ཚད་མ་རྣམ་འགྲེལ་གྱི་རྒྱན
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๗๘ · หน้า 291b
རྟོགས་པ་དང་འདྲེས་པ་ཉིད་ཀྱིས་རྟོགས་པའི་རང་བཞིན་དུ་སྣང་གི་རྟོགས་པའི་ངོ་བོ་ཉིད་ཡིན་པས་ནི་མ་ཡིན་ནོ་ཞེས་དེ་ལྟར་ཅི་སྟེ་མི་རྟག་ཅེ་ན། འདི་ལ་བརྗོད་པ། ཐོག་མེད་གོམས་པའི་ངོ་བོ་ལས། །འདི་ནི་དེ་ལྟར་ཡིན་ཞེས་གནས། །དེ་ལས་ཚུལ་གཞན་རྣམ་རྟོག་ནི། །འཇིག་རྟེན་གྱིས་ནི་ངེས་པ་མེད། །
བསྒོམས་པའི་སྟོབས་ལས་དེ་ལྟར་སྐྱེས་སོ་ཞེས་རྟོགས་པའི་གང་ཡིན་པ་དེ་ལ་འདི་ནི་འདི་དང་འདི་ལྟ་བུ་ཡིན་ནོ་ཞེས་ལུགས་གཞན་འཇིག་རྟེན་ལ་སྐྱེ་བ་འདི་མི་ཐོབ་བོ། །འོན་ཀྱང་འདི་ཅི་ལྟར་བསྒོམས་པའི་སྟོབས་ལས་མཐོང་བ་དེ་ནི་དེ་ཁོ་ན་ལྟར་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་དོ། །དོན་གཅིག་ལ་འདུ་བར་
བརྟགས་པ་ལ་དགོས་པ་ཡང་ཅི་ཞིག་ཡོད། གལ་ཏེ་བདག་ལ་འདུ་བར་མི་འདོད་ན། འོ་ན་བདེ་བ་དེ་སུའི་ཡིན་ཞེ་ན། དེ་ལྟ་ན་འོ་ན་གལ་ཏེ་དེ་གཞན་དུ་འདུ་བར་མི་འདོད་ན་བདག་དེ་སུའི་ཡིན། བདག་ནི་རང་དབང་རྟག་པའི་ཕྱིར། །གཞན་ལ་ཅི་ལྟར་དེར་རག་ལས། །བདེ་སོགས་རྣམས་ནི་མི་
རྟག་པས། །གཞན་ལ་རག་ལས་ཡིན་པར་རྟོག །བདག་ནི་རྟག་པས་ན་རང་དབང་ཡིན་པའི་ཕྱིར། མི་བརྟེན་པར་འཐད་པས་དེ་ལྟར་འཐད་ཀྱི་བདེ་བ་ལ་སོགས་པ་ནི་ཡོན་ཏན་དང་མི་རྟག་པ་ཡིན་ཏེ། དེའི་ཕྱིར་དེ་དག་ནི། གདོན་མི་ཟ་བར་བརྟེན་པ་ཉིད་དུ་འགྱུར་དགོས་སོ་ཞེ་ན་དེ་ནི་མི་བཟང་སྟེ།
འདི་ལྟར། རྟེན་ཡོད་ན་ནི་ཡོན་ཏན་ཡིན། །ཡོན་ཏན་ཡོད་ནའང་རྟེན་གནས་ཏེ། །དེ་ལྟར་ཕན་ཚུན་བརྟེན་པའི་ཕྱིར། །གཅིག་ཀྱང་རྣམ་པར་གནས་མི་འགྱུར། །གལ་ཏེ་དང་པོ་ཡོན་ཏན་ཉིད། །གྲུབ་ན་དེའི་ཚེ་ཡོན་ཏན་བརྟེན་པ་ཡིན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་རྟོག་པ་འཇུག་པ་ཞིག་ན། དེ་ནི་མ་གྲུབ་སྟེ། གྲུབ་
པ་ནི་གཞན་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །རྟེན་དང་བརྟེན་པའི་དངོས་པོ་ནི་འགའ་ཡང་མེད་དོ་ཞེས་འདི་ནི་བསྟན་ཟིན་ཏོ། །གཞན་ཡང་བདག་ནི་རང་དབང་ཡིན་ཏེ། རྟག་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ནི་མ་ཡིན་ཏེ། བཟློག་པའི་ཕྱིར་རོ་ཞེས་བརྗོད་པ། མི་རྟག་ན་ཡང་རྒྱུ་ལས་ནི། །སྐྱེས་པའི་ཕྱིར་
ན་ལྟོས་པ་མེད། །དེ་ལ་བྱ་རྒྱུ་མེད་པའི་ཕྱིར། །གཞན་ལ་ཇི་ལྟར་རག་ལས་འགྱུར། །གལ་ཏེ་མ་སྐྱེས་པ་ཉིད་ཡིན་ན་དེ་ཅི་ལྟར་གཞན་ལ་རག་ལས། འོན་ཏེ་རྒྱུ་འགའ་ཞིག་ལས་སྐྱེས་ན་དེ་ལྟ་ན་ཡང་དེ་གཞན་ལ་རག་ལས་པ་ཅི་ཡོད། རང་གི་འབྲས་བུ་སྐྱེད་པ་ལ་གཞན་ལ་རག་ལས་སོ་ཞེ་ན་དེའི་རང་གི་
เล่ม ๑๗๘ · หน้า 292a
འབྲས་བུ་བསྐྱེད་པ་ནི་རང་གི་རྒྱུ་ཉིད་ལས་ཡིན་པའི་ཕྱིར་གཞན་ལ་རག་ལས་པ་ཉིད་དུ་མི་འཐད་དེ། སྤྲོས་པས་ཆོག་གོ། །དེའི་ཕྱིར་བདེ་བ་ལ་སོགས་པ་ཉིད་རང་དབང་ཡིན་ལ་རག་མོད། རྟེན་བདག་བརྟགས་པས་ཅི་ཞིག་བྱ། བདེ་བ་ལ་སོགས་པ་རང་རིག་པ་མ་ཡིན་ན།
ཕན་འདོགས་པར་བྱེད་པ་ཉིད་དུ་ཡང་ཅི་ལྟར་འགྱུར། དོན་གཅིག་ལ་འདུ་བ་ཅན་གྱི་རྣམ་པར་ཤེས་པས་མྱོང་བར་འགྱུར་རོ་ཞེ་ན་འདིར་སྨྲས་པ། ཅི་དོན་གཅིག་ལ་འདུ་བ་ཅན་གྱི་དབང་པོ་ལས་སྐྱེས་པའི་རྣམ་པར་ཤེས་པ་རིག་གམ། འོན་ཏེ་གཞན་གྱིས། རེ་ཞིག་དབང་པོའི་རྣམ་པར་ཤེས་པས་ནི་མ་
ཡིན་ཏེ། འདི་ལྟར། དོན་གང་ཉེ་བས་བློ་དང་ནི། །བདེ་སོགས་དེ་དག་སྐྱེས་གྱུར་པ། །དེ་བོར་ནས་ནི་བདེ་སོགས་ཉིད། །དེས་ནི་ཇི་ལྟར་རྟོགས་པར་འགྱུར། །མིག་ལ་སོགས་པས་གཟུགས་ལ་སོགས་པ་ལ་སྦྱར་བ། གཟུགས་ལ་སོགས་པ་ལ་མངོན་པར་ཕྱོགས་པ་དབང་པོའི་བློ་གང་ཡིན་པ་དེ་ཉིད་ཅི་
ལྟར་བདེ་བ་ལ་སོགས་པ་ཁོ་ནར་རྟོགས་པ་ཡིན། བདག་གི་མིག་བདེ་བ་ལ་ཞུགས་སོ་སྙམ་པའི་བློ་ནི་མེད་དོ། །འོན་ཏེ་བདེ་བ་འཛིན་པའི་རྣམ་པར་ཤེས་པ་གཟུགས་ཉིད་ལ་ཞུགས་པས་འཇུག་པར་འགྱུར་ན། དེ་ལྟ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ཏེ། རྗེས་སུ་དཔག་པ་ཡང་
མིག་ལ་བརྟེན་པ་ལ་སོགས་པར་ཐལ་བར་འགྱུར་རོ། །འོན་ཏེ་དབང་པོའི་རྣམ་པར་ཤེས་པ་ལས་འཛིན་པར་བྱེད་པའི་རྣམ་པ་གཞན་མ་དམིགས་པ་དེས་ན་དེ་ཉིད་ཀྱིས་ཡིན་པར་བརྗོད་དོ་ཞེ་ན། འོ་ན་རྣམ་པར་བརྟག་པར་བྱ་བ་ཡང་དུས་མཚུངས་པའི་དབང་པོའི་ཤེས་པས་གཟུང་བ་ཡིན་པར་འགྱུར་རོ། །
རྗེས་སུ་དཔག་པར་བྱ་བ་ལ་ཡང་ཐལ་བར་འགྱུར་རོ་ཞེས་ཀྱང་བརྗོད་པ་ཡིན་ཏེ། དེར་འཛིན་པའི་རྣམ་པ་གཞན་དམིགས་པ་ནི་མེད་དོ། །འོན་ཏེ་གཟུང་བའི་རྣམ་པ་ལས་དེ་ལྟ་བུའི་འཛིན་པ་རྟོག་པ་ཡིན་ན་རྣམ་པར་བརྟག་པར་བྱ་བའི་སྒྲ་ལ་ཡང་འདི་མཚུངས་སོ། །བདེ་བ་ལ་སོགས་པ་ལ་ཡང་འཛིན་པའི་
རྣམ་པ་ཅི་སྟེ་མི་རྟག་ཅེ་ན། གཟུང་བར་བྱ་བ་ཉིད་དུ་མྱོང་བ་མེད་པའི་ཕྱིར་རོ། །དོན་གཅིག་ལ་འདུ་བ་ཅན་ཡིན་ཡང་འཛིན་པར་བྱེད་པ་གཞན་གྱིས་གཟུང་བའི་ཕྱིར་གཟུང་བ་ཉིད་མེད་པ་ཡིན་ནོ་ཞེས་བརྗོད་པར་ནི་མི་ནུས་སོ། །གཅིག་ཏུ་འདྲེས་པ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེ་ན། འོ་ན་ནི་དེ་བདག་གམ།
เล่ม ๑๗๘ · หน้า 292b
བདེ་བའམ། བློ་འགའ་ཡང་མ་ཡིན་ཏེ། གཅིག་གི་ཡང་རང་གི་ངོ་བོ་མ་བཟུང་བའི་ཕྱིར་རོ། །བདེ་བའི་རྣམ་པ་ཉིད་འབའ་ཞིག་མྱོང་བ་ཡིན་ནོ། །མྱོང་བ་མ་ཡིན་པའི་བདེ་བ་གཞན་ཡང་ཡོད་དོ་ཞེ་ན་མ་ཡིན་ཏེ། ཉེ་བར་འཇོག་པ་གཞན་མ་དམིགས་པའི་ཕྱིར་ཏེ། ཤིང་ལ་གོང་བུའི་རྣམ་པར་རྟོག་པ་
བཞིན་ནོ། །འོན་ཏེ་ཉེ་བར་འཇོག་པ་གཞན་རྗེས་སུ་དཔག་པས་བསྒྲུབ་པ་ཡིན་ཏེ། གང་ཞིག་རྟོགས་པ་དེ་ནི་གཞན་གྱིས་ཉེ་བར་གཞག་པ་ཡིན་ཏེ། གོང་བུ་བཞིན་ནོ་ཞེ་ན་མ་ཡིན་ཏེ། ཕྱི་རོལ་གྱི་དོན་མེད་པར་ཐལ་བའི་ཕྱིར་ཏེ། ཉེ་བར་འཇོག་པ་བག་ཆགས་སྲིད་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་
ཅི་ལྟར་རྟོགས་པ་དེ་ནི་དེ་ཁོ་ན་ལྟར་ཁོང་དུ་ཆུད་པར་བྱ་བ་ཡིན་གྱི་དེ་རྗེས་སུ་དཔག་པས་གཞན་དུ་གཞག་པར་བྱ་བ་ནི་མ་ཡིན་ནོ། །དེས་ན་ཕྱི་རོལ་གྱི་དོན་རང་གི་ངོ་བོས་གཟུང་བར་བྱ་བ་ཉིད་དུ་རྟོགས་པ་ནི་དེ་བཞིན་དུ་རྣམ་པར་གཞག་པ་ཡིན་ཏེ། རྣམ་པར་འཇོག་པ་ནི་རྟོགས་པ་ཙམ་ལ་རག་ལས་པ་ཡིན་པའི་ཕྱིར་
རོ། །བདེ་བ་ལ་སོགས་པ་ནི་གཟུང་བར་བྱ་བ་ཉིད་དུ་མ་དམིགས་ཏེ། དེས་ན་རང་རིག་པ་ཡིན་ནོ། །འོན་ཏེ་བདག་དང་ཡིད་འབྲེལ་པ་ཙམ་ལས་སྐྱེས་པའི་ཤེས་པ་བདེ་བ་ལ་སོགས་པའི་འཛིན་པར་བྱེད་པ་ཡིན་གྱི། དབང་པོ་ལས་སྐྱེས་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཤེས་པ་དུས་གཅིག་ཏུ་
མི་སྐྱེ་བའི་ཕྱིར་རིམ་གྱིས་འཛིན་པར་འགྱུར་རོ། །དེའི་ཕྱིར། རིམ་གྱིས་འཛིན་ན་དེ་མྱོང་བ། །རྣམ་ཆད་མེད་པར་སྣང་མི་འགྱུར། །རིམ་གྱིས་འཛིན་པར་ཁས་ལེན་ན་བདེ་བ་ལ་སོགས་པའི་བློ་རྣམ་པར་ཆད་པ་མེད་པར་སྣང་བར་མི་འགྱུར་རོ། །རིམ་པ་ནི་འདི་ཉིད་དེ་ལྷན་ཅིག་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་གང་
ཡིན་པའོ། །བདེ་བ་ལ་སོགས་པ་འཛིན་པ་ནི་གཟུགས་ལ་སོགས་པ་འཛིན་པ་དང་ལྷན་ཅིག་ཏུ་དམིགས་སོ། །དེ་ལ་ལྷན་ཅིག་ཏུ་འཛིན་པ་དང་། ལྷན་ཅིག་ཏུ་མི་འཛིན་པ་ཞེས་བྱ་བ་ནི་འགལ་ལོ། །འགལ་བ་དག་ནི་གཅིག་ལ་སྲིད་པ་ཡང་མ་ཡིན་ནོ། །མགྱོགས་ཕྱིར་ཞེ་ན་དེ་མཚུངས་ཕྱིར། །མྱོང་བ་
མེད་པ་ཅིས་མ་ཡིན། །གལ་ཏེ་བདེ་བ་འཛིན་པ་མགྱོགས་པར་འཇུག་པའི་ཕྱིར་རྣམ་པར་མ་ཆད་པར་རྟོགས་པ་ཡིན་ནོ། །རྟོགས་པ་ཁོ་ན་སྟེ་བར་མ་གཏོགས་པ་ཡིན་ནོ་ཞེ་ན་མྱུར་བ་དེ་ནི་བདེ་བ་ལ་སོགས་པ་མི་འཛིན་པ་ལ་ཡང་མཚུངས་པའི་ཕྱིར་བདེ་བ་ལ་སོགས་པ་དང་གཟུགས་མི་འཛིན་པ་ཉིད་རྣམ་པར་
เล่ม ๑๗๘ · หน้า 293a
མ་ཆད་པར་ཐལ་ལོ། །འོན་ཏེ་མི་འཛིན་པ་ཡང་རྣམ་པར་མ་ཆད་པར་སྣང་བ་ཉིད་དེ། འདི་ལྟར་བདེ་བ་མི་འཛིན་པ་ཉིད་ནི། གཟུགས་འཛིན་པ་ལས་གཞན་མ་ཡིན། གཟུགས་མི་འཛིན་པའང་བདེ་བ་འཛིན་པ་ལས་གཞན་ཡོད་པ་མ་ཡིན་ན། དེས་ན་བདེ་བ་མི་འཛིན་པ་
རྣམ་པར་ཆད་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་འདིར་འགྱུར་ཏེ། གཟུགས་ལ་སོགས་པ་འཛིན་པ་རྣམ་པར་མ་ཆད་པར་འགྱུར་རོ་ཞེས་བྱ་བ་ཡིན་ན་དེ་ནི་ཡིན་པ་ཉིད་དོ། །དེ་བཞིན་དུ་བཟློག་པ་ལ་ཡང་བརྗོད་དོ། །དེའི་ཕྱིར་འཛིན་པ་མེད་པ་རྣམ་པར་མ་ཆད་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གྲུབ་པ་ལ་སྒྲུབ་
པ་ཡིན་ནོ་ཞེ་ན། འདིར་བརྗོད་པ། གཅིག་གི་དངོས་པོ་གང་ཡིན་པ། །གཞན་དག་མེད་པ་ཡིན་པར་བརྗོད། །དེ་ནི་དེ་ཡིས་དབེན་པས་ན། །དེ་མེད་པར་ནི་རིག་ཕྱིར་རོ། །འདི་རང་གི་ངོ་བོས་ནི་གང་ཡང་མེད་པ་མ་ཡིན་གྱི། འོན་ཀྱང་དེས་དབེན་པས་ཡིན་ནོ། །དེས་ན་གཟུགས་འཛིན་པ་བདེ་བ་
འཛིན་པས་དབེན་པར་དམིགས་པ་ཡིན་ནོ་ཞེས་ཁས་ལེན་པ་ན་དེས་དབེན་པར་འཛིན་པ་དེ་མྱུར་བ་ཡིན་པའི་ཕྱིར་དེ་རྣམ་པར་མ་ཆད་པར་ཡོད་པས་ཇི་ལྟར་བདེ་བ་རིག་པ་ཡིན། བདེ་བ་འཛིན་པ་ལ་ཡང་ཚུལ་འདི་ཉིད་ཡིན་པའི་ཕྱིར་གཉི་ག་མི་འཛིན་པས་ན། འཛིན་པ་མེད་པ་ཉིད་དུ་ཅི་སྟེ་མ་ཡིན་ཞེས་
བྱ་བ་ལེགས་པར་བརྗོད་པ་ཡིན་ནོ། །གཞན་དུ་གཞན་དམིགས་ན་ཡང་དེས་དབེན་པ་འཛིན་པ་མ་ཡིན་ནོ། །དེའི་རང་བཞིན་དེར་ཞུགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། ཕན་ཚུན་རང་བཞིན་རྗེས་སུ་ཞུགས་པ་འཛིན་ན། རིམ་གྱིས་འཛིན་པ་མ་ཡིན་ཏེ། དུས་གཞན་མཉམ་པར་འཛིན་པ་ལ་ཡང་
ཡོད་པའི་ཕྱིར་ཏེ། ཡན་ལག་དང་ཡན་ལག་ཅན་དག་དུས་མཚུངས་པར་འཛིན་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་ཐག་རིང་པོ་ནས་བར་དང་བཅས་པའི་སྒྲ་དུ་མ་འཛིན་པ་ན་བར་འཛིན་པ་མེད་ཀྱང་སྒྲའི་རང་བཞིན་གཟུང་བ་ཉིད་དོ། །དེ་ལ་ཅི་ལྟར་སྒྲའི་རང་བཞིན་བར་མེད་པར་འཛིན་པས་དེའི་
ཕྱིར་མི་འཛིན་པ་ལ་གནོད་ཀྱི། དེ་བཞིན་དུ་བར་འཛིན་པ་མེད་པས་ནི་སྒྲ་འཛིན་པ་ལ་མི་གནོད་པ་དེ་བཞིན་དུ་འདིར་ཡང་བར་མི་འཛིན་པའི་གནོད་པར་བྱེད་པ་མ་ཡིན་ནོ་ཞེ་ན་འདིར་བརྗོད་པ། དེ་ལ་བར་ཆད་འཛིན་པ་ནི། །ཡོད་མིན་ཅི་ལྟར་གནོད་བྱེད་ཡིན། །མེད་པར་གནོད་པར་བྱ་མིན་ལ། །འདོད་
เล่ม ๑๗๘ · หน้า 293b
མིན་འཇིག་རྟེན་འདོད་པར་ཟད། །ཅིའི་ཕྱིར་བར་ཆད་འཛིན་པ་མེད་ཅེ་ན། འདི་ནི་དངོས་པོ་རྣམས་ཀྱི་ནུས་པ་ཡིན་ཏེ། ཅི་ཞིག་བརྒལ་ཞིང་བརྟག །དེས་ན་བར་ཆད་འཛིན་པ་མ་སྐྱེས་པ་ནི་གནོད་པར་བྱེད་པ་མ་ཡིན་ཞིང་། གནོད་པར་བྱ་བ་ཡང་མ་ཡིན་གྱི་འོན་ཀྱང་འདི་ནི་རྣམ་པ་ཅི་ཞིག་ལྟར་འཇིག་
རྟེན་གྱི་གྲགས་པ་ལས་འོངས་པའི་ཐ་སྙད་ཙམ་དུ་ཟད་དོ། །དེར་ནི་བདེ་བ་དང་གཟུགས་ལ་སོགས་པ་འཛིན་པའི་མ་སྐྱེས་བ་མ་ཡིན་པའི་ཕྱིར་མི་འཐད་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་ཡིན་ན་རིམ་གྱིས་འཛིན་པ་མི་སྲིད་པར་འགྱུར་རོ། །འཛིན་པ་ནི་ཡོད་པ་ཁོ་ན་སྟེ། དེ་ལ་འཛིན་པ་གཞན་མ་སྐྱེས་
པ་ཡིན་ནོ་ཞེ་ན་དེ་ནི་མེད་དེ། འཛིན་ལ་འཛིན་བྱེད་གཞན་ཡོད་མིན། །འཛིན་པ་པོ་ལ་འཛིན་པོ་གཞན། །དེ་ལྟར་གཞན་གྱིས་ཀྱང་འདོད་བྱ། །དེ་ལྟ་མིན་ན་ཅལ་ཅོལ་ཉིད། །འཛིན་པར་བྱེད་པ་ནི་རང་གསལ་བའི་བདག་ཉིད་དུ་འགྱུར་དགོས་ལ། འཛིན་པར་བྱེད་པ་པོ་བྱེད་པའི་བདག་ཉིད་དམ། བྱེད་
པ་པོ་ལ་ནི་འཛིན་པར་བྱེད་པ་གཞན་འདོད་པ་ཡིན་ནོ། །འཛིན་པར་བྱེད་པ་གསལ་བ་མ་ཡིན་པ་ནི་དོན་ཐམས་ཅད་མི་གསལ་བར་འགྱུར་རོ། །གལ་ཏེ་དབང་པོའམ་གཞན་ལས་འཛིན་པར་བྱེད་པ་རང་གསལ་བ་ཡིན་ན། ད་ནི་འཛིན་པ་པོ་གཞན་གྱིས་ཅི་བྱ་ཞེ་ན། སྐྱོན་གཞན་འདི་ནི་ཡོད་པ་
ཉིད་ན་རང་ཉིད་གསལ་བ་མེད་པར་འཛིན་པ་ཞེས་བྱ་བ་ནི་མེད་དོ། །དེ་གཞན་གྱིས་གསལ་བར་ཡིན་ནོ་ཞེ་ན། གསལ་བར་བྱེད་པ་གཞན་ཡང་ལྐོག་ཏུ་གྱུར་པ་ཉིད་པས་དེ་གཞན་གྱིས་ཡིན་པའི་ཕྱིར། འགྲོ་བ་མཐའ་དག་ལོང་བ་ཉིད་དུ་འགྱུར་རོ་ཞེས་སྟོན་པར་འགྱུར་རོ། །ཕན་ཚུན་དུས་ཐ་དད་
པར་སྐྱེས་པ་སྣང་བར་འགྱུར་བ་དེ་དག་ཅི་ལྟར་ཕན་ཚུན་གནོད་པར་བྱེད་པ་མ་ཡིན་ཏེ་དེའི་ཕྱིར་འདི་ནི་གྱི་ནའོ། །འོན་ཏེ་བདེ་བ་འཛིན་པ་ལ་ནི་གནོད་པར་འགྱུར་བ་ཉིད་དེ། རེས་འགའ་གཟུགས་ལ་སོགས་པ་འབའ་ཞིག་འཛིན་པའི་ཕྱིར་རོ། །འདི་ལྟར་རེས་འགའ་ཡིད་འཕྲོག་པའི་གཟུགས་མཐོང་ཡང་
བདེ་བ་མྱོང་བ་མེད་པ་ཡིན་ནོ། །དེས་ན་སྐྲའི་འཛིན་པ་ལྟར་བདེ་བ་འཛིན་པ་ཡང་མ་སྐྱེས་པའི་ཕྱིར་གནོད་པར་རྣམ་པར་གཞག་གོ་ཞེ་ན་འདི་ཡང་བཟང་པོ་མ་ཡིན་ཏེ། འདི་ལྟར། ཅི་ལྟར་སྐྲའི་བར་འཛིན་པ་ལྟར། །ཀུན་ཚེ་ཅི་ཕྱིར་གནོད་མ་གྱུར། །དེ་ཚེ་བདེ་བ་ལ་སོགས་པ། །བར་དུ་སྐྱེ་བར་འཇིག་རྟེན་
เล่ม ๑๗๘ · หน้า 294a
འདོད། །ཅི་ལྟར་སྐྲ་འཛིན་པས་བར་འཛིན་པར་ཐམས་ཅད་ཀྱི་ཚེ། གནོད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་འཛིན་པས་ཀྱང་བདེ་བ་ལ་སོགས་པ་འཛིན་པ་ལ་འགྱུར་རོ། །དོན་དམ་པར་ན་ནི་དེ་སྐྲ་འཛིན་པ་ཡང་མ་ཡིན་ཏེ། སྐྲའི་རང་བཞིན་རྟོགས་པ་མ་ཡིན་པའི་ཕྱིར་རོ། །
གང་གི་ཚེ་བདེ་བ་མ་རྟོགས་པར་གཟུགས་ལ་སོགས་པ་འབའ་ཞིག་འཛིན་པ་དེའི་ཚེ་ནི་བདེ་བ་མ་སྐྱེས་པ་ཉིད་ཡིན་གྱི། སྐྱེས་པ་མ་བཟུང་བས་འབའ་ཞིག་པ་ཞེས་རྣམ་པར་འཇོག་པ་ནི་མ་ཡིན་ནོ། །མ་དམིགས་པའི་ཕྱིར་མ་སྐྱེས་པར་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། ད་ནི་སྐྱེས་པ་ལ་མ་སྐྱེས་པར་ཐ་སྙད་
དུ་འགྱུར་ཏེ། དེས་ན་མ་དམིགས་པ་ཡང་མ་ཡིན་ནོ། །དེས་ན་གང་གི་ཚེ་བདེ་བ་ལ་སོགས་པ་འཛིན་པའི་སྐྱེས་པ་དེ་ཉིད་ཀྱི་ཚེ་བདེ་བ་ལ་སོགས་པ་སྐྱེས་པ་ཡིན་པས་དེའི་ཚེ་ནི་གཟུགས་ལ་སོགས་པ་འཛིན་པས་ཟིལ་གྱིས་ནོན་པ་མ་ཡིན་ནོ། །ཁྱེད་ཀྱི་གཞུང་ལྟར་ན་ནི་སྐྲའི་བར་འཛིན་པ་ལྟར་འགྱུར་
རོ། །འོན་ཏེ་དབང་པོའི་བློ་གཅིག་ཉིད་དོན་དང་བདེ་བ་ལ་སོགས་པ་འཛིན་པ་ལ་འཇུག་པ་ཡིན་ཏེ། དེས་ན་རིམ་གྱིས་འཛིན་པའི་ཉེས་པ་ནི་མི་འགྱུར་རོ་ཞེ་ན། དེ་ནི་མི་རུང་ངོ་ཞེས་འཆད་པ་ནི། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང་། །བདེ་སོགས་མེད་ཀྱང་
དོན་དག་ལས། །སྐྱེས་ཕྱིར་དེ་ནུས་གྲུབ་མིན་ཕྱིར། །གལ་ཏེ་དབང་པོའི་བློ་གཅིག་ཉིད་ཀྱིས་དོན་དང་བདེ་བ་ལ་སོགས་པ་འཛིན་ན་རིགས་པ་ཞིག་ན། དེ་ལྟར་ཡང་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། བདེ་བ་ལ་སོགས་པ་ནི་བདག་དང་ཡིད་འབྲེལ་པ་ཙམ་ལས་སྐྱེས་པ་དབང་པོ་ལས་སྐྱེས་པ་མ་ཡིན་པའི་
ཤེས་པས་འཛིན་པར་ཁས་བླངས་པའི་ཕྱིར་རོ། །འོན་ཏེ་འགའ་ཞིག་དེ་ལྟར་ཁས་མི་ལེན་ནོ་ཞེ་ན་དེ་ཡང་ནུས་པ་མ་ཡིན་ཏེ། དབང་པོའི་བློ་ནི་བདེ་བ་ལ་སོགས་པ་མེད་ཀྱང་དོན་འབའ་ཞིག་ཉིད་ལས་སྐྱེ་བའི་ཕྱིར། བདེ་བ་ལ་སོགས་པའི་རྒྱུར་ངེས་པར་མི་འཛིན་པའི་ཕྱིར་རོ། །གང་ཞིག་ནུས་པ་
གཞན་ཡོད་ཀྱང་གང་ཞེ་ན། མི་འབྱུང་བ་དེ་ནི་དེའི་རྒྱུ་ཉིད་དུ་ངེས་པར་འཛིན་པ་ཡིན་ནོ། །དབང་པོའི་སེམས་ནི་གཟུགས་ལ་སོགས་པའི་ཚོགས་པ་ཡོད་ཀྱང་བདེ་བ་ལ་སོགས་པ་མེད་ན་མི་སྐྱེ་བ་ཉིད་མ་ཡིན་ནོ། །ཅི་སྟེ་གང་གི་ཚེ་སྔོན་པོ་སེར་པོ་དང་ལྷན་ཅིག་དབང་པོའི་རིག་པ་ལས་སྣང་བའི་
เล่ม ๑๗๘ · หน้า 294b
ཚེ། དེའི་ཚེ་དེ་ལ་ནུས་པ་མེད་པར་འགྱུར་ཏེ། སྔོན་པོ་མེད་ཀྱང་དེ་སྐྱེ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དེ་ནི་དེ་ལ་ནུས་པ་ཡིན་ནོ། །འོན་ཏེ་སྔོན་པོ་དང་སེར་པོར་སྣང་བའི་དབང་པོའི་ཤེས་པ་སེར་པོ་འབའ་ཞིག་ལས་མི་སྐྱེའོ་ཞེ་ན། དེ་ལྟ་ན་ནི་འོ་ན་བདེ་བ་དང་གཟུགས་སུ་སྣང་བ་ཡང་གཟུགས་འབའ་ཞིག་ལས་
མ་ཡིན་པས་རིགས་པ་མཚུངས་སོ་ཞེ་ན། འདི་ལ་ནི་སྙིང་པོ་མེད་དེ། སྔོན་པོ་དབང་པོའི་རྣམ་ཤེས་ལ། །ནུས་པ་སོ་སོར་མཐོང་བའི་ཕྱིར། །ཚོགས་ལའང་ནུས་གྲུབ་དེ་ལ་ནི། །དེ་ལྟར་རྟོགས་པ་ཡོད་མ་ཡིན། །ཁས་བླངས་ན་ཡང་། གཉིས་ཀྱི་སོ་སོ་སོ་སོར་ཡང་། །ནུས་
པ་ཡིན་ན་སྔོ་སོགས་བཞིན། །བདེ་སོགས་འབའ་ཞིག་འཛིན་པར་འགྱུར། །དེ་རྒྱུའི་དོན་ནི་མ་བཟུང་བར། །དེ་མྱོང་བར་ནི་མི་རིགས་སོ། །བདེ་བ་ལ་སོགས་པ་དང་བྲལ་བའི་གཟུགས་ལ་སོགས་པ་འབའ་ཞིག་ལས་དབང་པོའི་རྣམ་པར་ཤེས་པ་དེ་སྐྱེ་བ་མཐོང་བ་དང་། འགའ་ཞིག་འདོད་པ་ཡང་ཡིན་ནོ། །རྣམ་
པར་ཤེས་པའི་སྔོན་རོལ་དུ་ནི་གཟུགས་ལ་སོགས་པ་ལྟར་བདེ་བ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་ཉིད་དུ་གཟུགས་ལ་སོགས་པ་དེ་ཉིད་ལས་སྐྱེ་བའི་ཕྱིར་རོ། །འོན་ཏེ་དུས་མཚུངས་པར་འབྱུང་བ་ཡིན་ཡང་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ཉིད་དུ་འདོད་དོ་ཞེ་ན། དེ་ནི་མི་རུང་སྟེ་
ལྷན་ཅིག་འབྱུང་བའི་འབྲས་བུ་ནི་ཕན་ཚུན་འབྲེལ་བར་འགྱུར་གྱི། རིག་བྱ་རིག་བྱེད་ཀྱི་དངོས་པོར་ནི་མ་ཡིན་ནོ། །རིག་པའི་རང་བཞིན་མིན་པ་ནི། །ཕན་ཚུན་འཛིན་པར་བྱེད་པ་མིན། །རང་རིག་པ་ཡི་རང་བཞིན་ཡང་། །ཕན་ཚུན་འཛིན་པར་བྱེད་པ་མིན། །རང་གི་རྒྱུ་ལས་མངོན་ཕྱོགས་པས། །དུས་མཚུངས་
པ་ཉིད་ཡིན་ན་ཡང་། །གཞན་ཤིག་པ་ཡི་བདག་ཉིད་ཀྱིས། །གལ་ཏེ་འཛིན་པ་ཡིན་འདོད་ན། །བདེ་བ་ལ་ནི་མངོན་ཕྱོགས་དེ། །ཅི་ལྟར་དབང་པོ་ལས་སྐྱེས་འདོད། །དེ་ལ་དབང་པོའི་བྱེད་པ་ནི། །རིག་བྱེད་དེ་ནི་སྔར་བཤད་ཟིན། །གཞན་ཡང་སོ་སོར་ནུས་པ་ཡིན་ན། བདེ་བ་ལ་སོགས་པ་འབའ་ཞིག་འཛིན་
པར་འགྱུར་ཏེ། སྔོན་པོ་ཉིད་བཞིན་ནོ། །འཛིན་པ་ཡང་ཁོ་ནའོ་ཞེ་ན་དེ་ནི་མ་ཡིན་ཏེ། གཟུགས་ལ་སོགས་པ་བདེ་བའི་རྒྱུ་མ་བཟུང་བར་ནི་བདེ་བ་འཛིན་པར་མི་རིགས་སོ། །རིག་པར་བྱ་བ་ཉིད་ཀྱང་འཐད་པ་མ་ཡིན་པ་ཁོ་ནའོ། །ན་ཆུང་སྒེག་མོ་རྟོགས་པ་མེད་པའི་བདེ་བ་ནི་འགའ་ཡང་དོན་དུ་གཉེར་བ་མ་ཡིན་ཏེ།
เล่ม ๑๗๘ · หน้า 295a
འདོད་པ་ཅན་གྱི་སྐྱེ་བོ་མཐའ་དག་ནི་དེ་ཉིད་ཀྱིས་བདེ་བ་འདོད་པ་ཡིན་ནོ། །དེ་ལྟར་ཡང་མ་དམིགས་སོ། །འོན་ཏེ་ལྷན་ཅིག་པ་ཉིད་ནུས་པ་ཡིན་ནོ་ཞེ་ན། དེ་ལྟར་ན་འོན་ཀྱང་ཟླ་བ་གཉིས་པར་ཡང་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཤད་པ་ནི། དོན་དང་ལྷན་ཅིག་ཉིད་འཛིན་ན། །
བདེ་སོགས་ཀྱི་ནི་ནུས་པ་ཅི། །གང་ཕྱིར་དེ་ཕྱིར་བློ་མི་འདོད། །རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་ནི་ནུས་པ་མི་འགྲུབ་བོ། །འདོད་པ་ཡང་མ་ཡིན་ཏེ། མིག་ལ་སོགས་པའི་བློ་ནི་དེ་ལས་སྐྱེས་པ་ཕ་རོལ་པོ་དག་མི་འདོད་དོ། །གཞན་ཡང་། དོན་མེད་པར་ནི་བདེ་ལ་སོགས། །མིག་སོགས་རྣམས་ཀྱིས་
མྱོང་ན་ནི། །གཟུགས་སོགས་བུད་མེད་སོགས་ཁྱད་པར། །ནམ་ཡང་མིག་གིས་འཛིན་མི་འགྱུར། །འབའ་ཞིག་གིས་ནི་གཟུགས་ལ་སོགས་པ་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྒྱུ་ཉིད་དང་བུད་མེད་ལ་སོགས་པའི་མཐུན་པ་དང་མི་མཐུན་པ་ཉིད་དུ་འཛིན་པར་མི་འགྱུར་གྱི། རྒྱུ་འགའ་ཞིག་
ཡོད་དོ་ཞེས་རྟོགས་པར་འགྱུར་རོ། །ལྷན་ཅིག་བཟུང་ན་རྒྱུ་ཉིད་དུ་རྟོགས་སོ་ཞེ་ན། འོ་ན་ནི་སྔོན་པོ་ལ་སོགས་པ་ཡང་ཕན་ཚུན་རྒྱུ་ཉིད་དུ་རྟོགས་པར་འགྱུར་རོ། །འགྱུར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་འདི་ནི་འཐད་པ་མ་ཡིན་ནོ། །གལ་ཏེ་བདེ་བ་འབའ་ཞིག་མིག་ལ་སོགས་པས་འཛིན་པར་ནུས་པ་
ཡིན་ན་ནི། དེའི་ཚེ་གཟུགས་ལ་སོགས་པ་མཐོང་བ་མི་སྐྱེ་བ་ཉིད་དུ་འགྱུར་རོ། །འདི་ལྟར། ནང་གི་ཡན་ལག་ནུས་པའི་དོན། །ཡོད་ན་ཕྱི་རོལ་མཐོང་མི་འགྱུར། །གལ་ཏེ་ཕྱི་རོལ་དུ་བུད་མེད་ལ་སོགས་པ་མ་མཐོང་བར་བདེ་བ་མྱོང་བ་ཉིད་འགྱུར་བ་ཡིན་ན་ནི་དེའི་ཚེ་ཕྱི་རོལ་མི་མཐོང་བར་འགྱུར་ཏེ། བདེ་བ་
མྱོང་བ་བར་དུ་གཅོད་པ་ཡིན་པའི་ཕྱིར་རོ། །དོན་འཛིན་པ་ཡང་འདོད་པ་ཉིད་དོ་ཞེས་ཁས་ལེན་ན་དེའི་ཚེ་ཉེས་པ་གཞན། དོན་འཛིན་ན་ནི་དེ་ལས་སྐྱེས། །བདེ་བ་ལ་སོགས་མྱོང་མི་འགྱུར། །འདི་ལྟར་དོན་འཛིན་པའི་དུས་ན་གལ་ཏེ་བདེ་བ་སྐྱེ་བ་ཡིན་པ་དེ་ལྟ་ན་ཡང་དེ་འཛིན་པའི་ཚོགས་པ་མེད་དེ། དབང་
པོ་དང་དོན་དང་ཡིད་ཕྲད་པ་ལས་བྱུང་བའི་ཡིད་ཀྱིས་ནི་གཟུགས་ལ་སོགས་པའི་དོན་འཛིན་ལ་ཡིད་གཞན་ཡང་ཡོད་པ་མ་ཡིན་ཏེ། ཤེས་པ་དུས་གཅིག་ཏུ་སྐྱེ་བར་ཁས་མི་ལེན་པའི་ཕྱིར་རོ། །དེས་ན་དེ་ལས་སྐྱེས་པའི་བདེ་བ་ལ་སོགས་པ་མི་འཛིན་པར་འགྱུར་རོ། །འོན་ཏེ་རྣམ་པར་ཤེས་པ་ཅིག་
เล่ม ๑๗๘ · หน้า 295b
ཅར་སྐྱེ་བར་འདོད་ན་དེའི་ཚེ་ཡང་ཉེས་པ་གཞན་ཡོད་དོ་ཞེས་བཤད་པ་ནི། ཡུལ་དེ་དང་ནི་དེ་ཡོད་ལས། །བློ་ནི་ཅིག་ཅར་སྐྱེ་བ་ནི། །ཅིག་ཅར་དོན་ནི་ཡོད་པ་ན། །བདེ་སྡུག་དག་ནི་རིག་པར་འགྱུར། །འདོད་པ་དང་མི་འདོད་པའི་དོན་ཡོད་ན། བདེ་བ་དང་སྡུག་བསྔལ་རིག་པ་དག་ཅིག་ཅར་འགྱུར་བ་
བཟློག་པར་མི་ནུས་སོ། །འདི་ནི་མཐོང་བ་ཉིད་མ་ཡིན་ནམ་འདི་ལྟར་གྲང་བའི་དུས་ན་གྲང་བ་དང་། དྲོ་བའི་རེག་པ་མྱོང་བ་ལས་སྐྱེས་པའི་བདེ་བ་དང་སྡུག་བསྔལ་རིག་པ་ཉིད་དོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར་རྟག་ཏུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡུལ་གྱི་རོས་ཡིད་འཕྲོགས་པ་
རྗེ་བོའི་གླའི་ཡོ་བྱད་བྱིན་པའི་གཞན་གྱི་དབང་དུ་གྱུར་པ། བདག་ཉིད་འབྲས་བུ་དང་བཅས་པར་འདོད་པ་ནི་མཚོན་གྱིས་རེག་པའི་སྡུག་བསྔལ་རེག་པ་མ་ཡིན་ནོ། །སྡུག་བསྔལ་གྱི་རྒྱུ་ཉེ་བ་ན་དེ་གདོན་མི་ཟ་བར་སྐྱེ་བ་ཡང་ཡིན་ཏེ། དེས་ན་བདེ་བ་དང་སྡུག་བསྔལ་ལྷན་ཅིག་རིག་པར་ཐལ་
ལོ། །འོན་ཏེ་གཞན་གྱིས་ཟིལ་གྱིས་གནོན་པའི་ཕྱིར་གཞན་རིག་པ་མ་ཡིན་ན། དེ་ནི་མི་འཐད་དེ་ཟིལ་གྱིས་ནོན་པ་མི་སྲིད་པའི་ཕྱིར་རོ། །ཆེན་པོ་ཉིད་ལ་སོགས་པ་ཟིལ་གྱིས་གནོན་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཏེ། གླང་པོ་དང་སྦྲང་བུ་དག་གཅིག་རྟོགས་པ་མེད་པར་ཐལ་བའི་ཕྱིར་
རོ། །འདོད་པ་ཉིད་ཀྱིས་ཞེས་བྱ་བ་ལ་ཡང་དག་པ་མ་ཡིན་ཏེ། གཉི་ག་ཡང་ལྷན་ཅིག་མཐོང་བའི་ཕྱིར་ཏེ། བདེ་བ་དང་སྡུག་བསྔལ་དག་ཅིག་ཅར་མྱོང་བར་བསྒྲུབ་པའི་ཕྱིར་རོ། །འདུ་བྱེད་པ་གསལ་བ་ལས་ལ་ལར་ཡང་འགྱུར་རོ་ཞེ་ན་མ་ཡིན་ཏེ། གོམས་པ་ལས་མ་གཏོགས་པའི་འདུ་བྱེད་
པ་གཞན་མ་མཐོང་བའི་ཕྱིར་རོ། །བསྒོམས་པའི་སྟོབས་ལས་བདེ་བ་ལ་སོགས་པ་སྐྱེ་བ་ཡིན་ན་ནི། དེའི་ཚེ་རྟོགས་པའི་རང་བཞིན་ཉིད་དོ་ཞེས་བསྟན་ཟིན་ཏོ། །འོན་ཏེ་ཡང་ཤེས་པ་ནི་བདེ་བ་ལ་སོགས་པ་ལ་གོམས་པའི་སྟོབས་ཀྱིས་འཇུག་པ་ཡིན་ལ་བདེ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་
རྒྱུ་ཉིད་ལས་འབྱུང་བ་ཡིན་ནོ་ཞེ་ན་འདི་ཡང་རུང་བ་མ་ཡིན་ཏེ། འདི་ལྟར། དངོས་པོའི་སྟོབས་ལས་སྐྱེ་བ་ཡི། །ཤེས་པ་གང་ཡིན་དེ་ལ་ནི། །མཁས་རྣམས་གོམས་པ་ཁས་ལེན་མིན། །དེ་ལྟ་ཞེ་ན་མ་འབྲེལ་འགྱུར། །གལ་ཏེ་བདེ་བ་ལ་སོགས་པ་དག་ཉེ་བར་གནས་པ་ཉིད་ཡིན་ན་ནི་དེ་གོམས་པ་
เล่ม ๑๗๘ · หน้า 296a
མེད་པར་ཡང་མཐོང་བ་ཁོ་ནའོ། །སྔར་མ་བསམས་པའམ། མ་མྱོང་བ་གཅིག་ཉིད་ཀྱི་ཚེ། དམིགས་པའི་ཡུལ་དུ་མི་འགྱུར་བ་མ་ཡིན་ནོ། །དེ་ལ་ཡང་བར་དུ་གཅོད་པའི་གོམས་པ་ཡོད་པ་ཉིད་དོ་ཞེ་ན། འདི་ལ་ཚད་མ་ཅི་ཡོད། གཞན་ཡང་དོན་གྱི་རྣམ་པ་གོམས་པ་མེད་པར་
ནི་ཤེས་པ་གོམས་པར་འགྱུར་བ་མ་ཡིན་ཏེ། འབའ་ཞིག་གོམས་པར་བྱ་བ་མི་ནུས་པའི་ཕྱིར་རོ། །གལ་ཏེ་ཤེས་པ་གོམས་པའི་སྟོབས་ཀྱིས་སྐྱེ་བ་ཡིན་ན་དོན་ལ་སོགས་པ་ལ་ལྟོས་པ་ནི་ཡོད། འོན་ཏེ་དོན་དང་ལྷན་ཅིག་པའི་གོམས་པ་ལས་ཡིན་ནོ། །དེ་ལྟ་ཡིན་ན་དོན་གྱི་རྣམ་པ་ཡང་གོམས་པའི་སྟོབས་
ཉིད་ལས་སྐྱེས་པར་འགྱུར་རོ། །དེ་ལྟར་གྱུར་ན་རྨི་ལམ་ལ་སོགས་པ་བཞིན་དུ་ཤེས་པ་དོན་དང་བྲལ་བ་ཉིད་དུ་འགྱུར་བས་བདེ་བ་ལ་སོགས་པ་རྣམ་པར་ཤེས་པ་ལས་ཕྱི་རོལ་པར་བསྒྲུབ་ཏུ་ཆས་པ་དོན་ཡང་ཕྱི་རོལ་གྱི་རང་བཞིན་མ་ཡིན་པར་བསྒྲུབ་པའི་ཕྱིར། གཞན་དག་གཞན་སུན་འབྱིན་པ་ལ་ཆེར་གཟོའོ། །
བདེ་བ་དང་སྡུག་བསྔལ་ཅིག་ཅར་འབྱུང་བ་མ་ཡིན་པར་འདོད་དེ། འདི་ལྟར། ནང་གི་ཉེར་ལེན་ཤེས་པ་ཡང་། །ཡོད་ན་སྡུག་བསྔལ་ལ་སོགས་འབྱུང་། །གཅིག་པོ་དེ་ནི་འགལ་བ་ཡི། །ཉེར་ལེན་མིན་པར་འདོད་ཅེ་ན། །གང་གིས་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལན་རྒྱུ། །བདག་པོ་ཉིད་དུ་འགྱུར་
ཡིན་ན། །དེ་ནི་འགལ་བདག་ལའང་མཐོང་། །དཔེར་ན་སྣ་གཅིག་མཚན་རྒྱུ་དང་། །དེ་ལས་གཞན་པའི་དབང་པོ་དག །གཟུགས་མཐོང་བ་དང་མི་མཐུན་དང་། །མཐུན་པ་ཅིག་ཅར་བྱེད་པ་བཞིན། །གལ་ཏེ་བདེ་བ་ལ་སོགས་པ་ཤེས་པ་སྔ་མའི་ཉེ་བར་ལེན་པ་ལ་ལྟོས་ནས་བྱུང་བ་ཡིན་ན་དེའི་ཚེ།
འགལ་བ་གཉིས་ཀྱི་ཉེ་བར་ལེན་པ་གཅིག་ཡིན་པར་མི་རིགས་པ་ཞིག་ན། །འོན་ཀྱང་དེ་ཉིད་རིགས་པ་ཡིན་ཏེ། བདེ་བ་ལ་སོགས་པ་འགལ་བ་ལ་ཡང་ཤེས་པ་མཐོང་ངོ་། །འོན་ཏེ་འགལ་བའི་ཉེ་བར་ལེན་པ་མ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་རྣམ་པར་ཤེས་པ་རྣམ་པར་ཤེས་པ་མ་ཡིན་པའི་ཉེ་བར་ལེན་པར་ཅི་
ལྟར་འགྱུར། ཉེ་བར་ལེན་པའི་དངོས་པོ་ཞེས་བྱ་བ་མ་ཡིན་གྱི། རྒྱུ་རྣམས་ལ་འབྲས་བུའི་བདག་པོ་ཉིད་ཡིན་པ་འབའ་ཞིག་ཏུ་ཟད་ལ་དེ་ནི་འགལ་བ་ལ་ཡང་ཡོད་པ་ཉིད་དོ། །དཔེར་ན་སྣང་བ་གཅིག་ལས་འུག་པ་དང་གཞན་དག་གི་མིག་ལ་གནོད་པ་དང་། ཅིག་ཤོས་སུ་འགྱུར་བ་བཞིན་ནོ། །དེའི་ཕྱིར་བདེ་
เล่ม ๑๗๘ · หน้า 296b
སོགས་རང་ཉིད་ལ། །འཕོས་པའི་དོན་ནི་སྣང་བ་དང་། །རང་བདག་རིག་བྱེད་འདི་དག་གི །དོན་ལས་སྐྱེས་པ་ཙམ་དུ་ཟད། །གལ་ཏེ་བདེ་བ་ལ་སོགས་པའི་རྟོགས་པའི་བདག་ཉིད་མ་ཡིན་ན། གཟུགས་ལ་སོགས་པ་ལས་རྣམ་པར་ཤེས་པ་དང་དུས་མཚུངས་པར་སྐྱེ་བ་ཡིན་ན། དེའི་ཚེ་རྟག་ཏུ་འདོད་པ་དང་
མི་འདོད་པའི་ཡུལ་མངོན་དུ་གྱུར་པས་བདེ་བ་དང་སྡུག་བསྔལ་ཅིག་ཅར་རིག་པར་འགྱུར་རོ། །ཁྱེད་ཀྱི་ལྟར་ན་ཡང་ཅི་སྟེ་དེ་ལྟར་མི་འགྱུར་ཞེ་ན། མ་ཡིན་ཏེ། བག་ཆགས་སད་པ་དེ་དང་འདྲ་བ་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་ཏེ། འགའ་ཞིག་གི་ཚེ་ཉིད་འགའ་ཞིག་
བག་ཆགས་སད་པའི་རྒྱུ་ཡིན་ནོ། །ངེད་ལ་ཡང་དེ་ལྟར་ཡིན་ནོ་ཞེ་ན་མ་ཡིན་ཏེ་འདི་ལྟར། བག་ཆགས་སྟོབས་ལས་བྱུང་ན་ནི། །རྟོག་པ་ཉིད་དུ་ཐལ་བར་འགྱུར། །བག་ཆགས་དྲན་དང་ངོ་ཤེས་པ། །ཉིད་ཀྱི་རྒྱུ་ནི་ཡིན་པར་མཐོང་། །གལ་ཏེ་དྲན་པ་ལ་སོགས་པ་ཡང་རང་གི་ངོ་བོས་རིག་པ་མེད་པ་ཉིད་མ་ཡིན་
ནམ། དེ་ལ་ཡང་དོན་ཉིད་སྣང་བའི་ཕྱིར་རོ། །དེ་ལ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དོན་གྱི་རང་བཞིན་ཉིད་སྣང་གི །དེར་ཡང་ཤེས་པའི་རང་བཞིན་གཞན་ནི་རིག་པའི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་བློ་མཐའ་དག་ནི་ལྐོག་ཏུ་གྱུར་པ་འབའ་ཞིག་གོ་ཞེ་ན། གལ་ཏེ་དེར་ནི་ཡོད་པ་ཡི། །
དོན་ཉིད་སྣང་བའི་སྤྱོད་ཡུལ་ན། །དོན་དེ་མངོན་སུམ་བཞིན་དུ་ནི། །འཛིན་པ་དང་ནི་འབྲེལ་པར་འགྱུར། །རང་གི་ངོ་བོས་སྣང་བའི་དོན་ནི་མངོན་སུམ་མ་ཡིན་པར་འོས་པ་མ་ཡིན་ཏེ། རང་གི་ངོ་བོས་སྣང་བ་ཉིད་མངོན་སུམ་ཡིན་པའི་ཕྱིར་རོ། །མངོན་སུམ་གྱི་མཚན་ཉིད་གཞན་མེད་པའི་ཕྱིར་རོ། །དེ་ལྟར་གྱུར་
ན་མངོན་སུམ་དང་དྲན་པ་དག་ཁྱད་པར་མེད་པར་འགྱུར་རོ། །འོན་ཏེ་སྔ་མ་ཉིད་དང་ལྐོག་ཏུ་གྱུར་པ་ཉིད་དུ་སྣང་བ་དེས་ན་ཉེན་པ་འདི་མེད་དོ་ཞེ་ན། ལྐོག་ཏུ་གྱུར་པ་ཞེས་བྱ་བ་འདི་ཅི་ཞིག །དེ་མངོན་སུམ་གྱིས་ནི་དམིགས་པ་མ་ཡིན་ནོ། །མངོན་སུམ་གྱིས་ནི་དམིགས་འགྱུར་བ། །དྲན་པ་ཉིད་ལ་འཇུག་པ་ཡིན།
གཞན་པ་སྔར་མེད་རང་བཞིན་ནི། །འཛིན་ན་ཇི་ལྟར་དྲན་པ་ཡིན། །དྲན་པ་ནི་མངོན་སུམ་གྱིས་དམིགས་པ་ལ་འཇུག་པ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ། སྔ་ན་མེད་པ་གཟུང་བ་ཡིན་ན་ཅི་ལྟར་དྲན་པ་ཡིན། སྔོན་མེད་པའི་ཡུལ་ཅན་ནི་དྲན་པ་མ་ཡིན་ནོ། །འོན་ཏེ་གཟུང་བའི་དོན་ཉིད་ལ་ལྐོག་ཏུ་གྱུར་པར་འཛིན་
เล่ม ๑๗๘ · หน้า 297a
པའི་ཕྱིར་དེ་དྲན་པ་ཡིན་པར་འདོད་ན་དེ་ཡང་མི་རུང་སྟེ། ལྐོག་ཉིད་དོན་གྱི་ངོ་བོའམ་ཅི། །ཅི་ག་ཤེས་པའི་ངོ་བོ་ཡིན། །དོན་གྱི་རང་བཞིན་ཉིད་ཅེ་ན། །མངོན་སུམ་ལ་ནི་དེ་སྣང་འགྱུར། །དོན་གྱི་རང་བཞིན་གང་ཡིན་པ་དེ་ནི་མངོན་སུམ་ལ་སྣང་བར་འགྱུར་ཏེ། དཔེར་ན་སྔོན་པོ་
ཉིད་ལ་སོགས་པ་བཞིན་ནོ། །གལ་ཏེ་ནུས་པ་ངེས་པའི་ཕྱིར་དྲན་པ་ཉིད་ལ་སྣང་བ་ཡིན་ཏེ། དཔེར་ན་དངོས་པོ་ཡོད་པ་དང་མེད་པའི་བདག་ཉིད་ལ་ཡོད་པའི་རང་བཞིན་ནི་མངོན་སུམ་འཛིན་ཅིང་དངོས་པོ་མེད་པའི་རང་བཞིན་ནི་རང་བཞིན་གཞན་གྱི་དངོས་པོ་མེད་པའི་ཚད་མའི་སྤྱོད་ཡུལ་དུ་འགྱུར་བ་བཞིན་ནོ་
ཞེ་ན། དེ་ཡང་རང་གི་ཕྱོགས་སུ་ལྟུང་བ་ཡིན་ཏེ་འདི། དངོས་མེད་དངོས་པོ་ཡིན་ན་ནི། །ཅི་ལྟར་མངོན་སུམ་གྱིས་མི་འཛིན། །དེ་ལས་དེ་ནི་ཐ་དད་ན། །དངོས་པོ་གཉི་གར་ཅི་ལྟར་འགྱུར། །དངོས་པོ་ཐ་དད་པའི་མཚན་ཉིད་ནི་རྣམ་པ་ཐ་དད་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐ་དད་ཀྱང་ཐ་དད་པ་མེད་པ་
ཡིན་ན་ནི། རིལ་རང་བཞིན་གཅིག་ཏུ་འགྱུར་རོ། །འོན་ཏེ་དངོས་པོ་དག་གི་རྣམ་པ་ཐ་དད་པས་དུ་མར་འགྱུར་གྱི་དངོས་པོ་དང་དངོས་པོ་མེད་པ་དག་ནི་མ་ཡིན་ནོ། །དངོས་པོ་དག་ནི་དངོས་པོ་མེད་པ་ལས་ཐ་དད་པའི་ཕྱིར་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་ལ་ནི་དངོས་པོ་མེད་པ་གཞན་མེད་དོ། །
དེ་ལྟ་མ་ཡིན་ན་ནི་ཐུག་པ་མེད་པར་འགྱུར་རོ་ཞེ་ན། གལ་ཏེ་དངོས་མེད་དངོས་པོ་ལས། །གཞན་མིན་གཞན་འཛིན་ཅི་ལྟར་ཡིན། །ཚད་མ་ཐ་དད་ཕྱིར་ཞེ་ན། །ཐ་དད་མེད་པར་ག་ལས་འཛིན། །གལ་ཏེ་དངོས་པོའི་ཆ་ནི་མངོན་སུམ་གྱིས་འཛིན་ལ། དངོས་པོ་མེད་པའི་ཆ་ནི་ཚད་མ་གཞན་གྱིས་ཡིན་ན།
དེ་ལྟ་ཡིན་ན་ཕན་ཚུན་མ་འདྲེས་པར་རྟོགས་པའི་ཕྱིར་ཅི་ལྟར་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་གཅིག་ཡིན་ཞེས་བྱ་བར་རྟོགས། གལ་ཏེ་མིག་གི་རྣམ་ཤེས་ཀྱིས་གཟུགས་རྟོགས་ལ། གཞན་གྱིས་སྒྲ་ལ་སོགས་པ་ཡིན་ན་བདག་ཉིད་ཀྱིས་གཉི་ག་རྟོགས་སོ་ཞེས་བྱེད་པ་པོ་གཅིག་ཉིད་དུ་ཅི་ལྟར་
རྟོགས་ཤེ་ན། འདི་ཐོག་མ་མེད་པའི་བག་ཆགས་ལས་རྟོགས་པ་ཡིན་གྱི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར། འདི་ལ་ཀླན་ཀ་ཅི་ཡོད། འདིར་ཡང་དེ་བཞིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ཉིད་ལས་དངོས་པོ་མེད་པའི་ཐ་དད་པར་རྟོགས་པ་ཡང་ཡིན་པར་འགྱུར་ན། དོན་གཞན་
เล่ม ๑๗๘ · หน้า 297b
བརྟགས་པས་ཅི་བྱ། དངོས་པོ་མེད་པ་ཞེས་བྱ་བ་ནི་ཚད་མ་དེ་ཡང་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །དེས་ན་མི་འདྲ་བ་ཉིད་ཀྱིས་དེ་ལས་ལྡོག་པས་ན། དངོས་པོ་མེད་པས་ཅི་བྱ་མི་འདྲ་བ་ཡང་མངོན་སུམ་ཉིད་ལ་སྣང་བ་ཡིན་ནོ། །དེས་ན་འདི་ན་མེད་དོ་ཞེས་བྱ་བའི་
དུས་སུ་ཕྱིས་འབྱུང་བ་ཅན་དེའི་སྟོབས་ལས་བྱུང་བ་ནི། གཟུང་བ་འཛིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །དངོས་པོ་མེད་པ་ཞེས་བྱ་བའི་ཚད་མ་གཞན་ནི་མེད་དོ། །དངོས་པོ་མེད་པའི་ཚད་མས་བདག་གིས་དངོས་པོ་མེད་པར་རྟོགས་སོ་ཞེས་བྱ་བ་འདི་ནི་སོ་སོ་རང་གི་ཐ་སྙད་ཡིན་གྱི། འཇིག་རྟེན་ནི་གང་
གི་ཕྱིར་བལྟར་རུང་བ་བདག་གིས་མ་དམིགས་པ་དེས་ན་འདི་ནི་མེད་དོ་ཞེ་འམ། དེ་འདིར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་མཚུངས་པར་དོན་གྱི་ཐ་སྙད་བྱེད་དོ། །མ་དམིགས་པ་དེ་ཡང་མངོན་སུམ་ཁོ་ན་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དོན་དམ་པར་ནི་དངོས་པོ་མེད་པ་ཞེས་བྱ་བ་ཚད་མ་མ་ཡིན་ལ། གཞལ་བྱ་
ཡང་མ་ཡིན་པའི་ཕྱིར། དེའི་བདག་ཉིད་ཅན་ཡིན་ཡང་ནུས་པ་ངེས་པའི་དཔེ་མ་གྲུབ་བོ། །གཞན་ཡང་། ཅི་སྟེ་དངོས་པོ་མེད་པ་ཚད་མ་གཞན་ཡིན་ནོ་དེ་བཞིན་དུ་དྲན་པ་ཡང་འགྱུར་རོ། །ལྐོག་ཏུ་གྱུར་པ་ཉིད་ལ་དྲན་པ་ཚད་མ་ཁོ་ནའོ་ཞེ་ན་མ་ཡིན་ཏེ། ཚད་མའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །ལྐོག་གྱུར་
ཉིད་ནི་བཟུང་ན་ཡང་། །དོན་ནི་ཅི་ཞིག་འགྲུབ་པར་འགྱུར། །རྗེས་དཔག་ཆོས་ཅན་འབྲེལ་པ་དག །གཟུང་བ་ལས་ནི་འཇུག་པ་ཉིད། །འདི་སྙམ་དུ་ལྐོག་ཏུ་གྱུར་པ་ཉིད་ཤེས་པར་གྱུར་ན་འདི་ལ་ད་ལྟར་མངོན་སུམ་དུ་མི་འཇུག་གོ་ཞེས་རྟོག་པ་དང་ལྡན་པ་རྗེས་སུ་དཔག་པ་འཇུག་པར་བྱེད་དོ། །དེས་ན་འདི་
ལྐོག་ཏུ་གྱུར་པ་ཉིད་དུ་རིག་པའི་དགོས་པ་ཡིན་པས་ན། དྲན་པ་ཚད་མ་ཡིན་ནོ་ཞེ་ན། དེ་ལྟར་ནི་མ་ཡིན་ནོ། །འདི་ལྟར་འབྲེལ་པ་བཟུང་བ་དང་ཕྱོགས་ཀྱི་ཆོས་ལ་བརྟེན་པ་འདི་ལས་རྗེས་སུ་དཔག་པ་འཇུག་པའི་ཕྱིར་རོ། །དུ་བ་ལ་སོགས་པའི་འབྲས་བུ་མཐོང་བའི་དེ་མ་ཐག་ཏུ་སྐྱེ་བའི་རྗེས་སུ་དཔག་པས་མེ་
འཛིན་པ་ན་དེའི་སྔར་ལྐོག་ཏུ་གྱུར་པ་དག་ཉིད་ངེས་པར་འཛིན་པར་བྱེད་པ་ནི་སུ་ཡང་མེད་དོ། །ངེས་པར་འཛིན་པ་ན་ཡང་དགོས་པ་མེད་དོ། །འོ་ན་རེས་འགའ་ཞིག་ངེས་པར་འཛིན་པར་བྱེད་པ་ཉིད་དོ་ཞེ་ན། དེ་ལ་ཡང་འོལ་མེད་དོ། །འདི་ལྟར། སྦྱོར་བར་བྱེད་པའི་ཆ་འགའ་ཞིག །རེས་འགའ་བར་ནི་
เล่ม ๑๗๘ · หน้า 298a
མཐོང་ངམ་ཅི། །ཅི་ག་སྦྱོར་བར་བྱེད་པའི་དོན། །རྒྱུ་ཉིད་ལས་ནི་ལྡོག་འགྱུར་རམ། །སྦྱོར་བར་བྱེད་པ་ནི་རྒྱུ་ཁོ་ནའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ལས་འདས་པ་ནི་རྒྱུ་ཉིད་ནི་མ་ཡིན་ཏེ། རྒྱུ་ཉིད་ཀྱི་མཚན་ཉིད་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །གཞན་ཡང་། དྲན་པས་ལྐོག་གྱུར་
ཉིད་དུ་ནི། །དངོས་པོ་གང་ཞིག་ཤེས་པར་འགྱུར། །རྗེས་སུ་དཔག་པས་རྟོག་པ་གང་། །དེ་ནི་དྲན་པའི་སྤྱོད་ཡུལ་མིན། །རྗེས་སུ་དཔག་པའི་ཡུལ་དུ་གྱུར་པའི་དོན་གང་ཡིན་པ་དེ་ནི་དྲན་པའི་ཡུལ་མ་ཡིན་ཏེ། དེ་ལྟ་ཡིན་ན་ཤུགས་ཀྱིས་རྗེས་སུ་དཔག་པ་དོན་མེད་པར་འགྱུར་ཏེ། ལྐོག་ཏུ་གྱུར་པ་ཉིད་ནི་
དྲན་པ་ཉིད་ཀྱིས་བཟུང་བའི་ཕྱིར་རོ། །དྲན་པས་ནི་དེ་ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་ཀྱི་དེའི་ཚེ་ཡོད་པ་ཉིད་དུ་ནི་མ་ཡིན་ནོ་ཞེ་ན། འོ་ན་ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་པ་དེ་གང་ཞིག་ཡིན། སྔོན་མཐོང་བའོ་ཞེ་ན་འོ་ན་དུས་དེའི་མཐར་ཐུག་པའི་དངོས་པོ་ཉིད་དྲན་པས་ལྐོག་ཏུ་གྱུར་པ་ཉིད་དུ་རིག་པ་ཡིན་གྱི།
གཞན་ནི་མ་ཡིན་པས་ན་དྲན་པ་དོན་མེད་པ་ཉིད་དོ། །དྲན་ནས་ལྐོག་ཏུ་གྱུར་པ་ལ་འཇུག་པ་དེས་ན་དྲན་པ་ཚད་མ་ཡིན་གྱི་རྗེས་སུ་དཔག་པ་འཇུག་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། དྲན་ནས་འཇུག་གོ་ཞེས་བྱ་བ་འདིས་ནི་རྣམ་པར་དཔྱད་པར་བྱ་བ་ཡིན་ནོ། །ཅི་དེའི་དུས་ལ་འཇུག་པར་བྱེད་དམ། འོན་ཏེ་
དེ་ལྟ་མ་ཡིན། གལ་ཏེ་དེ་ཡི་དུས་ལ་ནི། །འཇུག་ན་དེའི་ཐོབ་མི་ནུས་སོ། །རྟོག་ལྡན་ཐོབ་བྱའི་དོན་ལ་ནི། །འཇུག་པར་འགྱུར་གྱི་གཞན་དུ་མིན། །ད་ལྟར་བའི་དུས་ལ་ནི་དྲན་པར་རྟོགས་པ་མ་ཡིན་ཏེ། དེས་ན་ཅི་ལྟར་ཚད་མ་ཡིན། །སྔར་ནི་དུས་ཀྱི་དོན་ལ་ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་པ་ཡིན་ན་དེ་ནི་ཐོབ་
པར་མི་ནུས་སོ། །ཡང་ན་ལྐོག་ཏུ་གྱུར་པ་ཉིད་ནི་མངོན་སུམ་ཉིད་ཀྱིས་འཛིན་པ་ཡིན་ཏེ། མངོན་སུམ་གྱིས་དེའི་དུས་ཀྱི་མཐར་ཐུག་པར་གཟུང་བ་གང་ཡིན་པ་དེ་ཉིད་དུས་ཕྱིས་ལ་ལྟོས་ཏེ། ལྐོག་ཏུ་གྱུར་པ་ཉིད་དོ། དེའི་རྣམ་པ་ཉིད་ནི་བག་ཆགས་ཀྱི་སྟོབས་ལས་དྲན་པ་འདིའི་བདག་ཉིད་དུ་གྱུར་པ་
ཁོ་ནའོ། །དེ་ནི་དེ་ལྟ་བུར་གྱུར་པའི། །དོན་ཉིད་ཅེ་ན་དོན་མོས་མེད། །མོས་པ་ཡི་ནི་དབང་ཉིད་ལས། །དེ་ཉིད་དེ་ཉིད་མིན་པར་གནས། །རང་རིག་པས་རྟོགས་པའི་རང་གི་ངོ་བོ་ཉིད་ནི་དོན་ཅེའམ། དོན་མ་ཡིན་ནོ་ཞེས་རྣམ་པར་གནས་པར་འགྱུར་བ་མ་ཡིན་གྱི། དེའི་འོག་ཏུ་བྱུང་བའི་མོས་པས་རྣམ་པར་འཇོག་
เล่ม ๑๗๘ · หน้า 298b
པ་ཡིན་ནོ། །དྲན་པའི་རྣམ་པ་ལ་ནི་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་རྟོགས་པ་དང་ལྡན་པ་དག་དོན་གང་ཡིན་པ་དེ་ནི་སྔོན་མཐོང་བ་ཡིན་ལ་རྣམ་པ་འདི་ནི་དེ་ལྟར་གོམས་པའི་སྟོབས་ལས་སྐྱེ་བ་ཅན་ཡིན་ནོ་ཞེས་རྟོགས་པར་བྱེད་དོ། །དེའི་ཕྱིར་བདེ་སོགས་རང་ཉིད་ལ། །འཕོས་པའི་དོན་ནི་སྣང་བ་དང་། །
རང་བདག་རིག་བྱེད་འདི་དག་ནི། །དོན་ལས་སྐྱེ་བ་ཙམ་དུ་ཟད། །ཅི་ལྟར་མྱོང་བའི་འདུ་བྱེད་ལས་སྐྱེས་པའི་དྲན་པ་རང་ལ་འཕོས་པའི་དོན་གྱི་རྣམ་པ་རིག་པར་བྱེད་པ་ཡིན་པ་དེ་བཞིན་དུ་བདེ་བ་ལ་སོགས་པ་ཡང་ཡིན་ཏེ། འདི་ལྟར་དེ་དག་ཀྱང་གོམས་པའི་འདུ་བྱེད་ལས་བྱུང་བ་ནང་གི་རིག་པའི་ཁྱད་པར་
བདག་ཉིད་དུ་གྱུར་པ་ཁོ་ནའི་རིག་པར་བྱེད་པ་ཡིན་ནོ། །འོ་ན་ཇི་ལྟར་གཟུགས་ལ་སོགས་པའི་དོན་ལ་ལྟོས་ཤེ་ན། དེའི་སྒོ་ནས་དེ་དང་རྗེས་སུ་མཐུན་པའི་བག་ཆགས་སད་པའི་ཕྱིར་རོ། །རེག་པ་འབྲེལ་པ་ལས་བྱུང་བའི། །བདེ་བའི་རྣམ་པར་མྱོང་བ་ལས། །སྐྱེ་བར་གྱུར་པའི་འདུ་བྱེད་དེ། །
དེ་མཐོང་བ་ལས་སད་པར་འགྱུར། །འཁྱུད་པའི་བདེ་བ་མྱོང་བ་ལས་ཤིན་ཏུ་བརྟེན་པར་སྐྱེས་པའི་བག་ཆགས་ནི་ཕྱིས་དེ་འདྲ་བའི་གཟུགས་མཐོང་བས་སད་པར་གྱུར་པ་ན་དེ་ལྟ་བུར་གྱུར་པ་ཉིད་ཀྱིས་ནང་གི་རིག་པའི་བདེ་བ་སྐྱེད་པར་བྱེད་དོ། །འདི་ཉིད་སྟོན་པར་བྱེད་པ་ནི། །དོན་གྱི་བདག་ཉིད་དེ་དག་
གི། །རང་གི་བདག་གྱུར་དེས་མྱོང་ཡིན། །དེས་ན་དོན་སྣང་བ་བཤད་དེ། །དམིགས་པ་ཉིད་ནི་དེར་སྣང་བའོ། །ནང་གི་རིག་པའི་ཁྱད་པར་རུང་གི་བདག་ཉིད་དུ་གྱུར་པ་ཉིད་བདེ་བ་ལ་སོགས་པས་མྱོང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་མྱོང་བར་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ་གཞན་དུ་གྱུར་པ་མྱོང་བ་
ཡིན་ན་དེས་ཞེས་འབྲེལ་པར་མི་འགྱུར་རོ། །འདི་ལྟར། གང་ཕྱིར་ངོ་བོའི་རྒྱུ་ལས་ནི། །རང་གི་ངོ་བོ་མྱོང་བར་རིགས། །གཞན་གྱི་ངོ་བོ་མྱོང་བ་ནི། །ཅི་ལྟར་དེ་ཡི་ཐ་དད་ཕྱིར། །གཞན་ནི་གཞན་གྱི་ངོ་བོ་མིན། །ཅི་ལྟར་དེ་ལས་གསལ་བར་འགྱུར། །སྒྲོན་མ་ལས་ནི་བུམ་པ་ལ། །དེ་འདྲའི་གསལ་
བ་སྐྱེ་བ་ཡིན། །གསལ་བའི་རྣམ་པར་ཤེས་པ་ལས། །དོན་གསལ་བ་ནི་སྐྱེ་མིན་གྱི། །འབྲས་ཉིད་ཡིན་ན་ཤེས་པ་དེས། །དེ་ནི་ཅི་ལྟར་རྟོག་པར་འགྱུར། །གང་ཞིག་གི་འབྲས་བུ་གང་ཡིན་པའི་རྒྱུ་དེས་ནི་རྟོགས་པ་མ་ཡིན་ནོ་ཞེས་འཐད་དོ། །དེ་ལྟ་མ་ཡིན་ན་བློ་ལས་སྐྱེས་པའི་ལུས་ཀྱི་བྱ་བ་དེས་རིག་
เล่ม ๑๗๘ · หน้า 299a
པར་འགྱུར་རོ། །དེའི་ཕྱིར་རང་གི་ངོ་བོ་ཉིད་རིག་པར་འཐད་པ་ཡིན་ནོ། །འོན་ཏེ་མངོན་དུ་ཕྱོགས་པར་འགྱུར་བས་རིག་པ་ཡིན་གྱི་རང་རིག་པས་ནི་མ་ཡིན་ནོ་ཞེ་ན་དེ་ནི་མི་རིགས་ཏེ། རང་བཞིན་མངོན་དུ་ཕྱོགས་གྱུར་པས། །གལ་ཏེ་རང་རྒྱུ་ལས་སྐྱེ་ན། །གང་གིས་དེ་ནི་རིག་
འགྱུར་བ། །འདིར་ནི་དོན་ལ་ཅི་ཞིག་ཡོད། །འོན་ཏེ་དེ་ནི་དོན་ལས་ཀྱང་། །མངོན་ཕྱོགས་ཡིན་པས་དེ་སྐད་བརྗོད། །མིག་ལས་ཀྱང་ནི་མངོན་ཕྱོགས་འགྱུར། །དེ་ནི་ཅི་ལྟར་དེ་རིག་མིན། །དབང་པོ་དོན་ལ་ཕྱོགས་ཤེ་ན། །དོན་ལ་ཞེས་བྱར་ཅི་ལྟར་འདོད། །གལ་ཏེ་དོན་ནི་རིག་ན་འདི། །དོན་ལ་
ཕྱོགས་པར་རིག་པར་འགྱུར། །དོན་རང་གི་ངོ་བོས་མ་རྟོགས་པར་ནི་དེ་ལ་མངོན་དུ་ཕྱོགས་པ་ཉིད་རྟོགས་པ་མ་ཡིན་ནོ། །གལ་ཏེ་དོན་རང་ཉིད་རིག་གོ་ཞེ་ན། ད་ནི་རིག་པ་མངོན་སུམ་དུ་ཕྱོགས་པས་ཅི་ཞིག་བྱ། གྲུབ་པར་ཉེ་བར་གནས་པ་ལ་ནི་དེ་ཉེ་བར་མཁོ་བ་མ་ཡིན་ནོ། །དེ་མེད་པར་དོན་སྣང་བར་
མི་རྟོགས་སོ་ཞེ་ན་འོ་ན་དེ་དང་ལྷན་ཅིག་པ་ཉིད་དུ་རིག་པར་འགྱུར་བ་འབའ་ཞིག་ཏུ་ཟད་དེ་དེ་ལས་གཞན་ནི་མ་ཡིན་ནོ། །དེས་ན་དེ་འཛིན་ཏོ་ཞེས་བྱ་བ་འདི་ནི་གཡར་པོའི་རྒྱན་ནོ། །གཞན་ཡང་། འགའ་ཞིག་བདེ་སོགས་ཕྱི་རོལ་ན། །གནས་ཉིད་དང་ནི་སེམས་མེད་དང་། །གཟུང་བར་སྨྲ་སྟེ་དེ་ཡི་ཡང་། །
ཅིག་ཅར་གཉིས་འཛིན་མི་རིགས་སོ། །ངེས་པར་འཛིན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྔོན་པོ་ལ་སོགས་པ་བཞིན་དུ་རང་དབང་དུ་དམིགས་པ་ཡིན་ན་ངེས་པར་སྔོན་པོ་ལ་སོགས་པ་གཞན་དང་ལྷན་ཅིག་འཛིན་ཏེ་ཞེས་བྱ་བའི་རྒྱུ་ནི་མེད་དོ། །འོན་ཏེ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་འདི་དག་ནི་
བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རང་བཞིན་ཅན་གཙོ་བོའི་ཡོངས་སུ་གྱུར་པ་ཡིན་ཏེ་འདི་ལྟར། གཞུང་ལུགས་ནི་གཙོ་བོ་ལས་ནི་ཆེན་པོ། ཆེན་པོ་ལས་ང་རྒྱལ། ང་རྒྱལ་ལས་དེ་ཙམ་ལྔ་དང་། བློའི་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་ལྔ་དང་། ཡིད་དོ། །དེ་ཙམ་ལྔ་ལས་ནི་འབྱུང་བ་ཆེན་པོ་ལྔ་སྟེ། དེ་
ལྟར་རྣམ་པར་འགྱུར་བའི་རིགས་མཐའ་དག་ནི་འདི་ཙམ་དུ་ཟད་དོ། །རྣམ་པར་འགྱུར་བ་ཡང་རང་བཞིན་གྱི་རྗེས་སུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་འཇིམ་པའི་རྣམ་པར་འགྱུར་བ་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །འདིར་བརྗོད་པ། སྔོ་སོགས་རང་བཞིན་བདེ་སོགས་དང་། །གཅིག་ཕྱིར་
เล่ม ๑๗๘ · หน้า 299b
ཅིག་ཅར་འཛིན་ཅེ་ན། །ཐ་དད་སྣང་ཅན་སེམས་ཀྱིས་ནི། །གཟུང་དེ་ཇི་ལྟར་ཐ་མི་དད། །བདེ་བ་ལ་སོགས་པ་ནི་བདེ་བ་ལ་སོགས་པའི་རང་བཞིན་ཅན་གཙོ་བོའི་ཡོངས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན། དེའི་རང་བཞིན་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་རོ། །འདི་ལྟར་འཛིན་པའི་རྣམ་པར་
འགྱུར་བ་ནི་དེའི་རྗེས་སུ་འགྲོ་བ་ཅན་དུ་མཐོང་ངོ་ཞེ་ན། འདི་ལྟར་མ་ངེས་པ་ཉིད་མ་ཡིན་ནམ། སྒྲ་རྔ་བོ་ཆེ་དང་དབྱིག་པའི་སྦྱོར་བ་ལས་སྐྱེས་པ་ཡིན་ཡང་རྔ་བོ་ཆེ་དང་དབྱིག་པའི་རྗེས་སུ་འགྲོ་བ་ཅན་ནི་མ་ཡིན་ནོ། །གལ་ཏེ་ཡང་རླུང་ངམ་སྒྲའི་རྡུལ་ཕྲ་རབ་སྒྲ་ཉིད་དུ་གྱུར་པར་འདོད་པ། དེ་ལྟ་ན་ཡང་དེ་གྲུབ་པ་མ་
ཡིན་ནོ། །འོན་ཏེ་འཇིམ་པའི་འགྱུར་བ་བཞིན་དུ་འདིར་ཡང་རིགས་མཚུངས་པའི་རྒྱུ་བརྟག་པ་ཡིན་ན། དེ་ལྟ་ན་ནི་འོ་ན་དེའི་རང་བཞིན་ཅན་གྱི་འབྲས་བུ་གང་ཅི་སྙེད་པ་དེ་ཐམས་ཅད་རིགས་མི་མཐུན་པ་ལས་ཡིན་ཏེ། དཔེར་ན་སྒྲ་ལ་སོགས་པ་བཞིན་ནོ། །བུམ་པ་ལ་སོགས་པ་ཡང་འབྲས་བུ་ཡིན་པས། དེ་ཡང་
རིགས་མི་མཐུན་པ་ཉིད་ལས་ཡིན་ནོ། །རྫ་མཁན་ལ་སོགས་པ་ནི་རིགས་མི་མཐུན་པ་ཡིན་ཏེ། དེས་ན་ཐམས་ཅད་མཐུན་པ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་ཁྱབ་པ་མེད་པའམ། རིགས་མི་མཐུན་པ་ལས་སྐྱེ་བ་ཡིན་པའི་ཕྱིར་བཟློག་པ་གྲུབ་བོ། ལྷན་ཅིག་པ་མ་ཡིན་པའི་རིགས་མཐུན་པའི་རྒྱུ་ནི་འགར་
ཡང་མཐོང་བ་མེད་དོ། །འོན་ཏེ་ཐམས་ཅད་བདེ་བ་ལ་སོགས་པ་རྗེས་སུ་འགྲོ་བ་ཅན་དུ་མཐོང་བ་དེས་ན་བདེ་བ་ལ་སོགས་པའི་རང་བཞིན་ཉིད་རྒྱུ་ཡིན་པར་འགྱུར་ཏེ། འཇི་བའི་རྣམ་པར་འགྱུར་བ་རྣམས་ཀྱིས་འཇིམ་གོང་བཞིན་ནོ་ཞེ་ན་འདི་ལ་བཤད་ཟིན་ཏོ། །ལྷན་ཅིག་པ་གཞན་ཡང་རྒྱུ་ཡིན་པའི་ཕྱིར་རོ། །
དེས་ན་རིགས་མཐུན་པ་དང་མི་མཐུན་པ་རྒྱུ་ཡིན་པར་ཐལ་བས་གཙོ་བོ་མི་འགྲུབ་བོ། །གཞན་ཡང་བདེ་བ་ལ་སོགས་པ་ཡང་གཟུང་བ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བས་བཟུང་བའི་གཙོ་བོ་གཞན་འགྲུབ་བོ། །དེས་ན་མཐར་བཟུང་བ་ཉིད་དང་དངོས་པོ་ཉིད་ལ་སོགས་པ་རྒྱུ་ཡིན་པར་འགྱུར་རོ། །འོན་ཏེ་དེ་ཡང་
བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་ཏེ། དངོས་པོ་ཉིད་ལ་སོགས་པའི་རྗེས་སུ་འགྲོ་བ་ཅན་ནི་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་བདེ་བ་ལ་སོགས་པ་བུམ་པ་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ན། གཙོ་བོ་བུམ་པ་ལ་སོགས་པའི་བདག་ཉིད་ཅན་
เล่ม ๑๗๘ · หน้า 300a
དུ་ཐལ་བར་འགྱུར་རོ། །འོན་ཏེ་དེ་ནི་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་འདོད་པ་ཉིད་དོ་ཞེ་ན། གལ་ཏེ་རྣམ་པར་འགྱུར་བའི་ཚོགས་མཐའ་དག་གཙོ་བོའི་བདག་ཉིད་ལ་རང་བཞིན་དེ་ཉིད་ཀྱིས་ཕན་ཚུན་ལྡོག་པར་ཡོད་པ་ཡིན་ན། འདི་ལ་རང་བཞིན་དང་རྣམ་པར་འགྱུར་བའི་དངོས་
པོ་ཅི་ཞིག་ཡོད། མངོན་པར་གསལ་བ་དང་མི་གསལ་བ་ཙམ་སྟེ། མངོན་པར་གསལ་བའི་རྣམ་པར་འགྱུར་བ་ཡིན་ལ་མི་གསལ་བའི་ནི་རང་བཞིན་ནོ་ཞེ་ན། མངོན་པར་གསལ་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ལ་མི་གསལ་བ་ཡང་ཅི་ཞིག་ཡིན། གསལ་བ་ནི་མངོན་པར་གསལ་བ་ཡིན་ལ། དེ་
མེད་པ་ནི་མི་གསལ་བ་ཡིན་ནོ་ཞེ་ན། གསལ་བ་འདི་ཅི་ཞིག་མཐོང་བའི་བདག་ཉིད་དོ། །དེ་མེད་པའི་མི་དམིགས་པ་ནི་མི་གསལ་བའོ། །ཚད་མས་རང་གི་ངོ་བོ་གྲུབ་པ་ན། དེ་དམིགས་ཞེས་བྱ་བར་ནུས་པ་ཡིན་གྱི་གྲུབ་ན་ནི་མེད་པ་ཉིད་མ་ཡིན་ནམ། དེས་ན་སྔ་ན་མེད་པ་ཡིན་པའི་ཕྱིར་གཙོ་བོ་མི་འགྲུབ་བོ། །
གལ་ཏེ་བུམ་པ་ལ་སོགས་པ་སྔར་དེ་ལྟར་ཡོད་པ་ཉིད་མ་དམིགས་པ་ཡིན་ན་ཡང་གཙོ་བོ་རྒྱུར་བརྟག་པས་ཅི་བྱ། དེ་དག་གི་བདེ་བ་ལ་སོགས་པའི་རང་བཞིན་ཉིད་གཙོ་བོ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བདེ་བ་ལ་སོགས་པའི་རང་བཞིན་ལས་ཐ་དད་པར་གཟུང་བའི་ཕྱིར་རོ། །ཐ་དད་པར་སྣང་བ་ཅན་གྱི་གཟུང་
བ་ཐ་དད་པ་མ་ཡིན་པར་ཡང་ཅི་ལྟར་འགྱུར། གཞན་ཡང་། ཕྱི་དེ་ཁྱད་པར་ཡོད་ནི་ན་ཡང་། །གོམས་པ་ཡི་ནི་ཁྱད་པར་ལས། །བློ་ལ་དགའ་ཡང་ཡོངས་སུ་གདུང་། །ཁྱད་པར་དུ་ནི་མི་འགྱུར་རོ། །གལ་ཏེ་བདེ་བ་ལ་སོགས་པ་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་རང་བཞིན་ཉིད་ཡིན་ན། འོ་ན་ནི་སྔོན་པོ་ལ་སོགས་
པ་ཉིད་བཞིན་དུ་བསྒོམས་པའི་ཁྱད་པར་ལས་དགའ་བ་དང་གདུང་བ་ལ་སོགས་པ་ཁྱད་པར་དུ་མི་འགྱུར་རོ། །སྔོན་པོ་ལ་སོགས་པའི་རང་བཞིན་དུ་སྣང་བ་ནི། བསྒོམས་པའི་ཁྱད་པར་གྱིས་ཁྱད་པར་དུ་འགྱུར་བར་མ་དམིགས་སོ། །དེ་ལྟ་ཡིན་ནོ་ཞེ་ན་ནི་ནང་དང་ཕྱི་རོལ་མཐའ་དག་གོམས་པའི་རྗེས་སུ་འགྲོ་བ་ཅན་
ཡིན་པ་དེའི་ཕྱིར་འགྲོ་བ་མཐའ་དག་ནི་གོམས་པའི་སྟོབས་ལས་སྐྱེས་པས་དེ་ཁོ་ན་མ་ཡིན་པར་འགྱུར་རོ། །གལ་ཏེ་བདེ་བ་ལ་སོགས་པ་ཕྱི་རོལ་ཡིན་ན་ནི། ཕྱི་རོལ་གྱི་རང་བཞིན་དུ་སྣང་བར་འགྱུར་རོ། །དེ་ནི་འཁྲུལ་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འཁྲུལ་པའི་རྒྱུ་མ་མཐོང་བའི་ཕྱིར་དང་། གནོད་པ་མེད་
เล่ม ๑๗๘ · หน้า 300b
པའི་ཕྱིར་རོ། །གལ་ཏེ་བློ་ཡང་བདེ་སོགས་ཀྱི། །བདག་ཉིད་ཡིན་པས་མི་འགལ་ན། །དེ་ནི་ཕྱི་དེ་བདེ་སོགས་ཀྱི། །བདག་ཉིད་ཡིན་ཞེས་ཅི་ལྟར་རྟོགས། །བསམ་པ་འདི་ཡིན་པར་འགྱུར་ཏེ་ཅི་ལྟར་སྒྲ་ལ་སོགས་པ་གཙོ་བོ་ཡོངས་སུ་གྱུར་པའི་རང་བཞིན་ཡིན་པ་དེ་བཞིན་དུ་བློ་ཡང་ཡིན་ནོ། །དེས་ན་བདག་གི་བློའི་
རང་བཞིན་གྱི་བདེ་བ་ལ་སོགས་པ་རིག་པ་ངེས་པ་ཁོ་ནར་ཕྱི་རོལ་མ་ཡིན་པའི་རང་བཞིན་དུ་རིག་པ་ཡིན་ལ། བསྒོམས་པའི་ཁྱད་པར་གྱིས་བློ་ཁྱད་པར་དུ་གྱུར་པ་ན། དེའི་བདག་ཉིད་ཅན་གྱི་བདེ་བ་ལ་སོགས་པ་ཡང་ཁྱད་པར་དུ་འགྱུར་རོ། །བསྒོམས་པ་ཞེས་བྱ་བ་ནི་ང་རྒྱལ་དང་ཡིད་ཀྱི་འཇུག་པ་ཡིན་ནོ། །
ང་རྒྱལ་དེ་ཡང་བློ་ལ་ངའོ་སྙམ་པ་ཡིན་ཞིང་ཡིད་ཀྱང་ཀུན་དུ་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ཀུན་དུ་རྟོག་པ་ཡང་ནས་ཡང་དུ་གྱུར་པ་ཉིད་བསྒོམས་པ་ཡིན་ཏེ། དེས་ན་སྙིང་སྟོབས་ལས་བྱུང་བའི་བདག་ཉིད་ང་རྒྱལ་ལ་རག་ལས་པའི་བློ་བདེ་བའི་བདག་ཉིད་རྟོགས་པ་ནི་དེ་
ལྟར་གསལ་བར་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་བདེ་བ་ལ་སོགས་པའི་ཕྱི་རོལ་གྱི་ངོ་བོ་ཡིན་ནོ་ཞེས་ཇི་ལྟར་རྟོགས་པའི་ཕྱི་རོལ་སྒྲ་ལ་སོགས་པ་ཡང་གཙོ་བོ་ཡོངས་སུ་གྱུར་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡང་ལན་དུ་འབྲེལ་པ་མ་ཡིན་ཏེ། སྒྲ་སོགས་གཙོ་བའི་ཡོངས་གྱུར་ལས། །
བྱུང་བ་དེ་ཉིད་ག་ལས་ཤེས། །འདི་དག་དེ་ཡི་རང་བཞིན་གྱི། །རྗེས་སུ་འགྲོ་བར་རྟོགས་མ་ཡིན། །གལ་ཏེ་བློ་བཞིན་དུ་དགྲ་ལ་སོགས་པ་ལ་ཡང་བདེ་བ་ལ་སོགས་པའི་རྗེས་སུ་འགྲོ་བར་ཚད་མས་ངེས་པ་ཡིན་ན་དེའི་ཚེ་འབྲས་བུ་རྒྱུའི་རྗེས་སུ་འགྲོ་བ་ཅན་ཡིན་པས་ན་འགྲོ་བ་ལ་གནས་པའི་སྐྱེ་བོས་དེ་ལྟ་
བུའི་རྒྱུས་བསྐྱེད་པ་ཡིན་པར་ཤེས་པར་འགྱུར་རོ། །བདེ་བ་ལ་སོགས་པའི་རང་བཞིན་ཅན་གྱི་གཙོ་བོའི་ཡོངས་སུ་གྱུར་པ་ཡིན་པ་ཉིད་ཀྱིས་དེ་ལྟར་ངེས་སོ་ཞེ་ན། འདི་ནི་ཕན་ཚུན་བརྟེན་པ་ཉིད་དེ། འདི་ལྟར། འདི་ནི་གཙོ་བོའི་ཡོངས་གྱུར་ཉིད། །ཡིན་པར་ཤེས་ན་བདེ་སོགས་ཉིད། །བདེ་སོགས་
ཉིད་དུ་ཤེས་པས་ཀྱང་། །སྒྲ་སོགས་དེ་ཉིད་ཡིན་པར་ངེས། །སྒྲ་ལ་སོགས་པ་གཙོ་བོའི་ཡོངས་སུ་གྱུར་པ་ཡིན་ན་བདེ་བ་ལ་སོགས་པ་རྗེས་སུ་འགྲོ་བ་ཡིན་ལ། བདེ་བ་ལ་སོགས་པ་རྗེས་སུ་འགྲོ་བར་ངེས་པ་ཡང་གཙོ་བོ་ཡོངས་སུ་གྱུར་པའི་རང་བཞིན་ཉིད་དུ་འགྱུར་བས། གཅིག་མ་གྲུབ་ན་གཉི་ག་
เล่ม ๑๗๘ · หน้า 301a
ཡང་མི་འགྲུབ་བོ། གཞན་ཡང་། གལ་ཏེ་དུ་བ་མེ་ཡོངས་སུ་གྱུར་པའི་རང་བཞིན་ཡིན་པ་དེ་ལྟ་མོད་ཀྱི། དེ་འབར་བ་ཉིད་ཡིན་པར་འགྲུབ་བམ། ཅིག་མངོན་སུམ་གྱིས་གནོད་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། སྒྲ་ལ་སོགས་པ་ལ་ཡང་མཚུངས་སོ། །འདི་སྙམ་དུ་གལ་ཏེ་སྒྲ་ལ་
སོགས་པ་བདེ་བའི་རང་བཞིན་མ་ཡིན་ན། བློ་དེ་དག་གིས་འཛིན་པར་བྱེད་པ་མ་ཡིན་པར་འགྱུར་ཏེ། རིགས་ཐ་དད་པ་གཟུང་བ་དང་། འཛིན་པ་ཉིད་དུ་མི་རུང་བའི་ཕྱིར་རོ་ཞེ་ན། འདི་ལ་བཤད་པ། གལ་ཏེ་རིགས་ནི་ཐ་དད་དག །གཟུང་འཛིན་མིན་ན་སྐྱེས་བུ་ནི། །ཀུན་གྱི་འཛིན་བྱེད་མི་འགྱུར་ཏེ། །
དེས་ན་ཟ་བ་པོ་ཉིད་ཉམས། །སྐྱེས་བུ་ནི་སྒྲ་ལ་སོགས་པ་དང་རིགས་མཐུན་པ་མ་ཡིན་ཏེ། དེ་གཙོ་བོའི་བདག་ཉིད་མ་ཡིན་པའི་ཕྱིར་དང་། བདེ་བ་ལ་སོགས་པ་ནི་བཟློག་པའི་ཕྱིར་རོ། །དེ་འཛིན་པར་བྱེད་པ་མ་ཡིན་དུ་ཟད་མོད་ཅེ་ན་མ་ཡིན་ཏེ། ཟ་བ་པོ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །སྐྱེས་བུ་ནི་
ཟ་བ་པོར་འདོད་པ་ཡིན་ནོ། །ཉམས་སུ་མྱོང་བར་བྱེད་པ་ལས་གཞན་པའི་ཟ་བ་པོ་ཉིད་ནི་མེད་དོ། །འདིས་ནི་རྒྱུ་དང་འབྲས་བུ་བསལ། །ཅིའི་ཕྱིར་ཞེ་ན། བློ་དང་སྒྲ་ལ་སོགས་པའི་བདེ་བ་དག་ནི་རྒྱུ་དང་འབྲས་བུ་གཟུང་བ་དང་འཛིན་པ་ཉིད་ཀྱི་དངོས་པོ་ཁོ་ན་ལས་ཡིན་ནོ། །གང་གི་ཕྱིར་སྔོན་པོ་ལ་སོགས་པ་
རང་གི་རྣམ་པར་གཏོད་པས་བློ་སྐྱེ་བར་བྱེད་པ་ཉིད་ཀྱིས་གཟུང་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །གཟུང་བ་ཉིད་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ལས་ཡིན་ཏེ། དེས་ན་གཟུང་བ་ཉིད་ཀྱིས་རྒྱུ་དང་འབྲས་བུ་ཉིད་དུ་འགྲུབ་བོ། །གཟུང་བ་ཉིད་དེ་ཡང་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ། །སྐྱེས་བུ་ཡང་སྒྲ་ལ་
སོགས་པ་འཛིན་པར་བྱེད་པ་ཡིན་པས་དེ་ཡང་དེ་དག་གི་འབྲས་བུ་ཉིད་དུ་འགྱུར་ན། དེ་ལྟ་ན་ཡང་མ་ཡིན་པ་དེའི་ཕྱིར་མ་ངེས་སོ། །ཡང་ན། འདིས་ནི་རྒྱུ་དང་འབྲས་བུ་བསལ། །མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ཞེས་བཤད་པ་ནི། བློ་དང་བདེ་བ་རྒྱུ་དང་འབྲས་བུ་གཟུང་བ་དང་འཛིན་པ་ཉིད་ཀྱི་དངོས་པོ་ལས་
མིན། །གང་ལ་གཟུང་བ་དང་འཛིན་པའི་དངོས་པོ་ཡོད་པ་དེར་རྒྱུ་དང་འབྲས་བུའི་ངོ་བོར་འགྱུར་བ་ནི་མ་ཡིན་ཏེ། སྐྱེས་བུ་དང་སྒྲ་ལ་སོགས་པའི་བདེ་བ་བཞིན་ནོ། འོན་ཏེ་བློ་དང་སྐྱེས་བུ་ལ་སོགས་པ་གཟུང་བ་དང་འཛིན་པའི་དངོས་པོ་ཉིད་ལས་རྒྱུ་དང་འབྲས་བུ་ངོ་བོར་འགྱུར་ན། འོ་ན་ནི་དེ་ཉིད་
เล่ม ๑๗๘ · หน้า 301b
ལས་དེ་རྒྱུ་དང་འབྲས་བུ་ཉིད་བཞིན་ནོ། །དེ་ལྟ་ཡིན་དང་། སྐྱེས་བུ་ཡང་འབྲས་བུ་ཉིད་དུ་ཐལ་བར་མི་འདོད་པར་འགྱུར་བའམ། དེ་ཉིད་ཀྱིས་མ་ངེས་པར་འགྱུར་རོ། ཡང་ན་བློ་དང་བདེ་བ་རྒྱུ་དང་འབྲས་བུ་མ་ཡིན་ཏེ། གཟུང་དང་འཛིན་པ་ཉིད་མེད་ཕྱིར། །ཡོད་ནའང་དེ་ནི་གཞན་ལའང་འགྱུར། །
དེ་ཕྱིར་དེ་ནི་ནང་ཉིད་དང་། །མྱོང་བྱ་ཉིད་ཕྱིར་སེམས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་རིག་རང་བཞིན་མྱོང་བ་ཡིན། །དེ་ནི་དེ་ཡི་མྱོང་བ་ཡིན། །ཕྱི་རོལ་ཉིད་ལ་ཚད་མ་མེད་པའི་ཕྱིར་དང་། ནང་ཉིད་དུ་མྱོང་བའི་ཕྱིར་རོ། །དངོས་གང་ཅི་ལྟར་རིག་གྱུར་པ། །དེ་ནི་དེ་བཞིན་ཉིད་ཡིན་རྟོགས། །མྱོང་བ་མེད་
པར་དངོས་པོ་རྣམས། །ཡོད་པར་གཏན་ལ་ཕེབས་མ་ཡིན། །གང་གི་ཕྱིར་རིག་པར་བྱེད་པ་མ་ཡིན་པ་དེ་ནི་དེའི་རིག་པར་བྱེད་པ་མ་ཡིན་ནོ། །བདེ་བ་ལ་སོགས་པ་ཡང་ཕྱི་རོལ་གྱི་རང་བཞིན་དང་རྗེས་སུ་མཐུན་པར་རིག་པ་མ་ཡིན་ནོ། །མྱོང་བ་ཡང་གཞན་ལ་དངོས་པོ་ཡང་གཞན་ནོ་ཞེས་བྱ་བར་
ནི་མི་འཐད་དོ། །སྔོན་པོ་རིག་པར་བྱེད་པ་ནི་སེར་པོ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །དེ་ལྟར་རིག་པ་རང་རིག་པའི་རང་བཞིན་དུ་འཇུག་པ་ནི་རང་རིག་པའི་རང་བཞིན་ཉིད་གསལ་བར་བྱེད་ཀྱི། བདེ་བ་ལ་སོགས་པ་གཞན་གྱིས་རྟོགས་པར་བྱ་བར་རིག་པ་ནི་མ་ཡིན་ནོ། །གཟུགས་ལ་སོགས་པ་ནི་
མིག་ལ་སོགས་པས་འཇུག་པ་རིག་པ་ཡིན་པའི་ཕྱིར་རང་རིག་པའི་རང་བཞིན་མ་ཡིན་ནོ། །ཡང་ན་བདེ་བ་ལ་སོགས་པ་རྣམ་པ་མེད་པས་འཛིན་པ་མ་ཡིན་ཏེ། དེས་ན་བདེ་བའི་རྣམ་པ་ཉིད་ཀྱིས་རིག་པར་བྱ་བ་ཡིན་པའི་ཕྱིར་ན། རྣམ་པར་ཤེས་པ་ཡང་བདེ་བའི་རྣམ་པ་ཉིད་དུ་གྲུབ་པས་དེའི་ནང་དུ་ཆུད་
པའི་བདེ་བ་རྟོགས་པའི་རང་བཞིན་ཉིད་དོ་ཞེས་བྱ་བར་གྲུབ་བོ། །འོ་ན་བུམ་པ་ལ་སོགས་པ་བཞིན་དུ་བདེ་བ་ལ་སོགས་པ་ཡང་ཕྱི་རོལ་དུ་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། བུམ་པ་ལ་སོགས་པའི་རྣམ་པ་ནི་རྣམ་པར་ཤེས་པའི་བདག་ཉིད་དུ་འགྱུར་བ་ཡིན་ཡང་གཞན་ཉེ་བར་གནས་པས་སྐྱེ་བ་ཡིན་
པའི་ཕྱིར་ཏེ། དེ་ལ་སོགས་པའི་བྱེད་པ་རྟོགས་པ་མེད་པའི་ཕྱིར་རོ། །བདེ་བ་ལ་སོགས་པའི་རྣམ་པ་ནི་གོམས་པའི་སྟོབས་ཀྱིས་ཁྱད་པར་དུ་འགྱུར་བ་ཡིན་པའི་ཕྱིར། གཞན་ཉེ་བར་གནས་པ་ལ་རག་ལས་པ་ཉིད་དུ་མ་ཡིན་ནོ། །གལ་ཏེ་གོམས་པ་ལ་རག་ལས་པ་ཉིད་ཡིན་ཡང་བདེ་བ་ལ་
เล่ม ๑๗๘ · หน้า 302a
སོགས་པ་མྱོང་བའི་རང་བཞིན་མ་ཡིན་ཏེ། དེའི་ཕྱིར་རང་བཞིན་དུ་གྱུར་པ་མ་ཡིན་པའི་མྱོང་བས་རིག་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ནི་གོམས་པ་ལ་འཕེལ་བར་འགྱུར་བ་ཡིན་ཡང་མྱོང་བའི་རང་བཞིན་ནི་མ་ཡིན་ནོ་ཞེ་ན། འདི་ལ་བཤད་པ། གལ་ཏེ་དེ་རང་བཞིན་མིན་པ། །
མྱོང་བས་བློ་གནས་དེ་རིག་ན། །བདེ་བ་ལ་སོགས་པ་རང་རིག་པ་ཡིན་ན་རྟོགས་པའི་རང་བཞིན་དུ་འགྱུར་གྱི། དེའི་རྣམ་པ་ཅན་མ་ཡིན་པ་བདག་གཞན་དུ་གྱུར་པ་རིག་པས་ནི་མ་ཡིན་ནོ། །དེས་ན་སྐྱེས་བུ་འབྲས་བུ་ཉིད་དུ་འགྱུར་བ་ཡང་མ་ཡིན་ཏེ། དེའི་རྣམ་པར་སྐྱེ་བ་ཉིད་ཀྱིས་ན་དེ་འབྲས་བུར་
གྱུར་པ་ཡིན་ན་དེ་ནི་ཡོད་པ་མ་ཡིན་ཏེ། དེ་དེའི་རྣམ་པ་ཅན་མ་ཡིན་པའི་ཕྱིར་རོ། །དེའི་རང་བཞིན་དུ་གྱུར་པ་མ་ཡིན་པ་ཉིད་ཀྱི་མྱོང་བས་བློའི་ནང་དུ་ཞུགས་པའི་བདེ་བ་ལ་སོགས་པ་རིག་པར་བྱེད་པའམ། དེ་དང་འདུ་བ་ཡིན་ནོ། །དེས་ན་འདུ་བས་འབྲེལ་པའི་ཕྱིར་མྱོང་བ་དང་བློ་གཅིག་ཏུ་མངོན་པར་
རློམ་པ་ཡིན་ནོ་ཞེ་ན། མངོན་སུམ་དྲན་པའི་རྣམ་པ་ཅན། །མྱོང་བ་མ་གཏོགས་འདི་བློ་གང་། །བློ་ཞེས་བྱ་བ་འདི་ཅི་ཞིག་ལྷག་པར་ཞེན་པའོ། །རིག་པ་དེ་གང་ཡིན་ན་གཉིས་སུ་མྱོང་བའོ། །ཐ་དད་པ་ལ་ཚད་མ་ཡོད་ན་དེ་སྐད་བརྗོད་པར་བྱ་བ་མ་ཡིན་ནམ། ལྷག་པར་ཞེན་པ་དང་ཉམས་སུ་མྱོང་བ་ཞེས་
བྱ་བ་ནི་རྣམ་གྲངས་ཙམ་དུ་ཟད་དོ། །ཡུལ་གྱི་རྣམ་པ་མྱོང་བ་མ་ཡིན་པའི་བདག་ཉིད་ནི་བློ་ཡིན་ལ། རྣམ་པ་མེད་པའི་མྱོང་བ་ནི་རྟོགས་པའི་རང་བཞིན་ཡིན་ནོ་ཞེ་ན། རྣམ་པ་མེད་པའི་མྱོང་བ་ཞེས་བྱ་བ་འདི་ལ་ཚད་མ་མེད་དོ། །མངོན་སུམ་གྱིས་རིག་པ་མ་ཡིན་པ་དེས་ན་ཚད་མ་མེད་དོ་ཞེ་ན་མ་ཡིན་ཏེ།
ཁས་ལེན་པའི་རྒྱུ་མེད་པའི་ཕྱིར་རོ། །མངོན་སུམ་མེད་པ་ལ་ནི་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། དེས་ན་ཁས་བླང་བ་ཉིད་དུ་མི་རིགས་སོ། །འོན་ཏེ་མྱོང་བ་གཞན་མེད་ན་བདེ་བ་ལ་སོགས་པ་མྱོང་བ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། རང་རིག་པ་ཉིད་ཀྱིས་མྱོང་ན་ཅི་འགལ་ཐ་སྙད་ནི་དེ་ཙམ་གྱིས་
ཡོངས་སུ་རྫོགས་པའི་ཕྱིར་ན་གཞན་ནི་དོན་མེད་དོ། །ཅི་སྟེ་ཡང་། གལ་ཏེ་མྱོང་གཞན་མི་འདོད་ན། །དེའི་ཚེ་ཐར་པའི་གནས་སྐབས་ན། །བདེ་དང་སྡུག་བསྔལ་དེས་གྲོལ་བ། །མེད་པ་ཅི་ལྟར་ཐར་བར་འགྱུར། །རང་བཞིན་ཡོངས་སུ་འདོར་ན་ནི། །ཆོས་ཅན་མེད་པར་ཐལ་བར་
เล่ม ๑๗๘ · หน้า 302b
འགྱུར། །རང་གི་བདག་ཉིད་ནི་སྤང་བར་ནུས་པ་མ་ཡིན་ནོ། །བདེ་བ་ལ་སོགས་པ་ཐ་དད་པར་ནི། གལ་ཏེ་ད་ལྟའི་གནས་སྐབས་ན་ཐ་དད་པ་མེད་པར་རྟོགས་པ་དེ་ལྟ་ན་ཡང་ཐ་དད་པར་ལྷག་པར་ངེས་པའི་སྤྱོད་ཡུལ་དུ་བྱས་པས་སྤང་བར་ནུས་པ་ཉིད་དོ་ཞེ་ན། གལ་ཏེ་འདི་འདོད་པ་དེ་ལྟ་ན་ཡང་
ཚད་མས་མ་གྲུབ་པ་ནི་མི་འགྲུབ་པོ། བདག་གི་འདོད་པ་མི་འགྲུབ་པའི་དོན་ཡོད་དོ་ཞེས་བྱ་བས་ནི་ཚད་མ་མེད་པའི་དོན་གྲུབ་པའི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །རྒྱུ་རྣམས་ནི་རྒྱུ་མེད་པའི་ནི་འདོད་པ་རྗེས་སུ་འཇུག་པ་མ་ཡིན་ལ། དོན་ལ་རྒྱུ་ཡོད་དོ་ཞེས་བྱ་བ་འདི་ལ་ཚད་མ་ཡང་ཅུང་ཟད་མེད་དེ་
སྒོམ་པ་ད་ལྟར་ཉིད་བསྒོམ་པ་ལ་གནས་པ་ན་ཆ་ཡོད་པར་མཐོང་བའི་ཕྱིར་རོ། །རྫོགས་པ་དེ་ཉིད་ཀྱི་ཚེ་ཉོན་མོངས་པ་སྤོང་བར་མཐོང་བའི་ཕྱིར་རོ། །དེ་ལྟར་ནི་དེ་ལྟ་བུར་གྱུར་པའི་མྱོང་བ་གཞན་ཉིད་སྐྱེ་བ་ཡིན་གྱི། བདེ་བ་ལ་སོགས་པ་མྱོང་བ་ལས་ཐ་དད་པར་རྟོགས་པ་ནི་མེད་དོ། །ཐར་པའི་གནས་
སྐབས་སུ་ཡང་དེ་བཞིན་དུ་ཡིན་པའི་ཕྱིར་འགལ་བ་མེད་དོ། །དེའི་ཕྱིར། དེ་དང་དེ་དོན་ལ་བརྟེན་ནས། །བདེ་དང་སྡུག་བསྔལ་སོགས་མྱོང་བ། །གཅིག་ཉིད་འབྱུང་བར་འགྱུར་མཐོང་གི །བར་དུ་གཞན་ནི་མ་མཐོང་ངོ་། །གལ་ཏེ་བློ་དང་བདེ་བ་ལ་སོགས་པ་ཞེས་ཐ་དད་པས་ཐ་དད་པ་མ་ཡིན་ནམ། དེ་
ལྟ་མ་ཡིན་ན་དོན་ཐ་དད་པ་མེད་པར་བརྗོད་པ་ཐ་དད་པར་ཅི་ལྟར་འགྱུར་ཞེ་ན། མ་ཡིན་ཏེ། འདི་ནི་དགའ་བ་དང་ཞུམ་པ་ལ་སོགས་པའི་རྣམ་པ་དུ་མ་ཅན་གཅིག་ཉིད་འབྱུང་བར་མཐོང་སྟེ། དེ་ལ་མིང་ཅི་ལྟར་འདོད་པར་གདགས་ལ་རག་གོ། །བརྗོད་པ་ཐ་དད་པར་ནི་གནས་སྐབས་ཀྱི་ཁྱད་པར་བསྟན་པའི་
དོན་དུ་ཡིན་ཏེ། དཔེར་ན་ས་བོན་དང་མྱུ་གུ་དང་། འདོད་པ་མ་དང་ཆུའི་བརྗོད་པ་བཞིན་ནོ། །ལྕགས་གོང་དང་ནི་མེ་བཞིན་དུ། །འདྲེས་པ་རྣམ་དབྱེར་མེད་ཅེ་ན། །དེ་ལྟ་ཡིན་ན་དངོས་ཀུན་ལ། །ཐ་དད་ཐ་དད་མིན་བཞག་ཉམས། །གལ་ཏེ་དཔེ་ཡོད་པ་ཙམ་གྱིས་ཚད་མ་མེད་པར་འདི་ནི་གཉིས་
འདྲེས་པ་ཡིན་ནོ་ཞེས་བརྟགས་པ་ཡིན་ན། དེ་ལྟ་ཡིན་ན་ནི་ཀ་བ་ལ་སོགས་པ་རྣམ་པ་གཅིག་ཏུ་རྟོགས་པ་ཐམས་ཅད་ལ་གཅིག་པ་ཉིད་དུ་མི་འགྲུབ་པོ། །གཅིག་མ་གྲུབ་ན་ནི་དེ་འདུས་པའི་རང་བཞིན་དུ་ཡང་མི་འགྲུབ་པས་ན་དངོས་པོའི་རྣམ་པར་གཞག་པ་མཐའ་དག་འཇིག་པར་འགྱུར་ཏེ། གཅིག་
เล่ม ๑๗๘ · หน้า 303a
དང་དུ་མ་ལས་མ་གཏོགས་པའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །འདི་ལྟར། ཐ་དད་མེད་མྱོང་གཅིག་ཡིན་ན། །དེ་ལྟར་གང་ཡིན་དེ་ཐ་དད། །ཅན་འགྲུབ་འདི་སྒྲུབ་བྱེད་ཡིན་ན། །ཐ་དད་གྲུབ་བྱེད་འགྲུབ་མ་ཡིན། །དེའི་ཕྱིར་གཅིག་མ་གྲུབ་ན་གཉི་ག་ཡང་མི་གྲུབ་བོ། །དེ་བས་ན་ཐ་དད་
པ་མེད་པར་རིག་པ་ནི་གཅིག་ཡིན་ལ་དེ་ལས་བཟློག་པས་ནི་དུ་མ་ཡིན་ནོ་ཞེས་རིགས་སོ། །གྲངས་ཅན་གྱི་ལྟར་ན་ནི། །སྡུག་བསྔལ་དཀར་སོགས་ཐ་དད་སྣང་། །ཐ་དད་སྣང་ཡིན་བློ་མྱོང་ནི། །ཐ་དད་མེད་སྣང་ཐ་དད་ན། །ཐ་དད་ཐ་དད་མེད་རྟེན་ཅི། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་བའོ། །
འོན་ཏེ་ཡང་ཅི་ལྟར་ཚོར་བ་དང་། སེམས་པ་ལ་སོགས་པ་སེམས་ལས་བྱུང་བས་ཆེན་པོ་ལ་སོགས་པ་རྣམས་ཕན་ཚུན་ཐ་དད་པར་མི་རྟོག་ལ། མི་རྟོག་པ་དེ་ལྟ་ན་ཡང་ཐ་དད་པར་འདོད་པ་དེ་བཞིན་དུ་བློ་དང་མྱོང་བ་ཡང་ཅི་སྟེ་མི་འདོད་ཐ་དད་པ་མེད་པར་རིག་པ་གཅིག་ཉིད་དོ་ཞེས་བྱ་བ་ནི་སེམས་ཀྱི་འཁོར་དུ་གྱུར་
པ་སེམས་ལས་བྱུང་བ་དག་གིས་མ་ངེས་སོ་ཞེ་ན་འདིར་འདི་སྐད་བརྗོད་དོ། །གཅིག་ཚེ་བསལ་བས་བསྒྲིབས་ན་ཡང་། སེམས་ཀྱི་ཁྱད་པར་རྒྱུན་དག་ལ། ཐ་དད་པར་ནི་མཐོང་བའི་ཕྱིར། ཐ་དད་རྣམ་གཞན་གྲུབ་པ་ཡིན། སེམས་དང་སེམས་ལས་བྱུང་བ་དག་ཐ་དད་པ་མ་ཡིན་ནོ་ཞེས་བཤད་པའི་
ཕྱིར་དེ་ལྟར་ཁས་ལེན་པ་ནི་མ་ཡིན་མོད་ཀྱི་ཁས་བླངས་ནས་ཀྱང་ལན་འདེབས་པ་ནི་གལ་ཏེ་ཚོར་བ་ལ་སོགས་པ་ཤིན་ཏུ་གསལ་བར་འཇུག་པ་གཅིག་གིས་སེམས་པ་ལ་སོགས་པ་བསྒྲིབས་པས་ཤིན་ཏུ་གསལ་བའི་ཡུལ་དུ་གྱུར་པ་མ་ཡིན་པ་དེ་ལྟ་ན་ཡང་གཞན་གྱི་ཚེ་དམིགས་པའི་ཡུལ་དུ་འགྱུར་
བས་ན་ཚོར་བ་དང་སེམས་པ་ལ་སོགས་པ་ནི་ཐ་དད་པ་ཁོ་ནའོ། །དུས་གཞན་དུ་རང་གི་ངོ་བོས་དམིགས་པའི་ཕྱིར་ཏེ། ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་རང་ཉིད་གསལ་བའི་ནུས་པ་བཟློག་པའི་སྐར་མའི་ཚོགས་དེའི་ཚེ་མེད་པའི་མ་ཡིན་པ་བཞིན་ནོ། །བློ་དང་མྱོང་བ་དག་ནི་དེ་ལྟ་མ་ཡིན་ཏེ། ནམ་
གྱི་ཚེ་ཡང་ཐ་དད་པར་གསལ་བར་མི་འཛིན་པའི་ཕྱིར་རོ། །སེམས་ལས་བྱུང་བ་དག་ནི་རེས་འགའ་འགའ་ཞིག་གསལ་བར་གྱུར་པ་འཛིན་པའི་ཕྱིར་རོ། །གལ་ཏེ་མཚན་མར་འཛིན་པ་ལ་སོགས་པ་རྣམ་པར་རྟོག་པ་ཉིད་ཡིན་པར་རྟོགས་པ་མ་ཡིན་ནམ་རྣམ་པར་མི་རྟོག་པ་ནི་མ་ཡིན་ནོ་ཞེ་ན། མ་
เล่ม ๑๗๘ · หน้า 303b
ཡིན་ཏེ། དེ་ལ་ཡང་སེམས་ལས་བྱུང་བ་ཡོད་པ་ཡིན་ནོ། །འདི་ལྟར་རེས་འགའ་ནི་ཉམས་སུ་མྱོང་བའི་དེ་མ་ཐག་ཏུ་མཚན་མའི་རྣམ་པར་རྟོག་པའི་ཡིད་ལ་རེས་འགའ་ནི་འདི་བྱའོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡིན་ཏེ། དེས་ན་ཉམས་སུ་མྱོང་བ་དག་རྗེས་སུ་འབྲང་བའི་རྣམ་པར་རྟོག་
པ་ལས་རྣམ་པར་རྟོག་པ་མེད་པ་ལ་ཡང་སེམས་ལས་བྱུང་བ་ཡོད་དོ་ཞེས་ངེས་པ་ཡིན་ནོ། །དེས་ན་དེ་དག་གི་ཐ་དད་པ་ལ་ནི་རིག་པའི་ཆ་ཡང་ཡོད་པ་ཡིན་གྱི། བློ་དང་མྱོང་བ་དག་ནི་འདི་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའོ། །རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གལ་
ཏེ་བསྒོམས་བྱུང་ཡིན། །རྟོག་པའི་དྲ་བ་རྣམ་བསལ་ནས། །གསལ་བ་ཉིད་དུ་སྣང་བ་ཡིན། །འཕགས་པའི་བདེན་པ་བཞིའི་ཡུལ་ཅན་རྣལ་འབྱོར་བ་རྣམས་ཀྱི་ཤེས་པ་ནི་བཤད་ཟིན་ཏོ། །དེ་རྒྱུ་གང་ལས་འབྱུང་ཞེ་ན། བཤད་པ། བསྒོམས་བྱུང་ཡིན་ཏེ་བསྒོམས་པའི་རྒྱུ་ཅན་ནོ། །བསྒོམས་
པའི་སྟོབས་ཀྱིས་ཀྱང་གསལ་བར་སྣང་བ་ཡིན་ལ། གསལ་བར་སྣང་བ་ཉིད་ཀྱིས་རྟོག་པ་མེད་པ་ཡིན་ཏེ། དེས་ན་མངོན་སུམ་ཡིན་ནོ། །གལ་ཏེ་དོན་གྱི་མཐུ་ལས་བྱུང་བའི་ཕྱིར་ད་ལྟར་གྱི་དོན་གྱི་ཡུལ་ཅན་གྱི་ཤེས་པ་ནི་རྟོག་པ་མེད་པར་འཐད་པ་ཡིན་ན། འདས་པ་དང་མ་འོངས་པ་དང་། མེད་
པའི་ཡུལ་ཅན་གོ་ཅི་ལྟར་གོམས་པ་ཙམ་ལས་རྟོག་པ་མེད་པ་ཉིད་ཡིན་ཞེ་ན། མེད་པའི་ཡུལ་ཅན་ཡིན་ཡང་བསྒོམས་པ་ཡང་དེ་ལྟ་བུའི་འབྲས་བུ་ལ་ནུས་པ་ཉིད་དོ་ཞེས་སྟོན་ཏེ། འདི་ལྟར། འདོད་འཇིགས་མྱ་ངན་གྱིས་བརླབས་དང་། །རྐུན་པོའི་རྨི་སོགས་ཀྱིས་བསླད་པས། །མདུན་
ན་གནས་པ་བཞིན་དུ་ནི། །ཡང་དག་མིན་པའང་མཐོང་བར་འགྱུར། །ཡང་དག་པ་མ་ཡིན་པའི་ཡུལ་ཅན་གྱི་ཤེས་པ་ནི་དོན་གྱི་ནུས་པ་ལས་སྐྱེས་པ་མ་ཡིན་ལ། དེ་ནི་རྟོག་པ་དང་བཅས་པ་ཡང་མ་ཡིན་ཏེ། མདུན་ན་གནས་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་མདུན་ན་གནས་པའི་
རྣམ་པ་ཅན་ཉིད་ཀྱིས་རྟོག་པ་མེད་པ་མངོན་སུམ་ཡིན་ནོ། །འོན་ཀྱང་རྟོག་པ་དང་བཅས་པ་ཡིན་ཡང་གསལ་བར་སྣང་བ་ཡིན་ཏེ། རྟོག་པ་མེད་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྣམ་པར་རྟོག་དང་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན། །རྨི་ལམ་ན་ཡང་དྲན་པ་
เล่ม ๑๗๘ · หน้า 304a
དྲན། །དེ་འདྲའི་དོན་ལྡན་མིན་པར་དྲན། །རྣམ་པར་རྟོག་པའི་རང་བཞིན་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཁོ་ནའོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་དེ་ལྟར་མ་གྲུབ་ན་ནི། རྟོག་པ་དང་བཅས་པ་ཉིད་དུ་མི་འགྱུར་རོ། །རྣམ་པར་རྟོག་པར་ནི་རྨི་ལམ་ན་ཡང་ལྐོག་ཏུ་
གྱུར་པའི་ཡུལ་ཅན་དུ་མྱོང་སྟེ། དེ་དག་གསལ་བར་སྣང་བ་ནི་མ་ཡིན་ནོ། །བསླད་པའི་སྟོབས་ཀྱིས་གསལ་བ་ཡིན་ན་ནི། འགལ་བ་ཡང་རྨི་ལམ་ལ་སོགས་པར་མི་གསལ་བར་མི་འགྱུར་རོ། །ཉམས་སུ་མྱོང་བ་དྲན་པའི་རྣམ་པ་ནི་རྨི་ལམ་དུ་ཡང་མཐོང་སྟེ། དེའི་ཕྱིར་བསླད་པ་ལས་རྟོག་
པ་ཡང་གསལ་བ་ཉིད་ནི་མ་ཡིན་ནོ། །དེས་ན་གསལ་བའི་རྣམ་པ་ཅན་གྱི་ཤེས་པ་ནི་རྟོག་པ་མེད་པ་ཁོ་ནའོ། །འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་ན་རེ། ཚད་མས་གྲུབ་པའི་དངོས་པོ་ལ་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་ཉིད་དོ་ཞེས་བྱ་བར་རིག་སྟེ། བསྒོམས་པས་མ་རིག་པའི་དྲི་མ་དང་
བྲལ་བ་ན་དོན་རང་གི་ངོ་བོར་སྣང་བའི་ཕྱིར་རོ། །མེད་པ་ལ་ནི་རང་གི་ངོ་བོ་མེད་པས་ཅི་ཞིག་སྣང་། རྣལ་འབྱོར་པའི་ཤེས་པ་ནི་འདས་པ་དང་མ་འོངས་པའི་ཡུལ་ཅན་ཡིན་ཏེ། འདས་པ་དང་མ་འོངས་པ་ནི་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ལ་བཤད་པ་ནི། མི་གཙང་ཟད་པར་ས་ལ་སོགས། །
ཡང་དག་མིན་པའང་བསྒོམས་པ་ཡི། །སྟོབས་ཀྱིས་སྤྲུལ་པ་རྟོག་མེད་དང་། །གསལ་བར་སྣང་བ་ཅན་དུ་མཐོང་། །མི་གཙང་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ཏེ། ནམ་མཁའ་ས་ལ་སོགས་པ་ནི་མེད་དོ། །འོན་ཏེ་ས་ལ་སོགས་པ་ཡང་ཡོད་པ་ཡིན་ཏེ། རྣལ་
འབྱོར་པའི་མངོན་སུམ་གྱིས་མཐོང་བའི་ཕྱིར་རོ་ཞེ་ན་བསྒོམས་པ་ཙམ་གྱིས་ནི། རྣལ་འབྱོར་པར་འགྱུར་བ་མ་ཡིན་ཏེ། འོན་ཀྱང་ཐོས་པ་ལས་བྱུང་བའི་ཤེས་པས་དོན་བཟུང་ནས། རིག་པ་སེམས་པ་ལས་བྱུང་བས་རྣམ་པར་གཞག་སྟེ། སྒོམ་པ་རྣམས་ཀྱི་དོན་ཡོངས་སུ་རྫོགས་པ་ན་ཕྱིན་
ཅི་མ་ལོག་པའི་ཡུལ་ཅན་གང་ཡིན་པ་དེ་ཉིད་ཚད་མ་ཡིན་ལ་དེ་དང་ལྡན་པ་ནི་རྣལ་འབྱོར་པ་ཡིན་ནོ། དེ་ལྟར་ཡིན་ན་ཡང་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ནི་རྣལ་འབྱོར་ཡིན་ནོ་ཞེས་བཤད་དོ། །དེ་ལ་གལ་ཏེ་འདི་དག་རྣལ་འབྱོར་པ་ལ་སྣང་བ་ཡིན་པ་དེ་ལྟ་ན་ཡང་འདི་ནི་འབྲས་
เล่ม ๑๗๘ · หน้า 304b
བུའི་དོན་དུ་དེ་ཁོ་ན་ཉིད་མ་ཡིན་པ་སྣང་བ་ཡིན་ནོ། །དེས་ན་དེ་དག་གི་དེ་ནི་དེ་ཁོ་ན་མ་ཡིན་པར་སྣང་བ་ཡིན་ནོ། །དེས་ན་གལ་ཏེ་རྣལ་འབྱོར་པ་ལ་དེ་ཁོ་ན་ཉིད་མ་ཡིན་པའི་རང་བཞིན་དུ་སྣང་བ་དེ་ཙམ་གྱི་ཡོད་པར་ཅི་ལྟར་གྱུར། དེའི་ཕྱིར་རྣལ་འབྱོར་པའི་ཤེས་པ་ལ་ཡང་དེ་དག་ནི་དེ་ཁོ་
ན་ཉིད་ཀྱི་རང་བཞིན་མ་ཡིན་པ་ཉིད་དོ། །སྣང་བ་ཙམ་གྱིས་ནི་དེ་ཁོ་ནར་འགྱུར་བ་མ་ཡིན་ཏེ། འོན་ཀྱང་བརྟགས་པ་ལས་ཡིན་ནོ། །རྟོགས་པ་ཙམ་ལས་སྐྱེ་བ་བསྒོམས་པ་ནི་དེ་ཁོ་ན་རྟོགས་པའི་རྒྱུ་མ་ཡིན་གྱི། ཚད་མའི་སྟོབས་ཀྱིས་འོངས་ན་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བ་འདི་
ནི་གཅིག་ཏུ་ངེས་པ་ཡིན་ནོ། །འདི་ལྟར། བསྒོམས་པ་ཙམ་ལས་བྱུང་བའི་ཕྱིར། །དེ་ཉིད་མིན་པར་བརྗོད་པ་ཡིན། །དངོས་པོའི་སྒོ་ནས་རྟོགས་པ་ནི། །དངོས་པོ་ངེས་པར་འདོད་པ་ཡིན། །བསྒོམས་པ་ཙམ་ལས་ནི། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་གྱུར་པ། །བསྒོམ་པ་ཡོངས་
སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཡོད་པ་འབའ་ཞིག་བསྒོམས་པ་ནི་མ་ཡིན་ཏེ། གཞན་ཡང་བསྒོམས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེས་ན་གང་དང་གང་བསྒོམས་པ་བསྒོམ་པ་ཡོངས་སུ་རྫོགས་པ་ན། དེ་གསལ་བ་མི་རྟོག་པའི་བློ་ནི་ཤིན་
ཏུ་བསྒོམས་པའི་འབྲས་བུ་ཡིན་ནོ། །བསྒོམས་པ་ནི་གཞན་དུ་འགྱུར་བར་མ་མཐོང་ངོ་། །དེ་ལ་སྔར་དཔྱད་དངོས་པོ་བཞིན། །སླུ་བ་མེད་ཅན་གང་ཡིན་དེ། །བསྒོམས་བྱུང་མངོན་སུམ་ཚད་མར་འདོད། །ལྷག་མ་ཉེ་བར་བསླད་མ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་
ཚིགས་སུ་བཅད་པའོ། །བསྒོམས་པའི་སྟོབས་ལས་བྱུང་ཡང་སྔར་དཔྱད་པའི་དངོས་པོ་འཇིག་རྟེན་ཕ་རོལ་དུ་འཕགས་པའི་བདེན་པ་བཞི་ལ་སོགས་པ་མི་སླུ་བ་ཅན་མི་སྲིད་པ་གང་ཡིན་པ་དེའི་ཡུལ་ཅན་ཁོ་ན་མངོན་སུམ་ཡིན་གྱི་འདོད་པ་ལ་སོགས་པའི་ཡུལ་ཅན་ནི་མ་ཡིན་ནོ། །
དེ་ནི་གསལ་བར་སྣང་བས་རྟོག་པ་མེད་པ་ཡིན་ཡང་བསླད་པ་ཉིད་ཡིན་ནོ། །དེས་ན་རྨི་ལམ་གྱི་ཤེས་པ་ལ་སོགས་པ་མི་སླུ་བ་ནི་མངོན་སུམ་མ་ཡིན་པ་ཉིད་དོ། །གལ་ཏེ་བསྒོམས་པའི་སྟོབས་ལས་ཤེས་པ་མངོན་སུམ་མ་ཡིན་ན། མུ་སྟེགས་པ་དང་འབྲེལ་པའི་ཤེས་པ་
เล่ม ๑๗๘ · หน้า 305a
ཐམས་ཅད་མངོན་སུམ་དུ་ཐལ་བར་འགྱུར་ཏེ། དེ་དག་ལ་ཡང་བསྒོམ་པ་མེད་དོ་ཞེས་བྱ་བ་དེ་ལྟར་ནི་མི་ནུས་སོ། །འདི་ལྟར། དོན་གང་འཇིག་རྟེན་ཐུན་མོང་བ། །དེ་འགའ་ཞིག་ལ་ཡོད་དོ་ཞེས། །ངེས་པར་རིག་པ་ལས་འདས་པར། །གནས་
པ་མིན་པར་ཅི་ལྟར་འགྱུར། །དེས་ན་མུ་སྟེགས་བྱེད་གཞན་དེ་དག་གིས་བསྒོམས་པ་ལས་བྱུང་བའི་མངོན་སུམ་གྱིས་གྲུབ་པའི་རང་གི་ལུགས་ཀྱི་ཚོགས་ཀྱི་ཁོངས་སུ་གཏོགས་པའི་དོན་གྱི་ཚོགས་མེད་དོ་ཞེས་བྱ་བ་དེ་ལྟར་ག་ལ་འགྱུར། དེས་ན་དེ་དག་གིས་ཉེ་བར་བསྟན་པ་ལས་
ཀྱང་འཇུག་པར་བྱ་བར་འགྱུར་རོ། །རྗེས་སུ་དཔག་པ་ལ་སོགས་པས་གནོད་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དབང་པོ་ལས་འདས་རིག་བྱ་མིན། །དྲང་སྲོང་མིག་གིས་མཐོང་གྱུར་པའི། །དངོས་ལ་དེ་དག་རྣམས་ཀྱི་ཚིག །རྗེས་སུ་དཔག་པས་གནོད་
མི་འགྱུར། །ཅི་སྟེ་དེ་དག་གི་མཐོང་བ་ཡིན་ནོ་ཞེས་བྱ་བ་དེ་ཉིད་མི་ཤེས་སོ། །གལ་ཏེ་མཐོང་ན་ནི་དེའི་ཚིག་ལ་གནོད་པར་མི་འགྱུར་བ་ཉིད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་དེ་བཞིན་གཤེགས་པས་ཀྱང་བདེན་པ་ལ་སོགས་པ་མཁྱེན་ཏོ་ཞེས་བྱ་བ་འདི་ག་ལས་ཡིན་ཞེ་ན།
དེ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པའི་གསུང་ལ་ཡང་། །སླུ་བ་མེད་ཅན་ཚད་མཐོང་ལ། །གཞན་གྱི་ཚད་མས་གནོད་འགྱུར་བ། །དེས་ན་དེ་བཞིན་གཤེགས་པས་གཟིགས། །གལ་ཏེ་སྐྱེས་བུའི་ཚད་མས་དབང་པོ་ལས་འདས་པའི་དོན་ལ་ཚད་མ་མ་
ཡིན་པ་ཉིད་མ་ཡིན་ནམ། དེ་ཅི་ལྟར་དབང་པོ་ལས་འདས་པའི་དོན་གྱི་གནོད་པར་བྱེད་པའམ། སྒྲུབ་པར་བྱེད་པར་འགྱུར། གང་ཕྱིར་གནོད་བྱ་གནོད་བྱེད་ནི། །ཡུལ་མཚུངས་པ་ལ་རྣམ་པར་གནས། །དབང་པོ་འདས་ལ་འཁོར་བ་པའི། །ཚད་མ་རབ་
ཏུ་འཇུག་པ་མེད། །རྣལ་འབྱོར་པའི་ཤེས་པས་ཀྱང་དེ་དག་གི་དེ་ལ་གནོད་པ་ཉིད་དོ། །འདི་ལྟར། དེ་བཞིན་གཤེགས་གསུངས་དེ་དག་གང་། །འགལ་བར་རྣམ་པར་གནས་པའི་ཕྱིར། །དེ་ཡི་ཚིག་རྒྱུ་ཤེས་པ་ནི། །གནོད་པར་རབ་ཏུ་སྟོན་པ་ཡི། །
เล่ม ๑๗๘ · หน้า 305b
འདི་ནི་བཟློག་པ་ལ་ཡང་མཚུངས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། གལ་ཏེ་དབང་པོ་ལས་འདས་པའི། །དོན་བརྗོད་འབའ་ཞིག་རིག་བྱེད་ན། །དེ་ཡི་ཚིག་ལས་མཁས་པ་ནི། །འགའ་ཡང་འཇུག་པར་འགྱུར་བ་མིན། །དབང་པོ་ལས་འདས་པའི་ཚིག་
ནི་ཐམས་ཅད་ལ་ཡོད་ལ། དེས་ན་གཞན་ལ་སྟོན་པར་བྱེད་པས། ཅིག་ཤོས་ཀྱི་གཅད་པར་ནུས་པ་ཉིད་བསྟན་པར་བྱ་བ་ཡིན་ནོ། །མི་སྲིད་པའི་ཕྱིར་དེ་ལྟར་མ་ཡིན་ནོ་ཞེ་ན། རྣལ་འབྱོར་པའི་ཤེས་པ་ཡང་དེ་གང་ལས་སྲིད་པ་ཡིན་ཞེས་བྱ་བ་འདི་བསམ་པར་བྱའོ། །རང་
བཞིན་གྱིས་གྲུབ་རྣལ་འབྱོར་པའམ། །རིག་བྱེད་དེ་སྟོན་བྱེད་ཡིན་ན། །གཏན་ལ་ཕེབས་པ་ཡོད་མིན་ན། །དངོས་འདིར་ཚད་མ་ག་ལས་ཞིག །འོན་ཏེ་དེ་དོན་གཉེར་རྣམས་ཀྱིས། །བླང་བྱ་གཅད་ནུས་མིན་ཞེ་ན། །མི་རིགས་སྡུག་བསྔལ་ཆད་པ་ནི། །གཙོ་
བོ་མིན་པ་ཉིད་མ་ཡིན། །སྡུག་བསྔལ་མཐའ་དག་ཉེ་བར་ཞི་བ་ནི་བླང་བར་བྱ་བ་མ་ཡིན་ཏེ། འདི་ལྟར། བདག་དང་བདག་གིར་འཛིན་ལྡན་པས། །སྐྱེ་བོ་སྡུག་བསྔལ་དང་འབྲེལ་ཅིང་། །དེ་བཞིན་དེ་ནི་སྡུག་བསྔལ་རྣམས། །ཐམས་ཅད་ཟད་པར་འགྱུར་བ་ཡིན། །བདེ་བའང་དེ་ལྟར་འགྱུར་ཞེ་ན། །
སྡུག་བསྔལ་མེད་པ་བདེ་བའི་མཆོག །གལ་ཏེ་རྟག་ཏུ་སྡུག་བསྔལ་ལས། །བཟློག་པ་རིག་པར་ཡོད་གྱུར་ན། །དེ་ལས་མཆོག་གྱུར་བླང་བྱ་གཞན། །རིག་པ་དང་འབྲེལ་གང་ཞིག་ཡིན། །མར་མེ་ཞི་བར་གྱུར་པ་བཞིན། །ཞེ་ན་འདི་ནི་ཚད་ཅན་མིན། །འདི་
ལྟར། བསྲེག་དང་བཅད་ལ་སོགས་པ་ཡིས། །ཤེས་པ་རྒྱུན་ཆད་ནུས་མ་ཡིན། །དེས་ན་རྒྱུན་ཆད་མེད་པའི་ཕྱིར། །མ་འཁྲུགས་པ་ནི་གནས་པ་ཉིད། །དེ་ཡི་གནས་སྐབས་རྟོགས་པ་དེ། །རྣམ་འབྱེད་པ་ལས་རྒྱབ་ཕྱོགས་འགྱུར། །གལ་ཏེ་སྐྱོ་བས་ལ་རྒྱབ་
ཕྱོགས། །འདི་ལ་འགལ་བ་ཅི་ཞིག་ཡོད། །མཉམ་པ་ཉིད་ནི་མཐོང་བ་དེའི། །རྒྱབ་ཀྱིས་ཕྱོགས་པའང་གང་གིས་བྱས། །ཏིང་འཛིན་སྟོབས་ནི་ཐོབ་པར་འགྱུར། །དེ་ལ་གནོད་བྱེད་འགའ་ཡོད་མིན། །ཏིང་ངེ་འཛིན་གྱིས་བཀྲེས་སོགས་ཀྱི། །སྡུག་
เล่ม ๑๗๘ · หน้า 306a
བསྔལ་མཐའ་དག་ཟད་འགྱུར་ཞིང་། །དེ་ལས་མཚོན་སོགས་གནོད་པ་ཡང་། །དེ་ལ་མེད་པར་འགྱུར་བ་ཡིན། །བསྒོམས་པའི་སྟོབས་ལས་ཐམས་ཅད་ལ། །དཔའ་དང་བརྟན་པ་ལ་སོགས་འབྱུང་། །བརྟན་པ་མེད་པ་འགའ་ལ་ཡང་། །ཁ་
ཟས་རྒྱས་པར་བྱེད་མ་ཡིན། །བརྟན་དང་ལྡན་པས་གྱི་ན་ཡི། །ཁ་ཟས་ཡོངས་སུ་རྒྱས་པར་བྱེད། །དེ་ལྟའི་ཁ་ཟས་མེད་པར་ཡང་། །དེ་ཡི་དོན་ནི་ཡོད་པ་སྲིད། །སྐྱེ་བ་གཞན་སོགས་རིག་པ་ནི། །གོམས་པ་ཉིད་ལས་སྐྱེ་བར་འགྱུར། །དེས་ན་ལས་དང་འབྲས་ཤེས་
ཤིང་། །རྒྱུ་དང་འབྲས་བུའི་དངོས་པོ་ནི། །བྱེ་བྲག་ཏུ་ནི་ངེས་པ་ན། །དེ་ལས་ཐམས་ཅད་རིག་པར་འགྱུར། །དེ་ཡི་འདས་དང་མ་འོངས་པའི། །ཤེས་པ་གསལ་བར་འགྱུར་བ་ཡིན། །བསྒོམས་པའི་སྟོབས་ལས་ཤེས་པ་ནི། །ཕྱི་རོལ་རྣམས་ལའང་འགྱུར་ཞེ་
ན། །དེ་ནི་ངེད་ཅག་འདོད་པ་སྟེ། །རྣམ་པ་ཀུན་ནི་སྐྱོབ་པ་ཡིན། །དངོས་པོའི་བདག་མེད་རྟོགས་པ་ན། །བརྟན་ཞིང་འཁྲུགས་པ་མེད་པ་ཡིན། །ཆགས་ལ་སོགས་པས་དཀྲུགས་པའི་ཕྱིར། །མུ་སྟེགས་ཤེས་པ་དེ་ལྟ་མིན། །དེ་ལྟར་གྱུར་པའི་ཚིག་ལས་ནི། །
དེ་བྱེད་མཁྱེན་པར་ལྡན་པར་ཤེས། །ཤེས་པ་ཡོངས་སུ་མ་དག་པར། །བརྗོད་པ་ཡོངས་སུ་དག་པ་མེད། །གལ་ཏེ་རང་རྟོགས་རྗེས་འབྲངས་པས། །ངག་གི་འཕྲོས་པ་འདི་ཡིན་ན། །ཡོད་པའི་དོན་ལ་བསྒོམ་པ་ནི། །ཤེས་པའང་ཡོད་ཡིན་མ་གུས་
མིན། །དེས་ན་འདི་ནི་ཆགས་བྲལ་ན། །དོན་ཀུན་ཤེས་པ་སྲིད་པ་ཡིན། །མཉམ་པར་གཞག་ལ་མཐའ་དག་ནི། །གསལ་བ་ཡོད་པར་རྣམ་པར་ངེས། །ཆགས་དང་བྲལ་བ་ཐམས་ཅད་ལ། །དེ་ནི་ཅི་ཕྱིར་ཡོད་མ་གྱུར། །དེ་དག་འབད་པ་ཆགས་སོགས་
དང་། །བྲལ་བ་ཙམ་ལ་ཞུགས་པའི་ཕྱིར། །དེ་ལས་དེ་ལོག་གྱུར་པ་ན། །བདག་དོན་བྱས་པར་རློམ་དེ་དག །གང་དུ་འབད་པ་མེད་པར་ནི། །བདེ་ཐོབ་འདོད་པས་རེ་ཞིག་གནས། །ཀུན་མཁྱེན་ཡོན་ཏན་ལ་ཆགས་པ། །དེ་དག་སླར་ཡང་དུས་གཞན་
เล่ม ๑๗๘ · หน้า 306b
དུ། །འབད་པ་ཆུང་དུས་ཀུན་མཁྱེན་ཉིད། །འགྲུབ་པ་བཀག་པ་ཡོད་མ་ཡིན། །མར་མེ་ཞི་བར་འགྱུར་བ་བཞིན། །ཞེ་ན་དེ་ནི་སྲིད་མ་ཡིན། །དེ་ནི་ཉོན་མོངས་མེད་པ་ཡི། །བདག་ལ་ཆགས་བྲལ་ག་ལ་སྲིད། །གལ་ཏེ་རྟོག་པ་སྔོན་བྱས་ཏེ། །དེ་ལས་
ལྷག་པར་འདོད་ཅེ་ན། །འདི་ནི་དེ་ལའང་གུས་མེད་པར། །བྲལ་བར་འདོད་པ་ཅི་ཕྱིར་ཡིན། །འདོད་ཆགས་བྲལ་ལ་བུད་མེད་དང་། །སོགས་ལས་སྐྱེས་འབྱུང་བདེ་བ་མེད། །སྡང་དང་བྲལ་བ་དབང་པོའི་སྟེ། །བཅོམ་སྐྱེས་བདེ་བ་ག་ལས་ཡོད། །རྨོངས་
དང་བྲལ་ལ་བདག་དང་ནི། །བདག་གིར་ཞེན་སྐྱེས་བདེ་བ་མེད། །དེས་ན་དེ་འདྲའི་ཐར་པ་དེས། །སྐྱེ་བོ་རྣམས་ལ་ཅི་ཞིག་བྱ། །དེ་ནི་དེ་ལྟར་མི་བདེན་ཏེ། །ཆང་འཐུང་སོགས་ལའང་བསམ་པར་བྱ། །ཆང་འཐུང་ལས་ཀྱང་བྲམ་ཟེ་ལ། །རྟག་ཏུ་བདེ་བ་ཡོད་
མ་ཡིན། །བཤང་བ་ཟ་བའི་བདེ་བ་ནི། །གྲོང་གི་ཕག་པ་མིན་ལ་མེད། །མི་ཤ་རློན་པས་སྲིན་པོ་ནི། །མ་ཡིན་པ་དག་བདེ་མ་ཡིན། །རྗེ་བོའི་དྲིན་སོགས་བདེ་བ་ནི། །དྲན་མ་ཡིན་ལ་ཡོད་དམ་ཅི། །མགོར་བརྡེགས་པ་ཡི་བདེ་བ་ནི། །ཁོལ་པོ་མ་ཡིན་
རྒྱལ་ལྡན་མིན། །དེ་ལྟར་ཐར་པ་མེད་པ་ལ། །འདི་ཀུན་དོན་དུ་གཉེར་བྱར་འགྱུར། །སོག་པོ་པར་སིག་མིན་པ་ཡིས། །མ་སོགས་འདོམ་དང་འབྲེལ་པ་ཡང་། །མནར་མེད་པར་ནི་མ་ཕྱིན་ལ། །དེ་བྲལ་བདེ་བ་གང་ནའང་མེད། །དེས་ན་སྐྱེ་བོ་དམྱལ་བར་ནི། །ལྷུང་ལ་
སོགས་པ་འདོད་པར་འགྱུར། །འོན་ཏེ་བདེ་བ་ཁྱད་པར་ཅན་འདོད་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཁོ་བོ་ཅག་གི་འདོད་པ་དེ་ཉིད་འོངས་པ་ཡིན་ནོ། །འོན་ཏེ་ཅི་ལྟར་ཐམས་ཅད་རིག་པ་ཡིན། དེ་ཤེས་པ་ཡང་ཅི་ལྟ་བུ་ཡིན། །ཐམས་ཅད་རིག་ན་འདོད་ཆགས་ལ་སོགས་
པ་གཞན་གྱི་སེམས་མཐའ་དག་མངོན་དུ་བྱས་པ་ན་འདོད་ཆགས་དང་བཅས་པ་ལ་སོགས་པའི་སྐྱོན་དུ་ཡང་ཇི་ལྟར་མི་འགྱུར་ཞེ་ན། བཤད་པ། ཐབས་ནི་རྣམ་པ་དུ་མ་དག །ཡུན་རིང་དུས་སུ་གོམས་པ་ལས། །དེ་ཡིས་ཐམས་ཅད་མཁྱེན་པ་ཉིད། །ཐོབ་པ་ཞེས་བྱར་རིག་པ་ཡིན། །བསྐལ་པ་གྲངས་
เล่ม ๑๗๘ · หน้า 307a
མེད་པ་གསུམ་དུ་གོམས་པས་མི་ཐོབ་པ་གང་ཡིན་པ་དེ་ཡོད་དམ་ཅིག །ཐམས་ཅད་རིག་པ་ཤེས་པ་ནི་ཁོ་བོ་ཅག་མེད་པར་འདོད་པ་ཡིན་ཏེ། ཅི་སྐད་དུ། ཀུན་མཁྱེན་མིན་པས་ཀུན་མཁྱེན་ནི། །གང་ལ་ཅི་ལྟར་ཤེས་པར་འགྱུར། །བདག་རིགས་བདག་ཉིད་ཆེན་པོ་ནི། །རྒྱ་
ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བཤད་པ་བཞིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པས་ནི་ཐམས་ཅད་མཁྱེན་པ་ཤེས་པ་མ་ཡིན་ནོ། །དེ་བཞིན་དུ་དགེ་སློང་དག་གང་ཟག་གིས་གང་ཟག་གི་ཚོད་མ་འཛིན་ཅིང་། གང་ཟག་གི་ཚོད་ནི་ངའམ་ང་དང་འདྲ་བ་དག་གིས་བཟུང་ཞེས་སོ། །ཐམས་
ཅད་མཁྱེན་པ་ཉིད་ཡིན་ན་བདག་ཉིད་ཐམས་ཅད་འདོད་ཆགས་ལ་སོགས་པ་གཞན་གྱི་རྒྱུད་རིག་པ་ན། འདོད་ཆགས་ལ་སོགས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་མེད་དེ། འདི་ལྟར། གཞན་གྱི་རྒྱུད་ནི་རིག་པ་ན། །འདོད་ཆགས་བྲལ་བའི་རིག་པ་ལ། །དེ་ཡིས་ཆགས་ཅན་ཉིད་ཡོད་
ཅེས། །བྱ་བ་ཤིན་ཏུ་འཐད་པར་དཀའ། །གལ་ཏེ་འདི་གཞན་གྱི་ཆགས་པ་དང་བཅས་པར་འགྱུར་ན། དེ་བཞིན་དུ་གཞན་ཆགས་པ་དང་བྲལ་བ་ལ་སོགས་པ་རིག་པ་ན་ཆགས་པ་དང་བྲལ་བར་འགྱུར་རོ། །གཉི་ག་ཡང་དེ་ཉིད་ཡིན་ནོ་ཞེ་ན། གཅིག་ཀྱང་མྱོང་བ་མེད་པར་ནི། །འདོད་
ཆགས་ཅན་དུ་ཅི་ལྟར་འདོད། །བཏང་སྙོམས་པར་ནི་རིག་པ་ནི། །ཆགས་ཅན་ལ་སོགས་སྲིད་པ་མིན། །འདི་ལྟར་བུམ་པ་རིག་པ་ན། །བུམ་པ་དང་བཅས་པར་མི་འགྱུར་བ་དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཡང་གཞན་གྱི་རྒྱུད་དུ་གཏོགས་པའི་བཏང་སྙོམས་པར་རྟོགས་པར་གྱུར་པ་ནི་འདོད་
ཆགས་དང་ལྡན་པར་བསྒྲུབ་པ་མ་ཡིན་ནོ། །འོན་ཏེ་བདག་ཉིད་ཐམས་ཅད་རིག་ན་དེ་ཅི་ལྟར་བདག་ཉིད་རིག་པ་དེ་བཞིན་དུ་རྣལ་འབྱོར་པ་ཡང་ཡིན་པས་འདོད་ཆགས་དང་བཅས་པ་ཉིད་མི་ཉམས་སོ་ཞེ་ན། དེ་ནི་མི་རིགས་ཏེ། དེ་ཡི་ངོ་བོར་རིག་བྱ་ན། །དེ་ཉིད་དུ་ནི་རིག་འགྱུར་ཏེ། །དེ་ནི་གཞན་གྱི་འདོད་
ཆགས་སོགས། །རིག་པ་ཡིན་པར་ཅི་ལྟར་གཞག །དེའི་བདག་ཉིད་དུ་རྗེས་སུ་ཞུགས་ན་ནི། གཞན་གྱི་ཆགས་པ་རིག་པ་མ་ཡིན་ཏེ། དེ་ཉིད་བདག་ཉིད་ཀྱི་ཆགས་པ་ཡིན་པའི་ཕྱིར་རོ། །འདི་ནི་ཉེས་པ་གཞན་ཡིན་ཏེ། །དེ་ཡི་ངོ་བོ་རིག་བྱ་ན། །དེ་ཉིད་དུ་ནི་རིག་མི་འགྱུར། །དེ་ཡི་བདག་ཏུ་རིག་
เล่ม ๑๗๘ · หน้า 307b
ན་ནི། །ཆགས་དང་བཅས་པར་ཐལ་བར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། གཞན་ལ་གནས་པའི་ཆགས་སོགས་ཀྱིས། །དེ་ཡི་ལུས་ངག་རྣམ་འགྱུར་བར། །མི་འགྱུར་དེ་ལ་ཆགས་སོགས་ཀྱི། །ས་བོན་རྒྱུད་རིངས་གནས་པ་ཉིད། །བག་ཆགས་མཐུ་ལས་བྱུང་བ་ཡིས། །འདོད་
ཆགས་ཀྱིས་འདོད་ཆགས་དང་ལྡན་པར་བྱེད་ཀྱི་གཞན་གྱི་བག་ཆགས་ལས་བྱུང་བ་གྲུབ་པ་ཉེ་བར་གནས་པར་མྱོང་བས་ནི་མ་ཡིན་ནོ། །གལ་ཏེ་རང་གི་ངོ་བོ་ཉམས་སུ་མྱོང་ན་དེའི་བ་སྤུ་ལྡང་བ་ལ་སོགས་པ་ལུས་རྣམ་པར་འགྱུར་བ་དང་། ངག་རྣམ་པར་འགྱུར་བར་ཅི་སྟེ་མི་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། ལུས་
དང་ངག་གི་འགྱུར་བ་དེ། །བག་ཆགས་སྟོབས་ལས་འགྱུར་བ་ཡིན། །བག་ཆགས་མེད་པ་དེ་ལ་ནི། །གཉི་ག་ཡང་ནི་སྲིད་མ་ཡིན། །གལ་ཏེ་གཞན་གྱི་སེམས་བསྒོམས་པའི་སྟོབས་ཉིད་ཀྱིས་རིག་པ་མ་ཡིན་ནམ། གོམས་པའི་འདུ་བྱེད་ཀྱང་བག་ཆགས་ཡིན་ཏེ། དེ་ལ་གོམས་པའི་འདུ་བྱེད་ཡོད་
ན། བག་ཆགས་མེད་པར་ཅི་ལྟར་འགྱུར། །གོམས་པ་དང་བག་ཆགས་དག་ནི་ཁྱད་པར་ཅུང་ཟད་ཡོད་པ་ཡིན་ནོ་ཞེ་ན། །དེ་ནི་མི་རིགས་ཏེ་འདི་ལྟར། གོ་བར་བྱེད་པའི་ཁྱད་པར་ནི། །ཤིན་ཏུ་མཐར་ཕྱིན་རྟོགས་གྱུར་ན། །གཞན་གྱི་སེམས་ནི་རིག་པ་ལ། །ཁྱད་པར་སྣང་བར་འགྱུར་བ་ཡིན། །དེ་ལ་ནི་
རྟགས་ཀྱི་ཁྱད་པར་ཉེ་བར་མཚོན་པ་ལ་བསྒོམས་པའི་ཁྱད་པར་ཡོད་ཀྱི་དེ་ལ་གོ་བར་བྱེད་པའི་དོན་བསྒོམས་པ་དེ་ནི་མེད་དོ། །ཡོད་ཀྱང་བདག་ཉིད་དང་འབྲེལ་པ་ནི་མ་ཡིན་ཏེ། དེས་ན་དེ་ལ་བག་ཆགས་མེད་པའི་ཕྱིར་སྣང་ཡང་ཆགས་པ་དང་བཅས་པ་མ་ཡིན་ནོ། །འདིས་ནི་མི་གཙང་བའི་རོ་
ལ་སོགས་པ་མྱོང་བའི་སྐྱོན་ཡང་སྤངས་པ་ཡིན་ཏེ། འདི་ནི་ལས་ལས་སྐྱེས་པ་ཡི། །དབང་པོས་རིག་ན་མི་གཙང་སོགས། །བཅས་འགྱུར་གོམས་པའི་སྟོབས་ལ་ནི། །འབྱུང་བ་གཞན་དག་གིས་མ་ཡིན། །གལ་ཏེ་བསྒོམས་པའི་སྟོབས་ཀྱིས་ལྕེ་བསྐྱེད་དེ་མྱོང་ན་ནི་དེའི་ཚེ་སྐྱོན་མེད་
པ་ཉིད་དེ། རྨི་ལམ་དུ་ནི་བགྲོད་པར་མི་བྱ་བ་ལ་བགྲོད་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །དེ་ནི་མི་བདེན་པ་དེས་ན་སྐྱོན་མེད་པ་ཡིན་ནོ་ཞེ་ན། མི་སླུ་བ་ཡིན་ན་ཅི་ལྟར་མི་བདེན། གང་གི་ཚེ་ཡང་རྨི་ལམ་རྨི་བ་དེའི་ཚེ་འགྱུར་ན། དེའི་ཚེ་ཁྱོད་ལ་བགྲོད་པར་བྱ་བ་མ་ཡིན་པ། བགྲོད་པའི་ཉེས་པ་ཅི་ལྟར་ཡིན། །
เล่ม ๑๗๘ · หน้า 308a
དེའི་ཕྱིར་གཞན་གྱི་ལུགས་ནི་མ་ཡིན་ནོ། །རིམ་གྱིས་རིག་ན་ཐོག་མེད་པའི། །དངོས་པོ་ཅི་ལྟར་རིག་ཅེ་ན། །མ་ཡིན་དོན་རྣམས་ཐམས་ཅད་ནི། །རིམ་མ་ཡིན་པར་རིག་ཕྱིར་རོ། །དཔེར་ན་ཤིན་ཏུ་གོམས་པ་ཡིས། །བསྟན་བཅོས་ཀྱི་ནི་དོན་རྣམས་སུན། །ཡིད་ལ་སྐད་ཅིག་གཅིག་ལ་
སྣང་། །དེ་བཞིན་མཐའ་མེད་རིག་པ་ཉིད། །དཔེར་ན་ཤིན་ཏུ་གོམས་པ་ཡི། །བསྟན་བཅོས་ཀྱི་དོན་སྐད་ཅིག་གཅིག་ཉིད་ལ་སྣང་བ་དེ་བཞིན་དུ་ཐོག་མ་དང་ཐ་མ་མེད་པ་རིག་པ་ཡང་ཡིན་ནོ། །བསྟན་བཅོས་ནི་ཚད་མ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཚད་དང་ལྡན་པ་ཕྱིར་སྣང་བ་ནི་མ་ཡིན་ནོ། །འོན་ཀྱང་གོམས་
པ་ལས་ཡིན་ནོ། །བསྟན་བཅོས་ཀྱི་བརྗོད་བྱ་དེ་ནི་ཐམས་ཅད་སྣང་བ་དེས་ན། དེས་དྲན་པ་ལ་སྣང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔ་ན་མེད་པའི་བསྟན་བཅོས་ཀྱི་དོན་ནི་ཕན་ཚུན་འབྲེལ་བ་ཡིན་པས་དེ་ལ་ཉེ་བ་རྒྱུ་འགའ་ཞིག་གིས་གཞན་ལ་སྣང་བ་མ་ཡིན་ནམ། གལ་ཏེ་དེ་ལ་ཕན་ཚུན་འབྲེལ་པའི་བསྟན་
བཅོས་ཀྱི་དོན་འགའ་ཞིག་སྣང་བའི་རྒྱུས་གཞན་ཡང་མ་ཡིན་ནམ། ཐོག་མ་དང་ཐ་མ་མེད་པ་སྣང་བ་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། ཅི་ལྟར་སྔ་ན་མེད་པ་སྣང་བ་ཡིན་ཞེས་ཐམས་ཅད་མཚུངས་སོ། །འདི་ལྟར། རྒྱུ་དང་འབྲས་བུའི་འབྲེལ་པ་ལས། །མ་གཏོགས་པར་ནི་དོན་རྣམས་ལ། །ཉེ་བ་ཡོད་མིན་ཐ་སྙད་ལའང་། །དེ་
ནི་ཅི་ལྟར་ཡོད་མ་ཡིན། །བསྟན་བཅོས་སུ་དོན་རྣམས་ཀྱི་ཉེ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ། དེས་ན་ཐམས་ཅད་སྣང་བ་ཡིན་ནོ། །འདི་ནི་ཐ་སྙད་ལ་ཡང་མཚུངས་ཏེ། འདི་ལྟར་འདིའི་རྣམ་པར་འགྱུར་བ་ནི་འདི་ཡིན་ཏེ། འདིའི་རྒྱུ་ནི་འདི་ལྟ་བུ་ཞིག་ཡིན་དགོས་སོ། །རྒྱུ་དེ་ཡང་བརྒྱུད་ནས་འབྲས་བུ་འདི་སྙེད་
ཀྱི་སྐྱེད་པར་བྱེད་པ་ཡིན་ནོ། །གང་གིས་འདི་ལ་ལྷན་ཅིག་བྱེད་པ་ཡོད་པའམ། མེད་པར་འགྱུར་བ་འདིའི་བསོད་ནམས་ནི་འདི་འདྲ་བ་ཞིག་ཡིན་ནོ་ཞེས་དེ་ལྟར་གཞན་གྱིས་སེམས་རྟོགས་སོ། །སྐྱེ་བ་སྔོན་མ་ལ་སོགས་པ་རིག་པ་ན་ཡང་བརྒྱུད་ནས་ཕན་ཚུན་བྲལ་བ་ཐམས་ཅད་དུ་རིགས་ཏེ། དེས་ན་བསྐལ་བ་གཞན་ཡང་ན་
རིག་གོ། །བསྐལ་པས་བསྐལ་ཅན་སྐྱེ་བ་ལ། །རྒྱུ་འབྲས་ཉིད་ནི་རིག་པ་ཡིས། །འགྲོ་བ་ཀུན་གྱི་དེ་ཉིད་དང་། །དེ་ཡིས་ནང་ཁྱད་རྣམ་གནས་རིག །དེ་ལྟར་དོན་ཀུན་རིག་པ་ནི། །ལུགས་ཀུན་སྤངས་ནས་འདིར་བསྟན་ཏོ། །གཞན་གང་དེ་ཡང་གཞན་དག་གིས། །གཞུང་རྗེས་འབྲངས་ནས་གསལ་བར་བསྟན།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด