་ཉིད་འདི་ཡིན་ནོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཅན་ནོར་བུའི་ཤེས་པ་སྐྱེད་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན།
དེ་ལས་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་གང་ལ་ཡུལ་དོན་གཅིག་བྱ་བ་བྱེད་པའི་དོན་རྣམས་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ལྡོག་པ་གང་ཡིན་པ་དེ་ཡོད་པའི་སྒྲ་དེ་དང་འབྲེལ་ཅིང་འདྲེས་པ་སྟེ། བརྗོད་པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱད་པར་བསྲེས་པ་ཞེས་བྱ་བ་ནི་རང་གི་
སྔ་ཕྱིར་མཐོང་བའི་གསལ་བ་དག་གིས་ཁྱད་པར་བསྲེས་ཤིང་གཅིག་ཏུ་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །གལ་ཏེ་དངོས་པོའི་ཆོས་ཉིད་ཀྱིས་སྐྱེད་པར་བྱེད་ན་ཇི་སྟེ་རྟག་ཏུ་མི་སྐྱེད་ཅེ་ན། རང་ཉམས་སུ་མྱོང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དེ་དག་གི་རང་ཉམས་སུ་མྱོང་བ་སྔར་སྐྱེས་
པ་དེས་ངོ་ཤེས་པ་སྐྱེ་བར་བྱེད་པའི་བག་ཆགས་ནུས་པའི་མཚན་ཉིད་གཞག་པ་གང་ཡིན་པ་དེ་སད་པ་ནི་འབྲས་བུ་བསྐྱེད་པ་ལ་མངོན་སུམ་དུ་ཕྱོགས་པ་སྟེ། དེ་སད་པ་ཡང་དེ་དང་འདྲ་བའི་དངོས་པོ་ཉམས་སུ་མྱོང་བ་ལས་འགྱུར་ལ། དེ་ལྟ་བུའི་མཚན་ཉིད་ཀྱི་སད་པ་ཡང་དུས་ཐམས་ཅད་དུ་མ་
ཡིན་པས་དེའི་ཕྱིར་རྟག་ཏུ་ངོ་ཤེས་འབྱུང་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་འབྲས་བུ་གཅིག་བྱེད་པ་ཉིད་དུ་འདྲ་བས་ཐ་དད་པ་དག་ལ་ཡང་གཅིག་པ་ཉིད་དུ་སྒྲོ་བཏགས་ནས་ངོ་ཤེས་པའི་འཁྲུལ་པར་མི་འདོད་ཀྱི། འོན་ཀྱང་སྤྱི་གཅིག་དང་ལྡན་པའི་ཕྱིར་རོ་ཞེ་ན། དེའི་
เล่ม ๑๗๖ · หน้า 112a
ཚེ་བློ་ཁྱད་པར་བསྲེ་བ་ཅན་དུ་མི་འགྱུར་ཏེ། ཁྱད་པར་རྣམས་བསྲེ་བ་ནི་ངོ་བོ་གཅིག་ཏུ་བྱེད་པའོ། །བློ་དེ་དང་ལྡན་པར་འགྱུར་ཏེ། མང་པོ་དག་ལ་ངོ་བོ་གཅིག་པའི་བློར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟུང་གཅིག་དང་ལྡན་པའི་ལྟུང་ལ་བརྒྱུས་པ་རྣམས་ཀྱང་གཅིག་
ཉིད་དུ་འཛིན་པ་ནི་མེད་དོ། །དེ་ཉིད་བསྟན་པའི་ཕྱིར་དཔེར་ན་ལྟུང་བ་ལ་བརྒྱུས་པ་དག་ལྟ་བུའོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་གསལ་བར་བྱེད་དེ། དེ་ལ་ཞེས་བྱ་བ་ནི་ལྟུང་ལ་བརྒྱུས་པ་རྣམས་ལའོ། །གཞན་ལ་ཞེས་བྱ་བ་ནི་ལྟུང་ལ་བརྒྱུས་པ་གཅིག་ལས་གཞན་
པའི་ལྟུང་ལ་བརྒྱུས་པ་ལའོ། །དེ་འདི་ལ་ཡོད་དོ་སྙམ་མོ་ཞེས་བྱ་བ་ནི་ལྟུང་ལ་བརྒྱུས་པ་གཅིག་ལ་མཐོང་བའི་ལྟུང་གི་རྫས་གང་ཡིན་པ་དེ་ཅིག་ཤོས་འདི་ལ་ཡང་ཡོད་དོ་སྙམ་པ་དེ་ལྟ་བུར་སེམས་པར་འགྱུར་རོ། །དེ་བཞིན་དུ་གསལ་བ་གཅིག་ལ་མཐོང་བའི་སྤྱི་གང་ཡིན་པ་དེ་གསལ་བ་གཞན་
འདི་ལ་ཡང་ཡོད་དོ་སྙམ་པ་དེ་ལྟ་བུར་སེམས་པར་འགྱུར་གྱི། གསལ་བ་རྣམས་ངོ་བོ་ཉིད་གཅིག་གོ་སྙམ་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་མོད་ཅེ་ན། ངོ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་དེ། གཅིག་ཅིག་ཞེས་བྱ་བ་ནི་
སྤྱིའོ། །གསལ་བ་དུ་མ་ལ་མཐོང་བ་སྐྱེས་བུ་ལ་ཡང་ཁྱད་པར་བསྲེ་བ་དང་ལྡན་པར་ཏེ། ཁྱད་པར་རྣམས་བསྲེ་བ་ནི་རྣམ་པ་གཅིག་པ་ཉིད་དེ། ཤེས་པ་དེ་དང་ལྡན་པར་རིགས་པ་མ་ཡིན་ནོ། །གཞན་སེལ་བར་སྨྲ་བ་ལ་ནི་ཉེས་པ་མེད་པས། འཁྲུལ་པའི་དབང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། འཁྲུལ་པའི་མཐུས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཞེས་བྱ་བ་ནི་ངོ་བོ་གཅིག་པ་ཉིད་དུའོ། །གལ་ཏེ་ངོ་ཤེས་པའི་རྒྱུ་མཚན་ནི་སྤྱི་དངོས་པོར་གྱུར་པ་ཡིན་ན། དེ་མེད་པའི་ཕྱིར་འཁྲུལ་པར་མི་རིགས་སོ་ཞེ་ན། དངོས་པོ་དོན་མེད་དེ་གཅིག་བྱེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་
ལ་སོགས་པ་དོན་དེ་གཅིག་བྱེད་པ་ནི་བྱེད་པའི་ངང་ཚུལ་ཅན་ནོ། །དེ་དག་ཉིད་ཅེས་བྱ་བ་ནི་ལོག་པའི་དངོས་པོ་རྣམས་སོ། །ཉམས་སུ་མྱོང་བ་ཉིད་སྒོ་སྟེ་རྒྱུ་ཡིན་ནོ། །དེས་ན་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་འཁྲུལ་པའི་འབྲས་བུ་ཅན་གྱིས་རྣམ་པར་འཁྲུལ་པའི་འབྲས་བུ་ཅན་གྱི་རྒྱུ་ཡིན་པའི་ཕྱིར་འཁྲུལ་
เล่ม ๑๗๖ · หน้า 112b
པའི་རྒྱུ་མཚན་ཡིན་ནོ། །དེ་ལྟ་བས་ན་འདིས་ནི་ངོ་ཤེས་པར་འཁྲུལ་པའི་རྒྱུ་ནི་བརྒྱུད་པའི་སྒོ་ནས་ཁྱད་པར་དེ་དག་ཁོ་ན་ཡིན་གྱི་སྤྱི་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འོ་ན་ནི་སྨིག་རྒྱུ་ལ་སོགས་པ་ལ་ཆུར་འཁྲུལ་པ་འབྱུང་བར་མི་འགྱུར་ཏེ། རྒྱུ་མཚན་མེད་པའི་ཕྱིར་རོ། །རེ་ཞིག་ཆུའི་རང་གི་མཚན་
ཉིད་ནི་མ་ཡིན་ཏེ། དེ་ནི་མེད་པའི་ཕྱིར་རོ། །ཆུའི་ངོ་བོ་མ་ཡིན་པ་རླངས་པ་ལ་སོགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྨིག་རྒྱུ་ལ་སོགས་པ་ཆུར་འཁྲུལ་པ་ནི་མཐོང་སྟེ། དེ་ལྟ་བས་ན་སྨིག་རྒྱུ་ལ་སོགས་པ་ཆུའི་ངོ་བོ་མ་ཡིན་པ་དག་ལས་ཡང་གང་ཞིག་མཐོང་བའི་
སྒོ་ནས་ཆུར་འཁྲུལ་པར་འགྱུར་གྱི། རང་གི་མཚན་ཉིད་ཀྱི་སྒོ་ནས་མ་ཡིན་པ། ཆུ་དང་ངོ་བོ་མཚུངས་པ་ཅུང་ཟད་ཅིག་ནི་ཡོད་དོ་ཞེ་ན། དེའི་ཕྱིར་སྨིག་རྒྱུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲ་དང་པོས་ནི་ཐག་པ་ལ་སོགས་པ་བསྡུའོ། །གཉིས་པས་ནི་སྦྲུལ་
ལ་སོགས་པར་འཁྲུལ་པ་བསྡུ་སྟེ། འཁྲུལ་པའི་རྒྱུ་ཡང་ཐ་དད་ཀྱང་རྣམ་པ་ཐ་མི་དད་པར་འདི་ནི་ཆུ་ཡིན་ནོ་ཞེས་དེ་ལྟར་བསྙེམས་པའི་ཤེས་པའི་རྒྱུ་མཚན་དུ་གྱུར་པ་ཉམས་སུ་མྱོང་བ་གང་ཡིན་པ་དེ་སྐྱེད་པར་བྱེད་པའི་ངོ་བོ་དེ་དག་ཉིད་ཅེས་བྱ་བ་ཆུ་དང་སྨིག་རྒྱུའི་དངོས་པོའི་ངོ་བོ་དག་ཡིན་ནོ། །འདི་
སྐད་དུ་བཤད་པ་ཡིན་ཏེ། ཉམས་སུ་མྱོང་བའི་ཤེས་པས་ནི་རེ་ཞིག་ཆུའི་རྣམ་པར་བསྙེམས་པའི་བག་ཆགས་འཇོག་པར་བྱེད་པ་ལ། བག་ཆགས་དེ་ནི་ཡང་ཆུ་ཡི་རང་གི་མཚན་ཉིད་ཇི་ལྟར་ཉམས་སུ་མྱོང་བས་ཀྱང་སད་པར་བྱེད་ལ། དེ་བཞིན་དུ་སྨིག་རྒྱུ་ཞེས་བྱ་བའི་དངོས་པོ་ཉམས་སུ་མྱོང་
བས་ཀྱང་སད་པར་བྱེད་དེ། དེ་ནི་རང་བཞིན་གྱིས་དེ་ལྟ་བུའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཇི་ལྟར་ཆུ་ཉམས་སུ་མྱོང་བ་ལས་ཆུའི་རྣམ་པར་བསྙེམས་པ་འབྱུང་བ་ལྟར། སྨིག་རྒྱུ་ཞེས་བྱ་བའི་དངོས་པོ་ཉམས་སུ་མྱོང་བ་ལས་ཀྱང་དེ་དང་འདྲའོ། །དེའི་ཕྱིར་ཆུ་དང་སྨིག་རྒྱུ་ཞེས་བྱ་བ་དེ་དག་
ནི་དངོས་པོ་ཉམས་སུ་མྱོང་བའི་སྒོ་ནས་ཆུར་འཁྲུལ་པའི་རྒྱུ་མཚན་ཡིན་ནོ། །ཧ་ཅང་ཐལ་བར་ཡང་མི་འགྱུར་ཏེ། ཆུའི་ངོ་བོ་མ་ཡིན་པར་མཚུངས་པ་ལས་དངོས་པོའི་མཐུས་སྨིག་རྒྱུ་དག་ཁོ་ན་ཆུར་བསྙེམས་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྟ་བས་ན་ཐམས་ཅད་དུ་ཆུ་ལ་སོགས་པར་བསྙེམས་
เล่ม ๑๗๖ · หน้า 113a
པའི་རྒྱུ་མཚན་ཉིད་བརྒྱུད་པས་རང་གི་མཚན་ཉིད་ཁོ་ན་ཡིན་གྱི་སྤྱི་དངོས་པོར་གྱུར་པ་ནི་མ་ཡིན་ནོ། །དེ་ཉིད་དེ་ལ་གང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལ་ཞེས་བྱ་བ་ནི་སྨིག་རྒྱུ་དག་ལའོ། །དེ་ལྟར་ཞེས་བྱ་བ་ནི་ཆུའི་ངོ་བོར་རོ། །གཞན་ཞེས་བྱ་བ་ནི་ཆུ་དང་སྨིག་རྒྱུ་དག་གི་
མཚུངས་པ་རང་གི་མཚན་ཉིད་ལས་ཐ་དད་པའོ། །འོན་ཏེ་སྤྱི་ཡོད་ཁས་ལེན་ན་ནི་སྤྱི་དངོས་པོར་གྱུར་པ་འཛིན་པ་ཉིད་ཀྱིས་དོན་ཡོད་པའི་འཛིན་པའི་བློས་འཁྲུལ་པར་མི་འགྱུར་རོ། །གལ་ཏེ་ཡང་དག་པ་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་སྨིག་རྒྱུ་དག་ལ་སྤྱི་འཛིན་པའི་ཕྱིར་བློ་
འཁྲུལ་པར་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་ཆུའི་རྣམ་པར་སྒྲོ་འདོགས་པའི་ཕྱིར་ཡིན་ནོ་ཞེས་སྨྲས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་འོ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ཞེས་བྱ་བ་ནི་སྨིག་རྒྱུ་ལ་ཆུའི་བློ་བྱུང་བས་ཏེ། ཆུ་དང་སྨིག་རྒྱུ་དེ་དག་གི་སྤྱི་གང་ཡིན་པ་དེ་འཛིན་པ་མ་
ཡིན་ཞེས་བྱ་བར་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེ་ན། དེས་རྣམ་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུའི་རྣམ་པ་གང་ཁོ་ན་ཞེས་བྱ་བར་བསམས་པ་ཡིན་ནོ། །བློ་འདིས་ཡུལ་ནི་དེ་ཁོ་ན་ཡིན་གྱི་སྤྱི་དངོས་པོར་གྱུར་པ་མ་ཡིན་ཏེ། སྒྲོ་གདགས་པར་བྱ་བ་ལ་མ་གཏོགས་པ་དེ་མི་འཛིན་པའི་
ཕྱིར་དང་། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་དག་གཅིག་ཏུ་འཛིན་པ་འགལ་བའི་ཡང་སྤངས་ཕྱིར་རོ། །སྒྲོ་གདགས་པར་བྱ་བ་ཡང་ཅིའི་ཕྱིར་ཡུལ་ཉིད་ཡིན་ཞེ་ན། ཡུལ་ཉིད་དུ་མ་བྱས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་གཞན་བཞིན་པ་ནི་རྣམ་པ་གཞན་མེ་ལ་སོགས་པ་
ནི་དེ་ལ་སྒྲོ་འདོགས་པ་མ་ཡིན་ཏེ། དེ་ནི་དེའི་ཚེ་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་ཆུའི་རྣམ་པ་སྒྲོ་གདགས་པར་བྱ་བ་དེ་ཡང་སྨིག་རྒྱུ་དེ་ལ་མེད་པས་སྤྱི་མ་ཡིན་ནོ། །གལ་ཏེ་ཇི་ལྟར་ཆུ་ལ་ཆུའི་ངོ་བོ་ཡོད་པ་དེ་བཞིན་དུ་སྨིག་རྒྱུ་དག་ལ་ཡང་ཡོད་ན་ནི་དེའི་ཚེ་སྤྱི་ཡིན་པར་འགྱུར་གྱི།
རྟའི་གསལ་བ་དག་ལ་མེད་པའི་བ་ལང་ཉིད་ནི་དེ་དག་གི་སྤྱི་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཆུ་དང་སྨིག་རྒྱུ་དག་གི་སྤྱི་ནི་ཆུའི་རྣམ་པ་སྒྲོ་གདགས་པར་བྱ་བ་མ་ཡིན་གྱི། འོན་ཀྱང་དེ་ལས་གཞན་པ་ཆུ་དང་སྨིག་རྒྱུ་དག་གི་འདྲ་བའི་མཚན་ཉིད་ཁོ་ན་སྤྱི་ཡིན་ལ། སྤྱི་དེ་འཛིན་པ་
เล่ม ๑๗๖ · หน้า 113b
ཡོད་ན་དེར་ཞེས་བྱ་བ་ཆུར་སྒྲོ་འདོགས་ཀྱི་གཞན་དུ་ནི་མ་ཡིན་ཏེ། གལ་ཏེ་སྨིག་རྒྱུ་ལ་ཆུ་དང་འདྲ་བ་དངོས་པོར་གྱུར་པ་ཞིག་འཛིན་པར་མི་འགྱུར་ན། དེ་ལ་ཆུར་སྒྲོ་འདོགས་པ་ལྟ་ག་ལ་ཡོད། དེ་འཛིན་པ་མེད་པར་ཆུར་སྒྲོ་འདོགས་པར་ཁས་ལེན་ན་ནི། ཧ་ཅང་ཐལ་བར་འགྱུར་ཏེ་མེ་ལ་
སོགས་པའི་ངོ་བོ་འཛིན་པ་ལ་ཡང་ཆུར་སྒྲོ་འདོགས་པར་འགྱུར་རོ་ཞེ་ན། ཆུ་དང་སྨིག་རྒྱུ་ཞེས་བརྗོད་པའི་རང་གི་མཚན་ཉིད་གང་དག་ལ་འབྲས་བུ་ཆུར་བསྙེམས་པ་དེ་དག་གཅིག་བྱེད་པའི་ངང་ཚུལ་ཡོད་པ་དེ་དག་འཛིན་པ་ཡོད་ན་ཅི་སྟེ་ཆུར་སྒྲོ་གདགས་པར་མི་འདོད། ཇི་སྐད་དུ་ཆུའི་སྤྱི་དང་
བྲལ་བར་འདྲ་བ་ལས་སྨིག་རྒྱུ་དག་ཁོ་ན་ལ་ཆུར་སྒྲོ་འདོགས་ཀྱི། གཞན་ལ་ནི་མ་ཡིན་ཏེ། རང་བཞིན་གྱིས་དེ་དག་ཁོ་ན་དེ་བསྐྱེད་པའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་སྤྱི་མེད་ན་ཐ་དད་པ་རྣམས་ཀྱི་འབྲས་བུ་གཅིག་བྱེད་པའི་ནུས་པ་ཉིད་ཀྱང་མེད་དོ་ཞེ་ན། སྤྱི་འདོད་
པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི། གཅིག་རྟོགས་དོན་ཤེས་ལ་སོགས་པ། །དོན་གཅིག་བསྒྲུབ་ལ་ཁ་ཅིག་ནི། །ཞེས་བྱ་བའི་བར་སྐབས་སུ་བསྟན་ཟིན་ཏོ། །དེའི་ཕྱིར་ནི་ཞེས་བྱ་བ་ནི་འབྲས་བུ་གཅིག་བྱེད་པར་ནུས་པའི་ཕྱིར་རོ། །གཞན་དག་ལ་ཞེས་བྱ་བ་དེའི་
འབྲས་བུ་ཅན་མ་ཡིན་པ་དག་ལས་ཐ་དད་པ་སྟེ། དེ་དག་ཁོ་ནས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ནུས་པ་དང་ལྡན་པའི་གསལ་བ་དག་ཁོ་ནས་ཡིན་གྱི། སྤྱིས་ནི་མ་ཡིན་ནོ། །དེ་ལྟ་བུ་ཞེས་བྱ་བ་ནི་རྣམ་པ་གཅིག་པ་ཅན་ཡིན་ནོ། །དངོས་པོ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་དངོས་པོ་ལ་མ་འདས་པ་སྟེ། རྣམ་པར་
རྟོག་པ་ཅན་གྱི་ཤེས་པས་རང་གི་མཚན་ཉིད་སྤྱི་དང་བྲལ་བ་ཇི་ལྟར་གནས་པ་དེ་ལས་མི་འདའ་བར་ཅི་སྟེ་མི་རྟོགས། ཅིའི་ཕྱིར་དེ་ལས་སྤྱི་ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་དངོས་པོ་ཇི་ལྟ་བ་བཞིན་ཞེས་བྱ་བ་འདི་ཉིད་ཀྱི་དོན་ནི་ཁྱད་པར་མ་འདྲེས་པ་ཅན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དངོས་
པོ་གང་ལ་ཁྱད་པར་ཕན་ཚུན་ཐ་དད་པ་མ་འདྲེས་ཤིང་ངོ་བོ་གཅིག་པ་ཉིད་དུ་མ་གྱུར་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་རྟོག་པ་རྣམས་ལ་མཚན་ཉིད་ཇི་ལྟར་གནས་པ་བཞིན་འཛིན་པའི་ནུས་པ་འདི་མེད་དོ། །ཅིའི་ཕྱིར་ཞེ་ན་མ་རིག་པའི་མཐུས་ཏེ་ཡང་དག་པའི་དོན་འཛིན་པ་ནི་མ་རིག་པའོ། །
เล่ม ๑๗๖ · หน้า 114a
རྣམ་པར་རྟོག་པ་ནི་དེ་དང་འགལ་བའི་ཕྱིར་མི་རིག་པ་ཁོ་ན་ཡིན་ནོ། །མཐུ་ཞེས་བྱ་བའི་སྒྲས་ནི་མཐུ་སྟོབས་ཁོ་ན་བརྗོད་དོ། །རྣམ་པར་རྟོག་པའི་མཐུས་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པའི་རང་གི་ངོ་བོ་ནི་དངོས་པོ་ཇི་ལྟ་བ་བཞིན་མི་འཛིན་པ་ཡིན་ཏེ། དེ་ནི་རང་བཞིན་
གྱིས་འཁྲུལ་པའི་ཕྱིར་རོ། །གལ་ཏེ་ཕྱི་དངོས་པོར་གྱུར་པ་མེད་ན། རྣམ་པར་རྟོག་པའི་འཁྲུལ་པ་དེ་ཉིད་རིགས་པ་མ་ཡིན་ནོ་ཞེ་ན། ཕྱི་རོལ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པའི་རང་གི་ངོ་བོ་ཁོ་ན་འདིར་ནང་གི་བསླད་པ་ཡིན་པར་བཤད་དེ། རྣམ་པར་རྟོག་པ་ཁོ་ནའི་རང་གི་ངོ་
བོ་ནི་གང་གིས་ན་འདི་ཕྱི་རོལ་གྱི་ཆོས་འདྲ་བ་ལ་མི་ལྟོས་པར་འཁྲུལ་པར་གྱུར་པ་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྲ་ལ་སོགས་པར་འཁྲུལ་པ་ནི་སྐྲ་ལ་སོགས་པའི་རྣམ་པར་འཁྲུལ་པ་སྟེ། དོན་ནི་འདིར་ཇི་ལྟར་དེ་ཕྱི་རོལ་གྱི་དོན་ལ་མི་ལྟོས་པར་ཡང་དག་པ་མ་ཡིན་པའི་རྣམ་པས་ཉེ་བར་ཟིན་པའི་
མཚན་ཉིད་ཀྱི་ནང་གི་བསླད་པ་ལ་བརྟེན་ནས་འཁྲུལ་པར་འགྱུར་བ་དེ་བཞིན་དུ། རྣམ་པར་རྟོག་པ་ཡང་ཡང་དག་པ་མ་ཡིན་པའི་སྤྱིའི་རྣམ་པར་འཛིན་པའི་ཕྱིར་འཁྲུལ་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་པར་བསམས་པའོ། །རེ་ཞིག་འདིར་ནང་གི་བསླད་པ་ནི་འཁྲུལ་པའི་ས་བོན་ཡིན་ལ།
དེ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་དེ་ལྟ་བུའི་དོན་དུ་བསམ་པ་ནི་མ་ཡིན་ཏེ་འདི་ནི་འོག་ནས་གསལ་བར་བྱེད་དོ། །ཀླན་ཀ་བས་ནི་མ་རིག་པའི་མཐུས་ཞེས་བྱ་བ་འདིར་མ་རིག་པ་ཞེས་བྱ་བའི་སྒྲས་སྒྲིབ་པ་མ་སྤངས་པའི་རྒྱུད་ལ་གཉིས་སུ་སྣང་བའི་ས་བོན་ཡོད་པ་ཁོ་ན་ཡིན་པར་བཤད་ལ། དེའི་
མཐུས་ཞེས་བྱ་བ་ནི་དེ་ལས་སྐྱེ་བའོ། །དེ་བཞིན་དུ་ནང་གི་བསླད་པ་ཞེས་བྱ་བ་ཡང་ས་བོན་དེ་ཁོ་ན་ཡིན་པས། མ་རིག་པ་ལས་བྱུང་བ་དེ་ལྟ་བུ་ནི་རྣམ་པར་ཤེས་པ་ཐམས་ཅད་ལ་ཡོད་དོ་སྙམ་དུ་བསམས་ནས། མིག་ལ་སོགས་པ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་ཡིན་ཏེ་ཞེས་
བྱ་བ་ལ་སོགས་པས་ནི་རང་གི་བསམ་པ་སྟོན་ཏེ། དེའི་ཞེས་བྱ་བ་ནི་མ་རིག་པའི་མཚན་ཉིད་ནི་སྤྱིའི་རྣམ་པ་ཅན་གྱི་ཤེས་པའི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། །དེ་ཉིད་རྣམ་པར་རྟོག་པ་ཉིད་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ནི་ཞེས་བྱ་བ་ནི་མ་རིག་པའོ། །ངོ་བོ་ཉིད་ཁོ་ནས་ཞེས་བྱ་བ་
เล่ม ๑๗๖ · หน้า 114b
ནི་རང་བཞིན་གྱིས་སོ། །དབང་པོའི་ཤེས་པས་ཞེས་བྱ་བ་ལ་སོགས་པས་ནི་ཧ་ཅང་ཐལ་བ་སྤོང་བར་བྱེད་དེ། དེ་དག་ནི་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཉིད་ཀྱིས་རྣམ་པར་རྟོག་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ནི་རྣམ་པར་རྟོག་པ་བཞིན་དུ་ངོ་བོ་ཉིད་ཀྱིས་འཁྲུལ་པ་མ་ཡིན་གྱི། དབང་
པོ་ལ་སོགས་པ་གྱུར་པས་ནི་ཁ་ཅིག་འཁྲུལ་པ་ཉིད་དུ་ཡང་གྱུར་ཏོ། །ཕྱི་རོལ་གྱི་དོན་གྱིས་ཚུལ་དུ་བཤད་ནས། ད་ནི་ཤེས་བྱ་ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། ཀླན་ཀ་ཚོལ་བས་མ་རིག་པའི་སྒྲའི་དོན་ཇི་ལྟ་བུ་བཏགས་པ་ལྟར་ཡིན་དུ་ཆུག་ན་ཡང་། འོན་
ཀྱང་འདོད་པའི་ཕྱིར་ཧ་ཅང་ཐལ་བའི་ཉེས་པ་མེད་པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་དག་ལ་ཡང་འཁྲུལ་པ་ཉིད་འདི་ཉེས་པ་མེད་དེ་དེ་དག་ཀྱང་བསླད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་གཉིས་མེད་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་
རང་རིག་པ་ཉིད་གཉིས་མེད་པ་ཡིན་ཏེ། འདི་ལ་གཉིས་མེད་པའི་ཕྱིར་རོ། །འདི་ལྟར་རྣམ་པར་ཤེས་པ་དང་དུས་སྙམ་དུ་རྣམ་པར་ཆད་པར་སྣང་བ་གཟུང་བ་ཉིད་དུ་འདོད་པ་སྔོན་པོ་ལ་སོགས་པ་ནི་གཅིག་དང་དུ་མར་དཔྱད་ནི་མི་བཟོད་པ་ཉིད་ཀྱིས་དོན་དམ་པར་མེད་ལ། དེ་ལ་ལྟོས་ནས་རྣམ་པར་ཤེས་པ་
འཛིན་པ་ཉིད་དུ་བྱེད་པ་པོའི་ངོ་བོ་གང་ཡིན་པ་དེ་ཡང་མེད་ཀྱི། རང་རིག་པ་ཉིད་ནི་མེད་པ་མ་ཡིན་ཏེ། དེ་ནི་མངོན་སུམ་ཡིན་པའི་ཕྱིར་རོ། །ཇི་སྟེ་གལ་ཏེ་རང་རིག་པ་ཉིད་གཉིས་མེད་པ་ཡིན་ན། རང་རིག་པ་དེ་ནི་མངོན་སུམ་ཡིན་པས་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་
མངོན་སུམ་པ་ཉིད་ཡིན་ཡང་འཁྲུལ་པའི་རྒྱུ་མཚན་སྲིད་པས་མི་ངེས་པའི་ཕྱིར་རོ། །དེ་བས་ན་དེ་ལྟར་ཇི་ལྟར་བཤད་པའི་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་གཉིས་མེད་པ་ཡིན་ནོ། །གཉིས་མེད་པ་དེ་དག་གཉིས་སུ་སྣང་བའི་ཕྱིར་ཏེ། གཟུང་བ་དང་
འཛིན་པའི་ངོ་བོར་སྣང་བའི་ཕྱིར་དེ་དག་ཀྱང་འཁྲུལ་པ་ཡིན་ནོ་ཞེས་ལེའུ་གསུམ་པ་ལས་བཤད་པར་བྱའོ། །གལ་ཏེ་ཚད་མ་དང་ཚད་མ་མ་ཡིན་པ་ཇི་ལྟར་རྣམ་པར་དབྱེ་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བསླད་པ་ནི་འཁྲུལ་པའོ། །དེར་སྣང་བ་ནི་ཚད་མ་ལྟར་སྣང་བའོ། །ཚད་མ་
เล่ม ๑๗๖ · หน้า 115a
དང་དེར་སྣང་བ་དེ་དག་གི་རྣམ་པར་གཞག་པ་ནི་རྣམ་པར་དབྱེ་བའོ། །གནས་པ་ནི་ཀུན་གཞི་རྣམ་པར་ཤེས་པའི་འཁྲུལ་པའི་ས་བོན་ཅན་ནོ། །གནས་གྱུར་པ་ནི་སྒྲིབ་པ་དང་བྲལ་བའོ། །བར་དུ་ཞེས་བྱ་བ་ནི་མཚམས་ཏེ་གནས་གྱུར་པའི་སྔོན་རོལ་དུ་རྟག་ཏུ་དོན་བྱེད་པར་རུང་བ་དང་
འདོད་པ་ཐོབ་པར་བྱེད་པའི་ཕྱིར་ཚད་མ་རྣམ་པར་གཞག་གོ་ཞེས་བྱ་བར་སྦྱར་རོ། །དོན་བྱེད་པ་ནི་སྲེག་པ་དང་འཚེད་པ་ལ་སོགས་པར་སྣང་བའི་རྣམ་པར་རིག་པའི་མཚན་ཉིད་དོ། །དེར་རུང་བ་དང་དེར་འདོད་པ་སྟེ། སྐྱེས་བུའི་འདོད་པ་ཡིན་པའི་ཕྱིར་རོ། །དེ་ཐོབ་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བར་
ཚིག་རྣམ་པར་སྦྱར་ཏེ། འདོད་པ་ཁོ་ན་ཐོབ་པར་བྱེད་པའི་ཕྱིར་ཞེས་ངེས་པར་གཟུང་གི་ཐོབ་པར་བྱེད་པ་ཁོ་ནའི་ཕྱིར་ཞེས་བྱ་བར་ནི་མ་ཡིན་ཏེ། ཚད་མ་ལས་ཀྱང་རེས་འགའ་རྐྱེན་མ་ཚང་བས་ཐོབ་པར་བྱེད་པ་མི་སྲིད་པའི་ཕྱིར་རོ། །དོན་བྱེད་པར་རུང་བ་དང་འདོད་པ་ཐོབ་པར་བྱེད་པའི་ཕྱིར་རོ་ཞེས་
བྱ་བ་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ་འདོད་པའི་དོན་ཐོབ་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བར་ཡང་བལྟ་བར་བྱའོ། །དེ་ལྟར་ན་ཚད་མར་སྣང་བར་གཞག་པའི་རྒྱུ་བཤད་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་ཚད་མ་དང་དེར་སྣང་བར་རྣམ་པར་གཞག་པའི་སྐབས་ཡིན་པའི་ཕྱིར་གཅིག་བསྟན་པ་
རིགས་པ་མ་ཡིན་པའི་ངོ་བོར་འགྱུར་རོ། །རྣམ་པར་ཤེས་པ་ཙམ་དུ་ཟད་པའི་ལྟ་བ་ལ་ཕྱི་རོལ་གྱི་མེད་པའི་ཕྱིར་ཇི་ལྟར་དོན་བྱེད་པར་རུང་བ་དང་འདོད་པ་ཐོབ་པར་བྱེད་པ་ཡིན་ཞེ་ན། དེ་ནི་ཉེས་པ་མེད་དེ། མེ་དང་ཆུ་ལ་སོགས་པར་སྣང་བ་སྲེག་པ་དང་། འཚོད་པ་ལ་སོགས་པའི་རྣམ་པར་ཤེས་པ་
བསྐྱེད་པར་ནུས་པ་ཉིད་རུང་བའི་སྒྲར་བརྗོད་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་། དུ་བ་ལ་སོགས་པའི་རྟགས་ལས་སྐྱེས་པ་མེ་ལ་སོགས་པར་སྣང་བ་ཚད་མར་རྣམ་པར་གཞག་པ་བཤད་པ་ཡིན་ནོ། །བྱས་པ་ལ་སོགས་པའི་རྟགས་ལས་སྐྱེས་པ་བདག་མེད་
པ་ལ་སོགས་པའི་ཤེས་པ་ཚད་མར་རྣམ་པར་གཞག་པའི་ཕྱིར། ལོག་པ་ཉིད་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་མེད་པ་ལ་སོགས་པའི་ཤེས་པ་ནི་སྤྱིའི་རྣམ་པར་ཞུགས་པའི་ཕྱིར་ནོར་པ་ཡིན་མོད་ཀྱི། འོན་ཀྱང་རབ་ཏུ་ཞི་བ་དང་མཐུན་པའི་ཕྱིར་ཚད་མ་ཡིན་ནོ། །རབ་ཏུ་ཞི་
เล่ม ๑๗๖ · หน้า 115b
བ་ནི་འདོད་ཆགས་ལ་སོགས་པ་སྤངས་པ་སྟེ། དངོས་པོ་བདག་མེད་པ་ལ་སོགས་པ་སྤྱིའི་རྣམ་པར་གཟུང་ནས་སྒོམ་པར་བྱེད་པའི་སྒོམ་པ་གྲུབ་ན། འདོད་ཆགས་ལ་སོགས་པའི་རང་གི་མཚན་ཉིད་མངོན་སུམ་དུ་མི་བྱེད་པས་འདོད་ཆགས་ལ་སོགས་པ་སྤོང་བའི་ཕྱིར་རོ། །ཡང་གང་ཞིག་ནོར་
པ་ཉིད་ཡིན་ཡང་རབ་ཏུ་ཞི་བ་དང་། མཐུན་པར་མཐོང་ཞེ་ན། དེའི་ཕྱིར་མ་ལ་སོགས་པར་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་མ་ཡིན་པ་ལས་མར་འདུ་ཤེས་པ་ནོར་བ་ཡིན་ཡང་། འདོད་ཆགས་མི་སྐྱེ་བའི་རྒྱུ་ཡིན་པ་ལྟ་བུའོ། །ཆོས་མཐུན་པ་འདི་ཙམ་གྱིས་འདི་དཔེར་བསྟན་
གྱི། མ་ལ་སོགས་པར་འདུ་ཤེས་པ་ཚད་མ་ནི་མ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྲིང་མོ་ལ་སོགས་པར་འདུ་ཤེས་པ་ཡོངས་སུ་བསྡུའོ། །ཕྱི་རོལ་གྱི་དོན་དུ་ལྟ་བ་ལ་ཡང་སྤྱི་དངོས་པོར་གྱུར་པ་མེད་པའི་ཕྱིར་གལ་ཏེ་རྣམ་པར་རྟོག་པ་ཐམས་ཅད་འཁྲུལ་པ་ཡིན་ན། དེ་ལ་ཇི་ལྟར་སྨིག་
རྒྱུ་ལ་སོགས་པའི་རང་གི་མཚན་ཉིད་ཆུའི་སྤྱི་དང་བྲལ་བ་ལས་ཆུའི་རྣམ་པར་རྟོག་པ་སྐྱེས་པ་འཁྲུལ་པ་ཡིན་པ་ལྟར། ཆུ་ཡང་དག་པ་ཆུ་ཉིད་ཀྱིས་སྟོང་པ་ལས་ཆུའི་རྣམ་པར་རྟོག་པ་སྐྱེས་པ་ཡང་དེ་དང་འདྲ་སྟེ། དེ་ཡང་དེ་མེད་པ་ལ་དེར་འཛིན་པར་ཞུགས་པའི་ཕྱིར་འཁྲུལ་པ་ཉིད་ཡིན་ནོ། །
དེ་ལྟ་བས་ན་གཅིག་ནི་དོན་ཐོབ་པར་བྱེད་པ་ཡིན་ལ། ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེས་ན། སྨིག་རྒྱུ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཞེས་བྱ་བ་ནི་ཆུ་ཡང་དག་པ་ལ་ཆུར་ཤེས་པ་སྟེ། ཆུ་ཉིད་ཀྱི་སྤྱི་མེད་པའི་ཕྱིར་རོ། །སྨིག་རྒྱུ་དག་དང་ཆུ་ནི་དངོས་པོ་ཐ་དད་
པའོ། །དེ་ལས་སྐྱེ་བ་སྟེ། དེར་ཁྱད་པར་མེད་པར་ཞེས་བྱ་བར་སྦྱར་རོ། །འཁྲུལ་པར་ཁྱད་པར་མེད་ཀྱང་ཞེས་བྱ་བ་ནི་ཇི་ལྟར་སྨིག་རྒྱུ་ཆུ་ཉིད་དང་བྲལ་བ་ལ་ཆུའི་སྤྱིར་སྒྲོ་འདོགས་པའི་ཕྱིར་ཆུར་རྣམ་པར་རྟོག་པ་འཁྲུལ་པ་ལྟར། ཆུ་ཡང་དག་པ་ལ་ཡང་དེ་དང་འདྲ་སྟེ། དེ་མེད་པ་ལ་དེར་
འཛིན་པའི་ངོ་བོ་ཡིན་པའི་ཕྱིར། མངོན་པར་འདོད་པའི་དོན་བྱ་བ་ནི་ལྟུང་བ་ལ་སོགས་པ་སྟེ། དེར་རུང་བ་ནི་ཆུའི་རང་གི་མཚན་ཉིད་དོ། །མི་རུང་བ་ནི་སྨིག་རྒྱུ་དག་སྟེ། དེ་ལས་སྐྱེ་བའི་ཕྱིར་ཆུ་ཡང་དག་པ་དང་སྨིག་རྒྱུ་དག་ལ་ཆུ་རྣམ་པར་རྟོག་པ་ནི་གོ་རིམས་བཞིན་དུ་ཐོབ་པར་བྱེད་པ་དང་ཅིག་
เล่ม ๑๗๖ · หน้า 116a
ཤོས་དག་ཡིན་ཏེ། ཅིག་ཤོས་ཞེས་བྱ་བ་ནི་ཐོབ་པར་མི་བྱེད་པའོ། །མི་རུང་བའི་སྨིག་རྒྱུའི་རང་གི་མཚན་ཉིད་ལས་ཏེ། ཆུའི་ངོ་བོ་ཉིད་མ་ཡིན་པ་ནི་ཆུའི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རྣམ་པར་རྟོག་པ་རྣམས་ཞེས་བྱ་
བ་ལ་སོགས་པས་ནི་ལན་འདེབས་ཏེ། དོན་དང་འབྲེལ་པ་ནི་དོན་གྱི་རྣམ་པའི་རྗེས་སུ་བྱེད་པར་སྐྱེ་བའོ། །དེ་ཉིད་རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དངོས་པོ་ལས་མི་འདའ་བར་རོ། །གལ་ཏེ་འོ་ན་ཇི་ལྟར་སྨིག་རྒྱུའི་ཤེས་པ་དངོས་པོ་ཐ་དད་པ་
ལས་སྐྱེ་བར་བཤད་ཅེ་ན། སྨིག་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་སྨིག་རྒྱུ་དག་ལ་མིག་གི་རྣམ་པར་ཤེས་པ་མ་འཁྲུལ་པ་སྐྱེ་བའོ། །དེ་ཡོད་ན་ཆུར་འཁྲུལ་པ་ཡང་དག་པ་མ་ཡིན་པའི་རྣམ་པར་སྒྲོ་འདོགས་པར་འགྱུར་བས་བརྒྱུད་པས་དེ་ལས་སྐྱེ་བ་སྟེ། སྨིག་རྒྱུ་ལས་སྐྱེ་བ་ཞེས་བྱ་
བའོ། །བུམ་པ་ལ་སོགས་པ་ཆུར་འཁྲུལ་པ་སྐྱེད་མི་ནུས་པ་ལ་ནི་ཆུ་མ་ཡིན་པ་ཞེས་བྱ་བའོ། །དེ་དང་བྲལ་བ་ལ་ནི་ཆུར་འཁྲུལ་པ་སྐྱེད་ནུས་པའི་དོན་ཅེས་བྱ་བའི་ཐ་ཚིག་གོ། །རང་གི་ངོ་བོ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་དངོས་པོའི་ངོ་བོ་ལས་མི་འདའ་བ་སྟེ། སྨིག་རྒྱུ་ཞེས་བྱ་བའི་དོན་དེ་ལྟ་བུས་རང་
གི་ངོ་བོ་ཇི་ལྟ་བ་བཞིན་བསྐྱེད་པའི་ཕྱིར་དེ་ལས་སྐྱེ་པ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རང་གི་ངོ་བོ་ཇི་ལྟ་བ་བཞིན་ཞེས་བྱ་བ་འདི་ཉིད་ཀྱི་དོན་ནི་རང་གི་ངོ་བོའི་རྗེས་སུ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རང་གི་ངོ་བོའི་རྗེས་སུ་བྱེད་པས་ན། རང་གི་ངོ་བོའི་རྗེས་སུ་བྱེད་པ་སྟེ། རང་གི་མཚན་
ཉིད་དང་མཐུན་པའི་གཟུགས་བརྙན་ནོ། །དེ་ཤེས་པ་ལ་འཇོག་ཅིང་གཏོད་པས་བསྐྱེད་པའི་ཕྱིར་ནི་མ་ཡིན་ནོ། །ཡང་དེ་དངོས་སུ་གང་གིས་སྐྱེད་ཅེ་ན། དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་འཁྲུལ་པའོ། །ཆུ་དང་སྨིག་རྒྱུའི་ཁྱད་པར་གང་ཡིན་པ་དེ་མཚོན་ཅིང་བྱེ་
བྲག་ཏུ་ངེས་པར་གཟུང་བ་དེ་ལ་མི་གསལ་བའི་ཕྱིར་རོ། །རང་གི་བག་ཆགས་ནི་ཆུར་འཁྲུལ་པའི་ས་བོན་ནོ། །དེ་སད་པ་ནི་སྐྱེད་པ་དང་མཐུན་པ་དེས་སྐྱེད་དོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་གིས་ཤེ་ན། རྐྱེན་ལ་ལྟོས་པས་ཏེ་རྐྱེན་ནི་སྨིག་རྒྱུ་མཐོང་བ་དང་། ཆུ་དང་ཆོས་མཐུན་པ་དྲན་པ་ལ་
เล่ม ๑๗๖ · หน้า 116b
སོགས་པའོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་མཇུག་སྡུད་པ་སྟེ། འཁྲུལ་པ་ཉིད་རྣམ་པར་རྟོག་པ་ཡིན་ཏེ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །སྤྱི་མེད་པའི་ཕྱིར་དངོས་པོ་ཐ་དད་ཅིང་རང་གི་མཚན་ཉིད་ཙམ་དུ་ཟད་དེ། རྣམ་པར་རྟོག་པའི་འཁྲུལ་པའི་གང་ལ་དེ་ལས་སྐྱེ་བ་ཡོད་པ་དེ་ལ་དེ་
སྐད་ཅེས་བྱའོ། །སྤྱི་ཐ་དད་པ་མཐོང་བ་ལ་ནི་མ་ཡིན་ཏེ། དེ་ནི་གསལ་བ་ལས་མ་གཏོགས་པ་མི་དམིགས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྤྱི་ཐ་མི་དད་པ་མཐོང་བ་ལས་ཀྱང་ངོ་ཤེས་པས་མ་ཡིན་ཞེས་བྱ་བར་རྣལ་མ་དང་སྦྱར་ཏེ། གསལ་བ་བཞིན་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་
ཞེས་བྱ་བ་ནི་གསལ་བའི་བདག་ཉིད་ཡིན་ན། དེ་དང་འདྲ་བ་ཁོ་ནར་དེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་སྤྱིའི་ངོ་བོ་ཉིད་མེད་པ་ཡིན་ནོ། །གཞན་གྱི་ལྟར་ནའང་ཞེས་བྱ་བ་ནི་སྤྱིའི་ངོ་བོར་ལྟ་བའི་ལྟར་ནའོ། །དེ་ནི་ཞེས་བྱ་བ་ནི་སྤྱིའི་རྣམ་པ་ཅན་ནོ། །འབའ་ཞིག་ཉིད་ལས་ཞེས་བྱ་བ་ནི་གསལ་བ་ལ་མི་
ལྟོས་པ་ལས་སོ། །གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་པ་ཡིན་ནོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཙམ་རྣམ་པར་ཤེས་ནས་ཞེས་བྱ་བ་ནི་སྤྱི་ཙམ་འཛིན་ནའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འཆད་
པར་བྱེད་དོ། །འདིས་ཞེས་བྱ་བ་ནི་སྤྱིའི་རྣམ་པ་ཅན་གྱིས་སོ། །ཤེས་པ་འདིས་ཞེས་བྱ་བ་ནི་སྤྱི་ལ་འཆེལ་པས་སོ། །དེའི་ཚེ་ན་ཞེས་བྱ་བ་ནི་སྤྱི་འཛིན་ནའོ། །དེ་ལྡན་ཞེས་བྱ་བ་ནི་སྤྱིའི་རྟེན་ཏོ། །འབྲེལ་པ་ནི་སྤྱི་དང་ལྡན་པའོ། །དེ་དང་ལྡན་པ་ནི་སྤྱི་དང་ལྡན་པ་སྟེ། གལ་ཏེ་ཤེས་པ་དེས་སྤྱི་
དང་དེའི་རྟེན་འཛིན་ན་ནི་དེའི་ཚེ་དེ་གཉི་ག་འཛིན་པ་སྔོན་དུ་འགྲོ་བའི་དེ་དང་ལྡན་པ་ངེས་པར་འགྱུར་རོ། །སྤྱི་འཛིན་པ་དེ་ལས་ཇི་ལྟར་གསལ་བ་ལ་ཐ་སྙད་འདོགས་པ་འཇུག་སྟེ་མི་འཇུག་པ་ཉིད་དོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། དེ་དག་ཅེས་བྱ་བ་ནི་སྤྱི་དང་དེ་དང་
ལྡན་པ་དག་སྟེ། འདི་ནི་ཁྱད་པར་འདིའི་སྤྱིའོ་ཞེས་བྱ་བར་རོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་སྤྱི་དེ་དང་ལྡན་པ་དག་འབྲེལ་པར་མ་རྟོགས་ན་སྟེ། དེ་རྟོགས་པས་ཏེ་སྤྱི་རྟོགས་པས་དེ་དང་ལྡན་པ་ལ་སྟེ། སྤྱི་དང་ལྡན་པ་ལའོ། །དོན་གཞན་བཞིན་ནོ་ཞེས་བྱ་བ་ནི་རྟ་རྟོགས་པའི་དུས་ན་དེའི་ངོ་བོར་མ་
เล่ม ๑๗๖ · หน้า 117a
བཟུང་བ་བ་ལང་གི་རྫས་ལ་རྟ་རྟོགས་པས་ནི་འཇུག་པ་ནི་མེད་དོ། །གལ་ཏེ་དངོས་གཅིག་གྲོགས་བྱེད་པའི། །ཞེས་བྱ་བའི་ནི་སྤྱི་གྲོགས་བྱེད་པའོ། །འདི་ཉིད་ཀྱི་རྣམ་པར་བཤད་པ་ནི་གལ་ཏེ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེའི་ཞེས་བྱ་བ་ནི་ཤེས་
པའོ། །གཅིག་ལྷན་ཅིག་བྱེད་པ་ཡོད་པ་ཞེས་བྱ་བ་ནི་སྤྱི་ལྷན་ཅིག་བྱེད་པ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་ལྷན་ཅིག་ཏུ་ཞེས་བྱ་བ་ནི་སྤྱི་དང་ལྷན་ཅིག་ཏུ་སྟེ། དེ་ལྟར་ན་སྤྱི་དང་ལྡན་པ་གཉི་ག་གཟུང་བའི་ཕྱིར་མི་རྟོགས་པས་སྤྱི་དང་ལྡན་པ་རྟོགས་པར་གྲུབ་པོ་སྙམ་དུ་བསམས་
པ་ཡིན་ནོ། །སློབ་དཔོན་གྱིས་དངོས་པོ་གཅིག་དེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཅིག་ནི་སྤྱིའོ། །གསལ་བ་དེ་རྣམས་ཀྱི་ཐ་དད་པ་ཉིད་སེལ་ཅིང་འདོར་རམ་ཅི། ཡང་ཇི་སྟེ་དེ་རྣམས་ཀྱི་ཐ་དད་པ་ཉིད་སེལ་བར་འདོད་ཅེ་ན། དེའི་ཕྱིར་ཐ་དད་ཕྱིར་ནི་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཡིན་ནོ། །དེ་དག་ལ་ཞེས་བྱ་བ་ནི་གསལ་བ་དག་ལའོ། །གཅིག་པུ་དེས་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། གཅིག་པུ་དེས་ཞེས་བྱ་བ་ནི་སྤྱིས་སོ། །ཁྱད་པར་རྣམས་ཀྱིས་ཐ་དད་པ་ཉིད་གང་ཡིན་པ་དེ་ནི་ཁྱད་
པར་དེ་དག་ལ་གཅིག་གིས་རྣམ་པར་ཤེས་པ་མི་སྐྱེད་པ་ཉིད་ཀྱི་རྒྱུ་ཡིན་པར་བརྗོད་དོ། །དེ་བས་ན་ཐ་དད་པའི་ཕྱིར་གསལ་བ་རྣམས་ཀྱིས་གཅིག་གི་རྣམ་པར་ཤེས་པ་མི་འཛིན་པའི་ཕྱིར། སྤྱི་གཅིག་དང་འབྲེལ་དུ་ཟིན་ཀྱང་གལ་ཏེ་ཁྱད་པར་རྣམས་ཐ་དད་པ་ཉིད་ལ་མཉམ་ན། དེ་དག་ལ་རྣམ་པར་
ཤེས་པ་རྣམ་པ་གཅིག་པ་ཅན་མི་སྐྱེ་བས་སྔ་མ་བཞིན་དུ་གསལ་བ་རྣམས་མི་འཛིན་པར་འགྱུར་རོ། །གལ་ཏེ་གསལ་བའི་ངོ་བོ་དུ་མའང་གཅིག་ཅེས་བྱ་བ་ལ་སྤྱི་ལའོ། །ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། གལ་ཏེ་ཁྱད་པར་གྱིས་སྐྱེས་པར་འགལ་བ་ཞིག་
ཏུ་གྱུར་ན་ནི། དེའི་ཚེ་སྤྱི་ཡོད་དུ་ཟིན་ཀྱང་ཁྱད་པར་རྣམས་ཀྱིས་གཅིག་གི་རྣམ་པར་སྐྱེད་པར་མི་བྱེད་དོ། །དེ་དག་ཅེས་བྱ་བ་ནི་གསལ་བ་དག་གོ། །ཅི་རིལ་གྱིས་མེད་པར་རམ་ཞེ་ན། མ་ཡིན་ཏེ་རེ་རེ་མེད་པར་ཡང་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཁྲ་བོ་མེད་ཀྱང་ཁུ་ཡུ་ལ་བ་ལང་གི་བློ་འབྱུང་ལ།
เล่ม ๑๗๖ · หน้า 117b
དེ་མེད་ན་གཞན་ལ་ཡང་འབྱུང་ངོ་། །དེ་ལྟར་ན་གསལ་བ་ཐམས་ཅད་རེ་རེ་ཞིང་མེད་ཀྱང་སྤྱི། དེ་གཅིག་གིས་ཀྱང་བསྐྱེད་པར་བྱའི། བློ་མངོན་པར་ཤེས་པའི་བདག་ཉིད་ལ་གསལ་བ་དེ་རྣམས་ནུས་པ་མེད་དོ། །རྒྱུ་དེའི་ཕྱིར། བློས་སྤྱིའི་བློ་གསལ་བ་དེ་རྣམས་འཛིན་པ་མེད་པ་ཡིན་ནོ། །དེ་ཉིད་དེ་ནི་
ཇི་ལྟར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཤེས་པ་དེ་ལ་ཞེས་བྱ་བ་ནི་སྤྱིའི་རྣམ་པ་ཅན་ལའོ། །དེ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་སྤྱིའི་ཤེས་པ་ཡོད་པའི་ཕྱིར་ཏེ། འདིས་ནི་ལྡོག་པ་མེད་པར་བཤད་དོ། །སྦྱོར་བ་ནི་གང་ཞིག་གང་མེད་ཀྱང་ཡོད་པ་དེ་ནི་དེའི་རྒྱུ་མཚན་ཅན་མ་ཡིན་ཏེ། དཔེར་ན་སཱ་ལུའི་ས་
བོན་མེད་ཀྱང་ནས་ཀྱི་མྱུ་གུ་ཡོད་པ་ལྟ་བུའོ། །ཁྲ་བོ་མེད་ཀྱང་ཁུ་ཡུ་ལ་བ་ལང་གི་བློ་འབྱུང་བས་ཁྱབ་པར་བྱེད་པ་འགལ་བ་ཡིན་ཏེ། དེ་མེད་ན་མེད་པས་དེའི་རྒྱུ་མཚན་ཅན་ལ་ཁྱབ་པའི་ཕྱིར་དང་། དེ་མེད་ཀྱང་ཡོད་པ་ནི་དེ་དང་འགལ་བའི་ཕྱིར་རོ། །དེ་བཞིན་དུ་གསལ་བ་གཞན་ལ་ཡང་
ཕྱོགས་ཀྱི་ཆོས་སྤངས་ནས་བརྗོད་པར་བྱའོ། །སྤྱི་ནི་དེ་ལ་ནུས་པ་ཡོད་པས་སྤྱི་མེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་མེད་ན་སྤྱིའི་བློ་མེད་པའི་ཕྱིར་ཏེ། འདིས་ནི་ལྡོག་པ་བཤད་དོ། །གཞན་དུ་ན་ཞེས་བྱ་བ་ནི་སྤྱི་ཡོད་ན་སྤྱིའི་བློ་ཡོད་པའི་ཕྱིར་ཏེ། འདིས་ནི་རྗེས་སུ་འགྲོ་བ་བཤད་དོ། །
སྦྱོར་བ་ནི་གང་ཞིག་གང་མེད་ཀྱང་ཡོད་ན་ཡོད་ལ་མེད་ན་མེད་པ་དེ་ལ་མི་ལྟོས་པར་དེ་ཙམ་གྱི་བྱེད་རྒྱུ་ཅན་ཡིན་ཏེ། དཔེར་ན་ནས་ཀྱི་ས་བོན་མེད་ཀྱང་སཱ་ལུའི་ས་བོན་ཡོད་ན་ཡོད་ལ་མེད་ན་མེད་པས་སཱ་ལུའི་མྱུ་གུ་ལྟ་བུའོ། །ཁྲ་བོ་མེད་ཀྱང་སྤྱི་ཡོད་ན་སྤྱིའི་བློ་ཡོད་ལ། མེད་ན་ཡང་མེད་པས་རང་
བཞིན་གྱི་གཏན་ཚིགས་སུ་ཐལ་བར་འགྱུར་བ་ཡིན་ནོ། །གལ་ཏེ་སྤྱི་དང་ལྷན་ཅིག་པའི་གསལ་བ་རྣམས་ཁོ་ནའོ། །སྤྱིའི་བློ་ལ་ནུས་པར་འདོད་ན། དེའི་ཚེ་ཇི་སྐད་བཤད་པའི་ཚུལ་གྱིས་སྤྱི་ཁོ་ན་ལ་ནུས་པ་ཡོད་ཀྱི། གསལ་བ་རྣམས་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་གསལ་བ་
རྣམས་ཁོ་ན་ཐ་དད་ཀྱང་རང་བཞིན་གྱིས་རྣམ་པར་ཤེས་པ་གཅིག་ཏུ་སྙེམས་པ་ཅན་བསྐྱེད་དོ། །དེ་ལྟ་མ་ཡིན་ན་སྤྱི་མེད་པའི་ཕྱིར་སྤྱིའི་བློ་དེ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་གྲུབ་པོ། །འདི་ནི་ཉེས་པ་མེད་དེ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་ཏེ། རེ་རེ་བསལ་ཀྱང་
เล่ม ๑๗๖ · หน้า 118a
ཞེས་བྱ་བ་ནི་རེ་རེ་ནས་ཀྱང་བསལ་ཀྱང་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གང་གི་ཚེ་མིག་གི་རྣམ་པར་ཤེས་པ་སྔོན་པོ་ལ་སོགས་པའི་ཚོགས་ལ་དམིགས་པ་སྐྱེ་བ་ན། དེ་ལ་སྔོན་པོ་ལ་སོགས་པ་རེ་རེ་བསལ་ཀྱང་ཁ་དོག་གི་ཚོགས་ལྷག་མ་ལ་མིག་གི་རྣམ་པར་
ཤེས་པ་སྐྱེ་བ་ཁོ་ནར་འགྱུར་ལ། དེ་ཙམ་གྱིས་སྔོན་པོ་ལ་སོགས་པའི་ཚོགས་ལ་ཡང་ནུས་པ་མེད་པ་མ་ཡིན་གྱི། འོན་ཀྱང་སྔོན་པོ་ལ་སོགས་པའི་ཚོགས་ལ་སོ་སོར་ནུས་པ་ཡོད་པ་ཁོ་ནའོ། །དེ་བཞིན་དུ་བསལ་བ་འདི་ལ་ཡང་སོ་སོར་རེ་རེ་བསྩལ་ན་ཞེས་བྱ་བ་བསལ་བ་རེ་རེ་ནས་
བསལ་ན་ཡང་སྤྱིའི་རྣམ་པར་ཤེས་པ་སྐྱེ་སྟེ། འདི་ཙམ་གྱིས་ནི་དུས་ཐམས་ཅད་དུ་བསལ་བ་རྣམས་སོ་སོར་ནུས་པ་མེད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་དུ་ཁྲ་བོ་མེད་ན་ཁུ་ཡུ་ལྷན་ཅིག་བྱེད་པའི་སྤྱིས་བསྐྱེད་པར་བྱ་བའི་རྣམ་པར་ཤེས་པ་ལ་ཁྲ་བོའི་ནུས་པ་མེད་མོད་ཀྱི།
འོན་ཀྱང་རང་གི་བདག་ཉིད་ལྷན་ཅིག་བྱེད་པས་འབྱུང་བའི་རྣམ་པར་ཤེས་པ་སྐྱེ་བ་ལ་ནུས་པ་ཡོད་པ་ཁོ་ན་ཡིན་ལ་དེ་བཞིན་དུ་ཁུ་ཡུ་ལ་སོགས་པ་ལ་ཡང་རང་གི་རྟེན་གྱི་སྒོ་ནས་འབྱུང་བའི་རྣམ་པར་ཤེས་པ་ལ་ནུས་པ་ཡོད་དོ། །དེ་བས་ན་གང་ཞིག་གང་མེད་ན་ཞེས་བྱ་བའི་སྦྱོར་བ་མ་ངེས་པ་ཡིན་ནོ་ཞེས་
སྨྲས་པ་ཡིན་ནོ། །སློབ་དཔོན་གྱིས་མི་མཐུན་པར་ཉེ་བར་བཀོད་པ་སྟེ་ཞེས་བྱ་བ་སྨོས་ཏེ། ཉེ་བར་བཀོད་པ་ཡིན་པས་ན། ཉེ་བར་བཀོད་པ་ནི་སྔོན་པོ་ལ་སོགས་པའི་དཔེ་སྟེ། དེ་སྐབས་སུ་བབ་པ་དང་འདྲ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བ་ལ་ཇི་ལྟར་ཡང་ནི་དེ་ལྟར་མིན་ཞེས་བྱ་བ་ནི་
གསལ་བ་རྣམས་ལ་ནི་སོ་སོར་ཡང་ནུས་པ་མེད་ལ། ཚོགས་པ་ལས་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་སྔོན་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟོན་ཏེ། སོ་སོའི་ནུས་པ་ཡང་མཐོང་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་ཇི་ལྟར་རང་རང་གི་ངོ་བོས་ཐ་དད་པ་དེ་བཞིན་དུ་མིག་
གི་རྣམ་པར་ཤེས་པ་རྣམས་ཀྱང་རྣམ་པ་ཐ་དད་པའི་ཕྱིར་ཏེ། དེ་ལ་སྔོན་པོ་དང་ལྷན་ཅིག་པའི་ཚོགས་ཀྱིས་བསྐྱེད་པར་བྱ་བའི་མིག་གི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དེ་མེད་ན་མེད་ལ། སྐྱེད་པ་གང་ཡིན་པ་དེ་ནི་གཞན་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་ཚོགས་ཀྱི་རྣམ་པས་ཉེ་བར་བསྒྱུར་བའི་རྣམ་པར་
เล่ม ๑๗๖ · หน้า 118b
ཤེས་པ་སྔོན་པོ་ལ་སོགས་པ་སོ་སོའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་དེ་རྣམས་ལ་ནི་སོ་སོར་ནུས་པ་ཡོད་པར་མངོན་པས་ཚོགས་ལ་ཡང་ནུས་པ་མི་འགལ་ལོ། །ནམ་ཡང་ཞེས་བྱ་བས་ནི་སོ་སོས་ཀྱང་མ་ཡིན་ལ་ཚོགས་པས་ཀྱང་མ་ཡིན་པའོ། །འདི་སྐད་དུ་བཤད་པ་
ཡིན་ཏེ། ཁྲ་བོ་དང་ལྷན་ཅིག་པས་བསྐྱེད་པར་བྱ་བའི་བ་ལང་གི་ཤེས་པ་ཡང་གཞན་ཁུ་ཡུ་དང་ལྷན་ཅིག་བསྐྱེད་པར་བྱ་བ་ཡང་གཞན་ཡིན་པ་ཞིག་ཏུ་གྱུར་ན་ནི། དེའི་ཚེ་གསལ་བ་རྣམས་ལ་རང་གི་རྟེན་གྱི་སྒོ་ནས་འབྱུང་བའི་རྣམ་པར་ཤེས་པ་ལ་སོ་སོར་ནུས་པ་ཡོད་པར་ཤེས་པར་འགྱུར་བ་
ཞིག་ན་འོན་ཀྱང་གསལ་བ་ཐམས་ཅད་ལ་མངོན་པར་ཤེས་པ་གཅིག་ཁོ་ནར་ཟད་དོ། །དེ་ནི་ཐམས་ཅད་ལ་རྣམ་པ་གཅིག་པ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་ཁྲ་བོ་ཡོད་ན་བ་ལང་གི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ཉིད་ཁྲ་བོ་མེད་ན་ཡང་། ཁུ་ཡུ་ལྷན་ཅིག་བྱེད་པའི་སྤྱི་ལས་སྐྱེ་བས་གསལ་བ་
རྣམས་ལ་སོ་སོར་ནུས་པ་ཡོད་པར་རྟོགས་པ་མ་ཡིན་ནོ། །གལ་ཏེ་སྤྱི་ལ་མི་ལྟོས་པར་རྗེས་སུ་འགྲོ་བའི་རྣམ་པར་ཤེས་པ་སྐྱེད་ན། དེ་ལྟ་ན་དེ་དག་ལ་ནུས་པ་ཡོད་པར་འགྱུར་བ་ཞིག་ན་དེ་ཡང་མེད་དེ། དེ་ལྟ་བས་ན་གསལ་བ་རྣམས་ཀྱིས་སྤྱིའི་མཚན་ཉིད་ཤེས་པ་དེ་ལ་མི་ནུས་པའི་ཁོ་ན་
ཡིན་པའི་ཕྱིར་སྤྱིའི་ཤེས་པ་དེས་དེ་རྣམ་པར་མི་འཛིན་པར་འགྱུར་རོ། །གལ་ཏེ་གསལ་བ་དེ་དག་གི་ནང་ནས་འགའ་ཞིག་ལ་ལྟོས་ནས་ཏེ། གསལ་བ་ཅུང་ཟད་གཅིག་ལ་ལྟོས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཞེས་བྱ་བ་ནི་སྤྱིས་སོ། །འབའ་ཞིག་མིན་ཞེས་བྱ་བ་ནི་གསལ་བ་ལ་མ་
ལྟོས་པས་སོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། ཐ་ག་པ་ནི་ཐགས་འཐག་པའོ། །ཐགས་ཟངས་མང་པོ་ཞིག་གི་ནང་ནས་ཐགས་ཟངས་རེ་རེ་མེད་ཀྱང་ཐགས་ཟངས་གང་ཡང་རུང་བ་འགའ་ཞིག་གིས་རས་ཡུག་འཐག་པས་ཐམས་ཅད་ལ་འཁྲུལ་དུ་ཟིན་ཀྱང་།
དེ་ཁོ་ན་ལ་ཐ་ག་པ་ཐགས་ཟངས་དང་བྲལ་བ་དེ་ཁོ་ན་ལས་རས་ཡུག་འབྱུང་བ་ཞེས་བརྗོད་པར་ནུས་པ་ནི་མ་ཡིན་ཏེ་འདི་ལྟར་སྤྱིལ་པོས་རས་ཡུག་བརྟག་པ་མི་ནུས་པའི་ཕྱིར་ཐ་ག་པ་ཐགས་ཟངས་དང་མ་བྲལ་བར་རས་ཡུག་འཐག་གོ། །སློབ་དཔོན་གྱིས་དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པ་
เล่ม ๑๗๖ · หน้า 119a
སྨོས་ཏེ། སྤྱི་ནི་དེ་དག་གི་ནང་ནས་གང་ཡང་རུང་བ་ཞིག་ལ་ལྟོས་ནས་ནུས་སོ་ཞེས་སྨྲས་པས་སྤྱི་གསལ་བས་ཕན་པར་བྱ་བ་ཡིན་པར་འདོད་དེ། ཕན་མི་འདོགས་པ་ལ་ལྟོས་པ་མི་རུང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན་ནི་གསལ་བ་དེ་དག་གིས་སྤྱི་དེ་གཅིག་ལ་ཕན་
འདོགས་ན་གོ། །ཇི་ལྟར་བློ་གཅིག་ཉིད་ལ་མིན་ཇི་ལྟར་མངོན་པར་ཤེས་པའི་བདག་ཉིད་ཀྱི་བློ་གཅིག་ཁོ་ན་ལ་ཕན་འདོགས་པར་མི་བྱེད་དེ། དེ་ལ་ཡང་ཕན་འདོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། ཉིད་ཅེས་བྱ་བའི་སྒྲ་ནི་ཁོ་ན་ཞེས་བྱ་བའི་དོན་ཏོ། །དོན་ཐ་དད་པ་རྣམས་ཞེས་བྱ་བ་ལ་
སོགས་པས་ནི་འཆད་པར་བྱེད་དེ། ཐ་དད་པ་མཚན་ཉིད་མི་མཐུན་པ་རྣམས་དོན་གཅིག་ལ་སྦྱོར་བ་སྟེ། ངོ་ཤེས་པ་ལ་སོགས་པའི་དོན་གཅིག་བྱེད་པ་འགལ་བས་འདི་ཐམས་ཅད་སྤྱི་གྲུབ་པར་བྱ་བའི་ཕྱིར་བརྩམས་པ་ཡིན་ནའོ། །དེ་རྣམས་ལ་ཞེས་བྱ་བ་གསལ་བ་རྣམས་ལ་མངོན་པར་ཤེས་
པ་ཞེས་བྱ་བའི་རྣམ་པར་ཤེས་པ་གང་གིས་ན་རྣམ་པར་ཤེས་པ་དེ་མི་སྐྱེ་བའི་ཉེས་པ་ཅི་ཞིག་བྱས་ཅུང་ཟད་ཀྱང་མ་བྱས་ཏེ། ད་ལྟ་བས་ན་དེ་ཉིད་བསྐྱེད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་ཡིན་ན་དེ་ལ་བར་མ་དོའི་ལྷག་མས་ཅི་ཞིག་བྱ་སྟེ། སྤྱི་བོ་དང་ཡན་ལག་གི་བར་ན་ཤ་ལྷག་ཡོད་པ་ནི་
བར་མ་དོའི་ལྷག་པ་སྟེ། དེ་དང་འདྲ་བ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་དོན་མེད་པས་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཐ་དད་པ་རྣམས་ལ་སྤྱི་གཅིག་པ་ལ་ཕན་འདོགས་པའི་ནུས་པ་ཡོད་དེ་དེའི་ཕྱིར་དེ་དག་སྤྱི་ཁོ་ན་ལ་དངོས་སུ་ཕན་འདོགས་ཀྱི་རྣམ་པར་ཤེས་པ་ལ་ནི་མ་ཡིན་ནོ་ཞེ་ན།
དེའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་གཅིག་ཁོ་ན་ཞེས་བྱ་བ་སྤྱིས་བསྐྱེད་པར་བྱ་བའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཁོ་ན་སྐྱེད་པ་ལ་རག་མོད་སྤྱི་ལ་ཕན་འདོགས་པ་མི་དགོས་པས་ཅི་ཞིག་བྱ། འདི་སྙམ་དུ་རྣམ་པར་ཤེས་པ་གསལ་བ་རྣམས་རང་གི་རྣམ་པ་ཉེ་བར་འཇོག་པས་ཞོ་ཤ་
འབུལ་བ་ནི་མ་ཡིན་ཏེ། སྤྱིའི་རྣམ་པ་ཅན་གྱི་ཤེས་པ་ལ་རང་གི་མཚན་ཉིད་མི་སྣང་བའི་ཕྱིར་རོ། །འོན་ཀྱང་བདག་པོ་ཙམ་གྱིས་ཡིན་ན་དེ་ནི་སྤྱི་ལ་ཇི་ལྟ་བར་རྣམ་པར་ཤེས་པ་ཡང་དེ་དང་འདྲ་བས་མཚུངས་སོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གལ་ཏེ་གསལ་བ་དེ་དག་གིས་
เล่ม ๑๗๖ · หน้า 119b
སྤྱི་ལ་ཕན་འདགས་ན་དེའི་ཚེ་སྤྱིའི་བདག་ཉིད་འདིའི་གསལ་བ་དེ་རྣམས་ཀྱི་འབྲས་བུར་གྱུར་ཏེ། འདི་ལྟར་ཕན་འདོགས་པ་ཉིད་སྐྱེས་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་སྔོན་རོལ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་འདོགས་པར་བྱེད་པ་ཉེ་བ་ན་ཡང་ཕན་འདོགས་པར་
བྱེད་པ་ཉེ་བའི་སྔོན་རོལ་བཞིན་དུའོ། །བོགས་ནི་ཁྱད་པར་རོ། །དེ་མེད་པའི་ཕྱིར་བོགས་མེད་པའི་བདག་ཉིད་རང་གི་ངོ་བོ་འཛིན་པའི་སྤྱི་འདི་ལ་ནི་ཕན་པ་ཞེས་བྱ་བ་འགའ་ཡང་མེད་དེ་ཞེས་བྱ་བར་སྦྱར་རོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ལ་ཕན་པར་བྱེད་
པར་འགྱུར་རོ། །དེ་ལྟ་བས་ན་ཕན་པར་བྱེད་པ་པོས་ཕན་པར་བྱ་བའི་བོགས་ཤིག་སྐྱེད་དོ་ཞེས་བྱ་བར་ཁས་བླངས་དགོས་སོ། །བོགས་དེ་ཡང་ཕན་གདགས་པར་བྱ་བའི་བདག་ཉིད་དུ་གྱུར་པ་ཡིན་པས་ཕན་འདོགས་པ་ཉིད་ལ་སྐྱེད་པ་ཡིན་ནོ། །སྤྱི་ལས་དོན་གཞན་དུ་གྱུར་པ་ཁོ་ནའི་བོགས་ཤིག་
གསལ་བས་སྐྱེད་དོ་ཞེ་ན། དེའི་ཕྱིར་དོན་གཞན་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་དོན་གཞན་དེས་ཕན་པར་བྱ་བའི་སྤྱི་དེ་ལ་ཅི་ཞིག་བྱེད། ཡང་ན་གང་གིས་ན་སྤྱི་དེས་ཕན་པ་འདི་ཡིན་ནོ་ཞེས་འབྲེལ་པར་འགྱུར་བ་སྤྱི་དེས་ཕན་པ་དོན་གཞན་དེ་ལ་ཅི་ཞིག་བྱེད་སྤྱི་དང་འབྲེལ་པའི་ཕན་པ་
བྱེད་པའི་ཕྱིར་གསལ་བ་རྣམས་ཀྱང་ཕན་པར་བྱེད་པ་ཡིན་ལ་ཕན་པའི་རྟེན་ནི་སྤྱི་ཡིན་པས་དེའི་ཕྱིར་དེ་དག་རྟེན་དང་བརྟེན་པའི་མཚན་ཉིད་ཀྱིས་འབྲེལ་ཏོ་ཞེ་ན། དེའི་ཕྱིར་དེ་དེའི་རྟེན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་རྟེན་སྤྱི་དེ་ཡོད་པས་ཞེས་ཕན་པ་དེ་དེའི་རྟེན་ཅན་ཉིད་ཡིན་དུའམ།
ཡང་ན་ཕན་པ་དེའི་རྟེན་ཡིན་པས་ན་སྤྱི་དེ་དེའི་རྟེན་ཉིད་ཡིན་དུའོ། །ཕན་པར་བྱེད་པས་ན་ཕན་འདོགས་པའོ། །དེ་མེད་པའི་ཕྱིར་ཕན་འདོགས་པ་མེད་པ་སྟེ་སྤྱིའོ། །ཕན་པ་འདི་ལ་སྤྱིས་བྱས་པའི་ཕན་པ་ཡོད་པས་ན་ཕན་འདོགས་པའོ། །དེ་བཀག་པའི་ཕྱིར་ཕན་འདོགས་པ་མེད་པ་སྟེ། བརྗོད་
པ་གཅིག་གིས་དོན་གཉིས་སྨོས་པ་ཡིན་ནོ། །དེས་ན་དོན་ནི་སྤྱི་དང་ཕན་པ་ཕན་འདོགས་པ་མེད་པ་ལ། གོ་རིམས་བཞིན་དུ་རྟེན་དང་བརྟེན་པའི་དངོས་པོ་འདི་ཅི་ཞིག་ཡོད་ཅེས་བྱ་བ་འདི་ཡིན་ནོ། །ཡང་ན་ནི་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་ཕན་འདོགས་པ་མེད་པ་ལ་
เล่ม ๑๗๖ · หน้า 120a
རྟེན་དང་བརྟེན་པའི་དངོས་པོ་ཡོད་ན་ནི་དེ་ཐམས་ཅད་ལ་ཐལ་བར་འགྱུར་བའི་ཕྱིར་རོ། །ཕན་འདོགས་ན་ཡང་ཞེས་བྱ་བ་ནི་སྤྱིས་བྱས་པའི་ཕན་པ་ཁས་ལེན་ན་སྤྱི་དེ་ཁོ་ན་ལ་ཕན་པ་དེ་འབྲེལ་པས་ཕན་པ་དེ་བྱེད་པའི་ཕྱིར་སྤྱི་དེ་ལ་ཕན་པར་བྱེད་པ་གསལ་བའི་ཁྱད་པར་གཞན་ཅི་
དགོས་ཏེ་མི་དགོས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལྟོས་པ་ཞེས་བྱ་བ་ནི་གསལ་བ་ལ་ལྟོས་པའོ། །རྟེན་གྱིས་ཞེས་བྱ་བ་སྤྱིས་ཏེ་ཕན་པའི་རྟེན་ཡིན་པའི་ཕྱིར་རོ།། །།བམ་པོ་བཅུ་གཉིས་པ། དེ་ལ་སྦྱོར་ན་ནི་ཞེས་བྱ་བ་ནི་ཕན་པ་དེ་ལ་ཉེ་བར་སྦྱོར་བར་རྟོགས་ན་ནི་སྤྱི་
རྟག་པའི་ཕྱིར་ཕན་པར་བྱ་བ་མ་ཡིན་པ་ཉིད་ལ་གསལ་བ་ལ་ལྟོས་པ་ཞེས་བྱ་བ་འདི་ཅི་ཞིག་ཡོད་དེ་མེད་པ་ཁོ་ནའོ། །འོ་ན་གང་ཞིག་ལྟོས་ཤེ་ན། དེ་ལས་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོས་པར་བྱ་བ་དེ་ལས་སྐྱེས་པ་ནི་དེ་ལས་སྐྱེ་བའོ། །གང་ལ་ཆོས་དེའི་ངོ་བོ་ཉིད་ཡོད་པ་དེ་ནི་དེ་ལས་སྐྱེས་
བའི་ཆོས་ཅན་གྱི་དངོས་པོའོ། །རང་བཞིན་འབྲེལ་ཅིང་རག་ལས་པའི་ཕྱིར་ཕན་པར་བྱེད་པ་ལ་ལྟོས་པ་ཞེས་བྱ་སྟེ། བྱ་ཞེས་བྱ་བའི་སྒྲས་ནི་གྲགས་པ་སྟོན་པར་བྱེད་པ་ཡིན་ནོ། །གལ་ཏེ་སྤྱི་མི་སྐྱེ་བའི་ཆོས་ཅན་ལ་ཡང་ལྟོས་པར་འགྱུར་རོ་ཞེ་ན། བོགས་དབྱུང་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གང་ལ་བདག་ཉིད་ཕན་པར་བྱེད་པ་གཞན་དག་གིས་བོགས་དབྱུང་དུ་ཡོད་པ་མེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་ལ་དེ་ལྟ་བུའི་བདག་ཉིད་ཡོད་པ་ཞེས་ཡང་འབྲུ་མང་པོ་པར་བྱའོ། །སྤྱི་དངོས་པོ་ནི་དེ་ལྟ་བུ་ཡང་ཡིན་ལ་གཞན་དག་ལ་ཡང་ལྟོས་སོ་ཞེས་བྱ་བ་འདི་ནི་ཁྱབ་པར་བྱེད་པ་
འགལ་བ་དམིགས་པས་ཉམས་པ་ཡིན་ཏེ། འདི་ལྟར་ལྟོས་པ་ནི་བོགས་དབྱུང་དུ་ཡོད་པ་ཉིད་ཀྱིས་ཁྱབ་ལ་བོགས་དབྱུང་དུ་མེད་པ་ཉིད་ནི་དེ་དང་འགལ་བའི་ཕྱིར་རོ། །གང་ཅུང་ཟད་དངོས་པོ་འགའ་ཞིག་རྟེན་ལ་ལར་འབྲེལ་པ་དངོས་པོ་ལས་གྱུར་པ་དེ་ཐམས་ཅད་ནི་བསྐྱེད་པར་བྱ་བ་སྟེ། འབྲས་
བུ་ཁོ་ནའི་ཁོངས་སུ་གཏོགས་སོ། །གལ་ཏེ་རྟེན་གྱིས་བརྟེན་པའི་བདག་ཉིད་དུ་མ་གྱུར་པ་ཁོ་ནའི་ཕན་པ་ཞིག་བྱེད་དོ་ཞེ་ན། གཞན་གྱི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཕན་པ་མེད་པའི་ཕྱིར་ཞེས་བྱ་བ་ཕན་གདགས་པར་བྱ་བ་དེ་ལ་ཕན་པ་མེད་པའི་ཕྱིར་ཏེ། གཞན་ལ་བྱས་ན་
เล่ม ๑๗๖ · หน้า 120b
གཞན་ལ་ཕན་གདགས་པར་བྱ་བ་ནི་མ་ཡིན་ནོ། །དེ་དེའི་རྟེན་ཉིད་དུ་ཕན་འདོགས་པ་མེད་པ་ལ་བརྟེན་པ་དང་བརྟེན་པའི་དངོས་པོ་འདི་ཅི་ཞིག་ཡོད་ཅེས་བྱ་བ་ཐམས་ཅད་ཀྱང་བརྗོད་པར་བྱའོ། །ཟློས་པ་ཉིད་ཀྱིས་ཉེས་པ་ཡང་མེད་དོ། །སྔར་ནི་སྤྱི་དང་དེ་དང་ལྡན་པ་དག་ལ་ཕན་པར་བྱ་བ་དང་ཕན་པར་
བྱེད་པའི་ངོ་བོའི་སྒོ་ནས་བཤད། ད་ནི་འབྲེལ་པ་དངོས་པོ་ལས་གྱུར་པ་ཐམས་ཅད་ཀྱི་ཡུལ་ལ་བརྟེན་ནས་བཤད་དོ། །དེ་ལྟ་བས་ན་དོན་གཞན་བྱེད་པའི་ཕྱིར་རྟེན་དུ་འདོད་པ་ནི་ཅུང་ཟད་ཀྱང་མི་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུ་ཡང་ཕན་པར་བྱེད་པའི་ཡིན་པར་འདོད་དེ་ཞེ་ན། ཅུང་ཟད་ཀྱང་ཞེས་
བྱ་བ་ལ་སོགས་པ་སྨོས་སོ། །དེའི་ཕྱིར་ཞེས་བྱ་བ་འཇུག་སྡུད་པ་སྟེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རོ། །རྣམ་པར་ཤེས་པ་བསྐྱེད་ན་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་རྣམ་པར་ཤེས་པ་བསྐྱེད་ན་སྟེ། སྤྱི་འདི་འབྲས་བུར་འགྱུར་བར་གསལ་ལོ། །ཇི་སྐད་བཤད་པའི་ཉེས་པས་
འཇིགས་པས་སྤྱི་གསལ་བ་ལ་མི་ལྟོས་པ་འབའ་ཞིག་གིས་སྤྱིའི་རྣམ་པར་ཤེས་པ་བསྐྱེད་པར་ནུས་པར་ཁས་ལེན་ན་ནི་གསལ་བ་རྣམས་ཀྱི་དུས་ནམ་ཡང་རྗེས་སུ་འགྲོ་བའི་རྣམ་པར་ཤེས་པ་གང་ལ་ཡང་ནུས་པར་མ་གྲུབ་པའི་ཕྱིར་གསལ་བ་རྣམས་གཟུང་བར་བྱ་བ་ཉིད་མ་ཡིན་ཏེ། རྒྱུ་མ་ཡིན་
པ་ལ་ཡུལ་ཉིད་མི་རུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་ལ་སྣང་བའི་ཕྱིར་ཞེས་བྱ་བ་ནི་ནུས་པ་མེད་པ་རི་བོང་གི་རྭ་ལ་སོགས་པ་ནི་རྗེས་སུ་འགྲོ་བའི་རྣམ་པར་ཤེས་པ་ལ་སྣང་བ་མེད་ཀྱི། གསལ་བ་རྣམས་ནི་སྣང་སྟེ། དེ་ལྟ་བས་ན་སྤྱི་དང་འདྲ་བར་དེ་རྣམས་ཀྱིས་ཀྱང་ནུས་སོ་སྙམ་པའོ། །
གསལ་བ་གང་དག་ལ་སྤྱིའི་རྣམ་པར་ཤེས་པ་ལ་ཕན་འདོགས་པར་མ་གྲུབ་པ་ཡོད་པ་དེ་དག་ནི་ཕན་འདོགས་པར་མ་གྲུབ་པ་ཅན་རྣམས་ཏེ། དེ་རྣམས་ཇི་ལྟར་སྤྱིའི་རྣམ་པར་ཤེས་པ་ལ་སྣང་སྟེ། མི་སྣང་བ་ཉིད་དོ། །གལ་ཏེ་ཕན་འདོགས་པ་ཉིད་ཇི་ལྟར་མ་གྲུབ་ཅེ་ན། དེ་ཉིད་ཅེས་བྱ་བ་
ལ་སོགས་པ་སྨོས་ཏེ། དེ་ཉིད་ཅེས་བྱ་བ་ནི་ཕན་པའོ། །སྤྱི་ཁས་ལེན་ན། དེ་ཉིད་ཀྱིས་དེ་ལ་ནུས་ཀྱི་གསལ་བ་རྣམས་ཀྱིས་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་དག་རེ་རེ་མེད་པ་ཡང་། །དེ་གཅིག་གིས་ཀྱང་བསྐྱེད་བྱ་བའི། །ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །གསལ་
เล่ม ๑๗๖ · หน้า 121a
བ་རྣམས་སྤྱིའི་རྣམ་པར་ཤེས་པ་ལ་མི་ཕན་དུ་ཟད་མོད། ཡུལ་ཉིད་དུ་ལྟ་ཇི་སྟེ། མི་འགྱུར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡུལ་ཉིད་ཡིན་ན་ནི། ཐམས་ཅད་ཀྱང་
རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་དུ་འགྱུར་རོ། །གལ་ཏེ་ཡུལ་མ་ཡིན་དུ་ཟིན་ཀྱང་སྣང་བར་གོ་ཇི་སྟེ་མི་འགྱུར་ཞེ་ན། ཡུལ་མ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་ལུང་ཇི་
བཞིན་དུ་བརྟགས་པ་རྣམས་བསྡུའོ། །མེད་པ་རྣམས་ཞེས་བྱ་བ་ནི་ནུས་པའི་རྒྱུ་མེད་པའི་ཕྱིར་རོ། །གྲུབ་པའི་མཐའ་སྨྲ་བས་དེ་དག་གིས་ཞེས་བྱ་བ་ལ་སོགས་པས་གྲུབ་པའི་གྲུབ་པ་ཡིན་པར་སྟོན་ཏེ། དེ་དག་གི་ཤེས་པ་རྣམས་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་ཤེས་པ་རྣམས་སོ། །
ཡུལ་མེད་པ་ཉིད་ཡིན་ན་ཇི་ལྟར་དེ་དག་ལ་བྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དོན་གྱི་རྗེས་སུ་བྱེད་པར་སྣང་ཞེ་ན། དོན་མེད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་རྗེས་སུ་བྱེད་པ་ཞེས་བྱ་བ་ནི་དོན་གང་ཉམས་སུ་མྱོང་བ་འདས་པ་དེའི་རྗེས་སུ་བྱེད་པའོ། །དོན་འདས་
པ་ཁོ་ན་ལ་མི་གསལ་བའི་ངོ་བོ་རྗེས་སུ་བྱེད་པའི་ཕྱིར་ཏེ། གང་ཞིག་གིས་རྗེས་སུ་བྱེད་པར་འགྱུར་བ་འདས་པ་ཞེས་བྱ་བ་ལ་སོགས་པ་ནི་ཅུང་ཟད་ཀྱང་མེད་དོ། །སྣང་བ་དེ་ཡང་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ཁོ་ན་ཡིན་ཏེ། ཕྱི་རོལ་གྱི་ལ་མི་གསལ་བའི་ངོ་བོ་མེད་པའི་ཕྱིར་རོ། །
དེའི་རྗེས་སུ་བྱེད་པ་ཉིད་ཀྱི་རྒྱུར་ཉམས་སུ་མྱོང་བ་ལྟ་བུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ལྟར་གྱིས་དོན་ཉམས་སུ་མྱོང་བ་ཇི་ལྟ་བུ་སྐྱེས་པ་དེས་གཞག་པའི་བག་ཆགས་གང་ཡིན་པ་དེ་ལས་སྐྱེ་བའི་རྣམ་པར་ཤེས་པ་ནི་ཉམས་སུ་མྱོང་བའི་དོན་གྱི་རྣམ་པར་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ད་ལྟའི་
གནས་སྐབས་ན་དོན་ཉམས་སུ་མྱོང་བའི་ཕྱིར་འདས་པ་ལ་ནི་དོན་ཉམས་སུ་མྱོང་བ་དེ་ལྟ་བུ་ལས་སྐྱེ་བར་རིགས་གྲང་ན། མ་འོངས་པ་ལ་གོ་ཇི་ལྟར་ཏེ། དེ་ལ་དོན་ཉམས་སུ་མྱོང་བ་ནི་མེད་དོ་ཞེ་ན། དེ་ལ་ཡང་དོན་འདི་ལྟ་བུ་ཞིག་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་སྒྲ་ལས་བརྗོད་པ་དང་འདྲེས་
เล่ม ๑๗๖ · หน้า 121b
བའི་རྣམ་པར་རྟོག་པ་སྐྱེ་བ་གང་ཡིན་པ་དེ་ཉིད་རང་རིག་པ་ཡིན་པའི་ཕྱིར་ཉམས་སུ་མྱོང་བ་དེ་ལྟ་བུ་ཡིན་ལ་དེས་གཞག་པའི་བག་ཆགས་ལས་སྐྱེ་བའི་ཕྱིར་ཉེས་པ་མེད་དོ། །དེ་བཞིན་དུ་དབང་ཕྱུག་ལ་སོགས་པའི་རྣམ་པར་རྟོག་པ་ལ་ཡང་ལུང་ཇི་ལྟ་བ་བཞིན་དུ་སྒྲའི་རྣམ་པ་ཅན་གྱི་རྣམ་པར་རྟོག་
པ་ཉམས་སུ་མྱོང་བའི་བག་ཆགས་ལས་སྐྱེ་བ་རྣམ་པར་བཤད་པར་བྱའོ། །དེ་ལྟར་ན་འདས་པ་ལ་སོགས་པ་ཡུལ་མ་ཡིན་པའི་ཕྱིར་ཕན་པར་བྱེད་པ་མ་ཡིན་པ་ནི་ཡུལ་མ་ཡིན་ཏེ་ཞེས་བཤད་པ་གང་ཡིན་པ་དེ་ངེས་པ་ཉིད་ཡིན་ནོ། །དེ་ལྟ་ཡིན་ན་གསལ་བ་ཕན་འདོགས་པར་མ་གྲུབ་པ་ཅན་
རྣམས་ཡུལ་མ་ཡིན་པའི་ཕྱིར་སྤྱིའི་ཤེས་པ་ལ་སྣང་བ་མེད་དོ། །དེ་བས་ན་རྣམ་པར་ཤེས་པ་ལ་སྣང་བའི་ཕྱིར་གསལ་བའི་རྣམས་ཀྱིས་ནུས་སོ་ཞེས་སྨྲས་པ་གང་ཡིན་པ་དེ་མ་ངེས་པ་ཉིད་དུ་བཤད་པ་ཡིན་ནོ། །ད་ནི་སྣང་བ་ཁས་བླངས་ནས་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར་ཡོད་པ་དང་མེད་པའི་
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པར་ཤེས་པ་དོན་ཡོད་ན་ནི་ཡོད་ལ་དེ་མེད་ན་ནི་མེད་པ་ནི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་ལ་དོན་གྱི་ནུས་པ་ཡོད་པར་མངོན་ནོ། །སྣང་བའི་ཕྱིར་ནི་མ་ཡིན་ཏེ། འདི་ལྟར་དངོས་པོའི་ཚུལ་གྱིས་ནི་སྤྱི་རྣམ་པར་རྟོག་པ་
ཅན་གྱི་རྣམ་པར་ཤེས་པ་ལ་མི་སྣང་ཡང་ནུས་པ་ཁས་ལེན་པའི་ཕྱིར་རོ། །དེ་ཉིད་གསལ་བ་ལ་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གསལ་བ་ལ་མ་གཏོགས་པ་སྤྱི་སྣང་བ་ནི་མེད་དོ། །སྤྱི་སྣང་བ་ཅན་རྣམ་པར་རྟོག་པའི་ཤེས་པ་གང་ཡིན་པ་དེ་ཡང་ཁ་དོག་དང་དབྱིབས་ལ་
སོགས་པའི་རྣམ་པ་ཅན་ཁོ་ན་ཡིན་ཏེ། དེ་ལ་ནི་ཁ་དོག་ལ་སོགས་པའི་རྣམ་པ་མ་གཏོགས་པ་སྤྱིའི་རྣམ་པ་གཞན་ནི་མི་སྣང་ངོ་། །སྤྱི་ནི་ཁ་དོག་དང་དབྱིབས་ལ་སོགས་པའི་བདག་ཉིད་ཀྱང་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོའི་ཚུལ་གྱིས་ན་རྣམ་པར་ཤེས་པ་ལ་སྤྱི་མི་སྣང་ངོ་། །འོན་
ཀྱང་ཁྱེད་ཀྱི་གཞུང་ལུགས་ཀྱིས་རྣམ་པར་ཤེས་པ་ལ་མི་སྣང་བ་དེ་ལ་བྱེད་པ་ཡོད་ཅིང་ནུས་པ་ཡོད་པའི་ཕྱིར་ཏེ། འདིས་འབྲས་བུ་བྱེད་ཅིང་བསྐྱེད་པས་ན་བྱེད་པ་ནི་ནུས་པ་ལ་བྱའོ། །དེ་ལྟར་ན་སྣང་བ་མེད་དུ་ཟིན་ཀྱང་ནུས་པ་ཁས་བླངས་པར་བསྟན་པ་ཡིན་ནོ། །སྣང་བ་ཡོད་དུ་ཟིན་ཀྱང་ནུས་
เล่ม ๑๗๖ · หน้า 122a
པ་མེད་པར་བསྟན་པའི་ཕྱིར་སྐྲ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཉིད་ལས་ཉམས་ཤིང་བྲལ་བས་ན་ཉམས་པའོ། །སྐྲ་ལ་སོགས་པ་ཉིད་ཉམས་པ་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་ནི་རབ་རིབ་ཅན་ལ་སོགས་པའི་ཤེས་པ་ལ་
སྣང་ན་འོན་ཀྱང་དེ་རྣམས་ལ་བྱེད་པ་མེད་པའི་ཕྱིར་རོ། །བྱེད་པ་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་དུ་བྱེ་བྲག་ཏུ་བཤད་པའི་ཕྱིར་བྱེད་པ་མེད་པ་ཞེས་བྱ་བའི་སྒྲས་ནི་ནུས་པ་མེད་པ་བརྗོད་དེ། རྣམ་པར་ཤེས་པ་སྐྱེད་པར་མི་ནུས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ནུས་པ་མེད་ཀྱང་སྣང་བའི་
ཕྱིར། སྣང་བའི་ཕྱིར་ནུས་པ་ཡོད་དོ་ཞེས་བྱ་བ་མ་ངེས་སོ་ཞེས་བཤད་པ་ཡིན་ནོ། །དེ་དག་དེ་གཅིག་ལ་ཕན་ན། །ཇི་ལྟར་བློ་གཅིག་ཉིད་ལ་མིན། །ཞེས་བཤད་པ་གང་ཡིན་པ་དེ་ལ་གཞན་གྱི་ལན་གྱི་དོགས་པ་བསུ་བར་གལ་ཏེ་ཐ་དད་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་གཅིག་པ་
ཅན་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་རྣམས་ལ་ཞེས་བྱ་བ་ནི་རང་གི་མཚན་ཉིད་རྣམས་ལའོ། །དུ་མ་ལས་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། མཚན་ཉིད་མི་མཐུན་པ་དེ་དག་གི་རྣམ་པར་ནི་དེ་དག་གི་རྣམ་པའོ། །བློ་གང་ལ་དེ་གཞག་ཅིང་གཏད་པ་ཡོད་པ་དེ་ལ་དེ་སྐད་
ཅེས་བྱ་སྟེ། གལ་ཏེ་མཚན་ཉིད་མི་མཐུན་པ་རྣམས་ཁོ་ན་ལས་སྐྱེ་ན་ནི། དེ་ལྟ་བུར་ནི་ཐ་མི་དད་པར་སྣང་བར་མི་འགྱུར་བ་ཞིག་ན་སྣང་བར་འང་འགྱུར་ཏེ། དེ་ལྟ་བས་ན་མཚན་ཉིད་མི་མཐུན་པ་རྣམས་ཁོ་ན་ལས་སྐྱེ་བ་ནི་མ་ཡིན་གྱི་འོན་ཀྱང་སྤྱི་ནི་དངོས་པོ་ལས་སྐྱེའོ་ཞེ་ན། སྤྱིའི་འཛིན་པ་རྣམས་ལ་
ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། གལ་ཏེ་རང་གི་མཚན་ཉིད་རྣམས་རང་གི་རྣམ་པར་འཇོག་པས་སྤྱིའི་རྣམ་པ་ཅན་གྱི་བློ་རྣམས་སྐྱེད་པར་བྱེད་པ་ཡིན་པར་འདོད་ན་ནི་དེའི་ཚེ་ཇི་ལྟར་ཐ་དད་པ་རྣམས་ལ་ཐ་མི་དད་པ་སྣང་བ་ཞེས་བྱ་བ་འདི་རུང་བར་འགྱུར་
བ་ཞིག་ན་དེ་ནི་མེད་དེ། འདི་ལྟར་སྤྱི་འཛིན་པའི་བློ་རྣམས་ལ་ནི་རང་གི་མཚན་ཉིད་མི་སྣང་བ་ཉིད་དོ། །འདི་ལྟར་སྤྱི་འཛིན་པའི་བློ་རྣམས་ལ་རང་གི་མཚན་ཉིད་སྣང་བ་ཞིག་ཏུ་ཁས་ལེན་ན་རྣམ་པར་བརྟག་པ་གསུམ་ཏེ། མིག་ལ་སོགས་པའི་བློ་ལ་གསལ་བ་རྣམས་ངོ་བོ་གང་གིས་སྣང་བ་དེ་
เล่ม ๑๗๖ · หน้า 122b
ཉིད་སྤྱིའི་བློ་རྣམས་ལ་ཡང་སྣང་བའམ། སྤྱིའི་བློ་ལ་སྣང་བའི་ངོ་བོ་གང་ཡིན་པ་དེ་ཉིད་རང་གི་མཚན་ཉིད་རྣམས་ཀྱི་ཡིན་པའམ། གང་གིས་ན་ངོ་བོ་གཅིག་ནི་མིག་གི་རྣམ་པར་ཤེས་པ་ལ་སྣང་བ་ཅིག་ཤོས་ནི་རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བར་འགྱུར་བ་ཁྱད་པར་གཅིག་ལ་ངོ་བོ་གཉིས་ཡོད་
པ་ཡིན་པ་ཞིག་ཏུ་ཁས་བླང་གྲང་། དེ་ལ་ཕྱོགས་དང་པོ་ལྟར་ཡིན་ན་ནི་མིག་ལ་སོགས་པའི་བློ་བཞིན་དུ་རང་གི་མཚན་ཉིད་མེད་ན་སྤྱིའི་བློ་རྣམས་ཀྱང་མེད་པར་འགྱུར་བ་ཞིག་ན་དེ་ལྟར་ཡང་མ་ཡིན་ཏེ། དེ་མེད་ཀྱང་རང་གི་མཚན་ཉིད་མེད་ཀྱང་སྤྱིའི་བློ་དེ་དག་ཡོད་པའི་ཕྱིར་རོ། །ཕྱོགས་
གཉིས་པ་མེད་པར་བསྟན་པའི་ཕྱིར། རང་གི་རྣམ་པར་ཤེས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་གི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྟེ། དེ་དག་ནི་གསལ་བ་ཐུན་མོང་མ་ཡིན་པ་སྣང་བ་ཅན་ཡིན་པའི་ཕྱིར་རང་གི་རྣམ་པར་ཤེས་པ་ཡིན་ནོ། །སྤྱིའི་
རྣམ་པ་ལས་རྣམ་པ་གཞན་དུ་ཐུན་མོང་མ་ཡིན་པའི་རྣམ་པར་སྣང་སྟེ། གལ་ཏེ་སྤྱིའི་རྣམ་པ་ཅན་གྱི་ཤེས་པ་ལ་སྣང་བའི་ངོ་བོ་ཁོ་ན་གསལ་བ་རྣམས་ཀྱི་ཡིན་པ་ཞིག་ཏུ་གྱུར་ན། དེའི་ཚེ་རང་གི་རྣམ་པར་ཤེས་པ་ལ་རྣམ་པ་གཞན་དུ་སྣང་བར་མི་འགྱུར་རོ། །གལ་ཏེ་གསལ་བ་རྣམས་
ལ་ངོ་བོ་གཉིས་ཡོད་ཅེ་ན། གཅིག་ལ་རྣམ་པ་དུ་མ་མི་རུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གཅིག་དང་དུ་མ་ཉིད་དག་འགལ་བའི་ཕྱིར། གཅིག་ལ་དུ་མ་ཉིད་ནི་རིགས་པ་མ་ཡིན་ནོ། །འདིས་ནི་ཕྱོགས་གསུམ་པ་མེད་པར་བཤད་དོ། །ཧ་ཅང་ཐལ་བར་འགྱུར་བའི་ཡང་ཕྱིར་རོ་ཞེས་བྱ་
བ་ནི། གཅིག་ལ་དུ་མ་ཉིད་དུ་རྟོག་ན་གང་ལ་ཡང་གཅིག་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་རང་གིས་མཚན་ཉིད་ཁོ་ན་ཁྱད་པར་གྱི་བདག་ཉིད་ཡིན་གྱི། སྤྱི་ནི་ཁྱད་པར་གྱི་བདག་ཉིད་མ་ཡིན་ལ། ཁྱད་པར་ཡང་སྤྱིའི་བློ་ལ་མི་སྣང་ངོ་། །གང་གི་ཕྱིར་དེ་ལྟ་
ཡིན་པ་དེའི་ཕྱིར་སྤྱིའི་རྣམ་པ་ཅན་གྱི་བློ་འདི་ནི་དེ་ལས་བྱུང་ཞིང་། དོན་ཐ་དད་པ་ལས་འབྱུང་ཞིང་དོན་ཐ་དད་པ་འཛིན་པ་ཡིན་ན། རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཡིན་ན་ནི་ཐ་མི་དད་ཅིང་རྣམ་པ་གཅིག་པ་ཅན་དུ་སྣང་བར་མི་འགྱུར་རོ། །འོན་ཀྱང་འདི་ནི་རང་གི་མཚན་ཉིད་འཛིན་པས་ཉམས་
เล่ม ๑๗๖ · หน้า 123a
སུ་མྱོང་བས་གཞག་པའི་བག་ཆགས་ལ་བརྟེན་ནས་རང་བཞིན་གྱིས་འཁྲུལ་པ་ཁོ་ནར་སྐྱེ་ལ་བརྒྱུད་པས་ནི་གསལ་བ་རྣམས་རྒྱུ་ཡིན་པར་བརྗོད་དོ། །གལ་ཏེ་སྤྱིའི་བློས་རང་གི་མཚན་ཉིད་སྣང་བ་མ་ཡིན་ན། ཇི་ལྟར་སྒྲའི་ཤེས་པ་དང་། རང་གི་དོན་གྱི་རྗེས་སུ་དཔག་པ་ལས་
འཇིག་རྟེན་ཐ་སྙད་ལ་འཇུག་ཅེ་ན། དེའི་ཕྱིར་དེ་མི་སྣང་བས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་གི་མཚན་ཉིད་མི་སྣང་བས་ཀྱང་རང་ལ་སྣང་བ་དོན་མེད་པ་ལ་དོན་དུ་ལྷག་པར་ཞེན་པའི་འཁྲུལ་པའི་རྒྱུས་འཇིག་རྟེན་ཐ་སྙད་འདོགས་པར་བྱེད་ཅིང་འཇུག་པར་བྱེད་དེ། སྣང་བ་དང་རྣམ་པར་བརྟག་
པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་འཇུག་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཐ་མི་དད་པའི་ངོ་བོ་ཉིད་མེད་ན་ཐ་མི་དད་པའི་རྣམ་པ་ཅན་གྱི་བློ་མི་རུང་བ་ཡིན་ནམ། དེ་ལྟ་བས་ན་དོན་རྣམས་ཐ་མི་དད་པའི་རྣམ་པ་ཡང་ཡོད་དགོས་སོ་ཞེ་ན། དེ་ལ་སྣང་བའི་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། རྣམ་པར་རྟོག་པ་ཅན་གྱི་བློ་དེ་ལ་སྣང་བའི་སྤྱིའི་རྣམ་པ་དེ་ནི་དོན་རྣམས་ལ་མེད་དེ་དེ་སྤྱི་ཐ་དད་པ་གསལ་བ་ལ་མ་རྟོགས་པ་མི་དམིགས་པའི་ཕྱིར་དང་ཐ་མི་དད་པ་ནི་གསལ་བ་བཞིན་དུ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཐ་མི་དད་པའི་ངོ་བོ་ཉིད་མེད་ན་ཐ་མི་དད་པའི་རྣམ་པ་ཅན་གྱི་
རྣམ་པར་རྟོག་པ་འབྲེལ་པ་མེད་དོ་ཞེས་སྨྲས་པ་ཡིན་ཞེ་ན། དེའི་ཕྱིར་ཐ་དད་པའི་ཐ་མི་དད་པ་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། ཐ་དད་པ་ནི་གཞན་སེལ་བའོ། །དེ་ཉིད་ཐ་མི་དད་པ་ཡིན་ཏེ། འདི་ལྟར་ཇི་ལྟར་བ་ལང་གི་གསལ་བ་གཅིག་ལ་བ་ལང་མ་ཡིན་པ་ལས་ལྡོག་པ་ལྟར་གཞན་
ཡང་དེ་དང་འདྲའོ། །དེ་བས་ན་རྣམ་པ་འདིས་ནི་ཐ་དད་པའི་ཐ་མི་དད་པ་རང་གི་མཚན་ཉིད་རིགས་མི་མཐུན་པ་ལས་ལྡོག་པ་རྣམས་ཁོ་ན་ལ་བྱའོ། །མ་གཏོགས་སོ་ཞེས་བྱ་བའི་སྒྲའི་དོན་ནི་འདུན་པ་མ་ཡིན་པས་རྣམ་པར་དབྱེ་བ་བརྒྱུད་དོ། །དེས་ན་ཚིག་གི་དོན་ནི་འདི་ཡིན་ཏེ། ཇི་སྐད་བཤད་
པའི་རྣམ་པས་ན་རང་གི་མཚན་ཉིད་ཀྱི་བདག་ཉིད་ཀྱི་ཐ་དད་པའི་ཐ་མི་དད་པ་ལས་གཞན་པ་སྣང་བའི་རྣམ་པ་ནི་དོན་རྣམས་ལ་མེད་ཀྱི། འོན་ཀྱང་མཚན་ཉིད་ཀྱི་བདག་ཉིད་ཀྱི་ཐ་དད་པར་རིགས་མི་མཐུན་པ་ལས་ལོག་པས་ཐ་མི་དད་པ་ཁོ་ན་ཐམས་ཅད་ལ་ཡོད་ལ། དེ་ཡང་རང་བཞིན་གྱིས་
เล่ม ๑๗๖ · หน้า 123b
བརྒྱུད་པས་སྤྱིའི་རྣམ་པ་ཅན་གྱིས་མངོན་པར་ཤེས་པའི་ས་བོན་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རང་གི་མཚན་ཉིད་ཀྱི་བདག་ཉིད་ཀྱི་གཞན་སེལ་བ་འདི་ཡང་བརྒྱུད་པས་རྣམ་པར་རྟོག་པའི་བདག་པོ་ཙམ་ཡིན་གྱི་སྣང་བས་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་ལ་སྣང་བའི་རྣམ་
པར་ཡང་ཇི་སྟེ། གསལ་བ་རྣམས་ལ་མེད་ཅེ་ན། དེ་ནི་མེད་པའི་ངོ་བོ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ནི་ཞེས་བྱ་བ་ནི་འདི་ལྟར་ཞེས་བྱ་བའི་དོན་ཏེ། རྣམ་པར་རྟོག་པ་ལ་སྣང་བའི་རྣམ་པ་དེ་ནི་གསལ་བ་རྣམས་ལ་དེ་ཉིད་དང་གཞན་ཉིད་དུ་དེའི་རང་གི་ངོ་བོ་རྣམ་པར་གཞག་པ་མི་ནུས་པའི་ཕྱིར་ངོ་བོ་
ཉིད་མེད་པ་ཁོ་ན་ཡིན་ཏེ། གསལ་བ་ལས་གཞན་པ་ཉིད་གཅིག་ཡིན་ན་ནི། ཉམས་སུ་མྱོང་བའི་བློ་སྣ་ཚོགས་སུ་སྣང་བར་འགྱུར་ལ། དེ་ཉིད་ཡིན་ན་ནི་གསལ་པ་བཞིན་དུ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མཚུངས་པ་མ་ཡིན་པ་ཉིད་དོ། །གསལ་བ་ཞིག་ན་ཡང་དེ་དང་ཐ་མི་དད་པའི་
ཕྱིར་ཞིག་པས་གསལ་བ་ཞིག་པ་ལས་སྤྱིའི་རྣམ་པ་ཅན་གྱི་བློར་ཡང་མི་འགྱུར་རོ། །དེ་ལྟ་བས་ན་རྣམ་པར་རྟོག་པ་ལ་སྣང་བའི་རྣམ་པ་འདི་ནི་འཁྲུལ་པ་ཁོ་ན་ཡིན་ནོ། །བློ་དེས་དེ་ཁོ་ན་འཛིན་པ་ན་སྟེ། དེའི་རྣམ་པར་སྐྱེ་བ་ཉིད་འཛིན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ངོ་བོ་མེད་པའི་རྣམ་པར་
འཛིན་པའི་ཕྱིར་བསླད་ཅིང་འཁྲུལ་པར་འགྱུར་བའི་སྔ་མ་རིག་པའི་མཐུས་རྣམ་པར་རྟོག་པ་རྣམས་ལ་མཐུ་འདི་མེད་དོ་ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ། །ཉེས་པ་ཡོངས་སུ་སྤངས་པ་བཤད་ནས། ད་ནི་མཚུངས་པ་ཉིད་དུ་བསྒྲུབ་པ་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །གཞན་གྱིས་མཚུངས་པ་མ་ཡིན་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཞེས་བྱ་བ་ནི་གསལ་བ་ཐ་དད་པ་རྣམས་ལ་ཡང་ངོ་། །སྤྱི་དེ་ཁོ་ན་ལ་བློ་རྣམ་པ་མཚུངས་པ་ཅན་དུ་འགྱུར་བས་ཀླན་ཀ་མཚུངས་པ་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་དེ་ལ་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །གསལ་བ་དེ་ལ་སྤྱི་དེ་ཡོད་ཀྱང་གསལ་བ་རྣམས་ཉམས་སུ་མྱོང་བའི་བློ་དག་གིས་སྣང་བའི་རྣམ་པ་མི་རྟོགས་ཏེ། མིག་ལ་སོགས་པའི་བློས་གསལ་བའི་རྣམ་པ་དང་སྤྱིའི་རྣམ་པ་གཉི་ག་རྟོགས་པར་མྱོང་བ་ནི་མེད་པས་སྤྱི་རྟོགས་པ་མེད་པའི་སྒོ་ནས་ཀྱང་ཇི་ལྟར་གསལ་བ་
เล่ม ๑๗๖ · หน้า 124a
རྣམས་ལ་རྣམ་པ་གཅིག་པ་ཅན་གྱི་བློར་འགྱུར། གལ་ཏེ་མིག་ལ་སོགས་པ་བློ་ལ་སྤྱིའི་རྣམ་པར་རྟོག་པ་ཁོ་ནའོ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་རྣམས་ལ་ཉམས་སུ་མྱོང་བའི་བློ་དེ་ནི་ཁ་དོག་དང་དབྱིབས་སུ་སྣང་བ་དང་ལྡན་པར་ཡིད་ཆེས་ཤིང་
ཉམས་སུ་མྱོང་ངོ་། །གལ་ཏེ་ཁ་དོག་ལ་སོགས་པའི་རྣམ་པ་ཁོ་ན་སྤྱི་ཡིན་ནོ་ཞེ་ན། སྤྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་སྟེ། ཁ་དོག་དང་དབྱིབས་ལ་སོགས་པ་ནི་ཡིན་ལ་སྤྱི་ནི་ཡོན་ཏན་ཐ་དད་པའི་ཕྱིར་རོ། །དེ་ལ་མ་གཏོགས་པ་ཞེས་བྱ་བ་ནི་
ཁ་དོག་དང་དབྱིབས་ལས་མ་གཏོགས་པའོ། །དེ་ལྟར་ན་རེ་ཞིག་སྤྱི་ཐ་དད་པར་སྨྲ་བ་བྱེ་བྲག་པ་དང་རིགས་པ་ཅན་ལ་སོགས་པ་ལ་ཐ་མི་དད་པའི་ཤེས་པ་མི་རུང་སྟེ། སྤྱི་མེད་པའི་ཕྱིར་རོ། །སྤྱི་ཐ་མི་དད་པར་སྨྲ་བ་གྲངས་ཅན་ལ་ཡང་རིགས་པ་མ་ཡིན་པར་བསྟན་པའི་ཕྱིར་རྣམ་པ་སྤྱི་ཡིན་པར་ཞེས་བྱ་བ་
ལ་སོགས་པ་སྨོས་པ་ཏེ། རྣམ་པ་ནི་རང་གི་མཚན་ཉིད་རྣམས་ཀྱི་བདག་ཉིད་དུ་གྱུར་པ་ཁོ་ནའི་འདྲ་བ་ཡིན་ནོ། །དེ་ཉིད་སྤྱི་ཡིན་ཏེ་གྲངས་ཅན་གང་ལ་དེར་སྨྲ་བ་ཡོད་པའམ། གང་ལ་དེར་སྨྲ་བའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱི་དེ་ཁྱད་པར་བཞིན་དུ་རང་གི་མཚན་ཉིད་ལས་ཐ་མི་དད་པའི་
རྒྱུས་དོན་གཞན་གསལ་བ་གཉིས་པ་ལ་སོགས་པ་ལ་མི་འཇུག་སྟེ། དེའི་ཕྱིར་སྤྱི་དེ་ཡང་ཐ་དད་ཅིང་རང་གི་མཚན་ཉིད་ཁོ་ནར་གྱུར་ཏོ། །ཐ་དད་པ་དེའི་ཕྱིར་འདྲ་བ་དེའི་སྒོ་ནས་ཀྱང་ཐ་མི་དད་པར་སྣང་བ་མི་རུང་སྟེ། གསལ་བ་རྣམས་ལ་ཞེས་བྱ་བ་ཁོང་ནས་དྲང་ངོ་། །དེ་ལྟར་ན་སྤྱི་ཐ་
དད་པ་དང་ཐ་མི་དད་པ་མི་རུང་བའི་ཕྱིར་གསལ་བ་རྣམས་ལ་རྣམ་པ་གཅིག་ཏུ་སྣང་བ་འདི་ནི་འཁྲུལ་པ་ཁོ་ནའོ་ཞེས་བཤད་པ་ཡིན་ནོ། །ད་ནི་གསལ་བ་རྣམས་ལ་གཅིག་ཏུ་སྣང་བ་ཉིད་མེད་དོ་ཞེས་བསྟན་པའི་ཕྱིར་ཡང་ན་ཡིན་དུ་ཟད་དེ་ཞེས་བྱ་བ་སྨོས་ཏེ། ཐ་དད་མི་སྣང་བློ། ཐ་དད་པ་རྣམས་ལ་མི་
འདོད་ཅེས་སྨྲས་པ་གང་ཡིན་པ་དེ་ཡིན་དུ་ཟད་དེ་དེ་ནི་འདོད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གསལ་བ་ལ་དམིགས་པའི་བློ་སྣང་བ་ཐ་དད་དེ། ཅིའི་ཕྱིར་ཞེ་ན། གསལ་བ་དེ་དག་མཚུངས་ཞེས་འཛིན་པའི་ཕྱིར་རོ། །དེ་དག་ལ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ་དེ་དག་ལ་
เล่ม ๑๗๖ · หน้า 124b
ཞེས་བྱ་བ་ནི་གསལ་བ་དག་ལའོ། །གལ་ཏེ་གཅིག་ཏུ་སྣང་ཡང་མཚུངས་པའོ་ཞེས་འཛིན་པར་འགྱུར་རོ་ཞེ་ན། གཅིག་ཏུ་སྣང་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་ཅི་ཞེ་ན་དེ་ཉིད་ཡིན་ནོ་སྙམ་མོ་ཞེས་བྱ་བ་ནི་སྔོན་མཐོང་བ་གང་ཡིན་པ་དེ་ཉིད་སྣང་བ་འདི་ཡིན་ནོ་ཞེས་དེ་སྙམ་དུ་སེམས་པར་
འགྱུར་གྱི། སྔ་མ་དང་འདི་མཚུངས་སོ་ཞེས་སྙམ་པ་ནི་མ་ཡིན་ཏེ། སྤྱིའི་ཐ་སྙད་ཐ་དད་པའི་རྟེན་ཅན་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གཉི་ག་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་སྤྱི་འབའ་ཞིག་ཁོ་ན་དེ་དག་གིས་འཛིན་ན་ནི་དེའི་ཚེ་ཉེས་པ་འདིར་འགྱུར་རོ། །འོན་ཀྱང་
སྤྱིའི་བློས་སྤྱི་དང་རང་གི་མཚན་ཉིད་གཉི་ག་འཛིན་པ་དེའི་ཕྱིར་ཉེས་པ་མེད་དེ་འདི་ལྟར་སྤྱི་དེ་ཁོ་ན་དང་ལྡན་པའི་གསལ་བ་རྣམས་ལ་མཚུངས་སོ་སྙམ་དུ་འཛིན་ཏོ་ཞེ་ན། སློབ་དཔོན་གྱིས་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉི་ག་འཛིན་པར་བརྟག་པ་ན་ཡང་དེ་འདི་ལའོ་སྙམ་
པར་འགྱུར་ཞིང་སྔར་གསལ་བ་ཞིག་ལ་མཐོང་བའི་སྤྱི་གང་ཡིན་པ་དེ་གསལ་བ་གཞན་འདི་ལ་སྣང་ངོ་ཞེས་དེ་སྙམ་དུ་སེམས་པར་འགྱུར་གྱི་མཚུངས་སོ་སྙམ་པ་ནི་མ་ཡིན་ནོ། །འདི་སྐད་དུ་སྤྱི་ཡང་གསལ་བ་དང་མཚན་ཉིད་ཤིན་ཏུ་མི་འདྲ་ལ་གསལ་བ་རྣམས་ཀྱང་དེ་དང་ཤིན་ཏུ་མི་འདྲའོ། །དེ་བས་
ན་དེ་ལྟར་སྤྱི་དང་དེ་དང་ལྡན་པ་དག་ཕན་ཚུན་མི་མཐུན་ན་སྤྱི་འབྱུང་པོའི་མགུལ་ཆིངས་བཞིན་དུ་གསལ་བ་རྣམས་ལ་གནས་སུ་ཟིན་ཀྱང་འོ་ན་ཇི་ལྟར་དེ་རྣམས་ལ་མཚུངས་སོ་སྙམ་དུ་རྟོགས་པར་འགྱུར། མགུལ་ཆིངས་གཅིག་དང་འབྲེལ་པའི་ཕྱིར། འབྱུང་པོ་རྣམས་ལ་སྤྱིའི་རྣམ་པར་འཛིན་པ་ནི་
མེད་དོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ཉིད་ཅེས་བྱ་བ་ནི་བ་ལང་ཉིད་ལ་སོགས་པ་དོན་གཞན་དུ་གྱུར་པ་ནི་གསལ་བ་དེ་དག་གི་མཚུངས་པ་ཡིན་ཏེ། དེས་དེ་དག་མཚུངས་སོ་ཞེ་ན། ཇི་ལྟར་སྤྱིའི་བདག་ཉིད་གཞན་དང་རང་གི་མཚན་ཉིད་གཞན་དུ་མཚུངས་པ་ཡིན་པ་རྣམ་པ་གང་གིས་
མཚུངས་ཏེ། གང་གིས་ཀྱང་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་གསལ་བའི་ངོ་བོའི་རྗེས་སུ་བྱེད་པའི་ཕྱིར་སྤྱི་གསལ་བ་རྣམས་ཀྱིས་མཚུངས་པ་ཡིན་པར་བརྟག་གྲང་ན་དེ་ནི་མེད་དེ་སྤྱི་གསལ་བ་དག་དང་རང་གི་མཚན་ཉིད་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །གལ་ཏེ་གསལ་
เล่ม ๑๗๖ · หน้า 125a
བའི་རྗེས་སུ་བྱེད་པའི་ཕྱིར་མཚུངས་པ་ནི་མ་ཡིན་ནོ། །འོན་ཀྱང་དེ་དག་དང་འབྲེལ་པའི་ཕྱིར་གསལ་བ་དག་དང་འབྲེལ་པའི་ཕྱིར་སྤྱི་གསལ་བ་རྣམས་ཀྱིས་མཚུངས་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རག་མ་ལས་པ་ལ་གསལ་བ་ལ་རག་མ་
ལས་པ་ལ་སྟེ། དེ་དག་གིས་ཕན་མ་བཏགས་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །སྤྱི་དོན་གཞན་དང་འབྲེལ་པ་གསལ་བ་རྣམས་ཀྱི་མཚུངས་པ་ཡིན་ན་ནི་དེའི་ཚེ། ཧ་ཅང་ཐལ་བར་འགྱུར་ཏེ། ཐམས་ཅད་ཀྱང་ཐམས་ཅད་ཀྱི་མཚུངས་པར་འགྱུར་རོ། །དོན་རྣམ་པ་གཅིག་ཏུ་ན་སྤྱི་གསལ་
བ་དག་དང་འབྲེལ་དུ་ཟིན་ཀྱང་འོན་ཀྱང་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དེ་ཙམ་གྱིས་གཞན་དང་གཞན་དུ་མཚུངས་པ་ནི་མ་ཡིན་ཏེ། འཁར་བ་ཡང་འཁར་བ་ཐོགས་པ་རྣམས་དང་འབྲེལ་པའི་ཕྱིར་དེ་རྣམས་ཀྱི་མཚུངས་པ་ཡིན་པར་འགྱུར་རོ། །གཞན་གྱིས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་
སྨྲས་ཏེ། མཚུངས་པའོ་སྙམ་དུ་འཛིན་པའི་ཕྱིར་གསལ་བ་རྣམས་ལ་སྣང་བ་ཐ་དད་པར་སྒྲུབ་པར་ནི་བྱེད་ན་དེ་ཡང་འགལ་ཏེ་འདི་ལྟར་གལ་ཏེ་གསལ་བ་དེ་དག་མཚུངས་ན་ནི་ཇི་ལྟར་ཐ་དད་པའི་བློས་གཟུང་བར་བྱ་བ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བར་བྱ་བ་བཅས་པ་ཡིན་ཏེ་ཐ་མི་དད་པའི་
བློས་གཟུང་བར་བྱ་བ་མ་ཡིན་པར་ཡང་འགྱུར་རོ་ཞེས་བྱ་བའི་ཡང་ཐ་ཚིག་གོ། །འདི་ལྟར་གང་ལ་སྤྱི་ཡང་ཅུང་ཟད་ཅིག་ཡོད་ལ་ཁྱད་པར་ཡང་ཅུང་ཟད་ཅིག་ཡོད་པ་དེ་ལ་མཚུངས་སོ་སྙམ་དུ་འཛིན་གྱི། གང་ལ་ཤིན་ཏུ་ཐ་མི་དད་པའམ་ཐ་དད་པ་ཡོད་པ་དེ་ལ་ནི་མ་ཡིན་ནོ། །དེ་ཉིད་དུ་མཚུངས་པའོ་
ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །གསལ་བ་འདི་དག་ལ་སྟེ། འདིས་ནི་ཁྱད་པར་གྱི་ངོ་བོ་བསྟན་ཏོ། །ཐ་མི་དད་པར་སྣང་བ་མ་ཡིན་ནམ་ཞེས་བྱ་བ་ནི་གྲུབ་ཅེས་བྱ་བའི་ཁོང་ནས་དབྱུང་སྟེ། འདིས་ནི་སྤྱིའི་ངོ་བོ་བཤད་དོ། །དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་བོ་གཟུང་བའི་ཕྱིར་
གསལ་བ་རྣམས་ལ་མཚུངས་སོ་སྙམ་དུ་འཛིན་ཏོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །སློབ་དཔོན་གྱིས་དེ་མཐོང་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མཐོང་བ་ལ་ཞེས་བྱ་བ་ནི་གསལ་བ་འཛིན་པའི་ཤེས་པ་ལའོ། །ཐ་དད་པ་དང་ཐ་མི་དད་པ་དག་ཅེས་བྱ་བ་ནི་ཁྱད་པར་དང་སྤྱི་དག་གོ། །
เล่ม ๑๗๖ · หน้า 125b
འབྲས་བུ་གཅིག་འདྲ་ཞེས་བྱ་བ་ལ་ཇི་ལྟར་གསལ་བ་མཚན་ཉིད་མི་མཐུན་པ་རྣམས་ཀྱིས་ཀྱང་འབྲས་བུ་གཅིག་བྱེད་པ་དེ་ནི་བསྟན་ཟིན་ཏེ། འབྲས་བུ་གཅིག་པ་དེ་ཉིད་དེ་དག་གི་འདྲ་བ་ཡིན་པས་འདྲ་བ་དེ་ཁོ་ནས་མཚུངས་པ་དག་ཏུ་ཤེས་ཀྱི་ཐ་དད་པ་དང་ཐ་མི་དད་པ་དག་འཛིན་པའི་ཕྱིར་ནི་མ་ཡིན་
ནོ། །ཅིའི་ཕྱིར་ཞེ་ན། ཁོ་བོས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་ཤེས་པ་ལ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་ཤེས་པ་ལའོ། །རྣམ་པ་གཉིས་པ་ལ་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པ་དག་གོ། །གཉིས་རབ་ཏུ་བརྟགས་པས་ཞེས་བྱ་བ་ནི་མཚུངས་པ་དང་མི་མཚུངས་པའི་ངོ་བོར་
རབ་ཏུ་བརྟག་པའོ། །རྟོགས་པའི་ཡུལ་ཉིད་དུ་ཞེས་བྱ་བ་ནི་གཅིག་པ་ཉིད་དུ་སྒྲོ་འདོགས་པར་བྱེད་པའི་རྣམ་པར་རྟོག་པའི་ཡུལ་ཉིད་དུའོ། །འདིས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བློས་སོ། །དེ་ལྟར་ཞེས་བྱ་བ་ནི་མཚུངས་པའི་ངོ་བོ་ཉིད་དུའོ། །གཞན་གྱིས་དེ་དག་གིས་ཞེས་བྱ་བ་ལ་
སོགས་པ་སྨྲས་ཏེ། གསལ་བ་དེ་དག་གི་འབྲས་བུ་ནི་བློ་ཡིན་ན་དེ་ཡང་ཐ་དད་དོ་ཞེས་བྱ་བ་འདི་ཙམ་ནི་ཚིག་ལེའུར་བྱས་པའི་ཆ་ཡིན་ནོ། །དངོས་པོ་རེ་རེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྲེལ་ཏེ། དངོས་པོ་དང་དངོས་པོ་ལ་དེ་སྣང་བའི་རྣམ་པར་ཤེས་པ་ཡང་། གསལ་བ་སྣང་བའི་རྣམ་
པར་ཤེས་པ་ཡང་དེ་དང་འདྲ་བར་གསལ་བ་དང་འདྲ་བར་ཐ་དད་པའི་ཕྱིར། ཇི་ལྟར་རང་གི་མཚན་ཉིད་ཐ་མས་ཐ་དད་པ་ལྟར་དེ་དག་ཉམས་སུ་མྱོང་བའི་ཤེས་པ་དེ་དག་ཀྱང་དེ་དང་འདྲ་བ་ཡིན་ན་ཇི་ལྟར་གསལ་བ་རྣམས་འབྲས་བུ་གཅིག་པ་ཉིད་ཡིན་ཏེ་མ་ཡིན་པ་ཉིད་དོ། །གལ་ཏེ་ཉམས་སུ་མྱོང་བའི་
རྣམ་པར་ཤེས་པས་གསལ་བ་རྣམས་འབྲས་བུ་གཅིག་པ་ཅན་ནི་མ་ཡིན་གྱི་འོན་ཀྱང་རྣམ་པར་རྟོག་པ་ཅན་གང་ཞིག་གི་ངོ་བོར་སྒྲོ་འདོགས་པར་འཇུག་པ་དེ་ལ་ལྟོས་ནས་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་དེ་དག་གི་འབྲས་བུ་ནི་ཉམས་སུ་མྱོང་བའི་ཤེས་
པ་དེ་ཡིན་གྱི་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་ནི་མ་ཡིན་ཏེ། དེ་ནི་གསལ་བ་མེད་ཀྱང་ཡོད་པའི་ཕྱིར་རོ། །མཚུངས་སོ་སྙམ་དུ་དེ་ལྟར་རྣམ་པར་རྟོག་པ་སྐྱེ་བ་དེ་ཉིད་ཀྱང་གསལ་བ་རྣམས་ལ་ཅི་ཞིག་མཚུངས་ན། གང་གིས་ན་གསལ་བ་ཁ་ཅིག་ལ་མཚུངས་པའོ་སྙམ་དུ་འཛིན་གྱི་ཐམས་ཅད་
เล่ม ๑๗๖ · หน้า 126a
ལ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་འབྲས་བུ་གཅིག་པ་ཉིད་ཀྱི་འདྲ་བ་ངེས་པར་བྱེད་པ་ཡིན་པར་བརྗོད་དེ། དེ་ལ་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་དེ་ཁོ་ན་ལ་ལྟོས་ནས་འབྲས་བུ་གཅིག་པ་ཉིད་དུ་རྣམ་པར་གཞག་པ་རིགས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཉམས་སུ་མྱོང་བའི་ཤེས་པ་ཁོ་
ན་དངོས་སུ་གསལ་བ་རྣམས་ཀྱི་འདྲ་བ་ཡིན་ན་དེ་ཡང་ཐ་དད་དོ། །གལ་ཏེ་འོ་ན་ཆུ་ཆུ་བ་ལ་སོགས་པའི་འབྲས་བུ་གཅིག་པ་ཡིན་ནོ་ཞེ་ན། བུམ་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་པའི་འབྲས་བུ་ཆུ་ཆུ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་
ནི་རས་ཡུག་རྣམས་ཀྱིས་གྲང་བ་སེལ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྡུའོ། །རྫས་རེ་རེའི་ཞེས་བྱ་བ་ནི་རྫས་དང་རྫས་ཀྱི་ཁྱད་པར་དེའི་སྒོ་ནས་ཐ་དད་པ་ཡིན་པས་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་གྱིས་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ།
གསལ་བ་རྣམས་ནི་ཉམས་སུ་མྱོང་བའི་ཤེས་པ་ལ་ལྟོས་པ་ཁོ་ནས་འབྲས་བུ་གཅིག་པ་ཉིད་ཡིན་ལ་རང་གི་མཚན་ཉིད་ཤེས་པ་དེ་དག་ནི་འབྲས་བུ་གཅིག་པ་ཉིད་ཀྱི་འདྲ་བས་གཅིག་ཅེས་བྱ་བའི་རང་གི་མཚན་ཉིད་ཐ་མི་དད་པས་ནི་མ་ཡིན་ཏེ། ཇི་ལྟར་གསལ་བ་རྣམས་ཀྱིས་དངོས་སུ་རྣམ་པ་
གཅིག་ཏུ་རྟོགས་པའི་ཤེས་པ་མི་སྐྱེད་མོད་ཀྱི་དེ་དག་ལ་དམིགས་པ་རང་གི་མཚན་ཉིད་ཤེས་པ་རྣམས་ནི་གཅིག་ཏུ་རྟོགས་པའི་རྒྱུ་ཡིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་འཛིན་པའི་བློ་ནི་ཐ་དད་ཀྱང་འབྲས་བུ་གཅིག་པ་ཉིད་ཀྱིས་ཐ་དད་པ་མེད་པ་ཡིན་ནོ། །དེ་ལྟར་ཉེ་བར་བཏགས་པའི་
གཅིག་པ་ཉིད་ཀྱིས་གཅིག་པ་ཉམས་སུ་མྱོང་བའི་བློ་གཅིག་པུ་གང་ཡིན་པ་བློ་གཅིག་པུ་དེའི་རྒྱུའི་དངོས་པོས་གསལ་བ་རྣམས་ཀྱང་ཐ་མི་དད། ཅིའི་ཕྱིར་ཉེ་བར་བཏགས་པའི་གཅིག་པ་ཉིད་ཁས་ལེན་གྱི་དངོས་པོ་ནི་མ་ཡིན་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཕྱིར་
དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །ཞེས་བྱ་བར་དེར་བཤད་ཟིན་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་ཁྱད་པར་མ་འདྲེས་པ་རྣམས་ཏེ། རྣམ་པ་གཅིག་པ་ཅན་གྱི་བློ་ནི་དེ་མ་ཡིན་པ་ལས་དེ་འཛིན་པའི་ཕྱིར་འཁྲུལ་པ་ཁོ་ན་ཡིན་ནོ། །གལ་ཏེ་འཁྲུལ་པ་དེ་གང་
เล่ม ๑๗๖ · หน้า 126b
དག་གིས་སྐྱེད་པར་བྱེད། དེ་རྒྱུ་མེད་བ་ཅན་དུ་ནི་རིགས་པ་མ་ཡིན་ནོ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཏེ། འཁྲུལ་པ་དེ་ནི་དངོས་པོ་ཐ་དད་པ་རང་གི་མཚན་ཉིད་ལོག་པ་རྣམས་ཀྱི་རིམ་གྱིས་བསྐྱེད་ཀྱི་དངོས་སུ་ནི་དེ་མ་ཡིན་ནོ། །རིམ་གྱིས་ཞེས་བཤད་པ་གང་ཡིན་པ་དེའི་རྣམ་པར་བཤད་པ་ནི་
རྣམ་པར་རྟོག་པའི་རྒྱུར་གྱུར་པ་རྣམས་ཀྱིས་ཞེས་བྱ་བ་ཡིན་ཏེ། ཉམས་སུ་མྱོང་བའི་ཤེས་པ་ནི་རྣམ་པར་རྟོག་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ཞེས་བྱ་སྟེ། རྣམ་པར་རྟོག་པའི་རྒྱུས་ཉམས་སུ་མྱོང་བའི་ཤེས་པའི་རྒྱུ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་རིམ་པའི་དོན་ནི་གསལ་
བ་རྣམས་ཀྱིས་ནི་ཉམས་སུ་མྱོང་བའི་ཤེས་པ་བསྐྱེད་ལ་དེས་ནི་རྣམ་པ་གཅིག་པར་འཁྲུལ་པ་བསྐྱེད་དོ་ཞེས་བྱ་བ་འདི་ཡིན་ནོ། །ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་རང་བཞིན་གྱིས་སོ། །ཀྱང་ཞེས་བྱ་བ་འདི་ཡང་བཤད་ཟིན་ཞེས་བྱ་བའི་རྗེས་སྙེག་ཕྱིར་ཏེ་འདི་ཡང་སྐབས་དེ་ཉིད་དུ་བཤད་ཟིན་ཏོ། །
འདི་དག་གིས་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་ཏེ། དེ་ནི་ཞེས་བྱ་བ་ནི་དངོས་པོ་འདི་དག་གི་ཐ་དད་པ་སྟེ་གཞན་སེལ་བའོ། །ངོ་བོ་ཉིད་ཇི་ལྟ་བུ་ཞིག་ཅེ་ན། དེ་བྱེད་པ་མ་ཡིན་པའི་ངོ་བོ་ཉིད་ལས་ཐ་དད་པ་སྟེ། དེ་ནི་འདི་དག་གི་ཐ་མི་དད་པ་ཞེས་བྱའོ། །ཅིའི་ཕྱིར་
ཞེ་ན། ཤེས་པ་ལ་སོགས་པའི་དོན་དབང་པོའི་ཤེས་པ་དང་། ཆུ་ཆུ་བ་ལ་སོགས་པ་གཅིག་བྱེད་པའི་ཕྱིར་རོ། །འགའ་ཞིག་ཅེས་བྱ་བ་ནི་རང་གི་ངོ་བོ་དང་འཚམས་པ་སྟེ། དེ་ནི་ཕྱེད་འོག་མའི་རྣམ་པར་བཤད་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཕྱེད་གོང་མའི་རྣམ་
པར་བཤད་པ་སྟེ། ཤེས་པ་ལ་སོགས་པ་འབྲས་བུ་དེ་ཡང་ཐ་མི་དད་པར་སྣང་ངོ་ཞེས་བྱ་བར་སྦྱར་རོ། །རང་བཞིན་གྱིས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སོ། །ཐ་མི་དད་པར་སྙེམས་པའི་ཞེས་བྱ་བ་ནི་ཐ་མི་དད་པར་ལྷག་པར་ཞེན་པའིའོ། །རྟོགས་པ་དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པས་
ནི་གསལ་བ་རྣམས་ཀྱང་བརྒྱུད་པས་རྣམ་པར་རྟོག་པའི་རྒྱུ་ཉིད་ཡིན་པར་བསྟན་ཏོ། །ཤེས་པ་ལ་སོགས་པའི་ཞེས་བྱ་བ་ཉམས་སུ་མྱོང་བའི་ཤེས་པ་དང་། ཆུ་ཆུ་བ་ལ་སོགས་པའི་དོན་གྱི་རྒྱུ་ཡིན་པའི་ཕྱིར་གསལ་བ་རྣམས་ཀྱིས་ཀྱང་རིམ་གྱིས་གཅིག་གི་ཤེས་པ་བསྐྱེད་དོ་ཞེས་བྱ་བར་
เล่ม ๑๗๖ · หน้า 127a
སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། རྣམ་པ་བསྲེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་གསལ་བ་རྣམས་ལ་རྣམ་པ་གཅིག་བསྲེས་ཤིང་སྒྲོ་བཏགས་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ལ་རྟེན་རང་གི་ངོ་བོའི་ཁྱད་པར་གཞན་ལས་ལོག་པའི་ངོ་བོ་
དེ་ཉིད་དོན་དམ་པ་ཡིན་གྱི་ཉེ་བར་བཏགས་པའི་མ་ཡིན་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཏེ། རྣམ་པར་རྟོག་པ་ནི་བརྒྱུད་པས་རང་གི་མཚན་ཉིད་ལོག་པའི་སྒོ་ནས་འོངས་པའི་ཕྱིར་རོ། །དེ་ནི་དངོས་པོ་ཐ་དད་པ་ཞེས་བྱ་བ་ལ་སོགས་པས་དོན་འདི་བཤད་མ་ཐག་པ་ཁོ་ན་མ་ཡིན་ནམ་ཞེ་ན། བདེན་
ན་འོན་ཀྱང་འདིས་ནི་རིམ་གྱིས་རྣམ་པར་རྟོག་པའི་རྒྱུར་གྱུར་པ་རྣམས་ཀྱིས་ཞེས་བྱ་བའི་དོན་འདི་ཁོ་ན་གསལ་བར་བྱས་པ་ཡིན་ནོ། །འབྲས་བུ་གཅིག་པ་ཉིད་སྤྱི་དངོས་པོར་གྱུར་པ་ཡིན་པར་འགྱུར་རོ་ཞེ་ན། དེ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འབྲས་བུ་ཅན་མ་ཡིན་པ་དང་བྲལ་ཞིང་
ལྡོག་པ་དེ་ཁོ་ན་འབྲས་བུ་གཅིག་པ་ཅན་ཉིད་ཡིན་གྱི། སྤྱི་དངོས་པོར་གྱུར་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གསལ་བ་ལ་མ་གཏོགས་པ་དེ་ལས་གཞན་པ་རང་གི་མཚན་ཉིད་ལས་གཞན་པ་རྗེས་སུ་འགྲོ་བའི་དངོས་པོ་མ་མཐོང་བའི་ཕྱིར་དང་བཀག་པ་སྔར་བཤད་པའི་ཕྱིར་རོ། །ལྟར་རུང་བ་
ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། ལྟར་རུང་བ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའོ། །རྣམ་པར་དབྱེ་བར་ཞེས་བྱ་བ་ནི་གསལ་བ་དག་ལས་ཐ་དད་པར་རོ། །སྤྱི་ཡོད་ན་ཡང་བརྟགས་པའི་ཕྱིར་བོགས་དབྱུང་དུ་མེད་པ་ཉིད་ཀྱིས་གསལ་བའི་ཁྱད་པར་གང་ལ་ཡང་མི་རྟེན་
ན་ཇི་ལྟར་ཤེས་པའི་རྒྱུ་ཡིན། མ་ཡིན་པ་ཉིད་དེས་རྟེན་གྱིས་གསལ་བར་བྱ་བ་དེ་ནི་ཤེས་པའི་རྒྱུ་ཉིད་དུ་འདོད་དོ། །དེ་ཡང་བཤད་ཟིན་ཏོ་ཞེས་བྱ་བ་འདི་དང་སྦྱར་ཏེ། འདི་ཡང་སྔར་བཤད་ཟིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་སྤྱི་དངོས་པོར་གྱུར་པ་མེད་པ་དེའི་ཕྱིར། བརྡ་ནི་ཡང་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་གཞན་སེལ་བ་ཡིན་པར་སྦྱར་རོ། །དེ་ཡང་རྣམ་པ་གཉིས་ཏེ་གཞན་ལས་ལོག་པ་རང་གི་མཚན་ཉིད་དང་། དེ་མཐོང་བའི་སྒོ་ནས་འོངས་པར་རྟོགས་པ་ལ་སྣང་བའི་རྣམ་པ་སྟེ། དེ་ནི་སྔར་རྣམ་པར་བཀྲོལ་ཟིན་པ་ཉིད་དོ། །དེ་ལ་སྒྲའི་དོན་ནི་རྣམ་
เล่ม ๑๗๖ · หน้า 127b
པར་རྟོག་པ་ལ་སྣང་བའི་རྣམ་པའི་མཚན་ཉིད་ཀྱི་གཞན་སེལ་བ་ཡིན་ཏེ། སྒྲའི་ཤེས་པ་ལ་སྣང་བའི་ཕྱིར་རོ། །རང་གི་མཚན་ཉིད་ནི་མ་ཡིན་ཏེ། དེ་ནི་སྒྲའི་སྒོ་ནས་འཇུག་པའི་སྐྱེས་བུའི་ཡུལ་ཡིན་ཏེ། རང་གི་མཚན་ཉིད་ལ་འཇུག་པའི་ཕྱིར་རོ། །དེ་ལ་གང་གི་ཚེ་རྣམ་པར་རྟོག་པ་ལ་སྣང་
བའི་རྣམ་པ་གཞན་སེལ་བ་ཡིན་པ་དེའི་ཚེ་ནི་རིག་པ་ཤེས་པའི་དོན་ཡིན་ཏེ། རྣམ་པར་རྟོག་པ་ལ་སྣང་བ་དེ་རིག་པ་ནི་དེ་རིག་པའོ། །དེ་ཉིད་དོན་ཏེ་འབྲས་བུ་ཡིན་པར་ཤེས་ཁྱད་པར་གྱི་ཚིག་བསྡུའོ། །བརྡ་གང་ལ་དེ་ཡོད་པ་ཞེས་ལྡན་པའི་དྲུག་པར་བྱས་ཏེ་བསྡུས་པའི་དོན་ནི་རྣམ་པར་རྟོག་
པ་ལ་སྣང་བའི་རྣམ་པར་ཤེས་པར་བྱ་བའི་དོན་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་རང་གི་མཚན་ཉིད་གཞན་ལས་ལོག་པ་ཁོ་ན་གཞན་སེལ་བ་ཡིན་པ་དེའི་ཚེ་ནི་རིག་པ་ཐོབ་པའི་དོན་ཡིན་ནོ། །རང་གི་མཚན་ཉིད་ལོག་པ་དེ་རིག་པ་ནི་དེ་རིག་པ་སྟེ། དེ་འཐོབ་པ་ཞེས་བྱ་བའི་ཐ་ཚིག་
གོ། །དེ་ཉིད་དོན་ཡིན་པས་ཤེས་ལས་འཛིན་པ་དང་། ལྡན་པའི་དྲུག་པར་ཡང་བྱས་ཏེ། བསྡུས་པའི་དོན་ནི་དེ་འཐོབ་པའི་དོན་ཅན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དོན་འདི་གཉིས་ནི་ཚིག་ལེའུར་བྱས་པ་ལས་ཚིག་ཟུར་གཉིས་སུ་སྨོས་པའམ། བཟླས་པ་སྨོས་པས་བསྟན་པར་བལྟ་
བར་བྱའོ། །དེ་ལ་རིགས་པ་ཤེས་པའི་དོན་ཡིན་པར་བཟུང་ནས། བརྡ་ཞིག་ཏུ་བྱས་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་ཕན་ཚུན་ཐ་དད་པ་ནི་གཞན་སེལ་བ་སྟེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་སྣང་བ་ཞེས་བྱ་བར་བསམས་པ་ཡིན་ནོ། །
དེ་ཁོ་ན་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ཁོ་ན་ངེས་པར་བྱ་བའི་ཕྱིར་བྱེད་ན་མཛེས་ཏེ་རིགས་པ་དང་ལྡན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་སྣང་བའི་ངོ་བོ་ནི་དངོས་པོ་མེད་པ་མ་ཡིན་ནམ། དེ་ཇི་ལྟར་དངོས་པོ་རྣམས་ཀྱིས་ཞེས་བྱ་བ་ལ། དོན་བྱ་བ་མི་བྱེད་པ་རྟོགས་པ་དེ་ཡང་ཅིར་དགོས་ན།
གང་གི་ཕྱིར་དེ་ཁོ་ན་ཤེས་པར་བྱ་བའི་ཕྱིར་ཞེས་བརྗོད་ན། དེ་ནི་ཉེས་པ་མེད་དེ་ཕན་ཚུན་ཐ་དད་པའི་དངོས་པོ་མཐོང་བའི་སྒོ་ནས་འོངས་པའི་ཕྱིར་དང་། སྐྱེས་བུའི་ལྷག་པར་ཞེན་པའི་དབང་གིས་དེ་རྣམས་ཀྱི་ཞེས་བརྗོད་དོ། །འདི་ལྟར་ཐ་སྙད་འདོགས་པར་བྱེད་པ་ནི་རྣམ་པར་རྟོག་པ་ལ་སྣང་
เล่ม ๑๗๖ · หน้า 128a
བ་དང་། ཕྱི་རོལ་གྱི་ངོ་བོ་གཅིག་ཏུ་བྱས་ནས་ཐ་སྙད་འདོགས་པར་བྱེད་པས་དེ་བས་ན་སྐྱེས་བུའི་ལྷག་པར་ཞེན་པའི་དབང་གིས་དངོས་པོ་དེ་རྣམས་ཀྱི་ཕན་ཚུན་ཐ་དད་པ་ཞེས་བརྗོད་དོ། །རིགས་པའི་སྒོ་ནས་སྒྲའི་བརྗོད་པར་བྱ་བ་རྣམ་པར་འཇོག་པར་བྱེད་པ་རྣམས་ནི་རྣམ་པར་
རྟག་པ་ལ་སྣང་བའི་རྣམ་པར་འཇོག་པར་བྱེད་དོ། །གལ་ཏེ་རྣམ་པར་རྟོག་པ་སྣང་བའི་རྣམ་པ་ནི་དོན་བྱ་བ་མི་བྱེད་པ་ཡིན་ན། དོན་བྱ་བ་བྱེད་པ་དོན་དུ་གཉེར་བ་རྣམས་ཀྱིས་ཅིའི་ཕྱིར་དེ་ཤེས་པར་བྱ་བའི་ཕྱིར་བརྡར་བྱེད་ཅེ་ན། དེའི་ཕྱིར་དེ་མི་བྱེད་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་
སྐད་དུ་བཤད་པ་ཡིན་ཏེ། རྣམ་པར་རྟོག་པ་ལ་སྣང་བའི་རྣམ་པ་དང་། ཕྱི་རོལ་གྱིས་གཅིག་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་ཏེ། འདི་ལྟར་བརྡར་འདོགས་པར་བྱེད་པ་ཡང་ཕྱི་རོལ་གྱི་ཁོ་ན་ལ་བྱའོ་སྙམ་དུ་སེམས་ལ། རྟོགས་པར་བྱེད་པ་པོས་ཀྱང་དེ་ཁོ་ན་བཞིན་དུ་ཤེས་སོ། །དེའི་ཕྱིར་
ཐ་སྙད་འདོགས་པའི་དུས་ན་ཡང་སྒྲའི་སྒོ་ནས་དེ་མི་བྱེད་པ་ལས་ཐ་དད་པ་གཅིག་པ་ཉིད་དུ་ལྷག་པར་ཞེན་པ་དེ་ཁོ་ནས་རང་གི་མཚན་ཉིད་ལ་འཇུག་པར་གྲུབ་ཏེ། འདིས་ནི་རིགས་པའི་དོན་འཐོབ་པའི་དོན་ཡིན་པར་བཤད་དོ། །དོན་འདི་ཉིད་ལོག་པའི་སྒོ་ནས་བརྟན་པོར་བྱས་པའི་ཕྱིར་གལ་
ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བའི་སྒྲས་བརྗོད་དུ་རུང་བའི་ཕྱིར་རོལ་གྱི་དང་ལྷན་ཅིག་གཅིག་པ་ཉིད་དུ་ལྷག་པར་ཞེན་པའི་རྒྱུ་ཇི་སྐད་བཤད་པའི་རྣམ་པར་གཅོད་པ་དེ་ཤེས་པར་བྱ་བའི་དོན་དུ་བརྡར་འདོགས་པ་མ་ཡིན་ན། དེའི་ཚེ་རྣམ་པར་གཅོད་པ་དེ་ཐ་
སྙད་ཀྱི་དུས་སུ་ཡང་མི་རེག་པའི་ཕྱིར་རོ། །རེག་པ་ནི་སྒྲའི་སྟོབས་ཀྱིས་དེའི་རྣམ་པར་རྟོག་པ་སྐྱེ་བ་སྟེ། དེ་ལ་བརྡར་མ་བཏགས་པའི་སྒྲའི་སྒོ་ནས་ཐ་སྙད་ཀྱི་དུས་སུ་དེའི་རྣམ་པར་རྟོག་པར་རིགས་པ་ནི་མ་ཡིན་ནོ། །དེ་བས་ན་སྐྱེས་བུ་གཞན་སྤངས་ནས་རིགས་མི་མཐུན་པ་རྣམ་པར་བཅད་ནས།
དེ་དང་རིགས་མཐུན་པའི་དངོས་པོ་ལ་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་གཅིག་ཏུ་བྱས་ནས་འཇུག་པར་མི་འགྱུར་ཏེ། སྒྲ་ལས་བྱུང་བའི་དོན་རྟོགས་པས་གཅིག་པ་ཉིད་དུ་ལྷག་པར་ཞེན་པའི་རྒྱུས་སྒྲ་བརྗོད་པར་བྱ་བ་གཞན་སེལ་བ་ལ་མ་རེག་པའི་ཕྱིར་རོ། །མ་རེག་པ་ཉིད་བསྒྲུབ་
เล่ม ๑๗๖ · หน้า 128b
པའི་ཕྱིར་དེ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འབྲས་བུ་ཅན་དེ་རྣམས་ཀྱི་དག་ལས་ཞེས་བྱ་བ་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ཐ་དད་པ་རྣམ་པར་གཅོད་པ་དེ་ཐ་སྙད་ཀྱི་དུས་སུ་སྨྲ་བ་པོས་སྒྲས་བརྗོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། དེ་ཞེས་བྱ་བ་ནི་ཐ་དད་པ་སྟེ། གལ་ཏེ་དེ་ཤེས་
པར་བྱ་བའི་ཕྱིར་བརྡར་བྱས་པ་ཞིག་ཏུ་གྱུར་ན་དེ་ལྟ་ན་ཐ་སྙད་ཀྱི་ཚེ་ཡང་སྒྲས་བརྗོད་པར་འགྱུར་ལ་བརྗོད་པའི་སྒོ་ནས་ཀྱང་རྟོགས་པ་པོས་སྒྲ་ལས་བྱུང་བའི་བློས་དེ་ལས་རེག་པར་འགྱུར་རོ། །དེ་ལྟ་ཡིན་ན་གཞན་སྤངས་ནས་འཇུག་པར་འགྱུར་བས་ཐམས་ཅད་ལ་འཇུག་པར་འགྱུར་རོ། །གལ་ཏེ་སྒྲས་
རྣམ་པར་རྟོག་པ་ཅན་གྱི་བློ་ཁོ་ན་བསྐྱེད་པས་དེ་ལ་སྣང་བའི་རྣམ་པ་ཁོ་ནས་སྒྲའི་ཡུལ་ཡིན་ན། བློ་དེ་ཡང་དོན་མེད་པ་ཁོ་ན་ཡིན་པས། ཇི་ལྟར་བློ་དེ་ལྟ་བུ་སྐྱེད་པར་བྱེད་པའི་མཉན་པ་རང་གི་མཚན་ཉིད་གཞན་ལས་ལོག་པ་ལ་མི་སླུ་བ་ཡིན་ཏེ། གང་གིས་ན་དེ་མི་བྱེད་པ་ལས་ཐ་དད་པས་
འཇུག་པ་ཉིད་དུ་ཞེས་བརྗོད། ཡང་ན་ཇི་ལྟར་དངོས་པོ་རྣམས་གཞན་སེལ་བའི་ཡུལ་ཉིད་ཡིན་ཏེ། རྣམ་པར་རྟོག་པ་ཅན་གྱི་བློ་ལ་གནས་པའི་རྣམ་པ་ནི་ཕྱི་རོལ་གྱི་རྣམས་ལ་མེད་དོ་ཞེ་ན། དེའི་ཕྱིར་མཉན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་སེལ་བ་རྟོགས་པར་བྱ་བའི་
ཕྱིར་བརྡར་གདགས་པའི་མཉན་པ་གང་ཡིན་པ་དེ་ནི་བློ་སྐྱེད་པར་བྱེད་པ་ཡང་མི་སླུ་བ་ཡིན་པར་འདོད་དོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། དེ་བྱེད་མིན་ལ་ཞེས་བྱ་བ་སྨོས་ཏེ། རང་ལ་སྣང་བ་ལ་བསྐྱེད་པའོ། །དེ་བྱེད་པ་དང་འདྲ་བའི་ངོ་བོར་དོན་བྱ་བ་བྱེད་པ་དང་འདྲ་བའི་ངོ་
བོར་སྣང་ཞིང་ལྷག་པར་ཞེན་པ་ཞེས་དེ་ལྟ་བུར་གྱུར་པའི་གསུམ་པར་ཚིག་བསྡུས་ནས་ཕྱིས་དེ་གང་ལ་ཡོད་པ་ཞེས་ལྡན་པའི་དོན་དུ་བྱས་ཏེ། རང་ལ་སྣང་བ་དོན་བྱ་བ་མི་བྱེད་པ་ལ་ཡང་དོན་བྱ་བ་བྱེད་པ་ལྟ་བུར་ལྷག་པར་ཞེན་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་སྒྲ་སྣང་བ་དང་རྣམ་པར་
བརྟག་པར་བྱ་བ་དག་གཅིག་པ་ཉིད་དུ་ལྷག་པར་ཞེན་པ་བསྐྱེད་པའི་ཕྱིར་འཇུག་པའི་ཡན་ལག་ཉིད་དུ་བཤད་དོ། །གལ་ཏེ་སྤྱི་དངོས་པོར་གྱུར་པའི་མེད་ན་དེ་ལས་སྐྱེ་རེ་སྐན་ཞེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་ཐ་དད་པའི་དངོས་པོ་ནི་ཕན་ཚུན་ཐ་དད་
เล่ม ๑๗๖ · หน้า 129a
པའི་ངོ་བོའོ། །གང་ལ་བརྒྱུད་པས་ས་བོན་བྱེད་རྒྱུ་དེ་ཙམ་ཡོད་ཀྱི་རྗེས་སུ་འགྲོ་བའི་ངོ་བོ་ནི་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རང་ལ་སྣང་བ་ནི་དངོས་པོ་ལ་མེད་པའི་ཕྱིར་དོན་དམ་པ་སྟེ་བློ་དེ་སྐྱེད་པར་བྱེད་པའི་སྒྲའི་དོན་ལ་མི་སླུ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་མི་
བྱེད། ཡོངས་སྤོང་ཡན་ལག་ངོ་བོའི་ཕྱིར། །རིགས་མི་མཐུན་པ་རྣམ་པར་གཅོད་པའི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ལྟར་གཞན་ལས་ལོག་པའི་དངོས་པོ་དང་། སྒྲོ་བཏགས་པའི་གཅིག་པ་ཉིད་དུ་བྱེད་པའི་བློ་སྐྱེད་པར་བྱེད་པའི་མཉན་པས་གཞན་ལས་ལོག་པ་རང་གི་
མཚན་ཉིད་ཁོ་ན་ལ་འཇུག་པར་བྱེད་ཀྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །མཉན་པ་དེ་ནི་དངོས་པོ་ཐ་དད་པའི་རྟེན་ཅན་ཡང་ཡིན་ཏེ། འདི་ལྟར་བརྡའི་དུས་ན་མཉན་པའི་རྟེན་ཕན་ཚུན་ཐ་དད་པ་ཁོ་ན་ཡིན་ཏེ། དེ་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེ་ལྟར་ན་བརྒྱུད་པས། དངོས་པོ་ཐ་དད་རྟེན་
ཅན་ཕྱིར། །དོན་ལ་མི་སླུ་ཡིན་པར་འདོད། །ཐ་སྙད་ཀྱི་དུས་ན་ཡང་གཞན་ལས་ལོག་པའི་དངོས་པོ་ཁོ་ན་ཐོབ་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་སྒྲ་དེ་མི་བྱེད་པ་ཡོངས་སུ་སྤོང་བའི་ཡན་ལག་གི་ངོ་བོ་ཡིན་པ་དང་། དངོས་པོ་ཐ་དད་པའི་རྟེན་ཡིན་པ་རྒྱུ། དེའི་ཕྱིར་གཞན་སེལ་
ཡུལ་ཅན་ཏེ། །གཉིས་པོ་དེ་ཉིད་བསྟན་པའི་ཕྱིར། །དེ་བྱེད་རྟེན་པའི་ངོ་བོའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། གཞན་སེལ་བ་དེ་ལ་བྱེད་པ་པོའི་ངོ་བོ་ཡིན་པའི་ཕྱིར་དང་། རྟེན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ལྟར་སྒྲ་ནི་ཐ་སྙད་ཀྱི་དུས་ན་གཞན་སེལ་བར་བྱེད་པའི་ཕྱིར་དེ་མི་
བྱེད་པ་ཡོངས་སུ་སྤོང་བའི་ཡན་ལག་གི་ངོ་བོའི་སྒོ་ནས་གཞན་སེལ་བ་དེ་ལ་བྱེད་པ་པོའི་ངོ་བོ་ཡིན་ལ། བརྡའི་དུས་ན་དངོས་པོ་ཐ་དད་པ་ལ་བརྟེན་པའི་སྒོ་ནས་འཇུག་པའི་ཕྱིར་གཞན་སེལ་བ་དེ་ལ་བརྟེན་པའི་ངོ་བོ་ཡིན་ནོ། །ངོ་བོ་ཉིད་གཅིག་དང་ཞེས་བྱ་བ་ལ་སོགས་པས་ནི་ཚིག་
ལེའུར་བྱས་པའི་དོན་སྟོན་ཏོ། །དེ་ཞེས་བྱ་བ་ནི་རང་ལ་སྣང་བ་རྣམ་པ་གཅིག་པ་སྟེ། དོན་རྣམས་ལ་སྒྲོ་བཏགས་ཤིང་གཏང་ནས་སྐྱེ་བའི་བློར་རང་ལ་སྣང་བ་དེ་ཡང་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་བྱ་བ་བྱེད་པ་མ་ཡིན་ནོ། །དེ་ལྟ་བུ་ལ་ཡང་བྱ་བ་བྱེད་པ་ལྟ་བུར་ལྷག་པར་ཞེན་པ་སྟེ། འདིས་ནི། དེ་བྱེད་
เล่ม ๑๗๖ · หน้า 129b
མིན་ལ་དེ་བྱེད་དང་། །ཞེས་བྱ་བ་ལ་སོགས་པ་རྣམ་པར་བཤད་དེ། བློ་གང་ལ་ས་བོན་དངོས་པོ་ཐ་དད་པའི་ངོ་བོ་ཙམ། གཞན་རྣམ་པར་གཅོད་པའི་ངོ་བོ་ཙམ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །མཚུངས་པ་ཉིད་དུ་ལྷག་པར་ཞེན་པ་ནི། རྣམ་པ་གཅིག་ཏུ་ལྷག་པར་ཞེན་པའོ། །རྣམ་པ་གཅིག་པ་དེ་ཡང་བརྫུན་པའི་ཕྱིར་ཕྱིན་ཅི་
ལོག་པ་སྟེ། དེ་སྐྱེད་པར་བྱེད་པའི་མཉན་པ་ཡང་དེ་ལས་གཞན་པ་ཡོངས་སུ་སྤོང་བའི་བརྗོད་པར་འདོད་པའི་དོན་ལས་གཞན་པ་ཡོངས་སུ་སྤོང་བའི་ཡན་ལག་གི་ངོ་བོ་ཡིན་པའི་ཕྱིར་ཏེ། རྣམ་པར་གཅད་པའི་རྟེན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །དོན་དམ་པར་དངོས་སུ་དེ་ལས་ཐ་དད་པའི་དོན་དག་ལ་དེའི་
འབྲས་བུ་ཅན་མ་ཡིན་པ་ལས་ཐ་དད་པ་དག་ལ་མི་སླུ་བ་ཞེས་བྱའོ། །འདི་ལྟར་མི་རྟག་པ་ཉིད་དང་བྱས་པ་ཉིད་ཅེས་བྱ་བ་ལ་སོགས་པའི་མཉན་པ་རྟག་པ་ལས་ལོག་པའི་དངོས་པོ་ཡང་དག་པ་ཇི་ལྟ་བུ་བཞིན་གྱི་ལྡོག་པ་ལ་བརྟེན་ནས་བརྡར་བཏགས་པ་པ་རྣམས་ནི་ཐ་སྙད་ཀྱི་ཚེ་ཡང་དེ་ལྟ་བུའི་གཞན་
ཡོངས་སུ་སྤོང་བའི་ཡན་ལག་གི་ངོ་བོས་འཐོབ་པའི་རྒྱུ་དག་ཏུ་འགྱུར་རོ། །རྣམ་པར་བཅད་པ་ཡང་དག་པ་ཇི་ལྟ་བ་བཞིན་པ་ལས་མཉན་པ་དེ་བརྡར་བཏགས་པ་ལ་སོགས་པའི་དངོས་པོ་རྣམས་ལ་ཡོད་པ་དོན་དམ་པར་ཡོད་པ་ཡིན་པས་འདི་ཙམ་གྱི་ཤན་གྱིས་མི་སླུ་བ་ཡིན་གྱི་སྒྲ་རྣམས་
ལ་དུ་བ་ལ་སོགས་པ་བཞིན་དུ་དངོས་པོ་དང་འབྲེལ་པ་ངེས་པ་ནི་མེད་དེ། དེ་དག་ནི་འདོད་པ་ཙམ་ལས་རག་ལས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་རྣམ་པར་གཅོད་པ་དེ་ནི་དངོས་པོ་དེ་དག་ལ་ཡང་དག་པ་ཡིན་ཞིང་བདེན་
པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྤྱི་ཁས་ལེན་ཀྱང་རུང་། འོན་ཏེ་མི་ལེན་ཀྱང་རུང་རྣམ་པ་ཐམས་ཅད་དུ་རྣམ་པར་བཅད་པ་དེ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཚད་མ་ཡང་གང་ཕྱིར་དངོས་ཀུན་རང་བཞིན་
གྱིས་བྱ་བའི་བར་སྐབས་དེར་བཤད་ཟིན་ཏོ། །གལ་ཏེ་སྤྱིའི་བདག་ཉིད་ཀྱང་དེ་ལ་ཡང་དག་པ་ཡིན་ནོ་ཞེ་ན། ཐ་དད་པའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེ་བྲག་ལ་སོགས་པ་དག་གི་ལྟར་སྤྱིའི་དངོས་པོ་གཅིག་གསལ་བ་ལས་ཐ་དད་པའམ་གྲངས་ཅན་པ་རྣམས་ཀྱི་ལྟར་ཐ་མི་
เล่ม ๑๗๖ · หน้า 130a
དད་པའང་རུང་སྟེ། དེ་རྣམས་ལ་ཡང་དག་པ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་དུ་གནོད་པར་བྱེད་པའི་ཚད་མ་འོང་བས་ཐ་དད་པ་དང་ཐ་མི་དད་པར་མི་རུང་བའི་ཕྱིར་ཏེ་མི་སྲིད་པའི་ཕྱིར་རོ། །གནོད་པ་ཅན་གྱི་ཚད་མ་ནི་སྔར་ཡང་བཤད་
ཟིན་ལ་འཆད་པར་ཡང་འགྱུར་རོ། །ཡང་གལ་ཏེ་སྤྱི་དེ་ལྟ་བུ་ཡང་སྒྲས་བརྗོད་ན་ནི་དེའི་ཚེ་སྤྱི་ཡོད་པ་མ་ཡིན་པ་དེ་དངོས་པོ་ལ་འགོད་ཅིང་སྒྲས་ཡུལ་དུ་བྱེད་པར་ཁས་ལེན་ན་ནི་དངོས་པོ་ཐག་བསྲིང་བ་ཁོ་ནར་ཏེ་ཤིན་ཏུ་རྒྱངས་བཅད་པ་ཁོ་ནར་འགྱུར་རོ། །གང་ལས་ཤེ་ན་སྒྲ་དང་ཤེས་པ་དག་
ལས་ཏེ་སྒྲ་དང་དེས་བསླང་བའི་ཤེས་པ་ལས་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དེའི་ཡུལ་དུ་འདོད་པ་སྒྲ་དང་ཤེས་པའི་ཡུལ་དུ་འདོད་པ་དེ་ཞེས་བྱ་བ་སྤྱིའི་དངོས་པོ་རྣམས་ལ་མེད་པའི་ཕྱིར་དང་སྤྱི་ལ་མ་གཏོགས་པ་དངོས་པོའི་ཆོས་གཞན་ཡང་འགའ་ལ་ཡང་རེག་པ་མེད་པའི་
ཕྱིར་རོ། །གཞན་སེལ་བར་སྨྲ་བའི་ལྟར་ན་ནི་སྒྲས་ལོག་པ་བརྗོད་པའི་ཕྱིར་དང་། དེ་ཡང་དངོས་པོ་རྣམས་ལ་ཡང་དག་པ་ཡིན་པའི་ཕྱིར་སྒྲ་དང་ཤེས་པ་དག་ལས་དངོས་པོ་ཐག་བསྲིང་བ་མ་ཡིན་ནོ། །དེ་བྱེད་པ་དང་དེ་ལ་བརྟེན་པའི་ངོ་བོ་ཡིན་པའི་རྒྱུ་དེ་ཉིད་ཀྱི་ཕྱིར་རོ། །གཞན་ལས་ལོག་
ཅིང་རིགས་མི་མཐུན་པ་ལས་ལོག་པའི་དོན་རྣམས་ལ་བྱེ་བྲག་མེད་པར་ཞེས་བྱ་བར་ནི་རིགས་མི་མཐུན་པ་ལས་ལོག་པ་ཐམས་ཅད་ལ་ཡོད་པའི་ཕྱིར་ཏེ། ཁྱད་པར་མེད་པར་དེ་ལ་བརྟེན་ནས་སོ། །ལྡོག་པའི་ཁྱད་པར་རིགས་མི་མཐུན་པ་རྣམ་པར་གཅོད་པའི་མཚན་ཉིད་ལ་བརྟེན་ནས་
གསལ་བ་རིགས་མཐུན་པ་ཐམས་ཅད་ལ་སྒྲ་འགོད་པའི་ཕྱིར་ཏེ། བརྡར་བྱེད་པའི་ཕྱིར་རོ། །འདིས་ནི་མཉན་པ་གཞན་སེལ་བ་ལ་བརྟེན་པའི་ཕྱིར་གཞན་སེལ་བ་ལ་བརྟེན་པ་ཉིད་དུ་བཤད་དོ། །གཞན་སྤངས་ནས་ཞེས་བྱ་བ་རིགས་མི་མཐུན་པ་སྤངས་ནས་ཏེ། འདིས་ནི་མཉན་པ་
གཞན་སེལ་བའི་བྱེད་པ་པོའི་ངོ་བོ་ཡིན་པར་བཤད་དོ། །ཤིང་མ་ཡིན་པ་ལས་ལོག་པར་ནི་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དོགས་པ་བསུ་བར་བྱེད་དེ། གཞན་སེལ་བར་སྨྲ་བའི་ལྟར་ན་སྒྲུབ་པའི་ངོ་བོར་ནི་ཤིང་ཡང་མི་འཛིན་ལ་ཤིང་མ་ཡིན་པ་ཡང་མི་འཛིན་གྱི། འོན་ཀྱང་གཞན་
เล่ม ๑๗๖ · หน้า 130b
རྣམ་པར་གཅོད་པས་འཛིན་ཏོ་ཞེས་གྲག་གོ། །དེ་ལ་ཤིང་མ་ཡིན་ལས་འདོག་པར་ནི་ཤིང་དོན་འཛིན་ན་ཤིང་ཞེས་བྱ་བའི་སྒྲའི་དོན་གང་ཡིན་པ་དེ་འཛིན་པར་ཁས་ལེན་ན་ཤིང་དང་ཤིང་མ་ཡིན་པ་འཛིན་པ་གཉིས་པོ་ནི་ཕན་ཚུན་རྟེན་པ་ཡིན་ཞིང་གཅིག་ལ་གཅིག་བརྟེན་པ་ཡིན་ཏེ་འདི་ལྟར་ཤིང་མ་
ཡིན་པ་རྣམ་པར་གཅོད་པས་ནི་ཤིང་གི་དོན་འཛིན་པ་ཡིན། ཤིང་འཛིན་པ་ཤིང་མ་ཡིན་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པར་ཁས་བླངས་པ་ཡིན་ཏེ། ཤིང་མ་ཡིན་པ་མ་བཟུང་བ་ནི་རྣམ་པར་བཅད་པར་མི་ནུས་པའི་ཕྱིར་རོ།། །།བམ་པོ་བཅུ་གསུམ་པ། ཤིང་མ་
ཡིན་པ་ཡང་ཤིང་རྣམ་པར་བཅད་པས་འཛིན་ན་དེ་ལ་ཡང་ཤིང་མ་ཡིན་པ་འཛིན་པ་ནི་ཤིང་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པར་འགྱུར་ཏེ། ཤིང་མ་བཟུང་བར་དེ་རྣམ་པར་བཅད་པས་ཤིང་མ་ཡིན་པའི་དོན་རྣམ་པར་གཞག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་ཤིང་དང་ཤིང་མ་ཡིན་པ་དག་
གི་ནང་ནས་ཤིང་དང་ཤིང་མ་ཡིན་པ་གཅིག་འཛིན་པ་མེད་ན་གཉིས་མི་འཛིན་གང་གི་ཕྱིར་གཉི་ག་ཡང་མི་འཛིན་པའི་ཕྱིར་རྒྱུ་དེའི་ཕྱིར་གཞན་རྣམ་པར་གཅོད་པའི་དོན་ལ་སྒྲ་བརྡར་གདགས་པར་བཤད་པ་གང་ཡིན་པ་དེ་མི་སྲིད་དོ་ཞེས་གཞོན་ནུ་མ་ལེན་ལ་སོགས་པ་ཁ་ཅིག་སྨྲ་སྟེ། དེ་ལྟ་བས་ན་
དེ་ནི་སྤྱི་གང་ལ་བསྒྲུབ་པའི་ངོ་བོ་ཁོ་ནར་བརྡར་གདགས་པ་དངོས་པོར་གྱུར་པ་ཞིག་འདོད་པར་བྱའོ་སྙམ་དུ་སེམས་སོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དོ། །དེ་ནི་ཞེས་བྱ་བ་ནི་ཤིང་མ་ཡིན་པ་ལས་ཐ་དད་པའི་མཚན་ཉིད་ཀྱི་ཤིང་ཏེ། དེ་ལྟར་ན་རེ་ཞིག་ཤིང་འཛིན་པ་མེད་
དོ། །ཤིང་མ་ཡིན་པ་འཛིན་པ་ཡང་མེད་པར་ཤིང་མ་ཤེས་པ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་གང་ལ་ཤིང་མ་ཤེས་པ་ཡོད་པ་དེས་སོ། །དེ་རྣམ་པར་གཅོད་པའི་ངོ་བོ་ཞེས་བྱ་བ་ནི་ཤིང་རྣམ་པར་གཅོད་པའོ། །བློ་ལ་མི་གནས་པའི་དོན་ལ་ཞེས་བྱ་བ་ནི་གལ་ཏེ་ཤིང་དང་
ཤིང་མ་ཡིན་པ་དག་བློ་ལ་གནས་པ་ཞིག་ཏུ་གྱུར་ན་ནི་དེའི་ཚེ་ཤིང་མ་ཡིན་པ་ཡོངས་སུ་སྤངས་ནས་ཤིང་གི་དོན་ལ་བརྡར་འདོགས་པར་འགྱུར་རོ་ཞེའོ། །དེ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་གཞན་ལ་ཡང་ཉེས་པ་མཚུངས་པ་ཉིད་དུ་བསྟེན་ཏེ། དེས་ན་དེའི་ལན་གང་ཡིན་པ་བདག་
เล่ม ๑๗๖ · หน้า 131a
གིས་ཡང་དེ་ཁོ་ན་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་དག་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། སྨྲ་བ་གང་དག་དེ་ལྟར་སྤྱི་དངོས་པོ་གཅིག་ཁས་བླངས་ནས་གཞན་རྣམ་པར་གཅོད་པས་བརྡར་འདོགས་པར་བྱེད་པ་ལ་ཕན་ཚུན་བརྟེན་པའི་ཉེས་
པ་ཡིན་པར་རྒོལ་བ་དེ་དག་གི་ཤིང་ཉིད་ཀྱི་སྤྱི་དེ་ལྟ་བུ་དེ་ལ་ཡང་བརྡར་བྱེད་པ་ན་ཤིང་མ་ཡིན་པ་རྣམ་པར་གཅོད་དམ་འོན་ཏེ་མ་ཡིན་ཞེས་བྱ་བ་རྣམ་པར་བརྟགས་པ་གཉིས་སོ། །གལ་ཏེ་རྣམ་པར་གཅོད་པ་ཡིན་ན་དེའི་ཚེ་མི་ཤེས་པ་རྣམས་ལ་རྣམ་པར་གཅོད་པ་མི་སྲིད་པ་དེའི་ཕྱིར་དེ་དག་ཤེས་
པར་ཁས་བླང་དགོས་ན་དེ་དག་ཤེས་པ་དེ་ཡང་མེད་དོ། །དེ་ཉིད་གལ་ཏེ་རྣམ་གཅོད་ཤིང་གི་དོན། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཤིང་གི་དོན་འཛིན་པ་མེད་ན་ཇི་ལྟར་ཞེས་བྱ་བ་འདི་ཙམ་ནི་ཚིག་ལེའུར་བྱས་པའི་ཆ་ཡིན་ནོ། །མདུན་ན་ཞེས་བྱ་བའི་སྒྲ་ནི་སྤེལ་མར་བཤད་པ་ལས་མ་
སྨོས་ཏེ། ཤིང་གི་དོན་འཛིན་པ་མེད་པར་ཤིང་འཛིན་པའི་མདུན་རོལ་ན་ཤིང་མ་ཡིན་པ་དག་ཇི་ལྟར་ཤེས་ཞེས་བྱ་བའི་དོན་ཏོ། །གང་དག་ཚིག་ལེའུར་བྱས་པ་ལ་མདུན་ན་ཞེས་བྱ་བའི་སྒྲ་འདོན་པ་དེ་དག་གིས་ནི་དོན་ཅེས་བྱ་བའི་སྒྲ་འདོན་པར་མི་བྱའོ། །ཤིང་མ་ཡིན་པ་ངེས་པའི་དུས་ན་ཤིང་གི་དོན་
འཛིན་པ་མེད་དེ་ཤིང་འཛིན་པ་ནི་ཤིང་མ་ཡིན་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཤིང་ངེས་པ་མེད་པར་ཤིང་མ་ཡིན་པའི་དོན་འཛིན་པར་ཡང་རིགས་པ་མ་ཡིན་ཏེ། དེ་ཡང་ཤིང་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་དེའི་ཚེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ།
དེའི་ཚེ་ཞེས་བྱ་བའི་ཐ་སྙད་ཀྱི་དུས་སུའོ། །རྟོགས་པ་པོས་ཞེས་བྱ་བ་ནི་གང་གི་ཆེད་དུ་བརྡར་བྱེད་པས་སོ། །ཅིའི་ཕྱིར་མི་ཤེས་ཤེ་ན། དེ་ཤེས་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་དང་ཤིང་མ་ཡིན་པ་དེ་ཤེས་པར་བྱ་བ་ཁོ་ནའི་ཕྱིར་ཇི་ལྟར་ན་བརྡ་ལས་དུས་ཕྱིས་ཤིང་དང་ཤིང་
མ་ཡིན་པ་དག་ཤེས་པར་འགྱུར་སྙམ་ན། དེ་དོན་དུ་གཉེར་བ་ཉིད་དུ་བརྡ་དོན་དུ་གཉེར་བ་ཉིད་དུ་ཉེ་བར་འགྲོ་བའི་ཕྱིར་ཏེ་སྒྲུབ་པའི་ཕྱིར་རོ། །དེས་ན་ཐ་སྙད་ཀྱི་དུས་ན་རྟོགས་པ་པོ་ལ་ཤིང་དང་ཤིང་མ་ཡིན་པ་ཤེས་པ་མེད་དོ། །ཤིང་དང་ཤིང་མ་ཡིན་པ་མི་ཤེས་པ་དེས་ཇི་ལྟར་བརྡ་ལ་ཤིང་
เล่ม ๑๗๖ · หน้า 131b
མ་ཡིན་པ་རྣམ་པར་གཅད་པ་རྟོགས་པར་འགྱུར་ཏེ་རྟོགས་པར་འགྱུར་བ་ཉིད་དོ། །ཤིང་མ་ཡིན་པ་རྣམ་པར་གཅད་པ་མི་རྟོག་པ་ཡིན་ན་ཡང་ངོ་། །ཤིང་གི་དོན་གང་ལ་དེ་ལས་གཞན་པ་ཤིང་དེ་ལས་གཞན་ཡོངས་སུ་མ་སྤངས་པ་རྣམ་པར་མ་བཅད་པ་ཡོད་པ་དེ་ནི་དེ་ལས་གཞན་པ་ཡོངས་སུ་མ་སྤངས་
པ་ཅན་ནོ། །དེ་ལ་འགོད་ཅིང་བརྡར་འདོགས་པ་སྟེ། སྒྲ་གང་ལ་དེ་ཡོད་པ་ཞེས་ལྡན་པའི་དོན་དུ་བྱའོ། །ཡང་ན་འདི་ལ་དེ་ལས་གཞན་པ་ཡོངས་སུ་མ་སྤངས་པ་ཅན་ལ་འགོད་པའི་ངང་ཚུལ་ཡོད་པ་ཞེས་བྱ་བར་ཚིག་བསྡུ་སྟེ། ཤིང་ཡིན་པ་ལས་རྣམ་པར་མ་བཅད་པའི་ཐེ་ཚོམ་ཅན་གྱི་ངོ་བོ་ལ་
བརྡར་བཏགས་པ་ཅན་ལས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཞན་དུ་ན་དེ་ལས་གཞན་པ་ནི་ཤིང་ལས་གཞན་པའོ། །དེ་ལ་འགོད་པ་བརྡར་འདོགས་པ་སྟེ། འདི་ནི་དེ་ལས་གཞན་པ་ལ་འགོད་པ་ཡང་ཡིན་ལ་ཡོངས་སུ་མ་སྤངས་པ་ཡང་ཡིན་པས་ཤེས་ལས་འཛིན་པར་བྱའོ། །དེ་ཤིང་
ཞེས་བྱ་བའི་སྒྲ་གང་ལ་ཡོད་པ་ཞེས་སྔ་མ་བཞིན་དུ་བྱ་སྟེ། བསྡུས་པའི་དོན་ནི་ཤིང་གི་དོན་ཤིང་མ་ཡིན་པ་ལས་རྣམ་པར་མ་བཅད་པའི་ཕྱིར་དེ་ལ་བརྡར་གདགས་པའི་སྒྲ་ཤིང་གི་ཁྱད་པར་དག་ལ་གཞན་དུ་ཤིང་མ་ཡིན་པ་ལ་ཡང་འགོད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཤིང་ཞེས་བྱ་
བའི་སྒྲ་དེ་ལྟ་བུ་ལས་ནི་ཐ་སྙད་འདོགས་པར་བྱེད་པའི་སྐྱེས་བུ་རྣམས་ཐ་སྙད་འདོགས་པའི་དུས་ན་དེ་ཡོངས་སུ་སྤངས་ནས་ཤིང་མ་ཡིན་པ་ཡོངས་སུ་སྤངས་ནས། ཡལ་ག་ལ་སོགས་པ་དང་ལྡན་པར་ངེས་པ་ལ་འཇུག་པར་ནི་མི་འགྱུར་གྱི་འོན་ཀྱང་ཁྱད་པར་ཤིང་དང་ཤིང་མ་ཡིན་པ་དག་ལ་འཇུག་
པར་འགྱུར་རོ། །ཅི་དང་འདྲ་ཞེ་ན། ཤིང་གི་ཁྱད་པར་བཞིན་ཏེ། ཤིང་ཞེས་བྱ་བའི་སྒྲ་སྐབས་ལ་སོགས་པ་དང་བྲལ་བ་ལས་ནི། ཤིང་གི་ཁྱད་པར་སེང་ལྡེང་ལ་སོགས་པ་ལ་དེ་ལས་གཞན་པའི་ཤིང་གི་ཁྱད་པར་ཡོངས་སུ་སྤངས་ནས་འཇུག་པར་མི་འགྱུར་ཏེ། བརྡའི་དུས་ན་དེ་དག་རྣམ་
པར་མ་བཅད་པའི་ཕྱིར་རོ། །བརྡའི་ཚེ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། བརྡ་ཞེས་བྱ་བའི་སྒྲས་ནི་བརྡའི་དུས་ཡིན་པར་བསྟན་ཏོ། །གཞན་རྣམ་པར་མ་བཅད་པར་ཞེས་བྱ་བའི་ནི་གཞན་ཤིང་མ་ཡིན་པ་ལས་ཤིང་གི་དོན་རྣམ་པར་མ་བཅད་པར་རོ། །རྣམ་པར་བཤད་པ་གཉིས་
เล่ม ๑๗๖ · หน้า 132a
པ་ལ་གཞན་ཤིང་མ་ཡིན་པ་ལ་ཤིང་ཞེས་བྱ་བའི་སྒྲ་རྣམ་པར་མ་བཅད་པར་ཞེས་བྱ་བར་བཤད་པར་བྱའོ། །བཀོད་པ་ནི་བརྡར་བཏགས་པའོ། །དེ་ཡོངས་སུ་སྤངས་ནས་ཞེས་བྱ་བ་ནི་ཤིང་མ་ཡིན་པ་ཡོངས་སུ་སྤངས་ནས་སོ། །ཤིང་གི་ཁྱད་པར་བཞིན་ཞེས་བྱ་བ་འདིའི་
རྣམ་པར་བཤད་པ་ནི་ཤིང་ཤ་པ་ལ་སོགས་པ་ཁྱད་པར་བཞིན་ནོ་ཞེས་བྱ་བ་ཡིན་ཏེ། ཤིང་ཤ་པ་ལ་སོགས་པ་ཉིད་ཁྱད་པར་ཡིན་ནོ་ཞེས་ཁྱད་པར་གྱི་ཚིག་བསྡུའོ། །མདོ་ལས་ཤིང་གི་ཁྱད་པར་བཞིན་ཞེས་དྲུག་པའི་ཚིག་བསྡུ་བ་བྱས་པ་ཤིང་ཤ་པ་ལ་སོགས་པ་ཉིད་ཤིང་གི་ཁྱད་པར་ཡིན་པས་འགྲེལ་པ་
དང་མཐུན་པ་ཁོ་ན་ཡིན་ཏེ། དེ་དག་ལ་ཇི་ལྟར་ཤིང་ཞེས་བྱ་བའི་སྒྲ་ལས་ཕན་ཚུན་རྣམ་པར་གཅོད་པས་མི་འཇུག་པ་དེ་ལྟར་ནི་མདོ་རྣམ་པར་དབྱེ་བ་ཉིད་ལས་བཤད་ཟིན་ཏོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དོགས་པ་བསུ་བར་བྱེད་དེ། ཁ་ཅིག་ནི་བརྡར་གདགས་པའི་ཡུལ་
ཡང་མི་སྒྲུབ་ལ། དེ་ལས་གཞན་པ་ཡང་མི་དགག་པར་ཞེས་བྱ་བ་ཡིན་པར་གལ་ཏེ་མི་བསྒྲུབ་གཞན་མི་དགག་ཅེས་དགག་པ་གཉིས་འདོན་ཏོ། །དེ་ནི་རིགས་པ་མ་ཡིན་པ་ལྟ་བུར་སྣང་སྟེ། སྒྲུབ་པ་དང་དགག་པ་དག་མ་གཏོགས་པར་སྒྲ་འཇུག་པར་མི་སྲིད་པའི་ཕྱིར་རོ། །གཞན་
ཡང་། མདུན་གནས་གཅིག་ཅིག་རབ་བསྟན་ནས། །ཞེས་བྱ་བ་འདི་ཡང་ཉམས་ཏེ། དེ་སྟོན་པར་སྨྲ་བས་ནི་བསྒྲུབ་པ་ཁས་བླངས་པ་ཡིན་ནོ། །དེ་བས་ན་སྒྲུབ་པར་ཡང་མི་བྱེད་པར་རབ་ཏུ་བསྟན་པ་ཡང་བྱས་ན་ཞེས་བྱ་བའི་ཚིག་གཉིས་འགལ་བར་འགྱུར་རོ། །དེ་ལྟ་བས་ན་མི་
བསྒྲུབ་པར་ཞེས་བྱ་བ་འདི་ཁོ་ན་ལ་དགག་པ་ལྟ་བར་བྱ་བ་ཡིན་པས། གལ་ཏེ་གཞན་བཀག་མི་བསྒྲུབ་པར་ཞེས་གདོན་པར་བྱའོ། །སྔར་གཞན་བཀག་ནས་དེ་རྣམ་པར་བཅད་པས་བརྡའི་ཡུལ་གཞན་མི་སྒྲུབ་པར་ཏེ། དགག་པ་སྔོན་དུ་འགྲོ་བའི་སྒྲུབ་པ་མ་བྱས་པར་བསྒྲུབ་པ་ཙམ་
འབའ་ཞིག་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། མདུན་གནས་གཅིག་ཅིག་རབ་བསྟན་ནས། །ཞེས་བྱ་བ་སྨོས་ཏེ། འགྲེལ་པ་ལས་ཀྱང་། འགའ་ཞིག་རྣམ་པར་བཅད་པས་ཅུང་ཟད་གཅིག་བརྗོད་པ་ནི་མ་ཡིན་ནོ་ཞེས་གཞན་དགག་པ་སྔོན་དུ་འགྲོ་བ་ཅན་གྱི་བསྒྲུབ་པ་ཁོ་ན་འགོད་
เล่ม ๑๗๖ · หน้า 132b
ཅིང་བསྒྲུབ་པ་འབའ་ཞིག་ཁས་བླངས་པ་ཡིན་ནོ། །གཅིག་ཅེས་བྱ་བ་ནི་སྤྱི་སྟེ། འདི་ནི་སྤྱི་ལ་བརྡར་བྱས་པའི་ཕྱིར་གསལ་བ་ཐམས་ཅད་ལ་བརྡར་བྱས་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་ཤིང་ཡིན་ཞེས་བྱ་བའི་ནི་བརྡའི་རང་གི་ངོ་བོ་སྟོན་པ་ཡིན་ནོ། །དངོས་པོ་གང་ཞིག་རབ་ཏུ་བསྟན་ནས་
བརྡར་བྱས་པ་ནི། ཐ་སྙད་འདོགས་པའི་ཚེ་ན་ཡང་དེ་རྟོགས་པར་འགྱུར་ཏེ་རྒྱུ་དེའི་ཕྱིར་སྤྱི་དངོས་པོར་སྨྲ་བ་ལ་བཤད་མ་ཐག་པའི་ཉེས་པ་འདི་མེད་སྙམ་ནའོ། །དེ་ལྟར་མཐོང་བའི་དོན་ཁོ་ན་ཞེས་བྱ་བ་ནི་གང་ལ་བརྡར་བྱས་པ་ཡིན་པའི་སྤྱིའོ། །དེ་དང་འབྲེལ་པ་ཅན་ནི་སྤྱི་དང་འབྲེལ་པ་ཅན་གྱི་
རྟེན་ནོ། །དེ་ལ་ཡང་ཞེས་བྱ་བ་བསྒྲུབ་པ་འབའ་ཞིག་གིས་བརྡར་བྱེད་པ་ལ་ཡང་བརྟགས་པ་གཉིས་ཏེ། འདི་ནི་ཤིང་ཡིན་ནོ་ཞེས་བརྡར་བྱེད་པས་འདི་ཡང་ཤིང་ཡིན་ཞེས་བརྗོད་པའམ། འདི་ཁོ་ན་ཤིང་ཡིན་ཞེས་བརྗོད་གྲང་། ཕྱོགས་དང་པོ་ལྟར་ན་ནི་གཞན་ཡང་ཤིང་ཉིད་ཡིན་པ་མ་བཀག་
པས་ཐ་སྙད་ཀྱི་ཚེ་ངེས་པས་འཇུག་པར་མི་འགྱུར་བའི་ཕྱིར་ཐལ་བ་དེ་ཉིད་ཡིན་ནོ། །འོན་ཏེ་འདི་ཁོ་ན་ཤིང་ཡིན་ནོ་ཞེས་བརྗོད་ན་ནི་དེའི་ཚེ་དེ་ཉིད་ཤིང་མ་ཡིན་པ་རྣམ་པར་གཅད་པར་ཁས་བླངས་པ་ཡིན་ནོ། །དེ་བས་ན་ཐ་སྙད་ཀྱི་ཚེ་བརྟན་པར་བྱ་བས་ཤིང་དང་ཤིང་མ་ཡིན་པ་དག་ཇི་ལྟར་ཤེས་ཏེ།
ཐལ་བ་དེའི་སོ་ན་འདུག་པ་ཡིན་ནོ། །དེ་ཉིད་བསྟན་པར་ཐལ་བ་ལྡོག་པ་མེད་ཅེས་བྱ་བ་སྨོས་སོ། །གཅིག་རབ་ཏུ་བསྟན་ནས་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་བྱེད་དེ། འདི་ཡང་ཤིང་ཡིན་ནོ་ཞེའམ། འདི་ཁོ་ན་ཤིང་ཡིན་ནོ་ཞེས་བྱ་བ་སྟེ། ཚུལ་ནི་རྣམ་པའོ། །དེ་དག་ལ་ཡང་
ཞེས་བྱ་བ་ནི་རྣམ་པ་གཉི་ག་ལ་ཡང་ངོ་། །གཞན་གྱིས་མཐོང་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་གང་ཞིག་མཐོང་ཞིང་ཉམས་སུ་མྱོང་བ་དེ་ལས་བཟློག་པ་དེ་དང་མཚན་ཉིད་མི་མཐུན་པ་ནི་ཤེས་པར་སླ་བའི་ཕྱིར་རོ། །མདོར་གཞག་པའི་ཚིག་འདི་ཉིད་གཅིག་འགའ་
ཞིག་ཅེས་བྱ་བ་ལ་སོགས་པས་འཆད་དེ། ཤིང་ཉིད་ལ་སོགས་པའི་སྤྱི་གཅིག་འགའ་ཞིག་མཐོང་ཞིང་། སྤྱི་དེ་དང་བྲལ་བའི་མཚན་ཉིད་མི་མཐུན་པའི་དངོས་པོ་གཞན་ལ་དེའི་རྣམ་པས་དབེན་པའི་ཇི་ལྟར་ཡོངས་སུ་མཐོང་བའི་དོན་དང་མཚན་ཉིད་མི་མཐུན་པའི་རྣམ་པ་ཅན་གྱི་བློ་
เล่ม ๑๗๖ · หน้า 133a
ཉམས་སུ་མྱོང་བའི་སྐྱེས་བུ་ལ་ཇི་ལྟར་ཉམས་སུ་མྱོང་བ་བཞིན། ཇི་ལྟར་ཡོངས་སུ་མཐོང་བ་དེ་ལས་གཞན་ནོ་སྙམ་པ། དེ་ལྟ་བུའི་ཆོས་མི་མཐུན་པ་ངེས་པ་མཚན་ཉིད་མི་མཐུན་པ་གཏན་ལ་འབེབས་པ་སྐྱེ་སྟེ་འདིས་ནི་ཆོས་མི་མཐུན་པ་ངེས་པའི་རང་གི་ངོ་བོར་བཤད་དོ། །
དེ་ལས་འབྱེད་པ་ཞེས་བྱ་བས་ནི་ལས་བསྟན་ཏོ། །སྔོན་མཐོང་བའི་དོན་ལས་རྣམ་པར་འབྱེད་ཅིང་ཐ་དད་པའི་དངོས་པོར་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ། །དེ་ལས་གཞན་ནོ་སྙམ་པ་འདི་ཁོ་ནས་དེ་ལས་འབྱེད་པ་ཉིད་དུ་གྲུབ་པ་ལས་ཡང་སྨོས་པ་ནི་ཅི་ནས་ཀྱང་སྒྲའི་བྱེད་པ་མེད་པར་དེའི་ངོ་
བོར་ཉམས་སུ་མྱོང་བའི་སྒོ་ནས་དེ་ངོ་བོ་མ་ཡིན་པའི་དངོས་པོ་རྣམ་པར་འབྱེད་པར་བྱེད་པ་ཆོས་མི་མཐུན་པའི་ངེས་པ་སྐྱེ་བར་གོ་བར་འགྱུར་བ་ལྷུར་བྱས་པའི་ཕྱིར་རོ། །རིམ་པ་དེ་ལྟར་འདུག་པ་དང་། ཇི་ལྟར་ཉམས་སུ་མྱོང་བ་གཞན་ཆོས་མི་མཐུན་པ་ངེས་པ་དང་ལྡན་པའི་རྟོགས་པ་པོ་དེས་
ནི་ཡལ་ག་ལ་སོགས་པ་དང་ལྡན་པའི་དོན་སྤྱི་ཁྱད་པར་ཅན་དང་ལྡན་པ་རྣམ་པ་གཞན་ལས་རྣམ་པར་དབྱེ་བར་བྱ་བ་གང་ཡིན་པ་དེ་མངོན་དུ་བྱས་ཏེ། འདི་ཁོ་ན་ཤིང་ཡིན་ནོ་ཞེས་རབ་ཏུ་བསྟན་ནས། བྱེ་བྲག་ཤེས་པར་བྱས་ཤིང་བརྡར་གཟུང་སྟེ། གང་ཁོ་ན་ལ་བརྡ་དང་མཐུན་པའི་
སྤྱིའི་བདག་ཉིད་དེ་མི་སྣང་བ་དེ་ཁོ་ན་ཤིང་མ་ཡིན་པར་རང་ཉིད་ཀྱིས་སྒྲའི་བྱེད་པ་མེད་པར་རྟོགས་པར་འགྱུར་རོ། །དེ་ལྟར་ན་རང་ཉིད་ཀྱིས་རྣམ་པ་གཞན་ལས་ཕྱེ་སྟེ། ངེས་པར་གཟུང་བའི་སྤྱིའི་བདག་ཉིད་ལ་བརྟེན་ནས་བརྡར་བྱས་ན་གསལ་བ་རིགས་མཐུན་པ་ཐམས་ཅད་ལ་བརྡར་
བྱས་པར་འགྱུར་ཏེ། སྤྱི་ནི་ཐམས་ཅད་ལ་རྗེས་སུ་འགྲོ་བའི་ཕྱིར་རོ། །འདིས་ཁོ་ན་ཞེས་ངེས་པར་གཟུང་བས་བརྡར་བྱས་ན་མཐོང་བ་ལས་ཟློག་པ་ཤེས་པར་སླ་བའི་ཕྱིར་དེ་ལས་གཞན་པ་ལ་ཤིང་མ་ཡིན་ནོ་སྙམ་པའི་ངེས་པ་འབྱུང་བས་ཇི་སྐད་བཤད་པའི་ཉེས་པ་མེད་དོ། །གལ་
ཏེ་གཞན་སེལ་བར་སྨྲ་བ་ལ་ཡང་དེ་དང་འདྲའོ་ཞེ་ན་རྣམ་པར་གཅོད་པར་སྨྲ་བ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྡའི་དུས་གཅིག་ན་ཐུན་མོང་མ་ཡིན་པ་མཐོང་བའི་ངོ་བོ་ནི་གང་ལ་ཡང་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་བས་ན་བརྡའི་དུས་ན་ཤིང་ཡིན་ནོ་ཞེས་དེ་ལྟར་གཟུང་བའི་ཁྱད་པར་
เล่ม ๑๗๖ · หน้า 133b
གང་ཡིན་པ་དེ་གཞན་ན་མཐོང་བ་མེད་དོ། །དེ་ལ་བརྡའི་དུས་ན་མཐོང་བ་དང་། ཕྱིས་སྣང་བའི་རང་གི་མཚན་ཉིད་ལ་ཐ་དད་པ་སྣང་བའི་མཐོང་བ་སྐྱེས་པ་གང་ཡིན་པ་དེའི་རྒྱུས་ཤིང་དང་ཤིང་མ་ཡིན་པ་དག་རྟོགས་པར་བྱེད་པ་ནི་གསལ་བ་གཞན་ལ་ཡང་ཤིང་གི་ཁྱད་པར་གཞན་ལ་ཡང་དེ་
ལྟར་ཤིང་ཡིན་ནོ་ཞེས་བྱ་བར་རྟོགས་པར་མི་འགྱུར་ཏེ། །འདི་ལྟར་ཇི་ལྟར་བརྡའི་དུས་ན་ཤིང་གི་ཁྱད་པར་མཐོང་བ་གང་ཡིན་པ་དེ་ལས་བུམ་པ་ལ་སོགས་པ་མཚན་ཉིད་མི་མཐུན་པ་ལྟར། ཤིང་གི་ཁྱད་པར་གཞན་ཡང་དེ་དང་འདྲ་བས་ཇི་ལྟར་བུམ་པ་ལ་སོགས་པ་ལ་ཤིང་ཡིན་ནོ་སྙམ་
པའི་རྟོགས་པ་མི་འབྱུང་བ་དེ་བཞིན་དུ་ཤིང་གི་ཁྱད་པར་དག་ལ་ཡང་མི་འབྱུང་གི། འོན་ཀྱང་ཤིང་མ་ཡིན་ནོ་སྙམ་པ་དེ་ལྟར་རྟོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་གྱིས་དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་བརྟེན་པའི་ཉེས་པའི་ལན་འདི་ནི་དེ་ལ་
ཡང་ཞེས་བྱ་བ་གཞན་རྣམ་པར་གཅོད་པའི་ཡུལ་ཅན་གྱི་བརྡ་ལ་ཡང་མཚུངས་སོ། །གཅིག་རྟོགས་ཞེས་བྱ་བ་ནི་གསལ་བ་རིགས་མཐུན་པ་རྣམས་ལ་རྣམ་པ་གཅིག་ཏུ་མངོན་པར་ཤེས་པའོ། །གང་ལ་མིང་དེ་སྐད་ཅེས་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་གསལ་བ་ཐ་
དད་པ་དག་ལ་ཡང་རྣམ་པ་གཅིག་ཏུ་མངོན་པར་ཤེས་པས་འབྲས་བུ་གཅིག་པ་ཉིད་ཀྱི་འདྲ་བས་གཅིག་པ་ཉིད་དུ་སྒྲོ་འདོགས་པར་བྱེད་དོ་ཞེས་བཤད་དོ། །དེ་བས་ན་རྣམ་པར་རྟོག་པས་གཅིག་པ་ཉིད་དུ་སྒྲོ་བཏགས་པའི་གསལ་བ་རྣམས་ལས་གང་ཡང་རུང་བ་ཞིག་ལ་བརྡར་བྱས་ན་ཐམས་
ཅད་ལ་བརྡར་བྱས་པར་འགྱུར་བས་འདིའི་ས་བོན་བཤད་པ་ཡིན་ནོ། །གཅིག་ལ་གནས་པ་ཞེས་བྱ་བ་འདི་ནི་རིགས་མི་མཐུན་པའི་དངོས་པོ་འཛིན་པའི་རྣམ་པས་སྟོང་པ་ཉིད་ཀྱིས་རྟོགས་པའི་རྣམ་པ་སོ་སོར་ངེས་པ་ཉིད་བསྟན་ཏེ། དངོས་པོ་རིགས་མི་མཐུན་པའི་རྣམ་པ་ལས་
ལོག་པས་རིགས་མཐུན་པ་ཐམས་ཅད་ལ་གཅིག་པར་རྟོགས་པའི་ཤེས་པ་གང་ཡིན་པ་དེ་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ཀྱང་དངོས་པོ་རིགས་མཐུན་པ་དང་རིགས་མི་མཐུན་པ་རྣམ་པར་འབྱེད་པའི་ས་བོན་བཤད་དོ། །དེ་ཉིད་དེ་དང་དེ་མིན་རྒྱུ་དོན་རྣམས། །ཞེས་བྱ་བ་ལ་
เล่ม ๑๗๖ · หน้า 134a
སོགས་པས་སྟོན་ཏེ། དེ་ཞེས་བྱ་བ་འདིས་ནི་རྟོགས་པ་གཅིག་བསྡུས་སོ། །དེ་མིན་ཞེས་བྱ་བའི་སྒྲས་ནི་དེ་ལས་བཟློག་པའོ། དེ་དང་དེ་མ་ཡིན་པ་ནི་དེ་དང་དེ་མིན་དག་གོ། །དེ་དག་གི་རྒྱུ་རྣམས་ནི་དེ་དང་དེ་མིན་རྒྱུ་སྟེ། དེ་དག་བརྡའི་མདུན་རོལ་དུ་ཡང་
བདག་ཉིད་རྣམ་པར་འབྱེད་པར་བྱེད། ཡལ་ག་ལ་སོགས་པ་དང་ལྡན་པའི་རྣམ་པ་ཅན་གྱི་རྟོགས་པ་གཅིག་གི་རྒྱུ་དེ་དང་དེ་ལས་བཟློག་པ་ཐ་དད་དུ་འབྱེད་དོ། །འདི་ནི་གོང་དུ། གཅིག་རྟོགས་དོན་ཤེས་ལ་སོགས་པའི། །དོན་གཅིག་བསྒྲུབ་ལ་ཞེས་བྱ་བའི་བར་སྐབས་དེར་བཤད་
ཟིན་ཏོ། །སྤྱི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་བཀག་པ་དང་འགོག་པར་འགྱུར་བའི་ཕྱིར་དངོས་པོ་འདི་དག་རང་བཞིན་གྱིས་ཐ་དད་ཅིང་ངོ་བོ་ཉིད་ཁོ་ནས་མཚན་ཉིད་མི་མཐུན་པ་ཡིན་ནོ། །ཁ་ཅིག་ཁོ་ནས་བྱེད་ཀྱི་གཞན་དག་ནི་མ་ཡིན་ཏེ། དེ་དག་ནི་རང་བཞིན་གྱིས་དེ་དང་དེ་མ་ཡིན་པ་
བསྐྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཆུ་ཆུ་བ་ལ་སོགས་པ་བསྡུའོ། །རྟོགས་པ་པོ་འདིས་དེ་ལ་དངོས་པོ་དེ་རྣམས་སྒྲའི་བྱེད་པ་མེད་པར་བདག་ཉིད་ཀྱིས་རྣམ་པར་ཕྱེ་ཞིང་བྱེ་བྲག་ཏུ་ཕྱེ་ནས། དེའི་རྒྱུ་དང་དེའི་
རྒྱུ་མ་ཡིན་པ་དག་རྟོགས་པར་འགྱུར་རོ། །རྟོགས་པ་པོ་དེའི་སྟེ། བློ་དེ་ལ་ནི་ཡོད་པའི་ཞེས་བྱ་བ་ལ་སོགས་པ་ནི་དེའི་རྒྱུ་མ་ཡིན་པ་དག་ལས་དེའི་རྒྱུ་རྣམས་རྣམ་པར་ཕྱེ་ནས་འཇོག་པར་བྱེད་པའི་བློ་གང་ཡིན་པ་དེ་ནི་བློ་དེ་སྟེ། དེ་ལ་ཡོད་པ་ནི་དེ་ལ་སྣང་བའོ། །རྣམ་པར་རྟོག་
པ་ཅན་གྱི་བློའི་རྒྱུ་ཉིད་སྣང་ཞིང་མངོན་པ་སྟེ། འོག་ནས་འདྲ་བར་ཞེས་འབྱུང་བ་དང་འབྲེལ་པའི་ཕྱིར་རྒྱུ་ཉིད་འདྲ་བར་སྣང་བ་ཞེས་བྱ་བར་བལྟ་བར་བྱའི། རྣམ་པར་རྟོག་པ་ལ་སྣང་བ་དེ་རྣམས་རྒྱུ་ཉིད་དུ་མ་ཡིན་ཏེ་དེ་རྣམས་ཕྱི་རོལ་ན་མེད་པའི་ཕྱིར་རྟོགས་པ་པོ་དེ་ལྟར་ལྷག་པར་ཞེན་
པ་ཁོ་ནས་དེ་སྐད་དུ་བཤད་པར་ཟད་དོ། །རྒྱུ་མིན་དངོས་པོ་བྲལ་བ་དང་། །ཞེས་བྱ་བ་འདིར་ཡང་འདྲ་བར་ཞེས་བྱ་བ་དང་། སྣང་ཞེས་བྱ་བའི་སྒྲ་སྦྱར་བ་ཡང་སྔ་མ་བཞིན་དུ་སྦྱར་ཏེ། གང་དག་རྣམ་པ་གཅིག་ཏུ་རྟོགས་པའི་བློའི་རྒྱུ་མ་ཡིན་པ་དེ་དག་གི་ངོ་བོ་དང་བྲལ་བ་འདྲ་
เล่ม ๑๗๖ · หน้า 134b
བར་སྣང་བའོ། །སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་གཅིག་ཏུ་བྱེད་པའི་ཕྱིར་ཕྱི་རོལ་གྱི་དང་ལྷན་ཅིག་ངོ་བོ་གཅིག་པ་འདྲ་བར་ཏེ་འདིར་ཡང་སྣང་ཞེས་བྱ་བར་སྦྱར་རོ། །བརྡའི་འོག་རོལ་གྱི་དུས་སུ་ཡང་བདག་ཉིད་ཀྱིས། དངོས་པོ་དེ་རྣམས་དེ་མི་བྱེད་པ་དག་ལས། ཐ་དད་པར་ནི་
ཤེས་འགྱུར་བར་བྱ་བའི་ཕྱིར་ཐ་དད་པ་རྣམ་པར་རྟོག་པ་ལ་སྣང་བའི་གཞན་སེལ་བ་རིགས་མཐུན་པ་ཐམས་ཅད་ལ་གཅིག་པ་ཉིད་དུ་སྒྲོ་བཏགས་པ་ལ་སྐད་ཅེས་བྱ་བ་སྒྲ་སྦྱོར་ཞིང་བརྡར་འདོགས་སོ། །སྐད་དེ་ལས་ཐ་སྙད་ཀྱི་ཚེ་ཇི་སྐད་བཤད་པའི་གཞན་སེལ་བ་དེ་རྟོགས་ཤིང་ཁོང་
དུ་ཆུད་པར་འགྱུར་བའི་བློ་དེ་ནི་འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས་རྣམ་པར་རྟོག་པ་ཅན་གྱི་བློ་ལ་སྣང་བ་དེ་ཉིད་ཕྱི་རོལ་གྱི་གསལ་བ་རིགས་མཐུན་པ་རྣམས་ལ་སྒྲོ་བཏགས་ནས་དངོས་པོ་གཅིག་པ་ལྟ་བུར་རྟོག་གོ། །དེའི་ཕྱིར་གཅིག་ཏུ་རྟོགས་པའི་རྒྱུ་ཐམས་ཅད་ལ་ཤིང་ངོ་
ཞེས་བྱ་བར་རྟོགས་པར་འགྱུར་རོ། །འདིས་ནི་མཐོང་བས་རྟོགས་ན་ནི་གསལ་བ་གཞན་ལ་ཡང་དེ་ལྟར་རྟོགས་པར་མི་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་སྤངས་པ་ཡིན་ཏེ། གང་གི་ཕྱིར་དེའི་རྒྱུ་མ་ཡིན་པ་དག་ལས་རྣམ་པར་ཕྱེ་བ་དེའི་རྒྱུ་རྣམས་ལ་གཅིག་པ་ཉིད་དུ་སྒྲོ་
བཏགས་པའི་ཤིང་ལ་བརྡར་བྱས་པ་དེའི་ཕྱིར་དེའི་རྒྱུ་མ་ཡིན་པ་རྣམས་ནི་ཤིང་མ་ཡིན་ནོ་ཞེས་བྱ་བར་བདག་ཉིད་ཀྱིས་རྟོགས་པར་འགྱུར་རོ། །དེ་བས་ན་ཕན་ཚུན་བརྟེན་པའི་ཉེས་པ་མེད་དོ། །དེ་རྣམས་ནི་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་སྟོན་ཏེ། དེ་རྣམས་
ཞེས་བྱ་བ་ནི་རིགས་མི་མཐུན་པའི་དངོས་པོ་ལས་ཐ་དད་པ་རྣམས་ཏེ། རང་བཞིན་ཁོ་ནས་ངོ་བོ་ཉིད་ཀྱིས་ཡིན་གྱི་སྤྱི་གཅིག་དང་ལྡན་པ་ནི་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་དུས་ཐམས་ཅད་དུ་རྟོགས་པ་སྐྱེད་པར་མི་བྱེད་ཅེ་ན། རྐྱེན་གྱི་དབང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐྱེན་
ནི་ཉམས་སུ་མྱོང་བའི་ཤེས་པ་སྟེ། དེའི་སྒོ་ནས་དེ་དག་ལ་རྣམ་པར་རྟོག་པ་སྐྱེད་པའི་ཕྱིར་རོ། །གཅིག་ཏུ་རྟོགས་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་དེ་ལྟ་བུའི་རྒྱུ་རྣམས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་ཏེ། ཇི་ལྟར་ཤིང་གི་ཁྱད་པར་གཅིག་རང་བཞིན་གྱིས་རྣམ་པར་རྟོག་པ་དེ་ལྟ་བུའི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด