ཚད་མ་རྣམ་འགྲེལ་གྱི་རྒྱན

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๘ · หน้า 241a

ལ་ཡང་གོམས་པ་ལས་སྡུག་པ་ཉིད་རྗེས་སུ་འགྲོ་བ་བཞིན་ནོ། །འདི་ལྟར། ཐ་སྙད་ཀྱང་གང་དངོས་ཆོས་ཀྱི། །དེ་འདྲའི་རྣམ་ཤེས་རྒྱུ་ཡི་ནི། །དོན་དེ་དག་ལ་ཤེས་པ་དེས། །དེ་ལྟར་རྟོགས་པར་འགྱུར་བ་ཡིན། །ཐ་དད་ཐ་དད་མིན་པར་ནི། །རྟོག་ལ་ཤེས་པའང་དེ་བཞིན་ནོ། །དེ་ཕྱིར་

དེ་འབྲས་མེད་བྲལ་བ། །རྗེས་འགྲོ་དངོས་གཅིག་ཡོད་མ་ཡིན། །གང་གིས་བག་ཆགས་སད་པའི་རིམ་པས། ཐམས་ཅད་ལ་རྣམ་པ་གཅིག་ཏུ་རྟོགས་པའི་ཤེས་པ་སྐྱེད་པར་བྱེད་པའི་དངོས་པོ་རྣམས་ཉིད་ཀྱིས་རྣམ་པ་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ཏེ། བདེ་བ་ལ་སོགས་པའི་ཚོར་བ་བཞིན་ནོ། །བདེ་བ་ལ་

སོགས་པའི་རྣམ་པར་ཤེས་པ་ལ་ནི། དོན་ལ་བརྟེན་པའི་རྒྱུ་མཚན་བདེ་བ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། དེ་ལྟ་བུ་ཉིད་ཡིན་ན་སྡུག་བསྔལ་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལྟ་བུ་ཉིད་མ་ཡིན་པའི་ཡང་ཡོད་དོ་ཞེ་ན། དེ་ལྟ་ན་རང་བཞིན་གཉི་ག་རྟོགས་པར་ཐལ་ཏེ། ཁ་དོག་དང་དབྱིབས་རྟོགས་པ་བཞིན་ནོ། །ཅི་སྟེ་མ་

མཐོང་བས་གེགས་བྱས་པས་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་ལྟར་གྱུར་ན་ནི་མ་མཐོང་བ་ཁོ་ནས་དེ་ལྟ་བུར་གྱུར་པའི་རྟོགས་པ་ཉིད་སྐྱེད་པར་ཅི་སྟེ་མི་འདོད། མ་མཐོང་བ་ནི་ངེས་པར་བྱེད་པ་ཡིན་གྱི་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །སྒྲུབ་པ་དང་ངེས་པར་བྱེད་པ་དག་སྲིད་ན། སྒྲུབ་པ་ཉིད་

མཆོག་ཡིན་ཏེ། ངེས་པར་བྱེད་པ་ནི་རྟོག་པ་དུ་མའི་རྟེན་དུ་འགྱུར་བའི་ཕྱིར་རོ། །འདི་ལྟར། བདེ་བ་ལ་སོགས་པ་དང་ལྡན་པ་ཉིད་དོན་ཡིན་པར་བརྟག་གམ། འོན་ཏེ་གཞན་དུ་ཡིན་མཐོང་བ་པ་ཡིན་པར་རྟོགས་པ་ལ་ནི་མ་མཐོང་བའི་རྟོགས་པ་འབའ་ཞིག་ཏུ་ཟད། དེའི་ཕྱིར་ཐ་དད་པར་གྱུར་པ་ཉིད་འགའ་ཞིག་ལ་ཐ་

དད་པར་འཛིན་པ་ཡིན་ནོ། །དེ་རྗེས་སུ་འགྲོ་བ་ཉིད་ལས་སྤྱིའི་དོན་གྲུབ་པའི་ཕྱིར། བར་གྱི་ཤ་ལྷག་པའི་སྤྱིས་ཅི་ཞིག་བྱ། ནང་གི་རྒྱུ་ཤེས་པ་རྣམས་ཀྱི་རྒྱུ་མཚན་ཡིན་པར་ནི་གདོན་མི་ཟ་བར་ཁས་བླང་དགོས་ཏེ། དེ་ལྟ་མ་ཡིན་ན། སྤྱི་དང་དེའི་རྒྱུ་རྣམ་པ་གཉིས་སུ་རྟོགས་པར་ཐལ་བའི་ཕྱིར་རོ། །འཕྲོད་པ་འདུ་བས་

གཅིག་ཏུ་འདྲེས་པར་གྱུར་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འཕྲོད་པ་འདུ་བ་ཡང་རྣམ་པ་གསུམ་པར་རྟོགས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ན་དེར་རྟོགས་པར་འགྱུར་བའི་ནུས་པ་མེད་པ་ཉིད་ནང་གི་རྒྱུ་ལ་རག་ལས་པར་ཁས་བླང་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཤེས་པ་ཡང་དེ་ལ་གཅིག་ཏུ་རྟོགས་པའི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར།

เล่ม ๑๗๘ · หน้า 241b

རྗེས་སུ་འགྲོ་བ་དང་། རིགས་ཞེས་བྱ་བ་ཡིན་གྱི། རིགས་གཞན་ཁས་བླང་བར་ནི་རིགས་པ་མ་ཡིན་ནོ། །ལྷག་མ་ནི་སྐབས་ཉིད་དུ་བཤད་ཟིན་ཏོ། །དེའི་ཕྱིར་ཐ་མི་དད་པར་ཞེན་པ་འབྲས་བུ་ཅན་ཉིད་ཀྱིས་སྤྱིའི་ཐ་སྙད་ཡིན་ནོ། །དེའི་འབྲས་བུ་ཅན་དེ་ཉིད་སྤྱིའི་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོ་ལས་ཐ་དད་པའི་དེའི་འབྲས་

བུ་ཅན་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་། དེ་ལྟ་ན་ནི་ཆུ་དང་ས་ལ་སོགས་པ་རྣམས་ལ་ཡང་འབྲས་བུ་མྱུ་གུ་ཡོད་པའི་ཕྱིར་གཅིག་ཏུ་རྟོགས་པར་འགྱུར་ཏེ། དེའི་འབྲས་བུ་ཅན་དུ་རྟོགས་པ་ཉིད་ནི་སྤྱིའི་ཤེས་པ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། བ་ལང་ཉིད་དུ་རྟོགས་པ་ཁོ་ན་དེ་ལྟར་འགྱུར་རོ། །དེའི་ཕྱིར་ཐ་དད་པ་མ་

འཕྲིགས་པ་ལས་སྤྱིར་རྟོགས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ཅི་སྟེ་དེར་སྤྱི་ཉིད་རྟོགས་སོ་ཞེས་ཅི་སྟེ་མི་འདོད། འདི་ལ་སྤྱི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་གནོད་པར་བྱེད་པའི་ཤེས་པ་སྐྱེས་པ་ནི་མེད་དོ། །རྩོད་པའི་དུབ་པ་ལ་ནི་དགོས་པ་མེད་དོ། །ཇི་ལྟར་དུ་མར་རྟོགས་པས་དུབ་པ་

དེ་བཞིན་དུ་རྩོད་པས་དུབ་པ་ཡང་ཡིན་པས་མཚུངས་པར་ཐལ་ལོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། རྩོད་པ་ཙམ་ཞིག་འདྲེན་པའི་ཕྱིར། །གལ་ཏེ་སྤྱི་ནི་རྟོག་བྱེད་ན། །མ་བརྟགས་གཅིག་པུས་སྤྱོད་ཡུལ་ནི། །ཀུན་རྫོབ་ཡོད་པ་ཡིན་པར་འགྱུར། །སྤྱི་ནི་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་ནོ། །རྣམ་པར་

དཔྱད་པ་མེད་པར་ཁས་ལེན་ན་ནི་གཅིག་ཏུ་མ་བརྟགས་ན་ཉམས་དགའ་བ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །འབྲས་བུ་གཅིག་པ་ཉིད་དེ་ནི། །དངོས་རྣམས་ལ་ཡོད་དེ་ཡི་ཕྱིར། །དངོས་ལ་མཉན་པ་དེ་མཐའ་ཉན། །དེའི་འབྲས་བུ་མ་ཡིན་པ་རྣམས་ལས་ལོག་པ་འབྲས་བུ་གཅིག་པའི་མཚན་ཉིད་ཅན་དེ་ཉིད་ནི་ཁྲ་བོ་ལ་སོགས་

པ་རྣམས་ལ་ཡོད་པ་ཡིན་ཏེ། དེའི་ཕྱིར་དངོས་པོ་ལ་འཇུག་པའི་མཉན་པ་ནི་འཇུག་པའི་རྒྱུ་མཚན་དེ་དང་ལྡན་པ་ཉིད་དོ། །འོ་ན་ཇི་ལྟར་སྤྱིའི་བློ་རྣམ་པ་དང་ལྡན་པར་འགྱུར་ཏེ། མ་འདྲེས་པ་ལ་ནི་རྣམ་པ་མེད་པའི་ཕྱིར་རོ་ཞེ་ན། འདིར་ལན་དུ། དེ་ལས་གཞན་དང་མ་འདྲེས་པ་ནི་ངེས་པར་རྣམ་པ་དང་ལྡན་པའི་བློ་དང་འབྲེལ་པ་ཡིན་

ལ། དེ་ཡང་བག་ཆགས་དང་འབྲེལ་བ་ལས་རྣམ་པ་དང་ལྡན་པ་ཡིན་ནོ། །འདི་ལྟར་བློ་དེ་ནི་དེ་ལྟ་བུར་གྱུར་པའི་ཤེས་པ་སྔ་མ་སྔ་མ་ལས་འོངས་པ་ཡིན་ནོ། །འདི་བ་ལང་ངོ་སྙམ་པའི་ཤེས་པ་ལ་ཁྲ་བོ་ལ་སོགས་པ་ལས་ཐ་དད་པའི་གཞལ་བྱ་གཞན་ནི་ཡོད་པ་མ་ཡིན་ནོ། །གཞལ་བྱའི་རྣམ་པར་སྣང་བའི་ཤེས་པས་གཞལ་

เล่ม ๑๗๘ · หน้า 242a

བྱའི་རྣམ་པ་འཇོག་པ་ཡིན་གྱི། གཞལ་བྱའི་རྣམ་པས་སྟོང་པའི་ཤེས་པ་ཙམ་གྱིས་ནི་མ་ཡིན་ནོ། །གལ་ཏེ་ཤེས་པ་དེ་ཐོག་མ་མེད་པའི་བག་ཆགས་ཀྱི་མཐུ་ལས་བྱུང་བ་ཡིན་ན། འོ་ན་ནི་དེ་དང་འབྲེལ་པ་ཡིན་པའི་ཕྱིར་དེ་ཉིད་ལ་མི་སླུ་བར་འགྱུར་བ་ཡིན་གྱི་དངོས་པོ་ལ་མི་སླུ་བར་གོ་ཇི་ལྟར་

འགྱུར། དེའི་ཕྱིར་དེའི་འབྲས་བུ་མེད་པ་ལས་ལྡོག་པ་ཡོངས་སུ་བཅད་པར་འགྱུར་དགོས་སོ། །དེའི་འབྲས་བུ་ཅན་ཉིད་དེ་ལས་དེའི་ཕྱི་རོལ་གྱི་ནུས་པ་ཉིད་དམ། ཕྱི་རོལ་གྱི་རང་བཞིན་གྱི་ལྡོག་པ་ཉིད་དོ། །དེའི་རྗེས་སུ་འགྲོ་བ་ན་དེ་ཉིད་རིགས་ཡིན་པས་རིགས་སྤངས་པ་མ་ཡིན་ལ། དེ་ཡོངས་སུ་བཅད་པ་ལ་ཡང་

ཕྱི་རོལ་ཉིད་ཡོངས་སུ་བཅད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཕྱི་རོལ་གྱི་རང་བཞིན་གྱི་རྣམ་པར་བཅད་པ་མེད་པའི་ཕྱིར་རོ། །ཕྱི་རོལ་ནུས་པ་རྣམ་གཅོད་ལ། །རེག་པ་མེད་ཀྱང་སྒྲ་དེ་ནི། །རྣམ་པར་རྟོག་པའི་གཟུགས་བརྙན་ནི། །དེ་ཡི་མཐར་ཐུག་རྣམས་དང་འབྲེལ། །དེས་ན་གཞན་སེལ་མཐར་ཐུག་ཕྱིར། །མཉན་

པ་གཞན་སེལ་བྱེད་པར་བརྗོད། །གལ་ཏེ་ཡང་སྒྲ་ལས་སྐྱེ་བ་ཅན་གྱི་རྣམ་པར་རྟོག་པ་ཕྱི་རོལ་གྱི་རང་བཞིན་ལ་རེག་པ་མེད་པ་དེ་ལྟ་ན་ཡང་། རྣམ་པར་རྟོག་པ་དེའི་གཟུགས་བརྙན་ནི་ཕྱི་རོལ་གྱི་མཐར་ཐུག་པའི་ཉིད་དེ། ཕྱི་རོལ་གྱི་སྒོ་ནས་སྐྱེ་བའི་ཕྱིར་རོ། །བརྒྱུད་པས་སྐྱེ་བའི་ཕྱིར་དོན་ལ་མ་རེག་ཀྱང་ཕྱི་རོལ་གྱི་མཐར་ཐུག་

པ་ནི་མ་ཡིན་ནོ། །གཞན་ལས་ལྡོག་པའི་དོན་གྱིས་བསྐྱེད་པ་གཟུགས་བརྙན་དེ་ཡང་གཞན་ལས་ལྡོག་པ་ཉིད་དུ་སྣང་ངོ་། །སྒྲ་ལས་ཀྱང་དེ་ཉིད་ཐ་མི་དད་པའི་ལྡོག་པ་རྟོགས་པར་འགྱུར་གྱི། ཕྱི་རོལ་དང་ཐ་མི་དད་པ་ནི་མ་ཡིན་ནོ། །དེས་ན་གཞན་ལས་ལྡོག་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེད་པའི་ཕྱིར་མཉན་

པ་གཞན་སེལ་བ་བྱེད་པར་བརྗོད་དོ། །གཞན་ལས་ལྡོག་པ་དག་ལ་འཇུག་པར་བྱེད་པའི་ཡང་ཕྱིར་ཏེ། ཕྱི་རོལ་ལ་རེག་པ་མེད་ཀྱང་རྣམ་པར་རྟོག་པ་དེ་ལས་ཐ་སྙད་བྱེད་པ་རྣམས་གཞན་ལས་ལྡོག་པ་དག་ལ་འཇུག་པའི་ཕྱིར། གཞན་ལས་ལྡོག་པའི་ཡུལ་ཅན་དུ་བརྗོད་དོ། །རྣམ་པར་རྟོག་པའི་བཟུང་བ་བློ་ལས་ཐ་དད་པར་

སྣང་བ་མ་ཡིན་ནམ། དེ་ཇི་ལྟར་ན་བློའི་རང་བཞིན་ཉིད་ཡིན། དེ་ཉིད་ལས་ཐ་དད་པར་སྣང་བ་ནི་དེ་ཉིད་དུ་འགྱུར་བ་མ་ཡིན་ནོ། །ལས་ཐ་དད་པར་སྣང་བ་ནི་དེ་ཉིད་དུ་འགྱུར་བ་མ་ཡིན་ནོ། །ཐ་དད་པར་སྣང་བ་ནི་ཐ་དད་པའི་མཚན་ཉིད་ཡིན་ཏེ། དེ་ལས་གཞན་ཐ་དད་པའི་རྒྱུ་མཚན་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཐ་

เล่ม ๑๗๘ · หน้า 242b

དད་པར་སྣང་བ་ཙམ་ནི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །འཁྲུལ་པ་མེད་པའི་ཐ་དད་པར་སྣང་བ་ནི་ཐ་དད་པའི་མཚན་ཉིད་ཡིན་གྱི་གང་འགའ་ཞིག་ནི་མ་ཡིན་ནོ། །ལྡོག་པ་བཞིན་དུ་སྒྲ་དག་ལས། །ཤེས་ལ་དོན་གྱི་གཟུགས་བརྙན་སྣང་། །གང་དེའང་དོན་གྱི་བདག་ཉིད་མིན། །དེ་འཁྲུལ་བག་ཆགས་ལས་བྱུང་

ཡིན། །གལ་ཏེ་ཡང་དེ་ཁ་དོག་དང་དབྱིབས་སུ་སྣང་བ་དེ་ལྟ་ན་ཡང་དེ་དངོས་པོ་ནི་མ་ཡིན་གྱི། འོན་ཀྱང་དེའི་གཟུགས་བརྙན་ཡིན་ནོ། །འགལ་བ་ཅི་ཡོད་ཅེ་ན་གང་གི་ཕྱིར་དེ་ནི་བག་ཆགས་ཀྱི་མཚན་ཉིད་ཀྱི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་མོད། ཇི་ལྟར་དངོས་པོར་མི་འགྱུར་ཞེ་ན། རང་གི་རྒྱུ་ལ་

རག་ལས་པའི་ཕྱིར། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་བཞིན་ནོ། །ཅི་སྟེ་བག་ཆགས་ཀྱི་སྟོབས་ལས་སྐྱེས་པ་ཡིན་ཡང་དངོས་པོ་ཉིད་དོ་སྙམ་ན། དངོས་པོ་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་བཤད་པར་བྱའོ། །འོ་ན་བློའི་མཚན་ཉིད་ཀྱི་དངོས་པོ་དེ་ཉིད་སྒྲས་བརྗོད་པ་ཡིན་ཏེ། དེ་ཉིད་དངོས་པོར་

གྱུར་བའི་གཞན་སེལ་བ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །དེ་ནི་མི་བདེན་ཏེ། འདི་ལྟར། དེ་ནི་མཉན་པས་བརྗོད་པ་ན། །དོན་གྱི་ཆ་གང་རྟོགས་པར་འགྱུར། །དེ་མ་རྟོགས་ན་དེ་དོན་ཅན། །བརྡ་བྱེད་པ་ནི་དོན་མེད་འགྱུར། །ཅི་ནས་ཀྱང་སྒྲ་ལས་དངོས་པོའི་ཆ་རྟོགས་པར་འགྱུར་བར་བྱ་བའི་ཕྱིར་བརྡ་བྱེད་པ་ཡིན་གྱི། བློའི་

གཟུགས་བརྙན་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །དེས་ན་བརྡ་བྱེད་པ་ནི་དོན་མེད་པར་འགྱུར་ཏེ། དེ་ནི་དངོས་པོ་རྟོགས་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་རོ། །འོ་ན་ནི་གཞན་སེལ་བ་ཡང་སྒྲའི་དོན་མ་ཡིན་པར་འགྱུར་ཏེ། དེས་ན་དེ་ལ་ཡང་བརྡ་བྱེད་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། གཞན་སེལ་བ་

ནི་དོན་གྱི་ཆ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར། སྒྲས་དོན་ཆ་ནི་ཅི་བརྗོད་ཅེས། །དེ་ལ་གཞན་སེལ་བརྗོད་པར་བྱ། །རྣམ་པ་དེ་ཡང་དོན་ལ་མེད། །དེ་བརྗོད་ཇི་ལྟར་དོན་རྟེན་ཡིན། །གལ་ཏེ་གཞན་སེལ་བ་ཉིད་དེ་ཡིན་ན་དེའི་ཚེ་དེ་རྟོགས་པ་ན་གཞན་སེལ་བ་དོན་གྱི་ཆ་ཉིད་དུ་མི་འགྱུར་རོ་ཞེ་ན། གཞན་སེལ་བ་ནི་

དོན་གྱི་ཆ་ཉིད་དེ། སྒྲས་དོན་གྱི་ཆ་ཅི་ཞིག་བརྗོད་ཅེས་འདྲ་བ་ན། གཞན་སེལ་བའོ་ཞེས་ལེན་འདེབས་པ་ཡིན་ནོ། །རྣམ་པ་དེ་ཡང་དོན་ལ་དེ་ཡོད་པ་མ་ཡིན་ཏེ། བློའི་རྣམ་པ་ཡིན་པའི་ཕྱིར་རོ། །གང་ཞིག་དོན་ལ་ཡོད་པ་མ་ཡིན་པ་དེ་རྟོགས་པས་ནི་དོན་རྟོགས་པར་མི་འགྱུར་ཏེ། རབ་རིབ་ཅན་གྱིས་རྟོགས་པའི་སྐྲ་

เล่ม ๑๗๘ · หน้า 243a

ཤད་ལ་སོགས་པ་བཞིན་ནོ། །གཞན་ཡང་གཞན་སེལ་བ་ནི་སྤྱི་ཡིན་ནོ་ཞེས་འདོད་པ་ཡིན་ནོ། །འདི་ལྟར། རྗེས་འགྲོ་ཅན་སྒྲ་རྗེས་འགྲོ་ཅན། །དོན་གྱི་འབྲས་ཡིན་མཐོང་གོམས་པས། །སྤྲུལ་དེའང་རྗེས་འགྲོ་མེད་པ་ཅན། །བློ་ལས་ཐ་དད་མེད་ཕྱིར་རོ། །སྒྲ་ནི་ཁྲ་བོ་ལ་སོགས་པ་དག་

ལ་རྗེས་སུ་འགྲོ་བར་མཐོང་ངོ་། །རྗེས་སུ་འགྲོ་བ་དེ་ཡང་སྦྱོར་བར་བྱེད་པ་རྗེས་སུ་འགྲོ་བའི་དོན་ཉིད་ཀྱིས་འགྱུར་བ་ཡིན་ན། རྣམ་པ་དེ་ནི་རྗེས་སུ་འགྲོ་བ་ཅན་མ་ཡིན་ཏེ། བློ་ལས་ཐ་མི་དད་པའི་ཕྱིར་རོ། །མཐོང་བས་གོམས་པས་བསྐྱེད་པ་ཡིན་པའི་ཕྱིར་ཏེ་བློ་ཉིད་བཞིན་ནོ། །རྗེས་སུ་འགྲོ་བ་ཅན་མ་ཡིན་པའི་འབྲས་བུ་ནི་རྗེས་སུ་འགྲོ་བ་

དང་ལྡན་པ་རིགས་པ་མ་ཡིན་ཏེ་རྒྱུ་ཐ་དད་པས་ཐ་དད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་བརྙན་ནི་གཞན་སེལ་བ་མ་ཡིན་ཏེ། རྗེས་སུ་འགྲོ་བ་ཅན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་ནི་གཞན་སེལ་བ་མ་ཡིན་ལ། བློའི་རྣམ་པ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟར་སྒྲ་ལས་དོན་རྟོགས་པ་ན་སྤྱི་རྟོགས་པར་

འགྱུར། དེ་དངོས་པོ་ལ་བརྟེན་པའི་ལྡོག་པ་རྟོགས་ན་ནི་དངོས་པོ་ཉིད་རྟོགས་པས་ན་དེ་ནི་སྤྱི་མ་ཡིན་ནོ། །དེ་སྟེ་དངོས་པོ་རྟོགས་པ་མ་ཡིན་ན། ཇི་ལྟར་གཞན་སེལ་བ་དངོས་པོའི་ཆར་རྟོགས་པར་འགྱུར་ཞེ་ན། འདི་ལ་བཤད་པ། དེ་དངོས་སྒྲོ་བཏགས་རྟོག་པ་ཡིས། །གཞན་ལས་བཟློག་པ་རྟོགས་ཕྱིར་ཡང་། །

སྒྲ་དོན་གང་ཡིན་དེ་ཉིད་ཅེས། །བརྗོད་པ་ལ་ནི་འགལ་བ་མེད། །བློའི་རང་བཞིན་ཉིད་ལས་དངོས་པོའི་རང་བཞིན་དུ་སྒྲོ་བཏགས་པས་དེ་དང་གཅིག་ཏུ་ལྷག་པར་ཞེན་ནས་རྟོགས་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཡང་གཞན་ལས་ལྡོག་པ་ཡིན་པའི་ཕྱིར། སྒྲའི་དོན་གཞན་སེལ་བ་ཡིན་ནོ། །བློའི་རང་

བཞིན་ཉིད་ལས་དངོས་པོའི་རང་བཞིན་དེ་ཡང་ཐམས་ཅད་ལ་སྒྲོ་འདོགས་ཏེ་དེའི་ཕྱིར་གཞན་སེལ་བ་ནི་སྤྱི་དང་། དངོས་པོའི་ཆ་ཡིན་པར་རྟོགས་པ་ཡིན་ནོ། །ཤེས་པ་སྒྲ་ཡིས་ངེས་སྤྲུལ་པ། །དེ་དག་ལོག་པར་སྣང་བ་ཉིད། །དོན་གྱི་ཆ་ལ་འདི་རྗེས་འགྲོ། །དེ་ལྟར་མཉན་པ་གཞན་སེལ་བྱེད། །ལོག་པར་སྣང་བའི་ཕྱིར་

དངོས་པོའི་ཡུལ་ཅན་ཉིད་ནི་མ་ཡིན་ནོ། །གཞན་སེལ་བ་ནི་བདེན་པའི་ཕྱིར་རོ། །ཇི་ལྟར་དངོས་པོའི་རྣམ་པ་ལྟར་དེ་ལ་ནི་གནོད་པར་བྱེད་པ་ཡོད་པ་མ་ཡིན་ནོ། །འདི་ནི་གཞན་སེལ་བ་མ་ཡིན་ནོ་ཞེས་བྱ་བའི་གནོད་པར་བྱེད་པ་ནི་དེ་ལ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཐ་སྙད་དུ་གནོད་པར་བྱེད་པ་ཡོད་པ་དང་མེད་པ་དག་ལས་རྟོགས་པ་དང་། ཅིག་

เล่ม ๑๗๘ · หน้า 243b

ཤོས་སུ་རྣམ་པར་གཞག་གི་དོན་དམ་པར་ནི་མ་ཡིན་ནོ། །དེའི་ཕྱིར་གཞན་སེལ་བར་རྟོགས་པ་ནི་གནོད་པ་མེད་པ་ཡིན་པའི་ཕྱིར་དང་། ཅིག་ཤོས་ནི་གནོད་པ་ཡིན་པའི་ཕྱིར་གཞན་སེལ་བ་སྒྲའི་དོན་ཡིན་ནོ་ཞེས་ཁོང་དུ་ཆུད་དོ། །དེས་ན་གཞན་སེལ་བ་དེ་ནི་སྒྲའི་དོན་དུ་འགྲོ་བ་ཡིན་ནོ། །སྒྲ་ནི་འདོད་པ་སྤངས་ནས་འཇུག་པར་བྱེད་པ་

ཡིན་པའི་ཕྱིར། མཉན་པ་དེ་ནི་གཞན་སེལ་བ་བྱེད་པ་ཡིན་ནོ། །ཡང་ན་རྣམ་པར་རྟོག་པའི་གཟུགས་བརྙན་གྱི་གཞན་སེལ་བ་ཉིད་ཕྱི་རོལ་དུ་ལྷག་པར་ཞེན་པར་འགྱུར་བ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་པས་སྐྱོན་མེད་དོ། །དེའི་ཕྱིར་སྒྲ་ལ་རང་གི་ངོ་བོས་བརྗོད་པར་བྱ་བ་ནི་ཅུང་ཟད་ཀྱང་མེད་པས་སྒྲུབ་པ་ནི་སྒྲའི་དོན་མ་ཡིན་ནོ། །གལ་

ཏེ་རང་གི་ངོ་བོ་ཉིད་ཤེས་པ་ལ་སྣང་ན་ཇི་ལྟར་ཕྱི་རོལ་ལ་འཇུག་ཅེ་ན། ཕྱི་རོལ་དུ་ལྷག་པར་ཞེན་པའི་ཕྱིར་རོ། །ལྷག་པར་ཞེན་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། དེའི་ཐ་སྙད་ཀྱི་ཡུལ་ཉིད་དུ་རྣམ་པར་འཇུག་པའོ། །དེ་ལྟར་གཞན་གཞན་གྱི་ཐ་སྙད་ཀྱི་ཡུལ་ཡིན་ཞེ་ན། འདྲ་བས་དེ་ལ་རྗེས་སུ་ཆགས་པའི་འཁྲུལ་པའི་ཕྱིར་

ཏེ། རིགས་འཁྲུལ་པ་བཞིན་ནོ། །དེ་ལ་རང་བཞིན་གཞན་ལྷག་པར་སྒྲོ་བཏགས་པ་ལྷག་པར་ཞེན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལྷག་པར་སྒྲོ་བཏགས་པ་ཡང་ཤེས་པ་གཞན་ཡིན་པའི་ཕྱིར་རོ། །གལ་ཏེ་དེས་དེའི་རང་བཞིན་རྟོགས་པ་ཡིན་ན་ལྷག་པར་སྒྲོ་བཏགས་པ་ཅི་ཡོད། གཞན་དུ་རྟོགས་པ་ཡིན་ནོ་ཞེ་

ན། ཅི་སྟེ་གཞན་དེ་ལ་ཡོད་དམ་དེ་ལྟའོ་ཞེ་ན། ལྷག་པར་སྒྲོ་བཏགས་པ་མ་ཡིན་ཏེ། བདེན་པ་ཡིན་པའི་ཕྱིར་རོ། །འོན་ཏེ་མེད་དོ་ཞེ་ན། འོ་ན་ནི་དེ་ཤེས་པ་ཙམ་ཞིག་ཡིན་པའི་ཕྱིར་ཇི་ལྟར་གཞན་སྒྲོ་བཏགས་པ་ཡིན། གང་ལ་དེ་སྒྲོ་གདགས་པར་བྱ་བ་དེ་ཡང་དོན་གྱི་རང་བཞིན་ནམ། ཤེས་པའི་རང་བཞིན་ཡིན་

ཡང་རུང་སྟེ། དེའི་ཚེ་དེ་ལ་སྒྲོ་བཏགས་སོ་ཞེས་བྱ་བའི་དོན་ཅི་ཞིག་ཡིན། དེ་ལ་རྟོགས་པ་སྟེ། དེ་དང་ལྷན་ཅིག་རྟོགས་པ་ཡིན་པ་དེའི་ཚེ་ཡང་ལྷག་པར་སྒྲོ་བཏགས་པ་མ་ཡིན་ནོ། །འོན་ཏེ་མེད་པ་ཉིད་ལས་ཡོད་པར་རྟོགས་པ་ཡིན་ནོ་ཞེ་ན། མེད་པ་ཉིད་དུ་ཇི་ལྟར་རྟོགས། །དེའི་རང་བཞིན་མ་དམིགས་པའི་ཕྱིར་གཞན་

གྱིས་རྟོགས་པ་ཡིན་ནོ་ཞེ་ན། །དེ་ནི་མ་ཡིན་ཏེ། དེ་ཡུལ་མ་ཡིན་པའི་ཕྱིར་མེད་པར་ཇི་ལྟར་རྟོགས། མི་དམིགས་པ་ནི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་ལ་གོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དབང་པོ་ཉམས་པ་ལས་དེ་ལྟར་རྟོགས་པ་མ་ཡིན་ནོ་ཞེ་ན། དེ་ནི་སྔ་མ་མེད་པ་ཉིད་རྟོགས་པ་ཡིན་གྱི། མེད་པར་རྟོགས་པ་ནི་མ་

เล่ม ๑๗๘ · หน้า 244a

ཡིན་ཏེ། དེ་ནི་དེའི་ཚེ་ཉིད་ཡོད་པའི་ཕྱིར་རོ། །འོན་ཏེ་ཐོབ་པར་བྱ་བའི་ཐ་སྙད་བྱེད་པའི་ཕྱིར་ཐོབ་པར་བྱ་བ་མ་ཡིན་པའི་ཐ་སྙད་མི་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ནི་འོ་ན་དེ་ལས་གཞན་དུ་ལྷག་པར་སྒྲོ་འདོགས་པ་ཡིན་པའི་ཕྱིར། ལྷག་པར་སྒྲོ་འདོགས་པ་ནི་གཞན་གྱི་ཐ་སྙད་ཀྱི་ཡུལ་དུ་བྱེད་པ་ཞེས་བྱ་བ་

དེ་ཉིད་གྲུབ་པ་ཡིན་ནོ། །དེའི་ཕྱིར་སྒྲའི་དོན་ནི་གཞན་སེལ་བ་ཡིན་ནོ། །དེ་ཉིད་ཀྱི་བཤད་པ། དེའི་ཕྱིར་བརྡ་ཡི་དུས་ན་ཡང་། །རང་ཉིད་རྟོགས་པའི་འབྲས་བུ་ཅན། །བསྟན་པའི་དོན་དང་འབྲེལ་པ་ཡི། །གཞན་སེལ་སྒྲ་དང་འབྲེལ་པར་འགྱུར། །བརྡར་བྱེད་པ་ན་ཡང་བརྡ་བྱེད་པ་པོ་སྒྲུབ་པའི་སྒོ་ནས་ནི་བརྡ་བྱེད་པ་མ་ཡིན་

ཏེ། འོན་ཀྱང་གཞན་སེལ་བའི་སྒོ་ནས་ཡིན་ནོ། །གང་གི་ཕྱིར་བརྡའི་དུས་ན་ཡང་། གཞན་སེལ་བ་ཉིད་མཉན་པ་དང་འབྲེལ་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །འདི་ནི་ལྷ་སྦྱིན་ནོ་ཞེས་བརྡ་འདོགས་པ་ན། རང་གི་མཚན་ཉིད་ཁོ་ན་འབྲེལ་པར་མཐོང་བ་མ་ཡིན་ནམ་ཞེ་ན། དེ་ནི་ལེགས་པ་མ་ཡིན་ཏེ། དེ་ན་བསྟན་ཀྱང་

གཟུགས་བརྙན་ཁོ་ན་རྟོགས་པ་ཡིན་ནོ། །འདི་ལྟར། བརྡ་ནི་དོན་རྟོགས་དོན་ཡིན་པར། །གཉི་ག་ཡིས་ཀྱང་འདོད་པ་ཡིན། །གཟུགས་བརྙན་རྟོགས་འགྱུར་མངོན་སུམ་གྱི། །དངོས་པོ་ཉིད་ནི་མ་ཡིན་ནོ། །འདིའི་མིང་ནི་འདི་ཡིན་ཏེ། འདི་ལས་ནི་དུས་གཞན་དུ་ཡང་འདི་རྟོགས་པར་བྱ་བ་ཡིན་ནོ་ཞེས་བརྡ་ནི་དེ་ལས་

གཞན་པའི་དུས་ཀྱི་རྟོགས་པའི་གནས་སྐབས་ཁྱབ་པ་ཉིད་དུ་རང་དང་གཞན་གཉི་ག་ཡང་གདོན་མི་ཟ་བར་འདོད་པ་ཡིན་ནོ། །དེས་ན་མཉན་པ་དང་གཞན་སེལ་བ་ཉིད་འབྲེལ་པ་ཡིན་གྱི་རང་གི་མཚན་ཉིད་ནི་མ་ཡིན་ནོ། །ཅི་སྟེ་འདིའི་མིང་ནི་འདི་ཡིན་ནོ་ཞེས་གཟུགས་བརྙན་ཁྱད་པར་ཡིན་པར་ནི་རྟོགས་པ་མེད་ཀྱི་འོན་ཀྱང་འདིའི་མིང་

ནི་འདི་ཡིན་ནོ་ཞེས་རང་གི་མཚན་ཉིད་ཁོ་ན་བརྡའི་ཡུལ་ཉིད་དུ་རྟོགས་སོ་སྙམ་ན་མ་ཡིན་ཏེ། ཤིན་ཏུ་གོམས་པའམ་རྟོག་པ་སྔོན་དུ་གཏོང་བ་ཅན་མ་ཡིན་པའི་ཕྱིར་དེ་ལྟར་རྟོགས་པ་ཡིན་གྱི། བཟློག་པས་ནི་ངེས་པ་ཁོ་ནར་གཟུགས་བརྙན་དུ་རྟོགས་པ་ཡིན་ནོ། །ཡང་གང་ཞིག་ཐ་སྙད་ལས་བརྡར་རྟོགས་པ་དང་ལྡན་པ་དེ་ནི་

ངེས་པར་བརྡའི་དུས་ཀྱི་རང་བཞིན་གྱི་གཟུགས་བརྙན་གྱི་ངོ་བོ་ཉིད་ལྷག་པར་ཞེན་པར་བྱེད་པ་ཡིན་ནོ། །འདི་ལྟར། འདི་མིང་འདི་ཡི་བརྡ་འདི་ལས། །འདི་ནི་རྟོགས་པར་འགྱུར་བ་ཡིན། །འདི་ནི་རྟོག་ལྡན་ཉིད་ཡིན་ཏེ། །གཞན་དུ་རྟོག་ལྡན་ཇི་ལྟར་ཡིན། །དེ་བཞིན་དུ་འདི་འོན་ཅིག་ཅེས་བརྗོད་པ་ལས། དེ་ལོག་པར་ནི་

เล่ม ๑๗๘ · หน้า 244b

མཐོང་བ་ན། །འདི་མིང་འདི་ཡིན་བདག་གིས་ཀྱང་། །སྒྲ་འདི་ལས་ནི་འདི་རྟོགས་བྱ། །ཡང་ན་བསྟན་པ་ནི་སྔར་བཤད་ཟིན་པའི་གཟུགས་བརྙན་གང་ཡིན་པ་ཡིན་ལ། དེ་ལྡོག་པའི་རང་བཞིན་གྱི་གཞན་སེལ་བ་ནི་དེ་དང་འབྲེལ་པ་ཡིན་ནོ། །གཟུགས་བརྙན་དེའི་འབྲས་བུ་ཡང་གཞན་སེལ་བ་རྟོགས་པ་ཉིད་ཡིན་གྱི་རང་གི་

ངོ་བོ་རྟོགས་པ་ནི་མ་ཡིན་ཏེ། རང་གི་ངོ་བོ་ནི་དོན་ལ་མེད་པའི་ཕྱིར་དང་། ལྡོག་པ་ནི་ཡོད་པའི་ཕྱིར་རོ། །ལྡོག་པ་དེ་ནི་གཞན་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྟོགས་པས་བཀར་ནས་དེ་དང་གཅིག་པར་ཐ་སྙད་བྱེད་པའི་ཕྱིར་རོ། །གཞན་ཡང་། གཞན་དུ་མ་མཐོང་ལ་ལྟོས་དང་། །ལ་ལར་དེ་མཐོང་ལ་ལྟོས་ཕྱིར། །གཞན་

སེལ་སྒྲ་དང་འབྲེལ་འགྱུར་གྱི། །དེ་ནི་དངོས་ལ་མི་རུང་ངོ་། །སྒྲ་ནི་དེ་དང་རིགས་མི་མཐུན་པ་གཞན་ལ་མ་མཐོང་བའི་ཕྱིར་དང་། དེའི་རིགས་ཅན་འགའ་ཞིག་ལ་མཐོང་བའི་ཕྱིར་གཞན་སེལ་བ་ཉིད་ལ་བརྡར་འདོགས་པ་ཡིན་ནོ་ཞེས་ཤེས་སོ། །སྤྱིའམ་གསལ་བ་ལ་བརྡ་འདོགས་པར་ཇི་ལྟར་མི་འགྱུར་ཞེ་ན། མ་ཡིན་ཏེ།

དེ་ལྟར་གྱུར་ན་སྒྲུབ་པའི་ཚུལ་ཁོ་ནས་བརྡར་བཏགས་པའི་ཕྱིར་ཐམས་ཅད་ལ་མཐོང་བར་ཐལ་ལོ། །སྤྱི་ལ་ཡིན་ན་ཡང་། མཐོང་བ་ཙམ་ལ་ལྟོས་པར་འགྱུར་གྱིས་གཞན་དུ་མ་མཐོང་བ་ལ་ལྟོས་པར་ནི་མི་འགྱུར་རོ། །སྤྱི་ལྡོག་པ་དང་བཅས་པར་རྟོགས་པར་བྱ་བའི་ཕྱིར་རོ་ཞེ་ན། འོ་ན་ནི་དེ་ལས་གཞན་ལས་ལྡོག་པ་

དེ་ཉིད་ཡིན་པར་འགྱུར་གྱི། སྤྱི་བཏགས་པས་ཅི་ཞིག་བྱ། གསལ་བ་ཉིད་དེ་ལས་གཞན་ལས་ལྡོག་པ་དང་ལྡན་པར་རྟོགས་པར་འགྱུར་གྱི་སྤྱིས་ཅི་བྱ། གསལ་བ་ཉིད་ནི་མི་རྟོགས་སོ་ཞེ་ན། མ་ཡིན་ཏེ། གསལ་བ་མེད་པར་སྤྱི་རྟོགས་པས་ཀྱང་ཅི་ཞིག་བྱ། མཚོན་ཟིན་པས་མཚོན་པའི་ཕྱིར་གསལ་བ་ཡང་

རྟོགས་སོ་ཞེ་ན། ཅི་འདིར་གཉིས་རིམ་གྱིས་རྟོགས་སམ། རྟོགས་པ་ཉིད་དོ། །དང་པོ་ནི་བ་ལང་ཉིད་ཙམ་རྟོགས་པས་ཡུལ་དུ་བྱེད་ལ། དེའི་འོག་ཏུ་ནི་ཁྲ་བོ་ལ་སོགས་པའི་ཁྱད་པར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཁྲ་བོ་ལ་སོགས་པ་རྣམས་ཀྱི་ནང་གི་ཁྱད་པར་རྟོགས་པ་ནི་མི་སྲིད་དོ། །དེས་ན་དེ་ཡང་སྤྱི་ཉིད་དོ། །དེའི་ཕྱིར་

གསལ་བ་རྣམས་ནི་སྤྱིས་མཚོན་པ་མ་ཡིན་ཏེ། སྤྱི་ཉིད་མཚོན་པའི་ཕྱིར་རོ། །གདོན་མི་ཟ་བར་འདིར་ཁྱད་པར་འགའ་ཞིག་ཡོད་དགོས་སོ་ཞེས་མཚོན་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། དེ་ལ་སྒྲའི་བྱེད་པ་མེད་པའི་ཕྱིར་རོ། །འདི་ལ་རྟོགས་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་བྱ་བ་འདི་ལ་ཚད་མ་མེད་དོ། །སྤྱི་ཡང་མཚན་ཉིད་དུ་

เล่ม ๑๗๘ · หน้า 245a

གྱུར་པ་ནི་རྟོགས་པ་མེད་དོ། །དེས་ན་དངོས་པོ་དང་བྲལ་བའི་ཕྱིར་དེ་ནི་བློ་ཉིད་དོ། །འོ་ན་ཇི་ལྟར་གཞན་སེལ་བ་སྒྲའི་དོན་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་ཏེ། གཞན་ལས་ལྡོག་པ་ཁོ་ན་ལ་འཇུག་པའི་ཕྱིར་རོ། །གལ་ཏེ་སྤྱིའམ་གསལ་བ་རྟོགས་པ་ཡིན་ན་ནི་སླུ་བར་མི་འགྱུར་ཏེ། རྟོགས་པ་ལ་ནི་སླུ་བ་

ཡོད་པ་མ་ཡིན་ནོ། །སླུ་བར་གྱུར་ན་གཞན་ལས་ལྡོག་པ་ཡང་སྒྲའི་དོན་དུ་ཇི་ལྟར་འགྱུར། གཞན་མཐོང་ཡང་དེ་ལས་གཞན་ལེན་པའི་ཕྱིར་རོ། །རེ་ཞིག་དེ་ནི་བླངས་པ་མ་ཡིན་ནོ། །གཞན་བླང་དགོས་སོ་ཞེས་བྱ་བའི་ངེས་པ་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར་སྒྲའི་རྟོགས་པ་དང་རྣམ་པ་མཚུངས་པའི་ཕྱིར་ན། རྗེས་སུ་དཔག་

པ་ཡང་རྣམ་པར་གཅོད་པ་ཙམ་ཞིག་གི་སྒྲུབ་པར་བྱེད་པ་ཡིན་ནོ། །ཡང་ན། གཞན་དུ་མ་མཐོང་ལ་ལྟོས་དང་། །ཞེས་བྱ་བ་ནི་ཐ་སྙད་ཀྱི་བརྡ་འཛིན་པ་ན། གཞན་དུ་མ་མཐོང་བ་ལ་ལྟོས་པ་དང་། རིགས་མཐུན་པ་འགའ་ཞིག་ལ་མཐོང་བ་ལ་ལྟོས་ནས་བརྡ་འཛིན་པར་བྱེད་པ་ཡིན་ནོ། །དེས་ན་གང་ལ་དེ་མ་མཐོང་བ་དེ་

ཐམས་ཅད་ནི་རྣམ་པར་བཅད་པ་ཤེས་པ་ཡིན་ལ། གང་ལ་ཐ་སྙད་མཐོང་བ་དེ་ནི་ཡོད་དམ། འོན་ཏེ་མེད་ཅེས་བྱེ་བྲག་ཏུ་མི་རྟོགས་སོ། །འདི་ལྟར་བརྡ་འཛིན་པ་ནི་དེ་ཁོ་ན་ལྟར་ཡིན་ནོ། །གང་གི་ཕྱིར། དངོས་པོ་འདི་འོན་ཅིག་ཅེས་བྱ་བའི་ངག་གི་བྱེད་པ་ནི་ལེན་པ་ལ་ཡིན་གྱི། དངོས་པོ་ཡོད་པ་ཉིད་ལ་ནི་མ་ཡིན་ནོ། །

མེད་པ་ནི་བླང་བར་མི་ནུས་སོ་ཞེ་ན། གལ་ཏེ་འདི་རྒྱལ་པོའི་བཀའ་ཡིན་ན་ནི་དེའི་ཚེ་གོར་མ་ཆག་པར་ཁྱེར་འོངས་དགོས་སོ། །དེ་ནི་ཡོངས་སུ་བརྟག་པ་ན་ཚད་མ་གཞན་ནམ། དོན་གྱིས་གོ་བ་ལས་ཡོད་པ་ཉིད་དུ་རྟོགས་པས་ཡུལ་དུ་བྱེད་པ་ཡིན་ནོ། །དོན་གྱིས་གོ་བ་དང་ལྷན་ཅིག་པའི་སྒྲ་ནི་ཡོད་པ་ཉིད་ལ་ཚད་མ་ཡིན་ནོ་ཞེ་ན།

དོན་གྱིས་གོ་བ་མེད་པའི་ཕྱིར་ན། མ་ཡིན་ཏེ། འདི་ནི་བྱིས་པ་མངོན་པར་འདོད་པ་སློང་བ་དང་འདྲ་བར་འགྱུར་རོ། །དེས་ན་ཡོད་པ་སྲིད་ན་ལེན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །གཞན་ནི་མི་ལེན་པ་ཉིད་དོ། །ཡང་གཞན་དག་ནི་རིགས་མི་མཐུན་པ་ཐམས་ཅད་ལས་ལྡོག་པ་དང་། འགའ་ཞིག་ཏུ་བསྒྲུབ་པར་འཇུག་པ་

ལ་ལྟོས་པའི་ཕྱིར་རོ། །ལྡོག་པ་ལྷུ་ཆེ་བ་ཡིན་གྱི་རྗེས་སུ་འགྲོ་བ་ནི་གཙོ་བོ་མ་ཡིན་པས་ལྡོག་པ་ཉིད་གཙོར་རྟོགས་སོ་ཞེའོ། །དེ་ནི་མི་བདེན་ཏེ། གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཅིག་གཙོར་གྱུར་པ་ཡིན་དུ་ཆུག་ཀྱང་། དེ་ལྟ་ན་ཡང་སྒྲའི་དོན་སྒྲུབ་པ་ཡིན་པ་ལས་ནི་འདས་པ་མ་ཡིན་ནོ་ཞེས་བྱ་བས་ཐ་མ་རྗེས་

เล่ม ๑๗๘ · หน้า 245b

སུ་འགྲོ་བ་ནི་གཙོ་བོ་མ་ཡིན་པར་རྟོགས་པར་ཡང་མི་ནུས་སོ། །གསལ་བ་གཅིག་མཐོང་བས་ཀྱང་སྤྱིའི་བདག་ཉིད་ཐམས་ཅད་རྟོགས་པའི་ཕྱིར། རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་ནོ་ཞེས་བྱ་བར་ནི་མི་རིགས་སོ། །ཡང་ན། ལ་ལར་དེ་མཐོང་ལ་ལྟོས་ཕྱིར། །ཞེས་བྱ་བ་ནི་འདིའི་མིང་ཡིན་ནོ་ཞེས་བྱ་བས། ཐམས་ཅད་ཀྱི་ཚེ་

སྒྲ་སྦྱོར་བ་ལ་དོན་ཡོད་པར་འགྱུར་བ་ནི་མ་ཡིན་གྱི། འདིའི་མིང་འདི་ཡིན་ནོ་ཞེས་བྱ་བ་ནི་འདི་ལས་འདི་ལ་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་དེ་ཙམ་ཞིག་ལ་ཡིན་ཏེ། གཞན་དུ་ཐ་སྙད་མེད་པའི་ཕྱིར་སྒྲ་རྣམས་ནི་གཞན་སེལ་བའི་ཡུལ་ཅན་ཡིན་ནོ། །ཅི་སྟེ་གང་དུ་རྗེས་སུ་དཔག་པས་དངོས་པོ་ཐོབ་པར་འགྱུར་བ་ན། ཤེས་པ་དེ་

ཅི་ལྟར་གཞན་སེལ་བའི་ཡུལ་ཅན་ཡིན་པར་འགྱུར་ཏེ། དེ་ལ་ཡང་གཞན་སེལ་བའི་ཡུལ་ཅན་ཉིད་དུ་འདོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེར་ཡང་ཁྱད་པར་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེར་ནི་འདི་ལྟར་རྟོགས་པ་ཡིན་ཏེ། རེ་ཞིག་འདི་མེ་ཡིན་པར་ནི་འགྱུར་ན། མེ་ཅི་ལྟ་བུ་ཡིན་པ་མི་ཤེས་སོ། །གལ་ཏེ་སྤྱི་

ཡོངས་སུ་མ་བཅད་ན་ཇི་ལྟར་མེའི་ཁྱད་པར་ལ་ཐེ་ཚོམ་ཟ་བར་འགྱུར་ཞེ་ན། རྟོགས་པ་ཙམ་གྱིས་ཐེ་ཚོམ་ཟ་བའི་ཕྱིར་རོ། །རེ་ཞིག་རྟོགས་པ་དེ་ནི་ཡོད་པ་ཡིན་ན། ཅི་མེ་ཡོད་དམ་འོན་ཏེ་མེད་ཅེའམ། དེ་ལ་མེ་ཇི་ལྟ་བུ་ཞིག་ཡོད་ཅེས་ཁྱད་པར་མི་ཤེས་པ་ཡིན་ནོ། །གང་དུ་ཡང་འབྲས་བུའི་གཏན་ཚིགས་ཡོད་པ་དེར་མེ་ངེས་

པར་ཡོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མེ་ནི་རེག་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །དེ་ལ་ནི་ངེས་པ་ཡོད་པ་མ་ཡིན་ནོ། །ཇི་ལྟར་མེ་རྟོགས། དྲོ་བ་ཙམ་ཞིག་རྟོགས་པའི་ཕྱིར་རོ། །སྤྱི་རྟོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཁྱད་པར་གྱི་རིམ་པ་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་གྱི་རིམ་པ་ལ་སོགས་པའི་

བྱེ་བྲག་ལས་ཐ་དད་པའི་དྲོ་བའི་སྤྱི་ཞེས་བྱ་བ་ནི། ཡོད་པ་མ་ཡིན་ནོ། །དེ་ལ་ཡང་རྟོགས་པ་མེད་དོ། །རྟོགས་པ་ཡང་ཁྱད་པར་གྱི་རིམ་པ་ཉིད་དམིགས་པ་ཡིན་ནོ་ཞེ་ན། དམིགས་ལ་ནི་རག་ན་བློ་གཅིག་ཉིད་ནི་མེད་དེ། རེས་འགའ་ནི་འདི་ལྟ་བུ་རེས་འགའ་ནི་འདི་ལྟ་བུ་ཞེས་བློ་གཞན་སྐྱེ་བའི་ཕྱིར་རོ། །གཅིག་ཉིད་དུས་གཅིག་གི་

ཚེ་རང་བཞིན་དུ་མར་དམིགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གདོན་མི་ཟ་བར་གཅིག་ནི་མི་བདེན་པར་འགྱུར་རོ། །དེའི་ཕྱིར་དེར་ཡང་རྟོགས་པ་ཙམ་ཞིག་བདེན་པ་ཡིན་གྱི་གཞན་མ་ཡིན་པས། གཞན་སེལ་བ་ཙམ་ཞིག་སྒྲ་དང་རྗེས་སུ་དཔག་པའི་ཡུལ་ཡིན་གྱི། དངོས་པོ་ལ་ནི་དེ་འཐད་པ་མ་ཡིན་ནོ། །གཞན་སེལ་བ་

เล่ม ๑๗๘ · หน้า 246a

ནི་རྟགས་ལའང་འབྲེལ་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །དེའི་ཕྱིར་རིགས་སོགས་དེ་ལྡན་ནི། །ཡོད་མིན་དོན་དང་དེ་དག་ལ། །མཉན་པ་འབྲེལ་མིན་གཞན་ལས་ནི། །ལྡོག་པ་ཉིད་ལ་སྒྲ་སྦྱོར་ཕྱིར། །དེས་ན་ཚད་མ་མེད་པའི་ཕྱིར། །རིགས་ལ་སོགས་པའི་འབྲེལ་པ་རྟོགས་པ་ནི་མེད་དོ། །རྫས་འབྲེལ་པ་ཡང་

རང་གི་ངོ་བོས་སྣང་བ་ཉིད་ལ་ཅི་ཞིག་ཡོད། ལྡན་པར་སྣང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། གཞན་རྟོགས་པས་རྣམ་པར་རྟོག་པར་མི་བྱེད་ཀྱང་དེའི་ངོ་བོར་སྣང་བའི་ཕྱིར་རོ། །དེ་ཙམ་འབའ་ཞིག་གིས་རྟོགས་པར་སྲིད་པ་མ་ཡིན་ནོ། །དེ་ཉིད་ལ་རྟོགས་པ་ཡིན་ནོ་ཞེ་ན། འདོད་པའི་ཕྱིར་གནོད་པ་ཅི་ཡོད་གཉི་ག་ལས་

སྐྱེས་པ་དང་། གང་ཡང་རུང་བའི་ལས་སྐྱེས་པ་དང་ལྡན་པ་ལས་སྐྱེས་པ་ཞེས་ནི་རྟོགས་པ་མེད་དོ། །རང་གི་ངོ་བོ་ཙམ་དུ་རྟོགས་སོ་ཞེ་ན། མ་ཡིན་ཏེ། ལྡན་པའི་རང་གི་ངོ་བོ་སྣང་བ་མེད་པའི་ཕྱིར་རོ། །དངོས་པོ་གཉིས་ཁོ་ནར་དེ་ལྟར་སྐྱེས་པའི་སྣང་བ་ཡིན་གྱི་ལྡན་པའི་ནི་མ་ཡིན་ནོ། །དངོས་པོ་གཉིས་པོ་དེ་ཉིད་ལྡན་པ་

ཡིན་ནོ་ཞེས་རྟོགས་པ་ཡང་མ་ཡིན་ནོ། །དེས་ན་ལྡན་པ་གཞན་ནི་མེད་དེ་སྔ་མ་དང་ལྷན་ཅིག་གཅིག་ཏུ་རྟོགས་པ་མེད་པའི་ཕྱིར་རོ། །མངོན་སུམ་ནི་སྔ་མ་དང་ཕྱི་མའི་དངོས་པོ་ལ་བྱེད་པ་ཡོད་པ་མ་ཡིན་ནོ། །སྔ་མ་རྟོགས་པར་མ་གྱུར་མོད། །དེ་ལྟ་ན་ཡང་ལྡན་པ་རྟོགས་པ་ནི་ཡོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མི་ལྡན་པ་

ལས་ལྡན་འགྱུར་ཏེ། །དེ་ནི་སླར་ཡང་འབྲེལ་བར་འགྱུར། །གཅིག་དགོས་བྱེད་མཁན་ང་ཡིན་ཞེས། །དེ་ནི་རྟོགས་པར་འདོད་པ་ཡིན། །གལ་ཏེ་དེ་ལྟར་མ་རྟོགས་ན། །ལྡན་པར་རྟོག་པ་དོན་མེད་འགྱུར། །འདི་ནི་གཅིག་འགྱུར་དེ་ཡི་ཕྱིར། །ལྡན་པ་དོན་ལྡན་འགྱུར་བ་ཡིན། །སྒྲ་སྦྱོར་བར་བྱེད་པ་ཡང་མེད་དེ། སྒྲ་

དེ་ལ་མེད་པའི་ཕྱིར་རོ། །བརྡའི་དུས་ན་སྒྲ་ཡོད་པར་གྱུར་པ་ཡིན་ནོ་ཞེ་ན། དེ་དང་སྦྱོར་བར་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར། བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །མཐོང་བ་སྲེ་བྱེད་བདག་ཉིད་ཅན། །སྔ་ཕྱི་སྟོང་པས་འཛིན་པ་ཡི། །མིག་ཤེས་ལ་ནི་དེ་ཇི་ལྟར། །འདི་བ་ལང་ངོ་ཞེས་བྱ་བ་འདི་བ་ལང་གི་སྒྲ་ཉིད་ནི་མ་ཡིན་གྱི།

འདི་བ་ལང་གི་སྒྲས་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞི་མཐུན་པ་ནི་དེ་དང་འབྲེལ་པ་ལས་ཏེ། དཔེར་ན་དབྱིག་པ་ཞུགས་སོ་ཞེས་བྱ་བ་བཞིན་ནོ། །ཡང་ན་གང་ལ་བ་ལང་གི་སྒྲ་ཡོད་པ་དེ་བ་ལང་གི་སྒྲ་ཡིན་ནོ། །དེ་ལ་གང་གི་ཚེ་སྦྱོར་བས་ཕྱོགས་གཅིག་ལ་འདི་ནི་བ་ལང་ངོ་ཞེས་བྱ་བ་དེ་ལ་ནི། འདི་བ་ལང་གི་སྒྲས་བརྗོད་

เล่ม ๑๗๘ · หน้า 246b

པར་བྱ་བ་ཡིན་པའི་ཕྱིར། བ་ལང་གི་སྒྲ་ལས་འདི་རྟོགས་པར་འགྱུར་རོ། །བ་ལང་དེ་ནི་འདིའོ་ཞེས་བྱ་བར་ནི་འདི་ལ་བ་ལང་གི་བརྡར་བཏགས་པ་ཡིན་ནོ། །དེ་ལྟ་བུའི་དངོས་པོ་དེ་ནི་སྔ་མ་དང་ཕྱི་མ་འཛིན་པས་སྟོང་པའི་བདག་ཉིད་ཀྱི་མངོན་སུམ་གྱིས་ཇི་ལྟར་འཛིན་པར་འགྱུར། འདི་ལྟར། དབང་རྣམས་རུང་བའི་ཡུལ་གནས་ལ། །

འབྱུང་འགྱུར་འདས་དང་འབྱུང་ལ་མིན། །དབང་པོ་ལ་བརྟེན་རྣམ་ཤེས་ཀྱི། །སྤྱོད་ཡུལ་དབང་པོའི་བྱེད་ཅན་ཡིན། །ཞེས་དེ་ནི་བཤད་ཟིན་ཏོ། །གལ་ཏེ་མིག་ལ་སོགས་པའི་དབང་པོ་སྔ་མ་དང་ཕྱི་མ་དག་ལ་ཡང་འཇུག་པ་ཡིན་ན་ནི་འདས་པ་དང་མ་འོངས་པ་ཐམས་ཅད་རྟོགས་པར་འགྱུར་ཏེ། ཐམས་ཅད་འགའ་ཞིག་དང་

རྣམ་པ་འགའ་ཞིག་ལྟར་འབྲེལ་པའི་ཕྱིར་རོ། །སྔར་གཟུང་བ་རྟོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་རྟོགས་པ་མེད་པའི་ཕྱིར་རོ། །དྲན་པ་ཡོད་ན་འགྱུར་རོ་ཞེ་ན། དྲན་པ་ཉིད་དེ་ཡིན་པར་འགྱུར་རོ། །དྲན་པར་བྱ་བ་དང་ལྷན་ཅིག་མངོན་སུམ་གྱིས་གཅིག་ཏུ་རྟོགས་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། དྲན་པ་

ཚད་མ་མ་ཡིན་པའི་ཕྱིར། དྲན་པར་བྱ་བ་མི་བདེན་པ་ཉིད་དེ་དང་ལྷན་ཅིག་ཏུ་རྟོགས་པ་བདེན་པར་ཇི་ལྟར་འགྱུར། ཅི་སྟེ་ཡང་དེའི་དོན་བྱ་བ་བྱེད་པའི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེ་ན། དོན་བྱ་བ་ཞེས་པ་དང་། དེའི་སྒྲས་བརྗོད་པར་བྱ་བ་ཉིད་ཡིན་ནམ། དེ་ཉིད་ཀྱིས་དོན་བྱ་དགོས་སོ་ཞེས་བྱ་བ་ལས། དེའི་ཕྱིར་འདི་ནི་ཐ་སྙད་ཙམ་དུ་ཟད་

ཀྱི། གཅིག་ཉིད་དུ་འཛིན་པ་ལ་ཚད་མ་ནི་མེད་དོ། །ཐ་སྙད་མི་སླུ་བ་ཉིད་ལས་ཚད་མར་འགྱུར་བ་ཡིན་ནོ་ཞེ་ན། གཅིག་ཉིད་ལ་ནི་མི་སླུ་བ་ཡོད་པ་མ་ཡིན་གྱི། འོན་ཀྱང་དོན་བྱ་བ་ལ་ཡིན་ཏེ། དེ་ནི་ཡོད་པ་ཁོ་ནའོ། །དེའི་དོན་ཉིད་ནི་དོན་བྱ་བ་བྱེད་པ་ལས་ཡིན་གྱི་སྔ་མ་དང་གཅིག་ཉིད་ནི་མ་ཡིན་ནོ། །ཅི་སྟེ་དེ་ཉིད་འདི་ཡིན་ནོ་

སྙམ་པའི་མཚམས་སྦྱོར་བ་འདི་ནི་ཡོད་པ་ཡིན་ནོ། །གལ་ཏེ་སྔ་མ་དང་ཕྱི་མ་དག་གཅིག་པ་ཉིད་མེད་ན་མཚམས་སྦྱོར་བར་བྱེད་པ་པོ་ཉིད་དུ་སུ་ཞིག་འགྱུར། མཚམས་སྦྱོར་བ་པོ་གཅིག་ཉིད་ཡིན་ན་སྔ་མ་དང་ཕྱི་མ་འཛིན་པའི་མངོན་སུམ་མཚམས་སྦྱོར་བ་པོ་ལ་བརྟེན་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དྲན་པ་དང་མཐོང་བའི་རྣམ་པ་

ལས་ཐ་དད་པའི་མཚམས་སྦྱོར་བ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་པ་དག་ལ་བརྟེན་པ་ཡིན་ཡང་། དེ་ཙམ་གྱིས་ནི་དེ་ཚད་མར་འགྱུར་བ་མ་ཡིན་ནོ། །དབང་པོ་ལ་བརྟེན་པས་ན་ཚད་མ་ཡིན་ལ་བདག་ལ་བརྟེན་པས་ནི་གཅིག་ཉིད་དུ་འཛིན་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ནི་དབང་པོའི་རྗེས་སུ་འབྲངས་ནས་

เล่ม ๑๗๘ · หน้า 247a

འཇུག་པའི་ཕྱིར་དང་། དབང་པོ་ཡང་སྔ་མ་དང་ཕྱི་མ་ལ་མི་འཇུག་པའི་ཕྱིར་རོ། །དེའི་རྗེས་སུ་འབྲང་བའི་ཤེས་པ་ནི་འཇུག་གོ་ཞེ་ན། མ་ཡིན་ཏེ། དེའི་རྗེས་སུ་འབྲང་བ་ཉིད་མི་འཐད་པའི་ཕྱིར་རོ། །སྟེན་གྱི་ཤེས་པའི་རྗེས་སུ་འབྲངས་པ་མེད་པར་ནི་སྔ་མ་ལ་ཤེས་པ་འཇུག་པ་མ་ཡིན་ནོ། །དེ་ལས་

གཞན་པའི་རྗེས་སུ་འབྲངས་པ་ཡིན་ནོ་ཞེས་བྱ་བ་ནི་བབ་ཆོལ་ཡིན་ནོ། །གཅིག་ཉིད་དུ་རྟོགས་པ་ནི་དབང་པོ་མེད་པར་མི་འབྱུང་བ་མ་ཡིན་ཏེ། དེས་ནི་གཅིག་ཉིད་དུ་རྟོགས་པ་དབང་པོ་ལས་སྐྱེས་པ་ནི་མ་ཡིན་ནོ། །མངོན་སུམ་ལས་འགྱུར་བ་གང་ཡིན་པ་དེ་ནི་ཡིན་ནོ་ཞེ་ན། མ་ཡིན་ཏེ། གཅིག་ཉིད་ལས་ཁྱད་པར་མེད་པའི་

ཕྱིར་རོ། །གསལ་བ་ཉིད་ཀྱིས་ཁྱད་པར་ཡོད་པ་ཡིན་ནོ་ཞེ་ན། གསལ་བ་ཉིད་གཅིག་ཡིན་ལ་རག་མོད། མི་གསལ་བ་དང་གཅིག་ཉིད་དུ་གོ་མངོན་སུམ་གྱིས་ཇི་ལྟར་ཁོང་དུ་ཆུད། དེ་ནི་འདི་དང་གཅིག་པར་མངོན་སུམ་གྱིས་ཁོང་དུ་ཆུད་པ་མ་ཡིན་གྱི། འདི་གོ་དེ་དང་ཇི་ལྟར་མ་ཡིན་ཞེ་ན། མ་ཡིན་ཏེ། མཚུངས་

པའི་ཕྱིར་རོ། །གཉི་ག་མངོན་སུམ་གྱིས་གཟུང་བ་མེད་པར་དེ་གཅིག་པར་མངོན་སུམ་གྱིས་ཇི་ལྟར་ཡུལ་དུ་བྱེད། གཅིག་ཉིད་མངོན་སུམ་གྱིས་འཛིན་པ་ཡིན་གྱི་དོན་ནི་མ་ཡིན་ནོ་ཞེ་ན། འོ་ན་གཅིག་ཉིད་དེ་དོན་ལ་བརྟེན་པ་མ་ཡིན་པར་འགྱུར་རོ། །གཅིག་ཉིད་དང་བརྒྱུད་པ་མེད་པའི་ཕྱིར་དེ་དང་ལྡན་པ་འཕེན་པ་ཡིན་ནོ་ཞེ་ན།

འཕེན་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཡིན་ནོ། །དེས་ན་མངོན་སུམ་གྱིས་རང་དབང་དུ་བཟུང་བ་ལ་རྗེས་སུ་དཔག་པས་གཞན་དུ་འཛིན་པ་ཞེས་བྱ་བ་ནི་འཐད་པ་མ་ཡིན་ཏེ། རྗེས་སུ་དཔག་པ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེས་ན་མངོན་སུམ་གྱིས་ནི་འདི་བ་ལང་ངོ་ཞེས་རྟོགས་པ་མ་ཡིན་ཏེ། སྔ་མ་དང་ཕྱི་མ་

འཛིན་པ་མེད་པའི་ཕྱིར་རོ། །གཞན་ཡང་ཤི་བ་ལ་ཡང་སྔ་མ་དང་ཕྱི་མར་འཛིན་པ་ཡོད་པའི་ཕྱིར། དེ་ཇི་ལྟར་འདི་ཚད་མ་མ་ཡིན་པར་འགྱུར། དེའི་ཕྱིར་ཉེ་བར་གནས་པ་འཛིན་པ་ཙམ་ཁོ་ན་ཚད་མ་ཡིན་ལ། དེ་ལ་ཡང་སྦྱོར་བར་བྱེད་པ་མེད་པའི་ཕྱིར། དབང་པོའི་ཤེས་པ་ནི་རྟོག་པ་མེད་པ་ཡིན་ནོ། །གཞན་ཡང་། གཞན་

ལ་འཇུག་སེམས་ཅན་གྱི་ཡང་། །མིག་གིས་གཟུགས་དག་མཐོང་གྱུར་པ། །དེར་ནི་གསལ་བར་དེ་ཡི་བརྡ། །དེས་ན་དེ་བསྐྱེད་རྟོག་པའང་མེད། །གང་གིས་དྲན་པ་དབང་པོའི་ལྷན་ཅིག་བྱེད་པར་འགྱུར་བ། གཟུགས་ལ་སོགས་པ་རྣམ་པར་རྟོག་པ་བཞིན་པ་ཉིད་ན། མཐོང་བ་ནི་མ་ཡིན་ནོ། །གང་ཞིག་གང་གི་ལྷན་ཅིག་

เล่ม ๑๗๘ · หน้า 247b

བྱེད་པ་ཡིན་པ་དེ་མེད་པར་རང་གི་འབྲས་བུ་ལ་ནུས་པ་མ་ཡིན་ཏེ། ས་ལ་སོགས་པ་མེད་པར་མྱུ་གུ་བྱེད་པ་ལ་ས་བོན་བཞིན་ནོ། །འོན་ཏེ་འབྲས་བུ་བྱེད་དོ་ཅོག་ལ་ནི་དྲན་པ་ལྷན་ཅིག་བྱེད་པ་མ་ཡིན་གྱི། འོན་ཀྱང་རྣམ་པར་རྟོག་པ་དང་བཅས་པ་སྐྱེད་པ་ལ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། གལ་ཏེ་རྣམ་རྟོག་གཞན་གྱིས་དེ། །

རྣམ་རྟོག་བཅས་པ་ཉིད་ཡིན་ན། །གྲུབ་པ་ལ་སྒྲུབ་གཞན་དུ་ན། །འགལ་བར་གནས་པ་འགྱུར་བ་ཡིན། །གལ་ཏེ་རྣམ་པར་རྟོག་པ་གཞན་དང་ལྷན་ཅིག་འཇུག་པའི་ཕྱིར། རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་ན་ནི། དེ་ལྟ་བུར་གྱུར་པ་ལ་དྲན་པ་ལྷན་ཅིག་བྱེད་པ་ཡིན་པར་གྲུབ་པ་ལ་སྒྲུབ་པོ། །དེ་སྟེ་བདག་

ཉིད་དུ་གྱུར་པའི་རྣམ་པར་རྟོག་པས་ཡིན་ན་ནི། དེའི་ཚེ་མི་རིགས་ཏེ། དེ་ཡོད་ན་ཡང་མེད་འགྱུར་ལ། །དེ་མེད་ན་ཡང་ཡོད་པ་གང་། །འགལ་བའི་ཆོས་དང་ལྡན་པས་ན། །དེ་དང་དེ་གཅིག་ཇི་ལྟར་ཡིན། །ཅི་སྟེ་རྣམ་པར་རྟོག་པ་ཅན་དེ་ནི་གཞན་ཡིན་ལ། སྔར་གྱི་རྣམ་པར་རྟོག་པ་མེད་པ་ཡང་གཞན་ཡིན་ནོ་ཞེ་ན། དེ་

ལྟ་ཡིན་ན་ནི་ཁྱེད་ཀྱི་ངོ་ཤེས་པ་ཉམས་པ་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་རོ་ཞེས་ཀྱང་བཤད་ཟིན་ཏོ། །དེའི་ཕྱིར་ལྷན་ཅིག་གི་ཚེ། སེམས་གཞན་དུ་སོང་བའི་གནས་སྐབས་སུ་རྣམ་པར་རྟོག་པ་མེད་པ་གང་ཡིན་པ་དེ་ནི་གཞན་གྱི་ཚེ་ཡང་དེ་ལྟ་བུ་ཁོ་ན་ཡིན་པར་རིགས་སོ། །འོན་ཏེ་རྣམ་པར་རྟོག་པ་གཞན་གྱིས་རྟོག་པ་དང་

བཅས་པ་ཉིད་དོ་ཞེ་ན། དེ་ལྟ་ཡིན་ན་ནི་རྣ་བའི་རྣམ་པར་ཤེས་པ་ལས་ཀྱང་རྟོག་པ་དང་བཅས་པ་ཡིན་པར་འགྱུར་ཏེ། རྣ་བ་ཡང་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་ཤེས་པ་དེ་གཉིས་ནི་ཐ་དད་པ་ཁོ་ནའོ་ཞེ་ན། གཞན་དུ་ཡང་མཚུངས་པའི་ཕྱིར་ཁྱད་པར་མེད་དོ། །འོན་ཏེ་གནས་སྐབས་དེ་ན་རྣམ་པར་རྟོག་པ་གཞན་

ཡང་ཡོད་དོ་ཞེ་ན། དེ་ནི་མི་བདེན་ཏེ། མ་དམིགས་པའི་ཕྱིར་རོ། །ཅི་སྟེ་མི་དམིགས་ཀྱང་ཐ་སྙད་ལས་སྒྲུབ་པ་ཡིན་ཏེ། རྣམ་པར་རྟོག་པ་མེད་པར་ནི་ཐ་སྙད་མ་མཐོང་བའི་ཕྱིར་རོ། །ཐ་སྙད་དང་ནི་རྣམ་རྟོག་དག །རྒྱུ་དང་འབྲས་བུར་གྲུབ་པས་ན། །འདིར་དེ་འབྲས་ལས་རྗེས་དཔོག་ཕྱིར། །བརྡ་འཛིན་མེད་པར་ཇི་ལྟར་

འགྱུར། །རྗེས་སུ་དཔག་པས་ནི་སྒྲ་སྦྱོར་བར་བྱེད་པ་རྟོགས་པར་ནི་འགྱུར་བ་མ་ཡིན་ཏེ། དེ་ཡང་ཚད་མ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་འདི་ཉིད་ཀྱིས་འཁྲུལ་པ་ཡིན་ནོ་སྙམ་ན་མ་ཡིན་ཏེ། ཕྱོགས་ཉིད་ཀྱིས་ནི་འཁྲུལ་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་ལ་མ་ཡིན་ན་ནི་དུ་བ་ལས་མེ་རྗེས་སུ་དཔོག་པ་ལ་ཡང་ཕྱོགས་

เล่ม ๑๗๘ · หน้า 248a

ཉིད་ཀྱིས་འཁྲུལ་པར་འགྱུར་རོ། །མ་ཡིན་ཏེ། དེ་ནི་རྗེས་སུ་དཔག་པས་དམིགས་པའི་ཕྱིར་ཏེ། རེག་པ་དང་། ཐ་སྙད་ལས་ཀྱང་རྟོགས་པའི་ཕྱིར་རོ། །གྲང་བ་ཟློག་པའི་ཐ་སྙད་དམ། །རེག་པའི་རྣམ་པར་ཤེས་པ་ལས། །ལྐོག་གྱུར་མེ་ཡི་བདག་ཉིད་ནི། །རྟོག་ན་དེ་ཡང་འཐད་པར་

དཀའ། །གལ་ཏེ་མེ་མེད་ཀྱང་ད་ལྟ་ཉིད་དུ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་རེས་འགའ་རྗེས་སུ་དཔག་པར་བྱ་བ་མ་མཐོང་བའི་མེ་ཐེ་ཚོམ་གྱི་ཡུལ་དུ་གྱུར་པ་དེར་ནི། དུ་བའི་རང་བཞིན་རྟོགས་པ་ལས་རེག་པའི་རྣམ་པར་ཤེས་པའམ། གྲང་བ་ཟློག་པའི་ཐ་སྙད་ཀྱིས་འཁྲུལ་པ་སྤོང་བ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། རེག་

ཤེས་ཐ་སྙད་དག་ལས་ནི། །རྗེས་སུ་དཔག་པས་དེ་རྟོགས་ན། །རྗེས་དཔག་དེ་ཡི་འཁྲུལ་མེད་པའང་། །རྗེས་དཔག་གཞན་ལས་འགྱུར་བ་ཡིན། །རྗེས་དཔག་ཉིད་དུ་མཚུངས་ཕྱིར་རོ། །དེ་ལྟ་ཡིན་ན་ཐུག་མེད་འགྱུར། །གལ་ཏེ་རྗེས་སུ་དཔག་པ་ལས་འཁྲུལ་པར་དོགས་པ་ན། རྗེས་སུ་དཔག་པ་ཉིད་འཁྲུལ་པ་མེད་

པའི་སྒྲུབ་བྱེད་ཡིན་པ་དེ་ལྟ་ན་ནི། རྗེས་སུ་དཔག་པ་ཉིད་དུ་མཚུངས་པའི་ཕྱིར། དེའི་མཚན་ཉིད་ཅན་ཐམས་ཅད་ལ་དོགས་པར་འགྱུར་བ་དེ་ནི་མ་གྲུབ་པས་མ་གྲུབ་པ་བསྒྲུབ་པ་ཡིན་ནོ། །རེག་པས་ནི་གཟུགས་གྲུབ་པ་ཡང་མ་ཡིན་ཏེ། དུང་སེར་པོར་ཤེས་པའི་ཡུལ་ལ་ཡང་རེག་པ་ཡོད་པའི་ཕྱིར་རོ། །གང་དུ་དུ་བར་འཁྲུལ་པར་

དོགས་པ་དེར་བློ་སྔོན་དུ་བཏང་ནས་བྱས་པའི་གྲང་བ་མེད་པ་ལ་སོགས་པའི་ཐ་སྙད་ནི་ཆེས་ཤིན་ཏུ་འཁྲུལ་པར་འགྱུར་རོ། །དེའི་ཕྱིར་རྗེས་སུ་དཔག་པས་རྣམ་པར་རྟོག་པ་སྒྲུབ་པ་ལ་གལ་ཏེ་ཕྱོགས་ཉིད་ཀྱིས་འཁྲུལ་པ་ཡིན་ན་རྗེས་སུ་དཔག་པ་མཐའ་དག་ལ་འགྱུར་བའི་ཕྱིར། རྟོག་པ་འདི་ནི་ལེགས་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་

ཏེ། ཇི་ལྟར་དུ་བས་དངོས་སྟོབས་ལས། །རྗེས་སུ་དཔག་པ་རབ་འཇུག་ཅིང་། །དེ་ཡང་སླུ་བ་མེད་མཐོང་བ། །དེ་ལྟར་རྟོགས་པའི་སྒྲུབ་བྱེད་མིན། །ཡུལ་ལྐོག་ཏུ་གྱུར་པ་ལ་མེའི་རྗེས་སུ་དཔག་པ་འཇུག་པ་ལ་ནི་མངོན་སུམ་གྱིས་གནོད་པ་མེད་དེ་དེ་ནི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པའི་སྒྲུབ་པ་ལ་ནི་རྒྱང་རིང་

བ་ལ་སགས་པ་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ནི་རང་རིག་པའི་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །ཕྲ་མོ་ཉིད་ཀྱང་གཞན་གྱིས་དམིགས་པ་དང་གཞན་གྱིས་མ་དམིགས་པ་ལ་ལྟོས་པ་ཡིན་ན་རང་གི་རང་བཞིན་ལ་ནི་ཇི་ལྟར་དམིགས་པར་བྱ་བ་ཕྲ་བ་དེ་བཞིན་དུ་དམིགས་པ་བྱེད་པ་ཡང་ཡིན་པས་ཁྱི་འཚོད་པ་ཁྱི་འཚོད་པས་མི་

เล่ม ๑๗๘ · หน้า 248b

འཇིགས་སོ། །རང་རིག་པར་བྱ་བའི་མེད་པ་ནི་འདི་ཁོ་ནའོ་སྟེ། ཉམས་སུ་མྱོང་བ་མེད་པ་ཞེས་བྱ་བ་གང་ཡིན་པའོ། །མེ་ལ་སོགས་པ་ལྟར་རྣམ་པར་རྟོག་པ་ལ་རྗེས་སུ་དཔག་པ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་རྟོག་པ་མེད་པའི་ཕྱིར་རོ། །གལ་ཏེ་རྣམ་པར་རྟོག་པ་མེད་པར་ཐ་སྙད་མི་འཐད་པའི་ཕྱིར་འབྲེལ་པ་བཟུང་བ་ན། ཇི་ལྟར་

རྗེས་སུ་མི་དཔོག་ཅེ་ན། མ་ཡིན་ཏེ། འབྲེལ་པ་འཛིན་པ་ཉིད་རྣམ་པ་གཞན་དུ་འགྱུར་བའི་ཕྱིར་རོ། །འདི་ལྟར། དཔྱོད་སོགས་མེད་ན་མེད་པའི་ཕྱིར། །གོམས་པ་མེད་པའི་ཐ་སྙད་ནི། །འགྱུར་མིན་དེ་ཉིད་དུ་འགྱུར་ན། །ཐ་སྙད་དེ་མེད་པར་ཡང་འགྱུར། །གོམས་པ་མེད་པའི་ཐ་སྙད་ནི་དཔྱོད་པ་ལ་སོགས་པ་མེད་པར་མི་

འགྱུར་བའི་ཕྱིར། འབྲེལ་པ་འཛིན་པར་འགྱུར་གྱི། གོམས་པར་འགྱུར་བ་ལ་ནི་རྣམ་པ་གཞན་དུ་ཡང་འགྱུར་བ་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་མེད་ཀྱང་གོམས་པ་ལས། །སྲོག་ཆགས་རྣམས་ཀྱི་ཐ་སྙད་འདི། །འཇུག་འགྱུར་མཐོང་ལ་དེ་ཉིད་ལ། །ཐ་སྙད་ཀྱིས་ནི་རྗེས་དཔོག་མེད། །རྗེས་སུ་དཔག་པ་

འཇུག་པ་ནི་འབྲེལ་པ་འཛིན་པ་དང་། རྗེས་སུ་མཐུན་པ་ཁོ་ནར་ཡིན་ཏེ། དེ་ལྟར་མ་ཡིན་ན་འབྲེལ་པ་འཛིན་པ་རྗེས་སུ་དཔག་པ་ལ་ཉེ་བར་མཁོ་བ་མེད་པར་འགྱུར་རོ། །འབྲེལ་པ་དེ་ཡང་མ་གོམས་པའི་གནས་སྐབས་ཉིད་ན་འཛིན་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་དཔྱོད་སོགས་ཐ་སྙད་ལས། །རྗེས་སུ་དཔག་པ་ཉིད་མ་

ཡིན། །གང་ཕྱིར་ཐ་སྙད་ཅེས་བྱ་འདི། །རྣམ་པ་གཞན་དུའང་དམིགས་པ་ཡིན། །དེ་ལྟ་མ་ཡིན་ན། འཕྱོར་མོ་གཟུགས་དང་ལྡན་པ་ལ། །འདོད་ལྡན་འཇུག་པ་མཐོང་བའི་ཕྱིར། །དེ་ལས་གཟུགས་དང་མི་ལྡན་པའང་། །གཟུགས་དང་ལྡན་པར་དཔོག་པར་འགྱུར། །དེའི་ཕྱིར་གཞན་རྣམ་པར་རྟོག་པ་ན་བརྡའི་དུས་ན་

དམིགས་པའི་སྒྲ་འཛིན་པ་མེད་པར་གསལ་བའི་ཕྱིར། དེ་ལས་སྐྱེས་པའི་རྟོག་པ་ཡང་མེད་པ་ཉིད་དོ། །གལ་ཏེ་མངོན་སུམ་ཉིད་སྒྲ་དང་འབྲེལ་པ་མི་འཛིན་ན། ཇི་ལྟར་དེའི་བརྗོད་པར་བྱ་བ་དེ་ནི་འདི་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཐ་སྙད་བྱེད་ཅེ་ན། མ་ཡིན་ཏེ། འཁྲུལ་པ་ལས་ཀྱང་ཐ་སྙད་དུ་འགྱུར་བའི་ཕྱིར་རོ། །འཁྲུལ་པ་ཡིན་

ཡང་དངོས་པོ་དང་འབྲེལ་པས་ན་ཚད་མ་ཉིད་ཡིན་ཏེ། དཔེར་ན་ཤིང་དག་ལ་གོང་བུར་འཛིན་པའི་ཤེས་པ་བཞིན་ནོ། །དེ་ལ་ཡང་གོང་བུ་ཞེས་བྱ་བ་ནི་མེད་མོད་ཀྱི་འོན་ཀྱང་ཤིང་གི་ཐ་སྙད་ནི་མི་སླུ་བ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་སྦྱོར་བ་ཞེས་བྱ་བ་ནི་མེད་མོད་ཀྱི་འོན་ཀྱང་སྦྱོར་བ་ཅན་གྱི་ཐ་སྙད་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ། །འདི་

เล่ม ๑๗๘ · หน้า 249a

ལྟར་འདི་བ་ལང་ངོ་ཞེས་དེའི་གཞི་མཐུན་པ་ཉིད་དུ་རྟོགས་པ་ན་བ་ལང་གི་སྒྲ་ནི་འདི་རྗོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་རྟོགས་པ་འདི་ནི་མི་སླུ་བ་དང་ལྡན་པ་ཡིན་ཏེ། དེ་ནི་དེ་ལྟ་བུར་གྱུར་པ་ཉིད་ཀྱི་ཡུལ་ལ་སྦྱོར་བར་མཐོང་བའི་ཕྱིར་རོ། །དཔེར་ན་ཤིང་གི་ཡུལ་ལ་གོང་བུར་རྟོགས་པ་འབྱུང་

གི་གཞན་ལ་མ་ཡིན་པ་དེའི་ཕྱིར། འབྲེལ་པ་ལས་མི་སླུ་བ་ཡིན་པ་བཞིན་ནོ། །གལ་ཏེ་བ་ལང་གི་སྒྲ་ལས་རང་གི་མཚན་ཉིད་རྟོགས་པར་མི་འགྱུར་ན། འོ་ན་ཇི་ལྟར་དེ་མཐོང་བ་ན་དེ་ནི་འདི་ཡིན་ནོ་ཞེས་རྟོགས་པར་འགྱུར་ཏེ། བདག་གིས་སྔོན་རྟོགས་པ་དེ་ནི་འདི་ཡིན་ནོ་ཞེས་བྱ་བའི་ཤེས་པ་ནི་འཇིག་རྟེན་ན་ཡོད་པ་ཡིན་ནོ་ཞེ་ན། མ་ཡིན་

ཏེ། མཐོང་བ་ལ་ངོ་ཤེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་འདི་ཡིན་ནོ་སྙམ་པ་ནི་ངོ་ཤེས་པ་ཡིན་གྱི། འདིའོ་སྙམ་པ་ནི་མ་ཡིན་ནོ། །དེའོ་སྙམ་པ་ནི་ལྐོག་ཏུ་གྱུར་པའི་རྣམ་པ་ཡིན་གྱི་མཐོང་བའི་རྣམ་པ་ནི་མ་ཡིན་ནོ། །དེས་ན་རྟོགས་པ་གཉིས་ཕན་ཚུན་མཚན་ཉིད་མི་མཐུན་པའི་ཕྱིར་ཡུལ་གཅིག་པ་ཉིད་མ་ཡིན་གྱི། །སྣང་

བ་ཐ་དད་པ་ནི་ཐ་དད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དེ་ཐ་དད་པར་བྱེད་པ་ཉིད་མ་ཡིན་ན་ནི་ཐ་སྙད་པ་མེད་པར་འགྱུར་རོ། །ཅི་སྟེ་དོན་བྱ་བ་ཐ་དད་པ་ཡིན་གྱི་སྣང་བ་ཐ་དད་པས་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྣང་བ་ཐ་དད་པས་ཐ་དད་པའི་དོན་བྱ་བ་བྱེད་པའི་ཕྱིར་རོ། །དོན་བྱ་བའི་ཁྱད་པར་ཅན་གྱི་སྣང་བ་ཐ་དད་པ་ལས་ཡིན་ནོ་ཞེ་ན།

གལ་ཏེ་དོན་བྱེད་པ་དང་བྲལ་བ་ལ་སྣང་བ་ཡོད་ན་འོ་ན་ནི་དམིགས་པ་མེད་པའི་རྣམ་པར་ཤེས་པ་དེ་དབང་པོ་ལས་སྐྱེས་པའི་ཕྱིར་ཤེས་པ་ལས་གཞན་ཡིན་པར་འགྱུར་རོ། །དེའོ་སྙམ་པའི་བག་ཆགས་ཙམ་ལས་བྱུང་བ་ཡིན་གྱི། དོན་བྱེད་པའི་དངོས་པོ་འཛིན་པའི་ཤེས་པ་ནི་མ་ཡིན་ནོ། །དེས་ན་དངོས་པོ་ལ་མ་རེག་པའི་ཕྱིར། དེའོ་

སྙམ་པ་དང་འདིའོ་སྙམ་པའི་ཤེས་པ་དག་གི་གཞི་མཐུན་པ་མ་ཡིན་ནོ། །འདིའོ་ཞེས་བྱ་བར་སྣང་བ་ཡང་འདི་ནི་དེའོ་ཞེས་མདུན་ན་གནས་པ་ཐམས་ཅད་ལ་ཐུན་མོང་དུ་ལྷག་པར་ཞེན་པ་ཅན་ཡིན་ཏེ། ཐུན་མོང་བ་ཉིད་དང་བྲལ་ན་ནི་རྣམ་པར་རྟོག་པ་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་དབང་པོའི་རྣམ་པར་ཤེས་པ་རྣམ་པར་རྟོག་པའི་

རང་བཞིན་ཡིན་ན། དེའི་ཚེ་སྐྱོན་གཞན་འདིར་ཡང་འགྱུར་ཏེ། གང་ལ་སྒྲ་ནི་ངེས་འགོད་པ། །དེ་ལ་རྣམ་རྟོག་སྐྱེ་བར་འགྱུར། །དེས་ན་དབང་སྐྱེས་འདོད་པ་ཡིས། །འཇུག་འགྱུར་ཕྱི་རོལ་མཐོང་མི་འགྱུར། །སྒྲ་ནི་ལྐོག་ཏུ་གྱུར་པའི་དོན་ལ་འཇུག་ཅིང་རྣམ་པར་རྟོག་པ་རྣམས་ཀྱང་དེ་ལ་འཇུག་པ་ཡིན་ཏེ། དེའི་ཕྱིར་དབང་པོའི་རྣམ་

เล่ม ๑๗๘ · หน้า 249b

པར་ཤེས་པ་སྒྲ་བཞིན་དུ་དམིགས་པ་ཁོ་ནར་འགྱུར་གྱི་ཕྱི་རོལ་མཐོང་བར་ནི་མི་འགྱུར་རོ། །ལྐོག་ཏུ་གྱུར་པའི་དོན་ལ་འཇུག་པ་ནི་དམིགས་པ་དང་བཅས་པ་མ་ཡིན་ཏེ། རང་གི་ངོ་བོ་ལ་རེག་པ་མེད་པའི་ཕྱིར་རོ། །རང་གི་ངོ་བོ་ལ་རེག་ན་ནི་ད་ལྟར་བ་གསལ་བར་འཛིན་པའི་ཕྱིར་འདིའོ་ཞེས་བྱ་བ་ཉིད་དུ་འགྱུར་གྱི་དེ་ཞེས་བྱ་བར་ནི་མ་ཡིན་ནོ། །

ཡང་ན་དྲན་པ་ཐམས་ཅད་དབང་པོའི་ཤེས་པ་ཉིད་དུ་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སྒྲའི་ཤེས་པའི་ཕྱི་རོལ་གྱི་རང་བཞིན་ལ་རེག་པ་ཅན་མ་ཡིན་ནོ། །ཅི་སྟེ་ཕྱི་རོལ་གྱི་དོན་ལ་སྒྲ་འགོད་པ་དེ་ལྟ་ཡིན་ཡང་སྒྲའི་ཤེས་པ་ཇི་ལྟར་འདོད་པ་བཞིན་འཇུག་པ། དེ་བཞིན་དུ་དབང་པོ་ལས་སྐྱེས་པ་ཡང་འགྱུར་རོ། །དེས་ན་ཕྱི་

རོལ་གྱི་དོན་མེད་པ་དག་ཀྱང་འཇུག་པས་དམིགས་པ་མེད་པར་གྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་གང་ལ་འདོད་པའི་རྗེས་སུ་བྱེད་པ་མེད་པ་དེར་དོན་གྱི་རྗེས་སུ་བྱེད་པའི་ཕྱིར། ཕྱི་རོལ་གྱི་དོན་ལ་དམིགས་པར་འགྱུར་རོ་ཞེ་ན། གལ་ཏེ་དོན་གྱི་རྗེས་སུ་བྱེད་པ་མངོན་སུམ་གྱི་མཚན་ཉིད་ཡིན་པ་དེ་ལྟ་ན་ནི་དེའི་ཚེ་དབང་པོའི་

རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པ་ཉིད་དུ་འགྱུར་ཏེ། སྒྲའི་རྣམ་པ་ཉིད་ནི་འདོད་པ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །དེ་ནི་ཕྱི་རོལ་གྱི་དོན་གྱི་རྗེས་སུ་འགྲོ་བ་མ་ཡིན་ཏེ། བག་ཆགས་ཀྱི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཅི་སྟེ་གལ་ཏེ་སྒྲའི་རྣམ་པ་བག་ཆགས་ཀྱི་རྗེས་སུ་འགྲོ་བ་ཡིན་པ་དེ་ལྟ་ན་ཡང་བག་ཆགས་དང་།

དབང་པོའི་ཚོགས་པ་ལས་གཅིག་པོ་ཉིད་ཡིན་པའི་ཕྱིར། མངོན་སུམ་རྟོག་པ་དང་བཅས་པ་ཡིན་ནོ། །ཐ་སྙད་ནི་དེ་ལྟ་བུ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་ཞེས་པས་ཡུལ་དུ་མ་བྱས་པ་ལ་ཐ་སྙད་དུ་མི་འགྱུར་རོ། །འདི་ནི་བདེ་བ་ལ་སོགས་པའི་སྒྲུབ་པར་བྱེད་པ་ཡིན་པར་ངེས་སོ་ཞེས་འཇིག་རྟེན་གྱི་ཐ་སྙད་མཐོང་བ་ཡིན་ནོ་ཞེ་ན། དེ་ཡང་

མི་བདེན་པ་ཉིད་དེ། འདི་ལྟར། ཇི་ལྟར་ཚོགས་ལས་ཤེས་པ་ནི། །སྐྱེ་བར་འགྱུར་འདོད་དེ་བཞིན་དུ། །ཐ་སྙད་ཉིད་འགྱུར་འདི་ཉིད་ལ། །ཚད་མ་མེད་པ་ཉིད་ཕྱིར་རོ། །ཐ་དད་པ་ནི་རྒྱུ་ཐ་དད་པ་ལས་ཡིན་ནོ། །སྒྲ་དང་དབང་པོས་བསྐྱེད་པའི་ཤེས་པའི་དོན་གྱི་རྣམ་པ་དག་ནི་བག་ཆགས་ལ་སོགས་པ་རྒྱུ་ཐ་དད་པ་ཁོ་ནའོ། །

ཐ་སྙད་ནི་གཅིག་ཉིད་མ་ཡིན་གྱི། །མ་ཡིན་ཏེ། ཚོགས་པ་ཙམ་གྱིས་ཏེ། ཤེས་པ་གཉིས་ཀྱི་ཐ་སྙད་སྐྱེ་བའི་ཕྱིར་རོ། །གཞན་རྣམ་པར་རྟོག་པ་ན་ཡང་ཐ་སྙད་སྲིད་པའི་ཕྱིར་རོ། །རྣམ་པར་རྟོག་པ་གཞན་མངོན་དུ་གྱུར་པ་ན་དེ་ཞེན་པས་ཡུལ་དུ་བྱས་པ་ནི་མ་ཡིན་ནོ། །སྒྲ་སྦྱོར་བར་བྱེད་པ་ཙམ་ལ་ཐ་སྙད་འགྱུར་བ་ནི་མ་ཡིན་ནོ། །

เล่ม ๑๗๘ · หน้า 250a

དོན་བྱ་བ་སྦྱོར་བར་བྱེད་པས་ཐ་སྙད་དུ་འགྱུར་བ་ཡིན་པའི་ཕྱིར་རོ། །དོན་བྱ་བ་ཡང་སྔར་ཉམས་སུ་མྱོང་བ་དང་ཕྱིས་མྱོང་བར་འགྱུར་བ་ཡིན་ནོ། །དེ་ནི་དབང་པོའི་ཤེས་པའི་ཡུལ་མ་ཡིན་ཏེ། རྗེས་སུ་དཔག་པ་མེད་པར་ཐལ་བའི་ཕྱིར་རོ། །ཕྱི་རོལ་མཐོང་མི་འགྱུར་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན།

ཕྱི་རོལ་མཐོང་བ་མ་ཡིན་པ་གང་ཡིན་པ་དེ་དག་ཀྱང་དབང་པོ་ལས་སྐྱེས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ། ཆོད་པ་ལ་སོགས་ཡོད་ན་ཡང་། །དབང་པོའི་བློ་ནི་སྐྱེ་བར་འགྱུར། །ཞེས་བྱ་བ་ཡང་བར་ཆོད་ལ་སོགས་པ་ཡོད་པ་ལ་ཡང་སྐྱེ་བའི་བློ་གང་ཡིན་པ་དཔེར་ན་དེ་ཞེས་བྱ་བ་དང་། ཆ་ཤས་སོ་སྙམ་པའི་

དེ་ཡང་དབང་པོ་ལས་སྐྱེས་པར་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། འདི་ནི་སྔར་བཤད་ཟིན་ཏོ། །འོ་ན་ཇི་ལྟར་དངོས་པོ་འདི་སྙམ་དུ་ངེས་པ་མདུན་ན་གནས་པའི་དངོས་པོ་ངེས་པར་བྱེད་པ་ཡིན་འདི་ལ་ངེས་པའི་ཡུལ་ལྐོག་ཏུ་གྱུར་པ་ནི་ཡོད་པ་མ་ཡིན་ཏེ། འདི་ཞེས་བྱ་བ་ནི་མངོན་སུམ་དུ་ཉེ་བའི་དོན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མི་

བདེན་ཏེ། འདི་ནི་ཡིད་ཀྱི་མངོན་སུམ་ཡིན་ནོ་ཞེས་བཤད་པར་བྱའོ། །གལ་ཏེ་ངེས་པ་མེད་པར་ཐ་སྙད་མེད་པ་ཡིན་ན། དེའི་ཚེ། ངེས་པར་མ་བྱས་པ་གཟུང་བ་མེད་པར་འགྱུར་ཏེ། གཟུགས་ལ་གཟུགས་ཞེས་མཐོང་བ་ན། དེ་ཡི་བློ་ཞེན་ཇི་ལྟར་མཐོང་། །དེ་ཡི་ཉམས་སུ་མྱོང་བའང་ཡོད། །དེ་ནི་རྟོག་མེད་ཇི་

ལྟར་ཡིན། ཤེས་པ་ཐམས་ཅད་རྣམ་པར་རྟོག་པ་དང་བཅས་པར་སྨྲ་བའི་ལྟར་ན། གཟུགས་ལ་གཟུགས་སོ་སྙམ་དུ་མཐོང་བ་ཡིན་ཡང་། དེའི་བློ་ཇི་ལྟར་མཐོང་བར་འགྱུར་ཏེ། དེ་ལ་དེའི་བློའོ་སྙམ་པའི་རྣམ་པར་རྟོག་པ་ནི་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཉམས་སུ་མྱོང་བ་ཉིད་མེད་པ་དེ་ལྟ་ན་ཡང་ཐ་སྙད་ཡོད་པ་ཡིན་ན། དེ་

ཉམས་སུ་མྱོང་བ་མེད་ཀྱང་ཤེས་པ་ལ་ཁྱེད་ཀྱི་འདོད་པས་དོན་གྱིས་གོ་བ་ལ་སོགས་པས་ཐ་སྙད་ཇི་སྙེད་པ་སྲིད་པ་ཡིན་ན་རྣམ་པར་རྟོག་པ་ནི་ཡོད་པ་ཡིན། མེད་པས་གསལ་བར་ཉམས་སུ་མྱོང་བ་ལ་ལྟ་ཅི་སྨོས། དེ་ཉམས་སུ་མྱོང་བ་མེད་པ་ཡང་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་འདི་ནི་གཟུགས་མཐོང་བར་བྱེད་པ་ཡིན་ནོ་

སྙམ་པའི་རྣམ་པར་རྟོག་པ་སྲིད་པར་ག་ལ་འགྱུར། དེའི་ཚེ་བདེ་བ་ལ་སོགས་པ་ནི་ཉམས་སུ་མྱོང་བ་ཁོ་ན་ཡིན་ན། དེ་ལ་བདེ་བ་ལ་སོགས་པའོ་སྙམ་པའི་རྣམ་པར་རྟོག་པའི་ཉམས་སུ་མྱོང་བ་མེད་དོ། །དེས་ན་བློ་ཉམས་སུ་མྱོང་བ་ནི་རྣམ་པར་རྟོག་པ་མེད་པ་ཁོ་ནའོ། །རྣམ་པར་རྟོག་པ་མེད་པས་ཉམས་སུ་མྱོང་བ་ལ་ཡང་

เล่ม ๑๗๘ · หน้า 250b

ཐ་སྙད་ཡོད་པ་ཡིན་ན་ནི་བློ་བཞིན་དུ་གཟུགས་ལ་སོགས་པ་ལ་ཡང་ཐ་སྙད་དུ་འགྱུར་མོད། ཅི་སྟེ་འདི་ནི་གཟུགས་མཐོང་བ་ཡིན་ནོ་སྙམ་པ་དེ་ཡང་རྣམ་པར་རྟོག་པ་ཡིན་ཏེ། རྟོག་པ་དང་བཅས་པའི་མངོན་སུམ་ཉིད་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་དེ། གཟུགས་མཐོང་བ་ཉིད་ཡིན་

ནམ། གཟུགས་མཐོང་བ་ལས་གཞན་ཡིན་ཞེས་པ་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལ། དེ་ཉིད་ཀྱིས་མྱོང་ཡིན་ན་ནི། །རྟོག་གཉིས་ཅིག་ཅར་མཐོང་བ་མེད། །གལ་ཏེ་གཟུགས་ཀྱི་ཤེས་པ་དེ་ཉིད་ཀྱིས་བརྟག་པར་བྱ་བ་བདག་ཉིད་རྟོག་པ་ཡིན་ན་དེའི་ཚེ། གཅིག་ལ་རིམ་པ་མི་འཐད་པའི་ཕྱིར། ཅིག་ཅར་རྣམ་པར་རྟོག་

པ་གཉིས་སུ་ཐལ་བར་འགྱུར་ན་མཐོང་བ་ཡང་མ་ཡིན་ནོ། །དེ་ཉིད་རིམ་གྱིས་གཟུགས་ལ་སོགས་པ་དང་རང་གི་ངོ་བོ་ཉམས་སུ་མྱོང་བའི་བདག་ཉིད་ཡིན་ནོ་ཞེ་ན། གལ་ཏེ་བློ་གཅིག་རིམ་པ་བདག་གིར་བྱེད་ན། རིམ་པ་ཡང་རིམ་པ་མ་ཡིན་པར་འགྱུར་རོ། །དེ་ཡང་རིམ་གྱིས་བདག་གིར་བྱེད་དོ་ཞེ་ན་ཐུག་པ་མེད་པར་འགྱུར་རོ། །

གཟུགས་ལ་མངོན་པར་ཞེན་པའི་གནས་སྐབས་ན་རང་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ཇི་ལྟར་གཅིག་ཉིད་ཡིན། མངོན་པར་ཞེན་པ་མ་ཡིན་པའི་བློ་གཞན་ནི་མེད་དོ། །དེ་ཐ་སྙད་ནི་བློ་ཉིད་ཐ་དད་པར་ཡིན་པའི་ཕྱིར་ཇི་ལྟར་གཅིག་ཉིད་ཀྱི་རིམ་པ་ཡིན། མངོན་པར་ཞེན་པ་ཐ་མི་དད་དོ་ཞེ་ན། རང་གི་ངོ་བོར་མངོན་པར་ཞེན་པ་དེ་

ལ་ཡང་གཞན་གྱིས་མངོན་པར་ཞེན་པར་འགྱུར་དགོས་པས་ཐུག་པ་མེད་པ་དེ་ཉིད་ཡིན་ནོ། །དེའི་ཕྱིར། དེ་ཉིད་ཀྱིས་ཉམས་སུ་མྱོང་བ་ཡིན་ན་ནི། ཅིག་ཅར་རྣམ་པར་རྟོག་པ་གཉིས་འབྱུང་བར་ཐལ་ལོ། །དེས་ནི་དུས་མཚུངས་རྣམ་པར་ཤེས། །གཞན་གྱིས་མྱོང་བ་བསྟན་པའི་ཕྱིར། །དུས་མཚུངས་པའི་རྣམ་པར་

ཤེས་པ་ཉམས་སུ་མྱོང་བ་ལ་ཡང་། ཅིག་ཅར་རྣམ་པར་རྟོག་པ་གཉིས་སུ་ཐལ་བར་འགྱུར་རོ། །དེས་ན་དེ་ལ་ཡང་རྣམ་པར་རྟོག་པ་གཞན་གྱིས་འགྱུར་བ་ཡིན་པའི་ཕྱིར། རྣམ་པར་རྟོག་པ་མཐར་ཐུག་པ་མེད་པར་ཐལ་བ་ཡིན་ནོ། །ཅི་སྟེ་ཡང་མངོན་སུམ་མམ་དོན་གྱིས་གོ་བའི་བློ་ཕྱིས་འབྱུང་བའི་ཉམས་སུ་མྱོང་བ་

ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། འདས་པ་ལ་ནི་དྲན་པར་འགྱུར། །མྱོང་བ་མེད་ལ་དེ་ཇི་ལྟར། །རང་གི་བློ་དང་གཞན་གྱི་བློ། །ཡོངས་གཅོད་ངོ་བོར་གཅིག་པར་འགྱུར། །གལ་ཏེ་འདས་པའི་རིག་པ་ཡིན་ན་དེ་ལ་མངོན་སུམ་དུ་མི་འགྱུར་ཏེ། ཡོད་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེའི་ཚེ་ཡོད་པ་དེ་

เล่ม ๑๗๘ · หน้า 251a

ཉིད་སྣང་བ་ཡིན་ནོ་ཞེ་ན། འོ་ན་ནི་གཟུགས་འཛིན་པའི་རང་བཞིན་མ་ཡིན་པར་འགྱུར་ལ། བློ་གཞན་ཡང་ཡོད་པ་མ་ཡིན་ནོ། །ཅི་སྟེ་བློའི་རང་བཞིན་ནི་རྟོགས་པ་ཡིན་པས། དེ་ལ་ནི་གང་དང་གང་ཉེ་བའི་དོན་དེ་དང་དེ་ཉིད་སྣང་བ་ཡིན་ཏེ། ཤེལ་དང་མེ་ལོང་ལ་སོགས་པ་བཞིན་ནོ་ཞེ་ན། དེ་ནི་མ་

ཡིན་ཏེ། འོ་ན་ནི་དེའི་ཚེ་གཟུགས་འཛིན་པ་འདས་པ་ཡིན་ནོ། །རྟོགས་པའི་རང་བཞིན་ནི་དེའི་ཚེ་ཡོད་ཀྱང་གང་དུ་ཉེ་བར་མཁོ་བ་ཡིན། དེས་ན་ངའི་གཟུགས་འཛིན་པ་འདི་ཡིན་ནོ་ཞེས་བྱ་བར་མི་འགྱུར་གྱི། བྱུང་བར་གྱུར་ཏོ་ཞེས་བྱ་བར་འགྱུར་ན། དེ་ལྟར་ནི་མངོན་སུམ་འཇུག་པ་མེད་དོ། །འོན་ཏེ་གཟུགས་འཛིན་

པ་ལ་ནི་འདས་པ་ཡང་ཡོད་ལ་ད་ལྟར་བ་ཡང་ཡོད་དོ་ཞེ་ན། དེ་ལྟ་ཡིན་ན་སྔར་ཡང་འདས་པ་ཉིད་ཡོད་པའི་ཕྱིར་འཐད་པར་དཀའོ། །འདི་ལྟར། ཀུན་ཚེ་འདས་པའི་དངོས་ཡིན་པས། །དེ་ནི་ཀུན་ཚེ་ད་ལྟར་མིན། །དེ་ལྟར་ཡིན་གཟུགས་འཛིན་ན་ནི། །ཀུན་ཚེ་ཡོད་ཅེས་བྱ་མིན་བདེན། །རྟག་ཏུ་འདས་པ་ཉིད་

ཡིན་ན། །དེ་ལས་ཀྱང་སྔར་ཡོད་པ་ཡིན་ལ། དེ་ལས་ཀྱང་སྔར་ཡོད་པ་ཡིན་པའི་ཕྱིར། གཟུགས་འཛིན་པ་དུས་ཐམས་ཅད་དུ་ཡོད་པར་མི་འགྱུར་རོ། །འོན་ཏེ་སྔར་ད་ལྟར་བྱུང་བའི་ཡིན་ལ་ཕྱིས་འདས་པ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་དེ་ཤེས་པ་གཅིག་ཅེས་བྱ་བར་མི་འགྱུར་རོ། །ཅི་སྟེ་གཅིག་ཉིད་ཡིན་ནོ་ཞེ་ན། དེ་

ལྟ་ཡིན་ན་གཉི་ག་ཅིག་ཅར་འཛིན་པར་འགྱུར་རོ། །རིམ་གྱིས་འཛིན་ན་ནི་གཅིག་ཉིད་དུ་མི་འགྱུར་རོ། །གཅིག་ཀྱང་ཡིན་ལ་རིམ་དང་བཅས་པ་ཡང་ཡིན་ནོ་ཞེས་བྱ་བར་ནི་འགལ་ལོ། །གཅིག་སྤངས་ནས་གཞན་ཉེ་བར་ལེན་པ་ནི་རིམ་པའི་དོན་ཡིན་ཏེ། འདི་ནི་སྔར་བཤད་ཟིན་པས་ཡང་མི་བརྗོད་དོ། །དེས་ན་

འདས་པ་འཛིན་པ་ནི་མེད་པ་ཁོ་ནའོ། །དྲན་པ་ཡང་འཛིན་པ་མེད་ན་མེད་པ་ཡིན་པའི་ཕྱིར། གཟུགས་འཛིན་པའི་རྟོགས་པ་ནི་མེད་པ་ཁོ་ནར་འགྱུར་རོ། །གལ་ཏེ་མྱོང་བ་འདས་པ་ཡིན་གྱི་མྱོང་བ་འདིའོ་སྙམ་དུ་རྟོག་པ་མེད་པ་ཡིན་པ་དེ་ལྟ་ན། འདི་སུའི་མྱོང་བ་ཡིན། མི་ཤེས་པའི་ཕྱིར་གཞན་གྱི་བློ་རྟོགས་པ་དང་

འདྲ་བར་འགྱུར་ཏེ། འདས་པ་དྲན་པར་ཁྱད་མེད་པའི་ཕྱིར་རོ། །གཞན་བློ་ཡོངས་གཅོད་ཅེས་བྱ་བ་འདི་ཇི་ལྟར་ཤེས་པར་བྱ་བ་ཡིན་ཅི་བློ་གཞན་ཡོངས་སུ་གཅོད་པ་ཡིན་ནམ། འོན་ཏེ་གཞན་གྱི་བློ་ཡོངས་སུ་གཅོད་པ་ཡིན། གལ་ཏེ་རེ་ཞིག་བློ་གཞན་ཡོངས་སུ་གཅོད་པ་ཡིན་པ་དེའི་ཚེ། རང་རིག་པ་མེད་པར་སྨྲ་བ་དེ་ནི་

เล่ม ๑๗๘ · หน้า 251b

འདོད་པ་ཉིད་དོ། །འོན་ཏེ་གཞན་གྱི་བློ་ཡོངས་སུ་གཅོད་པ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། གཞན་གྱི་བློ་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །གཞན་གྱི་བློ་ནི་རྗེས་སུ་དཔག་པས་ཡོངས་སུ་གཅོད་པ་ཡིན་ན། རྗེས་སུ་དཔག་པ་རང་གི་བློ་ཡོངས་སུ་གཅོད་པར་བྱེད་པ་ནི་མ་ཡིན་པ་དེའི་ཕྱིར། ཇི་ལྟར་མཚུངས་པར་

ཡོངས་སུ་གཅོད་པར་བྱེད་པ་ཡིན་ནོ་ཞེ་ན། འདི་ལ་བཤད་པ། འདས་པ་ལྐོག་གྱུར་ཡིན་པར་ནི། བརྩམས་ནས་འདི་སྐད་བརྗོད་པ་ཡིན། མངོན་སུམ་གྲུབ་ལ་འདས་པ་དང་། །ལྐོག་ཏུ་གྱུར་པ་སྲིད་མ་ཡིན། །གལ་ཏེ་དེ་ཡོངས་སུ་རྟོགས་པ་ཡིན་ན། དེའི་ཚེ་འདི་གཟུགས་ལ་སོགས་པ་བཞིན་དུ་ལྐོག་ཏུ་གྱུར་པ་ཉིད་

དང་འདས་པ་ཉིད་མ་ཡིན་མངོན་སུམ་དུ་བྱས་པ་ནི་ད་ལྟར་བ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ད་ལྟར་བ་ཉིད་མེད་པར་འགྱུར་རོ། །དེས་ན་ལྐོག་ཏུ་གྱུར་པ་ཐམས་ཅད་ནི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཡིན་ལ་དེ་ཡང་དྲན་པའི་རང་བཞིན་ཡིན་པའི་ཕྱིར་བློ་མྱོང་བ་མཚུངས་པ་ཉིད་དུ་འགྱུར་རོ། །ཅི་སྟེ་རང་གི་བློ་དེ་ནི་

ལྐོག་ཏུ་གྱུར་པ་ཡིན། ཡང་རྗེས་སུ་དཔག་པ་ལས་གཞན་པའི་ཚད་མས་གཞལ་བར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ན་དེ་ཉིད་མཚུངས་པ་ཡིན་པར་འགྱུར་རོ། །འོན་ཏེ་གཞན་གྱི་བློ་ནི་གཞན་དང་འབྲེལ་པར་རྟོགས་པ་ཡིན་གྱི་བདག་གི་བློ་ནི་མ་ཡིན་ཏེ། དེ་ནི་རང་དང་འབྲེལ་བ་ཉིད་དུ་རྟོགས་པ་ཡིན་ནོ། །གཞན་ནི་རྣམ་པ་

གཞན་དུ་རྟོགས་པར་འཐད་པ་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། མངོན་དུ་བྱེད་པའི་རང་བཞིན་དུ། །འཛིན་ན་དེ་ལྟར་སྲིད་པ་ཡིན། །རྗེས་སུ་དཔག་པས་དྲན་པ་ན། །འཛིན་པ་སྔ་མ་རྗེས་འཇུག་ཕྱིར། །དེ་ཉིད་སྟོན་པར་བྱེད་པ་འདི། །དོན་རིག་འདས་པ་དཔེ་དག་དང་། །བྲལ་ཞིང་རྟགས་ནི་ཡོད་མིན་ཏེ། །ཅིས་

གྲུབ་གང་ཕྱིར་དེ་ལ་ནི། །མངོན་སུམ་མ་ཡིན་རྟགས་ཅན་མིན། །ཤེས་པ་འདས་པ་ལ་དཔེ་ནི་མེད་དེ། མངོན་སུམ་མེད་པའི་ཕྱིར་རོ། །དེས་ན་རིག་པ་བདག་དང་གཞན་དང་འབྲེལ་པར་རྟོགས་སོ་སྙམ་དུ་ཤེས་པ་ནི་རྟགས་ཅན་མ་ཡིན་ནོ། །དེ་བཞིན་དུ་མངོན་སུམ་མེད་པའི་ཕྱིར་དང་། ཡོད་ན་འདས་པ་ཉིད་དུ་

མི་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་རྟགས་དང་འབྲེལ་པ་བཟུང་བ་མེད་པར་རྗེས་སུ་དཔོག་པ་ཡིན་པའི་ཕྱིར་བློ་ཙམ་ཞིག་ཡོངས་སུ་གཅོད་པར་ཐལ་བར་འགྱུར་རོ། །རང་རིག་པ་ཉིད་ཡིན་ན་ནི་དེ་དང་གཞན་གྱིས་བྱས་པའི་རྣམ་པར་བྱེད་པར་འགྱུར་རོ། །ཅི་སྟེ་ཇི་ལྟར་འབྲེལ་པ་མེད་པར་རྗེས་སུ་དཔོག་པ་ཡིན་པ་དེ་

เล่ม ๑๗๘ · หน้า 252a

བཞིན་དུ་རྣམ་པར་དབྱེ་བ་ཡང་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། གང་གིས་བློ་དེ་མཐོང་འགྱུར་བ། །གཟུགས་འཛིན་ཙམ་ཞིག་འབྱུང་འགྱུར་ཏེ། །དཔེར་ན་ཚིག་པ་མཐོང་བ་ལས། །ཕྱོགས་དེར་མེ་སྔོན་བྱུང་བ་བཞིན། །དེ་ལ་མེ་བདག་གམ་གཞན་གྱིས་

བྱས་པ་ཞེས་རྣམ་པར་དབྱེ་བ་འགྱུར་བ་ནི་མ་ཡིན་ནོ། །ཅི་སྟེ་གང་ཞིག་གཞན་གྱི་ལུས་དང་འབྲེལ་པར་རྗེས་སུ་དཔག་པར་བྱ་བ་དེ་ནི་གཞན་གྱི་བློ་ཡིན་ལ་དེ་ལྟ་མ་ཡིན་ནོ་ཞེས་རྣམ་པར་དབྱེ་བ་ཡོད་པ་ཡིན་ནོ་ཞེ་ན། བདག་གི་བློ་མངོན་སུམ་གྱིས་བཟུང་བ་ཡིན་ན། འདིར་ནི་རིགས་པ་ཡིན་ཏེ། འདི་ལྟར་གཟུགས་

འཛིན་པ་གང་ཞིག་རང་རིག་པར་འགྱུར་བ་དེ་ནི་བདག་གི་ཡིན་ལ་གཞན་ནི་གཞན་དུ་ཡིན་པའི་ཕྱིར་རྣམ་པར་དབྱེ་བ་འཐད་པ་ཡིན་ནོ། །འོན་ཏེ་དཔེར་ན་མདོ་སྡེ་པའི་གཟུགས་ལ་སོགས་པ་དེའི་དེ་མ་ཐག་ཏུ་བྱུང་བ་དེའི་ངོ་བོར་སྣང་བའི་རྣམ་པར་ཤེས་པས་གཟུང་བར་བྱ་བ་དེ་བཞིན་དུ་གཟུགས་འཛིན་པ་འདས་པ་ཉིད་དུ་ཡོད་པ་

ཡང་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར། གལ་ཏེ་དེ་ཡི་ངོ་བོར་ནི། །སྣང་ཅན་དེ་མ་ཐག་པའི་བློས། །གཟུགས་སོགས་བཞིན་དུ་འཛིན་འགྱུར་ན། །སྔ་བློ་དེ་ནི་འཛིན་མི་འགྱུར། །གཟུགས་ལ་སོགས་པ་ནི་སྔ་མའི་ངོ་བོར་སྣང་བ་མ་ཡིན་ཏེ། ད་ལྟར་གྱི་བློ་ལ་གནས་པའི་རྣམ་པ་ནི་ད་ལྟར་བ་ཁོ་ནར་སྣང་བའི་ཕྱིར་

རོ། །དེའི་རང་བཞིན་གྱི་བློ་གཟུང་བ་ཉིད་གཟུགས་འཛིན་པ་ཡིན་ནོ། །བློའི་བློ་ནི་དེ་ལྟ་མ་ཡིན་ཏེ། བློའི་བློ་ལ་བློ་འཛིན་པ་མེད་པའི་ཕྱིར་རོ། །ཅི་སྟེ་བློའི་བློ་ཡང་དེའི་ཚེ་འཛིན་ནོ་ཞེ་ན། དེ་ལྟ་ཡིན་ན་དེ་ལས་གཞན་པའི་ཡང་གཟུང་དགོས་པས་ཐུག་པ་མེད་པར་འགྱུར་རོ། །དེ་ལྟར་གྱུར་ན་ནི་ཐམས་ཅད་མ་བཟུང་བ་ཉིད་དུ་

འགྱུར་རོ། །ཅི་སྟེ་དེའི་ཚེ་བློའི་བློ་མ་བཟུང་བ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་དེ་ལ་ཞུགས་པའི་གཟུང་བ་ཡང་བཟུང་བར་ཐལ་ལོ། །བློའི་བློས་དེ་མ་ཐག་ཏུ་སྣང་བ་ཅན་གང་ཡིན་པ་དེ་ཉིད་འཛིན་པར་འགྱུར་གྱི། དེ་ལས་སྔ་མ་དག་ནི་མ་ཡིན་ནོ། །ཅི་སྟེ་བློ་དང་པོའི་དེ་མ་ཐག་པར་ཡང་བློ་སྐྱེ་བ་དང་ལྡན་པར་འདོད་ན། དེ་ལྟ་

ཡིན་ན་གཟུགས་ཀྱི་བློ་ལ་སོགས་པ་བར་ཆོད་པ་མེད་པར་འཛིན་པ་མེད་པར་འགྱུར་རོ་ཞེས་འཆད་པར་འགྱུར་རོ། །འོ་ན་ནི་བློ་ནི་རྒྱུན་གཅིག་ཏུ་སྐྱེ་བ་ཡིན་ལ། དེའི་དེ་མ་ཐག་ཏུ་སྔར་གྱི་བློ་ཐམས་ཅད་འཛིན་པར་བྱེད་པའི་བློ་གཅིག་སྐྱེ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་བློ་ཐམས་ཅད་རིམ་པ་དང་ལྡན་པར་རྟོགས་པར་མི་འགྱུར་ཏེ།

เล่ม ๑๗๘ · หน้า 252b

བློ་རིམ་པ་མ་ཡིན་པར་སྣང་བའི་ཕྱིར་རོ། །འོན་ཏེ་རིམ་པ་ཁོ་ནར་སྣང་བ་ཡིན་ནོ་ཞེ་ན། མངོན་སུམ་གཅིག་ཉིད་ཀྱིས་རྟོགས་པར་མི་འགྱུར་ཏེ། རྣམ་པར་ཆད་པ་འཛིན་པའི་ཕྱིར་རོ། །དྲན་པ་ཉིད་ཅེས་བྱ་བ་ལ་ནི་སྔར་ཉེས་པ་བརྗོད་ཟིན་ཏོ། །གལ་ཏེ་རང་གི་ངོ་བོ་རང་གིས་འཛིན་པ་ནི་རྟོག་པ་མེད་པར་འཛིན་པ་ཡིན་དུ་ཆུག་

ཀྱང་། གཟུང་བར་བྱ་བ་ཐ་དད་པ་རྣམ་པར་རྟོག་པས་འཛིན་པ་ལ་འགལ་བ་ཅི་ཡོད་ཅེ་ན། ཅུང་ཟད་ཀྱང་མེད་མོད་ཀྱི་འོན་ཀྱང་། ཇི་ལྟར་རང་གི་ཡུལ་ཅན་གྱི། །རྣམ་ཤེས་ཉམས་མྱོང་དེ་རྟོགས་མེད། །དེ་བཞིན་བརྡར་བྱ་མི་ནུས་པ། །གཞན་ཡང་རྟོག་པ་མེད་པར་འགྱུར། །རེ་ཞིག་རང་གི་ངོ་བོས་འཛིན་པ་དེ་ཅིའི་ཕྱིར། །

རྣམ་པར་རྟོག་པ་མེད་པར་འཛིན་པ་ཡིན་པར་བཟུང་། །ཞེས་བྱ་བ་འདི་ལ་ཡང་། ལན་འདི་ཉིད་ཡིན་ཏེ། སྒྲའམ་ཆོས་གཞན་ཡང་རུང་སྟེ། རང་གི་ངོ་བོ་ཉིད་ཀྱིས་ནི་རང་གི་ངོ་བོ་ཉིད་སྦྱོར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་གཞན་གྱིས་གཞན་དང་སྦྱོར་བར་ནུས་པ་མ་ཡིན་ནོ། །

རང་གི་ངོ་བོས་སྣང་བ་ལ་ནི་སྦྱོར་བ་སྲིད་པ་མ་ཡིན་པའི་ཕྱིར་རོ། །རང་གི་ངོ་བོས་སྣང་བ་ནི་གཞན་དུ་སྣང་བ་དང་སྦྱོར་བར་བྱེད་པ་མ་ཡིན་ཏེ། རང་གི་ངོ་བོར་སྣང་བ་ལས་ཐ་དད་པར་སྦྱོར་བ་རྟོགས་པ་མེད་པའི་ཕྱིར་རོ། །རང་གི་ངོ་བོས་སྣང་བ་མ་ཡིན་པ་སྦྱོར་བ་ཡིན་ནོ་ཞེས་བྱ་བ་ཡང་དོན་དམ་པ་མ་ཡིན་ནོ། །ཅི་སྟེ་འདི་ནི་བ་ལང་

ངོ་ཞེས་བྱ་བར་ཤེས་པ་ལ་སྣང་བ་ཉིད་སྦྱོར་བ་ཡིན་ནོ་ཞེ་ན། འདི་ལ་བསྟན་ཟིན་ཏོ། །འདི་བ་ལང་ངོ་ཞེས་བྱ་བ་ཡང་འདི་བ་ལང་གི་སྒྲའི་རང་བཞིན་ཡིན་ནོ་སྙམ་དུ་ཤེས་པ་ནི་མ་ཡིན་གྱི། འོན་ཀྱང་འདི་ནི་བ་ལང་གི་སྒྲའི་བརྗོད་པར་བྱ་བ་ཡིན་ནོ་སྙམ་པའི་ཡིན་ཏེ། དེ་ཁོ་ན་ལྟར་ངེས་པ་ཉམས་སུ་མྱོང་བའི་ཕྱིར་རོ། །གཞན་ཡང་

སྤྱོད་པ་གང་ཞིག་གི། །སྤྱི་བརྗོད་དང་ཚུལ་ཅན་སྒྲ་དང་། །རྟོག་པའང་དེ་དང་དོན་གཅིག་ན། །དེ་ཡི་རྟོག་པ་མེད་ན་ནི། །ཁྱད་པར་གང་གིས་རྟོགས་པར་འགྱུར། །འོན་ཏེ་རྣམ་པར་རྟོག་པ་དེ་དང་དོན་གཅིག་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ནི། ཁྱད་པར་སྒྲ་དང་མི་སྦྱོར་བའི་ཕྱིར་བ་ལང་ངོ་སྙམ་པའི་རྣམ་པར་རྟོག་པ་དང་

བཅས་པའི་ཤེས་པའི་ཁྱད་པར་འཛིན་པ་མ་ཡིན་པར་འགྱུར་རོ། །སྦྱོར་བའི་ཤེས་པ་ཡང་གཞན་ཡིན་ལ། ཁྱད་པར་འཛིན་པ་ཡང་གཞན་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། གསལ་བ་དང་། ཅིག་ཤོས་ཀྱི་རང་གི་ངོ་བོ་ཐ་དད་པའི་ཕྱིར་དང་། རྒྱུ་ཐ་དད་པའི་ཕྱིར་རོ། །འདི་ལྟར། སྒྲ་དང་སྤྱི་ཡི་རྣམ་པ་ཡི། །རྒྱུ་ནི་རང་གི་བག་

เล่ม ๑๗๘ · หน้า 253a

ཆགས་ཡིན། །གཟུགས་སོགས་གསལ་བར་སྣང་བ་ནི། །མིག་སོགས་དག་ལས་བྱུང་བ་ཡིན། །སྒྲའི་རྣམ་པ་ཉིད་ནི་བརྡའི་དུས་སུ་ཉམས་སུ་མྱོང་བའི་སྒྲ་གོམས་པའི་སྟོབས་ལས་སྐྱེ་བ་ཡིན་གྱི། མིག་ལ་སོགས་པ་ལས་ནི་མ་ཡིན་ནོ། །སྤྱིའི་རྣམ་པ་གཉིས་ཀྱང་དེ་བཞིན་ནོ། །འདི་

ལྟར་མིག་ལ་སོགས་པ་ཉིད་ཀྱང་སྔོན་ཉམས་སུ་མྱོང་བའི་བག་ཆགས་ཀྱིས་སེམས་ཀྱི་རྒྱུད་མངོན་པར་འདུས་བྱས་པ་ལ་འབྱུང་བ་ཡིན་ལ་མིག་ལ་སོགས་པ་ཡོད་ཀྱང་། དེ་དང་རྗེས་སུ་མཐུན་པའི་བག་ཆགས་དང་བྲལ་བའི་སེམས་ལ་དེ་མེད་པའི་ཕྱིར། མིག་ལ་སོགས་པའི་རྒྱུ་ཅན་ཉིད་ནི་མ་ཡིན་ནོ། །ཅི་སྟེ་མིག་ལ་

སོགས་པ་མེད་པར་ནི། མིག་ལ་སོགས་པའི་རྒྱུ་དང་རྗེས་སུ་འབྲེལ་པ་ལ་སྣང་བའི་དོན་དང་གཞི་མཐུན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བར་འདོད་ན། དེ་ཡང་གྱི་ན་སྟེ། མེ་དེ་འདིའོ་སྙམ་པ་ཡི། །ཤེས་པ་གཞི་མཐུན་ཅན་ཡིན་ཕྱིར། །རྗེས་སུ་དཔག་པས་རྟོགས་པ་ཡི། །རང་བཞིན་དང་ཡང་མཐོང་བ་ཡིན། །དེ་དང་

གཞི་མཐུན་པ་ཅན་ཙམ་གྱིས་ནི་དེ་འཛིན་པའི་ཤེས་པ་དང་། རྒྱུ་གཅིག་ལ་རག་ལས་པའི་ཤེས་པས་གཟུང་བར་བྱ་བ་ཡིན་པར་མི་འགྱུར་ཏེ། རྗེས་སུ་དཔག་པ་ལ་སོགས་པའི་ཤེས་པ་གཞན་གྱིས་གཟུང་བ་དང་ཡང་གཞི་མཐུན་པ་ཅན་ཉིད་སྲིད་པའི་ཕྱིར་རོ། །རྣམ་པ་གཉིས་ཉམས་སུ་མྱོང་བའི་དེ་ལས་མ་གཏོགས་པའི་གཞི་

མཐུན་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་གཞི་མཐུན་དང་ཅིག་ཤོས་ཁྱད་པར་གང་ཡིན་ཏེ། རང་བཞིན་གཉིས་ཉམས་སུ་མྱོང་བ་ནི་གཞི་ཐ་དད་པའི་དོན་དག་ལ་ཡང་མེད་པ་མ་ཡིན་ནོ་ཞེ་ན། དེ་ཡང་རྟོགས་པར་སླ་སྟེ། འདི་ལྟར། དོན་གཅིག་བྱེད་པས་གཅིག་ཉིད་ཀྱི། །ཐ་སྙད་རབ་ཏུ་སྐྱེ་བའི་ཕྱིར། །གཞི་མཐུན་

པ་དང་ལྡན་པ་ཡི། །ཐ་སྙད་ཀྱང་ནི་འཐད་པར་བླ། །ཐ་སྙད་ནི་རྣམ་པར་ཅི་ཞིག་ལྟར་རྒྱུ་ཙམ་ལས་སྐྱེ་བ་ཡིན་ནོ། །གཞི་མཐུན་པ་ལ་སོགས་པའི་ཐ་སྙད་ནི་ཐོག་མ་མེད་པའི་ཐ་སྙད་བརྒྱུད་པ་ལས་འོངས་པ་ཡིན་ནོ། །ཡོངས་སུ་བརྟགས་ན་ནི་མི་བཟོད་པ་ཉིད་དེ་གང་གི་ཕྱིར་བརྟགས་ན་ནི་ཉམས་པར་འགྱུར་བ་ཁོ་ནའོ། །འདི་

ལྟར། མེ་དེ་འདི་ཞེས་ཤེས་པ་དེར། །གཉིས་པོ་འབའ་ཞིག་ཁོ་ན་སྟེ། །དེ་ཡི་ངོ་བོར་སྣང་བ་ལས། །གཞི་མཐུན་པ་ནི་གཞན་ཡོད་མིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་སུ་སྣང་བ་གཞན་ལ། གཞི་མཐུན་པའི་ཐ་སྙད་དུ་ཇི་ལྟར་མི་འགྱུར་ཞེ་ན། བག་ཆགས་ངེས་པས་ཐ་སྙད་ངེས་པའི་ཕྱིར་

เล่ม ๑๗๘ · หน้า 253b

རོ། །དོན་བྱ་བ་གཅིག་པས་བྱས་པའི་བག་ཆགས་སད་པ་ཡང་ངེས་པ་ཁོ་ན་ཡིན་ནོ། །ཤེས་པ་གཉིས་སྣང་བ་ཡིན་ན་ཐ་དད་པའི་ཐ་སྙད་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། བག་ཆགས་ངེས་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་གཞི་མཐུན་པ་ཅན་ལས་ནི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་གཅིག་པུ་ཡིན་པར་མི་

འགྱུར་རོ། །ཅི་སྟེ་སྤྱི་དང་ཁྱད་པར་ཤིན་ཏུ་ཐ་དད་པ་མ་ཡིན་པ་དེའི་ཕྱིར་དོན་གཅིག་པ་ཡིན་ཡང་རྣམ་པར་རྟོག་པས་ཁྱད་པར་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། གལ་ཏེ་བདག་ཉིད་ཐམས་ཅད་དམ། །རྣམ་འགས་ཐ་དད་མེད་པའི་ཕྱིར། །སྤྱི་ལས་ཁྱད་པར་ཤེས་ན་ནི། །ཤེས་ཀུན་གཅིག་ཏུ་འགྲོ་བར་

འགྱུར། །གལ་ཏེ་རྟོག་པ་ལ་སྤྱི་སྣང་བ་ན། དེ་དང་ཐ་མི་དད་པའི་ཕྱིར་ཁྱད་པར་ཡང་སྣང་བ་ཡིན་ན། སྒྲའི་ཤེས་པ་ལ་ཡང་སྣང་བར་འགྱུར་ཏེ། རིགས་པ་མཚུངས་པའི་ཕྱིར་རོ། །རིགས་པ་མཚུངས་པས་ནི་རིགས་པའི་ཡུལ་མི་མཚུངས་པ་ནི་མ་ཡིན་ཏེ། རིགས་པའི་ཡུལ་ཉིད་མེད་པར་ཐལ་བའི་ཕྱིར་རོ། །

འོན་ཏེ་མིག་ལ་སོགས་པའི་རྒྱུ་མེད་པའི་ཕྱིར། ཁྱད་པར་དེ་མི་སྣང་བ་ཡིན་ནོ་ཞེ་ན། འོ་ན་དེ་ཐ་མི་དད་པར་ཇི་ལྟར་འགྱུར། དེ་དང་ལྷན་ཅིག་རྗེས་སུ་ཞུགས་པ་མ་ཡིན་པ་ནི་གཅིག་པར་ཤེས་ནུས་པ་མ་ཡིན་ནོ། །ཕྱིས་རྗེས་སུ་འཇུག་པའི་ཕྱིར་རོ་ཞེ་ན། དེ་ཉིད་དེའི་ཚེ་མེད་པ་ཡིན་གྱི་དེ་རྗེས་སུ་འཇུག་པ་ནི་མ་ཡིན་ནོ། །དེ་ནི་

དེའི་རང་བཞིན་ཉིད་ཀྱིས་དེ་ཁོ་ན་ཡིན་ནོ། །གལ་ཏེ་དེ་ནི་དེར་སྣང་ན། །ཇི་ལྟར་རྗེས་སུ་འཇུག་པར་རྟོགས། །གལ་ཏེ་དེ་ནི་དེར་སྣང་བ་ཡིན་ནའང་། །ཇི་ལྟར་རྗེས་སུ་འཇུག་པར་རྟོགས། །གལ་ཏེ་དེ་སྔར་རང་བཞིན་གང་གིས་མཐོང་བའི་རང་བཞིན་དེ་ཉིད་ཀྱིས་སྣང་བ་ཡིན་ནོ། །ཇི་ལྟར་རྗེས་སུ་ཞུགས་པར་རྟོགས་ཏེ། སྔ་

མ་ཉིད་བཞིན་ནོ། །གལ་ཏེ་དེའི་རང་བཞིན་དུ་མི་སྣང་བ་ཉིད་ན་ཡང་དེ་ཉིད་གཞན་ལ་མེད་པའི་ཕྱིར་དེ་རྗེས་སུ་ཞུགས་སོ་ཞེས་ཇི་ལྟར་རྟོགས། དེའི་ཕྱིར་མི་སྣང་བ་དང་ནི་གཅིག་མ་ཡིན་ལ་དུ་མ་ཡང་མ་ཡིན་ནོ། །དེའི་ཕྱིར་སྔར་ཐ་དད་པར་སྣང་བའི་ཕྱིས་རྗེས་སུ་ཆུད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གྱི་ནའོ། །དེས་ན་རྒྱུ་མེད་པས་

གཅིག་ཏུ་སྣང་བ་མེད་པ་ཡང་། དུ་མ་ཉིད་ཡིན་ནོ། །དེའི་ཕྱིར། རྟོག་པ་མེད་པ་མེད་ན་ནི། །ཁྱད་པར་གང་གིས་རྟོགས་པར་འགྱུར། །གལ་ཏེ་རྟོགས་མེད་འགའ་ཞིག་ཀྱང་། །ཡོད་ན་དེ་དང་མཚུངས་རྒྱུ་ཅན། །ཐམས་ཅད་དེ་བཞིན་འབྲས་བདག་ཉིད། །ཐ་དད་རྒྱུ་ཐ་དད་ལས་ཡིན། །འོན་ཏེ་རྟོག་པའི་རང་

เล่ม ๑๗๘ · หน้า 254a

བཞིན་སྤངས་ནས་ཁྱད་པར་ཁོང་དུ་ཆུད་པ་ཡིན་ཏེ། མིག་ལ་སོགས་པའི་རྒྱུས་བསྐྱེད་པ་ནི་ཁྱད་པར་རིག་པ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟར་ཡིན་ན་དེའི་རྒྱུ་ལ་རག་ལས་པ་ཐམས་ཅད་རྟོགས་པ་མེད་པ་ཁོ་ནར་འགྱུར་རོ། །རྒྱུ་ཐ་དད་པ་ལ་མ་བརྟེན་པར་ནི་དངོས་པོ་ཐ་དད་པ་ཚད་མ་དང་ལྡན་པར་མི་

འཐད་དོ། །དེའི་ཕྱིར་དེའི་རིགས་ཅན་གྱི་རྒྱུ་དང་འབྲེལ་པ་ནི་དེའི་རིགས་ཅན་ཉིད་དོ། །རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་དང་ཅིག་ཤོས་ནི་རྒྱུ་མཚུངས་པ་ཉིད་མ་ཡིན་ནོ། །འདི་ལྟར། ཕྱི་རོལ་དོན་ལ་ལྟོས་མེད་པར། །བརྡ་དྲན་པ་ལས་སྦྱོར་བ་ཡིན། །དེ་བཞིན་བརྡ་ལ་ལྟོས་མེད་པར། །དངོས་ནུས་ཉིད་ལ་

མིག་བློར་འགྱུར། །དབང་པོའི་རྣམ་པར་ཤེས་པ་དང་སྦྱོར་བའི་རྟོགས་པ་ནི་ཕན་ཚུན་སྤངས་ཏེ། གནས་པའི་ངོ་བོ་ཉིད་ཀྱིས་ཚོགས་པ་དག་གི་སྟོབས་ཀྱིས་བསྐྱེད་པ་ཡིན་ནོ། །ཇི་ལྟར་རང་གི་ངོ་བོའི་ཚོགས་པ་ལས་བྱུང་བ་ལས་བརྟེན་པ་ཅན་གྱི་རང་བཞིན་དང་འབྲེལ་པ་ཅན་དུ་འགྱུར་བ་ཡིན། སྦྱོར་བ་ནི་ཕྱི་རོལ་ལ་མི་ལྟོས་པར་

བརྡ་དྲན་པའི་སྟོབས་ལས་བྱུང་བ་ཡིན་ལ། དབང་པོའི་ཤེས་པ་ནི་བརྡ་ལ་མི་ལྟོས་པར་ཕྱི་རོལ་ལ་ལྟོས་པས་ཡིན་ནོ། །དེ་ལ་ནི་རྟོག་པ་ཡོད་པ་མ་ཡིན་ཏེ། རྟོག་པའི་རྒྱུ་མེད་པའི་ཕྱིར་རོ། །རྒྱུ་མེད་པར་འབྲས་བུ་འབྱུང་བ་ནི་མེད་དོ། །འོན་ཏེ་སྒྲ་དང་སྤྱི་ལ་སོགས་པ་དང་འབྲེལ་པའི་ཕྱི་རོལ་གྱི་མཐུས་བསྐྱེད་པས་ན་དབང་

པོའི་རྣམ་པར་ཤེས་པ་རྟོག་པ་དང་བཅས་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། གང་གི་ཕྱིར། གང་ཞིག་གང་དང་མངོན་འབྲེལ་ཏེ། །ངེས་པར་དེ་དང་ལྷན་ཅིག་ཏུ། །སྣང་ངོ་ཞེས་ནི་བྱ་བ་འདི། །ཚད་མའི་ཡུལ་དུ་གྱུར་པ་ཡིན། །དེ་ལྟ་ཡིན་ན་ནི་མ་ལ་སོགས་པ་མཐོང་བ་ན། འབྲེལ་པ་ཐམས་ཅད་

སྣང་བར་ཐལ་ལོ། །འོན་ཏེ་གང་ཞིག་གང་ལ་གནས་པ་སྤྱི་ལ་སོགས་པ་དེ་ནི་དེ་སྣང་བ་ན་ཁོ་ནའོ་སྙམ་ན། དེ་ཡང་མི་བདེན་ཏེ། སྒྲ་མི་འཛིན་པར་ཐལ་བའི་ཕྱིར་རོ། །སྣམ་བུ་ལ་སོགས་པ་ལ་སྒྲ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་བརྡ་མ་བཟུང་བ་ལ་ཡང་སྣམ་བུ་སྙམ་པའི་ཤེས་པ་འབྱུང་བར་གྱུར་ན། ཡོད་

པ་ཡང་མ་ཡིན་ནོ། །བརྗོད་པར་བྱ་བ་ཉིད་ལ་ཐེ་ཚོམ་ཟ་བར་མཐོང་བའི་ཕྱིར་ཏེ། དོན་དེ་གྲུབ་ཀྱང་རྗོད་པར་བྱེད་པའི་བྱེ་བྲག་མ་ངེས་པའི་ཕྱིར་རོ། །སྤྱིའི་རྣམ་པ་ཉིད་དུ་ནི་ངེས་པ་ཁོ་ནའོ་ཞེ་ན། མ་ཡིན་ཏེ། དང་པོ་མཐོང་བ་ལ་མེད་པའི་ཕྱིར་དང་། དེ་ལས་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་རྟོགས་པའི་ཕྱིར་རོ། །

เล่ม ๑๗๘ · หน้า 254b

ཅི་སྟེ་ཡང་འདི་བ་ལང་ངོ་སྙམ་པ་ལ་སོགས་པའི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པའི་དབང་པོའི་ལྷན་ཅིག་བྱེད་པ་ཅན་གྱི་གཟུགས་ལ་སོགས་པ་ཉིད་ཀྱིས་བརྡ་དྲན་པ་ལ་ལྟོས་ནས་སྐྱེད་པར་བྱེད་པ་ཡིན་ནོ། །མ་ལྟོས་པར་ནི་མ་ཡིན་ཏེ། འབྲས་བུའི་ཚོགས་པ་ལས་འགྲུབ་པ་ཡིན་པའི་ཕྱིར་རོ། །གང་གི་ཚེ་སྒྲ་དང་སྤྱིའམ་

ཁྱད་པར་གཞན་ཡང་རུང་སྟེ། སྔར་བཟུང་བ་དྲན་པ་དེའི་ཚེ་དྲན་པ་དང་ལྷན་ཅིག་པའི་མིག་ལ་སོགས་པས་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ན་བརྡ་མ་བཟུང་བ་དང་། སྔོན་མཐོང་བ་དང་བྲལ་བ་དག་ལ་ནི་མི་འགྱུར་རོ་ཞེ་ན། དེ་ནི་ལེགས་པར་མ་བརྟགས་པ་ཡིན་ཏེ། འདི་ལྟར། གལ་ཏེ་གཟུགས་ནི་བརྡ་དྲན་ལ། །

ལྟོས་ནས་དབང་པོའི་བློ་དག་ལ། །ནུས་འགྱུར་ལྟོས་མེད་མ་ཡིན་ན། །རྟགས་བཞིན་དྲན་པ་ཉིད་ལ་འགྱུར། །སྔོན་ཉམས་སུ་མྱོང་བ་མེད་པར་ནི་དེ་དང་སྦྱོར་བ་ཡོད་པ་མ་ཡིན་ནོ། །སོ་སོར་ངེས་པའི་དྲན་པ་མེད་པར་ཡང་སོ་སོར་ངེས་པའི་སྒྲ་ལ་སོགས་པ་མེད་དོ། །སོ་སོར་ངེས་པའི་དྲན་པ་ཡང་སོ་སོར་ངེས་

པའི་དྲན་པའི་ས་བོན་སད་པ་མེད་པར་མ་ཡིན་ནོ། །སོ་སོར་ངེས་པའི་དྲན་པའི་ས་བོན་སད་པར་བྱེད་པ་ཡང་མཐོང་བ་མེད་པ་མ་ཡིན་ཏེ། དེས་ན་དེ་མཐོང་བ་ནི་དེའི་རྗོད་པར་བྱེད་པ་དྲན་ལ། དྲན་ན་ནི་སྦྱོར་བ་ཡིན་ནོ། །དེ་ལྟར་ན་མཐོང་བ་ལ་དེ་དྲན་ན་རབ་ཏུ་སད་པར་བྱེད་པའི་གཟུགས་ལ་སོགས་པ་ནི་རྟགས་ཉིད་དུ་

འགྱུར་རོ། །དེས་ན་སྦྱོར་བའི་ཤེས་པ་ཐམས་ཅད་ན་རྟགས་ཅན་ཁོ་ནར་འགྱུར་རོ། །འོན་ཏེ་སྤྱི་མཐོང་བ་མེད་པ་ཁོ་ན་ཡིན་ན། ཇི་ལྟར་རྟགས་ལས་རྟོགས་པར་འགྱུར་ཞེ་ན། ཆ་ཤས་མཚུངས་པ་ཉིད་ནི་སྤྱི་ཞེས་བརྗོད་པ་ཡིན་ལ། དེ་ཡང་སྔར་དམིགས་པ་ཁོ་ནའོ། །དེས་ན་དྲན་པར་བྱ་བ་ཡིན་ཏེ། ཆ་ཤས་

དེ་འདྲ་བ་དང་ལྡན་པ་ནི། དེ་དང་མཚུངས་པའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །ཆ་ཤས་རྣམས་ཀྱི་མཚུངས་པ་ཡང་དེ་འདྲ་བའི་ཆ་ཤས་མཚུངས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནས་ཇི་སྲིད་དུ་དེ་ལྟ་བུར་གྱུར་པའི་བློ་མཚུངས་པའི་ཕྱིར་རོ། །བློ་ཡང་དེ་ལྟ་བུར་གྱུར་པའི་ཞེན་པ་ལས་ཡིན་ནོ་ཞེས་བྱ་བའི་བར་དུ་ཡིན་ལ་ཞེན་པ་

ཡང་ཐོག་མ་མེད་པའི་བག་ཆགས་ལས་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེས་ན་སྒྲའམ་སྤྱི་ལ་སོགས་པ་དང་སྦྱོར་བ་ནི་རྟགས་ཉིད་ལས་ཡིན་པར་འགྱུར་རོ། །འདི་དྲན་པའི་རྗེས་སུ་དཔག་པ་ཁོ་ནའོ། །ཅི་སྟེ་དབང་པོའི་བྱེད་པས་སྦྱོར་བ་མངོན་སུམ་ཉིད་དུ་བརྗོད་དོ་ཞེ་ན། དེ་ལྟ་ཡིན་ན་རྗེས་སུ་དཔག་པ་མཐའ་དག་དབང་པོ་ལས་

เล่ม ๑๗๘ · หน้า 255a

སྐྱེས་པ་ཉིད་ཡིན་པའི་ཕྱིར་མངོན་སུམ་དུ་ཐལ་བར་འགྱུར་རོ། །འདི་ལྟར། ཕྱོགས་འདི་ན་ནི་མེའོ་ཞེས། །དབང་པོའི་བྱེད་དང་མ་བྲལ་བར། །ཕྱོགས་དང་མེ་ནི་སྦྱོར་བྱེད་པ། །ཇི་ལྟར་མངོན་སུམ་ཉིད་མི་འགྱུར། །འོན་ཏེ་མེ་ཙམ་ལ་ནི་རྗེས་སུ་དཔག་པ་ཡིན་ལ། སྦྱོར་བ་ནི་མངོན་

སུམ་ཁོ་ནའོ་སྙམ་ན། དེ་ཡང་མ་ཤེས་པ་ཡིན་ནོ། །གང་གི་ཕྱིར་འདི་སྐད་ཀྱང་བརྗོད་པར་ནུས་ཏེ། ཕྱོགས་ཙམ་ལ་ནི་མངོན་སུམ་དེ། །སྦྱོར་བ་རྗེས་སུ་དཔག་པ་ལས། །མེ་ལ་དབང་པོའི་ཤེས་པ་མེད། །མ་བཟུང་བ་ནི་སྦྱོར་མ་ཡིན། །སྦྱོར་བ་ནི་རྗེས་སུ་དཔག་པ་ཁོ་ན་ལས་ཡིན་པར་རིགས་ཏེ། མེ་ལ་དབང་པོའི་བྱེད་

པ་མེད་པའི་ཕྱིར་རོ། །མངོན་སུམ་གྱིས་མ་བཟུང་བ་ནི་དེས་སྦྱོར་བར་མི་ནུས་ཏེ། མ་རྟོགས་པ་དེ་དང་ལྡན་པར་རྟོགས་སོ་ཞེས་བྱ་བ་ནི་འགལ་ལོ། །རྗེས་སུ་དཔག་པས་ཀྱང་སྦྱོར་བར་མི་འགྱུར་བ་མ་ཡིན་ནམ། འདི་ལྟར། ཕྱོགས་ལ་རྗེས་དཔག་འཇུག་མ་ཡིན། །མ་བཟུང་བ་ནི་སྦྱོར་བ་མེད། །མངོན་སུམ་ཉིད་ནི་

རྗེས་དཔག་གིས། །བཟུང་ངོ་ཞེས་བྱ་བབ་ཆོལ་ཡིན། །ཇི་ལྟར་ལྐོག་ཏུ་གྱུར་པའི་མེ་ལ་མངོན་སུམ་མི་སྐྱེ་བ་དེ་བཞིན་དུ་མངོན་སུམ་དུ་གྱུར་པའི་ཕྱོགས་ལ་ཡང་རྗེས་སུ་དཔག་པ་མ་ཡིན་པའི་ཕྱིར་རིགས་པ་མཚུངས་སོ། །རྗེས་སུ་དཔག་པར་བྱ་བ་ཉིད་ཡིན་ན་ནི་མངོན་སུམ་མ་ཡིན་ཏེ། ཚད་མའི་རྣམ་པར་གཞག་པ་ཉམས་

པར་ནི་མི་འདོད་དོ་ཞེ་ན། དོན་དམ་དུ་ནི་སྦྱོར་བ་ཉིད། །འགའ་ཡང་ཡོད་པ་མ་ཡིན་ཏེ། །རྣམ་པ་དེ་ལྟའི་རྣམ་རྟོག་ནི། །གཉི་གའི་དེ་མ་ཐག་ཏུ་སྐྱེ། །འདི་ན་འདིའོ་ཞེས་སྦྱོར་བའི་ཤེས་པ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་རྗེས་ལ་བྱུང་བའི་རྣམ་པར་རྟོག་པ་ཡིན་ནོ། །དེ་ཡང་ཐོག་མ་མེད་པ་ནས་དེ་ལྟ་བུའི་ཐ་སྙད་ལས་

སྐྱེས་པའི་རྗེས་སུ་དཔག་པ་ཉིད་ཡིན་ཏེ། དེས་ན་རྗེས་སུ་དཔག་པས་སྦྱོར་བ་ཐ་སྙད་བྱེད་པ་ཡིན་ནོ། །དེས་ན་མངོན་སུམ་གྱིས་དེ་ལྟར་མ་བཟུང་བའི་ཕྱིར། རྗེས་སུ་དཔག་པ་ཡང་ཇི་ལྟར་སྦྱོར་བར་བྱེད་པའི་རང་བཞིན་དུ་སྐྱེ་ཞེས་བྱ་བ་ནི་སྐྱོན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་གྱི་སྦྱོར་བའི་རང་བཞིན་མ་ཡིན་པ་ཞེས་བྱ་བར་

གནས་སོ། །འདི་ནི་སྔར་བཤད་ཟིན་ཏོ། །ཇི་ལྟར་དྲན་པར་བྱ་བ་ལྐོག་ཏུ་གྱུར་པ་ལ་ཡང་མངོན་སུམ་འཇུག་པ་ཉིད་དེ། དེས་ན་མངོན་སུམ་ཉིད་སྦྱོར་བར་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། དེར་ནི་དེར་འབྲེལ་སྐྱེ་བའི་ཕྱིར། །དྲན་ལས་དབང་བློ་འགྱུར་བའང་ཡིན། །དེ་ལས་དུས་གཞན་དུ་ཡང་

เล่ม ๑๗๘ · หน้า 255b

འགྱུར། །ལ་ལར་རྣམ་གཡེང་སྲིད་ཕྱིར་རོ། །གལ་ཏེ་དབང་པོའི་བློ་དེ་དྲན་པ་དང་། འབྲེལ་པས་དྲན་པར་བྱ་བ་ལ་སྐྱེ་བར་འདོད་ན་དེའི་ཚེ་དབང་པོའི་བློ་དྲན་པ་ཉིད་ལས་འགྱུར་ཏེ་དོན་ཉེ་བ་ལ་ལྟོས་པར་ནི་མི་འགྱུར་རོ། །འོན་ཏེ་དོན་ཉེ་བ་ལ་ལྟོས་ན་ནི་དེའི་ཚེ་འདི་དྲན་པ་ལས་འགྱུར་བ་མ་ཡིན་ཏེ་མངོན་དུ་བྱེད་པ་ནི་དྲན་པ་ལས་གཞན་པ་ཡིན་པའི་

ཕྱིར་རོ། །ཡང་ན་དུས་གཞན་དུ་ཡང་འགྱུར་ཏེ་འགའ་ཞིག་ལ་རྣམ་པར་གཡེང་བ་རྣམ་པར་རྟོག་པ་གཞན་གྱི་མཚན་ཉིད་དེའི་ཚེ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་དབང་པོའི་ཤེས་པ་དེ་ཡང་དུས་གཞན་དུ་དྲན་པར་འགྱུར་བ་ཡིན་ནོ། །གཞན་ཡང་གལ་ཏེ་དོན་དེ་དང་དབང་པོ་ནི་རྣམ་པར་རྟོག་པ་མེད་པའི་ཤེས་པའི་རྒྱུ་ཡིན་ན་ཐམས་ཅད་ཀྱི་ཚེ་དེ་ཁོ་

ན་ལྟར་འགྱུར་ཏེ། དེས་ན་མངོན་སུམ་རྣམ་པར་རྟོག་པ་མེད་པ་ཁོ་ནའོ། །གལ་ཏེ་རིམ་གྱིས་གཉིས་རྒྱུ་ཡིན། །ཐ་དད་མེད་ཕྱིར་སྔར་ཉིད་འགྱུར། །གལ་ཏེ་འདི་གཉིས་ཀའི་རྒྱུ་ཡིན་ན་སྔར་ཉིད་གཉིས་ཀ་སྐྱེད་པ་དང་འབྲེལ་པར་འགྱུར་རོ། །ཅི་སྟེ་དྲན་པ་དང་ལྷན་ཅིག་པའི་དབང་པོས་རྣམ་པར་རྟོག་པ་དང་བཅས་པར་བསྐྱེད་

ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། དྲན་པ་མིག་དང་ལྷན་ཅིག་པ་ཉིད་དུ་དམིགས་པ་མེད་དོ། །ལྷན་ཅིག་པ་ཞེས་བྱ་བ་ཙམ་གྱིས་ནི་ཐམས་ཅད་ཐམས་ཅད་ཀྱི་ལྷན་ཅིག་པ་མ་ཡིན་གྱི། འོན་ཀྱང་གང་ཞིག་དེ་ལྟར་མཐོང་བ་དེ་ཉིད་ཡིན་ནོ། །དྲན་པས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པར་བྱེད་པ་མ་ཡིན་

ནོ། །འོན་ཏེ་ངེས་པའི་རང་བཞིན་ཉིད་དུ་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་སྙིང་པོ་ཡོད་པ་མ་ཡིན་ཏེ། འདི་ལྟར། གལ་ཏེ་རང་བཞིན་དེ་ངེས་ན། །ཐ་དད་མེད་ཕྱིར་སྔར་ཉིད་འགྱུར། །དེ་དངོས་མིན་ན་དབང་སྐྱེས་ལས། །དེ་ནི་ཤེས་རབ་ཉིད་དུ་འགྱུར། །གལ་ཏེ་སྔར་སྣང་བའི་རང་བཞིན་ཉིད་ལྷག་ཆད་མེད་པར་ངེས་པ་

ཡིན་ན། སྔར་གྱི་རང་བཞིན་དང་མཚུངས་པ་ཡིན་པའི་ཕྱིར། ངེས་པ་ལ་མ་ངེས་པ་ལས་བླ་ལྷག་མེད་པར་འགྱུར་རོ། །འོན་ཏེ་དེ་ལ་རང་བཞིན་ལྷག་པ་སྣང་བ་ཡིན་ན། འོ་ན་ནི་རང་བཞིན་གཞན་དང་འབྲེལ་པ་དེ་ཤེས་པ་གཞན་ཉིད་དུ་འགྱུར་རོ། །རང་བཞིན་དེ་ལ་ཡོད་པའི་ཁྱད་པར་ལ་སོགས་པ་ལ་ནི་དབང་པོའི་བྱེད་

པ་མེད་པའི་ཕྱིར་རོ། །འོན་ཏེ་འདིའོ་ཞེས་བྱ་བར་སྣང་བ་ནི་དེ་ཉིད་ལ་འཇུག་པ་ཡིན་ཏེ། དེའི་ཕྱིར་མངོན་དུ་བྱེད་པས་འཇུག་པའི་ཕྱིར་འདི་ནི་མངོན་སུམ་ཉིད་དོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། འདིའོ་ཞེས་བྱ་བའི་རྣམ་རྟོག་ནི། །རྣམ་རྟོག་མེད་པ་ཉིད་འགྱུར་ཏེ། །དོན་བྱ་སོགས་དང་འབྲེལ་པ་ནི། །སྔ་དང་ཕྱི་མར་

เล่ม ๑๗๘ · หน้า 256a

མི་རྟོག་ཕྱིར། །གཟུགས་ལ་སོགས་པ་ཉེ་བ་ཙམ་མངོན་དུ་བྱེད་པས་དོན་བྱེད་པ་ལ་སོགས་པ་དང་འབྲེལ་པར་སྔ་མ་དང་ཕྱི་མར་འཛིན་པ་དང་བྲལ་བའི་ཕྱིར་རྟོག་པ་མེད་པ་གཞན་ལས་ཁྱད་པར་ཡོད་པ་མ་ཡིན་ནོ། །རྣམ་པར་རྟོག་པར་མི་བྱེད་པ་ཉིད་ནི་རྟོག་པ་དང་བཅས་པ་ཞེས་བྱ་བར་འགྱུར་བ་མ་ཡིན་ནོ། །

དེའི་ཕྱིར་འདིའོ་ཞེས་བྱ་བ་གསལ་བའི་རྣམ་པ་ཅན་ནི་དྲན་པར་བྱ་བའི་ཁྱད་པར་ལ་སོགས་པ་གསལ་བའི་རྣམ་པ་ཅན་མ་ཡིན་པ་ལས་གཞན་ཁོ་ན་ཡིན་ནོ། །དེ་ལྟར་མ་ཡིན་དང་། དབང་པོའི་བློ་རྒྱུ་གཞན་ཡིན་ན། །དེ་ལའང་དྲན་པ་ཡོད་མེད་འགྱུར། །འོན་ཏེ་རྣམ་པ་གསལ་བ་ཅན་དབང་པོའི་ཤེས་པའི་ཡུལ་ནི་དྲན་པར་བྱ་

བའི་རྣམ་པ་ལས་གཞན་ཡིན་པ་ཉིད་དོ་སྙམ་ན། གལ་ཏེ་དེ་ལྟ་ན་དེ་ལ་ཡང་དྲན་པ་དོན་མེད་པར་འགྱུར་རོ། །དེར་འཛིན་པ་ལ་ནི་དྲན་པ་མཁོ་བ་ཡོད་པ་མ་ཡིན་ཏེ་དྲན་པ་མེད་ཀྱང་དེ་ནི་དེ་ལྟར་རྟོགས་པའི་ཕྱིར་རོ། །བརྡ་དྲན་ཇི་ལྟར་བརྡར་བཏགས་པ། །གྲུབ་པའི་དོན་དུ་འདོད་པ་དང་། །ཁྱད་པར་བརྡར་བཏགས་མེད་འཛིན་ན། །

དེ་ལ་དྲན་པ་དོན་ཅི་ཡོད། །གལ་ཏེ་དྲན་པ་དང་ལྷན་ཅིག་པའི་མིག་ལ་སོགས་པས་དེའི་རང་བཞིན་དུ་སྣང་བ་ཡིན་ནོ་ཞེ་ན། དེ་མེད་ན་དེའི་རང་བཞིན་དུ་ཤེས་པ་མེད་པར་འགྱུར་རོ། །འདི་ཞེས་བྱ་བར་སྣང་བ་མི་འགྱུར་བ་ཁོ་ནའོ་ཞེ་ན། མ་ཡིན་ཏེ། འདི་ཞེས་བྱ་བར་སྣང་བ་མེད་ཀྱང་དེའི་རང་བཞིན་སྣང་བའི་ཕྱིར་རོ། །ཡོད་

ཀྱང་དེས་ནི་ཁྱད་པར་གཞན་ཡོད་པ་མ་ཡིན་པའི་ཕྱིར་དེ་ལ་དགོས་པ་ཅི་ཡོད། འཇུག་པ་ལ་དགོས་སོ་ཞེ་ན། དེ་མེད་ཀྱང་འཇུག་པར་འགྱུར་རོ་ཞེས་བསྟན་པར་བྱའོ། །དེ་ནི་ཡིད་ཀྱི་མངོན་སུམ་ཡིན་ནོ་ཞེས་ཀྱང་སྟོན་པར་འགྱུར་རོ། །འོན་ཏེ་དྲན་པ་མེད་པར་དང་པོ་པ་གོམས་པ་དང་མི་ལྡན་པ་མི་འཇུག་པའི་ཕྱིར་དེའི་དོན་དུ་དྲན་པ་

འདོད་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་ཁྱད་པར་བརྡར་བཏགས་པ་མེད་པ་འབྲེལ་པར་མ་བྱས་པ་འཛིན་ན། དེ་དྲན་པས་གཞན་ཅི་ཞིག་བྱེད་པར་འགྱུར་ཏེ་གང་གི་ཕྱིར་དྲན་པ་ནི་འབྲེལ་པར་བྱས་པ་གྲུབ་པའི་དོན་དུ་འདོད་པ་ཡིན་ནོ། །གལ་ཏེ་དེ་ལྟར་མ་གྲུབ་ན་ནི་དེ་རྟོགས་པ་ལ་དྲན་པ་མཁོ་བ་མེད་པར་འགྱུར་རོ། །

དང་པོ་པའི་འཇུག་པ་ནི། ཚད་མ་གཞན་རྗེས་སུ་དཔག་པ་ལས་འགྱུར་བ་ཉིད་དོ། །དེའི་ཕྱིར་རྣམ་པར་རྟོག་པ་ནི་རང་གི་ངོ་བོ་ཉིད་འཛིན་པ་ལ་བྱེད་པ་ཡོད་པ་མ་ཡིན་ལ། འཇུག་པར་བྱེད་པ་ཡང་མ་ཡིན་ནོ། །འདི་ནི་དགོས་པ་མེད་པ་ཡིན་ཡང་གོམས་པ་ལས་འཇུག་པ་ཉིད་དོ། །དངོས་པོ་རྣམས་དགོས་པ་ཡོད་པ་ཉིད་ཀྱི་

เล่ม ๑๗๘ · หน้า 256b

ཕྱིར་འབྱུང་བ་ནི་མ་ཡིན་ཏེ། དངོས་པོ་ནི་རྒྱུ་ཙམ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །འོན་ཏེ་སྔ་མ་ལས་གཞན་པའི་རང་བཞིན་འཛིན་པ་ཡིན་ན། དེ་ལྟ་ན་ནི་འདི་ཡིད་ཀྱི་མངོན་སུམ་གྱི་རང་བཞིན་གྱི་ཤེས་པ་གཞན་ཉིད་དོ། །དེ་ལྟར་ཡང་སྟོན་པར་འགྱུར་རོ། །འོན་ཏེ་སྤྱི་ཉིད་དེ་ལྟར་འཛིན་པ་ཡིན་གྱི། སྔར་མ་

མཐོང་བའི་ཁྱད་པར་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་སྤྱི་ཙམ་འཛིན་པ་ཡིན་ན་ནི། ཁྱད་པར་ལ་ལྟོས་མི་རུང་ངོ་། །གལ་ཏེ་མིག་ལ་སོགས་པ་དག་གིས་སྤྱི་འཛིན་པ་ཉིད་ཡིན་ན། དེའི་ཚེ་ཁྱད་པར་འཛིན་པ་གཞན་མེད་པའི་ཕྱིར་སྤྱི་འཛིན་པ་ན་ཁྱད་པར་འཛིན་པ་ལ་ལྟོས་པར་མི་འགྱུར་ན་འགྱུར་བ་ཡང་ཡིན་ནོ། །འདི་

ལྟར་བ་ལང་ངོ་ཞེས་སྤྱི་བཟུང་བ་ན། བ་ལང་ཇི་ལྟ་བུ་ཞིག་ཅེས་རྟོགས་པ་ནི་འཇིག་རྟེན་ན་མཐོང་བ་ཡིན་ནོ། །དེའི་ཕྱིར་མིག་དང་གཟུགས་དག་ལ། །བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །དེ་ལ་དྲན་པ་མཁོ་བ་མེད་པའི་ཕྱིར། མིག་གི་བློ་ནི་མིག་དང་གཟུགས་ཙམ་ཁོ་ན་ལས་སྐྱེ་བ་ཡིན་ནོ། །འདི་ལྟར། མིག་ནི་

མདུན་ན་གནས་པ་ཡི། །གཟུགས་ཙམ་ལ་ནི་འཇུག་པར་རྟོགས། །གཞན་དུ་རྟོགས་པར་འགྱུར་བ་ཡི། །བྱེད་པ་གཞན་དུ་ཇི་ལྟར་འགྱུར། །གཞན་དུ་རྟོགས་པ་ནི་གཞན་དུ་རྟོགས་པར་མི་ནུས་སོ། །མདུན་ན་གནས་པའི་གཟུགས་ཙམ་ལ་འཇུག་པར་མཐོང་བའི་མིག་ནི། སྒྲ་དང་སྤྱི་ལ་སོགས་པ་འཇུག་པ་

ཡིན་ནོ་ཞེས་བརྗོད་པར་མི་ནུས་ཏེ། ཚད་མ་མེད་པའི་ཕྱིར་རོ། །དེ་ལྟར་རྟོགས་པ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེའི་ཕྱིར། དྲན་པའི་འོག་རོལ་དུས་སུའམ། །དྲན་པ་ལས་ནི་སྔར་ཡང་རུང་། །མངོན་སུམ་རྣམ་རྟོག་མ་ཡིན་ཏེ། །ཡུལ་ཐ་དད་པ་ཉིད་ཕྱིར་རོ། །དྲན་པ་ལས་དུས་ཕྱིས་འདི་ནི་དྲི་ཞིམ་པའོ། །

འདི་ནི་དྲི་མི་ཞིམ་པའོ་སྙམ་པ་ལ་སོགས་པའི་ཤེས་པ་ནི་མངོན་སུམ་མ་ཡིན་ཏེ། མིག་གི་ཤེས་པའི་བྱེད་པ་ནི་གཟུགས་ཙམ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མིག་ལ་སོགས་པ་ལ་བརྟེན་ནས་དོན་རྣམས་ལ་སྐྱེ་བ་ཅན་གང་ཡིན་པ་དེ་ཁོ་ན་མངོན་སུམ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་སྒྲ་དང་སྤྱི་ལ་སོགས་པའི་རྣམ་

པ་ཅན་ནི་མངོན་སུམ་ཉིད་མ་ཡིན་ནོ། །གང་ཞིག་གསལ་བར་སྣང་བའི་རྒྱུ་མཚན་གཞན་ལ་བརྟེན་པ་དེ་ཡང་གཟུང་བར་བྱ་བ་མ་ཡིན་ནོ། །དེས་ན་ཡིད་ལ་སོགས་པ་དེ་ཡང་མངོན་སུམ་ཡིན་ནོ། །ཡང་ན་དོན་གྱི་རང་བཞིན་ལ་འཇུག་ཅིང་ཁྱབ་པར་བྱེད་པས་ན་དེ་ཡང་དབང་པོ་ཉིད་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་གཉི་

เล่ม ๑๗๘ · หน้า 257a

ག་ལ་རག་ལས་ནས་སྐྱེས་པ་ལ་དབང་པོ་ལ་བརྟེན་པར་བརྗོད་ཀྱི་ཡུལ་ལ་བརྟེན་པར་མ་ཡིན་གཟུགས་ལ་སོགས་པའི་ཡུལ་གྱི་སྒོ་ནས་ཐ་སྙད་དུ་བྱ་བའི་རིགས་ཀྱི། དབང་པོའི་སྒོ་ནས་ནི་མ་ཡིན་ནོ། །དབང་པོ་ལས་སྐྱེས་པ་ཙམ་ཉིད་ཀྱིས་ནི་མངོན་སུམ་དུ་འགྱུར་བ་མ་ཡིན་གྱི། ཡུལ་གྱི་རང་གི་ངོ་བོ་

འཛིན་པས་འཇུག་པ་ནི་ཐམས་ཅད་མངོན་སུམ་ཁོ་ནའོ། །དབང་པོ་ལ་བརྟེན་པ་ནི་འགའ་ཞིག་མངོན་སུམ་ཡིན་ལ་གཞན་ནི་གཞན་དུ་འགྱུར་རོ། །འཁྲུལ་པ་མེད་པའི་རྒྱུ་མཚན་དེས་ནི་དེ་ལ་ཐ་སྙད་བྱེད་པར་འཐད་པ་ཡིན་ནོ། །ཡུལ་གྱིས་བསྐྱེད་པ་ཡིན་ཡང་ཟླ་བ་གཉིས་ལ་སོགས་པའི་རང་བཞིན་ཅན་འཁྲུལ་པ་ཉིད་མ་ཡིན་

ནམ། དེས་ན་ཡུལ་ལས་སྐྱེས་པ་ཡང་ཐམས་ཅད་ལ་མ་འཁྲུལ་པ་ནི་མ་ཡིན་ནོ་ཞེ་ན། དེ་ནི་ཡུལ་ཉིད་མ་ཡིན་ཏེ། དེ་ནི་རྣམ་པར་གཏོད་པར་ནུས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོ་ན་ནི་དེ་ལྟ་ན། དེ་ནི་དབང་པོ་ཉིད་མ་ཡིན་ཏེ་དེས་ན་ཡུལ་ལས་ཉམས་པའི་ཕྱིར་རོ། །དབང་པོ་ནི་མཉམས་པ་ཡིན་ལ་དེ་ནི་དབང་པོ་ལྟར་

སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན། གལ་ཏེ་དངོས་སུ་ཤེས་སྐྱེད་ལ། །དབང་པོ་བཞིན་དུ་ཡུལ་ནུས་ཡིན། །འོ་ན་ཅི་ཕྱིར་གཉིས་རག་ལས། །སྐྱེ་བ་དེ་ནི་དེས་མི་བརྗོད། །ཡུལ་དང་དབང་པོ་དག་རྒྱུ་ཉིད་དུ་མཚུངས་པ་ཡིན་ན། ཅིའི་ཕྱིར་ཡུལ་གྱི་སྒོ་ནས་ཐ་སྙད་དུ་མི་བྱེད། རྟོག་པ་སྔོན་དུ་གཏོང་བ་དག་ནི་ཅི་རུང་བར་

ཐ་སྙད་བྱེད་པའམ་སྤོང་བ་མ་ཡིན་ནོ་ཞེ་ན། འདི་ལ་བཤད་པ། གོ་བར་བྱེད་པ་ཉིད་མཐོང་ནས། །ཐ་སྙད་ངེས་པར་སྦྱར་བ་ཡིན། །དབང་པོའི་ཐ་སྙད་ལ་དེ་ཡོད། །སྦྱར་བར་བྱ་བའང་དེ་ཆོས་ཡིན། །གོ་བར་བྱེད་པ་དང་། གོ་བར་བྱེད་པ་མ་ཡིན་པ་ཉིད་ཀྱིས་ལེན་པ་དང་འདོར་བ་ཡིན་ནོ། །གོ་བར་བྱེད་པ་ཉིད་ཀྱང་

དབང་པོའི་ཐ་སྙད་ལ་ཡོད་དེ། གང་དབང་པོ་ལ་བརྟེན་པ་དེ་ནི་མངོན་སུམ་ཡིན་ནོ། །ཉམས་པས་འཁྲུལ་པ་ཡང་སྔར་སྤང་ཟིན་ཏོ། །འོ་ན་ནི་ཡུལ་དང་ཡང་འཁྲུལ་པ་མེད་དེ། དེ་ནི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་དེ་ནི་ཡུལ་ཡིན་ན། །གཞན་གྱི་མངོན་སུམ་ཇི་ལྟར་འགྱུར། །དབང་པོ་ཉིད་ནི་

གཅིག་ཉིད་ལ། །ཡོད་དང་མེད་པའི་ཁྱད་པར་མིན། །དེ་ཉིད་ཀྱི་ཕྱིར་ཐུན་མོང་མ་ཡིན་པའི་སྒོ་ནས་ཐ་སྙད་དུ་བྱེད་པ་ནི་མཐོང་སྟེ། རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་བྱ་བ་ལྟ་བུའོ་ཞེས་བཤད་དོ། །ནས་ཀྱི་མྱུ་གུ་ཞེས་བརྗོད་ན། ནས་མ་ཡིན་པའི་མྱུ་གུ་རྟོགས་པར་མི་འགྱུར། སའི་མྱུ་གུ་ཞེས་བྱ་བ་ནི་དེ་ཡང་འགྱུར་རོ། །འདིར་

เล่ม ๑๗๘ · หน้า 257b

ཡང་དེ་བཞིན་ནོ། །འོན་ཏེ་ཡུལ་ལ་བརྟེན་པའི་ཞེས་བྱ་བ་ནི་ཡུལ་གྱི་རང་བཞིན་འཛིན་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་རང་རིག་པ་ཁོ་ན་མངོན་སུམ་དུ་འགྱུར་ཏེ། གཞན་དུ་གོ་བར་བྱེད་པ་མ་ཡིན་ནོ། །ཅི་སྟེ་འཇིག་རྟེན་ན་རབ་ཏུ་གྲགས་པའི་ཡུལ་གྱི་རང་བཞིན་རྟོགས་པ་བརྗོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་དབང་པོ་ལ་བརྟེན་པ་ཞེས་

འཇིག་རྟེན་ན་གྲགས་པས་འདི་ཉིད་དུ་འགྱུར་མོད། ཐ་སྙད་གཞན་ཡོངས་སུ་བརྟགས་པས་ཅི་ཞིག་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་གཞུང་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མངོན་སུམ་དུ་འགྱུར་ཏེ། ཡུལ་འཛིན་པའི་ཕྱིར་རོ། །དེའི་དབང་པོའི་ཐ་སྙད་ཉིད་འཐད་དོ། །དེ་སྐད་དུ་ཡང་ཡུལ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་

རྒྱུད་གཞན་དག་གི་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་ཐུན་མོང་ཡིན་ནོ་ཞེས་བཤད་དོ། །དེའི་ཕྱིར་དབང་པོའི་ཐ་སྙད་ཀྱིས་མངོན་སུམ་གྱི་རང་བཞིན་རྟོག་པ་དང་བྲལ་བ་མཚོན་པར་ནུས་ཀྱི་ཡུལ་གྱི་ཐ་སྙད་ཀྱིས་ནི་མ་ཡིན་ནོ། །ཡུལ་གྱིས་ཀྱང་མཚོན་པར་ནུས་པ་མ་ཡིན་ནམ། འདི་ལྟར་དོན་གྱི་མཐུ་ལས་ནི། །ཡང་

དག་སྐྱེ་བ་ཡིན་ཕྱིར་རོ། །དེ་ནི་དོན་གྱི་མཐུ་ལས་སྐྱེ་བ་ན་དེའི་རང་བཞིན་ཁོ་ནའི་རྗེས་སུ་བྱེད་དོ་ཞེས་བཤད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མ་ངེས་པའི་ཕྱིར་ཏེ་ཟླ་བ་གཉིས་ཀྱི་རྣམ་པ་ཅན་ཉིད་ཀྱིས་འཁྲུལ་པའི་ཕྱིར་རོ། །འོན་ཏེ་དོན་གྱི་མཐུ་ལས་འཁྲུལ་པ་མི་སྐྱེད་དོ་ཞེ་ན། དེ་ལྟ་ཡིན་ན་དེ་རིགས་པ་འདིས་རྟོག་པ་མེད་པ་ཉིད་དུ་

མ་གྲུབ་པར་འགྱུར་རོ། །དེའི་ཕྱིར་འདིར་ནི་དབང་པོའི་ཉིད་ལ་དོན་དུ་ཐ་སྙད་བྱས་པ་ཡིན་ཏེ། དོན་དུ་མངོན་པར་ཞེན་པའི་ཕྱིར་རོ། །དེ་ལྟ་བུ་ཉིད་ཀྱི་དབང་པོ་ནི་གོ་བར་བྱེད་པ་ཤིན་ཏུ་ཡིན་པའི་ཕྱིར་དེ་ཉིད་ཀྱིས་ཐ་སྙད་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་ཐ་སྙད་འདི་ལ་ནི། །སྦྱར་བྱ་རང་བཞིན་རྟགས་ཡིན་ཏེ། །ཁྱབ་པར་བྱེད་

པའི་རང་བཞིན་ནི། །ལོག་པའི་ཕྱིར་ན་ལྡོག་པར་འགྱུར། །རྟོག་པའི་སྔོན་དུ་གཏོང་བའི་སྦྱར་བ་ཉིད་གོ་བར་བྱེད་པ་ཡིན་ནོ་ཞེས་བརྗོད་དེ། དེའི་ཕྱིར་དེ་ཉིད་གོ་བར་བྱེད་པའི་རྟགས་ཡིན་ནོ། །གལ་ཏེ་རྟོག་པ་སྔོན་དུ་གཏོང་བས་བྱས་པར་ཅིས་ཤེས་ཤེ་ན། དེ་ནི་བདེན་ཏེ། སྐྱེས་བུ་ཚད་མ་ཡིན་པས་ཚིག་ཚད་མར་

རྟོགས་པ་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་དེ་སྐད་བརྗོད་པ་ཡིན་ནོ། །དོན་དམ་པར་ནི་གང་གིས་ཁྱབ་པར་བྱེད་པའི་རང་བཞིན་ལོག་པས་ལྡོག་པར་བརྗོད་པ་རྟགས་ཉིད་ལ་ཁྱབ་པ་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་ཡུལ་ལ་བརྟེན་པ་ཞེས་བྱ་བའི་ཐ་སྙད་ནི་འཇིག་རྟེན་ན་གྲགས་པ་རྣམ་པར་རྟོག་པ་དང་བཅས་པའི་གོ་བར་

เล่ม ๑๗๘ · หน้า 258a

བྱེད་པ་མ་ཡིན་ནམ། རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་གྱི་ཡུལ་ནི་སྔ་མ་དང་ཕྱི་མར་གྱུར་པ་གཅིག་ཉིད་ཡིན་ནོ། །འདི་ནི་འཇིག་རྟེན་ན་མངོན་སུམ་ཞེས་རབ་ཏུ་གྲགས་པ་ཡིན་ཏེ། འདི་ལྟར། གང་ཞིག་བདག་གིས་མཐོང་བ་དེ། །མངོན་སུམ་གྱིས་ནི་རྟོགས་འདི་ཉིད། །སྒྲ་

དོན་ཐམས་ཅད་འཇིག་རྟེན་གྱི། །གྲགས་པས་རྟོགས་པར་བྱས་པ་ཡིན། །གནོད་པ་མེད་པའི་རྟོགས་པ་ལ། །ཚད་མའི་ཐ་སྙད་བརྟེན་པ་ཡིན། །ཚད་མ་ཡིས་ནི་གྲུབ་འགྱུར་བ། །གཞན་དུ་བྱ་བར་ཇི་ལྟར་ནུས། །དེ་ནི་མི་བདེན་ཏེ། འདིར་ནི་མངོན་དུ་བྱེད་པ་ཉིད། །མངོན་སུམ་དོན་རྟོགས་ཅན་ཡིན་ལ། །

མངོན་དུ་བྱེད་པ་ལས་གཞན་ལ། །རྗེས་དཔག་མ་གཏོགས་ཚད་གཞན་མེད། །མངོན་སུམ་དུ་བྱེད་པའི་རྣམ་པ་ཅན་མ་ཡིན་པ་ལ་ནི་རྗེས་སུ་དཔག་པ་ཉིད་གཅིག་པུ་ཞིག་ཚད་མ་ཡིན་ནོ། །དེས་ན་གལ་ཏེ་ངོ་ཤེས་པའི་ཚད་མ་མངོན་དུ་བྱེད་པའི་རྣམ་པས་མི་འཇུག་ན་ནི། དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ནའོ། །མངོན་

དུ་བྱེད་ན་མདུན་ན་གནས་པའི་དངོས་པོ་ཙམ་ལ་འཇུག་པའི་ཕྱིར་ངོ་ཤེས་པ་མ་ཡིན་ནོ། །དེས་ན་མངོན་དུ་བྱེད་པ་ནི་དབང་པོའི་ཐ་སྙད་ཁོ་ནས་རྟོགས་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ། །ཡུལ་གྱི་ཐ་སྙད་ཀྱིས་ནི་ཡུལ་དང་བཅས་པ་ཞེས་བྱ་བར་འགྱུར་གྱི། མངོན་དུ་བྱེད་པ་ཉིད་དུ་ནི་བརྗོད་པར་མི་འགྱུར་རོ། །

དེ་ལྟར་ཐ་སྙད་བྱ་བ་ལ་ནི་འཇིག་རྟེན་ན་མངོན་སུམ་དུ་མ་གྲགས་སོ། །མངོན་སུམ་ནི་ཚད་མ་ཉིད་ཀྱང་ཡིན་ནོ། །མངོན་དུ་བྱེད་པ་ལས་མ་གཏོགས་པར་མངོན་སུམ་ཉིད་ཀྱང་རིགས་པ་མེད་པའི་ཕྱིར་ན་མངོན་སུམ་རྟོག་པ་མེད་པར་འགྲུབ་བོ། །འོ་ན་ཇི་ལྟར་འདི་སྐད་ཅེས། །དེར་དོན་མང་པོས་བསྐྱེད་པའི་ཕྱིར། །རང་

གི་དོན་ལ་སྤྱི་ཡུལ་ཅན། །ཞེས་གསུངས། སྤྱིའི་ཡུལ་ཅན་ནི་རྣམ་པར་རྟོག་པ་མེད་པ་མ་ཡིན་ཏེ། སྤྱིར་རྣམ་པར་རྟོག་པ་ཉིད་ཀྱིས་དེ་དང་འགལ་བའི་ཕྱིར་རོ། །དེ་ཉིད་སྨྲས་པ་ནི། བསགས་པ་དག་ནི་ཚོགས་པ་ཡིན། །དེ་སྤྱི་དེ་ལ་དབང་པོའི་བློ། །སྤྱི་བློ་གདོན་མི་ཟ་བར་ཡང་། །རྣམ་པར་རྟོག་དང་རྗེས་སུ་འབྲེལ། །

མང་པོ་རང་བཞིན་ཕན་ཚུན་སྤངས་ཏེ་གནས་པ་རྣམས་དེ་ཁོ་ན་ལྟར་གཟུང་ན་སྤྱིའི་བློར་འགྱུར་བ་མ་ཡིན་ནོ། །ཚོགས་པ་དོན་དམ་པ་པའམ་བཏགས་པ་ཡིན་ན། དེ་ལ་རེ་ཞིག་དོན་དམ་པ་པ་ནི་མ་ཡིན་ཏེ། དེ་ལས་ཐ་དད་པར་རྟོགས་པ་སྣང་བ་མེད་པའི་ཕྱིར་རོ། །སྣང་ན་ཡང་གཞན་དུ་སྣང་བ་དེ་དག་ལས་གཞན་དུ་

เล่ม ๑๗๘ · หน้า 258b

དེ་ཚོགས་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་པ་ཉིད་ན་ཡང་། དེ་དག་ཉིད་ཕན་ཚུན་ལྟོས་ནས་ཚོགས་པའི་ཐ་སྙད་བརྟེན་པར་འགྱུར་གྱི། གཞན་གྱིས་ཅི་བྱ། འོན་ཏེ་དེ་དག་གི་རང་བཞིན་མི་སྣང་བར་གྱུར་ནས། གཞན་གྱི་རང་བཞིན་སྣང་ངོ་ཞེ་ན། དེ་ཡང་དངོས་པོ་ལ་དེ་ལྟ་བུ་མེད་པའི་ལྷག་པར་སྒྲོ་བཏགས་པ་ཙམ་ཡིན་

པས་ཇི་ལྟར་རྟོགས་པ་མེད་པའི་ཡུལ་ཡིན། བཏགས་པའི་ཡུལ་ཅན་ཉིད་ནི་རྟོག་པ་དང་བཅས་པ་བཟློག་པར་དཀའོ་ཞེ་ན། འདི་ལ་ལན། དོན་གཞན་དང་ནི་མངོན་འབྲེལ་ཕྱིར། །རྡུལ་ཕྲན་གཞན་གང་སྐྱེ་འགྱུར་བ། །དེ་དག་བསགས་བཤད་དེ་དག་ནི། །ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན། །རྡུལ་ཕྲན་གཞན་

དག་མེད་པར་ནི། །རྡུལ་ཕྲན་ཁྱད་པར་དེ་ཡང་མེད། །ཤེས་ཏེ་གཅིག་ལས་ངེས་མིན་ཕྱིར། །སྤྱི་ཡི་སྤྱོད་ཡུལ་ཅན་དུ་བཤད། །གཞན་ལས་ཤེས་པའི་རྒྱུའི་ནུས་པ་མ་སྐྱེས་པའི་རྡུལ་ཕྲ་རབ་དེ་དག་ནི་ཕྲ་བ་མ་ཡིན་པ་མཐོང་བ་རྣམས་ཀྱི་ཤེས་པ་སྐྱེད་པར་ནུས་པ་མ་ཡིན་ནོ། །དེས་ན་ཐམས་ཅད་ཀྱི་ཤེས་པ་

བསྐྱེད་པར་བྱ་བ་ཡིན་ནོ། །ཤེས་པ་དེ་ནི་གཅིག་ལ་ངེས་པ་མ་ཡིན་པའི་ཕྱིར། སྤྱིའི་ཡུལ་ཅན་དུ་བཤད་དོ། །ཕན་ཚུན་ཐ་དད་པ་ཉིད་དུ་ཅིའི་ཕྱིར་མི་སྣང་ཞེ་ན། སྐྲ་ལ་སོགས་པ་མ་འདྲེས་པ་རྣམས་ཀྱང་ཐག་རིང་པོ་ནས་མ་འདྲེས་པ་ཉིད་དུ་སྣང་བའི་སྤྱོད་ཡུལ་དུ་འགྱུར་རམ། དེས་ན་གལ་ཏེ་རང་གི་རྒྱུད་ལས་རང་གི་

རྣམ་པར་གཏོད་པའི་ནུས་པ་མེད་པ་ཉིད་དུ་ངེས་པའི་ཕྱིར་མི་སྣང་བ་ཡིན་ན། འདི་ལ་ཀླན་ཀ་ཅི་ཡོད། འོ་ན་མངོན་སུམ་ལ་དངོས་པོའི་དེ་ཁོ་ན་མི་སྣང་བའི་ཕྱིར་འཁྲུལ་པ་ཉིད་དུ་འགྱུར་རོ། ལྷག་པར་སྒྲོ་བཏགས་པའི་རང་བཞིན་སྣང་བ་ནི་རྣམ་པར་རྟོག་པ་དང་བཅས་པར་འགྱུར་ཏེ། སྤྱིའི་རྣམ་པར་རྟོག་པ་གཞན་བཞིན་ནོ། །

འོན་ཏེ་དེར་བློའི་རང་བཞིན་ཉིད་རགས་པ། ལིང་ལིང་པོ་གཅིག་གི་རྣམ་པར་མངོན་དུ་བྱས་པར་སྣང་བ་དེས་ན་རྟོག་པ་མེད་པ་ཉིད་དོ་ཞེ་ན། ད་ནི་རྟོག་པ་དང་བཅས་པ་ཉིད་ཆད་པར་འགྱུར་ཏེ། རྟོག་པའི་ཤེས་པ་ཐམས་ཅད་ལ་བློའི་རང་བཞིན་ཉིད་སྣང་བའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ། ད་ལྟའི་སྐྱེ་བོ་ལ་ལྟོས་ནས། །

གནོད་བྱེད་ཤེས་པ་མེད་པའི་ཕྱིར། །མ་འཁྲུལ་པར་བཤད་དོན་དམ་དུ། །དམིགས་པ་ཐམས་ཅད་འཁྲུལ་པ་ཉིད། །ད་ལྟར་གྱི་སྐྱེ་བོ་རྟོགས་པའི་སྣང་བ་མ་ཤེས་པ་རྣམས་ལ་འདི་མ་འཁྲུལ་པ་ཉིད་དུ་སྣང་བས། དེ་ལ་ལྟོས་ནས་མ་འཁྲུལ་པ་ཡིན་ནོ་ཞེས་དེ་སྐད་བཤད་པར་ཟད་ཀྱི། དོན་དམ་པར་ནི་དམིགས་

เล่ม ๑๗๘ · หน้า 259a

པ་ཐམས་ཅད་ལ་འཁྲུལ་པ་ཁོ་ནའོ། །གང་གི་ཕྱིར་མངོན་དུ་བྱེད་པའི་རང་བཞིན་གྱིས། །འཛིན་པ་ལ་ནི་མངོན་ཕྱོགས་པའི། །མངོན་སུམ་ལ་ནི་དེ་སྐད་དུ། །རྣམ་རྟོག་བཅས་པ་དེ་མི་བརྗོད། །མངོན་དུ་བྱེད་པ་ནི་རྟོག་པ་དང་བཅས་པ་མ་ཡིན་ཏེ། རྟོགས་པས་ནི་སྔ་མ་དང་ཕྱི་མར་

མཐོང་བའི་དོན་ལྷག་པར་ཞེན་པའི་ཕྱིར་རོ། །མངོན་སུམ་དུ་བྱེད་པ་ཉིད་ནི་ལྷག་པར་ཞེན་པ་ཞེས་བརྗོད་པ་མ་ཡིན་ཏེ། དེ་ཉིད་ནི་དེ་ལས་བཟློག་པ་ལ་གྲགས་པའི་ཕྱིར་རོ། །འོ་ན་དེ་ལྟ་ན་ནི་སྤྱིའི་སྤྱོད་ཡུལ་མེད་པར་འགྱུར་ཏེ། དེ་ནི་འཇིག་རྟེན་གྱི་གྲགས་པས་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་དག་ནི་སྐྱེ་

མཆེད་ཀྱི་རང་གི་མཚན་ཉིད་ལ་ལྟོས་ནས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བཤད་དོ་ཞེ་ན། དེ་ཡང་མི་བདེན་ཏེ། རྣམ་དབྱེ་འདི་ནི་དོན་དམ་ལ། །དགོངས་ནས་སྔོན་གྱི་སློབ་དཔོན་གྱིས། །བཏགས་ཡིན་དེ་ཡི་ཕྱིར་ན་སྤྱི། །སྤྱོད་ཡུལ་ཡིན་པར་འགལ་བ་མེད། །

དེ་ལྟར་གཟུང་བའི་རྡུལ་ཕྲ་རབ་ཉིད་སྤྱི་ཡིན་ནོ། །གང་ཡང་ཐམས་ཅད་རྟོག་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། ཚད་མས་རྟོགས་པ་ཡིན་པའི་ཕྱིར། །འདི་ནི་འདོད་པ་ཉིད་འོངས་སོ། །གཞན་ལ་གྲགས་པ་ལ་བརྟེན་ནས། །བསྟན་བཅོས་མཛད་པས་རྣམ་དབྱེ་གསུངས། །སྤྱོད་པ་ལ་

སོགས་པ་གཞན་ལ་རབ་ཏུ་གྲགས་པ་ལ་བརྟེན་ནས་རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྟོག་པ་ཉིད་དུ་བསྟན་གྱི། མངོན་དུ་བྱེད་པ་ལ་ནི་དེ་མེད་པའི་ཕྱིར་ན་རྣམ་པར་རྟོག་པ་ཅན་དང་། ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི་བསྟན་བཅོས་མཛད་པ་དག་གིས་མཛད་པ་ཡིན་ནོ། །གལ་ཏེ་སྐྱེ་མཆེད་གཅིག་ཡིན་ཡང་། །ཅིག་ཅར་དུ་

མར་འཛིན་པ་ཡིན། །དེ་ཡི་ཕྱིར་ན་སྔར་བཟུང་དོན། །སྒྲོ་འདོགས་ཕྱིར་ན་རྟོག་བཅས་ཡིན། །རྡུལ་ཕྲ་རབ་དུ་མ་ཅིག་ཅར་འཛིན་ན་ནི་སྔར་བཟུང་བ་སྒྲོ་འདོགས་པ་མ་ཡིན་པའི་ཕྱིར། རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པ་དང་བཅས་པར་མི་འགྱུར་བ་ཡིན་ན། རིམ་གྱིས་འཛིན་པ་ལ་ནི་བཟློག་པར་དཀའོ། །

ཤེས་པ་གཅིག་གིས་ནི་དུས་གཅིག་ཏུ་དུ་མ་འཛིན་པར་ནུས་པ་མ་ཡིན་ཏེ། གཅིག་ལ་ཡིད་འབྲེལ་བར་གྱུར་པ་ན་གཞན་ལ་དེ་ཉིད་ཀྱི་ཚེ་བྱེད་པར་མི་རིགས་པའི་ཕྱིར་རོ། །ཡང་ན་ནི་དུས་གཅིག་ཏུ་བཟུང་བའི་ཕྱིར་ཡན་ལག་ཅན་གྱི་རྫས་གཅིག་ཁས་བླང་བར་བྱའོ་ཞེ་ན། དུ་མ་གཅིག་གིས་མི་འཛིན་པའམ། དེ་གཅིག་པ་

เล่ม ๑๗๘ · หน้า 259b

ཡང་གང་ལས་ཡིན། །ཏིལ་སོགས་ཐ་དད་ལ་ཇི་ལྟར། །ཅིག་ཅར་འཛིན་པར་སྣང་བ་ཡིན། །གལ་ཏེ་རྡུལ་ཕྲ་རབ་དག་ཅིག་ཅར་འཛིན་པ་མ་ཡིན་ན། དེ་ལྟ་ན་ནི་སྔ་མ་སྒྲོ་འདོགས་པའི་ཕྱིར་ཁོ་བོ་ཅག་རྣམ་པར་རྟོག་པ་དང་བཅས་པར་འདོད་པ་ཉིད་དོ། །འོན་ཏེ་མཐོང་བ་ཡིན་ན་དེ་ལྟ་ན་ནི་མངོན་དུ་བྱེད་པ་ཡིན་པའི་ཕྱིར་རྣམ་པར་རྟོག་

པ་མེད་པ་ཉིད་གྲུབ་བོ། །གཞན་ཡང་རུང་བའི་ཡུལ་ན་གནས་པ་དུ་མ་གཅིག་གིས་དུས་གཅིག་ཏུ་མི་འཛིན་པ་འདི་ཅིས་གྲུབ། ཡིད་གཅིག་ཡིན་པའི་ཕྱིར་རོ་ཞེ་ན། ཡིད་ནི་རྣམ་པར་ཤེས་པའི་ཅིག་ཅར་སྐྱེད་པ་འགལ་བར་མ་གྲུབ་པའི་ཕྱིར་ཏེ། ཡིད་ཉིད་ནི་ཡིད་ལ་བྱེད་པ་ཙམ་ཡིན་པར་གྲགས་པའི་ཕྱིར་རོ། །གཞན་

ཡང་ཕན་ཚུན་མ་འདྲེས་པའི་ཏིལ་དང་། འབྲས་དང་། དབྱིག་པ་དང་། རིལ་བ་དང་། སྣོད་དང་། རྣ་རྒྱན་ལ་སོགས་པ་དག་ལ་ཅིག་ཅར་འཛིན་པའི་ཤེས་པ་ཉིད་ནི་རྟོགས་པ་ཉིད་དོ། །མྱུར་བའི་ཕྱིར་འཛིན་པ་ཅིག་ཅར་བར་མངོན་པ་ཡིན་ནོ་ཞེ་ན། མི་བདེན་ཏེ། འདི་ལྟར། འདི་ལ་མགྱོགས་པ་བཤད་ཟིན་ཏོ། །རིམ་

བཞིན་འབྱུང་བ་དེ་ཉིད་ལ། །ཇི་ལྟར་རིམ་མིན་འཛིན་མི་འགྱུར། །བློ་རྣམས་དག་ནི་ཐམས་ཅད་ཀྱང་། །དུས་མཚུངས་ཇི་ལྟར་དེ་དག་ལ། །འགའ་ཞིག་རིམ་བཞིན་སྣང་བ་དང་། །གཞན་ནི་རིམ་ལྡན་སྣང་བར་འགྱུར། །དེའི་ཕྱིར་དོན་ཀུན་འཛིན་པ་ལ། །འདི་ནི་རིམ་མིན་ཐལ་བར་འགྱུར། །མགྱོགས་པའི་

ཕྱིར་ནི་ཅིག་ཅར་འཛིན་པར་མི་འཐད་དེ། བཤད་ཟིན་པའི་ཕྱིར་ན་མགྱོགས་པ་མེད་པའི་ཕྱིར་རོ། །མགྱོགས་པའི་ཕྱིར་ཅིག་ཅར་མ་བཟུང་ཡང་ཅིག་ཅར་གཟུང་བར་མངོན་པར་རློམ་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན། ཨུཏྤལའི་འདབ་མ་བརྒྱ་ཕིགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དཔེ་ཙམ་གྱིས་དོན་མི་འགྲུབ་

པའི་ཕྱིར་རོ། །གཅིག་ལ་གྲུབ་པས་གཞན་དུ་ཡང་དེ་ལྟར་འགྱུར་བ་ནི་མ་ཡིན་ནོ། །བླ་འོག་གི་རིམ་པ་དང་བཅས་པའི་འདབ་མ་བརྒྱ་པོ་དག་ཕིགས་པ་ནི་དུས་གཅིག་ཏུ་ཕིགས་པར་མི་སྲིད་པའི་ཕྱིར། རྗེས་སུ་དཔག་པས་རིམ་པ་གྲུབ་པ་ཡིན་ནོ། །དེ་ལྟར་རྟོག་ན་ནི་ཧ་ཅང་ཐལ་བར་འགྱུར་བ་བཟློག་པར་ནུས་པ་ཡང་

མ་ཡིན་ནོ། །དེའི་ཕྱིར་གནོད་པར་བྱེད་པ་མེད་པས་འཁྲུལ་པར་མི་འགྲུབ་བོ། །གལ་ཏེ་མགྱོགས་པའི་ཕྱིར་ཅིག་ཅར་འཛིན་པར་རློམ་པ་ཡིན་ན། རིམ་གྱིས་འབབ་པ་དེ་དག་ཉིད་ལ་དེ་ལྟར་ཅི་སྟེ་མི་འགྱུར། མགྱོགས་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་ཡང་དེ་ཡོད་དོ་ཞེས་བྱ་བ་འདི་ག་ལས་ཅིག་ཅར་འཛིན་པར་རློམ་པའི་ཕྱིར་རོ་

เล่ม ๑๗๘ · หน้า 260a

ཞེ་ན། དེ་ཉིད་ཀྱང་ག་ལས་ཡིན་ཏེ། ཕན་ཚུན་བརྟེན་པར་འགྱུར་བའི་ཕྱིར་རོ། །ཇི་སྲིད་དུ་ཅིག་ཅར་འཛིན་པ་འཁྲུལ་པར་མ་གྲུབ་པ་དེ་སྲིད་དུ་ནི་མགྱོགས་པར་མི་འགྲུབ་ལ། ཇི་སྲིད་དུ་དེ་མ་གྲུབ་པ་དེ་སྲིད་དུ་ཡང་འཁྲུལ་པ་ཉིད་དུ་མི་འགྲུབ་བོ། །གཞན་ཡང་། སྐད་ཅིག་ཉིད་ཀྱིས་བློ་རྣམས་ནི། །

ཐམས་ཅད་དུས་མཚུངས་པ་ཉིད་ཡིན། །དེས་ན་བློ་རྣམས་ཐམས་ཅད་ནི། །རིམ་མ་ཡིན་པར་སྣང་བར་འགྱུར། །གཞལ་བྱ་སྣང་བ་ནི་བློ་ཡོངས་སུ་འགྱུར་བའི་དུས་ཡིན་པ་དེས་ན་གཞལ་བྱ་ཐམས་ཅད་ཀྱང་རིམ་མ་ཡིན་པར་སྣང་བར་འགྱུར་རོ། །དེའི་ཕྱིར་ཅིག་ཅར་སྣང་བ་མྱུར་བས་བྱས་པ་ནི་མ་ཡིན་གྱི། འོན་ཀྱང་དེ་

ཁོ་ན་ལྟར་ཡིན་པའི་ཕྱིར་རོ། །དེ་ལ་རྒྱུ་མ་ཚང་བས་ཅིག་ཅར་སྣང་བ་མེད་པ་དེར་ནི་ཟློག་པ་ཡིན་ནོ་ཞེས་རྣམ་པར་གནས་སོ། །རིམ་གྱིས་འཛིན་ན་རྟོག་མེད་ཀྱི། །སྣང་བ་ཉིད་ནི་མེད་པར་འགྱུར། །རྟོག་མེད་ཉིད་ནི་མེད་འགྱུར་ན། །གསལ་བར་སྣང་བ་སྲིད་མི་འགྱུར། །སྔོན་གྱི་མཐོང་བ་སྒྲོ་བཏགས་པ། །གསལ་བར་

སྣང་བར་ཇི་ལྟར་འགྱུར། །ཤིན་ཏུ་གོམས་པར་འགྱུར་བ་ལས། །དེ་ནི་རྟོག་པ་མེད་པ་ཉིད། །འདི་ལྟར་རྣལ་འབྱོར་པ་རྣམས་ཀྱི། །ཤེས་པ་རྟོགས་མེད་དེ་བཞིན་ཉིད། །དེ་ལྟ་ཡིན་དང་། སྔོན་གྱི་རང་བཞིན་འཛིན་པ་མེད་པའི་ཕྱིར། །ཅིག་ཅར་སྣང་བ་ཁོ་ནའོ། །ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། །དུ་མའང་ཇི་ལྟར་

སྣང་བར་འགྱུར། །གལ་ཏེ་སྣ་ཚོགས་དེ་གཅིག་ན། །དེ་བས་ཆེས་འདི་ངོ་མཚར་ཆེ། །གལ་ཏེ་ཡིད་གཅིག་ལ་འཇུག་པའི་ཕྱིར། ཅིག་ཅར་དུ་མ་མི་འཛིན་ན། །དེའི་ཕྱིར་ཕྱེ་མ་ལེབ་ཁྲ་བོའི་གཟུགས་མི་འཛིན་པའི་ཕྱིར་ཡན་ལག་ཅན་གཅིག་ཁོ་ནའོ་ཞེས་ཁས་བླང་ངོ་། །དེ་ཁས་བླང་ན་ནི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པའི་བཀྲ་

བའི་མཚར་བ་དེ་བས་ཀྱང་ཆེས་མཚར་རོ། །འདི་ལྟར། སྣ་ཚོགས་གཅིག་པའི་རང་བཞིན་མིན། །དཔེར་ན་ནོར་བུའི་གཟུགས་དེ་བཞིན། །སྣ་ཚོགས་པ་ཞེས་བྱ་བ་ནི་དངོས་པོའི་བདག་ཉིད་ཕན་ཚུན་མ་འདྲེས་པ་ལ་ཐ་སྙད་དུ་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྣ་ཚོགས་པའི་དོན་ཅི་ཞིག་ཡོད། དེས་ན་གཟུགས་སྣ་ཚོགས་པའི་

རིན་པོ་ཆེའི་ཚོགས་བཞིན་དུ་ཕྱེ་མ་ལེབ་ཁྲ་བོ་གཅིག་གི་བདག་ཉིད་དུ་ག་ལ་འགྱུར། ཅི་སྟེ་རྣམ་པར་དབྱེ་བ་དང་ལྡན་པའི་ཕྱིར་ནོར་བུ་རྣམས་ནི་ཐ་དད་པ་ཡིན་གྱི། ཕྱེ་མ་ལེབ་ལ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་རྣམ་པར་དབྱེ་བ་ཡོད་པའི་ཕྱིར་རོ། །ཕན་ཚུན་ཐ་དད་པར་སྣང་བ་ཉིད་རྣམ་པར་དབྱེ་བ་ཡིན་ནོ། །ཅི་སྟེ་རྣམ་

เล่ม ๑๗๘ · หน้า 260b

པར་དབྱེ་བ་ཡོད་ཀྱང་གཅིག་ཡིན་ན་དེ་ལྟ་ན་ནི་རིན་པོ་ཆེའི་ཕུང་པོ་ཡང་འགྱུར་རོ། །དེ་ལ་ནི་མ་འབྱར་བ་ཞེས་བྱ་བའི་རྣམ་པར་དབྱེ་བ་གཞན་ཡོད་པ་ཡིན་ནོ། །དེས་ན་སྣ་ཚོགས་ཀྱང་མ་འབྱར་བ་མེད་པ་ནི་གཅིག་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། མ་འབྱར་བ་ནི་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །འདི་ལྟར་བཅད་དང་ཕུག་སོགས་ཀྱི། །

འདྲེས་མེད་པ་ནི་ཀུན་ལ་ཡོད། །དེ་ཡི་ཚེ་ན་རྫས་ཞིག་ཅེས། །བྱ་བ་འདི་ཡང་ཀུན་ལ་སྲིད། །གལ་ཏེ་ནོར་བུའི་ཚོགས་ལ་མ་འདྲེས་པ་ཞེས་བྱ་བའི་རྣམ་པར་དབྱེ་བ་སྲིད་པས་དེར་ཡན་ལག་ཅན་གཅིག་ཡོད་པ་མ་ཡིན་ན། ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ཅི་སྟེ་དེ་ལྟ་ན་མ་ཡིན། དེ་ལ་ནི་བཅད་པ་ལ་སོགས་པའི་སྒོ་ནས་འབར་

བས་ཕྱེ་ན་རྣམ་པར་དབྱེ་བ་སྐྱེས་པས་ཡན་ལག་ཅན་ཞིག་པ་དེའི་ཕྱིར་མ་འདྲེས་པར་འགྱུར་བས་ཉེས་པ་མེད་དོ་ཞེ་ན། ནོར་བུའི་ཚོགས་ལ་ཡང་དེ་ལྟར་བརྟག་པའི་ཕྱིར་མཚུངས་པར་ཐལ་ལོ། །གལ་ཏེ་སྔོན་པོ་ལ་སོགས་པ་ཕན་ཚུན་སྤངས་པར་དམིགས་ཀྱང་དེའི་རེག་པ་རང་བཞིན་གཅིག་པའི་ཕྱིར་དང་། ཕན་ཚུན་ཡོངས་སུ་ཆད་

པ་མ་ཡིན་པའི་ཕྱིར་ཡན་ལག་རྣམས་ལ་ཡན་ལག་ཅན་ཉིད་ཡོད་དོ་ཞེ་ན། དེ་ཡང་མི་འཐད་དེ། འདི་ལྟར། སྔོ་སོགས་རྣམ་པར་དབྱེ་བ་ནི། །རས་བཀྲ་ལ་སོགས་དག་ལའང་མཚུངས། །སྔོན་པོ་ལ་སོགས་པའི་རྣམ་པར་དབྱེ་བའི་རིགས་མི་འདྲ་བ་རྣམ་པར་དབྱེ་བ་མེད་པའི་རེག་པ་ལ་སོགས་པ་དང་ལྷན་ཅིག་ཏུ་རྒྱུ་བ་

ནི་སྐུད་པ་འདུས་པའི་རང་བཞིན་གྱི་སྣམ་བུ་ཁྲ་བོ་དང་། བཅོས་མའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་ཡང་མཚུངས་པ་ཉིད་དོ། །དེའི་ཕྱིར་གཅིག་ལ་ནི་ཡན་ལག་ཅན་ཡིན་ལ་གཞན་ལ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ག་ལས་ཡིན། གལ་ཏེ་དེ་ལ་ཡན་ལག་གཟུགས། །འབའ་ཞིག་དེ་ལྟར་མཐོང་ཞེ་

ན། །གལ་ཏེ་སྔོ་སོགས་སྤངས་པ་ཡི། །ཁྲ་བོ་གཞན་མཐོང་ངོ་མཚར་ཆེ། །གལ་ཏེ་སྣམ་བུ་ཁྲ་བོ་ལ་སོགས་པ་བཅོས་བུ་དག་ལ་ཡན་ལག་ནི་གཟུགས་ཉིད་གཅིག་ཏུ་མངོན་པར་ཞེན་པར་དེ་ལྟར་དམིགས་པ་ཡིན་ན། དེའི་ཚེ་སྔོན་པོ་ལ་སོགས་པ་རྣམ་པར་དབྱེ་བའི་རང་བཞིན་དུ་གནས་པ་ལས་མ་གཏོགས་པའི་ཁྲ་

བོ་གཞན་ནི་བཅོས་མ་མ་ཡིན་པ་དག་ལ་ཡང་མེད་པ་ཁོ་ནའོ། །དེ་ལ་ནི་གཅིག་ཏུ་མངོན་པར་ཞེན་པ་ཉིད་སྐྱབས་སུ་གྱུར་པ་ཉིད་ཡིན་ན། དེ་ནི་ཡན་ལག་ཅན་མེད་ཀྱང་བཅོས་མ་དག་ལ་ཡོད་པ་ཡིན་ནོ། །དེས་ན་རེ་བ་དེ་ཡང་མེད་པ་ཉིད་པས་ཁྲ་བོ་ཡན་ལག་ཅན་གྱི་གཟུགས་ཉིད་དུ་ནི་རིགས་པ་མ་ཡིན་ཏེ། མངོན་སུམ་དང་རྗེས་

เล่ม ๑๗๘ · หน้า 261a

སུ་དཔག་པས་མ་གྲུབ་པའི་ཕྱིར་རོ། །གཅིག་དྲངས་ན་གཞན་འོང་བ་ནི་ཁབ་ལོང་དང་། ལྕགས་ལ་སོགས་པ་དག་ལ་ཡང་མཐོང་བ་ཉིད་ཡིན་པས། དུ་མ་ཅིག་ཅར་དམིགས་སོ་ཞེས་ནི་དེར་ཡང་གྲུབ་པ་ཡིན་ནོ། །འོན་ཏེ་བཅོས་མ་ལ་ནི་སྔོན་པོ་ལ་སོགས་པའི་དམིགས་པ་རིམ་གྱིས་འགྱུར་བ་

ཡིན་ལ། དེ་ལས་གཞན་ལ་ནི་ཅིག་ཅར་རོ་ཞེས་བྱ་བའི་བྱེ་བྲག་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། དུས་དང་དོན་གྱི་རྣམ་པ་ནི། །མཚུངས་པར་རྟོགས་པའི་བློ་དག་ལས། །གཅིག་ནི་རིམ་ལྡན་དོན་མང་དང་། །གཅིག་ནི་རིམ་མིན་དོན་གཅིག་ཅེས། །དུས་དང་དོན་གྱི་རྣམ་པ་མཚུངས་པ་ཡིན་ཡང་། བཅོས་མ་དང་

བཅོས་མ་མ་ཡིན་པར་མངོན་པར་འདོད་པའི་ཁྲ་བོ་དག་གི་བློ་ལས་བློ་གཅིག་ནི་རིམ་པ་དང་བཅས་པ་དང་། དོན་དུ་མ་སྣང་བ་ཅན་ཡིན་ལ། གཞན་ནི་རིམ་པ་ཅན་མི་ལྡན་པ་དང་། ཡན་ལག་ཅན་གཅིག་ཉིད་རང་གི་སྤྱོད་ཡུལ་དུ་ཀུན་དུ་སྤྱོད་པར་བྱེད་པ་ཞེས་བྱ་བ་འདི་ལ་གོ་རྒྱུ་ཅི་ཞིག་ཡོད། ཐམས་ཅད་མཚུངས་པ་ཉིད་དུ་རྟོགས་

པ་ནི་མི་མཐུན་པར་ཁས་བླང་བའི་ཡུལ་མ་ཡིན་ནོ། །གལ་ཏེ་བཅོས་མ་དང་བཅོས་མ་མ་ཡིན་པར་མངོན་པར་འདོད་པ་དག་དེ་ལྟར་ཁས་ལེན་ན་ནི་དེའི་ཚད་མ་མེད་པའི་ཁས་བླངས་པ་ཙམ་དེ་ལ་སྐྱོབ་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་རྒྱུ་ཚད་མ་འགའ་ཞིག་གི་དབང་གིས་གཅིག་དང་དུ་མའི་རྣམ་པར་དབྱེ་བ་འདི་ཉིད་ཡིན་ན་

དེའི་ཚེ་འདི་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ནི་མི་བདེན་ཏེ། འདི་ལྟར། བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །དོན་རྣམས་སྣ་ཚོགས་ངོ་བོ་ཉིད། །གལ་ཏེ་དེ་རྒྱུ་མིན་ཞེ་ན། །ཐ་དད་གཞག་འདི་གང་གིས་འགྲུབ། །གཅིག་དང་དུ་མའི་ངོ་བོར་སྣང་བ་ཅན་གྱི་བློ་ཉིད་དེའི་ངོ་བོ་རྣམ་པར་འཇོག་པ་ལ་ཚད་མ་ཡིན་ཏེ། ཚད་མ་གཞན་གྱི་

རྩོམ་པ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་རྩོམ་པ་གེགས་མེད་པར་དེ་ལྟར་རྣམ་པར་འཇོག་པའི་བློ་དེ་དག་ཀྱང་ཆོས་མཐུན་པ་ཙམ་གྱི་རྒྱུ་མཚན་གྱིས་ཉེ་བར་བཏགས་པའི་ཚད་མ་བློ་གཞན་གྱིས་སེལ་བར་བྱེད་ན་ཆོས་མཐུན་པ་འདི་གང་དུ་རྙེད་པར་མི་འགྱུར་ཏེ། དེས་ན་དངོས་པོ་རྣམ་པར་གཞག་པ་མེད་པའི་ཕྱིར་ཐམས་ཅད་འཆོལ་

བར་འགྱུར་རོ། །དེའི་ཕྱིར་སྣང་བ་གཞན་ལས་ནི། །འབྲེལ་པར་གྲུབ་པའི་བློ་དག་ལ། །སྣང་བ་དོན་མེད་ཅེས་བྱ་བར། །བརྗོད་པ་འཐད་པ་དང་ལྡན་ཡིན། །གལ་ཏེ་ཆོས་མཚུངས་ཙམ་ཉིད་ལས། །དངོས་པོ་རབ་ཏུ་འགྲུབ་འགྱུར་བ། །གང་ལ་དེ་མེད་དེ་ཡི་ཕྱིར། །ཐམས་ཅད་གྲུབ་པའམ་འགར་ཡང་མིན། །མངོན་

เล่ม ๑๗๘ · หน้า 261b

སུམ་གྱིས་འབྲེལ་པ་བཟུང་བ་ཅན་གྱི་རྗེས་སུ་དཔག་པ་ནི། །འགལ་ཟླ་དང་ལྡན་པར་འཛིན་པར་དེ་ལྟར་སྐྱེས་པའི་རྗེས་སུ་དཔག་པ་གཞན་ནམ་མངོན་སུམ་གཞན་གྱིས་སྤོང་བར་ནུས་པ་མ་ཡིན་ནོ། །ཚད་མ་ནི་ཚད་མས་སེལ་བར་བྱེད་པ་མ་ཡིན་ཏེ། སྟོབས་མཚུངས་པ་ཉིད་ཡིན་ན། ཇི་ལྟར་སེལ་བར་བྱེད། སེལ་བར་

བྱེད་པ་ལ་ཡང་སྟོབས་མི་མཚུངས་ན་ཡང་ཇི་ལྟར་ཚད་མ་ཡིན་འོན་ཏེ་རྗེས་སུ་དཔག་པས་གནོད་པ་གང་ཡིན་པ་དེ་ནི་ཚད་མ་ཉིད་མ་ཡིན་ནོ་ཞེ་ན། གང་ཞིག་མངོན་སུམ་དང་འགལ་བ་དེ་ནི་རྗེས་སུ་དཔག་པ་ཉིད་མ་ཡིན་ནོ་ཞེས་མཚུངས་པར་ཐལ་བར་འགྱུར་རོ། །འོན་ཏེ་སྣང་བ་ནི་ཅི་ཞིག་ལྟར་རྒྱུ་ལས་ཉེས་པ་དང་བཅས་པར་འགྱུར་གྱི།

རྗེས་སུ་དཔག་པ་ནི་མ་ཡིན་ཏེ། དེས་ན་དེ་ཉིད་གནོད་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་ལེགས་པ་མ་ཡིན་ཏེ། །རྒྱུ་ཡི་ཉེས་པས་གཞལ་བྱའི་བློ། །གཞན་དུའང་སྲིད་ཅེས་རིགས་པར་ལྡན། །ངོ་བོ་ཉིད་ལ་རྒྱུ་ཡི་སྐྱོན། །བརྒྱ་ཕྲག་གིས་ཀྱང་ཇི་ལྟར་འཐད། །རིམ་པ་དང་ལྡན་པར་སྣང་བའི་རང་གི་ངོ་བོ་ནི་རྒྱུའི་ཉེས་

པས་རིམ་པ་མེད་པར་འགྱུར་རོ་ཞེས་བྱ་བར་མི་རིགས་སོ། །རང་བཞིན་གཅིག་ལ་ནི་དུ་མ་ཡོད་པ་མ་ཡིན་ཏེ། དེ་ལྟར་རྟོགས་པར་ཐལ་བའི་ཕྱིར་རོ། །གཅིག་མི་སྣང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོ་ཉིད་མེད་པར་ཐལ་བའི་ཕྱིར་རོ། །མི་སྣང་བ་སྣང་བ་ཡོད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །མི་སྣང་བ་སྣང་བའི་རང་

བཞིན་ཡིན་ནོ་ཞེས་བྱ་བ་ནི་འཐད་པར་དཀའོ། །འོན་ཏེ་དེ་ལ་རིམ་པ་ཉིད་སྣང་བ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ཏེ། ཅིག་ཤོས་ན་འཁྲུལ་པ་ཟད་དོ་ཞེ་ན་འཁྲུལ་པ་ཞེས་བྱ་བ་ཅི་ཞིག་ཅི་མི་སྣང་བ་ཡིན་ནམ། རྣམ་པ་གཞན་དུ་སྣང་བ་ཡིན། །གལ་ཏེ་མི་སྣང་འཁྲུལ་ཡིན་ན། །ཐམས་ཅད་ལ་འགྱུར་ལྡོག་པ་མེད། །

དེ་ལྟར་དེ་ཉིད་སྣང་ན་ནི། །ཇི་ལྟར་འཁྲུལ་པ་ཡིན་པར་བརྗོད། །གལ་ཏེ་ཐམས་ཅད་མི་སྣང་བ་འཁྲུལ་པ་ཡིན་ན། གཉིད་སྟུག་པོ་ལོག་པ་དང་རྡོལ་སོགས་པ་ཡང་འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་རིམ་མ་ཡིན་པ་མི་སྣང་བ་ཡིན་ན། དེ་ལྟ་ན་ནི་འོ་ན་ནི་རིམ་པ་ཉིད་ཉམས་པ་མེད་པར་སྣང་བ་ཡིན་ཏོ། །

དེས་ན་འཁྲུལ་པར་ཇི་ལྟར་འགྱུར། ཀ་བ་ལ་སོགས་པ་སྣང་བ་ཉིད་ནི་འཁྲུལ་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་གཞན་སྣང་འཁྲུལ་ཡིན་ན། །རང་དངོས་སྣང་བར་ཇི་ལྟར་འགྱུར། །རང་གི་ངོ་བོ་མི་སྣང་ཡང་། །དེ་མེད་པས་ན་ཇི་ལྟར་འཁྲུལ། །གལ་ཏེ་བརྗོད་པར་འདོད་པ་ལས་གཞན་སྣང་བ་ཉིད་འཁྲུལ་པ་ཡིན་

เล่ม ๑๗๘ · หน้า 262a

ན་དེའི་ཚེ་དེའི་རང་གི་ངོ་བོར་སྣང་བ་ཉིད་མེད་པས་ཇི་ལྟར་བློ་དེ་ཡོད་པ་ཡིན། གལ་ཏེ་མི་སྣང་ཡང་བློ་ཡོད་ན་ནི་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་བློ་ཐམས་ཅད་ཡོད་པ་དང་། འཁྲུལ་པར་ཡང་བརྗོད་པར་བྱའོ། །འོན་ཏེ་བློ་དེ་ནི་མེད་པ་ཉིད་དོ་ཞེ་ན། འོ་ན་དེ་ལྟ་ན་ནི་རིམ་པ་དང་ལྡན་པའི་བློ་ནི་མེད་པ་

ཁོ་ན་ཡིན་པ་དང་། རིམ་པ་མ་ཡིན་པ་གཞན་སྐྱེས་པ་ཡིན་པའི་ཕྱིར་ཇི་ལྟར་འཁྲུལ་པ་ཡིན། འོན་ཏེ་དེའི་གཞལ་བྱ་མེད་པའི་ཕྱིར་དེ་འཁྲུལ་པ་ཡིན་ནོ་ཞེ་ན། རིམ་མ་ཡིན་པ་ཏིལ་ལ་སོགས་པ་ལ་རིམ་མ་ཡིན་པ་ཉིད་ཀྱི་བློའི་གཞལ་བྱ་ཡོད་པ་ཡིན་ཏེ། གཞན་དུ་སྣང་བའི་ཕྱིར་ན་སླར་ལ་རིམ་པ་དང་ལྡན་པའི་གཞལ་

བྱ་ཉིད་མེད་པ་མ་ཡིན་ནམ། འོན་ཏེ་རིམ་པ་མ་ཡིན་པ་ནི་གཞལ་བྱ་ཉིད་མ་ཡིན་པ་དེས་ན་དེ་ལྟར་འགྱུར་བ་ཡིན་ནོ་ཞེ་ན། འོ་ན་ནི་རང་གི་ངོ་བོ་ལ་ཡང་རིམ་མ་ཡིན་པར་སྣང་བ་མེད་པ་དེས་ན་འཁྲུལ་པ་དང་མི་ལྡན་པར་འགྱུར་རོ། །འོན་ཏེ། གལ་ཏེ་བློ་ཡི་ངོ་བོ་ལ། །བློ་གཞན་འཛིན་པར་བྱེད་ཡིན་ན། །རིམ་གྱིས་འཛིན་

པའི་ངོ་བོ་ནི། །ཇི་ལྟར་རིམ་མི་སྣང་བར་འགྱུར། །གལ་ཏེ་རིམ་པ་དང་ལྡན་པའི་བློ་བློ་གཞན་གྱིས་འཛིན་ན་ནོར་བུ་དང་མུ་ཏིག་ལ་སོགས་པའི་གཞལ་བྱ་རིམ་མ་ཡིན་པར་སྣང་བར་མི་འགྱུར་ཏེ། དེ་འཛིན་པའི་བློ་རིམ་གྱིས་འཇུག་པའི་ཕྱིར་དང་། བློ་འཛིན་པར་བྱེད་པ་ཡང་གཞལ་བྱ་ལ་མི་འཇུག་པའི་ཕྱིར་རོ། །རིམ་

མ་ཡིན་པར་སྣང་བ་ནི་མེད་དོ། །གལ་ཏེ་འཁྲུལ་པས་དེ་སྣང་ན། །དེ་ཉིད་འཁྲུལ་མེད་ཡིན་པར་ཐལ། །དེ་ཡི་གཞལ་བྱ་འཛིན་པ་ནི། །དེ་ལྟར་ཡིན་པ་གང་གིས་བཟློག །གལ་ཏེ་རིམ་པར་སྣང་བ་ཅན་གྱི་བློ་སྐྱེ་བ་ཡིན་ན། བློའི་བློ་ཡང་དེ་ལྟར་འགྱུར་དགོས་སོ། །འཁྲུལ་པས་དུས་གཅིག་ཏུ་འཛིན་པ་ཡིན་ནོ་

ཞེ་ན། གཅིག་གིས་ཅིག་ཅར་དུ་མ་བཟུང་བར་ཐལ་ལོ། །སྔ་མ་དང་ཕྱི་མའི་འཛིན་པ་དག་གིས་ནི་གཅིག་ཉིད་མ་ཡིན་ཏེ། རྟོག་པ་མེད་པའི་ཕྱིར་རོ། །བློ་ཕྱི་མས་གཅིག་གིས་རྟོགས་པ་ཡིན་ནོ་ཞེ་ན། རིམ་པ་དང་ལྡན་པ་དེ་ཡང་གཅིག་ཏུ་རྟོགས་པར་ཅི་ལྟར་འགྱུར་ཏེ། འཛིན་པའི་དུས་ནི་འཛིན་པར་བྱེད་པའི་དུས་

ལས་འདས་པ་མ་ཡིན་ནོ། །འོན་ཏེ་འདི་ནི་རིམ་མེད་པ་ཉིད་དོ་ཞེ་ན། དེ་ལྟ་ཡིན་ན་གཅིག་གིས་དུ་མ་འཛིན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འདི་འཁྲུལ་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དུ་མའི་ངོ་བོར་སྣང་བ་ཡང་མི་ལྡོག་པ་ཉིད་དོ། །སྣ་ཚོགས་པ་ནི་བློ་གཅིག་ཉིད་ཡིན་ནོ་ཞེ་ན། ནོར་བུ་དང་མུ་ཏིག་ལ་སོགས་པ་ཅི་

เล่ม ๑๗๘ · หน้า 262b

སྟེ་མ་ཡིན། གལ་ཏེ་སྔོན་པོ་ལ་སོགས་པའི་གཞལ་བྱའི་ངོ་བོར་སྣང་ཡང་བློའི་ངོ་བོ་ཉིད་ཡིན་ན། གཞལ་བྱ་ཐམས་ཅད་དེ་ལྟ་བུ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་འཁྲུལ་པ་ལ་ཡང་དུ་མ་ཅིག་ཅར་སྣང་བར་ནི་མི་རིགས་སོ། །དེས་ན་ཅིག་ཅར་རམ་གཞན་དུ་ཡང་རུང་སྟེ། གང་ཞིག་ཇི་ལྟར་ཉམས་སུ་མྱོང་བ་དེ་ནི་དེ་ཁོ་ན་

ལྟར་ཁས་བླངས་པར་བྱས་ཏེ། དེ་ཁོ་ན་ལྟར་དཔྱད་ཟིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཞལ་བྱ་གཞག་པ་མེད་པར་འགྱུར་རོ། །གལ་ཏེ་རི་མོ་ལ་སོགས་པ་དག་ལ་སྣ་ཚོགས་བློ་རྟོགས་པ་ཡིན་ན་ཇི་ལྟར་གཅིག་ཏུ་མི་རིགས། ནོར་བུ་དང་མུ་ཏིག་ལ་སོགས་པ་དག་ལ་ནི་སྣ་ཚོགས་པ་གཅིག་གི་བློ་མེད་དེ། རྣམ་པར་

དབྱེ་བ་འདི་ནི་བློའི་རྣམ་པར་དབྱེ་བ་ཉིད་ལས་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་གི་གཞུང་དང་འགལ་བའི་ཕྱིར་རོ། །འདི་ལྟར། རིགས་མི་མཐུན་རྣམས་རྩོམ་མེད་ཕྱིར། །རིས་སོགས་སྣ་ཚོགས་བློ་ཡོད་མིན། །གཟུགས་མེད་ཕྱིར་ལྡན་སྣ་ཚོགས་མིན། །ཉེ་བར་བཏགས་ལ་བརྟེན་པའང་མིན། །གལ་ཏེ་བློའི་

རྗེས་སུ་འབྲང་ན་རིགས་མི་མཐུན་པ་རྣམས་རྩོམ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཞུང་དོར་དགོས་སོ། །སྣམ་བུ་ལ་སོགས་པའི་ངོ་བོ་ནི་རིགས་མི་མཐུན་པའི་སྣལ་མའི་ལྡན་པ་ལས་སྐྱེས་པ་ཡིན་གྱི་ཡན་ལག་ཅན་སྣ་ཚོགས་པ་ཉིད་ནི་མ་ཡིན་ནོ། །ཅི་སྟེ་དེ་ནི་བློ་འཁྲུལ་ཡིན། །དེ་ཚེའང་ཅིག་ཅར་འཛིན་པ་ཡོད། །བདེན་

མིན་རང་བཞིན་འཛིན་ན་ནི། །ཅི་སྟེ་བདེན་དངོས་འཛིན་མ་ཡིན། །བློ་འཁྲུལ་པ་འཇུག་པ་ཡིན་ཡང་དུ་མ་ཅིག་ཅར་འཛིན་པར་འཇུག་པ་ཉིད་དོ། །མདུན་ན་གནས་པར་སྣང་བ་ལ་བདེན་པ་དང་མི་བདེན་པའི་རྣམ་པར་དབྱེ་བ་ཅི་ཡོད་འོན་ཏེ་རང་བཞིན་དེ་ནི་བློ་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། བདེན་མིན་རང་བཞིན་དེ་ཇི་ལྟར། །བདེན་

པ་བློ་ཡི་བདག་ཉིད་ཡིན། །གཅིག་ཉིད་ཡིན་ན་རྣམ་དབྱེ་འདི། །མི་བདེན་ཡང་ན་གཅིག་མ་ཡིན། །དེ་ལྟ་ན་ནི། བློ་ཡི་བདག་ཉིད་དེ་ཡི་ངོ་བོར་བདེན་འགྱུར་བ། །ཕྱི་རོལ་རང་བཞིན་སེར་སོགས་དག་ནི་བདེན་མིན་ན། །དེ་ལ་གལ་ཏེ་མནོག་མེད་དེ་ཡི་རང་བཞིན་མེད། །དེ་ལ་དེ་མེད་རྟོགས་འདི་རིགས་པས་འཐད་མ་ཡིན། །

ཅི་སྟེ་བདག་ཉིད་ཀྱི་ངོ་བོ་ནི་དུ་མ་ལ་ཡང་བློ་གཅིག་འཇུག་པ་ཡིན་ཏེ། དེ་ལ་འབད་པ་མེད་པའི་ཕྱིར་རོ། །གཞན་གྱི་ངོ་བོ་ལ་ནི་འགྲོ་བ་ལ་སོགས་པའི་མཚན་ཉིད་ཀྱི་བློ་འབད་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། དེས་ན་ཡུལ་ལ་སོགས་པ་འགལ་བ་དག་ཏུ་ཅིག་ཅར་འགྲོ་བ་མི་སྲིད་པའི་ཕྱིར་རྣམ་པ་གཅིག་ཏུ་འཛིན་པ་མི་སྲིད་དོ་

เล่ม ๑๗๘ · หน้า 263a

ཞེ་ན། གལ་ཏེ་ཡིད་སོང་ནས་འཛིན་པ་མེད་པ་ཡིན་ན་འོ་ན་ནི་ལྗོན་པའི་རྩེ་མོ་དང་། ཟླ་བ་དུས་གཅིག་ཏུ་འཛིན་པ་མི་སྲིད་པར་འགྱུར་རོ། །མགྱོགས་པར་འཇུག་པའི་ཕྱིར་ཅིག་ཅར་འཛིན་པར་མངོན་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཤིན་ཏུ་ཐག་རིང་བ་ལ་མགྱོགས་པ་ཉིད་མི་སྲིད་པའི་ཕྱིར་

རོ། །གཞན་ཡང་མིག་ལ་སོགས་པ་དག་ཕྲད་ནས་འཛིན་པར་བྱེད་དོ་ཞེས་བྱ་བ་འདི་ལ་ཚད་མ་ཅི་ཡོད་ཅེ་ན། ཕ་རོལ་པོ་དག་ན་རེ། དམིགས་པ་དང་མི་དམིགས་དག་ནི་མ་བསྒྲིབས་པ་དང་ཅིག་ཤོས་ལ་ལྟོས་པའི་ཕྱིར་དང་། རིང་བ་དང་ཅིག་ཤོས་ལ་ལྟོས་པའི་ཕྱིར་རོ། །གལ་ཏེ་མིག་དང་

རྣ་བ་དང་། ཡིད་དག་ནི་མ་ཕྲད་པའི་ཡུལ་ཅན་ནོ་ཞེས་ཇི་སྐད་བརྗོད་པ་བཞིན་དུ་མིག་ལ་སོགས་པ་ཕྲད་པར་འཛིན་པར་བྱེད་པ་ཡིན་ན། དེའི་ཚེ་སྒྲིབ་པ་ཡོད་པས་མི་དམིགས་པ་དང་གཞན་དུ་ནི་དམིགས་པ་ཞེས་བྱ་བར་མི་འགྱུར་ཏེ། སྒྲིབ་པ་དེ་ལ་ཉམས་པར་བྱེད་པའི་མཐུ་ནི་ཡོད་པ་མ་ཡིན་ནོ། །ཕྲད་ནས་

འཛིན་པ་ལ་ནི་ལུས་ཅན་གྱི་རྫས་ཐོགས་པ་ཡིན་པའི་ཕྱིར། ཉམས་པར་འཐད་པ་ཡིན་ལ། ཤིན་ཏུ་ཐག་རིང་པོར་ཡང་འགྲོ་བ་མེད་པའི་ཕྱིར་རོ་ཞེས་འཛེར་ཏོ། །དེ་ནི་མ་ཡིན་ཏེ། མ་ཕྲད་པར་འཛིན་པ་ཡིན་ཡང་ཡུལ་དུ་རུང་བ་ལ་ལྟོས་པའི་ཕྱིར་ཏོ། ཁབ་ལོང་བཞིན་ནོ། །ཁབ་ལོང་ནི་མ་ཕྲད་པར་འདྲེན་པ་ལ་

འཇུག་ཀྱང་ལྕགས་ཐམས་ཅད་ལེན་པར་ནུས་པ་ནི་མ་ཡིན་ནོ། །འོན་ཏེ་དེ་ལ་ཡང་ལྕགས་དང་རེག་པ་ཡོད་པ་ཉིད་ཕྲ་བའི་ཕྱིར་མ་འཕྲིགས་པ་ཡིན་ཏེ། དཔེར་ན་མིག་གི་འོད་ཟེར་གྱི་རེག་པ་བཞིན་ནོ་ཞེ་ན། འདི་ཉིད་གཞན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་ནམ། ཇི་ལྟར་དེ་ཉིད་སྒྲུབ་བྱེད་དུ་འགྱུར། དེའི་ཕྱིར།

འཆལ་པ་རྣམས་ཀྱི་ཤིན་ཏུ་ཡང་། །ཚེགས་ཆེན་པོས་ནི་བརྟགས་བྱས་འདི། །མཁས་པ་རྣམས་ཀྱིས་བཞད་གད་ཉིད། །འཇུག་འགྱུར་ཡང་དག་རིག་པ་མིན། །འོན་ཏེ་ཕྲད་པ་ལ་འདྲེན་པར་མཐོང་བའི་ཕྱིར། ཁབ་ལོང་གི་འདྲེན་པ་ལ་ཡང་དེ་ཡོད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔགས་ཀྱིས་ཀྱང་

འདྲེན་པར་མཐོང་བས་དེས་འགུགས་པ་ཡང་རེག་པར་ཐལ་བས་ཐལ་ཆེས་པར་འགྱུར་རོ། །དེར་ཡང་འགྱུར་བ་ཁོ་ནའོ་ཞེ་ན་མ་ཡིན་ཏེ། སྒྲ་ནི་ནམ་མཁའི་ཡོན་ཏན་ཡིན་པའི་ཕྱིར་རོ། །གལ་ཏེ་མ་ངེས་པར་བསྟན་པའི་ཕྱིར་ཡུལ་ལ་ཡང་ཆོས་དེ་ཉིད་སྦྱོར་ན་གང་ཡང་མ་ངེས་པར་མི་འགྱུར་རོ། །དེ་ནི་སྔོ་

เล่ม ๑๗๘ · หน้า 263b

བསངས་ཡིན་ཏེ་དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་བུ་དཀར་ཤམ་གྱི་འཕྲུལ་པར་བསྟན་པ་ན། དེ་ལ་ཡང་སྔོ་བསངས་ཡོད་པ་ཉིད་དོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །ཅི་སྟེ་མི་མཐོང་ཞེ་ན། མི་མཐོང་བའི་རྒྱུ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །གཞན་ཡང་གལ་ཏེ་མིག་གི་འོད་ཟེར་འཕྲོས་ནས་ཕྲད་པར་བྱེད་

པ་ཡིན་ན། ཅིའི་ཕྱིར་ཤིན་ཏུ་ཐག་རིང་པོར་མི་མཐོང་མར་མེའི་འོད་བཞིན་དུ་མཆོད་པ་ལ་ཡིན་པས་ཉེས་པ་མེད་དོ་ཞེ་ན། དེ་ལྟ་ན་ནི་འོད་ཤིན་ཏུ་ཉེ་བ་ལ་ཐལ་བར་འགྱུར་རོ། །མར་མེའི་འོད་ནི་ཤིན་ཏུ་ཉེ་བ་ལ་མི་འཇུག་པ་མ་ཡིན་ཏེ། དེས་ན་མིག་ལ་སོགས་པ་ལ་ནི་མར་མེ་ལས་ཆོས་གཞན་དང་ལྡན་པར་

ཁས་བླང་བར་བྱ་བ་དེ་ཉིད་འཛིན་པའི་རྒྱུ་ཡིན་གྱི། འོད་དང་ཕྲད་པ་ནི་མ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པ་ལ་འོད་ཟེར་ཡོད་ན་མུན་པར་ཡང་འཛིན་པར་ཐལ་ལོ། །འོན་ཏེ་གང་ལས་མགྱོགས་པར་འགྱུར་བ་དེ་ནི་ཡིད་ཀྱི་ནུས་པ་ཡིན་ནོ་ཞེ་ན། འོ་ན་ཅིག་ཅར་འཛིན་པ་ཉིད་སྐྱེད་ལ་རག་མོད། འབད་

པས་བརྟགས་པ་འདིས་ཅི་ཞིག་བྱ། དེ་ལྟ་བུའི་ཡིད་ནི་ཚད་མས་གྲུབ་པ་ཡང་མ་ཡིན་ནོ། །རྣམ་པར་ཤེས་པ་སྔ་མའི་ངོ་བོ་ཡིད་ལ་བྱེད་པ་ཉིད་ཀྱིས་དེའི་དོན་བྱེད་པ་ཡིན་ཏེ། དེ་ཡུལ་གཞན་ལ་རྩེ་གཏད་པས་ནུས་པ་ཉམས་པ་ན་གཞན་ལ་ཤེས་པ་མི་སྐྱེ་བའི་ཕྱིར། ཅིག་ཅར་རྣམ་པར་ཤེས་པ་མི་

སྐྱེ་བ་ཡིན་ནོ། །དེའི་ཕྱིར་རྟགས་དེ་ལས་ཡིད་རྟོགས་པ་མ་ཡིན་ཏེ། རྣམ་པ་གཞན་དུ་ཡང་འགྲུབ་པའི་ཕྱིར་རོ། །དེས་ན་དེ་རྣམས་བློ་ཅན་ལ། །འཛིན་བྱེད་ཡིན་ཞེས་རྗོད་བྱེད་ཀྱི། །སྐམ་པ་བཞིན་དུ་ཤེས་པ་ཡིས། །དོན་འཛིན་པར་ནི་མཐོང་བ་མེད། །དེ་ཕྱིར་རི་མོ་ལ་རྣམ་པ། །དུ་མ་ཅིག་ཅར་

འཛིན་པ་ནི། །འཁྲུལ་པ་མེད་པ་ཁོ་ནའོ། །ཅི་སྟེ་དེ་ལ་སྣ་ཚོགས་པ་ནི་ལྡན་པ་ཡིན་གྱི་ཡན་ལག་ཅན་གྱི་གཟུགས་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ལྡན་པ་ནི་ཡོན་ཏན་ཡིན་པའི་ཕྱིར། དེ་ལ་གཟུགས་ཀྱི་ཡོན་ཏན་འདུ་བ་མ་ཡིན་ནོ། །དེ་ལྟར་གྱུར་ན་ནི་ཡོན་ཏན་དང་ལྡན་པས་རྫས་ཉིད་དུ་འགྱུར་

རོ། །དེ་ལྟ་ན་ཡང་རིགས་མི་མཐུན་པས་མི་རྩོམ་པའི་ཕྱིར་རོ་ཞེས་བྱ་བའི་གཞུང་དང་འགལ་ལོ། །འོན་ཏེ་ཉེ་བར་བཏགས་པའི་སྒོ་ནས་ལྡན་པ་སྣ་ཚོགས་ཉིད་དོ་ཞེ་ན། དེ་ཡང་ལེགས་པ་མ་ཡིན་ཏེ། དཔེར་ན་མེ་ཏོག་རྒྱས་པའི་ནགས་ཞེས་བྱ་བའི་བློ་དོན་གཅིག་ལ་འདུ་བ་ལས་འགྱུར་བ་དེ་བཞིན་དུ་

เล่ม ๑๗๘ · หน้า 264a

འདི་ཡང་འགྱུར་ན། འདི་གཉིས་ནི་མི་མཚུངས་སོ། །མང་པོའི་གྲངས་ཉིད་ཀྱི་ནགས་གང་ཡིན་པ་ནི་གལ་ཏེ་མེ་ཏོག་རྒྱས་པ་ཉིད་ཡོད་པའི་ཤིང་དག་ལ་འདུ་བ་དེས་ན་དོན་གཅིག་ལ་འཕྲོད་པ་འདུ་བ་ཞེས་བྱ་བར་རིགས་ན་སྣ་ཚོགས་པ་ནི་འདིར་གང་ན་ལྡན་པ་ཡོད་པའི་ཡན་ལག་

ཅན་ཉིད་ལ་འདུ་བ་མ་ཡིན་ནོ་ཞེས་གང་འཆད་པ། རེ་རེ་སྣ་ཚོགས་མིན་ཕྱིར་རོ། །ཞེས་བྱ་བ་ཡིན་ནོ། །གང་དང་འདུ་བས་ལྡན་པ་ཡང་དེ་ལྟར་འགྱུར་བ་སྐུད་པ་ལ་སོགས་པ་རེ་རེ་ནི་སྣ་ཚོགས་པ་ཉིད་མ་ཡིན་ནོ། །འོན་ཏེ་ཇི་ལྟར་མེ་ལ་མེར་བཟུང་བ། ཆོས་མཐུན་པ་རྣོ་བ་ཉིད་བཟུང་བས་མེའི་བག་ཆགས་

སད་པར་གྱུར་པ་ནི། དེ་དྲན་པས་བྲམ་ཟེའི་ཁྱེའུ་ལ་ཡང་མེར་སྒྲོ་འདོགས་པར་བྱེད་པ་དེ་བཞིན་དུ། སྔོན་པོ་ལ་སོགས་པ་རིམ་གྱིས་བཟུང་བ་དག་ལས་གཅིག་བཟུང་བའི་དུས་སུ་བཟུང་བ་ལ་སྒྲོ་འདོགས་པར་བྱེད་པའི་ཕྱིར། སྣ་ཚོགས་པར་རྟོགས་པ་ཡིན་ནོ་ཞེ་ན་དེ་ནི་མི་འཐད་དེ་འདི་ལྟར། རིམ་

བཞིན་དུ་ནི་བཟུང་བ་ལ། །སྣ་ཚོགས་བློ་ཡིས་བསྲེས་མིན་ཏེ། །གཅིག་གིས་དུ་མ་མི་འཛིན་ཕྱིར། །དེ་ལ་ནི་རྣོ་བ་ཉིད་དུ་འདྲ་བའི་སྒྲོ་འདོགས་པའི་རྒྱུ་མཚན་ཡིན་ན་མཐོང་བའི་སྔོན་པོ་ལ་སོགས་པ་ལ་འདིར་སྒྲོ་ཇི་ལྟར་འདོགས། འོན་ཏེ་ཉེ་བས་སོ་ཞེ་ན་ཉེ་བར་འཛིན་པ་ནི་ཅིག་ཅར་འཛིན་པ་ཉིད་ལ་རིག་

པ་དང་ལྡན་གྱི་རིམ་གྱིས་འཛིན་ན་ནི་མ་ཡིན་ནོ། །ཡུལ་དེ་བཟུང་བའི་ཕྱིར་རོ་ཞེ་ན། ཡུལ་དེར་བཟུང་བ་ཡང་སྔ་མ་དང་ཕྱི་མ་དག་ལ་སྣ་ཚོགས་པར་བཟུང་བ་ནི་མེད་དོ། །སྒྲོ་བཏགས་པས་འགྱུར་བ་ཡིན་ནོ་ཞེས་བྱ་བར་ནི་མི་རིགས་ཏེ། དེ་ཉིད་བསམ་པར་བྱ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་ཐ་དད་པ་མ་

བཟུང་བའི་ཕྱིར་དྲན་པ་ལ་གཟུང་བར་བྱ་བ་ཉིད་དུ་སྣང་བ་ཡིན་ནོ་ཞེ་ན། ཇི་ལྟར་གཞན་ལ་གཞན་དུ་འཛིན། །དེ་ནི་དྲན་པར་བྱ་བའི་རང་བཞིན་ཡོངས་སུ་སྤངས་ནས་སྣང་བ་ཉིད་འཛིན་པ་ཡིན་ཏེ་དེས་ན་བསྲེ་བ་མ་ཡིན་ནོ། །འོན་ཏེ་བསྲེ་བ་ནི་འཛིན་པའི་ངོ་བོ་ཉིད་དོ་ཞེ་ན། དེ་ལྟ་ཡིན་ན་དུ་མ་གཅིག་གིས་

འཛིན་པར་ཐལ་ན་འདོད་པ་ནི་མ་ཡིན་ནོ། །མིག་གི་བྱེད་པས་ཐམས་ཅད་ཤེས་པར་རྟོགས་པའི་ཕྱིར་ཏེ། དེས་ན་མ་འབྲེལ་པར་རྟོགས་པའི་དྲི་མས་མཚོན་པ་བླུན་པོའི་སྐྱེ་བོས་བརྟགས་པ་འདིས་ནི་ཆོག་གོ་ཞེས་བཤད་པ་ནི། དེ་ཕྱིར་གཅིག་དོན་དུ་མ་ཅན། །གང་ཕྱིར་དོན་གཅིག་རྟོག་པ་ནའང་། །

เล่ม ๑๗๘ · หน้า 264b

གཞན་དག་མཐོང་བ་དེ་ཕྱིར་ཡང་། །རྟོག་པ་མེད་པ་གྲུབ་པ་ཡིན། །སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་དུ་མ་ཅན་སྣ་ཚོགས་པར་སྣང་བ་ན་འདི་སྔོན་པོ་ཞེས་རྣམ་པར་རྟོག་པར་བྱེད་ཀྱང་མཐའ་ན་འདུག་པའི་སེར་པོ་ལ་སོགས་པ་མཐོང་བ་ཉིད་དོ། །རྣམ་པར་རྟོག་པ་དུ་མ་ཅིག་ཅར་འབྱུང་བ་མ་ཡིན་ནོ། །

སྣ་ཚོགས་པ་ཞེས་རྣམ་པར་བརྟག་པར་རུང་བ་ཁོ་ནའོ་ཞེ་ན་མ་ཡིན་ཏེ་ངེས་པ་མེད་པའི་ཕྱིར་རོ། །གདོན་མི་ཟ་བར་སྣ་ཚོགས་པ། །ཞེས་བྱ་བ་ཉིད་དུ་བརྟགས་པར་བྱ་བ་ནི་མ་ཡིན་ཏེ། གཅིག་ལ་ཡང་རྟོགས་པ་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ཡང་ཅིག་ཅར་བའི་སྔོན་པོ་ལ་སོགས་པའི་རྣམ་པ་

ཐམས་ཅད་ནི། རྣམ་པ་སྣ་ཚོགས་པ་ཅན་གྱི་བློ་གཅིག་གོ། །དེ་ལ་ཡང་རྩོད་པ། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་གཅིག་པུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཇི་ལྟར་སྣང་། །འདི་སྐད་སྟོན་པ་ཡིན་ཏེ། ཇི་ལྟར་བློ་ཉིད་སྣ་ཚོགས་ཀྱི། །རྣམ་དབྱེར་ཁྱེད་ཀྱིས་

ཁས་བླངས་པ། །ཕྱི་ཡང་གལ་ཏེ་དེ་ལྟ་ཉིད། །དེ་ལ་གང་གིས་རྣམ་དབྱེ་བྱེད། །གང་ལ་བློ་ནི་སྣ་ཚོགས་ཕྱིར། །དོན་རྣམས་སྣ་ཚོགས་ངོ་བོ་ནི། །དེ་ལ་གནས་པའི་ངོ་བོ་ཅན། །བློ་ནི་ཇི་ལྟར་འགྱུར་མ་ཡིན། །དེས་ན་སྣ་ཚོགས་པ་ཡིན་པའི་ཕྱིར། གཅིག་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བློའི་ངོ་བོ་ཉིད་

ཀྱིས་མ་ངེས་པ་ཡིན་ནོ་ཞེ་ན། འདི་སྐད་བརྗོད་དེ། ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། །དེ་ནི་བློ་ལའང་མི་འགྲུབ་བོ། །གལ་ཏེ་དོན་བདག་

འདིར་འདོད་ན། །དེ་ལ་བདག་གིས་ཅི་ཞིག་བྱ། །དོན་ནི་འདི་ཡིན་ཏེ། གཅིག་ཡིན་ན་བློ་ཡང་སྣ་ཚོགས་མ་ཡིན་ནོ། །དེ་ལ་ཡང་རྣམ་པ་དུ་མ་ཡིན་པའི་ཕྱིར་དུ་མ་ཉིད་དུ་འགྱུར་ཏེ། དངོས་པོའི་མཚན་ཉིད་རྣམ་པ་ཡིན་པའི་ཕྱིར་རོ། །རྣམ་པ་དུ་མ་འཛིན་ན་དངོས་པོ་ཡང་གདོན་མི་ཟ་བར་དུ་

མར་འགྱུར་རོ། །དེའི་ཕྱིར་གལ་ཏེ་བློ་དེ་སྙེད་ཡིན་ན་ཕྱོགས་ཕྱི་མ་སྨྲ་བ་ལ་ཆད་པ་ཡོད། ཅི་སྟེ་བློ་དུ་མ་ཉིད་ཡིན་ན། རྡུལ་ཕྲ་རབ་སོ་སོ་ལ་བློ་ཡང་དེ་སྙེད་དུ་འགྱུར་བས་རྡུལ་ཕྲ་རབ་འཛིན་པར་ཐལ་ལ། ཕན་ཚུན་མི་རྟོགས་པའི་ཕྱིར་དང་། རྟོགས་པ་པོ་གཞན་ཡང་མེད་པའི་ཕྱིར་དུ་མ་

เล่ม ๑๗๘ · หน้า 265a

མི་རྟོགས་པར་ཡང་འགྱུར་རོ། །རང་རིག་པ་རྣམས་ནི་དུ་མ་ཉིད་རྟོགས་པ་མ་ཡིན་ཏེ་རྒྱུད་གཞན་དག་ཀྱང་སྣང་བར་ཐལ་བའི་ཕྱིར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། མཐོང་བ་ཉིད་ཀྱི་ཕྱིར་རོ། །མཐོང་བ་ཡང་མི་འཐད་དོ་ཞེས་བྱ་བ་ནི་མེད་དོ། །འོ་ན་ནི་རང་རིག་པ་མ་ཡིན་ཏེ།

ཕན་ཚུན་ཡང་རིག་པའི་ཕྱིར་རོ། །མ་ཡིན་ཏེ་རང་རིག་མེད་པར་རིག་པ་མི་སྲིད་པའི་ཕྱིར་རོ། །དེ་ཡང་སྟོན་པར་འགྱུར་རོ། །རང་རིག་པ་ཡིན་ན་ནི་གཞན་རིག་པ་ལ་དོགས་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་མང་པོ་ཉིད་དུ་རྟོགས་པ་གང་ཞིག་ཡིན་ཞེ་ན། འགའ་ཡང་མ་ཡིན་ཏེ་དེ་ལས་ཐ་དད་པའི་

རྟོགས་པར་བྱེད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར། བློ་རྣམས་གཅིག་པ་མ་ཡིན་ཞིང་། །དུ་མ་ཉིད་དུའང་འཐད་མ་ཡིན། །གཅིག་ན་སྣ་ཚོགས་མེད་འགྱུར་ཏེ། །དུ་མ་ཉིད་ལ་འདི་ཆེས་གསལ། །དེའི་ཕྱིར་དངོས་པོ་རྣམས་ཇི་ལྟ་ཇི་ལྟར་རྣམ་པར་བསམས་པ། དེ་ལྟ་དེ་ལྟར་རྣམ་པར་གཞིགས་

པར་འགྱུར་བའི་ཕྱིར་འདི་ལ་ཅི་ཞིག་བྱར་ཡོད། དེའི་ཕྱིར་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་ཞེས་གསུངས་པས་ན་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དོ་ཞེས་བྱ་བར་རིགས་སོ། །ཅི་སྟེ་གཅིག་དང་དུ་མའི་རྣམ་པར་རྟོག་པས་སྣང་བ་ཉིད་མེད་པར་ཇི་ལྟར་འགྱུར་ཏེ། དེ་ནི་རྣམ་པར་བརྟགས་

ཀྱང་སྣང་བ་ཁོ་ནའོ་ཞེ་ན། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་ལྟར་མེད་ཀྱང་སྐྱོན་མེད་དོ། །དེ་དག་ཀྱང་མེད་པ་ཡིན་ན་ཇི་ལྟར་སྣང་། སྣང་ངོ་ཞེ་ན་ནི་ཇི་ལྟར་མེད་པ་ཉིད་ཡིན་ཞེ་ན། དོན་བྱ་བ་བྱེད་པ་མེད་པ་ཉིད་ཀྱི་ཕྱིར་ཏེ། ཡོད་པའི་མཚན་ཉིད་ནི་དོན་བྱེད་པ་ཡིན་པའི་ཕྱིར་རོ། །སྣང་བ་ཙམ་གྱིས་ཡོད་

པའི་ཐ་སྙད་དུ་འགྱུར་བ་ནི་མ་ཡིན་ཏེ། སྐྲ་ཤད་ལ་སོགས་པ་སྣང་བ་ཡིན་ཡང་མེད་པར་ངེས་ཕྱིར་རོ། །དོན་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན། ཅི་སྣང་བའི་རང་བཞིན་ལས་གཞན་ཡིན་ནམ། འོན་ཏེ་དེ་ཉིད་ཡིན། གཞན་ཡིན་ནོ་ཞེ་ན་ནི། དེ་ལ་ཡང་སྣང་བའི་རང་བཞིན་ལས་དོན་བྱེད་པ་གཞན་

ཁས་ལེན་པ་ན་ཐུག་པ་མེད་པས་མི་རྟོགས་པར་འགྱུར་རོ། །དེ་ཉིད་ན་ནི་སྣང་བ་ཐམས་ཅད་ཡོད་པར་ཐལ་བའི་ཕྱིར། །སྒྱུ་མ་ལ་སོགས་པ་མེད་པར་མི་འགྱུར་རོ། །འདི་ལ་བརྗོད་པ་འགའ་ཞིག་གི་ནི་ཐ་སྙད་དེ། །འགའ་ཞིག་གི་ནི་བཟློག་པས་ཡིན། །རྣམ་པར་དབྱེ་བས་གནས་པ་འདི། །དངོས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด