ཚད་མ་རྣམ་འགྲེལ་གྱི་རྒྱན

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๙ · หน้า 55a

ཁྱད་པར་དག་ནི་གཏན་ཚིགས་མིན། །རྗེས་སུ་འགྲོ་བ་ཉམས་ཕྱིར་རམ། །དེ་ཡི་ཆོས་སུ་མ་གྲུབ་ཕྱིར། །ཞེས་བྱ་བ་འདི་མ་གྲུབ་པོ། །དེ་བཞིན་དུ། དོན་མེད་པར་ནི་དེ་ཡི་བློ། །གཏན་ཚིགས་ཉིད་དུ་འགྱུར་མ་ཡིན། །གཞི་ཡང་མ་གྲུབ་པར་བརྗོད་དེ། །ཁྱད་པར་ཅན་ནི་མ་གྲུབ་

ཕྱིར། །དེ་བཞིན་གཏན་ཚིགས་མ་གྲུབ་དང་། །དཔེ་ནི་བསྒྲུབ་བྱས་སྟོང་པ་ཉིད། །ཁྱད་པར་རབ་ཏུ་མ་གྲུབ་པ། །དོན་གྱི་རྣམ་རྟོག་ཉིད་ཀྱིས་རྟོགས། །འདི་ཐམས་ཅད་ནི་སྔར་སྤངས་ཟིན་ཏོ། །དེས་ན་འདི་ནི་མ་ཡིན་ནོ། །དེས་ན་རྟོགས་པ་ཐམས་ཅད་ནི་དམིགས་པ་མེད་པ་ཡིན་ཏེ། རྟོག་པ་ཡིན་

པའི་ཕྱིར་རྨི་ལམ་གྱི་རྟོགས་པ་བཞིན་ནོ་ཞེས་བྱ་བ་འདི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །རྟོགས་པ་ཐམས་ཅད་དམིགས་པ་མེད་པ་དེས་ན། དེས་ན་གཞན་རིག་མེད་པའི་ཕྱིར། །རང་རིག་འབྲས་བུ་ཡིན་པར་འདོད། །རང་རིག་པ་ཉིད་འབྲས་བུ་ཡིན་ནོ། །རྣམ་པར་ཤེས་པ་རང་ཉིད་སྐྱེ་བ་ནི། །རང་རིག་

གསལ་བར་བྱེད་པ་ཡིན་གྱི་དོན་ནི་མ་ཡིན་ཏེ། དོན་རྟོགས་པར་བྱེད་པ་ལ་དེ་ནུས་པ་མེད་པའི་ཕྱིར་དང་། དོན་རྟོགས་པ་མཐོང་བ་མེད་པའི་ཕྱིར་རོ། །འདིར་བརྗོད་པ། གལ་ཏེ་ཕྱི་རོལ་མྱོང་གྱུར་ན། །ཉེས་པ་ཅི་ཡོད་ཅི་ཡང་མེད། །ཕྱི་རོལ་དོན་དེ་མྱོང་གྱུར་པ། །འདི་ཉིད་ཀྱིས་ནི་ཅིར་བརྗོད་

འགྱུར། །རྣམ་པར་དཔྱད་པ་ཞིབ་མོ་འདིས་ཅི་བྱ་སྟེ། ཕྱི་རོལ་གྱི་ཉམས་སུ་མྱོང་བ་ཉིད་དོ། །འབད་པ་འདི་ལ་འབྲས་བུ་ཅི་ཞིག་ཡོད། འཇིག་རྟེན་གྱི་ཐ་སྙད་ཇི་ལྟ་བ་དེ་ལྟ་ཡིན་ལ་རག་མོད། དམིགས་པ་མེད་པ་ཉིད་དུ་རྟོགས་ན་ནི་གཞན་དུ་ཐ་སྙད་བྱེད་པ་མ་ཡིན་ནོ། །ཐ་སྙད་ལས་གཞན་པའི་

འབྲས་བུ་ཡང་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་པ་ཉིད་དེ། གལ་ཏེ་ཐ་སྙད་བསྒྲུབ་བྱ་ན། །ཐ་སྙད་ཇི་ལྟ་དེ་ལྟར་དེ། །རིག་བྱེད་སྐྱེས་བུས་མ་བྱས་ལ། །ཁྱེད་ཀྱི་འབད་པ་འབྲས་ཅི་ཡོད། །གང་ཞིག་གང་མེད་པར་མེད་པ་གཞན་གྱི་མཆོད་སྦྱིན་ལ་སོགས་པའི་ཐ་སྙད་ནི་སྐྱེས་བུས་བྱེད་པ་ལས་

གཞན་གྱིས་ལྡོག་པ་མ་ཡིན་ནོ། །ཅི་སྟེ་དེ་ཉིད་ལ་རྣམ་པར་དཔྱད་པར་བྱས་པས་དོན་དམ་པར་འགྱུར་རོ་ཞེ་ན། དེ་ལྟ་ཡིན་ན་གཞན་དུ་ཡང་དཔྱད་པར་བྱའོ། །འོན་ཏེ་སྐྱེས་བུས་བྱས་པ་ཉིད་ལ་ཚད་མ་ཉིད་ཡོད་པར་མི་འགྱུར་རོ་ཞེ་ན། འདི་ནི་གཞན་ལ་ཡང་མཚུངས་ཏེ། སྐྱེས་བུས་མ་བྱས་པ་ཉིད་ལ་

เล่ม ๑๗๙ · หน้า 55b

ཡང་ཚད་མ་མེད་པའི་ཕྱིར་རོ། །གཞན་ཡང་གང་ཚེ་ཕྱི་རོལ་འཛིན་མེད་པ། །དེ་ཚེ་ཆགས་སོགས་སྤོང་བར་འགྱུར། །གོམས་པའི་དབང་གིས་འཇུག་པས་ན། །དེ་མེད་ན་ནི་བཟློག་ཕྱིར་རོ། །དེ་ཁོ་ན་དཔྱད་ན་འདོད་ཆགས་ལ་སོགས་པ་ཟད་པར་འགྱུར་ལ། དེ་ཡང་སྐྱེས་བུའི་དོན་གྱི་མཆོག་ཡིན་

ནོ་ཞེས་བསྟན་ཟིན་ཏོ། །དེས་ན་དེ་ཁོ་ན་ཉིད་ངེས་པར་བརྟག་པར་བྱའོ། །ཕྱི་རོལ་གྱི་དོན་ནི་ཉམས་སུ་མྱོང་བ་མེད་དེ། འདི་ལྟར་ཕྱི་རོལ་དོན་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཅི་ཡིན། ཅི་ཉམས་སུ་མྱོང་བ་ལ་ཞུགས་པའི་ཕྱིར་ཉམས་སུ་མྱོང་བ་ཞེས་ཐ་སྙད་བྱེད་དམ། འོན་ཏེ་མ་ཞུགས་པ་ཉིད་

དུ་ཡིན། དེས་ན་འདི་སྐད་བརྗོད་དེ། གལ་ཏེ་བློ་ནི་དེ་རྣམ་ཅན། །རྣམ་པ་རྗེས་ཞུགས་ཅན་དེ་ཡོད། །དེ་ནི་ཕྱི་འམ་གཞན་ལས་ཞེས། །འདི་ནི་དཔྱད་པར་རིགས་པ་ཡིན། །དེ་ཡི་རྣམ་པ་ཅན་གྱི་བློ། །ཞེས་བྱ་བའི་དོན་ཅི་ཡིན། སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ནོ། །དེའི་རྣམ་པ་ཅན་ཞེས་བྱ་

བ་ག་ལས་ཡིན་ཞེས་འདི་ཉིད་ད་ལྟར་དཔྱད་པར་བྱ་བ་མ་ཡིན་ནམ། དེས་ན་བློ་དེའི་རྣམ་པ་ཅན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡང་དེ་ཉིད་བལྟ་བར་བྱ་བར་འགྱུར་རོ། །མཐོང་བ་དེ་ལ་ཡང་དེའི་རྣམ་པ་ཉིད་ཡིན་པའི་ཕྱིར་ཐུག་པ་མེད་དོ། །འོན་ཏེ་རྣམ་པ་མེད་པས་མཐོང་ན། དེའི་ཚེ་དེ་ཉིད་མཐོང་

བ་ཡིན་པས་རྣམ་པ་བརྟགས་པས་ཅི་ཞིག་བྱ། འོན་ཏེ་དེའི་རྣམ་པ་ཞེས་བྱ་བ་ནི་དེ་ལ་ངེས་པར་རྟོགས་པའི་རྣམ་པའམ། མཐོང་བའི་རྣམ་པ་ཡིན་ནོ་ཞེ་ན། དེའི་ཚེ་ངེས་པར་རྟོགས་པ་དང་མཐོང་བ་ཞེས་བྱ་བའི་དོན་ཅི་ཡིན་ཞེས་བྱ་བ་འདི་ཉིད་བརྩད་པར་བྱའོ། །ཅི་སྟེ་གཉི་ག་ཡང་མཐོང་ངོ་། །

ཞེ་ན། དེ་ལྟ་ན་གཉི་ག་རང་གི་ངོ་བོས་མཐོང་བ་ཡིན་ཏེ། དེས་ན་ཕན་ཚུན་འཛིན་པར་བྱེད་པ་འམ། འགའ་ཡང་མ་ཡིན་པའི་ཕྱིར་གཉི་ག་ཡང་རང་རིག་པ་ཉིད་དོ་ཞེས་བསྟན་ཟིན་ཏོ། །ཅི་སྟེ་ཕྱི་རོལ་མེད་ན་འདི་ཉིད་མེད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་འོ་ན་བློ་མེད་པར་ལྐོག་ཏུ་མ་གྱུར་པ་ཉིད་

མི་འགྱུར་རོ་ཞེས་བྱ་བར་འགྱུར་རོ། །འོན་ཏེ་ལྐོག་ཏུ་མ་གྱུར་པ་ཉིད་ནི་མཐོང་བ་ཉིད་དོ། །དེ་ལྟ་ཡིན་ན་གཞན་བརྟག་པར་བྱ་བ་མ་ཡིན་ནོ་ཞེ་ན། དེའི་རྣམ་པ་ཅན་གྱི་བློ་ཡང་མཐོང་བ་ཉིད་པས་གཞན་བརྟགས་པས་ཅི་བྱ། འདི་ལྟར། མཐོང་བའི་ཁྱད་པར་དང་བྲལ་བ། །མི་འཛིན་དེ་འཛིན་

เล่ม ๑๗๙ · หน้า 56a

ན་འཛིན་ཕྱིར། །སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །མཐོང་བ་གང་ཡིན་པ་དེ་ཉིད་ཁས་བླང་བར་བྱའོ། །འདི་ལྟར་སྣང་བའི་ནང་དུ་ཆུད་པའི་སྔོན་པོ་ཉིད་སྣང་གི་གཞན་ནི་མ་ཡིན་ནོ། །དེས་ན་སྣང་བ་ལས་ཐ་དད་པར་ནི་ཚད་མ་མེད་

དོ། །དེས་ན་ཁས་བླང་བར་མི་བྱའོ། །འོན་ཏེ་དེ་ནི་སྣང་བའི་ནང་དུ་ཆུད་པར་མི་སྣང་དེ། སྣང་བ་ནི་ནང་ཡིན་པའི་ཕྱིར་དང་། སྔོན་པོ་ལ་སོགས་པ་ནི་ཕྱི་རོལ་དུ་སྣང་བའི་ཕྱིར་རོ་ཞེ་ན། ཐ་དད་པ་ཡིན་ན། དེ་སྣང་བར་མི་འགྱུར་ཏེ། དེ་ནི་རང་གི་ངོ་བོས་ལྐོག་ཏུ་མ་གྱུར་པས་སྣང་བའི་ཕྱིར་

རོ། །འདི་ལྟར། གལ་ཏེ་ཐ་དད་ཡིན་ན་ནི། །སྔོན་པོ་ལྐོག་གྱུར་མིན་མི་འགྱུར། །ངོ་བོས་ལྐོག་གྱུར་མིན་པ་ལས། །དེ་ལས་ལྐོག་གྱུར་མིན་གཞན་མེད། །དཔེར་ན་འཛིན་པའི་རྣམ་པ་རང་གི་རང་བཞིན་གྱིས་ལྐོག་ཏུ་མ་གྱུར་པ་ཡིན་གྱི། འཛིན་པར་བྱེད་པ་གཞན་ཡོད་པ་ལས་ནི་མ་

ཡིན་པ་དེ་བཞིན་དུ། དེ་དང་དུས་མཚུངས་པ་ཅན་སྔོན་པོ་ལ་སོགས་པ་ཡང་ཡིན་ནོ། །ཡང་ཇི་ལྟར་འཛིན་པར་བྱེད་པའི་རྣམ་པ་མིག་ལ་སོགས་པ་ལས་ཡིན་པ་དེ་བཞིན་དུ། དེ་དང་དུས་མཚུངས་པ་གཟུང་བའི་རྣམ་པ་ཡང་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་དེ་ཡོད་པ་དང་མེད་པའི་

རྗེས་སུ་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དོན་གྱི་སྔོན་དང་ཕྱིས་ཡོད་པ་ནི་ཚད་མས་ངེས་པ་མ་ཡིན་ཏེ། སྔ་མ་དང་ཕྱི་མ་ལ་མངོན་སུམ་མི་འཇུག་པའི་ཕྱིར་རོ། །འོན་ཏེ་སྔོན་ནམ་ཕྱིས་འདི་མེད་དོ་ཞེས་བྱ་བ་ཡང་ཇི་ལྟར་རྟོགས་ཤེ་ན། བློ་དང་བདེ་བ་ལ་སོགས་པ་འཛིན་པའི་རྣམ་པ་

ཡང་ཅིའི་ཕྱིར་སྔོན་ཡོད་པར་མི་བརྟག །འོན་ཏེ་བདག་རྟག་པའི་ཕྱིར་དེ་བཞིན་ཉིད་དོ་ཞེ་ན། འོ་ན་ལྐོག་ཏུ་མ་གྱུར་པ་ཡང་སྔ་ཉིད་ཡོད་དོ་ཞེས་ཅི་སྟེ་མི་བརྟག །འགལ་བའི་ཕྱིར་རོ། །མ་རྟོགས་པ་ནི་ལྐོག་ཏུ་མ་གྱུར་པར་མི་འཐད་དོ། །ཐ་དད་པའི་དོན་ནི་རྟོགས་པ་མེད་ཀྱང་འཐད་དོ་ཞེ་ན།

ཐ་དད་དོ་ཞེས་གང་གིས་རྟོགས། དེ་ཉིད་ཕྱིར་བརྒྱ་ལ་འགྱུར་རོ་ཞེས་ཐེ་ཚོམ་ཟ་བར་རྩོད་པ་ཡིན་ནོ། །ལྐོག་ཏུ་མ་གྱུར་པ་ཉིད་ཀྱང་ཅིའི་ཕྱིར་དེ་ལྟ་མ་ཡིན་ཞེ་ན། ལྐོག་ཏུ་མ་གྱུར་པར་མི་འགྱུར་བར་ཐལ་བའི་ཕྱིར་མ་ཡིན་ཏེ། གཞན་གྱི་ལྐོག་ཏུ་མ་གྱུར་པ་ཡིན་པའི་ཕྱིར་རོ། །ངའི་ལྐོག་ཏུ་གྱུར་པ་

เล่ม ๑๗๙ · หน้า 56b

ཡིན་ཞེས་རྟོག་པར་མི་འགྱུར་ཏེ། དཀར་པོ་ལ་སོགས་པ་བཞིན་ནོ། །གལ་ཏེ་དཀར་པོ་ཉིད་བུམ་པ་ལ་སོགས་པ་གཅིག་གི་མ་ཡིན་ཡང་རྫས་གཞན་གྱི་ཡིན་པ་ཉིད་དོ། །དེས་ན་ལྐོག་ཏུ་གྱུར་པ་མ་ཡིན་པ་ཉིད་ལས་ཐ་དད་པའི་སྔོན་པོ་ལ་སོགས་པ་ནི་མེད་དོ། །གལ་ཏེ་གང་གི་ཚེ་དོན་གྱི་དཀར་

པོ་ཉིད་བྲལ་བ་དེའི་ཚེ་གཞན་ལ་འགྲོ་འམ་ཅི་ག་དེས་ན་ལྐོག་ཏུ་མ་གྱུར་པ་ཉིད་ཀྱང་བྲལ་ནས་གཞན་དུ་འགྲོ་བ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན། དེ་དང་ཐ་མི་དད་པའི་ཕྱིར་དོན་ཡང་དེ་མེད་པས་མེད་པར་འགྱུར་རོ། །ཐ་མི་དད་པ་ཉིད་དུ་མ་ངེས་སོ་ཞེ་ན། འོ་ན་ནི་མེ་ཡང་མེའི་རང་བཞིན་མེད་

ཀྱང་མེད་པར་མི་འགྲུབ་པོ། །དེ་ལས་ཐ་དད་པའི་མེ་མེད་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། ཐ་མི་དད་པར་མ་གྲུབ་པའི་ཕྱིར་རོ། །དེ་ལས་ཐ་དད་པར་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཐམས་ཅད་དུ་མཚུངས་སོ། །དེའི་ཕྱིར་ལྐོག་ཏུ་མ་གྱུར་པ་ལས་ཐ་དད་པ་ནི་མེད་པ་ཉིད་དོ། །རྗེས་

སུ་དཔག་པ་ཡང་ལྐོག་ཏུ་མ་གྱུར་པ་ལས་ཐ་དད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ཇི་ལྟར་སྒྲུབ་པར་བྱེད་པ་མ་ཡིན་ན། གང་གི་ཚེ་ལྐོག་ཏུ་གྱུར་པའི་གནས་སྐབས་ཀྱང་སྒྲུབ་པར་བྱེད་པ་དེའི་ཕྱིར། ཕྱིས་རྟོགས་པར་འགྱུར་བའི་སྔོན་པོ་ནི་ཡོད་པ་ཉིད་དོ་ཞེ་ན་མ་ཡིན་ཏེ། དེ་ལ་སྔོན་གྱི་

རང་བཞིན་རྗེས་སུ་འབྲངས་ནས་རྟོགས་པའི་ཕྱིར་རོ། །དེ་ནི་ཉམས་སུ་མྱོང་བའི་རྗེས་སུ་འབྲང་བ་ཅན་གྱི་དྲན་པ་ཉིད་ཡིན་ལ། ཉམས་སུ་མྱོང་བ་དེ་ཡང་ལྐོག་ཏུ་གྱུར་པ་མ་ཡིན་པའི་རང་བཞིན་ཉིད་དོ། །ལྐོག་ཏུ་གྱུར་པའི་རང་བཞིན་ལས་སྔོན་པོ་ལ་སོགས་པ་ལོགས་ཤིག་ཏུ་ནི་དྲན་པའི་

ཡུལ་དུ་འགྱུར་བ་མ་ཡིན་ནོ། །འདི་ན་ཡིན་པར་ཇི་ལྟར་རྟོགས་ཤེ་ན་མ་ཡིན་ཏེ། འདིར་ཡང་དེ་ལྟ་བུའི་རང་བཞིན་ཉིད་སྒྲོ་འདོགས་པ་ཡིན་ནོ། །གལ་ཏེ་སྔར་གྱི་ལྐོག་ཏུ་མ་གྱུར་པའི་རང་བཞིན་ཉིད་སྤངས་ན་ནི་དེ་དང་ཐ་མི་དད་པའི་ཕྱིར་སྔོན་པོའི་རང་བཞིན་ཉིད་ཀྱང་བཏང་བར་འགྱུར་རོ། །

རྣམ་པར་ཕྱེ་ནས་ནི་དྲན་པ་མ་ཡིན་ནོ། །རྗེས་སུ་དཔག་པ་དྲན་པ་ཡིན་ལ་ལྷག་པར་རྟོགས་པ་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ལྷག་པར་རྟོགས་པའི་རྒྱུ་མེད་པའི་ཕྱིར་རོ། །ཇི་ལྟར་དེ་ལྷག་པར་རྟོགས་པ་ཡིན་ཞེ་ན། མ་ཡིན་ཏེ། མེད་པའི་ཕྱིར་རོ། །ཇི་ལྟར་ཚད་མ་ཡིན་ཞེ་ན། དང་པོ་ཉིད་དུ་ཁྱབ་

เล่ม ๑๗๙ · หน้า 57a

པ་གྲུབ་པའི་ཕྱིར་རོ། །དཔེར་ན་དུ་བ་མེ་ལས་འབྱུང་བར་མཐོང་བ་དེའི་ཚེ། ཡུལ་གཞན་དང་གཞན་མེ་དང་འབྲེལ་པ་འདི་ལྟར་རྟོགས་ཏེ། གང་དང་གང་ན་མེ་འདི་ཡོད་པ་དེ་དང་དེར་དུ་བ་སྐྱེད་པར་བྱེད་དེ། ཡུལ་གཅིག་པོ་ནི་ཡུལ་གཞན་དང་འབྲེལ་པ་མ་ཡིན་ནོ། །

དེས་ན་གལ་ཏེ་གཞན་ན་ཡང་མེ་ཡོད་ན་དེར་ཡང་སྐྱེད་པར་བྱེད་པ་ཉིད་དོ། །དེས་ན་དུ་བའི་ཡུལ་དུ་མེ་རྟོགས་པ་ཉིད་དོ། །དུ་བའང་མེ་འབྱུང་བ་དེ་ཡང་དེའི་རང་བཞིན་ཉིད་དུ་སྒྲོ་འདོགས་པ་ཡིན་གྱི། གཞན་ནི་མ་ཡིན་ཏེ། མི་ནུས་པའི་ཕྱིར་རོ། །དེས་ན་ལྷག་པའི་དུ་བ་མཐོང་བ་ལས་ལྷག་

པའི་མེ་རྟོགས་སོ། །འོ་ན་གལ་ཏེ་སྔ་མ་བར་འགྱུར་བའི་ཡུལ་གྱི་མེ་ལ་སྒྲོ་འདོགས་པ་མེད་པ་ཁོ་ནར་དུ་བ་མཐོང་བའི་མོད་ཁོ་ན་ལ་རྟོགས་པ་དེ་ཇི་ལྟར་ཞེ་ན། དེ་ཡང་སྤྱིར་འབྲེལ་པ་མེད་པར་མི་རྟོགས་པའི་ཕྱིར་རོ། །འདི་ལྟར། གལ་ཏེ་མོད་ལ་རྟོགས་པ་དེ་ལྟ་ན་ཡང་གང་གི་ཚེ་འདི་ན་དུ་བ་

ཡོད་མོད། མེ་ཡོད་པ་ཅི་སྟེ་ཞེས་རྒོལ་ཞིང་རྟོག་པ་ན། དེ་ལྟ་བུ་ཉིད་དུ་སྔོན་མཐོང་བའི་ཕྱིར་རོ་ཞེས་བརྗོད་དགོས་སོ། །མཐོང་བ་དེར་ཡང་དོན་དམ་པར་ནི་མ་ཡིན་གྱི། འོ་ན་ཡང་མཐོང་བ་དང་ལྷག་པར་བརྟགས་པ་དག་གཅིག་ཏུ་ཞེན་པའི་ཕྱིར་རོ། །མཐོང་བ་ལས་ཐ་དད་པར་ནི་

བརྟག་པར་མི་ནུས་སོ། །གལ་ཏེ་མཐོང་བ་ལས་ཐ་དད་པར་རྟོགས་ན་མཐོང་བ་དོན་དུ་གཉེར་བ་འཇུག་པར་མི་འགྱུར་རོ། །མཐོང་བ་དོན་དུ་གཉེར་བར་སྟོན་པར་མི་འགྱུར་རོ། །མཐོང་བ་ཉིད་དུ་རྟོགས་པ་མེད་པ་ནི་མཐོང་བ་དོན་དུ་གཉེར་བར་མི་འགྱུར་རོ། །ཡོད་པ་གང་

ཡིན་པའི་རྟོགས་སོ་ཞེ་ན། གལ་ཏེ་དེ་མཐོང་བ་དང་འབྲེལ་པར་མ་བཟུང་ན། ཇི་ལྟར་ཡོད་པ་ཙམ་རྟོགས་པ་པོ་འཇུག་པར་བྱེད་པ་ཡིན། དེ་བས་ན་སྣང་བ་ཉིད་དུ་རྟོགས་པས་དེ་དོན་དུ་གཉེར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །སྔོན་པོ་ལ་སོགས་པ་མ་རྟོགས་པ་ནི་དེ་དོན་དུ་གཉེར་

བར་མ་མཐོང་ངོ་། །དེས་ན་རྗེས་སུ་དཔག་པའམ་གཞན་ཡང་རུང་སྟེ། རྣམ་པར་རྟོག་པ་ཅན་གྱིས་སྔོན་པོ་ལ་སོགས་པ་མཐོང་བ་ལས་ཐ་དད་པར་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་རྗེས་སུ་དཔག་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་ཞེ་ན། ལྐོག་ཏུ་གྱུར་པ་མ་ཡིན་པ་སྔ་མ་སྒྲོ་འདོགས་

เล่ม ๑๗๙ · หน้า 57b

པའི་ཕྱིར་རོ། །ཇི་ལྟར་དེས་དེ་ན་མེ་ཡོད་པར་རྟོགས་ཤེ་ན་སྒྲོ་འདོགས་པ་དེ་ལྟ་བུ་ཉིད་ཡིན་པའི་ཕྱིར་ཏེ། སྨིག་རྒྱུ་ལ་སྔོན་མཐོང་བའི་ཆུར་སྒྲོ་འདོགས་པ་བཞིན་ནོ། །གང་ལ་སྒྲོ་འདོགས་པ་དེ་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་རང་གི་ངོ་བོས་མ་རྟོགས་པའི་ཕྱིར་རོ། །དེའི་རང་

བཞིན་ནི་དེ་ཉིད་ཡིན་ནོ་ཞེ་ན། དེ་ལྐོག་ཏུ་མ་གྱུར་པ་ཉིད་མ་ཡིན་པའི་ཕྱིར། ཇི་ལྟར་ལྐོག་ཏུ་གྱུར་པ་ཉིད་ཡིན། གཞན་གྱིས་རྟོགས་པའི་ཕྱིར་རང་གི་ངོ་བོ་རྟོགས་པ་ཉིད་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེ་ན། དེ་ཉིད་ལྐོག་ཏུ་མ་གྱུར་པ་ཡིན་པར་ལན་མ་ཡིན་ནོ། །གཞན་གྱིས་རྟོགས་པ་ཞེས་བྱ་བ་ཡང་

འབྲེལ་པའི་སྟོབས་ཀྱིས་སྒྲོ་བཏགས་པ་ཉིད་ཡིན་ཏེ། དེས་ན་ཕྱི་རོལ་ལྐོག་ཏུ་གྱུར་པ་རྟོགས་པར་འཐད་ཀྱང་གཞན་གྱིས་རྟོགས་པ་ཞེས་བྱ་བ་ནི་ལོག་པ་ཉིད་དོ། །དེ་ཕྱིས་རང་ཉིད་མཐོང་བ་ལས་གཅིག་ཏུ་སྒྲོ་བཏགས་པའི་ཕྱིར་འདི་ནི་ལྐོག་ཏུ་གྱུར་པར་གྱུར་ཏོ་ཞེས་ཕྱི་རོལ་ལྐོག་ཏུ་གྱུར་པ་

རྟོགས་པར་རིགས་ཀྱང་། གཞན་གྱིས་རྟོགས་པ་ལ་ནི་སྔར་ལྐོག་ཏུ་གྱུར་པ་དེ་ནི་གཞན་གྱིས་རྟོགས་པ་འདི་ཡིན་ནོ་ཞེས་བྱ་བ་ལ་འདི་ཡང་མེད་དོ། །དེས་ན་ལྐོག་ཏུ་གྱུར་པ་ཞེས་བྱ་བ་ནི་མེད་དོ། །དེའི་ཕྱིར་དོན་གཞན་ཡོད་ན་མཐོང་བའི་ཁྱད་པར་དང་བྲལ་བ་མི་འཛིན་པ་ཉིད་དུ་ཇི་ལྟར་འགྱུར། གལ་

ཏེ་མྱོང་བ་ལས་མ་གཏོགས་པའི་དོན་མེད་ན་སྔོན་པོ་དང་སེར་པོ་ལ་སོགས་པ་སྣང་བ་ཐ་དད་པ་ག་ལས་ཡིན་ཞེ་ན། མིག་ལ་སོགས་པ་ཉིད་ལས་ཏེ། སྐྲ་ལ་སོགས་པར་སྣང་བ་བཞིན་ནོ། །གལ་ཏེ་སྐྲ་ལ་སོགས་པར་སྣང་བ་ཉམས་པའི་དབང་གིས་མ་ཡིན་ནམ་ཞེ་ན། ཉམས་སོ་ཞེས་བྱ་བ་ག་ལས་

སྐྲ་ལ་སོགས་པར་སྣང་བ་ལས་སོ་ཞེ་ན། སྔོན་པོ་ལ་སོགས་པར་སྣང་བ་ལས་ཞེས་མཚུངས་སོ། །སྐྲ་ལ་སོགས་པ་ལྟར་ཡུལ་ཐ་དད་ཀྱང་རང་བཞིན་གཅིག་ཏུ་འགྱུར་གྱི། སྔོན་པོ་ལ་སོགས་སྣ་ཚོགས་པ་ཉིད་དུ་མི་འགྱུར་བ་མ་ཡིན་ནམ། ཇི་ལྟར་མིག་བསྒྱུར་ན་འགྱུར་བ་དེ་བཞིན་དུ་སྔོན་པོ་ལ་

སོགས་པ་འགྱུར་རམ་ཅི། གལ་ཏེ་མིག་རྣམ་པར་ཤེས་པའི་རྒྱུར་འདོད་ན་ཕྱི་རོལ་ཡིན་པ་དེས་ན་སྔོན་པོ་ལ་སོགས་པ་ཅི་སྟེ་མ་ཡིན། ཇི་ལྟར་གཟུགས་འཛིན་པ་ལ་མིག་རྒྱུ་བ་ཡིན་པ་དེ་བཞིན་དུ་སྔོན་པོ་ལ་སོགས་པ་ནང་གི་ཁྱད་པར་འཛིན་པ་དེ་ལས་གཞན་ཡིན་ནོ། །དེས་ན་མྱོང་བ་ངེས་པའི་ཕྱིར་

เล่ม ๑๗๙ · หน้า 58a

ཕྱིའི་དོན་གྲུབ་པོ་ཞེ་ན། འདིར་བརྗོད་པ། འདིར་འགའ་ཞིག་ནི་འགའ་ཞིག་གིས། །བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །འདི་ནི་བཤད་ཟིན་ཏེ། མངོན་སུམ་ལས་ནི་ཕྱིའི་དོན་མི་འགྲུབ་སྟེ། འབྲས་བུ་ལྡོག་པ་

ལས་བརྟགས་པ་ཡིན་ནོ། །འབྲས་བུ་ལྡོག་པ་ལས་ཀྱང་མིག་ཉིད་བརྟག་པར་བླའི། དོན་གཞན་རྟོགས་པས་ནི་མཐོང་བའི་མིག་ལ་སོགས་པ་ཉིད་ཀྱིས་དེ་ཁྱད་པར་ཅན་དུ་གྱུར་པ་ཡིན་ནོ་ཞེས་རྟོགས་པ་བླའོ། །དེ་ཡང་གཞན་གྱི་ངོར་བརྗོད་པ་ཡིན་ཏེ། དེ་མ་ཐག་པའི་རྐྱེན་ཉིད་ཁྱད་པར་

དུ་རྟོགས་པ་བླའོ། །ལུས་ཀྱང་རྒྱུ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ལུས་སུ་སྣང་བ་ལས་མ་གཏོགས་པར་དེ་མེད་པའི་ཕྱིར་རོ། །དེར་སྣང་བ་ཡོད་ན་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་རྣམ་པར་ཤེས་པ་ཉིད་ལས་རྣམ་པར་ཤེས་པ་ཡིན་ནོ། །ལུས་སུ་སྣང་བ་དང་རྩིག་པ་ལ་སོགས་པར་སྣང་བ་དུས་མཚུངས་པའི་

ཕྱིར་རྒྱུ་ཉིད་མ་ཡིན་ནོ། །འདི་ལྟར། སད་བྱེད་ངེས་པ་ཡིན་པའི་ཕྱིར། །སད་བྱེད་དེ་ནི་ཡོད་མིན་ཡང་། །ཇི་ལྟར་ཆགས་སོགས་རྟོག་པ་ལ། །དུས་སོགས་ངེས་པ་གསལ་བ་ལྟར། །དེ་བཞིན་དུ་སྔོན་པོ་ལ་སོགས་པ་སྣང་བ་ངེས་པ་དང་ལྡན་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ཡུལ་

དང་དུས་དང་གནས་སྐབས་ངེས་པར་འགྱུར་བ་ནི་སད་པར་བྱེད་པའི་རྐྱེན་གྱི་དབང་གིས་ཡིན་གྱི། དེ་དག་དམིགས་པ་ངེས་པ་ལ་མི་འཁྲུལ་བ་ལས་ནི་མ་ཡིན་ནོ། །ཀ་ནྱ་ཀུན་ཛ་བ་ལ་སོགས་པ་སེམས་པ་སྣང་བ་རྣམས་ལ་སད་པར་བྱེད་པ་ཡོད་ན་གཞན་དུ་ཡང་འགྱུར་རོ། །ཕྱི་རོལ་ཉིད་ནི་སད་པར་

བྱེད་པ་མ་ཡིན་ཏེ། རང་གི་ནུས་པ་ལས་སེམས་པ་ལས་སྣང་བས་ཀྱང་སེམས་པ་གཞན་གྱི་བག་ཆགས་སད་པར་བྱེད་པའི་ཕྱིར་དཔེར་ན་མངོན་དུ་གཏོད་པ་ལས་འགྱུར་བ་བཞིན་ནོ། །མངོན་དུ་གཏོད་པ་ནི་གར་ཡང་ཕྱོགས་སུ་ལྷུང་བ་མ་ཡིན་ནོ། །མངོན་དུ་ཕྱོགས་པ་མཚུངས་ཀྱང་རང་

བཞིན་འགའ་ཞིག་གསལ་བར་སྣང་བའི་ཕྱིར་གོམས་པ་ལ་སོགས་པ་ལས་ཀྱང་འགྱུར་རོ། །རྨི་ལམ་ལ་སོགས་པའི་ཤེས་པ་ལ་ཡང་སོ་སོར་ངེས་པའི་རྒྱུ་ཅི་ཞིག་ཡོད། སྐྱེ་བ་གཞན་དུ་མཐོང་བའི་ཕྱི་རོལ་ཉིད། དེའི་ཚེ་ངེས་པའི་རྒྱུ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐམས་ཅད་མཐོང་བའི་ཕྱི་རོལ་

เล่ม ๑๗๙ · หน้า 58b

དེའི་ཚེ་མེད་པ་ཉིད། དེའི་ཚེ་ངེས་པའི་རྒྱུ་གང་ཡིན་གལ་ཏེ་ཡུལ་སོགས་ངེས་པའི་ཕྱི་རོལ་སྣང་བ་ངེས་བྱེད་ཡིན། དེའི་ཡུལ་ཅན་ཕྱི་རོལ་གྱི་ངེས་པ་མེད་པ་དེ་ག་ལས། གལ་ཏེ་དེར་རམ་དེའི་ཚེ་ཉིད་ཕྱི་རོལ་ན་མེད་ན་ཡུལ་དང་དུས་དེས་ངེས་པར་སྣང་བ་ག་ལས་ཡིན། འོན་ཏེ་དེའི་དུས་ལ་སོགས་པ་

ཅན་མེད་ཀྱང་དེ་ལྟར་ངེས་པ་ནི་སྔར་གྱི་དོན་མཐོང་བ་ལས་ཡིན་ནོ་ཞེ་ན། དོན་གྱིས་ཅི་བྱ་སྟེ། སྔོན་གྱི་སྣང་བ་ཉིད་ལས་ངེས་པ་སྲིད་པའི་ཕྱིར་རོ། །འདི་ལྟར། སྣང་བ་དོན་གྱིས་སྟོང་པར་ནི། །མི་འགྱུར་ཕྱིར་ན་དོན་བརྟགས་ཡིན། །སྔོན་གྱི་དོན་ཉིད་ལས་ངེས་ན། །སྣང་བ་ཡིས་ནི་ཅི་ཞིག་

བྱས། །ད་ནི་དོན་མེད་པར་མི་སྣང་བར་མི་རིགས་སོ། །སྣང་བ་ནི་སྔར་འགགས་པའི་ཕྱིར་དེ་སྣང་བ་མ་ཡིན་ནོ། །དེ་ལྟར་མེད་པ་སྣང་བའི་ཕྱིར་ཕྱི་རོལ་གྱི་དོན་དུ་བརྟག་པ་ནི་མ་ཡིན་ནོ། །གལ་ཏེ་དོན་མེད་ཀྱང་སྔོན་གྱི་ཡུལ་དང་དུས་སུ་མཐོང་བ་འདི་ལ་སྣང་བ་ཡིན་ན་སྔོན་གྱི་དུས་ལ་སོགས་

པའི་སྣང་བ་ཉིད་སྣང་བ་རག་མོད། དོན་བརྟགས་པས་ཅི་ཞིག་བྱ་སྟེ། ཕྱིའི་དོན་སྨྲ་བ་རྣམས་ཀྱིས་ཀྱང་སྣང་བ་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་དེར་ཕྱིའི་དོན་ཉིད་སྣང་བ་ཡིན་ལ། འདིར་ནི་མི་ལྡན་པའི་ཕྱིར་མི་སྣང་ངོ་ཞེ་ན། དེར་ལྡན་ནོ་ཞེས་བྱ་བ་གང་ལས་མི་སླུ་བའི་ཕྱིར་རོ་ཞེ་ན། མི་སླུ་བ་ཡང་

མི་སླུ་བ་གཞན་ལས་མི་འཐད་པ་ཅི་ཡོད། དེས་ན་མི་སླུ་བ་གཞན་ཡིན་པའི་ཕྱིར་མི་སླུ་བར་སྣང་བ་བརྒྱུད་པ་ཉིད་རིགས་སོ། །གལ་ཏེ་གང་ཞིག་སྐྱེས་ནས་འཇིག་པ་དེ་ནི་ལོག་པའི་ཤེས་པ་ཡིན་ཏེ། དཔེར་ན་ད་ནི་རྡུལ་མེད་དོ་ཞེས་བྱ་བ་ལྟ་བུའོ། །ཀ་བ་ལ་སོགས་པ་འདི་ནི་ཤིན་ཏུ་ངེས་པ་

ཡིན་པས་ཇི་ལྟར་ཕྱིན་ཅི་ལོག་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། བག་ཆགས་བརྟན་པ་ཉིད་ཀྱིས་ན། །མོད་ལ་འཇིག་པར་འགྱུར་མིན་ཏེ། །དཔེར་ན་བག་ཆགས་ལས་བྱུང་བ། །འདོད་ཆགས་ལ་སོགས་རྟོགས་པ་བཞིན། །འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་ནི་བག་ཆགས་ཀྱི་

སྟོབས་ལ་བརྟེན་པ་དང་། དེ་བཞིན་དུ་ཕྱིའི་དོན་དང་བྲལ་བ་ཡིན་མོད་ཀྱི་དེ་ལྟ་ན་ཡང་འདི་རྣམ་པར་བརྟགས་སུ་ཟིན་ཀྱང་། དེ་མ་ཐག་ཉིད་དུ་མི་ལྡོག་གོ། །དེ་བཞིན་དུ་བག་ཆགས་བརྟན་པས་ན་རྨི་ལམ་དུ་བཤད་པའི་རྒྱུན་ཇི་ལྟར་ཡང་མི་ལྡོག་གོ །འདི་ལྟར་བརྟན་པ་དེ་ཉིད་ཡང་ལངས་

เล่ม ๑๗๙ · หน้า 59a

ཡང་གཉིད་ལོག་ཅིང་འཆད་པ་བྱེད་དོ། །དེའི་ཕྱིར་ཕྱིའི་དོན་ལ་ལྟོས་པས་ངེས་པ་ནི་མ་ཡིན་ནོ། །འདི་ལྟར། རྨི་ལམ་ཅུང་ཟད་གང་མཐོང་བ། །སད་པར་རྗེས་སུ་འཇུག་པ་མེད། །དེ་ཡི་གནས་སྐབས་ད་འདྲ་སྟེ། །བྱིས་པའི་གཅི་བ་ཉིད་བཞིན་ནོ། །བྱིས་པའི་གཅི་བའི་གནས་

སྐབས་རྨི་ལམ་དུ་མཐོང་བ་ནི་སད་པའི་གནས་སྐབས་སུ་ཡང་རྗེས་སུ་འཇུག་གི །གཞོན་ནུ་ལ་སོགས་པའི་གནས་སུ་ནི་མ་ཡིན་ནོ། །དོན་བྱེད་པ་ལ་མི་འཁྲུལ་པ་ཡང་སྔར་བསྟན་ཟིན་པའི་ཕྱིར་ཡང་མི་སྤྲོའོ། །དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །གང་ཕྱིར་དེ་ལྟར་མྱོང་བ་དང་། །དྲན་པས་

འདི་ནི་རྣམ་པ་གཉིས། །མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཚུལ་གཉིས་ཞེས་བྱ་བ་ནི་རྟོགས་པའི་རྣམ་པ་དང་སྔོན་པོའི་རྣམ་པའོ། །ཐ་དད་པར་རིག་པ་མེད་པའི་ཕྱིར་ནི་གཅིག་ཡིན་ལ། ལྡོག་པ་ཉེ་བར་བརྟགས་པས་ནི་ཚུལ་གཉིས་ཡིན་ནོ། །དེ་ག་ལས་ཤེ་ན། གང་གི་ཕྱིར་དེ་ལྟར་ཉམས་སུ་

མྱོང་བ་དང་དྲན་པས་སོ། །དེས་ན་རྣམ་པ་གཉིས་ལས་གཞན་རིག་པ་མེད་པའི་ཕྱིར་དོན་རིག་པ་ནི་འབྲས་བུ་མ་ཡིན་ཏེ། རྣམ་པ་གཉིས་མྱོང་བ་འབྲས་བུ་ཡིན་ནོ་ཞེས་མཇུག་བསྡུ་བའོ། །དོན་རིག་པར་རྟོགས་པ་མ་ཡིན་ནམ། ཇི་ལྟར་རང་རིག་པ་ཡིན་ཞེ་ན། འདི་ལ་བཤད་པ། གང་ཚེ་རྣམ་རིག་རྒྱུ་ཡིན་

ལ། །གཞན་འདོད་པ་འམ་མི་འདོད་པའང་། །དེ་ཡི་དངོས་པོར་མ་གྲུབ་པ། །དེ་ནི་དེ་ལྟར་མྱོང་བ་ཡིན། །དེའི་ཚེ་དེའི་དངོས་པོས་གྲུབ་པའི་རྒྱུ་མེད་པའི་ཕྱིར་ཉམས་སུ་མྱོང་བ་ཉིད་རིག་པ་ཡིན་ཏེ། སྔོན་པོའི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་སྔོན་པོ་ལ་སོགས་པ་ཉིད་དུ་མྱོང་

བ་ཡིན་ཏེ་དེའི་ཕྱིར་དེ་ནི་དོན་དམ་པར་རང་རིག་པ་ཉིད་ཡིན་གྱི་དོན་དུ་ཉིད་ཉམས་སུ་མྱོང་བ་ཡང་དོན་རིག་པ་ནི་མ་ཡིན་ཏེ། རྨི་ལམ་དུ་རིག་པ་བཞིན་ནོ། །ཡང་ན་དོན་རིག་པ་ཉིད་འབྲས་བུ་ཡིན་ཏེ། འདི་ལྟར། གང་ཚེ་ཤེས་བྱ་དོན་དུ་ནི། །གནས་ཕྱིར་ཤེས་པ་ཡུལ་བཅས་ཡིན། །དེ་ཚེ་བདག་ཉིད་

ཉམས་མྱོང་གང་། །དེ་ཉིད་དོན་དུ་རྣམ་པར་ངེས། །ཡང་གང་གི་ཚེ་དོན་གཞན་རྟོགས་པར་བྱེད་པ་མེད་པར་ཤེས་པའི་ཆ་ཉིད་ལ་དེས་དོན་དུ་ངེས་པར་བྱེད་པའི་དེའི་ཚེ་ཤེས་པ་རྣམ་པའི་བདག་ཉིད་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཉིད་ལ་བག་ཆགས་ལས་ངེས་པའི་ཕྱིར་དོན་ཅེས་པ་ཡིན་ནོ། །དེའི་ཚེ་

เล่ม ๑๗๙ · หน้า 59b

ངེས་པའི་སྟོབས་ཀྱིས་དོན་རིག་པ་འབྲས་བུ་ཡིན་ནོ་ཞེས་རྣམ་པར་གཞག་གོ། །དེའི་ཚེ་ནི་རྣམ་པར་ཤེས་པར་སྨྲ་བ་ལ་ཡང་དོན་རིག་པ་འབྲས་བུ་ཡིན་ནོ། །དེའི་ཚེ་གཟུང་བའི་རྣམ་པ་ནི་གཞལ་བྱ་འཛིན་པའི་རྣམ་པ་ནི་ཚད་མ་དེའི་རིག་པ་ནི་འབྲས་བུ་ཡིན་ནོ། །ཡང་ན་དེ་ཉིད་དོན་ཅེས་རྟོགས་ལ།

དེ་ཡང་རིག་པ་ཡིན་པའི་ཕྱིར་རིག་པ་ཉིད་འབྲས་བུ་ཡིན་ནོ། །གཞན་ཡང་ཕྱིའི་དོན་ཁས་བླངས་ཀྱང་རང་རིག་པ་ཉིད་འབྲས་བུ་ཡིན་ནོ། །འདི་ལྟར། གལ་ཏེ་འདི་བདག་འདོད་རྣམས་དང་། །རྣམ་པ་གཞན་དུ་མྱོང་གྱུར་ན། །འདོད་པའང་མི་འདོད་པ་དེས་ཀྱང་། །དོན་རིག་པར་ནི་འགྱུར་བ་

ཡིན། །རིག་པ་གཞན་ཉིད་ཡིན་ལ་དོན་གཞན་ཡིན་ནོ་ཞེས་ནི་མི་ནུས་སོ། །དེ་བས་ན་རིག་པའི་རྗེས་སུ་འབྲང་བ་ཉིད་ཀྱིས་དོན་རྣམ་པར་འཇོག་པས་དེ་དང་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་ཕྱི་རོལ་རིག་པ་ནི་རང་རིག་པ་ཉིད་དོ། །དེས་ན་ཉེ་བར་བཏགས་ནས་ཕྱི་རོལ་རིག་པར་བརྗོད་དོ། །

གང་གི་ཕྱིར་གལ་ཏེ་ཤེས་པ་འདི་བདག་ཉིད་འདོད་པ་རྣམ་པ་ཡིན་པ་དང་། དོན་ཡང་རྣམ་པ་གཞན་དུ་མྱོང་བར་འགྱུར་ན། འདོད་པའམ་མི་འདོད་པ་སྟེ། འདོད་པ་མི་འདོད་པའི་རྣམ་པ་ཡིན་ན། དེའི་ཚེ་དེས་དངོས་ཀྱི་འཇུག་པས་དོན་རིག་པར་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་ཉེ་བར་

བཏགས་པ་ཉིད་དོ། །དེས་ན་ཕྱིའི་དོན་ལ་ཡང་རང་རིག་པ་ཉིད་འབྲས་བུ་ཡིན་ནོ་ཞེས་སྟོན་ཏོ། །གལ་ཏེ་དོན་ཡོད་པ་ལ་ནི་དོན་རིག་པ་ཉིད་འཐད་པ་མ་ཡིན་ནམ། དེ་ཡོད་པའི་ཕྱིར་རྟེན་མེད་པས་རང་རིག་པར་རིགས་སོ་ཞེ་ན། དེ་ཡང་མི་འཐད་དེ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཇི་ལྟར་ཉམས་སུ་

མྱོང་ཉིད་དེ། །ངེས་པའི་བདག་ཉིད་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །རྣམ་པར་ཤེས་པའི་སྨྲ་བ་ལ་ཡང་རང་རིག་པ་ཉིད་རྣམ་པ་གཞན་མེད་པའི་ཕྱིར། རང་རིག་པ་ཁས་ལེན་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ཉིད་དུ་རིག་པའི་ཕྱིར་རོ། །རྟེན་མེད་པས་ཁས་ལེན་ན་ནི་ཕྱིའི་དོན་ཉིད་

ཅི་སྟེ་ཁས་མི་ལེན། འདི་ལྟར། གལ་ཏེ་ཕྱི་རོལ་དོན་མེད་པས། །གང་རིག་གལ་ཏེ་རྟེན་མེད་པས། །རང་གི་ངོ་བོ་ཉིད་རིག་ན། །ཕྱི་ཉིད་རིག་པར་ཅིས་མི་འདོད། །རྟེན་མེད་པ་ནི་མཚུངས་སོ། །དེས་ན་རང་གི་ངོ་བོས་རིག་པ་ཉིད་དུ་མཐོང་བའི་ཕྱིར་ཞེས་བརྗོད་པར་བྱའོ། །རྟེན་གཞན་མེད་པའི་ཕྱིར་

เล่ม ๑๗๙ · หน้า 60a

ནི་མ་ཡིན་ནོ། །དེ་ལ་གལ་ཏེ་ཕྱིའི་དོན་ལ་ཡང་རང་རིག་པ་ཉིད་མཐོང་བས་དེ་ཉིད་ཡིན་མོད། དོན་རིག་པ་ནི་མི་རིགས་པའི་ཕྱིར་གཏང་བར་བྱ་བ་ཡིན་ནོ། །རིག་པ་རྣམས་རང་གི་ངོ་བོས་ཐ་དད་པའི་ཕྱིར་སྐྱེས་བུ་སོ་སོ་ལ་རྣམ་པ་དུ་མར་རིག་པ་འཐད་ཀྱི། དོན་ནི་རང་གི་

ངོ་བོས་རྣམ་པ་དུ་མར་རིག་པ་མ་ཡིན་ཏེ། བདག་ཉིད་དུ་མར་ཐལ་བའི་ཕྱིར་རོ། །རྟོགས་པར་བྱེད་པས་རྣམ་པ་དུ་མར་རིག་ཀྱང་དོན་ནི་གཅིག་ཉིད་དོ་ཞེས་ཕྱི་རོལ་གྱི་ལྟ་བ་འདོད་པ་ཡིན་ནོ། །དེས་ན་གཅིག་ལ་རང་བཞིན་དུ་མར་རིག་པ་མི་འཐད་དོ། །དོན་དུ་མའི་རང་བཞིན་ཉིད་དོ་ཞེ་ན་མ་ཡིན་ཏེ།

ཁས་བླངས་ན་ཡང་གཉིས་པོ་དག །ཐ་དད་པར་ནི་མྱོང་མི་འགྱུར། །དོན་གཅིག་ཉིད་ལ་གཉིས་ཉམས་སུ་མྱོང་ངོ་ཞེས་མི་འགྱུར་ཏེ། རང་གི་རྣམ་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །གལ་ཏེ་རྣམ་པ་གཞན་ཡང་དེ་ཉིད་དུ། རྗེས་སུ་ཞུགས་པར་སྣང་ན་དེའི་ཚེ་གཅིག་ཏུ་རྟོགས་པར་འགྱུར་

རོ། །ཡང་ན་གཉིས་པོ་དག་ཐ་དད་པར་མྱོང་བར་མི་འགྱུར་རོ་ཞེས་བྱ་བ་དངོས་པོའི་དོན་ཏོ། །ཡང་ན་གཅིག་གི་མཐར་ཐུག་པས་ཐ་དད་པར་མྱོང་བར་མི་འགྱུར་ཏེ། ཐམས་ཅད་ལ་རྣམ་པ་དུ་མར་ཐལ་བའི་ཕྱིར་རོ། །མ་མཐོང་བསྒྲིབས་ཕྱིར་འགྱུར་ཞེ་ན། །དོན་གྱི་དབང་གིས་རྟོགས་མི་

འགྱུར། །གལ་ཏེ་མ་མཐོང་བས་བསྒྲིབས་པའི་ཕྱིར་གཉིས་མཐོང་བ་མ་ཡིན་ནོ་ཞེ་ན། འོ་ན་མ་མཐོང་བས་གཅིག་ཏུ་རྟོགས་པ་ལ་བསྒྲིབས་པའི་ཕྱིར་གཅིག་ཏུ་རྟོགས་པ་ལ་ཚད་མ་ག་ལ་ཡོད། མ་མཐོང་བ་ནི་རབ་རིབ་ལྟ་བུར་འགྱུར་རོ། །ཟླ་བ་ནི་གཉིས་ཉིད་དེ་གཅིག་ནི་མཐོང་བ་ཡིན་

ལ། གཉིས་པ་ནི་མ་མཐོང་བས་བསྒྲིབས་པའི་ཕྱིར་མ་མཐོང་བ་ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པ་འདིར་ཡང་འགྱུར་རོ། །དེ་བས་ན་མ་མཐོང་བའི་རབ་རིབ་དང་འདྲ་བའི་ཕྱིར་དོན་གྱི་དབང་གིས་རྟོགས་པ་མ་ཡིན་ནོ། །མ་མཐོང་བ་ཉིད་ཀྱིས་ཕྱིའི་དོན་གྱིས་སྟོང་པའི་རྣམ་པར་ཤེས་པ་

སྐྱེད་དོ་ཞེས་ཅི་སྟེ་ཁས་མི་ལེན། འོན་ཏེ་མ་མཐོང་བ་ཙམ་གྱིས་མི་ནུས་ན། རུང་བའི་ཡུལ་ན་གནས་པའི་དོན་རྟོགས་པའི་སྒྲིབ་པར་ཇི་ལྟར་ནུས་པ་བརྗོད་དགོས་སོ། །དུ་མའི་བདག་ཉིད་དངོས་དེ་ལ། །གཅིག་གི་བདག་ཉིད་མཐོང་བྱེད་པ། །མ་མཐོང་བ་དེ་ཇི་ལྟར་ན། །དོན་མཐོང་བྱེད་པར་

เล่ม ๑๗๙ · หน้า 60b

འགྱུར་བ་ཡིན། །ཞེས་བྱ་བ་ནི་བསྡུ་བའོ། །གཞན་ཡང་། འདོད་པའི་མི་འདོད་དོན་རིགས་ནི། །གོམས་པའི་དབང་གིས་འབྱུང་བར་མཐོང་། །འདི་ལ་མ་མཐོང་བ་ཡི་ནི། །བསྒྲུབ་བྱ་ཉིད་དུ་ཇི་ལྟར་རྟོགས། །དེ་ཉིད་མ་མཐོང་ཡིན་ཞེ་ན། །མཐོང་བར་འདོད་པ་གྲུབ་པ་ཉིད། །ཐམས་ཅད་

བག་ཆགས་སྟོབས་ལས་ནི། །འབྱུང་བ་ཡིན་པར་གྲུབ་ཕྱིར་རོ། །གལ་ཏེ་དོན་ནི་འདོད་པའམ། མི་འདོད་པར་སྣང་བ་མ་ཡིན་ཏེ། དོན་གྱི་རྣམ་པ་ཉིད་ཡིན་ནོ། །དེ་ལྟར་གྱུར་པ་ནི་རྟོགས་པ་ཉིད་དོ་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་འདོད་དང་མི་འདོད་པར། །སྣང་བ་རྟོག་ཡིན་དོན་བློ་མིན། །

དེ་ལའང་འཆི་ལྟས་ལ་སོགས་པར། །མཚམས་སྦྱོར་མེད་སེམས་མཐོང་བ་ཡིན། །འཆི་ལྟས་ཀྱིས་ཟིན་པ་རྣམས་ལ་དོན་བློ་ཡང་རྣམ་པ་གཞན་དུ་མཐོང་བ་ཡིན་ནོ། །དེའི་ཕྱིར་དེ་ནི་མ་ཡིན་ཏེ། དེའི་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །རང་ཉིད་ཉམས་མྱོང་འབྲས་ཡིན་རིག །གང་ཕྱིར་ཇི་ལྟར་འདི་རང་བཞིན། །དེ་ལྟར་

དོན་ནི་རྣམ་ངེས་དེས། །དེའི་ཕྱིར་ཕྱིའི་དོན་ལ་ཡང་རང་རིག་པ་ཉིད་འབྲས་བུ་ཡིན་གྱི་དོན་རིག་པ་ནི་མ་ཡིན་ཏེ། དེ་རིག་པ་འམ་རྗེས་སུ་མ་ཞུགས་པའི་ཕྱིར་རོ། །འབྲས་བུ་འདི་ལ་ཡང་ཚད་མ་ནི་དོན་གྱི་རྣམ་པ་ཉིད་ཡིན་ཏེ། ཇི་སྐད་དུ་སློབ་དཔོན་གྱིས་གང་གི་ཚེ་ཕྱི་རོལ་ཉིད་གཞལ་བྱ་ཡིན་པ་

དེའི་ཚེ་ནི་ཡུལ་དུ་སྣང་བ་ཉིད་འདིའི་ཚད་མ་ཡིན་ནོ་ཞེས་གསུངས་སོ། །འདི་ལྟར་ཤེས་པ་རང་རིག་པར་བྱ་བ་ཡིན་ཡང་རང་གི་ངོ་བོ་ལ་མ་ལྟོས་པར་དོན་དུ་སྣང་བ་ཉིད་འདིའི་ཚད་མ་ཡིན་ནོ། །གང་གི་ཕྱིར་དོན་དེ་ནི་དེས་གཞལ་བར་བྱ་བ་ཡིན་ནོ། །ཇི་ལྟར་དོན་གྱི་རྣམ་པ་སྡུག་གུ་ལ་སོགས་པར་སྣང་

བ་ལ་གནས་པ་དེའི་རང་བཞིན་དུ་ཡུལ་དེ་རྟོགས་པར་བྱེད་དོ། །ཚད་མའི་རྣམ་པ་ཐ་དད་པ་ཇི་སྙེད་པ་གཞལ་བྱ་ལ་ཉེ་བར་འདོགས་པ་ཡིན་ནོ། །གལ་ཏེ་ཐ་དད་པ་མེད་པའི་ཕྱིར་འཛིན་པའི་རྣམ་པ་ཡང་ཅིའི་ཕྱིར་ཚད་མ་མ་ཡིན་ཞེ་ན། འདིར་སྨྲས་པ། དེ་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་ཡོད་

དུ་ཟིན་ཀྱང་ནི། །དོན་གཞན་མིན་ཕྱིར་ཕྱི་རོལ་ལ། །འཛིན་བདག་ལྟོས་པར་བྱ་བ་མིན། །ཅིའི་ཕྱིར་དོན་དེ་དང་རྗེས་སུ་མཐུན་པར་འཇོག་པ་ནི་མ་ཡིན་ཏེ། དོན་གཞན་མ་ཡིན་པའི་ཕྱིར་རོ། །རྣམ་པ་མེད་པར་རང་རིག་པ་ནི་དོན་གཞན་དུ་རྣམ་པར་འཇོག་པ་མ་ཡིན་ཏེ། ཀུན་ལ་མཚུངས་པའི་ཕྱིར་རོ། །

เล่ม ๑๗๙ · หน้า 61a

གང་ཕྱིར་ཇི་ལྟར་དོན་བདག་སྟེ། །ཤེས་ལ་གནས་པ་དེ་ལྟ་བུར། །འདི་ནི་དེ་ལྟར་གནས་སོ་ཞེས། །ངེས་འབྱེད། རྣམ་པའི་དབང་གིས་དོན་ལ་དེ་ལྟར་སྔོན་པོ་ལ་སོགས་པ་རང་གི་རྣམ་པར་གནས་པ་ཡིན་ནོ་ཞེས་རྟོགས་སོ། །དེས་ན་དོན་དུ་རྟོགས་པའི་རྒྱུ་ནི་རྣམ་པ་ཉིད་ཡིན་ནོ། །

དེས་ན་དེ་ཉིད་ཚད་མ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་དོན་རིག་པ་ཉིད་འབྲས་བུ་ཡིན་པས་ང་རང་རིག་པས་ཅི་བྱ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་དོན་དུ་རྟོག་པ་དེ་ནི་བདག་རིག་པ་དང་རྗེས་སུ་མཐུན་པ་ཉིད་དོ། །དེ་ཉིད་བཤད་པ་ནི། བདག་ཉིད་རིག་པ་ཡིན། དེའི་ཕྱིར་དེ་ཉིད་དོན་རིག་འདོད། །འདི་ལྟར་དོན་

བདག་སྣང་མ་ཡིན། །གང་གི་ཕྱིར་མི་སྣང་བ་ནི་མངོན་སུམ་གྱིས་གཞལ་བྱ་མ་ཡིན་ནོ། །ཇི་ལྟར་ལྐོག་ཏུ་གྱུར་པའི་དོན་ལ་མངོན་སུམ་འཇུག །མངོན་སུམ་གྱི་འབྲས་བུ་རྣམ་པར་གཞག་པའི་སྐབས་ཡིན་ནོ། །དེའི་ཕྱིར་རང་གི་ངོ་བོ་མངོན་སུམ་ཡིན་པའི་ཕྱིར་དང་། གཞན་རིག་པ་མེད་པའི་ཕྱིར་

རང་རིག་པ་འབྲས་བུ་ཡིན་ནོ། །དེ་ཡི་སྒྲུབ་བྱེད་བློ་ལ་ནི། །གནས་དོན་དེ་ཡི་བྱ་བ་དེ། །གང་ཕྱིར་ཇི་ལྟར་དོན་དེ་ནི། །གནས་པ་དེ་ལྟར་དེ་རབ་གསལ། །དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །དེའི་སྒྲུབ་པར་བྱེད་པ་ནི་བློ་ལ་གནས་པའི་དོན་ཉིད་ཡིན་ནོ། །དེའི་བྱ་བ་

ནི་དེ་ཡིན་ཏེ། དས་དེ་བྱེད་པ་ཡིན་ནོ། །དེས་ན་དེ་དེའི་འབྲས་བུ་ཡིན་ཏེ། དེ་དེའི་རང་བཞིན་དུ་གསལ་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་རྣམ་པ་ཚད་མ་ནི་ཕྱིའི་དོན་ཡིན་ལ། འབྲས་བུ་རང་རིག་པ་ནི་རང་གི་ངོ་བོ་ལ་འཇུག་པའི་ཕྱིར་ཡུལ་ཐ་དད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དོན་འཇོག་དེ་ཡི་བདག་ཉིད་

ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །འདི་དོན་དམ་པར་ནི་རང་རིག་པ་ཉིད་ཡིན་ལ། ཐ་སྙད་དུ་ནི་དོན་རིག་པ་ཡིན་ནོ། །དེས་ནི་ཐ་སྙད་དུ་ལྟོས་ཏེ། དོན་ཉིད་ལ་འབྲས་བུ་ཡིན་ལ་ཚད་མ་ཡང་དོན་ཉིད་ལ་ཡིན་པའི་ཕྱིར་ཡུལ་ཐ་དད་པར་ག་ལས་འགྱུར། དོན་དམ་པ་ལ་ལྟོས་ན་ཡང་གཉི་ག་ཡང་རང་

གི་ངོ་བོ་ལ་ཡང་ཡིན་ཏེ། དེ་ལྟ་ན་ཡང་ག་ལས་ཡིན། དེ་ཉིད་བཤད་པ་ནི། དེའི་ཕྱིར་ཡུལ་ཐ་དད་པ་འང་མིན། །འོ་ན་ཕྱི་རོལ་གྱི་དོན་གཞལ་བར་བྱ་བ་ལ་ཅིའི་ཕྱིར་རང་རིག་པ་འབྲས་བུར་བཤད་ཅེ་ན། བཤད་པ། རང་གི་ངོ་བོས་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །དོན་རིག་དེའི་བདག་

เล่ม ๑๗๙ · หน้า 61b

ཉིད་ཕྱིར་རོ། །དོན་དམ་པ་ལ་ལྟོས་ནས་འདིའི་དོན་རིག་པ་ཡིན་ཡང་རང་རིག་པ་ཉིད་དོ། །རིག་པའི་རང་གི་ངོ་བོ་མ་དཔྱད་པ་ན་དེ་དོན་རིག་པ་ཡིན་ཡང་ངེས་པར་དཔྱད་པ་ནི་རང་རིག་པ་ཉིད་ཡིན་ནོ། །གལ་ཏེ་དོན་རང་གི་ངོ་བོས་མི་སྣང་གི་ཤེས་པ་ཉིད་རང་གི་རང་བཞིན་དུ་སྣང་བ་ཡིན་ན། ཇི་ལྟར་དོན་

གཞལ་བྱ་ཡིན། དོན་དེ་དང་འདྲ་བའི་ཕྱིར་རོ་ཞེ་ན། དེ་འདྲའོ་ཞེས་ཇི་ལྟར་ཤེས། རྣམ་པར་རིག་པ་རྣམ་པ་དུ་མ་ཅན་ཡིན་ནོ་ཞེས་ཀྱང་བཤད་པ་ཡིན་ནོ་ཞེ་ན། འདིར་བརྗོད་པ། དེ་དང་འདྲ་བ་འམ་གཞན་འདྲ་འང་རུང་། །ཤེས་པ་དེ་ལྟར་སྣང་བ་ཡི། །རྒྱུ་ཡི་དོན་ཡང་སྣང་བས་ན། །དོན་ནི་གཞལ་བྱ་

ཉིད་དུ་འདོད། །གལ་ཏེ་ཡང་ཆུ་མེད་པ་ཉིད་དུ་ཆུར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་དེ་ལྟ་ན་ཡང་སྨིག་རྒྱུ་ལ་བརྟེན་ནས་སྐྱེ་བ་ཡིན་པ་དེའི་ཕྱིར་ཅི་ཞིག་ལྟར་དོན་ནི་རྒྱུ་ལ་བརྟེན་ནས་སྐྱེ་བས་དོན་ལ་དམིགས་པར་བརྗོད་དོ། །གལ་ཏེ་རྒྱུ་ཉིད་ལས་དམིགས་པ་ཡིན་ན། བག་ཆགས་ཀྱི་རྒྱུ་ཅན་ཉིད་དུ་འཐད་པ་

མ་ཡིན་ནམ། དེ་ནི་རྒྱུ་མ་ཡིན་པ་མ་ཡིན་ཏེ། བག་ཆགས་ནི་རྣམ་པ་དེ་སྐྱེད་པ་ལ་ནུས་པ་མཐོང་བའི་ངེས་པ་ཡིན་ནོ། །དེ་ལྟར་ཡང་ཁྱེད་ཀྱིས་སྒྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུའི་དོན་མེད་པར་རྣམ་པ་དེ་མི་འབྱུང་བ་ཡིན་ན། དོན་རིག་པར་འཐད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན། ཇི་ལྟར་རྣམ་པ་འགའ་

ཞིག་ལྟར། །དོན་དངོས་མེད་པ་སྣང་ཅན་ཏེ། །ཇི་ལྟར་དོན་འཛིན་ཅེ་ན་བདེན། །དེ་འདྲ་ངས་ཀྱང་མི་ཤེས་སོ། །གང་གི་ཚེ་དོན་ཉེ་བར་གནས་པ་མེད་པའི་ཡང་དེའི་རྣམ་པ་ཡིན་པ་དེའི་ཚེ་ན་རེ་ཞིག་དེ་དོན་འཛིན་པ་མ་ཡིན་ནོ། །ཡུལ་གཞན་དུ་མཐོང་བ་འཛིན་པ་ཡིན་ནོ་ཞེ་ན། གལ་ཏེ་དེའི་ཚེ་ཡུལ་གཞན་

ཡང་མེད་ན་ཇི་ལྟར་སྣང་། གང་ན་ཡོད་པ་དེར་སྣང་ངོ་ཞེ་ན། གལ་ཏེ་གང་ན་ཡང་མེད་ན་ཐབས་ཅི་ཡོད། གདོན་མི་ཟ་བར་འགའ་ཞིག་ན་ཡོད་པར་ནི་སྣང་བ་ཉིད་ལས་ཤེས་ཏེ། དོན་མེད་ན་སྣང་བ་མ་མཐོང་བའི་ཕྱིར་འབྲེལ་པ་ལས་དེ་ལྟར་རྟོགས་སོ་ཞེ་ན། དེ་ལྟ་ན་འོ་ན་མ་མཐོང་བ་དེ་ཇི་ལྟར་སྣང་།

དེ་ཡང་སྐྱེ་བ་གཞན་ལ་སོགས་པར་མཐོང་ངོ་ཞེ་ན། མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །མ་མཐོང་བའི་ཡང་སྣང་བར་འགྱུར་རོ་ཞེ་ན། དེ་ལྟ་ན་འོ་ན། ཡུལ་ལ་སོགས་པ་གཞན་དུ་ནི། །མ་མཐོང་བར་ཡང་དོན་དུ་ནི། །སྣང་ན་ཐམས་ཅད་དེ་ཡི་ཚེ། །ཐམས་ཅད་ཐམས་ཅད་རིག་པར་ཐལ། །

เล่ม ๑๗๙ · หน้า 62a

མ་མཐོང་ཡང་ཡུལ་ལ་སོགས་པ་གཞན་ན་གནས་པ་སྣང་ན་ཐམས་ཅད་ཐམས་ཅད་རིག་པར་ཐལ་ལོ། །གནས་སྐབས་ཀྱི་ཁྱད་པར་མེད་པར་སྣང་བ་མ་ཡིན་ཏེ། རབ་རིབ་ལ་སོགས་པས་སྣང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རབ་རིབ་ཐམས་ཅད་ལ་ཐུན་མོང་བ་ཡིན་པའི་ཕྱིར་

ཐམས་ཅད་སྣང་བར་ཐལ་ལོ། །གཞན་ཡང་། རབ་རིབ་མཐོང་བ་ཉམས་པར་བྱེད་པ་དེ་ཉིད་མཐོང་བའི་རྒྱུ་ཡིན་ལ་མཐོང་བའི་རྒྱུ་ཡིན་པས་ཐམས་ཅད་མཐོང་བར་ཐལ་ལོ། །གང་སྣང་བ་དེ་ཉིད་ཀྱིས་མཐོང་བ་སྐྱེད་དོ་ཞེ་ན། འོ་ན་མ་མཐོང་བ་ཉིད་སྣང་བས་མེད་པ་དེ་ཉིད་ཀྱིས་མཐོང་བར་སྐྱེད་པར་འགྱུར་

རོ། །དོན་མེད་པའི་མཐོང་བ་ནི་སྣང་བ་མེད་དོ་ཞེ་ན། རུང་བའི་ཡུལ་གྱི་གནས་སྐབས་མེད་པར་ཡང་སྣང་བ་མེད་དོ། །དེ་ཉིད་ཀྱིས་མ་ངེས་སོ་ཞེ་ན། གཉི་ག་ལ་ཡང་མཚུངས་སོ། །དེ་ཉིད་དོན་ཡིན་ནོ་ཞེ་ན། མ་ཡིན་ཏེ། དོན་ཉིད་མེད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་ཉིད་དོན་ཡིན་ནོ་ཞེ་ན། ཐམས་ཅད་

དེ་ལྟར་འགྱུར་རོ། །འཇིག་རྟེན་པ་མ་ཡིན་པ་ཉིད་ན་ཐམས་ཅད་འཇིག་རྟེན་པ་མ་ཡིན་པ་ཉིད་དོ། །མཐོང་བ་ལས་མ་གཏོགས་པའི་ཁྱད་པར་གཞན་ནི་མེད་དོ་ཞེས་བསྟན་ཟིན་ཏོ། །ཐོབ་པའོ་ཞེ་ན། དེ་ཡང་མཐོང་བ་ཉིད་དོ། །གཞན་གྱིས་མཐོང་བ་ལ་སོགས་པ་ཡང་བཤད་ཟིན་ཏོ། །ཇི་

ལྟར་དང་པོའི་ཤེས་པ་དེ། །ཐོབ་པ་ལ་ནི་ལྟོས་པ་བཞིན། །དེ་ཐོབ་པ་ཡང་ཐོབ་པ་ལ། །ལྟོས་ཕྱིར་ཐུག་པ་མེད་པར་འགྱུར། །གལ་ཏེ་འགའ་ཞིག་རང་ཉིད་ལས། །ཐོབ་པའི་ངོ་བོར་འདོད་ན་ནི། །དང་པོའང་དེ་ལྟའི་དངོས་ཡིན་ཕྱིར། །ཐམས་ཅད་མཚུངས་པ་ཉིད་དུ་འགྱུར། །འོན་ཏེ་ཐོབ་པ་སྔོན་

གྱི་ནི། །ཐོབ་པའི་ངོ་བོས་བདེན་ན་ནི། །ཕན་ཚུན་བརྟེན་ཕྱིར་གཅིག་བདེན་པ། །མིན་པས་གཉི་ག་དེར་འགྱུར་རོ། །འོན་ཏེ་རྒྱུ་ནི་དག་པའི་ཕྱིར། །ཤེས་ཏེ་བདེན་པ་ཡིན་ཞེ་ན། །དེ་ཡི་ཤེས་པའང་བདེན་པ་ཉིད། །དེ་རྒྱུ་དག་པ་ལས་ཡིན་ཏེ། །དེ་ལྟར་གཅིག་ལ་གཅིག་བརྟེན་ཕྱིར། །ཐུག་པ་མེད་

པར་ཐལ་བར་འགྱུར། །སྨིག་རྒྱུའི་ཆུ་ལ་བག་ཆགས་ལས། །དེས་ན་དེ་ཀུན་དེ་ལྟར་ཞེས། །རྟོག་པ་ལ་ནི་འཁྲུལ་པ་མིན། །ཐོག་མེད་འབྲེལ་པའི་བག་ཆགས་དང་། །འབྲེལ་པས་སྔོ་སོགས་ལ་སོགས་པ། །འཇུག་པ་གང་ཡིན་དེ་ལ་ནི། །དེ་ལ་ཉེས་པ་མཐོང་བ་མེད། །གལ་ཏེ་ཤེས་པའི་བདག་

เล่ม ๑๗๙ · หน้า 62b

ཉིད་རང་རིག་པ་ཡིན་ན་བག་ཆགས་དང་འབྲེལ་པར་ཡང་ཇི་ལྟར་འགྱུར། གལ་ཏེ་འབྲེལ་པ་རང་བཞིན་ལས། །ཐ་དད་ཡིན་ན་གང་གིས་འཛིན། །གལ་ཏེ་དེ་ནི་རང་བཞིན་ཉིད། །ཡིན་ན་མིང་ཙམ་བྱས་པར་འགྱུར། །གལ་ཏེ་འབྲེལ་པ་དང་ཡུལ་རང་གི་ངོ་བོ་ལས་ཐ་དད་པའི་བདག་ཉིད་ཡིན་ན།

དེའི་ཚེ་ཐ་དད་པར་གྱུར་པར་བཟུང་བས་རང་རིག་པ་མ་ཡིན་ནོ། །ཐ་དད་པར་གྱུར་པ་མ་ཡིན་ནོ་ཞེ་ན་ནི། འོ་ན་ནི་འབྲེལ་པ་ཅན་གཉིས་ཉིད་དུ་ཟད་ཀྱི་འབྲེལ་པ་ནི་མེད་པའི་ཕྱིར་འབྲེལ་པ་འཛིན་པ་མི་སྲིད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར། འདི་ནི་བག་ཆགས་དང་འབྲེལ་པར། །བདེ་བླག་

ཏུ་ནི་རྟོགས་པ་ཡིན། །དྲན་པ་རྣམ་ཤེས་སྔ་མ་དང་། །འབྲེལ་པ་ཉིད་དུ་རྟོགས་པར་བྱེད། །དྲན་པ་ནི་ཉེ་བར་སྐྱེ་བ་ཉིད་ན་བདག་ཉིད་ཉམས་སུ་མྱོང་བ་དང་འབྲེལ་པར་རྟོགས་པར་བྱེད་དོ། །དེའི་ཞེན་པའི་དབང་གིས་དེ་སྐད་བརྗོད་དོ། །འོ་ན་དྲན་པ་མེད་པ་ལ་ཇི་ལྟར་བག་ཆགས་དང་འབྲེལ་

པར་རྟོགས། འདི་ལྟར། མྱོང་བ་ཡོད་ན་བདག་གིས་དེ། །མཐོང་ཞེས་དེ་ལྟར་དྲན་པར་འགྱུར། །དྲན་པ་མེད་པར་བདག་ཉིད་ནི། །ཤེས་པ་འགའ་ཡང་ཡོད་མ་ཡིན། །དྲན་པ་ཉིད་འདི་མཐོང་ངོ་ཞེས་ངེས་པར་རྟོག་གི་དེ་ལྟ་མ་ཡིན་ན་མཐོང་བ་ངེས་པར་བརྟག་པར་མི་ནུས་པའི་ཕྱིར་རོ། །དྲན་པ་

མེད་པའི་རིག་པ་ནི་མཐོང་བའི་རྗེས་སུ་འབྲང་བར་རྟོགས་པ་མེད་དེ། དེས་ན་དེ་བག་ཆགས་དང་འབྲེལ་པར་ཇི་ལྟར་རྟོགས་ཤེ་ན། དེ་ལ་ཡང་མཐོང་ངོ་ཞེས་རྟོགས་པའི་ཕྱིར་རོ། །དེ་ནི་དྲན་པ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་རྟོགས་པའི་ཕྱིར་དེ་དེ་ལྟ་མ་ཡིན་ན། ཐ་སྙད་མི་རུང་བའི་ཕྱིར་རོ། །དྲན་

པར་བྱ་བ་དང་བལྟ་བར་བྱ་བ་དག་གཅིག་ཏུ་རྟོགས་པ་ཡིན་ཏེ། དེས་ན་ཐམས་ཅད་བག་ཆགས་དང་འབྲེལ་པ་ཉིད་དོ། །འོན་ཏེ་མཐོང་བ་དང་དྲན་པ་གཅིག་ཏུ་རྟོགས་པ་ནི་འཁྲུལ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གནོད་པར་བྱེད་པ་མེད་པའི་ཕྱིར་རོ། །སྔོན་མཐོང་བ་དེ་ཉིད་འདིར་དྲན་ནོ་ཞེས་བྱ་

བ་ཡིན་ནོ། །འདི་ལ་ནི་གནོད་པར་བྱེད་པ་མེད་དོ། །དེ་བས་ན་དྲན་པ་ལྷན་ཅིག་གཅིག་ཡིན་ནོ། །འོན་ཏེ་སྔོན་གྱི་རང་བཞིན་ནི་དྲན་པའི་རྣམ་པས་འཛིན་པ་མ་ཡིན་ན། དེ་ལྟ་ཡིན་ན་སྔ་མ་དང་ཕྱི་མ་གཉིས་ཐ་དད་པར་ཇི་ལྟར་རྟོགས། དེས་ན་ཐ་དད་པ་མེད་པ་ཉིད་དོ། །དེ་ལྟར་གྱུར་ན་རིག་པའི་བདག་

เล่ม ๑๗๙ · หน้า 63a

ཉིད་དུ་ཤིན་ཏུ་གསལ་ལོ། །གཞན་ཡང་། ཕྱིའི་དངོས་པོ་ལ་རྒྱུ་འབྲས་ཀྱི་དངོས་པོ་ངེས་པར་བྱ་མི་ནུས་པའི་ཕྱིར་རོ། །འདི་ལྟར། ཕྱི་རོལ་སྔོན་མཐོང་མེད་པའི་ཕྱིར། །ཇི་ལྟར་རྣམ་ཤེས་འབྲས་བུ་ཡིན། །རྣམ་ཤེས་བལྟར་རུང་ཡིན་པའི་ཕྱིར། །རྣམ་ཤེས་འབྲས་བུ་

ཡིན་པར་རིག །དེ་བཞིན་དུ། ཡུལ་དང་དུས་སོགས་གནས་སྐབས་ལས། །དེ་འབྲས་གཞན་དུ་སྐྱེ་བའི་ཕྱིར། །རྒྱུ་དང་འབྲས་བུའི་ངེས་པ་ནི། །འཐད་པར་འགྱུར་བ་མ་ཡིན་ནོ། །རིག་པའི་ཕྱོགས་ལ་ནི། རིག་པ་སྔོན་གྱི་རིག་པ་ཉིད་ལས་སྐྱེའོ། །གལ་ཏེ་དུ་བ་མེ་མེད་པར་འབྱུང་བ།

དེ་ལྟ་ན་ཡང་དུ་བའི་བག་ཆགས་ལས་འབྱུང་བའི་ཕྱིར་རྒྱུ་མེད་པ་ཅན་མ་ཡིན་ནོ། །ཆུར་སྣང་བ་ཡང་སྟེ། སྦྲང་བུའི་ཚོགས་དང་། སྨིག་རྒྱུ་ལ་དུ་བ་དང་ཆུ་བཞིན་ནོ། །ཕྱི་རོལ་ཉིད་བག་ཆགས་ལས་འགྱུར་རོ་ཞེ་ན། ཕྱི་རོལ་འདི་ནི་འདོད་པ་ཡིན་ཏེ། བག་ཆགས་ཀྱི་སྟོབས་ལས་བྱུང་བའི་ཕྱིར་

མིང་ཙམ་བྱས་པར་འགྱུར་རོ། །དེ་ཡང་འཇིག་རྟེན་ཉིད་ཀྱིས་ཡིན་པས་ཁྱེད་ཀྱིས་སྐྱེས་བུ་བྱེད་པ་ཅི་ཡོད། གལ་ཏེ་བག་ཆགས་ཀྱི་འབྲས་བུ་ཉིད་དུ་སྣང་བ་མེད་པ་ཡིན་ནམ། ཇི་ལྟར་བག་ཆགས་ཀྱི་འབྲས་བུ་ཡིན་ཞེ་ན། ཅི་དུ་བ་གློ་བུར་བ་ལས་མེ་རྟོགས་པ་ལ་མེའི་འབྲས་བུར་སྣང་བ་ཡོད་དམ། བརྟགས་

པ་ལས་འགྱུར་རོ་ཞེ་ན། བག་ཆགས་ཀྱི་འབྲས་བུ་ཉིད་ལ་ཡང་མཚུངས་སོ། །སྐྱེ་བ་གཞན་ལ་སོགས་པའི་བག་ཆགས་སད་པ་ཡང་སྲིད་པའི་ཕྱིར་ཏེ། རྒན་པོ་ལ་བྱིས་པའི་རྩེད་མོ་རྨི་བ་སྲིད་པ་བཞིན་ནོ། །དེའི་ཕྱིར། སྐྱེ་བ་གཞན་ལ་སོགས་པར་ནི། །མཐོང་བ་སྣང་བ་ཡིན་ཞེས་བརྗོད། །བག་

ཆགས་སྟོབས་ལས་བྱུང་བ་ཉིད། །སྣང་ངོ་ཞེས་ནི་རྣམ་པར་ངེས། །དེས་ན་སྔ་མ་སྔ་མ་ཡི། །རྣམ་པར་ཤེས་པ་སྣང་བ་ཡིན། །རྣམ་ཤེས་ལས་ནི་ཕྱི་རོལ་པ། །ཀུན་དུ་ཕྱི་རོལ་ཉིད་དུ་བསྟན། །རྨི་ལམ་མཐོང་རྣམས་གཅིག་ལ་ནི། །སྣ་ཚོགས་སུ་ནི་སྣང་བ་འདི། །ཐོག་མེད་བག་ཆགས་དང་འབྲེལ་བས། །

དབང་དུ་བྱས་པའི་སེམས་ཡིན་ནོ། །འབྲས་བུ་ཡིན་ཕྱིར་འབྲས་བུ་ཀུན། །བག་ཆགས་དང་ནི་འབྲེལ་པ་ཡིན། །རྫ་མཁན་ལ་སོགས་འབྲས་བུ་ཡང་། །རྨི་ལམ་མཐོང་བའི་འབྲས་བུ་བཞིན། །གཙོ་བོ་དབང་ཕྱུག་ལས་དང་ནི། །གཞན་ཡང་བརྟགས་པ་གང་ཡིན་པ། །དེ་ནི་བག་ཆགས་འབྲེལ་

เล่ม ๑๗๙ · หน้า 63b

པ་ལ། །རྨོངས་པའི་སེམས་ཀྱིས་གཡོ་བ་ཡིན། །དེ་ནི་གཙོ་བོ་རྣམས་ཀྱི་གཙོ། །དེ་བཞིན་དབང་ཕྱུག་རྣམས་ཀྱི་ནི། །དབང་ཕྱུག་འགྲོ་ཀུན་བྱེད་པོ་དེ། །ལྷ་ཡི་མཆོག་ནི་བག་ཆགས་ཡིན། །དེ་ལྟ་མིན་ན་འགྲོ་བ་ཡི། །བྱེད་པོ་རྟོགས་པ་དང་ལྡན་པ། །ཅི་རུང་བར་ནི་གནས་པ་དང་། །སྐྱོ་ཆེན་འཇུག་

པ་ཇི་ལྟར་བྱེད། །རང་དབང་དུ་གནས་ནུས་པ་དང་། །ཡོངས་སུ་ཤེས་པ་ཐོད་ཐོད་དུ། །གལ་ཏེ་འཇུག་པར་བྱེད་ན་གོ །གང་ལ་གང་གིས་བསླབ་པར་བྱ། །འདི་ནི་རང་དོན་སྐྱེ་བ་ལ། །ལུང་འབོགས་བྱེད་པ་ཉིད་ཡིན་ན། །བྱེད་པོ་རང་ཚུལ་མི་སྡུག་པ། །དེ་ལ་རིགས་པ་སྨྲ་བ་སུ། །ཅི་རུང་བ་ནི་

བསྒྲུབ་བྱས་ཏེ། །གལ་ཏེ་ལེགས་པ་སྒྲུབ་བྱེད་ན། །མི་གཙང་འཁྲུ་བར་བྱེད་པ་བས། །མ་རིག་པར་ནི་བསྲིངས་པ་མཆོག །གཞན་དུ་བྱེད་པར་མི་ནུས་ན། །འདི་ལ་ནུས་པ་ཇི་ལྟར་འདོད། །བག་ཆགས་སྟོབས་ལས་དེ་ཡང་ནི། །དེ་ལས་དེ་ལྟར་འཇུག་པ་ཡིན། །དེ་ལྟར་གཙོ་བོ་དབང་ཕྱུག་དང་། །

བྱེད་པོ་སྨྲ་བའི་ཆུ་ཀླུང་ནི། །མྱུར་འབབ་འཇུག་རྣམས་ཚད་མེད་པ། །བག་ཆགས་རྒྱ་མཚོར་ཞུགས་ཟད་འགྱུར། །རྨོངས་པ་ལེགས་པའི་ཐབས་རྣམས་ཀྱི། །བག་ཆགས་ཉིད་ནི་བརྟེན་པ་མཆོག །དེ་ཉིད་ལས་ནི་འདོད་པ་ཀུན། །རབ་ཏུ་འགྲུབ་པར་འགྱུར་བ་ཡིན། །དེ་བས་ན་ཇི་ལྟར་དོན་འཛིན་ཅེས་ང་ལ་

འདྲི་བར་མི་བྱ་སྟེ་དེའི་བསམ་པ་མཐར་ཐུག་པ་བསྟན་པའི་དོན་ནི་འདི་ཡིན་ནོ། །ངས་ནི་ཁྱེད་ལ་འདི་འདྲ་བ་རྣམ་པ་ཐམས་ཅད་དུ་སྒྲུབ་པར་མི་ནུས་སོ། །ཤིན་ཏུ་ཉེས་པར་བྱས་པ་ལ། །སྒྲུབ་པར་ནུས་པ་སུ་ཞིག་ཡོད། །ས་བོན་ཤིན་ཏུ་རུལ་པ་ལ། །ཆུན་པ་ཡིས་ནི་ཅི་ཞིག་བྱ། །གལ་ཏེ་གཟུང་བ་དང་།

འཛིན་པའི་རྣམ་པ་ཉིད་མེད་པ་ཡིན་ན། དེ་ལྟ་བུའི་ཐ་སྙད་དུ་ཇི་ལྟར་འགྱུར་ཞེ་ན། འདི་ཡང་ཁྱེད་ཀྱི་ཀུན་དུ་རྨོངས་པ་ཙམ་དུ་ཟད་དོ། །གཟུང་བ་ལ་སོགས་པའི་ཐ་སྙད་ཀྱང་རིག་པ་ནི་མ་ཡིན་ནོ། །མྱོང་བའི་རང་བཞིན་དུ་ཆུད་པའི་ཕྱིར་རོ། །ཐ་སྙད་ནི་དེའི་བདག་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར། བློ་

བདག་རྣམ་པར་དབྱེར་མེད་ཀྱང་། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་དང་འཛིན་པ་མྱོང་བ་དག །ཐ་དད་ལྡན་བཞིན་རྟོགས་པར་འགྱུར། །དཔེར་ན་དབང་པོ་སྔགས་སོགས་ཀྱིས། །བསླད་པ་རྣམས་ལ་འཇིམ་དུམ་སོགས། །དེ་ཡི་གཟུགས་དང་བྲལ་བ་ཡང་། །རྣམ་པ་གཞན་དུ་སྣང་བ་

เล่ม ๑๗๙ · หน้า 64a

བཞིན། །བློ་བདག་རྣམ་པར་དབྱེར་མེད་ཀྱང་། །ཞེས་བྱ་བ་འདི་ནི་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཉིད་དོ། །དེ་ལྟར་ཡང་བསྟན་ཟིན་ཏོ། །མཐོང་བ་ཕྱིན་ཅི་ལོག་པ་རྣམས་ཀྱིས་ཀྱང་གཟུང་བ་ལ་སོགས་པའི་རང་བཞིན་གཟུང་བ་ནི་མ་ཡིན་གྱི། འོན་ཀྱང་རྟོགས་པ་ཉིད་

དོ། །ང་མེད་ཀྱང་གཞན་གྱིས་མཐོང་བ་ཡིན་ནོ་ཞེས་ལོག་པར་སྒྲོ་བཏགས་ནས་དེ་ལྟར་ཐ་སྙད་བྱེད་དོ། །འདི་ལྟར་མཐོང་བ་ནི་ང་ཡིན་ཏེ། ཕྱི་རོལ་ནི་གཞན་གྱིས་མཐོང་བར་འགྱུར་བ་ཉིད་དོ་ཞེས་སོ། །འདི་ལྟར་ནི་དཔྱོད་པར་མི་བྱེད་དེ། གཞན་གྱིས་མཐོང་བ་གང་ཡིན་པ་དེ་བདག་གིས་ཇི་ལྟར་

མཐོང་བར་འགྱུར། གཞན་གྱིས་ཀྱང་འདི་ལྟར་ཤེས་པ་ནི་མ་ཡིན་ཏེ། དེའི་དེ་ཡང་བདག་གི་མྱོང་བ་བཞིན་དུ་ཐུན་མོང་མ་ཡིན་པ་ཉིད་དོ་ཞེས་བྱ་བར་རོ། །འོན་ཏེ་དེ་ཡང་བདག་གིས་མཐོང་ངོ་ཞེས་རྗེས་སུ་དཔག་པ་ཉིད་ལས་ཤེས་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཕན་ཚུན་རྟེན་པའི་ཉེས་པར་འགྱུར་རོ། །

འབྲས་བུ་མཐོང་བ་ལས་འགྱུར་བའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། གཅིག་ཉིད་དུ་མི་རྟོགས་པར་ཐལ་བའི་ཕྱིར་རོ། །དུ་བ་ལས་མེ་ཤེས་པ་ན་ཚང་བ་ན་ཡོད་པ་ཉིད་ནི་ཤེས་པ་མ་ཡིན་ནོ། །དུ་བ་གཞན་ཡིན་པའི་ཕྱིར་རོ་ཞེ་ན། སྤུ་ལྡང་བ་ལ་སོགས་པའི་འབྲས་བུ་ཡང་གཞན་ཡིན་པའི་ཕྱིར་གཟུང་བའི་རྣམ་

པ་གཞན་དང་གཞན་ཡིན་ནོ། །གཞན་ཡང་སྤུ་ལྡང་བ་ལ་སོགས་པ་ནི་མྱོང་བ་ལས་ཡིན་གྱི། དོན་ལས་ནི་མ་ཡིན་ནོ། །མཐོང་བ་གཉིས་ཀྱང་མཐོང་བས་འདྲེས་པར་འགྱུར་བ་ནི་མི་རྟོགས་ཏེ། དེ་ལྟ་མ་ཡིན་ན། རྗེས་སུ་དཔག་པ་ལ་ལྟོས་པར་མི་འགྱུར་རོ། །མངོན་སུམ་ལ་ནི་རྗེས་སུ་དཔག་པ་

འཇུག་པ་མེད་དོ། །གལ་ཏེ་ངོ་བོ་ཉིད་མངོན་སུམ་ཡིན་གྱི། གཞན་གྱིས་མཐོང་བ་ཉིད་ནི་དེ་ལ་མངོན་སུམ་མ་ཡིན་ཏེ། དེས་ན་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། གཞན་གྱིས་མཐོང་བ་ཉིད་དེ་ལ་ཡོད་དོ་ཞེས་བྱ་བ་འདི་ལ་ཡང་ཚད་མ་མེད་པ་ཉིད་མ་ཡིན་ནམ། དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟའོ་ཞེ་ན། དེ་ལྟ་ན་ནི་

འོ་ན་སྔོན་པོའི་རང་བཞིན་དུ་མཐོང་བ་ལ་ཡང་སེར་པོའི་རང་བཞིན་ཉིད་དུ་ཐེ་ཚོམ་ཟ་བའི་ཡུལ་དུ་ཅི་སྟེ་མི་འགྱུར། ཕྱིས་དམིགས་པར་འགྱུར་བའི་མེ་ལ་མེའི་རང་བཞིན་ཉིད་ཡོད་དོ་ཞེས་བྱ་བ་ལས་ཕྱིས་དམིགས་པ་ཉིད་ལས་སོ། །འདིར་ནི་གཞན་གྱིས་མཐོང་བ་ཉིད་ལ་ཕྱིས་ཀྱང་དམིགས་པ་འཇུག་པ་མ་

เล่ม ๑๗๙ · หน้า 64b

ཡིན་ནོ། །གལ་ཏེ་གཞན་གྱིས་མཐོང་བ་ཉིད་དུ་མ་རྟོགས་ན་ཐ་སྙད་ཉིད་མེད་པར་འགྱུར་བ་མ་ཡིན་ནམ། མ་ཡིན་ཏེ། འདྲ་བ་ཙམ་གྱིས་ཐ་སྙད་རབ་ཏུ་གྲུབ་པའི་ཕྱིར་རོ། །གཅིག་ཉིད་མེད་པར་ཐ་སྙད་མི་འགྱུར་རོ། །ཞེས་བྱ་བ་འདི་ག་ལས་ཡིན། གལ་ཏེ་ལྐོག་ཏུ་གྱུར་པ་རྗེས་སུ་དཔག་པ་འཇུག་

ན་ནི་གཅིག་ཉིད་ལ་ཡང་འཇུག་གོ། །མ་ཡིན་ནོ་ཞེ་ན་ནི། འདྲ་བ་ལ་ཡང་ཇི་ལྟར་ཞེ་ན། འདི་ནི་བདེན་ཏེ་འདྲ་བར་ཡང་ག་ལས་རྗེས་སུ་དཔོག །འདི་ནི་མཐོང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་གཅིག་ཏུ་བྱས་པ་ཙམ་གྱིས་ཐ་སྙད་ཙམ་འབའ་ཞིག་ཏུ་ཟད་དོ། །དོན་དམ་པར་ནི་རྗེས་སུ་དཔག་པ་

རང་གི་ངོ་བོ་ཙམ་ལ་དམིགས་པ་ཡིན་ནོ། །ཇི་ལྟར་ཡུལ་ལྐོག་ཏུ་གྱུར་པ་ཉིད་ཡིན་ཞེ་ན། མ་ཡིན་ཏེ། ཤེས་ཡུལ་ལྐོག་ཏུ་གྱུར་པར་ཇི་ལྟར་རིག །གལ་ཏེ་དེར་སྣང་འདིར་ནི་ལྐོག་གྱུར་ཅི། །ཅི་སྟེ་སྣང་བ་སྤངས་པས་ལྐོག་དོན་ན། །དེས་རྟོགས་ཞེས་འདི་དག་ཚུལ་རྐྱང་པ་ཉིད། །དེ་ལས་མི་

སླུ་བ་ཡི་ཕྱིར་ན་དེ། །གལ་ཏེ་རྟོགས་ཞེས་འདོད་ན་ནི། །ཐོབ་པ་ཡོད་པའི་ཕྱིར་དེ་དེར། །ཐོབ་པའི་དུས་སུ་ཡོད་པར་བརྗོད། །སྔར་གོ་དེ་ནི་དངོས་ཡོད་པར། །ཚད་མར་གང་གིས་རྟོགས་པར་འགྱུར། །དེ་ཚེ་རྟོགས་པ་དེ་ཉིད་ནི། །དངོས་ཡོད་མིན་པར་འགྱུར་བ་ཡིན། །རྗེས་དཔག་མེད་ན་

འབྱུང་བ་ཡིས། །དངོས་པོ་ཡོད་པར་ཇི་ལྟར་རྟོགས། །ཐམས་ཅད་དུ་ནི་འབྱུང་བ་ཡི། །རང་བཞིན་རྟོགས་ཞེས་ངེས་པ་མིན། །གལ་ཏེ་དེ་ལྟར་འབྱུང་འགྱུར་བ། །གཉི་གའང་རྟོགས་པ་ཡིན་ཞེ་ན། རང་བཞིན་གཅིག་ཉིད་དུ་རྟོགས་པ། །ཇི་ལྟར་བྱུང་དང་འབྱུང་འགྱུར་ཡིན། །དེས་ན་རྗེས་སུ་དཔག་

པ་ལས། །དོན་དམ་དུ་ནི་རྟོགས་པ་མེད། །ལྐོག་གྱུར་བུམ་པ་མེད་ཅེ་ན། །ཇི་ལྟར་ཕྱི་ནས་རྟོགས་པར་འགྱུར། །གལ་ཏེ་དེ་ཚེ་ཉིད་སྐྱེས་ན། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །དེ་ལྟ་ཉིད་དུ་མཐོང་བའི་ཕྱིར། །འདི་ལ་དྲི་བ་ཅི་ཞིག་ཡོད། །མཐོང་ཕྱིར་དེ་ནི་སྔར་ཡོད་པའི། །དངོས་པོར་ཅི་ཡི་ཕྱིར་མི་

བརྟག །དེ་ལྟར་མཐོང་བ་མིན་དེས་ན། །དེ་ལྟར་བརྟག་པར་བྱ་བ་མིན། །ཅི་སྟེ་གཞན་གྱིས་མཐོང་བར་ནི། །རྗེས་དཔོག་མེད་ན་དེ་བཞིན་ཏེ། །ཡོད་ཅེས་གཞན་གྱིས་ཇི་ལྟར་ཤེས། །ཞེས་བྱ་བའང་ལན་དུ་རུང་མ་ཡིན། །གང་གི་ཕྱིར། གཞན་ཡང་གཞན་གྱིས་ཤེས་སོ་ཞེས། །དེ་ལྟར་རྟོགས་

เล่ม ๑๗๙ · หน้า 65a

པར་འགྱུར་བ་མིན། །དེ་ཡང་རྗེས་སུ་དཔག་པ་ཡིས། །ཤེས་ན་ཕན་ཚུན་རྟེན་པར་འགྱུར། །གཞན་དང་ཐུན་མོང་པར་ཤེས་ན། །དེའི་ནི་ཡོད་ཅེས་བརྗོད་པ་ཡིན། །དེ་ཡོད་ཉིད་ན་འབྲེལ་པའི་ཕྱིར། །རྗེས་སུ་དཔག་པ་ཚད་མ་ཉིད། །དེས་ན་ཡོད་ཉིད་མངོན་སུམ་གྱིས། །ཤེས་ན་

དེ་ལ་རྗེས་དཔོག་འགྱུར། །རྗེས་སུ་དཔག་པས་ཡོད་པ་ཉིད། །ཤེས་ན་འང་མངོན་སུམ་གྱིས་དེ་འཛིན། །དེ་ལྟར་ཕན་ཚུན་བརྟེན་པའི་ཕྱིར། །གཅིག་ཀྱང་སྲིད་པར་མི་འགྱུར་རོ། །གཞན་དུ་འང་ཕན་ཚུན་རྟེན་པ་ནི། །འགའ་ཡང་ཡོད་པར་མ་མཐོང་ངོ་། །དེའི་ཕྱིར་ཐོག་མ་མེད་པ་ཅན་གྱི་དེ་ལྟ་བུའི་

རྗེས་སུ་དཔག་པ་བརྒྱུད་པ་འཇུག་པའི་རྗེས་སུ་དཔག་ལ་བརྟེན་ནས་ཕྱིའི་དོན་རྟོགས་པ་ན་གཟུང་བ་དང་འཛིན་པ་དང་མྱོང་བའི་རྣམ་པར་རྟོག་པ་འཇུག་པའི་ཕྱིར་གཟུང་བ་ལ་སོགས་པར་རྟོགས་པ་ཡིན་གྱི། དོན་དམ་པར་ནི་རྣམ་པར་དབྱེ་བ་མེད་པའི་མྱོང་བ་ཉིད་དོ་ཞེས་གནས་སོ། །ཁྱེད་ཀྱི་རྟོགས་

པ་འདི་ག་ལས་ཤེ་ན། སྔགས་དང་རྒྱུད་ལ་སོགས་པས་ཉེ་བར་བསྒྲུབས་པའི་མིག་ཅན་རྣམས་ལ། འཇིམ་དུམ་ལ་སོགས་པ་དེའི་རང་བཞིན་དང་བྲལ་བ་རྣམས་ཀྱང་སྦྲུལ་ལ་སོགས་པའི་རང་བཞིན་དུ་སྣང་བའི་ཕྱིར་རོ། །དེ་དག་ནི་ཇི་སྲིད་དུ་དེ་དག་མ་རྟོགས་ཀྱི་བར་དུ་གཞན་གྱིས་མ་མཐོང་བ་

ཡང་མཐོང་བ་ཉིད་དུ་ཐ་སྙད་བྱེད་དོ། །གལ་ཏེ་རང་གི་རང་བཞིན་གང་ཡིན་པ་དེ་དེ་ཁོ་ན་བཞིན་མངོན་སུམ་དུ་རིག་ན་ནི་བསྟན་པ་ལ་ལྟོས་པར་མི་འགྱུར་རོ། །མངོན་སུམ་ཡང་བསྟན་པ་ལ་ལྟོས་ནས་དེ་ལྟར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྗེས་སུ་དཔག་པའི་ནུས་པ་མཐོང་བའི་ཕྱིར་རོ། །མངོན་སུམ་ཉིད་

ནུས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྗེས་སུ་དཔག་པ་ཚད་མར་ཐལ་བས་མ་ཡིན་པའི་ཕྱིར་རོ། །དེ་མངོན་སུམ་ཉིད་ཡིན་ལ་རག་མོད་ཅེ་ན། འོ་ན་ནི་མངོན་སུམ་ཡིན་ཡང་དེ་ཉིད་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཡིན་པའི་ཕྱིར་དོན་དམ་པ་ཉིད་མ་ཡིན་ནོ། །གཞན་ཡང་བཟློག་པ་ལ་ཡང་རྗེས་སུ་དཔག་པ་ཡོད་

པ་ཉིད་པས་དེ་ཇི་ལྟར་གཉི་ག་རྗེས་སུ་དཔག་པ་ཡིན། ཕྱོགས་གཉི་གར་འགྱུར་མོད་ཅེ་ན། མ་ཡིན་ཏེ། སྐྱེས་བུ་སོ་སོར་དངོས་པོར་རྣམ་པར་གནས་པར་ཐལ་བའི་ཕྱིར་རོ། །འགྱུར་མོད་ཅི་སྐྱོན་ཞེ་ན། དེ་ཉིད་རང་རིག་པ་ཡིན་པར་འགྱུར་ཏེ། ཕན་ཚུན་མ་འདྲེས་པས་ན་ཐུན་མོང་མ་ཡིན་པའི་ཕྱིར་རོ། །

เล่ม ๑๗๙ · หน้า 65b

དེའི་ཕྱིར་གཞན་གྱིས་དེ་ལྟར་མ་རྟོགས་པ་དེ་ལྟ་ན་ཡང་ཐུན་མོང་བ་ཉིད་དུ་རྟོགས་པ་ཡིན་ནོ། །འོན་ཏེ་གཞན་གྱིས་མ་རྟོགས་སོ་ཞེས་བྱ་བ་འདི་ཉིད་ག་ལས། རྗེས་སུ་དཔག་པས་སོ་ཞེ་ན། འོ་ན་ནི་བཟློག་པ་ལ་ཡང་རྗེས་སུ་དཔག་པ་འཇུག་པར་འགྱུར་རོ། །བཟློག་པ་ལ་ཡང་རྗེས་སུ་དཔག་པ་མེད་

དོ་ཞེ་ན། ཇི་ལྟར། གཅིག་ཉིད་དང་འབྲེལ་པ་མ་རྟོགས་པའི་ཕྱིར་རོ། །འདྲ་བ་རྗེས་སུ་དཔོག་པས་ཀྱང་དོན་བྱས་པ་ཉིད་དོ། །འདིར་ནི་མ་མཐོང་བ་དང་རྗེས་སུ་མཐུན་པའི་བྱ་བ་མཐོང་བས་ན། ངེས་པར་མ་མཐོང་བས་རྗེས་སུ་དཔོག་པར་བྱེད་པ་ཉིད་དོ། །འདི་ཡང་ཕ་རོལ་པོ་ཉིད་ཀྱིས་ཁས་

བླངས་པ་ཡིན་ཏེ། དེ་དག་མ་བསླད་མིག་ཅན་གྱིས། །དེ་ལྟར་མཐོང་བ་མེད་ཕྱིར་རོ། །དཔེར་ན་ཐག་རིང་མྱ་ངམ་ན། །ཆུང་ངུའང་ཆེན་པོར་སྣང་བ་བཞིན། །དེ་བཞིན་དུ་འདི་ནི་ཆེན་པོ་ཉིད་དོ་ཞེས་རྟོགས་པས་དེ་དོན་དུ་གཉེར་བ་ཉིད་ཀྱིས་ཉེ་བར་འགྲོ་བ་ཐུན་མོང་བ་ཉིད་དོ་ཞེས་བྱ་བས། གལ་ཏེ་

དོན་དེ་གཞན་གྱིས་ཀྱང་མཐོང་ངོ་ཞེས་བྱ་བ་ཡིན་ན་དེ་ལྟ་ན་གཞན་གྱིས་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་གཞན་དུ་རྗེས་སུ་དཔོག་པས་མཐོང་བ་དེ་དོར་བར་བྱ་བ་ཉིད་ཡིན་ཏེ། དེ་ལྟར་རྗེས་སུ་དཔོག་པ་ནི་སྐྱེ་བོ་མཐའ་དག་ལ་གྲགས་པ་ཡིན་ནོ། །དེ་ཁོ་ན་མཐོང་བ་རྣམས་ནི་གཞན་གྱིས་ཁས་

བླངས་པས་སོ། །ཡང་ན་གང་ཞིག་ཇི་ལྟར་རྟོགས་པ་དེ་འདྲ་བ་ཉིད་ལས་གཞན་རྟོགས་པ་ལ་སྐབས་ཅི་ཞིག་ཡོད། རྗེས་སུ་དཔོག་པ་ཡང་རང་གི་རྣམ་པ་ཙམ་གྱིས་མཐར་ཐུག་པ་ཡིན་པས་ན་མངོན་སུམ་ཉིད་དོ། །གལ་ཏེ་འདིར་མཐོང་ངམ་མཐོང་ཡང་བླ་སྟེ་ཕྱི་རོལ་ཡང་ཡོད་པ་ཉིད་དོ་

ཞེས་ཐ་སྙད་པ་རྣམས་ཀྱིས་རྟོགས་པ་མ་ཡིན་ནམ་ཞེ་ན། དེ་ཡང་རང་གི་བདག་ཉིད་ལ་ཞུགས་པ་ཡིན་ཏེ། ཇི་སྲིད་མངོན་སུམ་དུ་མངོན་པར་འདོད་པའི་བར་དུ་རང་གི་བདག་ཉིད་ལ་ཞུགས་པ་ཡིན་པའི་ཕྱིར། །ཕྱི་རོལ་དུ་གྱུར་པའི་དངོས་པོ་གཞན་ནི་རྟོགས་པ་མེད་དོ་ཞེས་བྱ་བར་ངེས་སོ། །གཞན་

ཡང་ཐུན་མོང་དུ་རྟོགས་པ་ཡང་གོམས་པའི་སྟོབས་ཉིད་ལས་ཡིན་ཏེ། དཔེར་ན་རྨི་ལམ་བཞིན་ནོ། །འོ་ན་ཇི་ལྟར་གཞལ་བྱ་དང་ཚད་མ་དང་འབྲས་བུ་རྣམ་པར་གནས་པ་ཡིན་ཞེ་ན། འདིར་བརྗོད་པ། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་ཡིན་ཡང་གཞལ་བྱ་དང་། །འཇལ་བྱེད་འབྲས་བུ་གནས་

เล่ม ๑๗๙ · หน้า 66a

པ་འདི། །ཇི་ལྟར་རྗེས་སུ་སྣང་བཞིན་བྱས། །རྟོགས་པའི་དངོས་པོ་དེ་ཉིད་དེ་ལ་ཡོད་པ་ཡིན་ནོ་ཞེས་རྟོགས་པས་ན་གཟུང་བ་དང་རང་གི་རང་བཞིན་གཞན་ལ་མི་ལྟོས་པའི་ཕྱིར་འཛིན་པ་སྟེ། རང་ཉིད་དེ་ལྟར་གྱུར་པའི་ཕྱིར་རོ། །རྟོགས་པའི་རང་བཞིན་ནི་རིག་པ་ཡིན་

ནོ་ཞེས་ཉམས་སུ་མྱོང་བ་ལས་སྐྱེས་པའི་རྣམ་པར་རྟོག་པས་ཐ་སྙད་དུ་རྣམ་པར་འཇོག་པ་ཡིན་ནོ། །རྗེས་སུ་སྣང་བ་ནི་མཐོང་བ་དང་མཐུན་པའི་རྣམ་པར་རྟོག་པའོ། །ཡོད་པ་ཡིན་ཡང་ཞེས་བྱ་བ་ནི། གཟུང་བ་འཛིན་པ་དང་། རིག་པ་རྣམས་ཡོད་པ་ཉིད་དང་ལྡན་པའི་ཡུལ་ལ་ཡོད་པ་མ་

ཡིན་པའོ། །ཡང་ན་གཟུང་བ་ལ་སོགས་པ་ཐུན་མོང་བ་ལ་སོགས་པའི་འཛིན་པ་ལ་ཡོད་པ་མ་ཡིན་པའོ། །ལྷག་མ་ནི་གཞན་དག་གིས་བཤད་པ་ཉིད་དོ། །དེའི་ཕྱིར་དོན་དམ་པར་མྱོང་བ་འབའ་ཞིག་ཡིན་གྱི། གསུམ་ནི་མ་ཡིན་ནོ། །གལ་ཏེ་མཐའ་དག་བདག་གི་རྣམ་པར་འགྱུར་བ་ཉིད་

ཡིན་པའི་ཕྱིར་ཅི་སྟེ་ཡོད་པ་མ་ཡིན། གལ་ཏེ་དེ་ཉིད་ལས་མ་ཉམས་ན་ཡང་རྣམ་པར་འགྱུར་བ་དེ་དག་ཐ་དད་པ་ཡིན་ནོ་ཞེ་ན། དེ་དག་བཤད་པར་ནི། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོར་སྣང་ཅན་དངོས་གཅིག་ལ། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་ཉིད་དོ་ཉམས་ཕྱིར་རོ། །གལ་

ཏེ་གཅིག་ཡིན་ན་ཇི་ལྟར་སྣ་ཚོགས་སུ་སྣང་། གལ་ཏེ་སྣ་ཚོགས་སུ་སྣང་ན་ནི་གཅིག་པ་ཉིད་ཉམས་པར་འགྱུར་རོ། །འདི་ལྟར། གཞན་ལ་གཞན་ཉིད་ཉམས་ཕྱིར་དང་། །རང་བཞིན་མཐོང་མེད་ཕྱིར་གཅིག་མིན། །བློ་དངོས་ཐ་དད་མེད་མཐོང་ཕྱིར། །ཐ་དད་མེད་པར་ངེས་པར་འགྱུར། །

གཞན་གྱི་དེ་ཉིད་ཀྱང་འདི་ཁོ་ན་ཡིན་ཏེ། ཐ་དད་པར་སྣང་བ་གང་ཡིན་པའོ། །གཞན་དུ་ནི་གཞན་ལ་ཡང་དེ་ཉིད་མེད་པར་འགྱུར་རོ། །མི་འདོད་པ་ཉིད་དོ་ཞེ་ན། དེ་ལྟ་ན་ནི་འོ་ན་རང་བཞིན་ཐ་དད་པར་སྣང་བ་ན་ཇི་ལྟར་ཐ་མི་དད་པར་ཁས་ལེན། གལ་ཏེ་ཁྱེད་ཐ་དད་པ་མི་འདོད་དུ་ཟད་མོད། དེ་མི་སྣང་

ཡང་ཁས་བླངས་པར་ཇི་ལྟར་འགྱུར། རང་བཞིན་ཐ་མི་དད་པ་མཐོང་ན་ནི་ཁས་ལེན་པ་ལེགས་པ་ཉིད་དོ། །གལ་ཏེ་ཐ་དད་པ་དེ་དག་ཐམས་ཅད་རང་གསལ་བའི་རང་བཞིན་ཡིན་ན་ཐམས་ཅད་བདེན་པ་ཉིད་དོ། །འོན་ཏེ་མི་གསལ་བའི་རང་བཞིན་ཡིན་ན། ཇི་ལྟར་མི་གསལ་བ་གསལ་བ་དང་ཐ་

เล่ม ๑๗๙ · หน้า 66b

མི་དད་པ་ཡིན། བདག་བཞིན་དུ་གསལ་བ་ཉིད་ཡིན་ན་ནི་བདེན་པ་ཉིད་དུ་འགྱུར་ཏེ། བདག་ཉིད་བཞིན་ནོ། །གསལ་བའི་རང་བཞིན་ཉིད་ནི་བདག་གི་རང་བཞིན་ཡིན་པས་དེས་ན་མཐའ་དག་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཡོངས་སུ་གྱུར་པ་ཉམས་སོ། །འོན་ཏེ་མང་པོ་ཉིད་འཁྲུལ་པ་ཡིན་ནོ་ཞེ་ན།

དེ་ལྟ་ཡིན་ན་ཅུང་ཟད་ཀྱང་མ་ཡིན་པར་གྱུར་པས་མཐའ་དག་སྟོང་པ་ཉིད་དུ་འགྱུར་རོ། །འཁྲུལ་པ་ཞེས་བྱ་བ་ཡང་བདག་ལས་ཐ་དད་པ་ཡོད་པ་མ་ཡིན་ནོ། །འཁྲུལ་པ་ཞེས་མིང་དུ་བཏགས་པས་ཀྱང་ཅི་དགོས། འཁྲུལ་པ་མེད་ན་ནི་འདི་མཐའ་དག་མེད་པར་འགྱུར་བའི་ཕྱིར་ཐ་དད་པ་ནི་དེ་

ཉིད་མ་ཡིན་ནོ། །དེས་ན་དེ་ཁོ་ན་མ་ཡིན་པ་སྣང་བའི་རྒྱུ་མཚན་འཁྲུལ་པར་རྣམ་པར་གཞག་པ་ཡིན་ནོ། །འདི་ནི་འཁྲུལ་པ་ཉིད་མིན་ན། །བཟློག་བྱ་ཉིད་དུ་འགྲུབ་མ་ཡིན། །བཟློག་བྱ་ཉིད་དུ་ཤེས་པས་ཀྱང་། །འཁྲུལ་པ་ཉིད་ཅེས་རྟོགས་པ་ཡིན། །འཁྲུལ་པ་ངེས་པ་ལ་བརྟེན་ནས། །

བཟློག་པ་ལ་ནི་འཇུག་པར་འགྱུར། །དེ་ལས་བཟློག་ཕྱིར་འཁོར་ལོར་ནི། །འགྱུར་བ་འདི་ནི་གང་གིས་འཇིལ། །དེའི་ཕྱིར། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །གཅིག་ནི་ཡོད་པ་མ་ཡིན་ཏེ། །དུ་

མ་ཉིད་དུ་སྣང་ཕྱིར་རོ། །མྱོང་བ་མ་ཡིན་པ་ནི་སྣང་བ་མ་ཡིན་པའི་ཕྱིར་དེ་ནི་མྱོང་བའི་བདག་ཉིད་དུ་འགྱུར་བ་ཡིན་ནོ། །རང་རིག་པ་ཉིད་ལ་ཡང་དུ་མ་མི་རྟོགས་པའི་ཕྱིར་རོ། །འོན་ཏེ་རྟོགས་པ་དེའི་ནང་དུ་ཆུད་པའི་ཕྱིར་ན། དེའི་ནང་དུ་ཆུད་པ་ཉིད་མི་རྟོགས་པ་ཡིན་ནོ་ཞེ་ན། དེ་ཡང་བརྗོད་པར་ནུས་

པ་མ་ཡིན་ནོ། །ཡང་ན་སྣ་ཚོགས་ཀྱི་རྣམ་པ་གཅིག་གམ་དུ་མ་ནི་མེད་པ་ཉིད་དོ། །འོ་ན་ཐ་དད་པར་ཇི་ལྟར་སྣང་ཞེ་ན། ཐ་དད་པ་ནི་སྣང་བ་མ་ཡིན་ནོ་ཞེས་བསྟན་ཟིན་ཅིང་སྟོན་པར་ཡང་འགྱུར་རོ། །ཡང་ན་ཐ་དད་པའི་རང་བཞིན་ནམ། དེ་ལྟ་མ་ཡིན་པ་མཐའ་དག་ནི་གོམས་པའི་སྟོབས་ཉིད་

ལས་སྣང་བ་ཡིན་པའི་ཕྱིར་ན་མི་བདེན་པ་ཉིད་དོ། །སྒོམ་པར་བྱེད་པས་ཕྱིན་ཅི་ལོག་ཏུ་བསྒོམས་པས་བཟློག་པར་ནུས་པའི་ཕྱིར་ན། བཟློག་པར་ནུས་པ་ཉིད་ཡིན་པར་ངེས་པས་ན་མི་བདེན་པ་ཡིན་ནོ། །གལ་ཏེ། ཆོས་མཐུན་པ་ཉིད་མཐོང་བ་ལས། །དེ་བདག་མིན་ལ་དེ་བདག་ཏུ། །ཞེས་

เล่ม ๑๗๙ · หน้า 67a

པས་འཇིག་རྟེན་པ་དག་གི །འཁྲུལ་སྐྱེད་དེ་ལ་དེ་མེད་དེ། །འགྲོ་བ་འདི་ལ་དེ་བདག་ཉིད། །གཅིག་ཀྱང་མཐོང་བ་མེད་ཕྱིར་རོ། །འདི་ལ་བརྗོད་པ། ཆོས་མཐུན་པ་མཐོང་བ་ཉིད་ལས་ནི་འཁྲུལ་པ་མ་ཡིན་ཏེ། ནང་གི་བསླད་པ་ལས་བྱུང་གང་། །དེ་ནི་ཉེས་པ་

ལས་བྱུང་བས། །རང་བཞིན་གྱིས་ནི་ཕྱིན་ལོག་ཏུ། །སྣང་བ་ཅན་འདི་འང་ཡོད་པ་ཡིན། །ཆོས་མཐུན་མཐོང་སྩོགས་ཅན་ཉིད་ལ། །ལྟོས་མེད་རབ་རིབ་ལ་སོགས་བཞིན། །རབ་རིབ་ཀྱིས་མིག་བསྒྲིབས་པ་རྣམས་ལ་སྦྲང་བུ་དང་ཤ་སྦྲང་ལ་སོགས་པ་མཐོང་བ་གཞན་གྱི་སྟོབས་ལས་སྐྱེ་

བ་ནི་མ་ཡིན་ཏེ། འོན་ཀྱང་ནང་གི་རབ་རིབ་ཀྱི་རྒྱུ་ཉིད་ལས་ཡིན་ནོ། །གལ་ཏེ་རབ་རིབ་ལ་སོགས་པ་ལས་སྐྱེ་བ་ཡང་དངོས་པོའི་སྟོབས་ཉིད་ལས་ཡིན་གྱི། གོམས་པའི་སྟོབས་ལས་ནི་མ་ཡིན་ནོ་ཞེ་ན། ནང་གི་རྒྱུ་ཙམ་ཞིག་བརྗོད་པར་འདོད་པ་ཡིན་ནོ། །ཐམས་ཅད་ལ་ཁྱབ་པའི་ནང་གི་

རྒྱུ་ནི་བག་ཆགས་ཉིད་ཡིན་ཏེ། རྨི་ལམ་ལ་སོགས་པའི་རྟོགས་པ་བཞིན་ནོ། །བག་ཆགས་དེ་ནི་རྣམ་པ་ཅི་ཞིག་ལྟར་སད་པ་ན་རང་དང་རྗེས་སུ་མཐུན་པའི་རྟོགས་པ་སྐྱེ་བའི་རྒྱུ་ཡིན་ནོ། །དེ་ལ་ཆོས་མཐུན་པ་མཐོང་བའི་ནི་མཐོང་བ་སྔ་མ་སྔ་མ་ཉིད་ཡིན་ནོ། །གང་གིས་འདི་འཁྲུལ་པར་

འགྱུར་བ་དང་པོ་ཅི་ཞིག་མཐོང་། མཐོང་ན་དེ་ཇི་ལྟར་མཐོང་ཞེས་བརྗོད་པར་བྱ། དེས་ན་དེ་དང་མཚུངས་པའི་ཕྱིར་ཐམས་ཅད་མ་འཁྲུལ་པ་ཉིད་དོ། །འོན་ཏེ་དེ་ལྟ་མ་ཡིན་པར་མཐོང་ན་ཇི་ལྟར་འཁྲུལ་པ་ཐམས་ཅད་ཆོས་མཐུན་པས་མཐོང་བ་ལས་ཡིན་ཞེས་བྱ་བ་མ་ཡིན་ཏེ། འདི་ནི་འཁྲུལ་པ་

བརྒྱུད་པ་ཉིད་དེ། འདི་ལ་དང་པོ་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་འཁོར་བ་འདི་ནི་ཐོག་མ་མེད་པའི་ཡང་དག་པ་མ་ཡིན་པའི་བག་ཆགས་ཀྱིས་བཏགས་པ་ཡིན་ནོ། །ཇི་ལྟར་རང་གི་བདག་ཉིད་ལ་ཚད་མ་ལ་སོགས་པ་རྣམ་པར་གཞག་ཅེ་ན། དེ་ལ་བློ་ནི་ཡོངས་གཅོད་པ། །

འཛིན་པའི་རྣམ་པར་འདོད་པ་དེ། །དེ་ཡི་བདག་ཉིད་ཕྱིར་བདག་རིག །དེ་ཕྱིར་དེ་དེའི་སྒྲུབ་བྱེད་ཡིན། །དེ་ཉིད་བསྒྲུབ་བྱ་དེ་ཉིད་སྒྲུབ་བྱེད་དེ་ཉིད་གྲུབ་པ་ཡིན་ནོ། །དེ་ལ་འདོད་ཆགས་སོགས་རིག་བཞིན། །རང་བདག་ཡུལ་ཅན་ཚད་མ་ལ། །གཞལ་བྱ་འཇལ་བྱེད་འབྲས་གནས་པ། །འདི་ནི་ཀུན་

เล่ม ๑๗๙ · หน้า 67b

ལ་སྦྱར་བར་བྱ། །བདེ་བ་ལ་སོགས་པ་གོམས་པའི་སྟོབས་ལས་སྐྱེས་པ་ནི་རང་རིག་པའི་རང་བཞིན་ནོ་ཞེས་བསྟན་ཟིན་ཏོ། །བདེ་བ་ལ་སོགས་པ་མྱོང་བ་ནི་མངོན་སུམ་ཚད་མ་ཡིན་ལ། དེ་ལ་ཚད་མ་དང་གཞལ་བྱ་རང་རྟོགས་པ་ནི་ཐ་དད་པ་མེད་པ་ཉིད་དུ་རྣམ་པར་གནས་སོ། །དེ་ཁོ་ན་ཉིད་འདི་

ནི་རྣམ་པ་བཞིར་ཡོངས་སུ་རྫོགས་པ་ཡིན་ཏེ། འཇལ་བར་བྱེད་པ་པོ་དང་། གཞལ་བྱ་དང་ཚད་མ་དང་རྟོགས་པའོ་ཞེས་གང་བརྗོད་པ་དེ་ནི་བདེན་པ་མ་ཡིན་ཏེ། གཅིག་ཉིད་དུ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རོ། །གལ་ཏེ་བདེན་པ་ལ་སོགས་པ་ཐ་དད་པ་མ་ཡིན་དུ་ཆུག་མོད། སེར་པོ་ལ་

སོགས་པ་ནི་ཐ་དད་པ་ཁོ་ནའོ་ཞེ་ན། མ་ཡིན་ཏེ་གཞལ་བྱ་དང་ཚད་མ་དང་། འབྲས་བུ་གནས་པ་འདི་ཉིད་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་ནོ། །བདེ་བ་ལ་སོགས་པ་མྱོང་བ་ཇི་ལྟ་བ་དེ་བཞིན་དུ། སྔོན་པོ་ལ་སོགས་པ་མྱོང་བ་ཡང་ཡིན་ནོ། །སྔོན་པོའི་རྣམ་པ་ཞེའམ་བདེ་བའི་རྣམ་པ་ཞེས་བྱ་བར་

འགྱུར་མོད། འདི་ལ་ཁྱད་པར་ཅི་ཡོད་གཉི་ག་ཡང་རང་གི་ངོ་བོས་རིག་པའི་ཕྱིར་རོ། །དེས་ན་སྔོན་པོ་དང་། བདེ་བ་དང་། ལུས་ཀྱི་རིག་པ་མཐའ་དག་ནི་རང་གི་ངོ་བོས་ཡིན་གྱི། གཞན་གྱི་ངོ་བོས་ནི་མ་ཡིན་ནོ། །གལ་ཏེ་ཐམས་ཅད་རང་གི་ངོ་བོས་ཡིན་ན་ནི། རང་རིག་པ་ཁོ་ནའོ། །གལ་ཏེ་སྔོན་པོ་ལ་

སོགས་པ་རིག་པ་ལ་བདེ་བ་ལ་སོགས་པ་ལྟར་འཛིན་པའི་རྣམ་པ་བདག་ཉིད་དུ་གྱུར་པ་མ་ཡིན་ནམ། དེ་ཇི་ལྟར་དཔེ་ཡིན་ཞེ་ན། བདེ་བ་ལ་སོགས་པ་ལ་ཇི་ལྟར། རང་ཉིད་གསལ་བའི་བདག་ཉིད་ཡིན་པའི་ཕྱིར་བདག་བཞིན་ནོ་ཞེ་ན། གསལ་བའི་བདག་ཉིད་ཅེས་བྱ་བ་འདི་ཅི་ཞིག་ལྐོག་ཏུ་མ་གྱུར་པའི་

རང་བཞིན་ཉིད་དོ། །གལ་ཏེ་དེ་ལྟ་ན། དེ་ལའང་ཉམས་མྱོང་བདག་ཉིད་ཕྱིར། །དེ་དག་རང་བདག་མྱོང་བར་འགྱུར། །དེ་ལྟ་རུང་ཉིད་དེ་ཚད་བདག །གཞལ་བྱ་རང་རིག་འབྲས་བུ་ཡིན། །སྔོན་པོ་ལ་སོགས་པ་དེ་དག་ཀྱང་ལྐོག་ཏུ་མ་གྱུར་པའི་རང་བཞིན་ཡིན་པའི་ཕྱིར་ཉམས་སུ་མྱོང་བའི་བདག་ཉིད་ཡིན་

ནོ། །དེས་ན་བདེ་བ་ལ་སོགས་པ་བཞིན་དུ་རང་རིག་པར་རུང་བ་ཡིན་ནོ། །སྔོན་པོ་ལ་སོགས་པ་དེ་དག་ཀྱང་གཞན་གྱི་རང་བཞིན་གྱིས་ནི་ལྐོག་ཏུ་མ་གྱུར་པ་མ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པའི་དབང་གིས་སྔོན་པོ་ལ་སོགས་པ་ལྐོག་ཏུ་མ་གྱུར་པ་ཉིད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོ་ཁོ་

เล่ม ๑๗๙ · หน้า 68a

ནས་ལྐོག་ཏུ་མ་གྱུར་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་མིག་འཇུག་པ་དེའི་ཕྱིར་སྔོན་པོ་ལྐོག་ཏུ་མ་གྱུར་པ་ནི་མ་ཡིན་ཏེ། མིག་འཇུག་ཀྱང་རེས་འགའ་ལྐོག་ཏུ་མ་གྱུར་པར་མི་འགྱུར་ཞིང་། མ་ཞུགས་ཀྱང་ལྐོག་ཏུ་མ་གྱུར་པ་ཉིད་སྲིད་པའི་ཕྱིར་རོ། །འདི་ལྟར། ཆགས་

སོགས་གྱུར་ན་མི་འཇུག་ཀྱང་། །རང་གི་རང་བཞིན་མི་སྣང་ཕྱིར། །གཟུགས་ལ་སོགས་པ་རྣམ་པ་ནི། །གཞན་ཉིད་དུ་ནི་སྣང་བ་ཡིན། །གལ་ཏེ་མིག་ལ་སོགས་པ་ལས་བྱུང་བ་མངོན་དུ་ཕྱོགས་པར་བྱེད་ཀྱང་ཡུལ་རང་གི་ངོ་བོས་མི་སྣང་ན་འདི་ཇི་ལྟར་ལྐོག་ཏུ་མ་གྱུར་པ་ཡིན་ཏེ། རང་གི་ངོ་བོས་

སྣང་བ་ཉིད་ལྐོག་ཏུ་མ་གྱུར་པ་ཡིན་ནོ། །འོན་ཏེ་མིག་གི་ཉེས་པ་འདི་ནི་གོམས་པའི་དབང་གིས་ཡིན་ནོ་ཞེ་ན། གལ་ཏེ་མིག་སོགས་ལས་བྱུང་བ། །གོམས་ལས་གཞན་དུ་རྟོགས་ན་ནི། །སྔོན་པོ་ལ་སོགས་སྣང་བ་ཀུན། །གོམས་པ་ཡི་ནི་སྟོབས་ལས་ཡིན། །བག་ཆགས་ཀྱི་མྱོང་བ་

རྣམ་གྲངས་ཅན་གོམས་པ་ཉིད་མིག་ལ་སོགས་པ་ལས་བྱུང་བའི་རྒྱུ་ཡིན་ནོ། །དེའི་ཚེ་སྔོན་པོ་ལ་སོགས་པར་སྣང་བ་མཐའ་དག་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཉིད་དོ། །གལ་ཏེ་རྣམ་པ་གཞན་དུ་སྣང་བའི་བག་ཆགས་ཡིན་གྱི། རང་གི་ངོ་བོར་སྣང་བ་ནི་བག་ཆགས་ཡིན་པར་འབྱུང་བའི་ཕྱིར་

མིག་ལ་སོགས་པ་དང་འབྲེལ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཕན་ཚུན་ལྟོས་ནས་ཐམས་ཅད་རྣམ་པ་གཞན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དུ་མ་སྣང་བ་ན་གང་གི་རང་བཞིན་ཡིན་པ་མི་ཤེས་སོ། །སྣང་བ་ཚད་མ་ཡིན་ཏེ། གལ་ཏེ་དེ་འཁྲུལ་ན་ཡིད་བརྟན་པ་ག་ལས་ཡིན་དེས་ན། སྣང་བ་དག་

ནི་མཐའ་དག་ཀྱང་། །བག་ཆགས་དངོས་པོས་སྤྲུལ་པ་ཡིན། །རང་བཞིན་དུ་ནི་མངོན་འདོད་ལས། །གཞན་སྣང་བ་ཡི་རང་བཞིན་བཞིན། །གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ནི་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་ཡང་རང་རིག་པ་ཉིད་འབྲས་བུ་ཡིན་ལ་དེའི་རྣམ་པ་ནི་ཚད་མ་

ཡིན་ནོ། །གལ་ཏེ་ཤེས་པ་རྣམ་པ་དང་བཅས་པ་ཞེས་བྱ་བ་ནི་འཐད་པ་མ་ཡིན་ཏེ། འདི་ལྟར། གལ་ཏེ་མེ་ལོང་ལྟར་གསལ་བ། །ཉེ་བར་གཞག་པས་བསྒྱུར་ཕྱིར་ན། །དེ་ཚེ་མིག་སོགས་སྣང་འགྱུར་ན། །དེ་ལྟར་ཡང་ནི་མཐོང་བ་མེད། །མེ་ལོང་ལ་ནི་ཇི་སྲིད་པ། །ཉེ་བར་དེ་ཀུན་སྣང་འགྱུར་

เล่ม ๑๗๙ · หน้า 68b

བ། །དེ་ཕྱིར་གཟུགས་སོགས་ཐམས་ཅད་ནི། །སྣང་བ་ཉིད་དུ་ཐལ་བར་འགྱུར། །འོན་ཏེ་མིག་ནི་མེ་ལོང་བཞིན། །སྣང་བ་ཡི་ནི་རྒྱུ་ཡིན་ན། །མེ་ལོང་སོགས་བཞིན་དེར་ཤར་བ། །ཆེན་པོ་མིན་པར་མཐོང་བར་འགྱུར། །དེས་ན་རང་བཞིན་ཅི་འདྲ་དང་། །ཚད་ཅི་ཡིན་པ་ཤེས་མི་འགྱུར། །

ལིང་ཏོག་ལ་སོགས་མིག་ནད་ཀྱིས། །མདོག་ཀྱང་གཞན་དུ་སྣང་བ་ཉིད། །འོན་ཏེ་མིག་འབྲས་ན་ཐོན་ཏེ། །གཟུགས་སོགས་ལ་ནི་ཞུགས་པ་ཡིས། །ཆེ་སོགས་རང་གི་རང་བཞིན་ལ། །འཛིན་པར་བྱེད་པ་སྐྱེ་འགྱུར་ན། །གལ་ཏེ་མར་མེ་སྣང་བ་དང་། །འབྲེལ་ལས་ངོ་བོ་ཁྱད་པར་ཅན། །

སྐྱེས་པས་རང་བཞིན་རིག་འགྱུར་ན། །མར་མེ་སྣང་བ་དང་འབྲེལ་བཞིན། །འགྱུར་མིན་དེ་ན་གཞན་གྱི་ནི། །བྱེད་ཡོད་པས་ན་ཐུག་མེད་འགྱུར། །འོན་ཏེ་རང་རིག་དེ་ཡི་ཚེ། །དེ་དག་ཇི་ལྟར་འོད་ཟེར་ཡིན། །དེས་ན་ཤེས་པ་དོན་གནས་པས། །དེ་ཡི་རྣམ་པར་འཇུག་པ་ཡིན། །དེ་ལས་སྐྱེས་

ཙམ་ལས་ཤེས་ན། །ཀུན་གྱིས་རྣམ་པར་ཐལ་བར་འགྱུར། །གལ་ཏེ་གང་ལས་དེ་སྐྱེས་པ། །དེ་ཉིད་རྣམ་པ་ཅན་འགྱུར་ན། །མིག་རྣམ་ཡང་འགྱུར་དེ་ལས་ཀྱང་། །གང་ཕྱིར་རིག་པ་སྐྱེས་ཕྱིར་རོ། །འདི་ལ་བཤད་པ། ཡུལ་རྣམས་ལས་ནི་བྱུང་བ་ཡིས། །རྣམ་པར་ཤེས་པ་ཐམས་ཅད་

དག །དེ་ལས་གཞན་རྒྱུ་ཡིན་ན་ཡང་། །རྣམ་འགས་ཡུལ་གྱི་རྣམ་པར་འགྱུར། །གང་ལས་སྐྱེ་བ་དེ་ཉིད་ཀྱི་རྣམ་པར་འགྱུར་བ་ནི་མ་ཡིན་ཏེ། འདི་ལྟར། དཔེར་ན་ཟས་དང་དུས་ལ་སོགས། །བུ་སྐྱེ་བ་ཡི་རྒྱུ་ཡིན་ཡང་། །དེ་ནི་ཕ་མ་གཅིག་གི་གཟུགས། །འཛིན་འགྱུར་གཞན་འགའི་

མ་ཡིན་བཞིན། །དེ་ལས་བྱུང་བའི་བུ་ནི་ཕ་མ་གཉི་ག་དང་ཡང་མཚུངས་པའི་རྣམ་པ་ནི་འཛིན་པ་མ་ཡིན་གྱི། འོན་ཀྱང་འགའ་ཞིག་ཉིད་ཀྱིའོ། །དེའི་ཕྱིར་དོན་ཉིད་ལས་དོན་གྱི་རྣམ་པ་ཡིན་ནོ། །འདི་ལྟར། ཐག་རིང་ཡུལ་རྣམས་ཤིང་ལས་ནི། །རྣམ་ཤེས་དེ་ཡི་རྣམ་པར་ནི། །སྐྱེས་

འགྱུར་དབང་པོའི་རྣམ་པར་ནི། །མིན་ཞེས་བྱ་བ་ཀུན་ཚེ་མཐོང་། །དེ་ལས་གཞན་དང་ཡུལ་དག་ནི། །དེ་རྒྱུ་ཉིད་དུ་མཚུངས་ན་ཡང་། །དེ་ཆས་ཡུལ་ནི་ཡིན་འདོད་དེས། །དེ་མེད་པར་ནི་དེར་མི་འགྱུར། །རྒྱུ་ཉིད་ཀྱིས་ནི་ཡུལ་མ་ཡིན་གྱི། །འོན་ཀྱང་རྣམ་པར་ཤེས་པ་དེའི་རྣམ་པར་འགྱུར་བའི་རྒྱུ་

เล่ม ๑๗๙ · หน้า 69a

ཉིད་ཀྱིས་སོ། །རྒྱུ་ཉིད་ཀྱི་ཡུལ་ཡིན་པ་ནི་མིག་ལ་སོགས་པ་ཡང་ཡུལ་ཉིད་དུ་འགྱུར་རོ། །དེའི་རྣམ་པ་ཉིད་ཀྱིས་ཡིན་ན་ནི་སྨིག་རྒྱུ་ལ་སོགས་པ་ལ་ཆུར་ཤེས་པའི་ཡུལ་དུ་ཡུལ་གཞན་ན་གནས་པའི་ཆུར་ཡང་འགྱུར་རོ། །དེས་ན་གཉི་ག་ལ་བརྟེན་ཏོ། །དེ་མེད་ན་ནི་ཡུལ་དུ་

མི་འགྱུར་རོ། །རྣམ་པ་མེད་པར་ནི་རྟོགས་པའི་རང་བཞིན་གྱི་རྣམ་པར་ཤེས་པ་མྱོང་བ་ཉིད་དང་། དེ་ལྟ་མ་ཡིན་ཡང་བླ་སྟེ། དེའི་རྣམ་པའི་ཡུལ་རྣམ་པར་འཇོག་པར་ནུས་པ་མ་ཡིན་ཏེ། རྟོགས་པ་དང་གཞན་པའི་གནས་སྐབས་དག་མི་རུང་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་དེ་རྟོགས་ན་

གཞན་གྱིས་ཅི་བྱ་སྟེ་དོན་མེད་པའི་ཕྱིར་རོ། །འོན་ཏེ་མ་རྟོགས་ན་དེའི་ཚེ་ཡང་མི་ནུས་པའི་ཕྱིར་རོ། །མ་རྟོགས་པ་ནི་རྟོགས་པའི་ཡུལ་མ་ཡིན་ནོ། །གལ་ཏེ་རྟོགས་སོ་ཞེ་ན་ནི། དེ་ཉིད་དེའི་རང་བཞིན་ཉིད་རྟོགས་པ་ཡིན་ནོ། །བྱ་བ་གཞན་དང་ལྡན་པ་ཡང་མ་ཡིན་ནོ་ཞེས་ལན་བརྒྱར་བསྟན་ཏོ། །

གལ་ཏེ་རྣམ་པ་གྲུབ་ན་རྣམ་པ་ཚད་མ་ཡིན་ལ་རང་རིག་པ་ནི་འབྲས་བུ་ཡིན་ན་ཞེས་འགྲུབ་པ་མ་ཡིན་ནམ། དེ་ཉིད་ཇི་ལྟར་འགྲུབ་ཅེ་ན། འདི་ལ་བཤད་ཟིན་ཏོ། །གཞན་ཡང་། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །གཟུགས་ལ་སོགས་པའི་ཡུལ་གྱི་ཤེས་པ་གང་

ཡིན་པ་ནི་དོན་དང་རང་སྣང་བ་ཡིན་ལ། ཡུལ་ཤེས་པའི་ཤེས་པ་གང་ཡིན་པ་དེ་ནི་དོན་དང་འདྲ་བའི་ཤེས་པ་སྣང་བ་དང་། རང་སྣང་བ་ཡིན་ནོ། །དེ་ལྟ་མ་ཡིན་ནོ། །གལ་ཏེ་ཡུལ་གྱི་ཤེས་པ་དོན་གྱི་རྣམ་པ་འབའ་ཞིག་གམ། རང་གི་རྣམ་པ་དབའ་ཞིག་ཡིན་ན་ཡུལ་ཤེས་པའི་ཤེས་པ་ཡང་དེ་དང་ཁྱད་པར་

མེད་པར་འགྱུར་རོ། །ཡུལ་གྱི་ཤེས་པ་གང་ཡིན་པ་དེ་ནི་དོན་དང་རང་སྣང་བའི་ཡིན་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །དེའི་འོག་མ་དག་ནི་གཏན་ཚིགས་སོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གནོད་པར་བྱེད་པའི་ཚད་མ་ཡིན་ནོ། །བདག་ལ་ཤེས་པ་ཅི་འདྲ་བ་ཞིག་བྱུང་བར་གྱུར་ཞེས་

གང་གི་ཚེ་ཡོངས་སུ་རྟོགས་པར་བྱེད་པ་དེའི་ཚེ་དོན་སྣང་བ་ཉིད་དྲན་པས་ཐ་སྙད་བྱེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །གང་ཞིག་མོས་པས་ཡུལ་དུ་བྱས་པས་དེ་ནི་དེ་ལྟ་བུ་ཉིད་ཡིན་ཏེ། དཔེར་ན་བ་ལང་ཞེས་མོས་པས་ཡུལ་དུ་བྱས་པའི་ཁྲ་བོ་ལ་སོགས་པ་བཞིན་ནོ། །འདི་ལྟར། འདི་ནི་དེ་ལྟ་

เล่ม ๑๗๙ · หน้า 69b

བུ་སྣང་ན། །དོན་ནི་ཇི་འདྲ་མི་ཤེས་ཞེས། །དེ་ནི་དོན་ཉིད་ཡོངས་དོར་ཏེ། །ཤེས་པ་རྣམ་པར་ངེས་པ་ཉིད། །གལ་ཏེ་འགའ་ཞིག་འདི་དོན་ཡིན་ནོ་ཞེས་ཁྱེད་ཀྱིས་ཇི་ལྟར་ཤེས་ཞེས་འདྲི་བ་དེའི་ཚེ་དོན་དུ་སྣང་བ་འདི་འདྲ་བར་གྱུར་ན། དོན་ནི་དེ་ན་ཡོད་དམ་མེད་དམ། དེ་འདྲ་བ་ཡིན་ནམ། འོན་ཏེ་

གཞན་དུ་གྱུར་པ་ཡིན་ཞེས་མི་ཤེས་ཞེས་ལན་ལྡོན་པར་བྱེད་དོ། །དེས་ན་དོན་ཡོངས་སུ་སྤངས་པས་ཤེས་པ་ཉིད་སྣང་བ་ཡིན་ནོ། །དོན་དང་གཅིག་པ་ཉིད་ཡིན་ན་ནི། དེ་ཉིད་ལ་ངེས་པ་དང་དེ་ཉིད་མ་ངེས་པར་ཇི་ལྟར་འགྱུར་ཏེ། ངེས་པ་དང་མ་ངེས་པ་དག་འགལ་བའི་ཕྱིར་རོ། །འོན་ཏེ་

རགས་པའི་སྣང་བ་ཙམ་ངེས་པ་ཡིན་ལ། ནང་གི་ཁྱད་པར་ནི་མ་ཡིན་ནོ། །དེས་ན་འདི་ལ་འདྲ་བར་སྣང་ངོ་ཞེས་བྱ་བ་ནི། འདི་ཙམ་ཞིག་སྣང་གི་གཞན་ནི་མ་ཡིན་ནོ་ཞེས་དོན་ཉིད་ངེས་པ་དང་མ་ངེས་པ་ཡིན་ཏེ། ཆ་གཉིས་དང་ལྡན་པའི་ཕྱིར་རོ་ཞེ་ན། འདི་ནི་ཕྱིས་བཤད་པར་བྱའོ། །གཞན་

ཡང་། དོན་དང་ལྡན་པའི་སེམས་ལ་ནི། །དོན་རྣམས་མེད་པར་དོགས་ན་ཡང་། །འདས་པའི་དོན་ནི་འཛིན་པ་ལ། །ཚུལ་གཉིས་རང་རིག་གྲུབ་པ་ཉིད། །གང་དག་ཤེས་པ་ནི་སྣང་བ་མ་ཡིན་ཏེ། རང་རིག་པ་མེད་པའི་ཕྱིར་རོ། །དྲན་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་དོན་ཉིད་དྲན་པའི་ཕྱིར་རོ། །

དེ་ལ་ཇི་ལྟར་དོན་ཤེས་པའི་དོན་གྱིས་གོ་བས་ན་ཤེས་པ་ཡོངས་སུ་བརྟགས་པ་དེ་བཞིན་དུ་དྲན་པ་མི་འཐད་པས་ཀྱང་ཡིན་ནོ། །ཤེས་ནི་མྱོང་བ་མ་ཡིན་ལ། །དེ་དོན་གྱི་རྣམ་པ་ཡང་མ་ཡིན་ནོ། །དེས་ན་ཤེས་པ་ཚུལ་གཉིས་ཡིན་ནོ་ཞེས་བྱ་བར་དམ་འཆའ་བ་ནི་མངོན་སུམ་གྱིས་གནོད་པ་ཡིན་

ནོ། །གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །བསམ་པ་གཏན་ཚིགས་རྟེན་མ་ཡིན། །གཏན་ཚིགས་འཇུག་པའང་དཔེ་ལ་ནི། །འབྲེལ་པ་བཟུང་བ་ལས་ཡིན་ནོ། །དེ་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་ལ་དོན་གྱི་རྣམ་པ་རྩོད་པའི་གཞིར་གྱུར་པའི་ཕྱིར་རོ་ཞེ་ན། གང་ལ་དོན་ཡོད་པ་དེ་

ལ་འདི་ནི་ཤེས་པའི་རྣམ་པ་མ་ཡིན་ནོ་ཞེ་ན་དོགས་པར་འགྱུར་ཡང་སྐྲ་ཤད་ལ་སོགས་པ་དང་། སེར་པོ་ལ་སོགས་པ་སྣང་བ་དོན་དང་ལྡན་པ་མ་ཡིན་པའི་སེམས་པ་ནི་རྣམ་པ་གཉིས་དང་མྱོང་བ་ཉིད་གྲུབ་པ་ཁོ་ནའོ། །དེ་ལ་རྣམ་པར་ཤེས་པ་ནི་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་བྱ་བ་འདི་ཉིད་མངོན་སུམ་

เล่ม ๑๗๙ · หน้า 70a

གྱིས་གནོད་པ་ཡིན་ནོ། །དེས་ན་དཔེ་མཐོང་བས་ན་འབྲེལ་པ་འཛིན་ཏོ། །དེས་ན་དེ་ལྟ་བུར་སྣང་ངོ་ཞེས་དེའི་སྒོ་ནས་བྱུང་བའི་ངེས་པ་ཇི་ལྟར་དོན་གྱི་ཡིན་པར་འགྱུར། ཐམས་ཅད་དུ་རྣམ་པར་ཤེས་པ་ཉིད་དེ་ལྟར་ངེས་པ་ཡིན་པའི་ཕྱིར་རྣམ་པ་དང་བཅས་པ་

ཉིད་གྲུབ་པོ། །ཡུལ་ཤེས་པ་ལ་སྣང་བ་ཙམ་དུ་ངེས་པའི་རང་བཞིན་དེ་ཉིད་དེའི་ཤེས་པའི་རང་བཞིན་ནོ། །འོན་ཏེ་བརྒྱ་ལ་དེར་ཡང་དོན་ཉིད་ཡོད་པ་ཡིན་ཏེ། གལ་ཏེ་གསལ་བ་མེད་ཀྱང་རིགས་ཉིད་ཡིན་པར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ། སྔོ་སོགས་ཐ་དད་ཅན་སྣང་ཕྱིར། །

དེ་ལྡན་མིན་རིག་དོན་མ་ཡིན། །རིགས་དེའང་མི་རྟག་མི་འགྱུར་ཞིང་། །རྟག་ནའང་ཇི་ལྟར་སྐྱེད་བྱེད་ཡིན། །རིགས་ནི་སྔོན་པོ་ལ་སོགས་པའི་རང་བཞིན་མ་ཡིན་ཏེ། ཁ་དོག་ལ་སོགས་པའི་རྣམ་པས་སྟོང་པའི་ཕྱིར་རོ། །རྒྱུ་ཉིད་ཀྱི་ཕྱིར་དང་མི་རྟག་པ་ཉིད་ཀྱི་ཕྱིར་ཡང་རིགས་

མ་ཡིན་ནོ། །འོན་ཏེ་རྟག་པ་ཡིན་ན་སྐྱེད་པར་བྱེད་པར་མི་འགྱུར་ཏེ། རྟག་པ་ནི་སྐྱེད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །མིང་སོགས་སྔར་ནི་བཀག་ཟིན་ཏོ། །ཚུལ་འདི་དོན་ལྡན་མ་ཡིན་ཏེ། །འདོད་པ་ཙམ་དང་རྗེས་འབྲེལ་ཕྱིར། །དོན་གྱི་ནུས་པ་གྲུབ་མ་ཡིན། །

འདི་ཐམས་ཅད་ནི་སྔར་བསྟན་ཟིན་པས་ཡང་མི་སྤྲོའོ། །རྣམ་པ་འདི་འདྲའི་ཤེས་པ་ནི། །དྲན་ཡིན་དེ་ཡང་མྱོང་ལས་འབྱུང་། །དེ་ཡང་དོན་རྣམས་སྟོང་ན་དེ། །དེ་ན་ཇི་ལྟར་དེ་ལྟར་འགྱུར། །ཉམས་སུ་མྱོང་བ་ལས་སྐྱེ་བའི་དྲན་པ་དོན་མེད་པར་འགྱུར་བ་ཇི་ལྟར་སྔོན་པོ་ལ་སོགས་པའི་རྣམ་

པ་དང་ལྷན་ཅིག་པར་འགྱུར། དེའི་རྣམ་པ་ཅན་གྱི་དྲན་པ་ནི་དོན་ཉིད་ལས་འབྱུང་ངོ་ཞེ་ན། དེ་ལ་བཤད་པ། དེ་ཚེ་མེད་ཕྱིར་དོན་ལས་མིན། །དེ་ལྟར་མྱོང་ལའང་དེར་འགྱུར་རོ། །གལ་ཏེ་དོན་ལས་དངོས་སུ་དྲན་པ་འབྱུང་ན་དེའི་ཚེ། དོན་དེ་དེ་ཉིད་ཀྱི་ཚེ་ཡོད་པར་འགྱུར་ན། དེའི་ཚེ་ཡོད་པ་

ཡང་མ་ཡིན་ནོ། །འོན་ཏེ་དོན་ཆོད་པ་ལས་ཀྱང་དེའི་རྣམ་པ་ཅན་གྱི་དྲན་པ་འབྱུང་ན་ཉམས་སུ་མྱོང་ཡང་དེ་ལྟ་བུ་ཉིད་དུ་འགྱུར་རོ། །དེ་ལྟར་ཇི་ལྟར་འགྱུར་བ་ཡང་བསྟན་ཟིན་པ་ཉིད་ལ། འདིར་ཡང་སྟོན་པ་ཡིན་ནོ། །རྣམ་པ་དེ་ནི་དོན་གྱི་མིན། །གསལ་བའི་རྣམ་པས་དབེན་ཕྱིར་རོ། །དོན་

เล่ม ๑๗๙ · หน้า 70b

དེ་ནི་གསལ་བའི་རྣམ་པར་ཉམས་སུ་མྱོང་བས་བཟུང་བ་ཡིན་ནོ། །གལ་ཏེ་དེ་ཡང་དོན་གྱི་རྣམ་པ་ཡིན་ན་ནི་དེ་དེ་ལྟ་བུ་ཉིད་དུ་འགྱུར་རོ། །འོན་ཏེ་དྲན་པས་རྟོགས་པ་ཡིན་པའི་ཕྱིར་ད་ལྟར་སྣང་ངོ་ཞེ་ན། དེ་ལྟ་ན་འོ་ན་ཉམས་སུ་མྱོང་བས་རྟོགས་པའི་ཕྱིར་གསལ་བ་ཡིན་པས་རྣམ་པ་དེ་དོན་གྱི་

ཡིན་པ་ན་ནམ་ཡང་མི་འགྱུར་རོ། །རྣམ་པ་དེ་ནི་ཐ་དད་ན། །གཞན་གྱིས་དེ་བཞིན་རྟོགས་པར་འགྱུར། །གལ་ཏེ་འདི་དོན་ཡིན་ན་གཞན་གྱིས་ཀྱང་ཤེས་པར་འགྱུར་རོ། །འོན་ཏེ་དེ་ནི་བདག་ལ་འབྲེལ་པ་ཉིད་ལས་གཞན་ལ་མི་སྣང་ངོ་ཞེ་ན། བདག་ལ་འབྲེལ་པ་ཞེས་བྱ་བའི་དོན་ཅི་ཡིན།

ཅི་བདག་གི་འབྲས་བུ་འམ་འོན་ཏེ་དེའི་བདག་ཉིད། གལ་ཏེ་འབྲས་བུ་ཡིན་ན་དེའི་ཚེ་གཞན་ལ་སྣང་བ་ཉིད་དོ། །འབྲས་བུ་ཉིད་ཀྱིས་ནི་ཐུན་མོང་བ་ཉིད་དང་འབྲལ་བ་མ་ཡིན་ནོ། །འོན་ཏེ་དེའི་བདག་ཉིད་ཡིན་ན། དེ་ལྟ་ཡིན་ན་ནི་མྱོང་བའི་བདག་ཉིད་ཁོ་ནའོ། །བདག་ལ་རྟག་ཏུ་འབྲེལ་ཡིན་

ན། །བརྗོད་ཀྱང་རྟོགས་པར་མི་འགྱུར་རོ། །དེའི་བདག་ཉིད་ཡིན་ན་ནི་རྟག་ཏུ་བདག་ལ་འབྲེལ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་བརྗོད་ཀྱང་རྟོགས་པར་མི་འགྱུར་རོ། །འོན་ཏེ་རྟོགས་ན་ནི་དེའི་ཚེ་དེ་ལྟ་མ་ཡིན་པར་ཡང་རྟོགས་པར་འགྱུར་རོ། །འདི་ལྟར་ཕྱི་རོལ་གྱི་གཟུགས་

ལ་སོགས་པ་ནི་གཞན་གྱིས་བརྗོད་ཀྱང་རྟོགས་ལ་མ་བརྗོད་ཀྱང་རྟོགས་པ་ཡིན་ནོ། །འོན་ཏེ་བརྗོད་པས་རྟོགས་པ་གང་ཡིན་པ་དེ་ནི་གཞན་ཉིད་དོ་ཞེ་ན། དེ་ལྟ་ན་འོ་ན། རེ་རེ་དག་དང་འབྲེལ་ན་ནི་མཚམས་སྦྱོར་བ་རྗེས་སུ་སྦྱོར་བར་བྱེད་པ་ནི་མི་རུང་ངོ་། །མཚམས་སྦྱོར་བ་ཅི་འདྲ་བ་ཞིག་ཅེ་ན། བཤད་

པ། དོན་གཅིག་མངོན་ཞེན་བདག་ཉིད་ཅན། །འདི་ནི་གཅིག་གོ་ཞེས་རྟོགས་པར་མི་འགྱུར་ཏེ། དེ་སོ་སོ་ཉིད་ཡིན་པའི་ཕྱིར་རོ། །གང་དག་གི་མཚམས་སྦྱོར་བ་ཞེ་ན། འཆད་པོ་ཉན་པོ་སེམས་དག་གི །སེམས་དེ་གཉིས་ནི་དོན་ཐ་དད་པར་འགྱུར་བ་འཛིན་པ་ལ་འཇུག་པའི་ཕྱིར་རོ། །གལ་ཏེ་

འདྲ་བས་དེ་གཅིག་པར། །ཐ་སྙད་ཡིན་ན་དེར་སྣང་མིན། །ཐ་དད་བདག་ཉིད་ཇི་ལྟར་བཟུང་། །དེ་ཚེ་བློ་དོན་མེད་ཅན་འགྱུར། །འདྲ་བས་གཅིག་ཏུ་ཐ་སྙད་བྱེད་པ་གང་ཡིན་པ་དེ་ནི་མཐོང་བ་དག་ཉིད་ལས་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །གཞན་གྱིས་མཐོང་བ་ནི་ནམ་ཡང་མ་མཐོང་བར། དེ་

เล่ม ๑๗๙ · หน้า 71a

ཇི་ལྟར་གཅིག་ཐ་སྙད་བྱེད། འདིར་ཕན་ཚུན་དབེན་པའི་དོན་སྣང་བ་ཉིད་ཡིན་ནོ། །འོན་ཏེ་འབྲས་བུ་དངོས་པོར་འགྱུར་བ་ཡིན་པ་དེས་ན། དེའི་རྗེས་སུ་འབྲངས་པ་ཉིད་ཀྱིས་འདི་ནི་གཅིག་གོ་ཞེས་བྱ་བ་རྟོགས་སོ་ཞེ་ན། དེ་ལྟ་ན་འོ་ན་མ་བརྗོད་པར་ཡང་རང་གིས་

རྟོགས་པའི་རྗེས་སུ་འབྲངས་ཏེ། གཞན་ལ་གནས་པ་ཡང་རྟོགས་པར་འགྱུར་རོ། །གལ་ཏེ་བདག་གིས་ཀྱང་འདི་ལྟར་རྟོགས་སོ་ཞེས་མི་བརྗོད་པར་ཡང་ངོ་། །གང་གི་ཚེ་མི་བདེན་བརྗོད་པ་དེའི་ཚེ་དོན་མེད་པར་ཇི་ལྟར་རྟོགས། དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེ་ན། འོ་ན་ནི་

དེའི་ཚེ་བློ་དོན་མེད་པ་ཅན་དུ་འགྱུར་རོ། །ཇི་ལྟར་གཞན་ལ་སྣང་བ་མེད་པར་གཞན་ལ་སྣང་བར་ངེས་པའི་བློར་འགྱུར་བ་དེ་བཞིན་དུ་དོན་སྣང་བ་མེད་པར་དོན་གྱི་རྣམ་པར་འགྱུར་བའི་ཕྱིར་ཤེས་པ་རྣམ་པ་དང་ལྡན་པར་གྲུབ་པོ། །གལ་ཏེ་ཡོངས་སུ་བརྟགས་པས་སམ། གནོད་པར་བྱེད་

པའི་ཚད་མའི་སྟོབས་ཀྱིས་དྲན་པ་ལ་སོགས་པའི་ཤེས་པ་འགའ་ཞིག་རྣམ་པ་དང་བཅས་པ་ཡིན་ཡང་ཐམས་ཅད་ཡིན་ནོ་ཞེས་བྱ་བར་ཇི་ལྟར་འགྱུར་ཞེ་ན། བཤད་པ། ཉམས་མྱོང་རྣམ་ཤེས་དེ་ཡང་ནི། །ཆ་གཉིས་ལ་ནི་བརྟེན་གྱུར་པ། །རྣམ་པ་གཅིག་གིས་ཁྱད་པར་ཅན། །དེ་ཤེས་

པ་ཡི་དམིགས་པར་འགྱུར། །དྲན་པའི་རང་བཞིན་མ་ཡིན་པ་སྔོན་པོ་ལ་སོགས་པའི་ཡུལ་ཅན་གྱི་ཉམས་སུ་མྱོང་བའི་རྣམ་པར་ཤེས་པ་ནི། དེའི་ཡུལ་ཅན་གྱི་ཤེས་པ་གཉིས་པ་དྲན་པའི་རང་བཞིན་གྱིས་དམིགས་པར་འགྱུར་ཏེ། རྗེས་སུ་འབྲང་བར་བྱེད་ཅིང་ངེས་པར་འཛིན་པར་བྱེད་

དོ། །ཇི་ལྟ་བུར་གྱུར་པ་ཞིག་གིས་ཤེ་ན། ཆ་གཉིས་པ་བརྟེན་པར་འགྱུར་བས་དེ་སྔོན་པོར་སྣང་བའི་ཤེས་པ་བྱུང་བར་གྱུར་ཏོ་ཞེས་བྱའོ། །དེ་ལྟ་བུར་གྱུར་པ་དེ་གཞན་དག་གིས་དོན་གྱིས་གོ་བའི་སྒོ་ནས་ངེས་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ལྟ་བུར་གྱུར་པ་འགའ་ཞིག་རྗེས་སུ་འབྲངས་པ་

ཡིན་ནོ། །དོན་གྱིས་གོ་བར་ནི་འཇིག་རྟེན་པ་འགའ་ལ་ཡང་སྐྱེ་བ་ཉིད་ཀྱང་མ་ཡིན་ནོ། །འཇིག་རྟེན་ན་གང་གིས་ན་དོན་མཐོང་བ་དེས་ན་ང་ལ་བློ་གཞན་ཡོད་དོ་ཞེས་འདི་ལྟར་རྟོགས་པ་ནི་མེད་དོ། །དོན་གྱིས་གོ་བ་དེ་ནི་བློའོ། །རང་བཞིན་རྟོགས་པར་བྱེད་མིན་ཏེ། །དེ་ཡི་རང་བཞིན་མ་རྟོགས་

เล่ม ๑๗๙ · หน้า 71b

པར། །རྟོགས་པར་བྱེད་པར་ནུས་མ་ཡིན། །གཟུགས་ལ་སོགས་པར་སྣང་བ་ལས་མ་གཏོགས་པའི་བློའི་རྣམ་པ་གཞན་ནི་འགའ་ཡང་དོན་གྱིས་གོ་འམ། གཞན་གྱིས་ངེས་པར་ནུས་པ་མ་ཡིན་ནོ། །རྟོགས་པའི་རང་བཞིན་དུ་ངེས་སོ་ཞེ་ན། རྟོགས་པའི་རང་བཞིན་དེ་ཉིད་མི་ཤེས་པ་

མ་ཡིན་ནམ། རྐྱེན་ཐ་དད་པས་ནི་ཁམས་ཀྱི་དོན་ཐ་དད་པར་འགྱུར་བ་མ་ཡིན་ནོ། །རྐྱེན་གྱི་དོན་ཡང་ཐ་དད་པ་མ་ཡིན་ཏེ། ཀྟེ་ན་དང་གྷ་ཉའི་དོན་ཐ་དད་པ་ཁས་མི་ལེན་པའི་ཕྱིར་རོ། །དོན་ཐ་དད་པ་ཅི་ལྟར་ངེས་དེ་འཆད་པ་ལ་འཇུག །དེའི་ཕྱིར་སྔོན་པོ་ལ་སོགས་པ་མ་གཏོགས་པ་དང་

བློ་ཞེས་བྱ་བ་རྟོགས་པ་མེད་དོ། །སྔོན་པོ་ལ་སོགས་པ་དེ་ཉིད་རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་གིས་དེ་སྐད་བརྗོད་པ་ཡིན་ཏེ། སྔོན་པོའི་བློའམ་སྔོན་པོའི་ཡུལ་ཅན་གྱི་བློ་ཞེའོ། །དེས་ན་སྔོན་པོའི་ཡུལ་ཅན་གྱི་བློ་ང་ལ་འབྱུང་ངོ་ཞེས་རྟོགས་པ་ཡང་དེའི་རྣམ་པ་ཉིད་རྗེས་སུ་

རྟོགས་པ་ཡིན་ནོ། །འདི་ལྟར། སྔོན་པོ་ལས་ནི་ཐ་དད་དུ། །སྔོན་པོའི་ཡུལ་ཅན་ཤེས་པ་ནི། །ཕྱི་མའི་ཤེས་པའི་མཐོང་མེད་དེ། །ཐ་དད་རྟོགས་པའི་བློས་སྤྲུལ་ཡིན། །གལ་ཏེ་སྔོན་པོ་ལ་སོགས་པའི་རང་བཞིན་ཉིད་བློ་ཞེས་ཐ་དད་པར་བསྙད་པ་ཡིན་ན། འོ་ན་ནི་སྔོན་པོ་ལ་སོགས་པ་

ཉིད་འབའ་ཞིག་ཏུ་ཟད་དོ། །བློ་ཞེས་བྱ་བ་ནི་མེད་པར་འགྱུར་ཏེ། དཔེར་ན་སྣམ་བུ་ལས་ཐ་དད་པའི་དཀར་པོ་ཉིད་ལ་སོགས་པ་བཞིན་ནོ། །དེས་ན་བློ་ཉིད་དོན་དམ་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །འདོད་པ་ནི་ཕྱི་རོལ་གྱི་དོན་དམ་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མི་

རུང་སྟེ། འདི་ལྟར། ལ་ལར་འགའ་ཞིག་ལ་བརྟེན་ནས། །འགའ་ཞིག་ཉིད་ནི་འགོག་པར་བྱེད། །ཚད་མས་གྲུབ་འགྱུར་གང་ཡིན་པ། །དེ་ལ་བརྟེན་ནས་གཞན་འགོག་འགྱུར། །གལ་ཏེ་དོན་ཚད་མས་གྲུབ་ནི་དེའི་ཚེ་དེ་ལས་མ་གཏོགས་པའི་བློ་གཞན་མེད་དོ་ཞེས་བློ་ཡོངས་སུ་དོར་

བར་བྱའོ། །དེ་སྟེ་བློ་ཚད་མས་གྲུབ་པ་ཡིན་ན། དེའི་ཚེ་ནི་དོར་བར་བྱ་བ་མ་ཡིན་ནོ། །དེ་ལ་རེ་ཞིག་དོན་ནི་བློས་རྣམ་པར་འཇོག་པའི་ཕྱིར་ན། དོན་དང་ལྡན་པས་ནི་བློ་དོར་བར་མི་ནུས་སོ། །བློ་དང་ལྡན་པས་ནི་དོན་གྱི་ཐབས་ཀྱིས་བློ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། རང་རིག་པས་གྲུབ་པའི་

เล่ม ๑๗๙ · หน้า 72a

ཕྱིར་རོ། །དེས་ན་དོན་མེད་ཀྱང་ཁས་བླངས་པར་ནུས་པ་ཉིད་དོ། །དེའི་ཕྱིར་བློ་ཁས་བླངས་ནས་དེ་ལས་གཞན་པའི་དོན་ཡོངས་སུ་དོར་བ་ཉིད་དོ། །འོན་ཏེ་དོན་ཡང་རང་རིག་པས་བསྒྲུབ་པ་ཡིན་ན། དེ་ལྟ་ན་དེ་མྱོང་བ་ཉིད་ཡིན་གྱི་དོན་ཐ་དད་པ་ནི་མ་ཡིན་ནོ། །དོན་ནི་མ་

མཐོང་ཡང་ཡོད་པ་ཡིན་པའི་ཕྱིར་མ་དམིགས་པས་དེ་དོན་དོར་བར་བྱ་བ་ཡིན་གྱི། བློ་ནི་དེ་ལྟ་མ་ཡིན་པས་དོར་བར་བྱ་བ་མ་ཡིན་ནོ། །གཞན་ཡང་དཀར་པོ་ལས་ནི་ཐ་དད་པའི། །རྫས་ནི་མེད་པར་རབ་བརྗོད་པའི། །དེ་བཞིན་བློ་ལས་མ་གཏོགས་པའི། །དོན་མེད་པར་ནི་རབ་ཏུ་བརྗོད། །

འདི་ལྟར། སྐད་ཅིག་ཉིད་སོགས་ཇི་ལྟར་ཡང་། །སྔོ་སོགས་ལས་ནི་གཞན་ཡོད་མིན། །དེ་ལྟར་ན་ཡང་སྐད་ཅིག་ཉིད། །དངོས་མེད་པར་ནི་གསལ་མ་ཡིན། །དེའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་ཉིད་བློ་ཡིན་ཏེ། བློ་གཞན་གྱིས་དེ་ལྟར་ངེས་པའི་ཕྱིར་རོ། །དེས་ན་ཆ་གཉིས་ཀ་

སྤངས་ནས་ནི་བློ་དམིགས་པ་མེད་པ་ཉིད་པས་ན། དེ་ཇི་ལྟར་རྣམ་པ་གཉིས་མ་ཡིན། །ཡང་ན་བློ་ནི་རྣམ་པ་གཅིག་གིས་ཁྱད་པར་ཅན་ཤེས་པ་གཉིས་པས་དམིགས་པར་འགྱུར་ཏེ། རྣམ་པ་གཅིག་གིས་དམིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་བུར་གྱུར་པའི་རྣམ་པ་གཅིག་གང་

གིས་ཤེ་ན། དེ་སྨྲས་པ་ནི་ཆ་གཉིས་པོ་ལ་ནི་རྟེན་གྱུར་པ་སྟེ་ཆ་གཉི་ག་ཁྱབ་པས་སོ། །དེ་ཉིད་ཀྱི་ཕྱིར་ཆ་གཉིས་སུ་རྟོགས་པ་ཡིན་ནོ། །དོན་དམ་པར་ནི་རྣམ་པ་གཉིས་པོ་དེ་དང་། རྣམ་པ་གཅིག་པོ་དེ་རྗེས་སུ་ཞུགས་པའི་ཕྱིར་ན་དེས་ཁྱབ་པ་ཡིན་ནོ། །རྣམ་པ་གཉིས་པོ་དེ་དག་ཀྱང་རྟོགས་པའི་

བདག་ཉིད་དང་སྔོན་པོའི་རྣམ་པའོ། །བཤད་པ་སྔ་མ་ནི་རྣམ་པ་གཅིག་གིས་ཁྱད་པར་ཅན་རྣམ་པ་གཅིག་གིས་ལྷག་པ་ཞེས་བྱ་བར་ཤེས་པར་བྱའོ། །གལ་ཏེ་རྣམ་པ་གཉིས་སུ་རྣམ་པར་གཞག་པ་དེ་ལྟ་བུ་ཡང་རྣམ་པ་གཉིས་ཉིད་ཇི་ལྟར་ཡིན་ཞེ་ན། འདི་ལ་བརྗོད་པ་ནི། གཞན་དུ་དེ་རྣམས་

ཅན་མིན་ན། །ཇི་ལྟར་ཤེས་ལ་གནས་པར་འགྱུར། །གལ་ཏེ་བདག་ཉིད་དེའི་རྣམ་པར་རང་རིག་པས་མ་མྱོང་ན་ནི་དེའི་ཚེ་ཤེས་པ་ལ་དེའི་རྣམ་པ་ཅན་དུ་དྲན་པས་གནས་པར་བྱེད། གནས་པར་བྱེད་པ་ནི་དེའི་རྣམ་པ་ཉིད་དུ་ཤེས་པར་བྱེད་པའོ། །དེར་རྣམ་པར་བྱེད་དོ་ཞེས་བྱ་བ་ག་ལས་ཤེ་ན། དེ་བཞིན་

เล่ม ๑๗๙ · หน้า 72b

ཉིད་དུ་རྟོགས་པའི་ཕྱིར་རོ། །འདི་ལྟར་ཕྱི་མ་ཕྱི་མ་ཡི། །ཤེས་པ་རྣམ་གཅིག་ལྷག་པ་ཉིད། །གདོན་མི་ཟ་བར་འདི་ལྟར་རྟོགས་པར་བྱ་སྟེ། འདི་ལྟར་ཕྱི་མ་ཕྱི་མ་དག་རྣམ་པ་རེ་རེས་ལྷག་པ་ལྷག་པར་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །འདི་ལྟར། སྔ་མས་ནི་སྔོན་པོ་འཛིན་ནོ། །དེའི་ཕྱི་

མས་ནི་སྔོན་པོ་ཤེས་པའོ། །དེའི་ཕྱི་མས་ནི་སྔོན་པོ་ཤེས་པ་ཤེས་པ་ཡིན་ལ། དེའི་ཕྱི་མས་ཀྱང་དེ་ལ་ལྷག་པའོ་ཞེས་ངེས་པ་ཡིན་ཏེ། དེས་ན་འདིས་གཞན་དུ་ནི་འགྱུར་བ་མ་ཡིན་ནོ། །འདི་ཉིད་དཔེས་སྟོན་པར་བྱེད་པ་ནི། །དོན་གྱི་ངོ་བོས་རྣམ་གཉིས་དང་། །བདག་གི་རྣམ་པ་འགའ་

ཞིག་ཏུ། །གཉིས་པ་དེ་ནི་གསུམ་པ་ཡི། །ཤེས་པ་ཡིས་ནི་རྟོགས་པར་འགྱུར། །ཤེས་པ་གཉིས་པ་ནི་རྣམ་པར་ཤེས་པ་སྔ་མའི་རྣམ་པ་གཉིས་དང་། རང་གི་རྣམ་པ་གསུམ་པས་རྟོགས་པར་འགྱུར་ལ། བཞི་པས་ནི་གསུམ་པོ་དེ་ཉིད་རྣམ་པ་གཅིག་གིས་ལྷག་པ་སྟེ། ཇི་ལྟར་བརྩི་བ་དང་།

དྲན་པར་ནུས་ཀྱི་བར་དུའོ། །འོན་ཏེ་གཉིས་པས་ཤེས་པ་འབའ་ཞིག་ཤེས་པ་ཡིན་ནོ། །དེ་ལ་ཤེས་པ་ནི་དོན་ལ་བྱེད་པ་ཡིན་པའི་ཕྱིར་དེ་དང་འབྲེལ་པ་ཡིན་ནོ། །དེས་ན་དེ་དྲན་པ་ན་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་དོན་དེ་ཡང་དྲན་པ་ཡིན་ཏེ། དེས་ན་གཞན་དུ་ཤེས་པ་དྲན་པར་མི་ནུས་པས་ན་

དེ་ལྟར་དྲན་པ་ཡིན་ནོ། །དེས་ན་དེ་ལ་བྱེད་པ་ཉིད་ཀྱིས་ན་འཁྲུལ་པས་དེའི་རྣམ་པའོ་ཞེས་བསྡོམས་པས། དེའི་རྣམ་པར་རྟོག་པ་ཡིན་ནོ་ཞེ་ན་འདི་ལ་བཤད་པ། དོན་འབྲས་ཉིད་ཀྱིས་ཤེས་དྲན་ན། །དོན་བྲལ་ཕྱིར་ན་འཁྲུལ་པ་ཡིས། །གལ་ཏེ་སྲེ་ན་སྣང་བ་དང་། །ཡིད་བྱེད་ལ་ཡང་དེ་འགྱུར་

རོ། །འཁྲུལ་པ་ཞེས་བྱ་བར་འབྲེལ་ཏོ། །གལ་ཏེ་ཤེས་པ་དོན་གྱི་འབྲས་བུ་ཉིད་དམ། ཡང་ན་དོན་ལ་བྱ་བ་བྱེད་པ་གང་ཡིན་པ་སྟེ། དེའི་ཕྱིར་ཤེས་པ་དྲན་པ་ན་གདོན་མི་ཟ་བར་དོན་དྲན་པར་འགྱུར་རོ། །དེས་ན་དེས་བློ་རྨོངས་པའི་རྒྱུད་ཅན་དག་དེ་ལྟར་རྟོགས་པར་འགྱུར་བ་ཡིན་ནོ་ཞེ་ན།

དེ་ལྟ་ན་ནི་འོ་ན་སྣང་བ་དང་ཡིད་ལ་བྱེད་པ་དག་ལ་ཡང་དེ་ལྟར་རྟོགས་པར་འགྱུར་རོ། །ཇི་ལྟར་རྣམ་པར་ཤེས་པ་ལ་ཡུལ་གྱི་འབྲས་བུ་ཡིན་པ་དེ་བཞིན་དུ་སྣང་བ་དང་ཡིད་ལ་བྱེད་པའི་འབྲས་བུ་ཡང་ཡིན་ནོ། །དེས་ན་གཉིས་ལ་ཡང་བསྡོམས་ནས་རྟོགས་པར་འགྱུར་ཏེ། འབྲས་བུ་ཉིད་དུ་ནི་ཁྱད་

เล่ม ๑๗๙ · หน้า 73a

པར་འགའ་ཡང་མེད་དོ། །འོན་ཏེ་ཡུལ་ལ་བྱེད་པ་ཡིན་པའི་ཕྱིར་དེ་སྡོམ་པ་ཡིན་གྱི་ཡིད་ལ་བྱེད་པ་ནི་མ་ཡིན་ཏེ། དེ་ལ་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་དེའི་ཚེ་སྣང་བ་ལ་ཡང་བྱེད་པར་མཚུངས་པ་ཡིན་ཏེ་སྣང་བ་མེད་པར་ནི་གཟུགས་ལ་བྱེད་པ་མ་ཡིན་པའི་ཕྱིར་རོ། །

དེས་ན་དེ་ནི་མི་རུང་ངོ་། །དེས་ན་ཇི་ལྟར་སྣང་བ་སྣང་ངོ་ཞེས་བྱ་བར་མི་འགྱུར་བ་དེ་བཞིན་དུ་གཟུགས་སྣང་ངོ་ཞེས་བྱ་བར་མི་འགྱུར་རོ། །འོན་ཏེ་སྣང་བ་ནི་ཡུལ་གྱི་ཁོངས་སུ་འདུ་བའི་ཕྱིར་གཟུགས་སྣང་བར་ངེས་པ་ཉིད་ཀྱིས་རྟོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྣང་བ་ནི་གསལ་བྱེད་ཡིན་པ་

ཉིད་ཀྱིས་ན་ཡུལ་མ་ཡིན་པའི་ཕྱིར་ཇི་ལྟར་དེ་ལ་བྱེད་པ་ཡིན། འོན་ཏེ་སྣང་བ་གསལ་བྱེད་ཡིན་ཡང་གཟུགས་ལ་ངེས་པའི་ཕྱིར་གཟུགས་ཉིད་དུ་གྱུར་པ་དེས་ན་ཡུལ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་གསལ་བར་བྱེད་པའི་ཤེས་པ་ཡང་གཟུགས་ལ་འཇུག་པའི་ཕྱིར་གཟུགས་ཉིད་ཡིན་པས་སྣང་

བ་རྣམ་པ་དང་བཅས་པ་བཞིན་དུ་རྣམ་པར་ཤེས་པ་ཡང་རྣམ་པ་དང་བཅས་པར་འགྱུར་རོ། །ཇི་ལྟར་གཟུགས་མེད་པར་སྣང་བ་གཟུང་བར་མི་ནུས་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་ཡིན་ནོ། །གཟུགས་ལ་སོགས་པའི་གསལ་བྱ་མེད་པར་ནི་འགས་ཀྱང་རྣམ་པར་ཤེས་པའི་ཞེས་བྱ་

བ་ཡོད་པར་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པའི་རྣམ་པ་ཉིད་རྣམ་པར་ཤེས་པ་ཡིན་ནོ། །འབྲས་བུ་ཉིད་ཀྱིས་དེ་ལྟར་རྟོགས་ན་ཡང་། །དེ་བཞིན་འབྲས་བུ་ཐམས་ཅད་ཀྱང་། །རྒྱུ་དང་ལྷན་ཅིག་འཛིན་པར་འགྱུར། །དེའི་ཕྱིར་རྫ་མཁན་ལ་སོགས་པ། །མེད་པར་

བུམ་པ་དྲན་མི་འགྱུར། །རང་གི་རྒྱུས་དབེན་པར་དྲན་པར་མི་འགྱུར་རོ། །འོན་ཏེ་གང་གིས་ཤེས་པ་དྲན་པ་ན་དོན་དྲན་པར་འགྱུར་བའམ། ཤེས་པ་འཛིན་པ་ན་དོན་འཛིན་པར་འགྱུར་བ་ཤེས་པ་དོན་གྱིས་བྱས་པའི་ཁྱད་པར་འགའ་ཞིག་ཡོད་པ་ཡིན་པས་ན་ཤེས་པ་འགའ་ཞིག་དྲན་པའམ་

འཛིན་པ་མ་ཡིན་ནོ། །བུམ་པ་ལ་སོགས་པ་དང་། རྫ་མཁན་ལ་སོགས་པ་ནི་འབའ་ཞིག་པར་ཡང་འཛིན་པ་ཡིན་ནོ་ཞེ་ན་དེ་ཡང་རང་གི་ཕྱོགས་ལ་གནོད་པར་འགྱུར་རོ། །འདི་ལྟར། ཁྱད་པར་གང་ལས་ཤེས་པ་ནི། །དོན་དང་འདྲེ་བ་བརྟེན་པ་སྟེ། །འདྲ་བ་ལས་གཞན་ཅིར་འགྱུར་ཏེ། །

เล่ม ๑๗๙ · หน้า 73b

མཚེ་མ་ལ་སོགས་མཐོང་ཕྱིར་རོ། །གལ་ཏེ་རྣམ་པར་ཤེས་པ་དེ་དོན་གྱི་རྣམ་པ་ཅན་ཉིད་མ་ཡིན་པ་དེའི་ཚེ་རྣམ་པར་ཤེས་པ་དོན་འཛིན་པ་དང་། ལྷན་ཅིག་ཏུ་འཛིན་པ་དང་། དྲན་པ་ཞེས་བྱ་བའི་ངེས་པ་འདི་ཅི་ཞིག་ཡོད། དོན་དེ་ནང་དུ་ཆུད་པ་ཡིན་ན་ནི་ངེས་པར་ད་འཛིན་པ་ཉིད་ཀྱིས་འཛིན་པ།

ཡིན་པའི་ཕྱིར་ངེས་པར་འགྱུར་རོ། །དེའི་ཕྱིར་དོན་དང་འདྲ་བའི་རྣམ་པར་ཤེས་པ་ཉིད་དོན་འཛིན་པ་མེད་པར་མི་འཛིན་པ་དང་། དེ་དྲན་པ་མེད་པར་མི་དྲན་པ་ཡིན་ནོ། །མཚེ་མ་དག་ལས་གཅིག་བཟུང་ན། །དེ་ལས་གཞན་སྣང་བ་དང་། དེ་ཉིད་འདིའོ་ཞེས་དྲན་པར་མཐོང་བ་ཡིན་ལ།

སྔོན་པོའི་ཤིང་གི་རྣམ་པ་ཉིད་ཀྱིས་ཤིང་བཟུང་བར་མངོན་པར་རློམ་པ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་དང་པོ་གཉི་གའི་རང་བཞིན་མ་ཡིན་ཏེ། འཛིན་པའི་རྣམ་པ་འབའ་ཞིག་དུ་ཟད་ན་དེ་གཉིས་པ་ཡང་དེ་བཞིན་དུ་འགྱུར་རོ། །དེའི་ཚེ། དང་པོ་རང་བཞིན་གཉིས་ཡིན་ན། །གཉིས་

པ་རང་བཞིན་གཅིག་ལ་ནི། །རྣམ་གནས་ངེས་པར་འཛིན་པ་ཡི། །སེམས་ཀྱིས་འབྱེད་པར་འགྱུར་མ་ཡིན། །ངེས་པར་འཛིན་པའི་སེམས་ཀྱིས་ཏེ། །གཉིས་པ་ངེས་པར་འཛིན་པའི་སེམས་ཀྱིས་གཉིས་པ་དང་པོ་ལས་ཐ་དད་པར་རྣམ་པར་འཇོག་པར་མི་འགྱུར་རོ། །གང་གི་ཕྱིར་དེ་ཡང་དེའི་

ཚེ་ཉམས་སུ་མྱོང་བ་དང་པོའི་རང་བཞིན་དུ་འགྱུར་བ་ན། རང་བཞིན་གཅིག་ཉིད་ལས་རྣམ་པར་གནས་པར་འགྱུར་ཏེ། འཛིན་པའི་རྣམ་པ་འབའ་ཞིག་གོ་ཞེས་བྱ་བའི་དོན་ཏེ་དེས་ན་གང་ལས་ཐ་དད་པར་ངེས་དེས་ན་རྣམ་པར་ཤེས་པ་ནི་ཡུལ་གྱི་རྣམ་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ན། དེ་ཕྱིར་སྔོ་

སོགས་ངོ་བོ་རུ། །མདུན་ན་གནས་པར་གྱུར་པའི་བློ། །དོན་སྲེ་བ་དང་འབྲེལ་པ་ཅན། །བློ་གཉིས་པས་ནི་དམིགས་པར་འགྱུར། །དོན་གྱི་རྣམ་པ་ཅན་ཡིན་པ་དེའི་ཕྱིར་བློ་སྔ་མ་བློ་གཉིས་པས་མདུན་དུ་དམིགས་པར་འགྱུར་རོ། །དོན་སྲེ་བ་དང་འབྲེལ་པས་ན་དོན་སྲེ་བ་དང་འབྲེལ་པ་

ཅན་ཏེ། འབྲེལ་པས་ན་འབྲེལ་པའམ། འདི་དོན་སྲེ་བས་འབྲེལ་པར་འགྱུར་བའི་ཕྱིར་འབྲེལ་བའོ། །བློ་དེ་བློ་གཉིས་པས་དམིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེའི་རྣམ་པར་གྱུར་ན་ནི་འབའ་ཞིག་ཀྱང་དམིགས་པར་འགྱུར་རོ། །གལ་ཏེ་འབའ་ཞིག་ཀྱང་དམིགས་པ་མ་ཡིན་ནམ།

เล่ม ๑๗๙ · หน้า 74a

འདི་ལྟར། དེའི་ཚེ་བདག་གིས་ཅི་ཞིག་མཐོང་བ་མི་ཤེས་སོ་ཞེས་འཛིན་པར་བྱེད་པ་ཉིད་དྲན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། གཟུང་ལ་ཐེ་ཚོམ་ཟ་ཕྱིར་དེར། །འཛིན་པ་ལ་ཡང་ཐེ་ཚོམ་ཟ། །འཛིན་པ་དེར་ནི་སྤྱིར་ངེས་ན། །ཚུལ་འདི་གཟུང་བ་ལ་ཡང་མཚུངས། །

འཛིན་པ་སྤྱིར་དྲན་ན་ཚུལ་འདི་ནི་གཟུང་བ་ལ་ཡང་མཚུངས་སོ། །འདི་ལྟར། བདག་གིས་ཅི་ཞིག་མཐོང་ངོ་ཞེས་མཐོང་བ་སྤྱིའི་རྣམ་པར་དྲན་པ་ཡིན་ནོ། །གལ་ཏེ་གཟུང་བའི་བྱ་བ་དང་བྲལ་བ་འཛིན་པར་བྱེད་པའི་རང་གི་ངོ་བོ་ཉིད་དྲན་པ་ཡིན་ན་ནི་དེའི་ཚེ་དེའི་རང་བཞིན་ནི་དེ་ཉིད་ཡིན་

པས་ན། གཟུང་བ་ཉེ་བར་མི་གནས་ན་གཞན་ཉིད་དུ་གྱུར་པ་ཡིན་ནོ། །དེས་ན་དེ་འཛིན་པར་བྱེད་པ་མ་ཡིན་པའི་རང་བཞིན་གཞན་གྱིས་ཕྱིས་དྲན་པ་དེ་ལྟ་བུ་ཉིད་འཛིན་པར་བྱེད་པ་ཇི་ལྟར་ཡིན། ཅི་སྟེ་དེ་ཁོ་ན་ལྟར་དྲན་ན་གཟུང་བ་དང་ལྡན་པ་ཉིད་རང་བཞིན་ཡིན་པས་དེའི་ཚེ་ཇི་ལྟར་འབའ་

ཞིག་དྲན། དེའི་ཕྱིར་དེ་སྣང་བ་ཉིད་འདི་ནི་རང་བཞིན་ཡིན་པས་རྣམ་པར་དབྱེ་བས་མི་ནུས་པའི་ཕྱིར་གཟུགས་ལ་སོགས་པའི་བདག་ཉིད་གཅིག་ཉིད་དོ། །གལ་ཏེ་རྣམ་པར་ཤེས་པ་རང་བཞིན་གཉིས་པ་མ་ཡིན་ན་དེའི་ཚེ་དང་པོ་ཉིད་སྔོན་པོའི་རྣམ་པར་འགྱུར་གྱི་ཕྱི་མ་ཕྱི་མ་ནི་མ་ཡིན་ནོ། །དེ་

སྐད་དུ་ཡང་སློབ་དཔོན་གྱི་ཤེས་པ་ཕྱི་མ་ཕྱི་མ་ལ་ཡང་སྔ་མ་སྔ་མའི་ཡུལ་སྣང་བར་ཡང་མི་འགྱུར་ཏེ། དེ་ནི་དེའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །གང་གི་ཕྱིར། གཞན་དུ་དང་པོ་གཅིག་པུ་ཉིད། །དོན་ལས་བྱུང་ཕྱིར་འབྲེལ་འགྱུར་གྱི། །སྔ་མའི་དོན་དང་འབྲེལ་མཐོང་མེད། །

ཤེས་པ་ཕྱི་མ་ཕྱི་མ་མིན། །ཕྱི་མ་ཕྱི་མའི་བདག་ཉིད་ཀྱི་ཤེས་པ་ནི། ཤེས་པ་སྔ་མ་ཡུལ་གྱི་ཡུལ་ཅན་ཉིད་མ་ཡིན་ནོ། །ཡུལ་མ་ཡིན་པ་ཡང་ཇི་ལྟར་དམིགས་པར་འགྱུར། གལ་ཏེ་དང་པོའི་དོན་གྱི་རྣམ་པར་གྱུར་པ་ཉིད་ཡིན་པས་དེའི་ཚེ་ནི་དེ་ལས་གྱུར་པ་གཉིས་པ་ཡང་དེའི་དོན་གྱི་རྣམ་པ་

མྱོང་བའི་རྣམ་པ་ཉིད་ཡིན་ནོ། །འདི་ལྟར། དེའི་ཚེ་རྣམ་ཅན་ཤེས་པ་ལས། །ཤེས་པའི་ཤེས་པ་སྐྱེས་པ་ན། །དེ་ཡི་རྣམ་པར་ལྡན་གྱུར་ཏེ། །ཐག་རིང་ཤིང་ལས་འབྱུང་ཇི་ལྟར། །འོན་ཏེ་ཤེས་པ་འབའ་ཞིག་དྲན་པར་མི་ནུས་པས་དོན་དང་ལྷན་ཅིག་པ་ཉིད་དྲན་པ་ཡིན་ཏེ། དེ་ལ་བྱེད་པའི་

เล่ม ๑๗๙ · หน้า 74b

མཚན་ཉིད་དེ་གནས་པ་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དོན་དང་བཅས་པ་དྲན་པ་ཡིན་ནོ། །བུམ་པ་ལ་སོགས་པ་འབའ་ཞིག་པ་ཡང་རང་བཞིན་ཉིད་ཡིན་ཏེ། རྫ་མཁན་ལ་སོགས་པ་དང་ལྷན་ཅིག་པ་ཉིད་ནི་མ་ཡིན་ཏེ། ཡུལ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་ཉིད་དུ་དམིགས་པ་

ཡིན་ཏེ། དེས་ན་དེ་ལྟ་བུར་གྱུར་པ་ཉིད་དུ་དྲན་པ་ཡིན་གྱི། བུམ་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་རུང་བ་མ་ཡིན་ཏེ། འདི་ལྟར། གཉིས་དག་ལྷན་ཅིག་བཟུང་ན་ནི། །ལྷན་ཅིག་ཅེས་བྱར་རིགས་འགྱུར་ན། །སྔོན་པོའི་རྣམ་པ་ལས་གཞན་པའི། །ཤེས་པ་ངེས་པར་རྟོགས་པ་མེད། །བདེ་

བ་ལ་སོགས་ངོ་བོར་ན། །འདི་ཉིད་ཁྱེད་ལ་འགྲུབ་མ་ཡིན། །བདེ་བ་ལ་སོགས་པའི་རང་བཞིན་རྣམ་པར་ཤེས་པ་ཡིན་ནོ་ཞེས་བྱ་བར་ནི་ཁྱེད་ལ་གྲུབ་པ་མ་ཡིན་ཏེ། བདེ་བ་ལ་སོགས་པ་དག་ནི་ཡུལ་ཡིན་པའི་ཕྱིར་རོ། །ཇི་ལྟར་བདེ་བ་ལ་སོགས་པ་ལས་ཐ་དད་པར་རྣམ་པར་ཤེས་པ་གཞན་མེད་པ་

དེ་བཞིན་དུ། སྔོན་པོ་ལ་སོགས་པ་ལས་ཐ་དད་པར་ཡང་ངོ་། །སྔོན་པོ་ལ་སོགས་པ་ནི་ཕྱི་རོལ་གྱི་ཡུལ་ན་གནས་པའི་གཞལ་བྱ་ཉིད་དོ་ཞེ་ན་མ་ཡིན་ཏེ། བདེ་བ་ལ་སོགས་པ་ཕྱི་རོལ་མ་ཡིན་ཡང་གཞལ་བྱ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གཉི་ག་མྱོང་བ་ལས་ཕྱི་དང་ནང་ཞེས་བྱ་བར་ནི་དོན་དམ་

པར་མི་འཐད་དོ། །བདེ་བ་ལ་སོགས་པ་ནི་སྔོན་པོ་ལ་སོགས་པའི་འཛིན་པར་བྱེད་པ་མ་ཡིན་ཏེ། དེ་མེད་ཀྱང་དེ་བཞིན་ཉིད་དུ་སྣང་བའི་ཕྱིར་རོ། །གང་ཞིག་གང་མེད་པར་ཡང་འགྱུར་བ་དེ་ནི་དེས་བྱས་པ་མ་ཡིན་ནོ། །སྔོན་པོ་ལ་སོགས་པ་ནི་བདེ་བ་ལ་སོགས་པ་མེད་ཀྱང་འཛིན་པར་འགྱུར་བ་

ཡིན་ནོ། །དེས་ན་སྔོན་པོ་ལ་སོགས་པ་འཛིན་པ་ནི་རང་གི་ངོ་བོའི་ཁྱད་པར་གྱིས་བྱས་པ་ཉིད་དེ། དེ་མེད་པར་ཡོད་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་སྔོན་པོ་ལ་སོགས་པ་ལྐོག་ཏུ་མ་གྱུར་པ་མེད་པར་ནི་སྔོན་པོ་ལ་སོགས་པ་འཛིན་པར་བྱེད་པ་མ་གཏོགས་པའི་ཕྱིར་ན། ཉམས་སུ་མྱོང་

བ་དང་སྔོན་པོ་ལ་སོགས་པའི་རྣམ་པས་རྣམ་པ་གཉིས་པ་ཉིད་དུ་གྲུབ་པ་ཡིན་ནོ། །གཞན་ཡང་འཛིན་པའི་རྣམ་པ་གཞན་དུ་གྱུར་པ་དེ་ལྟ་ན་ཡང་། ངེས་པར་བློ་དང་ལྷན་ཅིག་ཏེ། །ཅིག་ཅར་དུ་ནི་མྱོང་གྱུར་ཕྱིར། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ན་གྲུབ་པར་འགྱུར། །སྔོན་པོ་ལ་

เล่ม ๑๗๙ · หน้า 75a

སོགས་པའི་ཡུལ་ནི་བློ་དང་ལྷན་ཅིག་དུས་གཅིག་ཉིད་དུ་མྱོང་བ་ཡིན་ཏེ། བློ་དང་ལྷན་ཅིག་ཡིན་གྱི་སོ་སོར་ནི་མ་ཡིན་ནོ། །དེས་ན་རིག་པ་ལས་བློ་གཞན་ཡིན་ནོ་ཞེས་བྱ་བར་ཇི་ལྟར་འགྱུར། དེ་ལྟ་བུར་གྱུར་པ་ཉིད་མྱོང་བ་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། རྣམ་པར་དབྱེ་བར་མི་

ནུས་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །ཐ་དད་པར་སྣང་བ་ཡིན་ནོ་ཞེ་ན། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །དཔེར་ན་ཟླ་བ་གཉིས་མཐོང་བས་ཟླ་བ་གཅིག་ཉིད་ལས་ཐ་དད་པར་མཐོང་བ་དེ་བཞིན་དུ་རྣམ་པར་ཤེས་པའི་བདག་ཉིད་ལ་ཡང་གལ་ཏེ་ཡུལ་གཅིག་

ལ་ཡང་ཐ་དད་པར་མཐོང་བར་རིགས་ཏེ། རྣམ་པར་ཤེས་པའི་རྣམ་པ་ཐ་དད་པའི་ཕྱིར་རོ། །དེ་བདག་ཉིད་ལ་གོ་ཇི་ལྟར། །དེ་ཉིད་ནི་གཞན་དུ་འགྱུར་བ་མ་ཡིན་ནོ། །ཇི་ལྟར་རང་གི་ངོ་བོ་དེ་ཉིད་ཀྱིས་གཞན་གྱི་ངོ་བོ་རྟོགས་ཏེ། དེ་མ་རྟོགས་པར་ཐལ་བའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་

གལ་ཏེ་རང་གི་ངོ་བོ་ནི། །གཞན་དུ་རྟོགས་པར་ནུས་མིན་ན། །དེ་ལྟ་ན་ནི་གཞན་གྱི་ནི། །ངོ་བོ་ཤིན་ཏུ་ནུས་མ་ཡིན། །གལ་ཏེ་རང་གི་ངོ་བོ་གཞན་དུ་རྟོགས་པར་མི་ནུས་ན། གཞན་གྱི་ངོ་བོ་ནི་རང་གི་ངོ་བོ་ཉིད་དུ་ཡང་རྟོགས་པར་མི་ནུས་པའི་ཕྱིར། རང་གི་ངོ་བོ་བཞིན་དུ་གཞན་གྱི་ངོ་བོ་ཡང་མི་ནུས་

པ་ཉིད་དོ་ཞེས་བྱ་བར་འགྱུར་རོ། །དེས་ན་དོན་འདི་ཡིན་ཏེ། ཤེས་པ་རང་རིག་ཡིན་ན་རང་གི་ངོ་བོར་ཐ་དད་པར་རྟོགས་པར་ནུས་པ་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་གཅིག་ཉིད་རྣམ་པ་སྣ་ཚོགས་པ་ཡིན་པར་འགྱུར་ན་ནི། རང་རིག་པས་རྟོགས་པར་ནུས་པ་ཡིན་ཏེ། གཞན་དུ་མི་འཐད་པའི་ཕྱིར་

རོ། །དེས་ན་ཟླ་བ་གཉིས་སུ་མཐོང་བ་ཡང་གལ་ཏེ་གཅིག་ཉིད་མ་ཡིན་ན། དེ་རྟོགས་པར་ནུས་པ་མ་ཡིན་ཏེ། རང་དང་གཞན་དག་གིས་རྟོགས་པར་མི་ནུས་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་དེའི་དུས་ཕྱིས་བྱུང་བའི་རྣམ་པར་རྟོག་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཟླ་བ་གཉིས་

ཐ་དད་པར་བཏགས་པ་ཡིན་གྱི། མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་ནོ། །དེ་ན་འདི་ཉིད་ནི། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །ཞེས་བྱ་བས་བསྟན་པ་ཡིན་ནོ། །ཟླ་བ་གཉིས་སུ་མངོན་པར་འདོད་པ་ཉིད་གཉིས་མེད་པ་ཡིན་ཏེ། རྣམ་པར་ཤེས་པ་གཅིག་

เล่ม ๑๗๙ · หน้า 75b

གི་ཁོངས་སུ་འདུས་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་ལྷན་ཅིག་མཐོང་བའི་སྔོན་པོ་དང་སེར་པོ་དག་ཀྱང་སྣ་ཚོགས་ཀྱི་རྣམ་པ་གཅིག་ཏུ་ཁས་བླང་བར་བྱ་བར་འགྱུར་རོ་ཞེ་ན། དེ་ནི་དེ་བཞིན་ཏེ། མྱོང་བའི་རང་བཞིན་རྣམ་པ་སྣ་ཚོགས་པ་ཅན་ནི་དེར་ཡང་གཅིག་ཡིན་པའི་ཕྱིར་རོ། །གལ་ཏེ་ཐ་དད་

པར་འདོད་ན་ནི། དེའི་ཚེ་འདི་ལྟར་ཁས་བླང་བར་བྱ་སྟེ། སྔོ་སེར་ཐ་དད་དག་ལ་ནི། །མྱོང་བ་ངེས་པ་ཡོད་མ་ཡིན། །ཐ་དད་པའི་རྒྱུ་ནི་འདི་ཁོ་ན་སྟེ། འདི་ལྟ་སྟེ། གྲུབ་པ་དང་བདེ་བ་ཐ་དད་པ་ཉིད་དོ། །ཟླ་བ་གཉིས་སྣང་བ་ལ་ནི་གྲུབ་པ་དང་བདེ་བ་ཐ་དད་པ་ཉིད་མེད་པའི་ཕྱིར་ན་གཅིག་ཁོ་ནའོ། །

གལ་ཏེ་འགལ་བའི་ཆོས་གནས་པའི་ཕྱིར་ཇི་ལྟར་གཅིག་ཉིད་ཡིན། ཐ་དད་པ་ནི་འདི་ཉིད་ན་འགལ་བའི་ཆོས་གནས་པ་ཞེས་བྱ་བ་གང་ཡིན་པའོ། །འདི་ལ་འགལ་བ་ཡང་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྣམ་པ་དེ་ལྟའི་འགལ་བ་ནི། །རྟག་པ་

དང་ནི་ཅིག་ཤོས་ཉིད། །རྟོགས་པས་རྗེས་སུ་ཞུགས་པས་ན། །གཉིས་པ་འགལ་བ་ཡོད་མ་ཡིན། །དེ་དག་ནི་རྟོགས་པ་རྗེས་སུ་ཞུགས་པ་ཉིད་ཀྱིས་འགལ་བ་མ་ཡིན་ནོ། །དེའི་རང་བཞིན་ནི་འདི་ཁོ་ན་སྟེ། རྣམ་པ་དབྱེ་བ་མེད་པ་ཞེས་བྱ་བ་གང་ཡིན་པའོ། །དེ་ཉིད་དེ་དང་འགལ་བ་ནི་མ་ཡིན་

ནོ། །དེས་ན་གཅིག་པོ་དེ་ཉིད་རྣམ་པ་གཉིས་སོ་ཞེས་རྟོགས་པས་རྗེས་སུ་འགྲོ་བ་དང་། ལྡོག་པ་དང་བརྗོད་པ་ཡིན་ནོ། །རྗེས་སུ་འགྲོ་ལྡོག་གི་དངོས་པོ་དེ་ཉིད་དོན་དམ་པར་ཡོད་པ་མ་ཡིན་ཞེས་སྟོན་པ་ནི། མྱོང་བ་མེད་པར་དོན་འགའ་འམ། །དོན་མེད་པ་ཡི་མྱོང་བ་འམ། །མྱོང་བར་འགྱུར་བ་མ་

མཐོང་བ། །དེས་ན་དེ་དག་ཐ་དད་མིན། །རྗེས་སུ་འགྲོ་ལྡོག་མེད་པའི་ཕྱིར་སྔོན་པོ་དང་མྱོང་བ་གཅིག་ཉིད་ཡིན་ཏེ། ཕན་ཚུན་ལྡོག་པ་མ་མཐོང་བའི་ཕྱིར་རོ། །འདི་ལྟར། དོན་མེད་པ་ཡི་མྱོང་བ་དང་། །མྱོང་བ་མེད་པའི་དོན་མཐོང་མེད། །དེས་ན་རྟག་ཏུ་མི་འབྲལ་ཕྱིར། །དོན་མྱོང་དེ་ནི་གཅིག་པ་ཉིད། །

ཐ་དད་པར་ནི་ཉེར་སྦྱོར་ཕྱིར། །ཐ་དད་རིག་པ་ཐ་དད་འདོད། །གལ་ཏེ་དེ་མེད་དེ་ཡི་ཕྱིར། །ཐ་དད་མི་དད་དབྱེར་ཅི་ཡོད། །དེས་ན་འདིར་ཕ་རོལ་པོས་ཐ་དད་པ་ཞེས་བྱ་བའི་མིང་ཙམ་ཞིག་གདགས་པར་བྱ་བ་ཡིན་པས་གཞན་ལ་ཆད་པ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་ལ་ལ་བླང་བྱ་དང་དོར་བྱའི་

เล่ม ๑๗๙ · หน้า 76a

རྣམ་པར་དབྱེ་བ་མེད་ན་འདི་འདྲ་བའི་ཐ་དད་པས་ཅི་བྱ། འོ་ན་ཇི་ལྟར་སྔོན་པོ་འོན་ཅིག་ཅེས་བྱ་བས་སེར་པོ་ཁྱེར་ཏེ་འོང་བར་མི་བྱེད་ཅེ་ན། དེའི་ཚེ་སེར་པོ་དེ་མི་སྣང་བ་ཉིད་དེ་དེས་ན་ཁྱེར་ཏེ་འོང་བ་མ་ཡིན་ནོ། །འབྲལ་བ་མེད་པའི་སྔོན་པོ་གང་ཡིན་པ་དེ་ནི་མ་བརྗོད་པ་ཁོ་ནའོ། །

མི་འབྲལ་བ་ཉིད་ནི་ཤེས་པ་ལས་གནས་པ་ཡིན་པས་དེ་ནི་གཞན་དུ་ཁྱེར་ཏེ་འོང་བར་ནུས་པ་མ་ཡིན་ནོ། །ཐ་དད་པའི་ཐ་སྙད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཡིན་པས་ན་དེ་ཁོ་ན་ཉིད་ལས་གྱུར་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་ཤེས་དུས་སྣང་བ་ཡི། །དོན་ནི་ཤེས་ལས་གཞན་

མིན་པ། །བཟློག་པར་རབ་ཏུ་དཀའ་བ་ཉིད། །གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་དོན་ཤེས་པ་དང་གཅིག་ཉིད་ནི་བཟློག་པར་དཀའ་བ་ཡིན་ནོ། །བཟློག་པར་མི་ནུས་པའི་ཕྱིར་ན་ཤེས་པ་རྣམ་པ་དང་བཅས་པ་ཞེས་བྱ་བར་ཐུབ་པོ། །དེ་ལྟ་ན་ནི་ཤེས་པ་འབའ་ཞིག་སྣང་བ་ཡིན་གྱི་དོན་མ་ཡིན་

ནོ། །དེ་མཐོང་ན་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་གཉིས་མྱོང་བ་ཡིན་ལ། དེ་ཡང་ཤེས་པའི་དུས་སུ་སྣང་བས་ཡང་དོན་མཐོང་བ་མ་ཡིན་པའི་ཕྱིར་རོ། །རྣམ་པ་གཞན་འཇོག་པར་འགྱུར་བས་ཐུག་པ་མེད་པར་འགྱུར་བའི་ཕྱིར་ན་འཆོལ་བར་འགྱུར་རོ་ཞེ་ན། འདི་ལ་ལན་དུ་ཐ་དད་རྒྱུ་ནི་རྗེས་

དཔག་འགྱུར། །སྔོན་པོའི་རྣམ་པ་མཐོང་བ་དང་ལྡན་པ་དག་འདི་ལ་རྒྱུ་འགའ་ཡོད་པར་འགྱུར་རོ་ཞེས་དེ་དང་མཐུན་པའི་རྗེས་སུ་དཔག་པ་ཡིན་གྱི་དངོས་སུ་འདི་རྟོགས་པའི་ཡུལ་དུ་གྱུར་པ་ནི་མ་ཡིན་ཏེ། སྔར་བརྗོད་པའི་སྐྱོན་ཡོད་པའི་ཕྱིར་རོ། །གཏན་མཐོང་བ་མེད་པ་ནི་ཇི་ལྟར་རྗེས་སུ་དཔོག་

ཅེ་ན། དེ་ལ་བཤད་པ། རྒྱུ་གཞན་དག་ནི་ཡོད་ན་ཡང་། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཕྱིར་མཐོང་བ་ཡི་རྗེས་དཔག་ནི། །ལྡོག་པ་ཙམ་ལས་འཇུག་པ་ཡིན། །འདི་ལྟར་མིག་དང་རྣ་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཡོད་ཀྱང་ཀ་བས་སྟོང་པར་འདོད་པའི་ཕྱོགས་སུ་ཀ་བར་སྣང་བའི་

མིག་གི་རྣམ་པར་ཤེས་པ་མི་འབྱུང་ལ། གཞན་དུ་ནི་མོད་ཉིད་ལ་འབྱུང་བར་འགྱུར་རོ། །དེས་ན་འདིར་གང་ཞིག་མ་ཚང་བས་གཞན་དུག་དང་མི་འབྱུང་བའི་དངོས་པོ་འགའ་ཞིག་ཡོད་པར་འགྱུར་བ་ཡིན་ནོ་ཞེས་བྱ་བར་ཤེས་པ་ཡིན་ནོ། །ཕྱི་རོལ་གྱི་གཞལ་བྱ་དེ་ལྟ་བུར་གྱུར་པའི་དོན་དེ་ནི་མཐོང་བའི་ཁྱད་

เล่ม ๑๗๙ · หน้า 76b

པར་དང་བྲལ་བའི་དོན་ཉིད་དུ་ཤེས་པ་ཡིན་ནོ། །འོ་ན་དེ་ཇི་ལྟར་མངོན་སུམ་གྱི་ཡུལ་ཡིན་ཞེ་ན། དེའི་རྣམ་པ་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །རྟེན་གཞན་མི་སླུ་བའི་ཕྱིར་ཉེ་བར་བརྟགས་ནས་ཡུལ་དུ་གྱུར་པ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་ཕྱིའི་དོན་ཉིད་དང་གཞལ་བྱ་ཡིན་གྱི་རིག་པ་ཙམ་ནི་

མ་ཡིན་ནོ་ཞེ་ན། འདིར་གནས་པའི་ཕྱོགས་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་པར་མི་སྨྲ་ནའོ། །ཅི་རྣམ་པའི་ཁྱད་པར་སྐྱེད་པར་བྱེད་པའི་དོན་གཞན་བརྟག་པར་བྱ་བ་ཡིན་ནམ། འོན་ཏེ་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་ཀྱི་ཁྱད་པར་འགའ་ཞིག་ཡིན།

དེ་ལ་གཏན་མཐོང་བ་མེད་པའི་དོན་རྟོགས་པ་ནི་ལེགས་པ་མ་ཡིན་ཏེ། རྟེན་གཞན་མེད་པར་དེ་ལྟར་རྟོགས་པ་ཡིན་ནོ། །གང་གི་ཚེ་སྔོན་དུ་སྣང་བ་སྔོན་གྱིས་མཐོང་བའི་མཐུ་ཉིད་ལས་རྣམ་པ་འདི་སྐྱེས་པ་དེའི་ཚེ་ནི་གཞན་དུ་རྟོགས་པ་དོན་མེད་དོ། །རྟོགས་པ་ཡང་མཐོང་བའི་རྗེས་སུ་འབྲངས་

ནས། འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ་མ་མཐོང་བ་ནི་བརྟག་པར་ནུས་པ་མ་ཡིན་ནོ། །རྟོགས་པ་ནི་མཐོང་བའི་རྗེས་སུ་འབྲང་བར་སྣང་བས་གཞན་དུ་བརྟག་པར་མི་ནུས་སོ། །གལ་ཏེ་ཕྱིའི་དོན་ཡང་སྐྱེད་པར་བྱེད་པ་ཉིད་དུ་མཐོང་བ་མ་ཡིན་ན། དཔེར་ན་གོང་བུའི་རྣམ་པ་ཤིང་གི་རྣམ་པ་

ཉིད་ཤིང་མེད་པར་མི་འབྱུང་བ་བཞིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཡང་ཤིང་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སུས་མཐོང་། །དེ་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་ནི་ཤེས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །མི་གཞན་གྱིས་མཐོང་ཞེ་ན། འདི་ལ་དཔྱད་ཟིན་ཏོ། །དེ་ཉིད་ཀྱིས་ན་ཕྱིས་མཐོང་ངོ་ཞེ་ན། གལ་ཏེ་དེས་ཕྱིས་མཐོང་དུ་ཆུག་ཀྱང་། སྔར་ཡོད་དོ་ཞེས་

བྱ་བ་ལས། ཕྱིས་མཐོང་བ་ཉིད་ལས་སོ་ཞེ་ན། གལ་ཏེ་ཕྱིས་དམིགས་སུ་ཆུག་ཀྱང་། ཕྱིས་ཉིད་འགྱུར་མོད། དམིགས་པ་དེ་སྔ་མ་ལ་མེད་པ་ནི་མ་ཡིན་ནོ། །དམིགས་པ་དེའང་ཤེས་པའི་རྣམ་པ་ཡིན་གྱི། དོན་གྱི་རྣམ་པ་ནི་མ་ཡིན་ནོ། །དེས་ན་དེ་ཡང་དོན་ཡོད་དོ་ཞེས་བྱ་བ་ཕྱིས་དམིགས་པར་

ངེས་པ་ཡིན་ལ་དེ་ཡང་ཕྱིས་ཡིན་པའི་ཕྱིར་མཐར་ཐུག་པ་མེད་པས་ན་མི་རྟོགས་པ་ཉིད་དོ། །དེའི་ཕྱིར་དོན་མཐོང་བ་མེད་པའི་ཕྱིར་དང་། བག་ཆགས་དང་འབྲེལ་པ་ཉིད་ཀྱང་སྔར་ཉིད་བསྒྲུབས་པའི་ཕྱིར་དཔྱད་པ་ཞིབ་མོས་བཟོད་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་ནུས་པ་ཉིད་ངེས་པ་

เล่ม ๑๗๙ · หน้า 77a

རྒྱུར་བརྟག་པར་བྱ་བ་ཡིན་ནོ། །གལ་ཏེ་འགའ་ཞིག་རྟོགས་པ་མ་ཡིན་ན་དེ་ལ་རྒྱུ་ཐ་དད་པ་རྗེས་སུ་དཔག་པ་ལས་ཕྱི་རོལ་གཞལ་བྱ་ཡིན་ནོ། །གལ་ཏེ་ཕྱི་རོལ་དོན་མེད་ན་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་དང་ཤེས་བྱ་ཤེས་བྱེད་ཀྱི་དངོས་པོར་འགྱུར། འདི་ལྟར། ཕྱི་རོལ་

མེད་ན་རྒྱུ་དང་ནི། །འབྲས་ཉིད་ཤེས་པ་ཡིན་པར་འགྱུར། །དེ་དག་ལས་ཡང་ངེས་མེད་ཕྱིར། །འབྲས་བུ་མེད་ཅིང་རྒྱུ་ཡང་མེད། །འདི་ལྟར། སྔོན་པོར་སྣང་ལས་སེར་པོར་སྣང་། །དེ་ལ་སྔོན་པོ་སྣང་ལྡན་པ། །དེ་ལྟར་ཕན་ཚུན་རྒྱུ་ཡིན་པས། །ཇི་ལྟར་རྒྱུ་འབྲས་དག་ཏུ་འགྱུར། །གང་གི་

ཚེ་སྔོན་པོར་སྣང་བའི་རྣམ་པར་ཤེས་པའི་དེ་མ་ཐག་པ་ཉིད་དུ་སེར་པོར་སྣང་བའི་ཤེས་པ་འབྱུང་བ་དེའི་ཚེ་སེར་པོར་སྣང་བ་ལས་མ་གཏོགས་པའི་སེར་པོ་བས་སེར་པོར་སྣང་བ་ཉིད་དེའི་རྒྱུ་ཡིན་པར་འགྱུར་གྱི། སེར་པོ་ནི་མ་ཡིན་ནོ། །དེ་ལ་ཡང་སེར་པོར་ཡོད་པ་མ་ཡིན་ཏེ། སེར་པོར་སྣང་བ་

དེ་ལས་ཀྱང་སྔོན་པོར་སྣང་བ་ཡིན་པའི་ཕྱིར་ཕན་ཚུན་རྒྱུ་ཉིད་དུ་འགྱུར་བས་རིགས་པ་དང་འགལ་བར་འགྱུར་རོ། །ཇི་ལྟར་རྒྱུ་དང་འབྲས་བུ་དག་ཕན་ཚུན་རྒྱུ་ཡིན། ཕྱིའི་དོན་ཡོད་ན་ནི་སྔོན་པོ་ཉིད་དེར་རྒྱུ་ཡིན་ལ། སེར་པོར་སྣང་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དོ། །མཚུངས་པ་དེ་མ་

ཐག་པའི་རྐྱེན་ཡང་ལྷན་ཅིག་བྱེད་པ་དོན་ཐ་དད་པས་ཐ་དད་པ་ན་གང་གིས་ངེས་པ་མེད་པར་འགྱུར་བ་གཅིག་ཉིད་དུ་འགྱུར་བ་མ་ཡིན་ནོ། །ཡང་ན་རྟོགས་པའི་རང་བཞིན་ལ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་བྱེད་པ་ཡིན་ལ། རྣམ་པ་ལ་ནི་སྔོན་པོ་ལ་སོགས་པ་ཉིད་ཡིན་པས་དེ་ལ་ངེས་པའི་ཕྱིར་

སྐྱོན་མེད་དོ། །གལ་ཏེ་རྟོགས་པའི་རང་བཞིན་ལས་རྟོགས་པའི་རང་བཞིན་ཉིད་དང་སྔོན་པོ་ལས་གཞན་ལས་ཀྱང་དེའི་རྣམ་པ་ཡིན་ནོ། །ངེས་པ་མེད་པར་འགྱུར་བ་ཡིན་ནོ། །གལ་ཏེ་དུང་དཀར་པོ་ལས་ཀྱང་སེར་པོའི་རྣམ་པ་ཉིད་དམིགས་ལ། ཆུང་ངུ་ལས་ཀྱང་ཆེན་པོའི་རྣམ་པ་ཉིད་དམིགས་པ་མ་

ཡིན་ནམ། དེས་ན་འདི་ལ་ཡང་ངེས་པ་མེད་པ་ཁོ་ནའོ་ཞེ་ན། དེ་ནི་མེད་དེ། འདི་ལྟར། རྒྱུ་ནི་འཁྲུལ་པར་འགྱུར་བའི་ཕྱིར། །དེར་ནི་འཆོལ་བ་འདིར་འགྱུར་རོ། །འཁྲུལ་པ་མེད་པའི་སྣང་བ་ལ། །ངེས་པར་རྟོགས་པ་གཞན་ཡོད་མིན། །འཁྲུལ་བ་ལ་འཆོལ་བར་མཐོང་བ་གང་ཡིན་པ་དེ་ནི་ཚད་མ་ཅན་ཉིད་

เล่ม ๑๗๙ · หน้า 77b

མ་ཡིན་པའི་ཕྱིར་ན་དེས་འཁྲུལ་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་ས་བོན་ལས་མྱུ་གུ་སྐྱེ་བར་འདོད་ཀྱི་བཟློག་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་སྨྲ་བ་ལ་ནི་ས་བོན་ལ་སོགས་པ་སྣང་བ་ལས་མ་གཏོགས་པའི་ས་བོན་ལ་སོགས་པ་མེད་དོ། །དེས་ན་ས་བོན་དུ་སྣང་བ་ལས་མྱུ་གུར་སྣང་བ་དེ་ལས་

ཀྱང་ས་བོན་དུ་སྣང་བ་ཡིན་པའི་ཕྱིར་ན་ངེས་པ་མེད་དོ། །དེ་ལྟར་ན་ཡང་ཐ་སྙད་ཆད་པར་འགྱུར་རོ། །ཤེས་བྱ་ཤེས་བྱེད་ཀྱི་དངོས་པོ་ཡང་རིང་དུ་སྤངས་པ་ཉིད་དོ། །དུ་བ་ལས་མེ་ཡོད་དོ་ཞེས་བྱ་བ་བསྒྲུབ་པར་བྱ་བ་ཡིན་ནོ། །རྗེས་སུ་དཔག་པར་བྱ་བ་ལ་ལྐོག་ཏུ་གྱུར་པ་ཡིན་ན་ཕྱི་རོལ་གྱི་མེ་ནི་ཡོད་པ་

མ་ཡིན་ནོ། །སྣང་བ་ཡང་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་ན་ལྐོག་ཏུ་གྱུར་པ་ཉིད་དོ། །གཞན་གྱི་སྣང་བ་ཡང་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ལ་འཁྲུལ་པའི་ཕྱིར་རོ། །འབྱུང་བར་འགྱུར་བའི་རང་གི་སྣང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་གྱི་

དོན་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། འདི་ལ་བཤད་པ། ས་བོན་ལས་ནི་མྱུག་བསྐྱེད་དང་། །དུ་བ་ལས་མེ་གྲུབ་པ་ཞེས། །དེ་འདྲ་ཕྱི་རོལ་དོན་བརྟེན་ཅན། །བྱེད་པོ་ཤེས་བྱེད་གནས་པ་གང་། །དེ་ཡང་གལ་ཏེ་དེ་ངོ་བོར། །སྣང་བ་དེ་ལྟར་དེས་འབྲེལ་པའི། །བློ་ལ་བརྟེན་པས་རྟོགས་བྱེད་ན། །

འགལ་བ་དག་ནི་ཅི་ཞིག་ཡོད། །འདིར་སྣང་བ་ཉིད་དགོས་པ་ཡིན་གྱི། དོན་ནི་མ་ཡིན་ཏེ། མི་སྣང་བ་ནི་ཡོད་ཀྱང་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟར་དམིགས་པ་ཉིད་ཡོད་པར་བརྗོད་པ་ཡིན་ནོ། །ཕྱི་ཡི་དོན་ནི་མེད་ན་ཡང་། །སྣང་བ་ལ་ནི་ངེས་ཡོད་མིན། །སྣང་བ་མེད་ན་ཕྱི་རོལ་ནི། །

གཏི་མུག་ཕ་རོལ་ཉིད་དུ་འགྱུར། །སྣང་བ་ནི་ཕྱི་རོལ་མེད་ཀྱང་འགྱུར་རོ་ཞེས་བསྟན་ཟིན་ཏོ། །སྣང་བ་མེད་ན་ནི་ཕྱི་རོལ་མེད་པ་ཉིད་དུ་འགྱུར་ཏེ། མ་དམིགས་པའི་ཕྱིར་རོ། །དེས་ན་ས་བོན་དུ་སྣང་བ་ལས་མྱུ་གུར་སྣང་བ་ཡིན་པས་རྒྱུ་དང་འབྲས་བུ་ཡིན་པ་ལས་འགལ་བ་ཅི་ཡོད། འོ་ན་མྱུ་གུ་འབའ་

ཞིག་སྣང་བར་མི་ནུས་ཏེ། འབའ་ཞིག་སྣང་ན་ས་བོན་དུ་སྣང་བ་མེད་པ་ཡོད་པས་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །ཕྱིའི་དོན་ཡོད་པར་སྨྲ་བ་རྣམས་ཀྱི་ལྟར་ན་ནི་རྒྱུ་མེད་པ་ཉིད་མ་ཡིན་ཏེ། མི་སྣང་བར་ས་བོན་ཡོད་པའི་ཕྱིར་རོ། །འདི་ལྟར་ཕྱི་རོལ་མི་སྣང་བ་ཡིན་ཡང་། ཕྱི་རོལ་ཉིད་ལས་ཉམས་པ་མེད། །གང་

เล่ม ๑๗๙ · หน้า 78a

ཚེ་སྣང་བ་མེད་འགྱུར་ན། །རྣམ་ཤེས་ཉིད་ནི་ཡོད་མ་ཡིན། །འོན་ཏེ་དེ་ནི་གཞན་གྱི་སྣང་བ་ཡོད་པ་དེས་ན་རྒྱུ་མེད་པ་ཉིད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །གཞན་གྱི་སྣང་བ་ལས་ནི་རང་གི་སྣང་བ་སྐྱེ་བ་ཡང་མ་ཡིན་ནོ་ཞེ་ན། དེ་ཡང་མཚུངས་པ་མ་ཡིན་

ཏེ། འདི་ལྟར། གལ་ཏེ་དོན་དེ་སུ་ལ་ཡང་། །སྣང་བ་མེད་པར་འགྱུར་བ་ན། །གང་གིས་མྱུ་གུ་དེ་རྒྱུ་ཅན། །འགྱུར་བ་དེ་ཡོད་ཚད་མ་གང་། །ནུས་པ་ཉེ་བར་བརྗོད་པས་བརྗོད་པ་ཐམས་ཅད་བྲལ་བ་ནི་ཉེ་བར་བརྗོད་པ་མེད་པའི་མཚན་ཉིད་ཡིན་ནོ། །ཕྱིས་མཐོང་བའི་ཕྱིར་རོ་ཞེ་ན། ལན་བཏབ་ཟིན་ཏོ། །

འབྲས་བུ་ལས་ཡོད་དོ་ཞེས་ཤེས་སོ་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོར་ནི། །གྲུབ་ན་དེ་ཡི་ཡོད་པར་རྟོགས། །དེ་དངོས་ཉིད་དུ་རྟོགས་ན་ཡང་། །རྒྱུ་དང་འབྲས་བུའི་དངོས་པོར་འགྱུར། །དེས་ན་ཕན་ཚུན་རྟེན་པའི་ཉེས་པས་མི་འགྲུབ་པ་ཁོ་ནའོ། །གལ་ཏེ་གཅིག་ཉིད་དུ་སྒྲོ་བཏགས་པ་འདི་ཡང་

མཐོང་བ་ཉིད་ཡིན་ནོ་ཞེ་ན། འོ་ན་རྣམ་པར་ཤེས་པ་ལ་ཡང་སྒྲོ་བཏགས་པས་སུས་བཟློག །རྣམ་པར་ཤེས་པ་མེད་པའི་ཕྱིར་ཇི་ལྟར་སྒྲོ་འདོགས་ཤེ་ན། འདི་ནི་ཕྱི་རོལ་ལ་ཡང་མཚུངས་སོ། །ཕྱི་རོལ་ལ་ཡང་སྒྲོ་བཏགས་པ་ཉིད་ལས་ཡོད་དོ་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་ཡང་སྣང་བ་ཡང་

ཀུན་རྫོབ་ཏུ་ཡོད་པ་ཉིད་དོ། །རྗེས་སུ་དཔག་པའི་དུས་སུ་ནི་ཕྱི་རོལ་སྒྲོ་བཏགས་པ་ལས་གཞན་པའི་ཡོད་པ་ཉིད་ནི་མེད་དོ། །སྒྲོ་འདོགས་པ་དེ་ནི་གལ་ཏེ་འདི་ལྟ་བུ་འབའ་ཞིག་འདིར་འགྱུར་ན། མཐོང་བ་ལ་ཡང་འགྱུར་རོ། །གལ་ཏེ་འདི་ལྟ་བུ་འབའ་ཞིག་འདིར་འགྱུར་ན་སྣང་བར་འགྱུར་ཞེས་སོ། །

སྣང་བ་དེ་གཞན་ཡིན་ནོ་ཞེ་ན། དོན་ཡང་གཞན་ཡིན་པས་ན་འདི་ནི་མཚུངས་སོ། །དེར་ཡང་དོན་དམ་པར་ནི་གཅིག་ཉིད་རྟོགས་པ་མ་ཡིན་ནོ། །རྣམ་པར་ཤེས་པ་སྨྲ་བ་ལ་ཡང་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་བ་བཞིན་དུ་གཞན་ལ་ཡང་ཐ་སྙད་བྱེད་དོ། །དེས་ན་རྣམ་པར་ཤེས་པ་སྨྲ་བ་

ལ་ཡང་གལ་ཏེ་དེའི་ངོ་བོར་ངེས་པར་སྣང་བ་དང་འབྲེལ་པའི་ཆ་ལ་བརྟེན་ནས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་འགལ་བ་ཅི་ཡོད། ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་ནི་འགལ་བ་ཡོད་དོ་ཞེས་བསྟན་ཟིན་ཏོ། །ཚད་མ་མེད་པའི་ཕྱིར་རོ། །གཞན་ཡང་། གལ་ཏེ་ཕྱི་རོལ་རྟོགས་འགྱུར་ན། །ཕྱི་ནས་ཉིད་ནི་

เล่ม ๑๗๙ · หน้า 78b

རྟོགས་པར་འགྱུར། །སྔར་རྟོགས་ན་ནི་ཐམས་ཅད་ཀྱི། །རྣམ་པ་ཐམས་ཅད་རྟོགས་པ་ནི། །གལ་ཏེ་ཕྱི་རོལ་གྱི་མེ་ལ་སོགས་པ་རྟག་པ་ཉིད་ཡིན་ན། དེའི་རྣམ་པ་གཅིག་ཉིད་དུ་སྔར་ཉིད་རྟོགས་ཟིན་པས་ན་རྗེས་སུ་དཔག་པ་ལས་ཅིའི་དོན་དུ་འཇུག །འོན་ཏེ་རྗེས་སུ་དཔག་པས་རང་གི་ངོ་བོ་མ་རྟོགས་

པ་ཉིད་ན་དེ་ལྟ་ཡིན་ན་ཇི་ལྟར་འདི་ཡོད་པར་རྟོགས། གཞན་གྱི་ངོ་བོར་རྟོགས་ན་ནི་རྣམ་པར་ཤེས་པའི་རང་བཞིན་ལ་ཡང་མཚུངས་པ་ཉིད་དོ། །འོན་ཏེ་རྟོགས་པས་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་གཅིག་ཏུ་བྱས་ནས་འཇུག་པ་དག་དེར་སྒྲོ་འདོགས་པར་བྱེད་དོ་ཞེ་ན། སྒྲོ་བརྟགས་པ་དེས་

ཅི་ཞིག་བྱ་སྟེ། དེ་ལྟ་མ་ཡིན་ཏེ། དེ་མེད་ན་ཕྱིས་ཀྱིས་དོན་རྣམ་པར་ཆད་པ་སྐྱེད་པར་འགྱུར་རོ་ཞེ་ན། དེ་མིན་པའང་རྣམ་པར་ཆད་པ་ཇི་ལྟར་འགྱུར། གལ་ཏེ་རྣམ་པར་མ་ཆད་པར་རྟོགས་པས་དངོས་པོ་ཡིན་ན་བག་ཆགས་བར་དུ་འགྱུར་བ་མ་ཡིན་ཏེ། དེ་ལྟ་ན་ཡང་མི་འཆད་པ་ཉིད་དོ། །གོམས་པ་ལ་

དེའི་རང་བཞིན་ཉིད་མེད་པའི་ཕྱིར་རོ་ཞེ་ན། དེ་ལྟར་ཁས་ལེན་པ་ན་དོན་ལ་ཡང་དེའི་རང་བཞིན་ཉིད་མེད་དོ། །མཐོང་བ་ནི་མ་མཐོང་བ་དང་མཚུངས་པར་རྟོགས་ནུས་པ་མ་ཡིན་ནོ། །འོན་ཀྱང་སྒྲོ་བཏགས་པ་ཙམ་འབའ་ཞིག་ཏུ་ཟད་ལ། དེ་ནི་རྣམ་པར་ཤེས་པ་སྨྲ་བ་ལ་ཡང་མཚུངས་པ་ཉིད་དོ། །

གལ་ཏེ་རིགས་མི་མཐུན་པའི་རྣམ་པར་ཤེས་པའི་རྒྱུ་དག་ཉིད་བག་ཆགས་བར་དུ་ཞུགས་པ་དག་ཇི་ལྟར་དེས་དེ་རྣམ་པར་མ་ཆད་པར་འགྱུར་ཞེ་ན། དཔེར་ན་རྒྱ་སྐྱེགས་ཀྱིས་བསྐུས་པ། །བར་དུ་རིགས་མི་མཐུན་སྐྱེ་ལ། །འཇིག་རྟེན་རྒྱ་སྐྱེགས་འབྲས་བུ་ཡིན། །རྣམ་ཆད་མེད་པར་དེ་འདོད་བཞིན། །

བར་དུ་རིགས་མི་མཐུན་པ་ཡི། །རྣམ་ཤེས་ཚོགས་ནི་འབྱུང་འགྱུར་བ། །དེ་ཡི་བག་ཆགས་རྗེས་འབྲེལ་པ། །ཉིད་ལས་རྣམ་ཆད་མེད་པར་འགྱུར། །དཔེར་ན་རྒྱ་སྐྱེགས་ཀྱི་ཁུ་བས་བྱུགས་པ། མར་དུ་འབྱུང་བའི་ས་བོན་དང་མྱུ་གུ་དང་། འདབ་མ་དང་། སྡོང་བུ་ལ་སོགས་པ་དག་ལ་འབྲས་བུ་ལས་རྗེས་སུ་

དཔག་པའི་ནུས་པའི་ཁྱད་པར་འཇོག་པས་ན། འཇིག་རྟེན་དག་རྣམ་པར་མ་ཆད་པར་སྐྱེད་དོ་ཞེས་བསྐྱེད་པ་དེ་བཞིན་དུ། སྔར་གྱི་མེར་སྣང་བའི་ཡང་ཕྱིས་མི་སྣང་བའི་བར་དུ་འབྱུང་བ་རིགས་མི་མཐུན་པའི་སྣང་བ་དག་ལ་དེར་གནས་པ་བཞིན་དུ་རང་གི་ནུས་པ་འཛིན་པར་བྱེད་པས་ན། འབྲས་བུ་རྣམ་པར་

เล่ม ๑๗๙ · หน้า 79a

མ་ཆད་པ་ཁོ་ནར་སྐྱེད་པར་བྱེད་དོ་ཞེས་བརྗོད་པའམ་ངེས་པ་ཡིན་ནོ། །དེས་ན་སྔར་གྱི་སྣང་བ་དེ་ཉིད་མེར་སྣང་བ་དེ་སྐྱེད་པར་བྱེད་པ་ཡིན་གྱི་དུ་བར་སྣང་བ་ནི་མ་ཡིན་ནོ། །དེ་ལ་ཇི་ལྟར་ཕྱིའི་དོན་སྨྲ་བ་དག་གི་ལྟར་ཕྱིས་ཀྱི་མེར་སྣང་བ་ལས་སྔར་མེ་བྱུང་བར་གྱུར་ཏོ་ཞེས་རྟོགས་པར་

བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་སྨྲ་བའི་ལྟར་ན་ཡང་བག་ཆགས་ཡོད་པར་འགྱུར་རོ་ཞེས་རྟོགས་པས་འདི་གཉིས་ལ་ཁྱད་པར་མེད་དོ། །དུ་བར་སྣང་བ་ལས་ཀྱང་དུ་བའི་བག་ཆགས་རྟོགས་པ་ཡིན་ནོ། །བག་ཆགས་རྒྱུ་ཡིན་པ་ཉིད་དུ་ནི་བསྒྲུབས་ཟིན་ཏོ། །ཕྱི་རོལ་གྱི་རྒྱུའི་དངོས་པོ་ཉིད་དུ་འཐད་པ་

མ་ཡིན་ཏེ། འདི་ནི་བསྟན་ཟིན་ཏོ། །དུ་བ་མེས་སྐྱེད་འགྱུར་མ་ཡིན། །དེ་ཕྱིར་འབྲས་བུས་རྒྱུ་རྟོགས་མིན། །དེ་རྒྱུ་དག་ནི་ཡིན་ན་ཡང་། །གང་ལས་ངེས་པར་རྟོགས་པར་འགྱུར། །གལ་ཏེ་དུ་བའི་བག་ཆགས་ཉིད་དུ་བ་ཡིན་ལ་དེ་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་གྱི། མེ་ལས་དུ་བ་མ་ཡིན་ཏེ། དེའི་

ཚེ་མེད་པའི་ཕྱིར་དང་། རང་གི་བག་ཆགས་དང་འབྲེལ་པའི་ཕྱིར། གལ་ཏེ་མེར་སྣང་བ་ཡང་དེའི་བག་ཆགས་སད་པ་དེ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་དུ་བར་སྣང་བའི་རྒྱུ་ཡིན་པས་རྒྱུ་ཉིད་ཡིན་ན། དེ་ལྟར་ཡིན་ན་དུ་བ་ཡང་མེའི་རྒྱུ་ཡིན་ནོ། །རྒྱུ་ཉིད་ཡིན་ན་ཡང་ངེས་པར་རྟོགས་པར་ག་ལས་ཡོད་དེ།

འཁྲུལ་པའི་ཕྱིར་རོ་ཞེ་ན། འདི་ལ་བཤད་པ། དེ་ལའང་དུ་བར་སྣང་བའི་བློས། །བག་ཆགས་གསལ་བར་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ཉིད་མ་ཡིན་ནོ། །འདི་ལྟར་དུ་བར་སྣང་བའི་བློ་ནི་བག་ཆགས་དང་འབྲེལ་པ་ཡིན་ཏེ། དེ་ལས་ནི་བག་ཆགས་དེ་རྗེས་སུ་དཔོག་

གོ། །བག་ཆགས་དེ་ཡང་སད་པ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་ན། མེར་སྣང་བ་བསྐྱེད་པས་ན་མེར་སྣང་བ་ཐོབ་པས་ཚད་མ་ཡིན་ནོ། །དཔེར་ན་ཕྱིའི་དོན་སྨྲ་བ་རྣམས་ཀྱི་ལྟར་ན། མེ་རྗེས་སུ་དཔག་པ་ལས་མེར་སྣང་བའམ་མེ་གཞན་ཡིན་པ་དེས་ན། ཚོགས་པ་གཅིག་ལ་རག་ལས་

པས་མེ་མཐོང་བ་དེ་བཞིན་དུ་དུ་བ་དང་འབྱུང་བར་འགྱུར་བའི་མེ་སྣང་བ་གཉིས་བག་ཆགས་དང་འབྲེལ་པ་ཡིན་ཏེ། གལ་ཏེ་ལྐོག་ཏུ་གྱུར་པ་དང་མ་གྱུར་པའི་མེ་གཅིག་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཚད་མ་མེད་པའི་ཕྱིར་རོ། །བག་ཆགས་ཀྱི་དབང་གིས་གཅིག་ཉིད་ཡིན་པའི་ཕྱིར་ན་བག་ཆགས་རང་

เล่ม ๑๗๙ · หน้า 79b

ཉིད་དོན་དམ་པར་གཅིག་ཡིན་གྱི། དངོས་པོ་ནི་མ་ཡིན་ནོ་ཞེས་འདི་ཡང་བསྟན་ཟིན་ཏོ། །ཕྱིའི་དོན་ལ་ཡང་མེ་ཉིད་རྗེས་སུ་དཔོག་པ་ནི་མ་ཡིན་གྱི། འོན་ཀྱང་འབྱུང་བའི་སྣང་བ་ཉིད་ཡིན་ཏེ། སྲོག་ཆགས་རྣམས་དེ་དོན་དུ་གཉེར་བའི་ཕྱིར་རོ། །མེ་མི་སྣང་བའི་མེས་ནི་སུ་ལ་ཡང་དགོས་པ་མེད་དོ། །

སྣང་བ་དོན་དུ་གཉེར་བ་ནི་འབྱུང་བར་འགྱུར་བའི་སྣང་བ་རྗེས་སུ་དཔག་པར་བྱ་བར་འགྱུར་མོད། མེ་རྗེས་སུ་དཔོག་པས་ཅི་བྱ། ཇི་ལྟར་འབྱུང་བར་འགྱུར་བ་རྗེས་སུ་དཔོག་ཅེ་ན། དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ། །མཐོང་ཕྱིར་དེ་ལྟ་ཉིད་དོ་ཞེ་ན། འདི་ལ་མི་རིགས་མཐོང་བ་མེད། །ཕྱི་དོན་ལ་

ནི་མི་སླུ་དང་། །མཐོང་བའང་སྲིད་པ་མ་ཡིན་ནོ། །འབྱུང་བའི་སྣང་བ་ཉིད་ཀྱིས་རྗེས་སུ་དཔོག་པ་ལ་ཐམས་ཅད་མི་འཐད་པ་མེད་དོ། །ཕྱི་རོལ་གྱི་རྨི་ལམ་ན་ཡང་སྲིད་པ་མ་ཡིན་ནོ། །འདི་ལྟར། དེ་བཞིན་འབྱུང་འགྱུར་མྱོང་བ་ནི། །རྗེས་སུ་དཔག་པས་ཤིན་ཏུ་ངེས། །ད་ལྟར་འབྱུང་དོན་རིག་

ན་ནི། །ཡོད་པ་མིན་ཞེས་བསྟན་ཟིན་ཏོ། །དེ་ལྟ་མ་ཡིན་ན་འགའ་ཡང་འབྱུང་བའི་དོན་ལ་ལྟོས་པས་འཇུག་པར་མི་འགྱུར་རོ། །འོན་ཏེ་ད་ལྟར་དང་འབྱུང་བར་འགྱུར་བ་དག་ལ་གཅིག་ཏུ་ཞེས་པས་འཇུག་གོ་ཞེ་ན། དེ་ལྟར་ཡིན་ན་ནི་འདི་འབྱུང་བར་འགྱུར་བའི་དོན་རིག་པ་ཉིད་ཡིན་གྱི་ད་ལྟར་

བ་རིག་པ་ནི་མ་ཡིན་ནོ། །རིག་པ་ནི་ཐོབ་པས་རྗེས་སུ་དཔོག་པ་བཞིན་ནོ། །དེས་ན་ད་ལྟར་བའི་རང་བཞིན་མི་འཐོབ་པའི་ཕྱིར་དང་། འབྱུང་བ་ནི་བཟློག་པ་ཡིན་པའི་ཕྱིར་ཚད་མ་ནི་འབྱུང་བའི་ཡུལ་ཅན་ཉིད་དོ། །ད་ལྟར་བའི་རྣམ་པ་ནི་ཡོད་ཀྱང་བདེན་པ་མ་ཡིན་ནོ། །མངོན་སུམ་ཡང་འབྱུང་

བར་འགྱུར་བ་ཉིད་ལ་ཚད་མ་ཡིན་ནོ། །དེ་ལྟར་ཡང་བསྟན་ཟིན་ཏོ། །དེས་ན་ཇི་སྐད་དུ། དོན་འདི་ནི་འབྱུང་བར་འགྱུར་བ་ཡིན་ཏེ་ཤེས་པའི་དུས་ན་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པ་དེ་བསལ་བ་ཡིན་ཏེ། འབྱུང་བར་འགྱུར་བ་མེད་པར་མི་འགྱུར་བའི་ཕྱིར་ན། ཕྲད་པ་ལས་སྐྱེས་པའི་མངོན་སུམ་དེ་

ཚད་མ་ཡིན་ནོ། །དེས་ན་ཡོད་པ་དམིགས་པ་ཡིན་པའི་ཕྱིར་རྒྱུ་མཚན་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་སྤངས་པ་ཡིན་ནོ། །དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་འབྱུང་བར་འགྱུར་བའི་ཡུལ་ཅན་ཡིན་པའི་ཕྱིར་ན་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་དངོས་པོ་ལ་ཚད་མ་ཡིན་ནོ། །

เล่ม ๑๗๙ · หน้า 80a

དོན་དམ་པར་ནི་ཐམས་ཅད་རང་གི་ངོ་བོའི་ཡུལ་ཅན་ཉིད་ལ་ཐ་སྙད་དུ་ནི་འབྱུང་བའི་དོན་གྱི་ཡུལ་ཅན་ཡིན་ནོ། །འབྱུང་བའི་དོན་དེ་ཡང་ཐོབ་པའི་ཡུལ་ཡིན་པ་དེའི་ཕྱིར་ན་དོན་བྱ་བ་བྱེད་པ་ཉིད་ཡིན་ནོ། །གལ་ཏེ་ཐ་སྙད་ཁས་ལེན་པར་བྱེད་ན་དོན་གྱི་ཡུལ་ཅན་ཉིད་ཡིན་

པར་འགྱུར་ལ། དོན་དེ་ཡང་ད་ལྟར་བ་ཉིད་ཡིན་པས་འབྱུང་བའི་ཡུལ་ཙམ་ཉིད་དུ་བསྒྲུབས་པས་ཅི་བྱ་ཞེ་ན། འདི་ལ་བཤད་པ། མ་རྟོགས་ཅུང་ཟད་རྟོགས་སྩོགས་ཀྱི། །དབྱེ་བས་ཐ་སྙད་དེ་རྣམ་གསུམ། །དེ་ལ་བརྟེན་ནས་འདི་དག་ནི། །ཐམས་ཅད་འཐད་པ་ཉིད་དུ་རྟོགས། །མ་

རྟོགས་པ་རྣམས་ཀྱི་ཐ་སྙད་ནི་མངོན་སུམ་དང་ལྟ་བའི་དོན་གྱི་ཡུལ་ཅན་ཡིན་ནོ། །ཅུང་ཟད་རྟོགས་པ་རྣམས་ཀྱི་ནི་འབྱུང་བར་འགྱུར་བའི་ཡུལ་ཅན། ཤིན་ཏུ་རྟོགས་པ་རྣམས་ཀྱི་ནི་སྣང་བ་ཙམ་གྱི་ཡུལ་ཅན་ཉིད་དོ། །དེ་ན་གལ་ཏེ་མ་རྟོགས་པའི་ཤེས་པ་ལ་ལྟོས་ཏེ། དོན་གྱི་ཡུལ་ཅན་ཡིན་

ལ། དོན་ཡང་ད་ལྟ་བའི་ཡིན་ན་གྲུབ་པ་གྲུབ་ལ་སྒྲུབ་པ་དེ་ནི་དེ་ལྟ་བུ་ཁོ་ནར་ཁོ་བོ་ཅག་འདོད་དོ། །དེས་ན་དུ་བར་སྣང་བའི་ཤེས་པས་ནི་མེའི་བག་ཆགས་ཉིད་རྟོགས་པར་བྱེད་ལ། བག་ཆགས་དེ་ཡང་འབྱུང་བའི་སྣང་བ་དག་གཅིག་ཏུ་རྟོགས་པས་དེའི་ངོ་བོར་སྣང་བ་ལ་འཇུག་པར་བྱེད་པ་

ཡིན་པས་ན་འབྱུང་བར་འགྱུར་བའི་སྣང་བ་དེ་ཉིད་རྟོགས་པར་བྱ་བ་ཡིན་ཏེ། ཕྱིའི་དོན་འདོད་པ་ལས་འབྱུང་བར་འགྱུར་བའི་མེ་བཞིན་ནོ། །དེས་ན་དོན་དམ་པར་སྣང་བར་འགྱུར་བའི་ཡུལ་ཡིན་ནོ། །གལ་ཏེ་ཕྱིས་ཀྱི་འཁྲུལ་པ་སྣང་བར་འགྱུར་བ་ཡིན་ནམ། དེར་དོན་དུ་གཉེར་བར་མི་

འགྱུར་བ་ཡིན་ནམ། འཇིག་རྟེན་དོན་ཉིད་དོན་དུ་ནི། །གཉེར་གྱི་སྣང་བ་དོན་གཉེར་མིན། །འཇིག་རྟེན་ལ་འགའ་རྨི་ལམ་གྱི། །བདེ་བ་དོན་གཉེར་མཐོང་བ་མེད། །དེ་ནི་མ་ཡིན་ཏེ་འདི་ལྟར། གལ་ཏེ་བག་ཆགས་བརྟན་བརྟེན་ནས། །སྣང་བ་མཚམས་སྦྱོར་ལྡན་ན་དེར། །རྨི་ལམ་བདེན་མིན་

ཡིན་ཡང་དེར། །ཁྱེད་ལ་ཆད་པ་ཅི་ཞིག་ཡོད། །གང་ལ་བག་ཆགས་ཀྱི་ཁྱད་པར་ཉིད་ལས་འཆུགས་པ་མེད་པ་དེ་ནི་རྨི་ལམ་གྱི་བདེན་པ་ཉིད་མ་ཡིན་ནོ། །རྣམ་པར་ཤེས་པ་སྨྲ་བ་རྣམས་ལ་ཡང་བག་ཆགས་ཀྱི་ཁྱད་པར་ལ་རྨི་ལམ་དང་ཅིག་ཤོས་ཀྱི་རྣམ་པར་ཤེས་པའི་དབྱེ་བ་ནི་ཡོད་པ་ཉིད་དོ། །

เล่ม ๑๗๙ · หน้า 80b

དཔེར་ན་རྨི་ལམ་ཉིད་ན་རྨི་ལམ་དང་ཅིག་ཤོས་ཁྱད་པར་ཡོད་པ་བཞིན་ནོ། །ཡང་ན་རྨི་ལམ་གྱི་ཁྱད་པར་ཉིད་ཡིན་ལ་རག་མོད། དེ་ལ་ཡང་མི་མཁས་པ་རྣམས་འཇུག་པར་འགྱུར་བས་འདི་ཁྱེད་ལ་ཆད་པ་ཅི་ཞིག་ཡོད། དོན་དམ་པ་ལ་མཁས་པ་མི་གཙུག་གི་རིན་པོ་ཆེའི་རྒྱན་དམ་པར་འགྱུར་བ་

ཐར་པ་འདོད་པ་རྣམས་ནི་བདེ་བ་ཐམས་ཅད་བྱིས་པའི་རྩེད་མོ་དང་འདྲ་བར་མངོན་པར་འདོད་པ་མ་ཡིན་པས་འཇུག་པ་མེད་པར་ཐལ་བ་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །འདི་ལྟར། ཐར་འདོད་བཟོད་པ་དང་ལྡན་དག །འཁོར་བའི་བདེ་བ་དོན་གཉེར་མིན། །དེས་ན་དེ་དག་ཆོས་ལ་ནི། །འཇུག་པ་དེ་

བཟློག་གྲུབ་ཕྱིར་ཡིན། །འཁོར་བའི་བདེ་བའི་དོན་དུ་ཆོས་སྒྲུབ་མཐའ་དག་བྱིས་པའི་རྩེད་མོ་དང་འདྲ་བར་མཐོང་བའི་རྟོགས་པ་དང་ལྡན་པ་ཐར་པ་འཕེན་པ་རྣམས་ནི་འཁོར་བའི་ཐ་སྙད་འདྲི་བའི་ཆོས་ལ་བཟློག་པ་འཇུག་པ་ཡིན་ནོ། །དེས་ན་ཐ་སྙད་པའི་ཚད་མའི་ཡུལ་ནི་སྣང་བ་ཉིད་དོ། །གལ་ཏེ་

མེ་ལ་སོགས་པར་སྣང་བ་ནི་བག་ཆགས་དང་འབྲེལ་པ་ཉིད་ཡིན་ལ་དེའང་རིགས་མཐུན་པའི་བག་ཆགས་དང་འབྲེལ་པ་ཡིན་ན། འོ་ན་ནི་དུ་བར་སྣང་བ་དེའི་བག་ཆགས་ཉིད་རྟོགས་པར་འགྱུར་གྱི། ཇི་ལྟར་མེའི་བག་ཆགས་རྟོགས་པར་བྱེད། །འདི་ལྟར། གང་གི་ངོ་བོར་སྣང་བ་ཡིས། །རབ་ཏུ་

སྦྱར་བའི་བག་ཆགས་ནི། །དེ་ཡི་ངོ་བོར་སྣང་བ་ཡི། །རྒྱུ་ཡིན་སྣང་བ་གཞན་གྱི་མིན། །མེའི་བག་ཆགས་ཀྱིས་ནི་དུ་བར་སྣང་བ་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེའི་དུ་བའི་བག་ཆགས་ཉིད་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་གྱིས་བསྐྱེད་པར་བྱ་བས་ནི་སྐྱེད་པར་བྱེད་པ་མ་

ཡིན་པ་གཞན་གོ་བར་བྱེད་པ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། སེམས་རྒྱུད་དེ་རུང་བག་ཆགས་ཀྱི། །སྙིང་པོ་ཅན་ནི་དུ་བས་ནི། །སྣང་བའི་བློ་དག་གསལ་བྱེད་པ། །དེས་ན་མེ་ལས་དུ་བ་ཡིན། །འཁོར་བའི་སྤྲོས་པ་མཐའ་དག་ནི་སེམས་ཉིད་ལས་བྱུང་བ་ཡིན་ནོ། །དེས་ན་མེར་སྣང་བར་རུང་

བའི་བག་ཆགས་ཀྱི་རྟོགས་པ་ཅན་གྱི་སེམས་ཀྱི་རྒྱུད་ལས་མེར་སྣང་བ་ཡིན། རྒྱུད་དེ་ཡང་དུ་བའི་བག་ཆགས་སད་པར་བྱེད་པའི་སེམས་གཞན་གྱིས་ཉེ་བར་བསྒྲུབ་པ་ལས་དུ་བར་སྣང་བ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བས་ན་མེའི་བག་ཆགས་ལྷན་ཅིག་བྱེད་པ་ཙམ་གྱི་དུ་བའི་བག་ཆགས་དུ་བར་

เล่ม ๑๗๙ · หน้า 81a

སྣང་བའི་ཉེ་བར་ལེན་པའི་རྒྱུ་ཡིན་ལ་འབྱུང་བར་འགྱུར་བའི་མེར་སྣང་བའི་ཉེ་བར་ལེན་པའི་བག་ཆགས་ཀྱང་སད་པར་བྱེད་པ་ཡིན་པའི་ཕྱིར་ན། དུ་བར་སྣང་བ་འམ། དུ་བའི་བག་ཆགས་ཀྱི་ལྷན་ཅིག་བྱེད་པ་ཅན་ཡིན་ནོ། །དེས་མེ་དང་མེའི་འབྲས་བུ་དུ་བ་དག་ཚོགས་པ་གཅིག་

ལ་རག་ལས་པའི་ཕྱིར་གོ་བྱ་གོ་བྱེད་ཀྱི་དངོས་པོ་ཡིན་པས་ན་འཐད་པ་ཡིན་ནོ། །གལ་ཏེ་ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་ན། གོ་བྱ་གོ་བྱེད་ཀྱི་དངོས་པོ་གང་དུས་མཚུངས་པ་ཡིན་གྱི། མ་འོངས་པ་ནི་རྟོགས་པ་མ་ཡིན་ཏེ། འཁྲུལ་པའོ་ཞེ་ན། འདི་ནི་རུང་བ་མ་

ཡིན་ཏེ། འདི་ལྟར། ཐམས་ཅད་དུ་ནི་མ་འོངས་པ། །གོ་བྱ་ཉིད་ཅེས་སྒྲུབ་པ་ཡིན། །དུ་བ་ལས་ཀྱང་ཐོབ་བྱའི་མེ། །སྐད་ཅིག་དེར་གོ་མིན་ནམ་ཅི། །ཚད་མའི་ཡུལ་ནི་མ་འོངས་པ་ཉིད་དོ། །གལ་ཏེ་དུ་བ་ལས་མེའི་དེ་ཉིད་ཀྱི་ཚེ་ཡོད་དོ་ཞེས་རྟོགས་ཀྱི། ཕྱི་ནས་འབྱུང་བར་འགྱུར་བ་ནི་མ་ཡིན་ན།

དེའི་ཚེ་འགའ་ཡང་ཚད་མར་མི་འགྱུར་རོ། །དེའི་དུས་སུ་འབྱུང་བའི་མེས་ནི་དེ་ལ་དགོས་པ་མེད་དོ། །གལ་ཏེ་འབྱུང་བར་འགྱུར་བ་ལ་ཐེ་ཚོམ་ཟ་བར་ནི་ཇི་ལྟར་ཚད་མ་ཉིད་ཡིན། དེས་ཐོབ་པ་སྟོན་པའི་ཕྱིར་ཚད་མ་ཡིན་ཏེ། ཚད་མས་གཉའ་བོའི་ཚུལ་གྱིས་དུས་གཞན་གྱི་དོན་བསྟན་པར་བྱ་བ་ནི་མ་

ཡིན་ནོ་ཞེ་ན། བསྟན་པ་དེས་ནང་དོན་བྱ་བ་མི་བྱེད་པའི་ཕྱིར་ན། དེ་དོན་མེད་པ་ཁོ་ན་མ་ཡིན་ནམ། འབྱུང་བར་འགྱུར་བས་དོན་བྱ་བ་འབྱུང་བའི་ཕྱིར་ན། འདི་ཡང་ཉེ་བར་བཏགས་ནས་དོན་བྱ་བ་བྱེད་པ་ཡིན་ཏེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་རྣམ་པར་ཤེས་པ་སྨྲ་བ་

རྣམས་ཀྱི་ལྟར་ན་ཡང་དེའི་དུས་སུ་གོ་བར་བྱ་བ་བག་ཆགས་ཡོད་པ་ཉིད་དོ། །དོན་བྱ་བ་བྱེད་པ་ཉིད་མེད་པའི་ཕྱིར་དེས་ཅི་བྱ་ཞེ་ན། འདི་ནི་དོན་ལ་ཡང་མཚུངས་སོ། །འབྱུང་བར་འགྱུར་བའི་དོན་གྱི་སྒོ་ནས་དོན་བྱ་བ་བྱེད་པའི་ཕྱིར་དེ་ཡང་དོན་བྱ་བ་བྱེད་པ་ཡིན་ནོ་ཞེ་ན། འདིའི་བག་ཆགས་ལ་ཡང་

མཚུངས་སོ། །དོན་ལ་ཡང་དེའི་དུས་སུ་བག་ཆགས་ཙམ་གོ་བར་བྱ་བ་ཡིན་ནོ། །གཞན་གྱིས་གོ་བ་ཡིན་ནོ་ཞེ་ན། བག་ཆགས་ཀྱང་གཞན་གྱིས་གོ་བ་ཉིད་དོ། བག་ཆགས་ཀྱང་ཐ་སྙད་ལས་གཞན་གྱིས་མི་རྟོགས་པ་མ་ཡིན་ནོ། །དེས་ན་ཕྱིའི་དོན་དང་རྣམ་པར་རིག་པ་ཙམ་དུ་སྨྲ་བ་དག་གི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด