ཚད་མ་རྣམ་འགྲེལ་གྱི་རྒྱན

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๘ · หน้า 138a

ལུས་ཉེད་པར་ཡང་བྱེད་པར་འགྱུར། །གལ་ཏེ་འདི་ནི་ངན་སྤྱོད་ན། །ངན་སྤྱོད་འདི་ནི་མེད་པ་ཉིད། །ཇི་ལྟར་རང་གི་དོན་ལ་གནས་པ་བསམ་གཏན་གྱི་བདེ་བ་འདོད་པ་དེ་བཞིན་དུ་ཚོགས་པ་ཅན་མ་ཡིན་པའི་ཡན་ལག་དང་འབྲེལ་པའི་བདེ་བ་ཡང་ཡིན་ནོ། །

དེའམ་གཞན་ལ་བདེ་བར་ནི། །ཁྱད་པར་ཡོད་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་ཚོགས་པར་འབྱུང་བ་མ་ཡིན་པར་འགྱུར་རོ་ཞེ་ན། ཚོགས་པར་ནི་མི་འབྱུང་བ་ཉིད་ནི་མེད་པ་ཉིད་དེ་དེ་ཁྱད་པར་མེད་པའི་ཕྱིར་རོ། །དམྱལ་བ་ལ་སོགས་པར་འགྲོ་བའི་ཕྱིར་མི་རུང་ངོ་ཞེ་ན། མ་ཡིན་ཏེ། བདག་

ཉིད་ཆེན་པོའི་ཁྱད་པར་ཉིད་ཀྱིས་སོ། །གཞན་གྱི་དོན་དུ་དམྱལ་བར་འགྲོ་བར་ཁས་བླངས་པ་ནི། ཆེར་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་རོ། །འོན་ཏེ་ཚོགས་པར་དབྱུང་བ་མ་ཡིན་པའི་ཐ་སྙད་དང་གཞན་པ་དག་ནི་གོམས་པ་ལས་བདེ་བའི་རྒྱུར་འགྱུར་བ་ཡིན་ཏེ། དེས་ན་ཚོགས་པར་དབྱུང་བའི་

ཐ་སྙད་ཁས་བླངས་པ་ཉིད་དུ་སླའོ་ཞེ་ན། མ་ཡིན་ཏེ། ཁྱད་པར་དུ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་བདག་ལ་སྲེད་པ་དང་བཅས་པའི་དབང་གིས་ཉེས་པ་དང་ཉེས་པ་མེད་པ་མཉམ་པོར་བྱེད་དོ། །དེས་ན་ཉེས་པས་བསྒྲིབས་པས་ན། །ཡོན་ཏན་མཐོང་བ་ཡོངས་སྲེད་པ། །ང་ཡི་ཞེས་དེའི་

སྒྲུབ་བྱེད་ལེན། །དེས་ན་བདག་མངོན་ཆགས་པ་ན། །དེ་སྲིད་དེ་ནི་འཁོར་བར་འགྱུར། །བདག་དོན་དམ་པར་ཡོད་ན། གང་ཞིག་དེ་ལ་འཁོར་བ་དེ་ཡང་དོན་དམ་པ་ཉིད་དོ། །དེས་ན་དོན་དམ་པར་ཉེ་བར་མཁོ་བ་གང་ཡིན་པ། དེ་ཉིད་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་

ཞིང་། དེ་ལས་ནི་ཡོན་ཏན་དུ་ལྟ་བ་ངའི་ཞེས་དེའི་སྒྲུབ་བྱེད་ལེན་ནོ། །དེས་ན་བདག་ཏུ་མངོན་པར་ཞེན་པ་དེ་འཁོར་བར་འགྱུར་རོ། །བདེ་བའི་སྒྲུབ་བྱེད་གྲོང་གི་ཕག་མོའི་རེག་པ་ཡང་། དོན་དུ་གཉེར་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར། བདག་ཡོད་ན་ནི་གཞན་འདུ་ཤེས། །བདག་གཞན་

ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །བདག་དང་གཞན་ནི་རྣམ་པར་དབྱེ་བས་ནི་ཡོངས་སུ་འཛིན་པ་དང་། སྡང་བ་སྐྱེད་པར་འགྱུར་ཞིང་། དེ་ལས་ཡོངས་སུ་འཛིན་པ་སྡང་བ་དང་འབྲེལ་པའི་སྐྱོན་ཕྲག་དོག་དང་སེར་སྣ་ལ་སོགས་

เล่ม ๑๗๘ · หน้า 138b

པ་འབྱུང་བ་ཡིན་ནོ། །འོན་ཏེ་བདག་པོ་ཁོ་ན་ལ་ཞེན་གྱི། བདག་གི་བ་ལ་མ་ཡིན་ནོ། །དེས་ན་བདག་གི་བ་ལ་ཞེན་པ་མེད་པའི་ཕྱིར། ཚོགས་པར་མི་བཟོད་པའི་ཐ་སྙད་མེད་དོ་ཞེ་ན། འདིར་བརྗོད་པ། ངེས་པར་བདག་ལ་ཆགས་པ་ནི། །བདག་གི་ལ་ཆགས་མི་འབྲལ་ཞིང་། །ཉེས་

མེད་བདག་ལ་ཆགས་པ་དང་། །བྲལ་བའི་རྒྱུ་ཡང་ཡོད་མ་ཡིན། །བདག་ལ་ཆགས་པ་འཇུག་པ་ནི། །ཉེས་པ་མེད་པར་མི་ལྡོག་གོ། །བདག་ལ་ཆགས་པ་ལྡན་པ་ཡང་བདག་གི་བ་ལ་ཆགས་པ་མེད་པར་འགྱུར་བ་མ་ཡིན་ཏེ། དེས་ན་བདག་དང་བདག་གི་བ་ཡང་ཆགས་པ་དང་བཅས་

པར་འགྱུར་བས་ཉེས་པ་ཐམས་ཅད་བསྒྲིབས་པས་ཐམས་ཅད་དུ་འཇུག་པ་དང་། ལྡན་པར་འགྱུར་བའི་ཕྱིར། འདི་འཁོར་བ་དང་འབྲེལ་པ་ཉིད་ལོག་པ་མེད་པ་ཡིན་ནོ། །འོན་ཏེ་བདག་དང་བདག་གི་བ་ལ་ཞེན་པ་གཉིས་ཀ་འཁོར་བའི་རྒྱུ་ཡིན་པས་བདག་གི་བའི་ཞེན་པ་དང་འབྲེལ་པ་

ཉེས་པ་ཅན་ཡིན་པའི་ཕྱིར་དེ་ལ་མི་ཞེན་ཏེ། ཉེས་པ་གཞན་གྱི་སྐྱོན་ཆགས་པ་ལ་ཡང་ཞེན་པར་མི་བྱེད་ན་གང་ལ་ཞེན་པ་ཉིད་ཉེས་པ་ཅན་དུ་འགྱུར་བ་དེ་ལ་ལྟ་ཅི་སྨོས་ཤེ་ན། འདིར་བཤད་པ། གལ་ཏེ་ཆགས་པ་སྐྱོན་བཅས་ན། །དེ་ལས་ཅི་འགྱུར་དེ་སྤོང་འགྱུར། །འདི་ཡུལ་སུན་ཕྱུང་

མེད་པར་ནི། །དེ་སྤང་བར་ནི་ནུས་མ་ཡིན། །ཡུལ་ཉེས་པ་ཅན་དུ་འགྱུར་བའི་ཕྱིར་སྐྱོན་གཞན་གྱིས་ཞེན་པར་མི་འགྱུར་བ་ཞེས་བྱ་བ་འདི་ནི་རིགས་ཀྱི་ཡུལ་སྐྱོན་ཆགས་པ་མེད་པ་ལ་ཞེན་པ་མེད་པར་ནི་མི་རིགས་སོ། །བདེ་བའི་རྒྱུ་ལ་ནི་སྐྱོན་ཡོད་པར་མ་ཡིན་ཏེ། ཡོན་ཏན་ཡིན་པའི་ཕྱིར་

རོ། །འོན་ཏེ་ཞེན་པ་ཉིད་སྐྱོན་ཡོད་པར་ཡིན་ནོ་ཞེ་ན། ཡིན་མོད་ཅིར་འགྱུར་སྐྱོན་ཆགས་པ་ཡིན་པའི་ཕྱིར་ཞེན་པ་སྤོང་བར་བྱ་བར་འགྱུར་རོ་ཞེ་ན། །དེ་ནི་མེད་དེ། ཡུལ་ལ་སྐྱོན་མེད་པར་ཞེན་པ་སྤོང་བར་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར། ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །

འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བར། །ཡིན་གྱི་ཕྱི་ཚུལ་གང་གིས་ཡིན། །འདོད་པ་དང་སྡང་བ་དག་ནི་ཡོན་ཏན་དང་། སྐྱོན་མཐོང་བ་ལས་འགྱུར་བ་ཡིན་ནོ་ཞེས་རིགས་སོ། །བདག་གི་བདེ་བ་བསྒྲུབ་པ་ནི་ཡོན་ཏན་ཡིན་ལ། དེའི་སྡུག་བསྔལ་སྒྲུབ་པར་

เล่ม ๑๗๘ · หน้า 139a

བྱེད་པ་ནི་སྐྱོན་ཡིན་པས། གལ་ཏེ་དེ་དག་ཡོད་ན་ནི་འདོད་པ་དང་སྡང་བ་སྤངས་པ་མ་ཡིན་ནོ། །འོན་ཏེ་ཕྱིའི་དངོས་པོ་ཡོན་ཏན་ཅན་ཡང་འདོར་བ་ཡིན་ནོ་ཞེ་ན། དེ་ཡང་མེད་དེ། ཕྱི་རོལ་གྱི་དངོས་པོ་སྤོང་བ་ནི་ཕྱི་རོལ་གྱི་རྒྱུ་ལ་རག་ལས་པ་ཡིན་གྱི། ཞེན་པ་ནི་

དོན་མཐོང་བའི་སྟོབས་ཀྱིས་གཞན་དང་གཞན་སྐྱེ་བ་ཡིན་པས་ཇི་ལྟར་འདོར་བར་ནུས། ཡུལ་ནི་ཡོན་ཏན་དང་ལྡན་པ་ཉིད་ཀྱིས་ཞེན་པའི་ཡུལ་ཉིད་དང་ཉེ་བར་ལེན་པ་ཉིད་ཡིན་ལ་དེ་མེད་པའི་ཕྱིར་ནི་དེར་ཞེན་པ་འདོར་བ་དང་། བླང་བར་བྱ་བ་མ་ཡིན་ནོ། །ཞེན་པ་ཡོན་ཏན་དང་ལྡན་

པའི་ཕྱིར་ཉེ་བར་ལེན་པ་ནི་མ་ཡིན་ཏེ། འོན་ཀྱང་ཡུལ་གྱི་ཡོན་ཏན་གྱིས་ཡིན་ནོ། །དེས་ན་ཡུལ་ཡོན་ཏན་ཅན་གྱི་རྒྱུ་ཡོད་པའི་ཕྱིར་ཞེན་པ་མི་སྐྱེ་བར་ག་ལ་འགྱུར། ཆགས་ཡོན་ཏན་གྱི་ཆགས་མིན་གྱི། །དོན་གྱི་ཡོན་ཏན་མཐོང་བས་ཡིན། །མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་

བུ་གང་གིས་ཟློག་པར་བྱེད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཞན་ཡང་། ཆགས་ལ་སྐྱོན་ཡང་གང་ཞིག་མཐོང་། །གལ་ཏེ་སྡུག་བསྔལ་བརྟེན་ཞེ་ན། །དེ་ལྟར་འདི་ལ་ཆགས་བྲལ་མིན། །རང་གིར་མཐོང་ཕྱིར་དཔེར་བདག་བཞིན། །སྡུག་བསྔལ་གྱི་རྟེན་ནི་དང་

པོ་ཉིད་དུ་བདག་ཡིན་ཏེ། བདག་ཡོད་ན་ཕྱིས་ཞེན་པ་སྡུག་བསྔལ་གྱི་རྒྱུར་འགྱུར་གྱི། བདག་མེད་ན་སུ་ཞིག་སྡུག་བསྔལ། དེ་ལ་གཉི་ག་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། གཉི་ག་ལ་ཆགས་པ་དང་བྲལ་བའམ། ཡང་ན་གཅིག་ལ་ཡང་མ་ཡིན་ནོ། །འོན་ཏེ་འདི་སྙམ་དུ་བདག་གི་

སྡུག་བསྔལ་ནི་རྒྱུ་ཉིད་ནི་གཞན་གྱིས་བྱས་པ་ཡིན་ཏེ། དེ་རང་ཉིད་ལ་བརྟེན་པའི་སྐྱོན་ནི་མ་ཡིན་ཏེ། བདག་དང་བདག་ཏུ་ཞེན་པ་དང་ཆོས་དང་ཆོས་མ་ཡིན་པ་དང་། འདུ་བྱེད་དང་ལྷན་ཅིག་པའི་བདག་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ་སྙམ་ན། འདིར་བཤད་པ། གལ་ཏེ་དེ་མེད་

བདག་སྡུག་བསྔལ། །རྒྱུ་མིན་དེ་ཡང་དེ་དང་འདྲ། །དེ་ལྟར་གཉི་ག་སྐྱོན་མེད་པ། །དེས་ན་གཉིས་ལ་ཆགས་བྲལ་མིན། །སྐྱོན་མེད་པར་ནི་སུ་ཡང་ཆགས་པ་དང་བྲལ་བ་མ་ཡིན་ནོ། །བདག་ཏུ་ཞེན་པ་ལ་སོགས་པ་ནི། བདག་ལ་བརྟེན་པ་མེད་པར་སྡུག་བསྔལ་གྱི་རྒྱུ་མ་ཡིན་ཏེ།

เล่ม ๑๗๘ · หน้า 139b

དེས་ན་དེ་དག་ཀྱང་བདག་བཞིན་སྐྱོན་མེད་པ་ཡིན་ན། དེས་ན་ཆགས་པ་དང་བྲལ་བ་མི་སྲིད་དོ། །གལ་ཏེ་སྦྲུལ་བཟུང་ཡན་ལག་བཞིན། །སྡུག་བསྔལ་བསྒོམས་པས་སྤོང་འགྱུར་ན། །བདག་གི་བ་བློ་བཅོམ་པས་ནི། །དོར་བ་ཡིན་གྱི་བཟློག་ལ་མིན། །དབང་པོ་ལ་སོགས་ལོངས་སྤྱོད་ཀྱི། །རྟེན་

ཉིད་དུ་ནི་བཟུང་བ་ལ། །རང་བློ་གང་གིས་བཟློག་འགྱུར་ཏེ། །དེ་ལ་ཆགས་བྲལ་དེ་གང་ལས། །གལ་ཏེ་བདེ་བའི་རྒྱུ་ཉིད་ནི་ཞེན་པའི་རྒྱུ་མཚན་ཡིན་ཏེ། དེས་ན་དེ་ལ་བཟློག་པ་ཡོད་པ་ལས་ཆགས་པ་དང་བྲལ་བ་མ་ཡིན་ནམ། གནོད་པ་བྱེད་པ་ལ་ཞེན་པ་མ་ཡིན་ནོ་ཞེ་ན། འདི་ལ་སྨྲས་པ། བདག་གི་

བའི་བློའི་ཡུལ་ལ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ཡང་། སྲེད་པ་མི་འབྲལ་བར་མཐོང་ངོ་། །དེས་ན་བདག་གི་བའི་བློ་དོར་བས་ཆགས་པ་དང་བྲལ་བ་ཡིན་ནོ། །བདག་གི་བའི་བློ་ཉིད་ཡོངས་སུ་འདོར་ཞེ་ན། ལོངས་སྤྱོད་ཀྱི་རྟེན་ཉིད་དུ་རྟོགས་པ་ལུས་ལ་སོགས་པ་ལ་འགའ་ཡང་བདག་གི་བའི་བློ་

དང་བྲལ་བ་མེད་དོ། །འདི་ལྟར་ལྷར་གྱུར་ཅིག་ཅེའམ། ཀླུར་གྱུར་ཅིག་ཅེས་བདག་གི་ལུས་ལ་སོགས་པ་ཁྱད་པར་ཅན་དུ་གྱུར་ཅིག་ཅེས་དེ་དག་ལ་བདག་གི་བའི་བློ་བྱེད་དོ། །དེས་ན་དེ་ལྟ་བུའི་བློ་དང་ལྡན་པ་ཉིད་ཅི་ལྟར་ཆགས་པ་དང་བྲལ་བ་ཡིན། འདི་ལྟར། ལུས་ལས་བོག་པའི་སྐྲ་སོགས་

ལ། །ཡིད་བྱུང་བློ་ནི་སྐྱེ་འགྱུར་ཞིང་། །གཞན་ལ་ཞེན་བཅས་སྐྱེ་འགྱུར་བ། །ཐམས་ཅད་ཀྱི་ནི་མངོན་སུམ་ཡིན། །གང་གི་ཚེ། སྐྲ་ལ་སོགས་པ་ཉེ་བར་སྤྱོད་པའི་ཡུལ་ཉིད་ཡིན་པ་དེའི་ཚེ། བདག་གི་བའི་བློ་ཞེན་པ་དང་བཅས་པ་ཉིད་སྐྱེད་པར་བྱེད་ལ། གང་གི་ཚེ་བཟློག་པ་དེའི་ཚེ་

ཞེན་པ་དང་བཅས་པ་དང་བྲལ་བའི་རང་བཞིན་ཆགས་པ་དང་བྲལ་བ་ཉིད་སྐྱེད་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་ཡིན་ནོ། །གཞན་ཡང་བྱེ་བྲག་པ་ལ་སོགས་པ་རྣམས་ཀྱི། དེ་ལ་འདུ་སོགས་འབྲེལ་པ་ལས། །རང་གི་བློ་ནི་སྐྱེ་འགྱུར་བའི། །འབྲེལ་དེ་དེ་བཞིན་

ཉིད་གནས་ཕྱིར། །མཐོང་དུ་ཟིན་ཀྱང་སྤོང་མི་འགྱུར། །བདེ་བ་ལ་སོགས་པ་དང་འདུ་བའི་འབྲེལ་པའོ། །ལུས་དང་ནི་ལྡན་པའོ། །ལུས་ལ་བརྟེན་པའི་གཟུགས་ལ་སོགས་པ་དང་ནི་ལྡན་པར་འགྱུར་བ་ལ་འདུ་བའོ། །གཟུགས་ཉིད་ལ་སོགས་པ་དང་ནི་ལྡན་པར་གྱུར་པ་ལ་འདུས་པར་འདུ་བའོ། །

เล่ม ๑๗๘ · หน้า 140a

ཉན་པའི་དབང་པོ་དང་ནི་ལྡན་པའོ། །མིག་ལ་སོགས་པ་དང་ནི་ལྡན་པ་ཅན་ལ་ལྡན་པའི་ཕྱིར། བདག་དང་འབྲེལ་པ་དང་མི་འབྲལ་བ་ཡིན་ཏེ། དེས་ན་ཉེས་པ་མཐོང་བ་ཡང་དེ་དག་ལ་ཉེས་པ་སྤོང་བ་མ་ཡིན་ནོ། །འོན་ཏེ་འདུ་བ་ལ་སོགས་པའི་འབྲེལ་པ་ཁས་མི་

ལེན་ན། དེས་ཡང་ལེན་གླན་པ་ནི། འདུ་བ་ལ་སོགས་མེད་ན་ཡང་། །ཕན་འདོགས་ཉིད་ནི་ཀུན་ལའང་ཡོད། །ཕན་འདོགས་པ་ལས་ཐམས་ཅད་ལ། །ཆགས་པ་སྐྱེ་བ་ཡིན་ཏེ། དེས་ན་ཆགས་པ་དང་བྲལ་བ་སྐྱེ་བར་ག་ལ་འགྱུར། ཅི་སྟེ་ཕ་རོལ་ཕྱིར་ཟློག་པར་བྱེད་དེ། །སྡུག་བསྔལ་

བསྐྱེད་ཕྱིར་སོར་མོ་བཞིན། །རང་གི་བློ་ནི་མི་འགྱུར་ན། །གཅིག་ཏུ་དེ་ནི་སྡུག་བསྔལ་མིན། །ཕལ་ཆེར་དུག་བཅས་ཟས་བཞིན་ནོ། །ཇི་ལྟར་དེ་སྡུག་བསྔལ་ཡིན་པ་དེ་བཞིན་དུ་བདེ་བ་ཡང་ཡིན་ཏེ། དུག་དང་བཅས་པའི་ཟས་བཞིན་ནོ། །དུག་དང་བཅས་པའི་ཟས་ནི་སྡུག་བསྔལ་ཉི་ཚེ་མ་

ཡིན་ཏེ། བདེ་བ་ཉིད་ཀྱང་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་གྲོང་གི་ཕག་མོ་ལ་སོགས་པ་སྡུག་བསྔལ་ཡིན་ཡང་རྣམ་པ་འགའ་ཞིག་གིས་བདེ་བ་ཉིད་དུ་འགྱུར་བ་ཡིན་ནོ། །དེས་ན་དབང་པོ་ལ་སོགས་པ་ནི་དོར་བའི་ཡུལ་མ་ཡིན་ནོ། །གལ་ཏེ་དེ་འདྲ་བ་སྡུག་བསྔལ་དང་འདྲེས་པ་ནི་སྡུག་

བསྔལ་ཉིད་དོ་ཞེ་ན། དེ་ལྟ་ན་འོ་ན་བདེན་པ་དང་འབྲེལ་པས་བདེན་པ་ཉིད་དོ་ཞེས་བྱ་བར་འགྱུར་རོ། །གཞན་ཡང་། ཁྱད་པར་ཅན་དེ་ལ་ཆགས་པས། །དེ་འགའ་བ་ལ་ཆགས་བྲལ་འགྱུར། །བསམ་མེད་བདག་ལ་ཆགས་པ་ཡིས། །ཇི་ལྟར་རྙེད་བཞིན་ཆགས་པ་འཇུག །བུད་མེད་

དག་ནི་མ་རྙེད་པ། །དུད་འགྲོ་ལ་འདོད་སྤྱོད་མཐོང་བཞིན། །གལ་ཏེ་ཁྱད་པར་ཅན་གྱི་བདེ་བ་རྙེད་པ་ཡིན་ན་གཞན་དུ་ཆགས་པ་དང་བྲལ་བར་འགྱུར་བ་ཡིན་ན། རྣམ་པར་དཔྱོད་པ་མེད་པ་ལ་ནི་ཁྱད་པར་ཅན་གྱི་བདེ་བ་འདོད་པ་ཡོད་པ་མ་ཡིན་ཏེ། དཔྱོད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དཔྱོད་

པར་འགྱུར་རོ་ཞེ་ན། འོ་ན་དཔྱོད་པ་ཉིད་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དཔྱོད་པ་ཉིད་ལ་ཆགས་པ་དང་བྲལ་བར་འགྱུར་རོ། །འོན་ཏེ་དཔྱོད་པ་ནི་གདོན་མི་ཟ་བ་ཁོ་ནར་རྒྱུའི་སྟོབས་ལས་བྱུང་ངོ་ཞེ་ན། དེ་ལྟ་ན་འོ་ན་བདག་མེད་པར་རྟོགས་པ་ཡང་དཔྱོད་པ་ལས་འབྱུང་བ་བཟློག་པ་མེད་

เล่ม ๑๗๘ · หน้า 140b

པས་བདག་ཏུ་ལྟ་བ་ལས་ཐར་པ་མ་ཡིན་ནོ། །བདག་བསྒོམས་པ་ནི་མི་སྲིད་པ་ཉིད་དོ། །བདག་དེ་བདེ་བ་ལ་སོགས་ཀྱི། །རྟེན་འགྱུར་ཅི་འདྲ་དེ་འདྲ་ཉིད། །བསྒོམས་ལས་འགྱུར་ཕྱིར་དེ་འདྲ་ཉིད། །དེ་ནི་གཞན་དུ་ག་ལ་འགྱུར། །བདག་དེ་ནི་བློ་དང་བདེ་བ་དང་སྡུག་བསྔལ་འདོད་པ་ལ་

སོགས་པའི་རྟེན་ཡིན་པས། བསྒོམས་ཀྱང་འདི་ནི་དེ་འདྲ་བ་ཁོ་ནར་འགྱུར་རོ། །འོན་ཏེ་སྐྱེས་བུའི་བྱེད་པ་ལ་བརྟེན་པའི་ཕྱིར་དེ་ཉེས་པ་དང་བྲལ་བར་བྱེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། སོལ་བ་ཇི་ལྟར་བདར་ཡང་ནི། །ནམ་ཡང་དཀར་པོར་འགྱུར་མ་ཡིན། །གང་གི་རང་བཞིན་དང་འབྲེལ་བ། །

འགས་ཀྱང་བཟློག་པར་བྱར་ཡོད་མིན། །ཉེས་ཅན་རང་བཞིན་རང་ཉིད་ཀྱི། །ཉེས་པ་བཟློག་པར་ནུས་མ་ཡིན། །ཉེས་ཅན་ཅི་ལྟར་ཉེས་མེད་འགྱུར། །དེ་ནི་འགར་ཡང་གཞན་འགྱུར་མིན། །དེ་ཉིད་ཀྱི་ཕྱིར་བཤད་པ། བདག་ནི་འདོད་པ་གང་ཡིན་དེ། །ཇི་ལྟར་དེ་ནི་འཇིག་པར་

འདོད། །ཆགས་སོགས་ཅན་བདག་སྐྱོན་ཅན་ཏེ། །དེ་ལྡན་པས་ཡིན་རང་རྐྱང་ཡིན། །དབྱུག་ལྡན་པས་ན་དབྱུག་ཅན་ཉིད། །དབྱུག་ཅན་ཇི་ལྟར་དངོས་པོ་ཡིན། །འདོད་ཆགས་ལ་སོགས་མ་མྱོང་བར། །འདོད་ཆགས་ཅན་སོགས་འགྱུར་མི་སྲིད། །གལ་ཏེ་མྱོང་སྟེ་ཆགས་ཅན་

ན། །བུད་མེད་རྟོགས་ཕྱིར་དེ་ལྟར་འགྱུར། །འབྲེལ་ཕྱིར་དེ་ནི་ཆགས་ལྡན་ཏེ། །ཆགས་སོགས་མྱོང་བ་ལས་མ་ཡིན། །ཆགས་སོགས་མྱོང་བས་རྣལ་འབྱོར་པ། །གཞན་གྱི་ཆགས་པས་ཆགས་ཅན་འགྱུར། །ཐ་དད་པ་ལ་ལྡན་པ་དང་། །འདུ་བ་ཁྱད་པར་ཅི་ཞིག་ཡོད། །ཐ་དད་རྟོགས་མེད་

ལས་ཤེ་ན། །འོ་ན་ཐ་དད་གང་ལས་འདོད། །བདག་ནི་རང་བཞིན་ཐ་དད་ན། །བདག་རིག་མེད་པས་ཇི་ལྟར་ན། །རང་རིག་རང་བཞིན་རིག་ན་ནི། །འཁྲུལ་མི་སྲིད་ཅེས་བསྒྲུབས་ཟིན་ཏེ། །འོན་ཏེ་འདི་ནི་བུམ་པ་ཡི། །རང་བཞིན་རིག་བཞིན་རིག་ཡིན་ན། །གཟུང་བྱ་ཡིན་ཕྱིར་འདི་འཛིན་མིན། །

དེས་འདི་ཟ་བ་པོར་མི་འགྱུར། །རོ་ལ་སོགས་སྤྱོད་བྱ་ཉིད་ལས། །སྤྱོད་པ་ཉིད་ནི་དམིགས་པ་ཉིད། །སྤྱོད་པོ་དེ་ལས་གཞན་འགྱུར་བ། །དེ་ལྟར་ཡིན་ཕྱིར་ཐུག་མེད་འགྱུར། །གལ་ཏེ་དེ་དང་ལོངས་སྤྱོད་པ། །འབྲེལ་ཕྱིར་སྤྱོད་པོར་དེ་བརྗོད་ན། །སྤྱོད་པ་ཉམས་མྱོང་ལས་གཞན་མིན། །དེ་

เล่ม ๑๗๘ · หน้า 141a

ཡང་སྤྱད་བྱ་ལ་གནས་བློ། །ང་ལ་ང་ཡི་འདི་ལ་ཞེས། །འཇིག་རྟེན་རབ་སྨྲ་དེ་འདྲ་ཡིན། །དེས་ན་རྟེན་དང་བརྟེན་པ་ཡི། །དངོས་པོ་གཉི་ག་ལ་ཡང་ཡོད། །ཇི་སྟེ་རྗེས་སུ་དཔག་བྱ་དེ། །སྤྱོད་པོ་ཞེས་ནི་རྗོད་བྱེད་ན། །མངོན་སུམ་མི་སྲིད་དེ་ལ་ནི། །རྗེས་དཔག་

ཡོད་པ་མིན་ཞེས་གནས། །འོན་ཏེ་དེ་ནི་རྣལ་འབྱོར་པ། །ཉིད་ཀྱིས་རྟོགས་བྱ་ཞེས་བརྗོད་དེ། །ཤིན་ཏུ་ཕྲ་བའི་ཕྱིར་ན་དེ། །ངེད་ཅག་ལྟ་བུས་རིག་མིན་ན། །ད་ལྟར་རེ་ཞིག་བདག་ཅག་ལ། །དེ་རིག་པ་ནི་སྲིད་མ་ཡིན། །དེ་ཡི་གནས་སྐབས་ཐོབ་པ་རྣམས། །ཇི་ལྟར་འགྱུར་བ་ཅི་ཆ་

ཡོད། །རྣལ་འབྱོར་པ་དངོས་ཉེར་གཞག་ནས། །གལ་ཏེ་དངོས་པོ་ངེས་བྱེད་ན། །ཁོ་བོ་ཅག་ནི་རྣལ་འབྱོར་པས། །དེ་མེད་པར་ནི་མི་བྱེད་མིན། །དེ་ཕྱིར་བདག་ནི་རང་རིག་པའི། །རང་བཞིན་ཉིད་དུ་ཁས་བླངས་དགོས། །དེ་ལྟ་མ་ཡིན་ན་དེ་མེད་པར་ཐལ་བའི་ཕྱིར་རོ། །དེ་ཡང་བདེ་

བ་ལ་སོགས་པ་རིག་པའི་རང་བཞིན་ཡིན་པས་གལ་ཏེ་གཞན་དུ་འགྱུར་ན་ནི་དེ་ཞིག་པ་ཉིད་དུ་འགྱུར་ན། བདག་འདོད་པ་གང་ཡིན་པ་དེ་ཇི་ལྟར་འཇིག་པར་འདོད། གལ་ཏེ་དེས་བདག་སྡུག་བསྔལ་བར། །འདོད་བྱ་སྡུག་བསྔལ་བདེན་མིན་ཉིད། །སྡུག་བསྔལ་གནས་སྐབས་ཞིག་ན་ནི། །རང་

ཉིད་ཞིག་པར་འགྱུར་བ་ཡིན། །གལ་ཏེ་དེ་ཡི་གནས་སྐབས་ནི། །ཞིག་འདོད་གནས་སྐབས་ཅན་མིན་ན། །དེ་ཡི་ངོ་བོ་ལས་གཞན་པ། །གནས་སྐབས་ཅན་ནི་དམིགས་པ་མེད། །ཇི་སྟེ་ཡང་རིག་པའི་རང་བཞིན་ནི། མི་འཇིག་པ་ཉིད་དེ་ཞིག་པ་ནི་བདེ་བ་ལ་སོགས་པ་ཉིད་ཡིན་ནོ་ཞེ་ན། དེ་ཡང་

སྙིང་པོ་མེད་དེ། བདེ་བ་ལ་སོགས་ཐ་དད་ཕྱིར། །སྤྱོད་པའང་ཐ་དད་ཐལ་འགྱུར་ཏེ། །བདེ་སོགས་ལས་ནི་ཐ་དད་པའི། །རིག་པ་དམིགས་སུ་མེད་ཕྱིར་རོ། །བདག་ཏུ་གྱུར་པ་ཐ་དད་པས། །ཐ་དད་མེད་པ་དམིགས་མིན་ཏེ། །ཇི་ལྟར་ཐ་དད་དེ་ཉིད་ལ། །ཐ་མི་དད་པ་མི་དམིགས་བཞིན། །རིག་

པ་རིག་པ་ཞེས་བྱ་བས། །གལ་ཏེ་ཐ་མི་དད་རིག་ན། །དེ་ཕྱིར་གཞན་གྱི་བདག་ཀྱང་ནི། །གཞན་གྱི་བདག་ཏུ་རང་འགྱུར་རོ། །དེ་ནི་རིག་པ་མ་ཡིན་ཞེས། །བྱ་བ་འདི་ཡང་འཐད་པར་དཀའ། །རིག་པའི་དངོས་པོ་མིན་ན་ནི། །གཞན་པ་ཐམས་ཅད་བདག་མེད་འགྱུར། །དེ་ནི་སོ་སོར་རིག་ཅེ་ན། །གང་

เล่ม ๑๗๘ · หน้า 141b

དུའང་གཅིག་པ་ཉིད་མི་འགྱུར། །དེས་ན་སྔ་མ་ཕྱི་མ་དང་། །གཅིག་ཉིད་མིན་ཕྱིར་ཞིག་པ་ཡིན། །ད་ལྟ་ཡིན་དང་། བདག་ནི་འདོད་པ་གང་ཡིན་དེས། །རྣམ་པར་འཇིག་པར་ཇི་ལྟར་འདོད། །ཐེར་ཟུག་རྟག་པ་ཉིད་ཡིན་ན། །དེ་ཉིད་ལ་གནས་འདོད་པར་གྱིས། །གལ་ཏེ་ངོ་ཤེས་སྟོབས་ཀྱིས་

འདིར། །ཧ་ཅང་ཐལ་བར་མེད་ཅེ་ན། །དེ་ཡི་རང་བཞིན་ཡོད་པ་ལ། །ངོ་ཤེས་དེ་ཉིད་ཅིས་མི་འདོད། །ཡུལ་མེད་པར་ནི་ཐོགས་མེད་ཀྱི། །བག་ཆགས་ལས་ནི་བྱུང་བ་ཅན། །ངོ་ཤེས་པ་ནི་དངོས་པོ་རྣམས། །རྣམ་པར་འཇོག་པའི་རྒྱུ་མ་ཡིན། །གལ་ཏེ་ཐེར་ཟུག་རྟག་ཉིད་ན། །གོང་ནས་གོང་དུ་

རིག་མེད་འགྱུར། །དེ་ལྟ་ན་ཡང་དེ་རྟག་ཉིད། །ཁྱོད་ཀྱིས་འདོད་པ་གྲུབ་པ་ཡིན། །མཚུངས་པ་ཉིད་དུ་དམིགས་ན་ཡང་། །འདི་ནི་གཅིག་ཉིད་འདོད་འགྱུར་ན། །མི་མཚུངས་པར་ནི་དམིགས་པས་ན། །ཐ་དད་གསལ་བས་ཞིག་པ་ཡིན། །གལ་ཏེ་ཐེར་ཟུག་པ་ཡིན་ན། །གོང་ནས་གོང་

དུ་དམིགས་པར་མི་འགྱུར། དེ་ལྟ་ན་ཡང་འགྱུར་བ་མེད་པ་ཉིད་དང་། དམིགས་པ་རིག་པ་མེད་པས་རྟག་པ་ཉིད་དོ། །དེའི་ཕྱིར་དམིགས་པ་རིག་པ་ལྡན་པ་ཡིན་ན་དེ་ཁོལ་བུ་ཉིད་དུ་དམིགས་པས། ཞིག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་ན་ཡང་རིམ་གྱིས་དམིགས་པར་འདོད་ན་ཡང་།

ཞིག་པ་ཉིད་དུ་འདོད་པར་ཐལ་ལོ། །དེས་ན། བདག་ནི་འདོད་པ་གང་ཡིན་ཏེ། །དེ་ནི་ཇི་ལྟར་ཞིག་པར་འདོད། །མི་དམིགས་པ་ཇི་ལྟར་འདོད་ཅེ་ན། ཤི་བ་བས་ནི་ཉམ་ཆུང་བླ། །འདི་འདོད་འཚོ་བ་མཆོག་ཡིན་གྱི། །ཤི་མིན་མཐོང་བས་འདི་ཡི་ནི། །འཚོ་བ་འགོག་པར་བྱེད་པ་ཡིན། །གལ་ཏེ་

མ་མཐོང་བ་དེས་ཅི་བྱ་ཞེ་ན། དེའི་ཕྱིར་སླར་ཡང་མཐོང་བར་འདོད་དགོས་སོ། །དེ་ལྟ་ཡིན་དང་རིམ་ཅན་དུ། །འགྱུར་བས་ཞིག་པ་དེ་ཉིད་དུ་འགྱུར་རོ་ཞེ་ན། འདི་ནི་འདིའི་བདག་ཉིད་དུ་སྨྲ་བའི་ཞེས་པ་གཞན་ཡིན་ནོ། །ཡང་ན་མཚུངས་པའི་རང་བཞིན་དམིགས་པ་ལས། སྔ་མ་དང་ཕྱི་མ་གཅིག་

ཉིད་དེ་རིག་པ་ཡིན་ན། ཐ་དད་པ་དམིགས་ན་ནི་ཐ་དད་པ་ཉིད་དུ་གསལ་ལོ། །དེ་ལྟ་ཡིན་དང་སྔ་མ་ཞིག་པར་འགྱུར་རོ། །དེ་ལྟ་ན་ཡང་། བདག་ནི་འདོད་པ་གང་ཡིན་ཏེ། །དེ་ནི་ཇི་ལྟར་ཞིག་པར་འདོད། །ཡང་ན་རྟོགས་པའི་རང་བཞིན་ཉིད་ཀྱིས། བདག་ཐམས་ཅད་ནི་གཅིག་པ་ཉིད་དོ། །དེ་ནི་ཁྱད་

เล่ม ๑๗๘ · หน้า 142a

པར་ཐ་དད་པས་ཐ་དད་པ་ལ་བརྟེན་པ་ཡིན་ཏེ། དཔེར་ན་ནམ་མཁའ་གཅིག་ཉིད་ལ། བུམ་པའི་ནམ་མཁའ་སྣམ་བུའི་ནམ་མཁའ་ཞེས་ནམ་མཁའ་ཐ་དད་པར་འགྱུར་བ་བཞིན་ནོ། །དེས་ན་བདག་རྣམས་ཀྱི་ཐ་དད་པ་ནི་མ་རིག་པས་བྱས་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན། གལ་ཏེ་

གྲོལ་ལ་འཁྲུལ་མེད་པས། །གཞན་གྱི་བདག་ཏུ་གནས་ན་ནི། །བདག་ཉིད་གཅིག་པུ་དེ་ཉིད་ན། །དེ་ཡི་གནས་སྐབས་ཉིད་དུ་གནས། །གལ་ཏེ་བུམ་པའི་ནམ་མཁའ་བུམ་པ་མེད་ན་ནི་མེད་པར་འགྱུར་བ་དེ་བཞིན་དུ་མ་རིག་པ་མེད་ན་སྲོག་ཆགས་མེད་པར་འགྱུར་ན། དེ་ལྟ་ཡིན་ན།

བུམ་པའི་ནམ་མཁའ་མེད་ན། གཞན་དང་ལྷན་ཅིག་ནམ་མཁའ་ཉིད་དུ་གཅིག་ཏུ་འགྱུར་བའི་ཕྱིར་ནམ་མཁའི་རྣམ་པར་དབྱེ་བ་མེད་པ་དེ་བཞིན་དུ་བདག་གི་རྣམ་པར་དབྱེ་བ་ཡང་མེད་པར་འགྱུར་བའི་ཕྱིར་རང་དང་གཞན་གྱི་རྣམ་པར་དབྱེ་བ་མེད་པས་བདག་ཞིག་པ་ཉིད་དུ་འགྱུར་ཏེ། ངའོ་ཞེས་གཞན་

རྣམ་པར་གཅད་པས་བདག་ཡིན་པའི་ཕྱིར་རོ། །ནམ་མཁའ་ཉིད་དུ་ཉེ་བར་སོན་པ་ནི་བྱ་བ་དང་ལོངས་སྤྱོད་པ་ལ་སོགས་པ་མེད་པས་ནམ་མཁའ་ལས་ཁྱད་པར་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། བདག་ནི་འདོད་པ་གང་ཡིན་དེ། །དེ་ནི་ཇི་ལྟར་ཞིག་པར་འདོད། །འདི་ནི་དངོས་པོའི་སྟོབས་ཀྱིས་

འོངས་པ་ཡིན་ནོ་ཞེ་ན། འོ་ན་ནི་བདག་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །རང་གི་རང་བཞིན་ཙམ་རིག་པའི། །ཁྱབ་པ་དེ་ནི་གང་ཡིན་བརྗོད། །དུ་མའི་ལུས་ནི་གནས་པ་ལ། །དངོས་སུ་ཁྱབ་པ་ཡིན་ཞེས་བརྗོད། །དུ་མའི་དུས་ནི་ཁྱབ་པ་ལ། །རྟག་པ་ཞེས་ནི་བརྗོད་པ་ཡིན། །ཁྱབ་མིན་

རྟག་པ་མ་ཡིན་པ། །ཇི་ལྟར་བདག་ཏུ་རྣམ་པར་གནས། །འོན་ཏེ་འདི་བུམ་པ་ལ་སོགས་པ་གཞན་གྱི་རང་བཞིན་དུ་གནས་པ་ཡིན་ན། དེ་ལྟ་ཡིན་ན་ཤིན་ཏུ་གསལ་བར་འཁོར་བ་ཉིད་དེ། ལྷ་སྦྱིན་ལ་སོགས་པའི་རང་བཞིན་དུ་རྣམ་པར་གནས་པའི་ཕྱིར་རོ། །དེའི་ཕྱིར་ཐར་པར་འགྱུར་ན་དེ་

ནམ་མཁའ་བཞིན་དུ་མེད་པ་ཉིད་དུ་འགྱུར་བ་ཉིད་དོ། །དེ་འདྲ་བའི་ཐར་པས་ནི་དགོས་པ་ཅི་ཡང་མེད་པའི་ཕྱིར་རོ། །ཀྱེ་མ། རྣལ་འབྱོར་པ་རྣམས་ནི་རྟག་པ་སྔོན་དུ་བྱེད་པ་ཆེན་པོ་ཡིན་ནོ། །འོན་ཏེ་དོན་དམ་པར་ན་བདག་བྱ་བ་དང་ལོངས་སྤྱོད་པ་ལ་སོགས་པའི་རྟེན་མ་ཡིན་ཏེ། འདིའི་དེ་ཉིད་ནི་མ་

เล่ม ๑๗๘ · หน้า 142b

རིག་པའི་དབང་ཉིད་ཀྱིས་ཡིན་ནོ། །དེ་བཞིན་དུ་ཞེན་པ་ལ་སོགས་པ་ཡང་ངོ་ཞེ་ན། འདི་ལ་ལན་བརྗོད་པ་ནི། མྱོང་བ་དང་ནི་ཐ་སྙད་དང་། །ཡོན་ཏན་ཀུན་གྱི་རྟེན་ལོག་པ། །ཇི་ལྟར་ཞེན་པ་ཡིན་འདོད་དེ། །ཞེན་པའི་རང་བཞིན་དེ་ལྟར་མིན། །ཐ་སྙད་ཐམས་ཅད་ལས་འདས་པའི་བདག་

ནི། རྡོ་དང་ཤིང་བལ་ལ་བརྟེན་པའི་ནམ་མཁའི་བདག་ཉིད་ཡིན་ནོ། །དེས་ན་གང་ཞིག་དེ་ལ་ཞེན་པ་དེ་ནི་དེ་དང་འདྲ་བར་འདོད་པ་མ་ཡིན་ཏེ། དེ་འདྲ་བ་ནི་ཞེན་པའི་རང་བཞིན་ཉིད་དུ་འགྱུར་བ་མ་ཡིན་ནོ། །འགྱུར་བ་ཉིད་དུ་ཡིན་ན་ཡང་རྟོག་པ་སྔོན་དུ་གཏོང་བ་མ་ཡིན་པ་ཉིད་དུ་གསལ་

འདེབས་པ་ཡིན་ནོ། །དེ་བས་ནི་འཁོར་བ་དོན་དུ་གཉེར་བ་བླའོ། །འཁོར་བ་པའི་བདེ་བ་ནི་ཡོངས་སུ་ཚིམ་པ་སྐྱེད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། སྨྲས་པ། མྱ་ངན་འདས་པའི་བདེ་བས་ཀྱང་། །ཡོངས་སུ་ཚིམ་པར་བྱེད་ནུས་མིན། །བདེ་ཕྱིར་དོན་གཉེར་བྱ་ཉིད་པས། །བདེ་བ་ཐམས་

ཅད་སྤང་བར་བྱ། །བདེ་བ་དོན་གཉེར་བྱ་མིན་ཞེས། །བྱ་བ་འགའ་ཡང་ཡོད་མ་ཡིན། །དེས་ན་བདེ་བ་ཐམས་ཅད་ཕུན་སུམ་ཚོགས་པ་གནས་ཀྱང་དེ་བས་ཕུལ་དུ་བྱུང་བའི་བདེ་བ་གཞན་འདོད་པ་ཉིད་དང་། བདེ་བ་དེ་ཉིད་ཀྱང་ཡང་ནས་ཡང་དུ་དོན་དུ་གཉེར་བའི་ཕྱིར། འདི་ལ་དོན་དུ་གཉེར་

བ་མ་ཡིན་པའི་སེམས་མེད་དོ། །དོན་དུ་གཉེར་བ་ཞེས་བྱ་བ་འདི་ཡང་སྲེད་པའི་མིང་གི་རྣམ་གྲངས་ཅན་ཆེར་སྡུག་བསྔལ་ཆེན་པོ་ཡིན་ནོ། །དེས་ན་བདེ་བ་ཐམས་ཅད་ཡོངས་སུ་ཚིམ་པ་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་བདེ་བ་ནི་འགའ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་མེད་

དོ། །འདི་ལྟར་དེ་ནི་རྣམ་གྲངས་ཀྱི་བདེ་བ་ཐམས་ཅད་འདོད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་སྲེད་པ་དང་ལྡན་པ་བདེ་བ་དེ་ཉེ་བར་ལེན་པ་ལ་སོགས་པར་བྱེད་པ་དེས་ད་འདི་ནི་འཁོར་བ་པ་ཉིད་དུ་གནས་པར་འགྱུར་རོ། །གལ་ཏེ་ཆགས་པ་དང་བྲལ་བ་ཡང་མཐོང་བ་ཉིད་མ་ཡིན་ནམ་ཞེ་ན། མ་མཐོང་བ་

ནི་མ་ཡིན་མོད་ཀྱི། འོན་ཀྱང་དེ་ནི་བདེ་བ་ལ་རིག་པ་ཉིད་དོ། །གང་གི་ཕྱིར་དེའི་དོན་དུ་གཉེར་བའི་འབད་པས་ཡོངས་སུ་སྐྱོ་བ་ཉིད་ཀྱིས་སྡུག་བསྔལ་བར་སེམས་པ་ནི། རྣམ་པ་གཞན་མངོན་པར་འདོད་པ་ཅན་བདེ་བ་ལ་མངོན་པར་ཕྱོགས་པ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་མངོན་དུ་བྱེད་པར་འགྱུར་གྱི་

เล่ม ๑๗๘ · หน้า 143a

བདག་ལ་ཞེན་པ་མེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་ནི། རྣམ་པ་ཀུན་དུ་བདག་འཛིན་ནི། །བདག་ལ་ཆགས་པ་བརྟན་པར་བྱེད། །དེ་ནི་བདག་གི་ཞེན་པ་ཡི། །ས་བོན་གནས་སྐབས་དེ་ཉིད་གནས། །འདིར་དོན་དམ་པ་ནི་འདི་ཡིན་ཏེ། ཇི་སྲིད་བག་

ཆགས་དེ་སྲིད་དུ། །བདག་ཏུ་ཞེན་པ་ལས་མི་གྲོལ། །དེས་ན་ཕན་འདོགས་ལ་བརྟེན་ནས། །བདག་གི་བ་ལའང་ཞེན་པར་འགྱུར། །གལ་ཏེ་དེ་བདག་ཏུ་འཛིན་པ་ཉིད་སྤངས་ནས་ཉེས་པ་སྤང་བའི་ཕྱིར་འཇུག་པར་འགྱུར་བ་མ་ཡིན་ནམ། དེས་ན་ཇི་ལྟར་བདག་གི་བ་ལ་ཆགས་པ་ལ་སོགས་

པར་འགྱུར་ཞེ་ན། སྨྲས་པ། གལ་ཏེ་འདི་ལ་བདག་འཛིན་ཉིད། །མེད་ན་ཅི་ཡི་དོན་དུ་སྐྱོན། །ཟློག་བྱེད་དོན་གཉེར་ཉིད་མིན་ན། །འགའ་ཞིག་བྱ་ཕྱིར་འཇུག་མི་འགྱུར། །གཞན་དུ་སྡུག་བསྔལ་རྟེན་འགྱུར་ན། །དེ་དེའི་སྡུག་བསྔལ་མི་འདོད་དང་། །དེར་འཛིན་པ་ཡང་མེད་དོ་ཞེས། །བྱ་

འདི་ཕན་ཚུན་གནོད་པ་ཡིན། །གལ་ཏེ་གཞན་དོན་བྱེད་པ་ན། །དེ་བདེ་བར་ནི་འདོད་ཅེ་ན། །གཞན་གྱི་བྱེད་པ་ཉིད་ཡིན་མོད། །བདག་ཏུ་འཛིན་པས་ཅི་ཞིག་བྱ། །བདག་ནི་སྐད་ཅིག་ཡིན་ན་ཡང་། །སྐད་ཅིག་ཁྱད་པར་ཅན་རིག་ཕྱིར། །གཞན་དོན་སྲིད་པ་ཉིད་ཡིན་པ། །དེས་ན་བདག་

འཛིན་དོན་མེད་དོ། །ནུས་པ་ཆེན་པོ་དང་ལྡན་ཕྱིར། །གལ་ཏེ་དེ་ཉིད་ཀྱིས་བྱེད་ན། །ལོག་པར་མངོན་རློམ་ཅན་དེ་ལ། །ནུས་པ་ཆེན་པོ་ཇི་ཞིག་ཡོད། །དེ་ཕྱིར་གང་ཞིག་བདག་ཉིད་ནི། །སྡུག་བསྔལ་བར་ནི་མི་འདོད་དེ། །དངོས་སུ་དེ་ཡི་བདག་འཛིན་དེ། །དེ་བཞིན་བདག་གིར་འཛིན་

པ་སྐྱེ། །དེ་སྟེ་གལ་ཏེ་ཡུན་རིང་དུ། །བདེ་འདོད་བདག་གིར་འཛིན་ལྡན་མིན། །ཡུན་རིང་བདེ་བ་མ་མཐོང་ན། །དེ་ལ་ཅི་ལྟར་འདོད་པར་འགྱུར། །གལ་ཏེ་བརྒྱ་ལ་འགྱུར་ཞེ་ན། །མེད་པར་ཡང་ནི་འཇུག་འགྱུར་ཏེ། །བརྒྱ་ལ་མེད་པར་འགྱུར་བ་ཡིན། །སྤྲེའུ་ཟླ་བོ་སྟོར་བ་བཞིན། །

རྣལ་འབྱོར་གནས་སྐབས་འགྱུར་ན་འདི། །ཇི་ལྟར་འགྱུར་བ་ཅི་ཆ་ཡོད། །དེ་ལྟར་ཕན་ཚུན་བརྟེན་པ་ན། །དེ་ལ་ཇི་ལྟར་འཇུག་པར་འགྱུར། །དེའི་ཕྱིར། བརྩོན་ཡང་ཡོན་ཏན་ཆ་བརྟེན་ནས། །འཇུག་ལྡན་བདག་གི་བ་ལ་ནི། །ཆགས་བྲལ་གགས་བྱེད་པ་ཉིད་དང་། །དེ་ཡི་སྐྱོན་ཡང་

เล่ม ๑๗๘ · หน้า 143b

སྒྲིབ་པ་ཡིན། །བདག་ཏུ་འཛིན་པ་གང་ཞེས་བྱ་བ་གང་ཡིན་པ་དེ་ནི། བདག་ལ་ཉེ་བར་མཁོ་བའི་ཡོན་ཏན་གྱི་ཆ་འགའ་ཞིག་ལ་བརྟེན་ནས། དེ་ལ་མངོན་དུ་ཕྱོགས་པར་འགྱུར་བས་བདག་གི་བ་ལ་ཆགས་པ་དང་བྲལ་བའི་གགས་བྱེད་པ་ཉིད་དོ། །སྐྱོན་མཐོང་བ་དེ་ལྟ་མ་ཡིན་ནོ་ཞེ་ན། མ་ཡིན་

ཏེ། ཡོན་ཏན་གྱི་ཆ་མཐོང་བ་དེས་སྐྱོན་མཐོང་བ་ཉིད་ཀྱིས་གེགས་བྱེད་པའི་ཕྱིར་རོ། །དེའི་ཕྱིར་བདག་ལ་ཆགས་པ་དང་མ་བྲལ་བའི་བདག་གི་བ་ལ་ཆགས་པ་དང་མི་འབྲལ་བ་ཉིད་དོ། །གལ་ཏེ་བདག་ལའང་ཆགས་བྲལ་ན། །ད་ནི་ཆགས་བྲལ་གང་ཡིན་མེད། །དེ་ནི་ཇི་ལྟར་བདག་འདོར་

བ། །སྡུག་བསྔལ་བསྒོམས་པ་དོན་མེད་འགྱུར། །འདི་སྙམ་དུ་བདག་ནི་འདོར་བར་ནུས་པ་མ་ཡིན་ཏེ། དེ་ཉིད་ནི་དེ་ཉིད་ཀྱིས་དོར་བ་མ་ཡིན་ནོ། །འདི་ལྟར། ཇི་ལྟར་ཡོད་པ་དེ་ལྟར་ནི། །མི་འདོར་མེད་དེ་ལྟར་ཡང་མིན། །དེས་ན་བདག་ནི་འདོར་མིན་ཏེ། །ཆགས་པ་འབའ་ཞིག་འདོར་

བ་ཡིན། །དེས་ན་འདོད་ཆགས་དང་ལྡན་པ་ཉིད་ཡོངས་སུ་འདོར་བའི་ཕྱིར། རྟག་ཏུ་བདེ་བ་ཉིད་དོ་སྙམ་ན་འདི་ལ་སྨྲས་པ། བདེ་བར་གནས་པ་འདོད་པ་ཉིད། །ཀུན་འཛིན་མཚན་ཉིད་འདོད་ཆགས་ཡིན། །དེ་ཡང་ཡོད་ཕྱིར་ཆགས་ལྡན་ཉིད། །ཡིན་ཞེས་སྔར་ནི་བརྗོད་ཟིན་ཏོ། །གལ་

ཏེ་བདག་ལ་ཆགས་པ་དང་བྲལ་ན་ཆགས་པ་དང་བྲལ་བ་དེ་སུ་ཡིན་ཏེ། ད་ནི་ཆགས་པ་དང་བྲལ་བ་དེ་ཉིད་མེད་དོ། །གཞན་ནི་གཞན་ལ་ཆགས་པ་དང་བྲལ་བར་འགྱུར་བ་མ་ཡིན་ནོ། །དེ་ཉིད་ཆགས་པ་དང་བྲལ་བའི་རང་བཞིན་དུ་འགྱུར་བ་ལས་ཆགས་པ་དང་བྲལ་བར་འགྱུར་བ་ཡིན་ནོ་ཞེ་ན། འདིར་

སྨྲས་པ། བདག་ལ་བདག་ཆགས་བྲལ་མིན་ཅིས། །ཅི་ལྟར་དེ་ཡོད་དེ་ལྟར་ནི། །ཆགས་བྲལ་མ་ཡིན་ཇི་ལྟར་དེ། །མེད་དེ་ཆགས་བྲལ་ལྟར་ཡང་མིན། །དེ་ནི་གཞན་དུ་འགྱུར་མིན་ལ། །གཞན་ཡང་དེ་ལྟར་གནས་མིན་ཏེ། །བདག་ཉིད་ཀུན་ནམ་ཕྱོགས་གཅིག་གིས། །རྣམ་པ་

ཀུན་དུ་འཐད་དཀའ་ཕྱིར། །གཅིག་ལ་ཕྱོགས་གཅིག་ཡོད་མ་ཡིན། །ཕྱོགས་གཅིག་ལ་ཐ་དད་མིན་མེད། །གང་ཞིག་ཕྱོགས་གཅིག་དེ་གཞན་འགྱུར། །དེ་ལྟ་ཡིན་ན་ཐུག་མེད་འགྱུར། །རྣམ་འགས་གཞན་མིན་འགྱུར་ཞེ་ན། །དེ་ལྟ་ན་ཡང་ཐུག་མེད་འགྱུར། །དེར་ཡང་གཞན་དང་གཞན་

เล่ม ๑๗๘ · หน้า 144a

རྟོག་པས། །ཡོངས་སུ་རྫོགས་པ་མེད་ཕྱིར་རོ། །དེའི་ཕྱིར་དེས་ནི་བདག་ཉིད་འདོར་བར་བྱ་བ་ཡིན་པས། དེ་ནི་ཇི་ལྟར་བདག་འདོར་བ། །དེ་ལྟར་སྡུག་བསྔལ་སྒོམ་དོན་མེད། །རྣམ་པ་གང་གིས་དོན་མིན་པ། །དེ་ལྟའང་སྡུག་བསྔལ་བསྒོམ་དོན་མེད། །

སྡུག་བསྔལ་བསྒོམ་པས་ཆགས་པ་དང་། །བྲལ་བར་བྱེད་མི་ནུས་པའི་ཕྱིར། །ཡང་ན་གལ་ཏེ་བདག་ལ་ཆགས་བྲལ་ན། །ད་ནི་གང་ཞིག་གང་ལ་ཆགས་བྲལ་ཏེ། །བདག་བཞིན་དུ་ནི་དེ་ནི་དོར་མིན་པས། །སྡུག་བསྔལ་བསྒོམ་པ་དོན་མེད་འགྱུར། །སྡུག་བསྔལ་བསྒོམ་པས་འདོར་

བར་ནུས་པ་མ་ཡིན་ནོ། །ཇི་ལྟར་བདག་ལ་ཆགས་པ་དང་བྲལ་བ་འདོར་བའི་རྒྱུ་མ་ཡིན་པ་དེ་བཞིན་དུ་བདག་གི་བ་ཡང་མེད་དོ། །དེས་ན་དེ་དང་བྲལ་བའི་ཆགས་པ་དང་བྲལ་བས་ནི་གྲོལ་བར་མི་འགྱུར་རོ། །དེའི་ཕྱིར་ཡང་སྡུག་བསྔལ་བསྒོམས་པ་དོན་མེད་དེ། འདི་ལྟར། དེ་དག་སྡུག་

བསྔལ་བསྒོམ་པས་ཀྱང་། །སྡུག་བསྔལ་ཉིད་ནི་རྣམ་ཤེས་བྱེད། །དེ་ནི་སྔར་ཡང་མངོན་སུམ་ཉིད། །དེ་ལྟ་ན་ཡང་ཆགས་བྲལ་མེད། །གལ་ཏེ་སྡུག་བསྔལ་བསྒོམ་པས་ཆགས་པ་དང་བྲལ་བར་འགྱུར་བ་ཡིན་ནོ། །འདོད་པ་གང་ཡིན་པ་འདི་རིགས་པར་འགྱུར་ན། འདིས་ནི་འདོད་ཆགས་དང་

བྲལ་བར་འགྱུར་བ་མ་ཡིན་ནོ། །སྡུག་བསྔལ་བསྒོམ་པ་ནི་སྡུག་བསྔལ་སྔོན་དུ་བྱེད་པའི་རྒྱུ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་འདིས་འདོད་ཆགས་དང་བྲལ་བར་མི་འགྱུར་ཏེ། བསྒོམ་པས་སྡུག་བསྔལ་གྱི་རྒྱུ་རྣམ་པར་ཤེས་པས་ཅི་ནས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་བར་བྱ་བའི་ཕྱིར་ཡིན་ན།

དེ་ལྟར་ནི་མ་ཡིན་ཏེ། གང་གི་ཕྱིར་སྡུག་བསྔལ་དེ་ནི་སྔར་ཡང་མངོན་སུམ་ཉིད་ཡིན་ཏེ། མངོན་སུམ་སྔོན་དུ་སོང་བ་ཅན་གྱི་ངེས་པ་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་འཁོར་བ་ཡོངས་སུ་འདོར་བ་དོན་དུ་གཉེར་བར་མི་འགྱུར་རོ། །མངོན་དུ་མ་བྱས་པའི་སྡུག་བསྔལ་ནི་གདུང་བར་བྱེད་པ་ནི་མ་ཡིན་

ནོ། །དེ་ལྟ་ན་ཡང་ཆགས་པ་དང་བྲལ་བ་ནི་མེད་དེ་དེས་ན་སྡུག་བསྔལ་བསྒོམ་པ་དོན་མེད་དོ། །འདོད་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་ནི་འཇིག་རྟེན་མཐའ་དག་གི་མངོན་སུམ་ཡིན་པས། གལ་ཏེ་དེའི་ཚེ་འདོད་ཆགས་དང་བྲལ་བར་མ་གྱུར་ན། ཇི་ལྟར་སྡུག་བསྔལ་བསྒོམ་པས་ཆགས་པ་དང་

เล่ม ๑๗๘ · หน้า 144b

བྲལ་བར་འགྱུར་བ་ཡིན། གལ་ཏེ་སྡུག་བསྔལ་བསྒོམ་པས་སྡུག་བསྔལ་མཐའ་དག་དྲན་པས་བསྡོམས་པ་ན། སྡུག་བསྔལ་གྱི་ཚོགས་ཆེན་པོ་ཤེས་པར་བྱེད་པ་དེའི་ཕྱིར་ན་འདོད་ཆགས་དང་བྲལ་བ་ཉིད་དུ་འགྱུར་བ་ཡིན་ཏེ། དེ་ལས་སྐྱོ་བ་སྐྱེས་པས་ཆགས་པ་དང་བྲལ་བར་འགྱུར་རོ་ཞེ་ན། འདི་ནི་

མེད་དེ། འདི་ལྟར། ཅི་ལྟར་དྲན་པར་འགྱུར་བ་དེ། །སྡུག་བསྔལ་ཚོགས་ནི་རྣམ་ཤེས་ན། །དེ་བཞིན་བདེ་བའི་ཚོགས་ཡིན་པ། །དེས་ནི་འདི་ནི་ཆགས་ལྡན་འགྱུར། །ཇི་ལྟར་སྡུག་བསྔལ་གྱི་ཚོགས་ཤེས་པས་ཆགས་པ་དང་བྲལ་བ་དེ་བཞིན་དུ། བཟློག་པ་ལས་ཆགས་པ་ཅན་དུ་ཡང་

འགྱུར་བའི་ཕྱིར་ཇི་ལྟར་གྲོལ། གལ་ཏེ་རབ་ཏུ་ཞི་བའི་བདེ་བའི་རོ་ལ་ནི། སྐྱོ་བ་མེད་པའི་ཕྱིར་འཁོར་བའི་བདེ་བ་ལ་སྲེད་པར་མི་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། འདིར་ནི་ཞི་བ་བདག་ལྟ་ལ། །མངོན་ཞེན་ཅན་གྱི་སྐྱོ་བའི་རྒྱུ། །མ་ཡིན་དུར་ཁྲོད་ཀྱི་ནི་གནས། །བྱ་རོག་

སྐྱོ་རྒྱུ་ཡིན་ནམ་ཅི། །བྱ་རོག་མི་གཙང་གནས་ལ་ནི། །མངོན་ཞེན་དང་ནི་རྗེས་འབྲེལ་བའི། །དགའ་བ་ཅི་འདྲ་དེ་འདྲ་བ། །པདྨའི་གནས་སུ་འདོད་མི་འགྱུར། །གལ་ཏེ་དགའ་བའི་རྒྱུ་ལ་ཉེས་པ་མཐོང་བས་ཆགས་པ་དང་བྲལ་བ། མཐོང་བ་མ་ཡིན་ནམ། དེ་ཇི་ལྟར་སྡུག་བསྔལ་བསྒོམ་

པས་ཉེས་པ་མཐོང་ཡང་ཆགས་པ་དང་བྲལ་བར་མི་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། གལ་ཏེ་དེ་ལ་ཉེས་པ་ཡིས། །སྐད་ཅིག་དེ་ལ་བློ་ལྡོག་ཀྱང་། །དེ་ལའང་ཆགས་བྲལ་མི་འགྱུར་ཏེ། །འདོད་ལྡན་བུད་མེད་གཞན་ལ་བཞིན། །གལ་ཏེ་ཉེས་པ་བྱེད་པའི་སྐྱེ་བོ་འགའ་ཞིག་ལ་

སྐད་ཅིག་ཙམ་ཆགས་པ་དང་བྲལ་བ་དེ་ལྟ་ཡང་དེ་དག་གཏན་དུ་ཆགས་པ་དང་བྲལ་བ་མ་ཡིན་ཏེ། འདོད་ལྡན་དག་འདོད་ལྡན་མ་འགའ་ལ་ཆགས་པ་དང་བྲལ་བ་དེ་ལྟ་ན་ཡང་བུད་མེད་གཞན་ལ་ཆགས་པ་དང་མི་འབྲལ་བ་ཉིད་དོ། །དེ་ལ་ཡང་རྣམ་གྲངས་ཀྱིས་ཆགས་པར་འགྱུར་རོ། །འདི་ལྟར་དེ་

ནི་ཆགས་པ་དང་འགལ་བའི་གནས་སྐབས་ཉིད་ལས་ཆགས་པ་དང་བྲལ་ལ། དེ་དང་འགལ་བ་མ་ཡིན་པའི་གནས་སྐབས་ལ་བརྟེན་པ་ནི་སླར་ཆགས་པར་འགྱུར་བ་ཉིད་དོ། །དེའི་ཕྱིར་འདིའི་འདོད་ཆགས་དང་བྲལ་བ་ནི་ཆགས་པའི་ནུས་པ་དང་འབྲེལ་པ་ཉིད་ཡིན་གྱི་གཏན་དུ་ནི་མ་ཡིན་ཏེ། ཕྱིས་

เล่ม ๑๗๘ · หน้า 145a

དེ་ཉིད་ལ་ཆགས་པར་མཐོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་ལེགས་པར་སྤངས་པ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་གང་ལ། བླང་དང་དོར་བྱའི་ཁྱད་ཡོད་ན། །གཅིག་ལ་འབྱུང་ཅན་

ཆགས་གང་ཡིན། །དེ་ཉིད་རྣམ་གྲངས་ཀྱིས་འབྱུང་ཚེ། །ཆགས་པ་ཀུན་གྱི་ས་བོན་ཡིན། །གང་ལ་བླང་བྱ་དང་སྤང་བྱའི་ཁྱད་ཡོད་པ་དེ་ལ་འདོད་པ་དང་ལྡན་པ་འབྱུང་ངོ་། །ཐམས་ཅད་ཐམས་ཅད་ཀྱི་ཚེ་བླང་བར་བྱ་བ་མ་ཡིན་ན། སྤང་བར་བྱ་བ་ཡང་མ་ཡིན་ཏེ། རྣམ་གྲངས་ཀྱིས་འདོད་

པ་དང་ལྡན་པ་དག་ཕན་ཚུན་ས་བོན་ཡིན་པས། འདི་ལ་རྣམ་གྲངས་ཀྱིས་འབྱུང་བ་ཉིད་ཡིན་པའི་ཕྱིར་ཇི་ལྟར་བདག་ཏུ་སྨྲ་བ་ལ་ཐར་པ་ཡོད། བདག་མེད་པར་ལྟ་བ་ལ་ནི། ཐམས་ཅད་དུ་བཏང་སྙོམས་ཉིད་དེ། བླང་བར་བྱ་བ་མེད་ཅིང་དོར་བར་བྱ་བ་ཡང་མེད་དེ། དེས་ན་ཆགས་པའི་དྲི་མ་

མཐའ་དག་དང་བྲལ་བ་ལ་རྣམ་པར་གནས་པ་ལ་འདོད་ཆགས་ལ་སོགས་པ་ག་ལ་སྲིད། གཞན་ཡང་འདོད་ཆགས་དང་བྲལ་བ་ཉིད་ནི་མི་འཕྲོད་པའི་དངོས་པོ་ལ་འགྱུར་གྱི། གཞན་ལ་ནི་མ་ཡིན་ནོ། །བདག་ཏུ་ལྟ་བ་ལ་ནི་མི་འཕྲོད་པ་ཉིད་གང་ཡང་མེད་པ་ཉིད་དེ། རེ་ཞིག་བདག་ནི་སྐྱོན་དང་

བཅས་པ་མ་ཡིན་ནོ། །དེ་ཆགས་པ་ཡང་སྐྱོན་མེད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་སྐྱོན་མེད་དོ། །དམིགས་པའི་སྒྲུབ་པར་བྱེད་པ་ཡང་སྐྱོན་མེད་པ་ཉིད་ལ། འགྲོ་བ་ཡང་དེ་ཙམ་ཉིད་དུ་ཟབ་པས་ད་ནི་གང་ལ་དེ་ཆགས་པ་དང་བྲལ་བར་འགྱུར། སྐྱོན་མེད་ཡུལ་ཅན་ཆགས་པ་དང་། །སྒྲུབ་བྱེད་ཀྱང་ནི་སྐྱོན་མེད་

ཡིན། །འགྲོ་བའམ་དེ་ཙམ་ཉིད་ཡིན་ན། །ད་ནི་གང་ལ་ཆགས་བྲལ་འགྱུར། །ཞེས་བྱ་བ་ནི་བསྡུ་བའོ། །འོན་ཏེ། དེར་དེ་སྐྱོན་བཅས་ཀྱང་ཡིན་ན། །དེ་ནི་བདག་ལ་མཚུངས་པ་ཡིན། །དེར་དེའི་སྐྱོན་ལ་ཆགས་བྲལ་མེད། །ད་ནི་གང་ལ་དེ་ཆགས་བྲལ། །གལ་ཏེ་ཡུལ་དང་དབང་པོ་ལ་

སོགས་པ་ལ་ནི། སྐྱོན་ཅན་ཉིད་ཀྱང་མཐོང་ངོ་ཞེ་ན། བདེ་བའི་རྒྱུ་དེ་དག་གི་སྐྱོན་དང་བཅས་པ་ནི་གང་ཡིན། སྡུག་བསྔལ་གྱི་རྒྱུ་ཉིད་དོ། །རྣམ་གྲངས་ཀྱི་རྒྱུ་ཐམས་ཅད་བདེ་བའི་རྒྱུ་ཉིད་ན་མ་ཡིན་ནམ། རེས་འགའ་སྡུག་བསྔལ་གྱི་རྒྱུ་ཉིད་དོ་ཞེ་ན། དེ་ནི་བདག་ལ་ཡང་མཚུངས་པ་ཉིད་དོ། །གལ་

เล่ม ๑๗๘ · หน้า 145b

ཏེ་བདག་དེ་ལ་དེའི་སྐྱོན་གྱི་ཆགས་པ་དང་མ་བྲལ་བ་ན། གང་ལ་ཆགས་པ་དང་བྲལ་བ་ཅན་དུ་འགྱུར། བདག་ནི་འདོར་བར་མི་ནུས་སོ་ཞེ་ན། བདག་གི་བ་ལ་ཡང་ཆགས་པ་དང་བྲལ་བ་མ་ཡིན་ནོ། །ནུས་པའི་ཕྱིར་བདག་གི་བ་ཉིད་འདོར་རོ་ཞེས་བྱ་བ་ཡང་ལོག་པ་ཡིན་ཏེ། གང་དང་གང་གི་ཚེ་ཉེས་

པ་དེ་དང་དེ་གང་ཡོད་པ་དེ་དང་དེའི་ཚེ་དེ་འདོར་གྱི་གཏན་དུ་ནི་མ་ཡིན་ནོ། །ཅི་ལྟར་ཉེས་པ་རྣམས་མི་རྟག་པ་ཉིད་ཀྱིས་འདོར་བ་དེ་བཞིན་དུ་འདོར་བ་མི་རྟག་པ་ཡང་ཡིན་ནོ། །གལ་ཏེ་བདེ་བའི་རྒྱུ་མ་འདོར་ན། ཕྱིས་མེད་པའི་ཚེ་སྡུག་བསྔལ་ཆེན་པོ་འགྱུར་བའི་ཕྱིར། དེ་ནི་རྩ་བ་ནས་འདོར་བ་རིགས་

སོ་ཞེ་ན། དེ་ལྟ་ན་འོ་ན་སྡུག་བསྔལ་ཡོད་ན་ཡང་དེའི་རྗེས་ལ་བདེ་བ་ཆེན་པོ་འབྱུང་བའི་ཕྱིར། སྡུག་བསྔལ་ཡང་བླང་བར་བྱའོ། །དེས་ན་བདག་ཏུ་ལྟ་བ་ནི་གང་ལ་ཡང་ཆགས་པ་དང་བྲལ་བ་མ་ཡིན་ནོ། །གཞན་ཡང་། ཡོན་ཏན་མཐོང་བ་ལས་བྱུང་བའི། །ཞེན་པ་ཉེས་པ་མཐོང་བས་

འཇིག །དེ་ལྟར་དབང་སོགས་ལ་དེ་མིན། །བྱིས་སོགས་ལ་ཡང་མཐོང་ཕྱིར་དང་། །སྐྱོན་ལྡན་ལ་ཡང་ཡོད་ཕྱིར་དང་། །ཡོན་ཏན་ལྡན་པ་གཞན་དག་ལ། །མེད་ཕྱིར་འདས་པ་ལ་སོགས་པ། །བདག་གི་བ་ལ་མེད་ཕྱིར་རོ། །བདག་གི་ཉེས་པ་མཐོང་བ་ལ་ལྡོག་པར་འགྱུར་བ། དབང་

པོ་ལ་སོགས་པ་ལ་ཡོན་ཏན་མཐོང་བ་ལས་ཆགས་པ་ནི་མ་ཡིན་ནོ། །འོན་ཀྱང་བདག་གི་བར་མཐོང་བ་ལས་ཡིན་ནོ། །འདི་ལྟར་དབང་པོ་ལ་སོགས་པ་བདག་གི་བ་ཉིད་དུ་བཟུང་བ་ལ་ནི་སྐྱོན་ཡོད་ཀྱང་ཞེན་པ་འབྱུང་བའི་ཕྱིར་དང་། གཞན་ལ་ཡོན་ཏན་ཡོད་ཀྱང་། མི་འབྱུང་བའི་ཕྱིར་དང་། སྐྱོན་

ཡོན་མི་རྟོགས་པའི་ཕྱུགས་དང་བྱིས་པ་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་དང་། བདག་ཉིད་ཀྱི་འདས་པ་དང་མ་འོངས་པ་དག་ལ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་ཉེས་པ་མཐོང་བས་ནི་སྤོང་བ་མ་ཡིན་ནོ། །དེ་ལྟ་ན་འོ་ན་ཉེས་པ་མཐོང་བ་ལས་བདག་གི་བའི་བློ་ཉིད་མེད་པར་འགྱུར་ལ། དེ་མེད་

པའི་ཕྱིར་ནི་ཞེན་པ་མེད་པར་འགྱུར་ཏེ། ཡོན་ཏན་མཐོང་བ་ལས་བྱུང་བའི་ཉེས་པ་མཐོང་བས་གསལ་བའི་ཕྱིར་རོ་ཞེ་ན། འདི་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། འདི་ལྟར། དེ་ཉིད་ཕྱིར་ན་བདག་གི་བའི། །བློ་རྒྱུའང་ཡོན་ཏན་མཐོང་བ་མིན། །དེའི་ཕྱིར་ཡོན་ཏན་མིན་མཐོང་བས། །དེ་ཡང་སྤོང་བ་

เล่ม ๑๗๘ · หน้า 146a

མ་ཡིན་ནོ། །ཉེས་པ་དང་ལྡན་པ་འགའ་ཞིག་ལ་ཡང་བདག་གི་བའི་བློ་ཡང་ཡོད་པའི་ཕྱིར་དང་། ཡོན་ཏན་དང་ལྡན་པ་ལ་ཡང་མེད་པའི་ཕྱིར་དང་། འདས་པ་ལ་སོགས་པ་ལ་ཡོད་པའི་ཕྱིར་རོ། །གཞན་ཡང་ཡོད་མིན་ཡོན་ཏན་ནི། །སྒྲོ་འདོགས་ཆགས་

པས་དེར་ཡང་མཐོང་། །དེ་ནི་དེ་རྒྱུ་གནོད་མེད་ཅན། །བསྒྲུབས་པས་དེ་ལྟ་ཇི་ལྟར་གནོད། །གལ་ཏེ་དེ་སྙེད་ན་ཉེས་པ་མཐོང་བས་ཞེན་པ་ཞེས་བྱ་བ་དེ་སྤོང་བ་ཞིག་ན། གང་གི་ཕྱིར་ཉེས་པ་མཐོང་བ་དེ་ཉིད་ནི་ཡོད་པ་མ་ཡིན་པར་སྒྲོ་འདོགས་པར་བྱེད་པའི་ཞེན་པས་སེལ་བར་བྱེད་པ་ཡིན་ནོ། །

གལ་ཏེ་སེམས་དབུ་མར་གནས་པ་ན་ཉེས་པ་མཐོང་ཞིང་ཡོན་ཏན་ཡང་སྒྲོ་མི་འདོགས་སོ་ཞེ་ན། མ་ཡིན་ཏེ། ཞེན་པས་དབུ་མར་གནས་པ་དེ་ཉིད་མི་འཐོབ་བོ། །དེ་ནི་ཡུལ་གཞན་གྱི་ཆགས་པ་གཞན་གྱིས་བཟློག་པ་ཙམ་དུ་ཟད་ཀྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་། དེ་

ལྟ་ཡིན་ན་འདི་ཡི་ནི། །གནོད་བྱེད་དེ་ཉིད་སྤོབས་པ་ཡིན། །མ་ཡིས་ཟོས་པ་ཅི་འདྲ་བ། །མཁའ་འགྲོ་མས་ཀྱང་དེ་འདྲ་ཉིད། །དེའི་ཕྱིར་བདག་ཏུ་ལྟ་བ་སྡུག་བསྔལ་བསྒོམས་པས་ཞེན་པ་སྤངས་པ་ལས། ཐར་པར་འགྱུར་བ་མ་ཡིན་ནོ། །འདིར་གྲངས་ཅན་དག་གིས་སྨྲས་པ་ནི། བདག་

ཏུ་ལྟ་བ་རྣམས་ལ་སྡུག་བསྔལ་བསྒོམ་པ་ནི་སྲིད་པ་མ་ཡིན་ཏེ། འོན་ཀྱང་རང་བཞིན་དང་སྐྱེས་བུའི་བྱེ་བྲག་ཡོངས་སུ་ཤེས་པ་ལས་གྲོལ་བ་ཡིན་ནོ། །འདི་ལྟར། སྐྱེས་བུ་འདི་ནི་དོན་དམ་དུ། །རྟོགས་པ་དག་པའི་རང་བཞིན་ཏེ། །རང་བཞིན་གཞན་དུ་མ་ཤེས་ཏེ། །རྨོངས་པས་འཁོར་བ་

བརྟེན་པ་ཡིན། །བདེ་བ་ལ་སོགས་པའི་རང་བཞིན་ཐ་དད་པར་མ་བཟུབ་ང་ལས་བདག་མ་གྲོལ་བ་ཡིན་ནོ། །དེས་ན་འབའ་ཞིག་པའི་ཤེས་པ་སྐྱེས་པ་ཉིད་ནི། བདག་གྲོལ་བ་ཡིན་ནོ་ཞེས་སོ། །དེ་ཡང་མ་ཡིན་ཏེ། འདི་ལྟར། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། །སྐྱེ་འཇིག་བློ་ཅན་ཉིད་

ཀྱི་ཕྱིར། །སྐྱེ་བོ་འདི་ཡིས་དབང་སོགས་ལས། །བདག་ནི་ཐ་དད་འགྱུར་བར་ཤེས། །དེ་ཕྱིར་གཅིག་ཉིད་མཐོང་བས་ཀྱང་། །ཆགས་མིན་བདག་ལ་ཆགས་པ་དེ། །དམིགས་པའི་ནང་གི་ཡན་ལག་ལ། །ངོ་བོ་ཉིད་ཀྱིས་རྗེས་ཆགས་འགྱུར། །ཉམས་པ་དང་སྐྱེ་བ་མཐོང་བ་ཉིད་ཐ་དད་པར་

เล่ม ๑๗๘ · หน้า 146b

མཐོང་བ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོ་ཉིད་ཀྱིས་ནི་ཐ་དད་པ་ཡིན་ཏེ། བདག་ནི་རྗེས་སུ་འགྲོ་བ་ཡིན་ལ་བདེ་བ་ལ་སོགས་པ་ནི་ལྡོག་པ་ཡིན་ནོ། །དེས་ན་འགལ་བའི་ཆོས་གནས་པའི་ཕྱིར་ཐ་དད་པ་ཡིན་ནོ། །འོན་ཏེ་འཁོར་བ་པ་དེ་ཉིད་རྟོག་པར་མི་བྱེད་དོ་ཞེ་ན། དེ་ལྟ་ཡིན་

ན། ཐ་དད་པ་མེད་པ་ཉིད་དོ། །ཐ་དད་པ་རྟོགས་པ་མི་སྲིད་པའི་ཕྱིར་རོ། །བདེ་བ་དོན་དུ་གཉེར་བ་དེ་སྤང་བའི་ཕྱིར་གུས་པ་ནི་མེད་དོ། །བདེ་བ་ལ་སོགས་པ་དང་བྲལ་བར་ནི་རྟོག་པ་དང་ལྡན་པ་འགའ་ཡང་དོན་དུ་གཉེར་བ་མེད་དོ། །བདག་ནི་འཇིག་ཆགས་པའི་སྔོན་རོལ་དུ་འབའ་ཞིག་

པ་ཉིད་ཡིན་པས་མཁོ་བ་མ་ཡིན་པར་འགྱུར་རོ། །གཙོ་བོ་དང་ལྷན་ཅིག་གཅིག་ཏུ་བདག་ཉིད་མཐོང་བའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། རང་ཉིད་སེམས་པའི་རང་བཞིན་དེ། །གཅིག་ཏུ་འཁྲུལ་པར་ཇི་ལྟར་འགྱུར། །གང་གིས་འཁོར་བ་དང་འབྲེལ་པ། །ཡུལ་གྱི་འདོད་པ་གང་

ལས་ཡིན། །གཙོ་བོའི་ནང་དུ་ཞུགས་པ་ནི། །དེར་མེད་གཅིག་པ་ག་ལས་ཡིན། །བདག་ཉིད་ལ་ནི་འཁྲུལ་མིན་པ། །དེ་ནི་སྔོན་དུ་བསྟན་པ་ཉིད། །གལ་ཏེ་ཡུལ་ཉིད་དུ་འཛིན་ན། །ཐ་མི་དད་པར་འཛིན་མི་འགྱུར། །བློ་མེད་པར་ཡང་འཛིན་པ་ནི། །གྲངས་ཅན་ལྟ་ལ་རིགས་མ་ཡིན། །

སྐྱེས་བུ་རྣམས་ཀྱི་འདོད་པ་ཡང་། །མཐོང་བའི་དོན་ལ་འཇུག་པ་ཡིན། །སྤྲོ་བ་འཇུག་པའི་སྔོན་རོལ་དུ། །དྲན་པའི་དངོས་པོ་ག་ལ་ཡོད། །དྲན་པ་དང་ནི་འདོད་པ་དག །རང་བཞིན་ཉིད་ཀྱིས་འཇུག་ལས་ཡིན། །དེ་འཇུག་པ་ཡང་འདོད་པ་ལས། །ཡིན་ཕྱིར་ཕན་ཚུན་རྟེན་པར་འགྱུར། །

གལ་ཏེ་ཐོག་མེད་བག་ཆགས་ལས། །འདི་བདེ་ཉིད་སོགས་དེ་བཞིན་འགྱུར། །གཙོ་བོར་གྱུར་པའི་སྔོན་རོལ་དུ། །བག་ཆགས་ཀྱང་ནི་གང་ལས་ཡིན། །དེའི་ཕྱིར་རང་རྟོགས་ངོ་བོ་ཡི། །གལ་ཏེ་དེ་ནི་རང་བཞིན་འདོད། །གཞན་དུ་དེ་བྱར་མི་ནུས་ཕྱིར། །དེ་ནི་གཞན་དུ་འཁོར་བར་

འགྱུར། །གལ་ཏེ་སྡུག་བསྔལ་མྱོང་བ་ལས་སྐྱོ་བར་མཐོང་བ་ཉིད་མ་ཡིན་ནམ། དེ་ཅི་ལྟར་གཞན་དུ་བྱེད་ཅེ་ན། འདིར་སྨྲས་པ། གང་ཞིག་ད་ལྟར་སྡུག་བསྔལ་བས། །ཡིད་འབྱུང་དེ་འདྲ་སྡང་ཡིན་གྱི། །ཆགས་བྲལ་མ་ཡིན་དེ་ཚེ་ཡང་། །ཆགས་ཡོད་སྐབས་གཞན་ཚོལ་ཕྱིར་རོ། །

เล่ม ๑๗๘ · หน้า 147a

གང་གི་ཕྱིར། ཞེ་སྡང་སྡུག་བསྔལ་རྒྱུ་ཅན་ཕྱིར། །དེ་ཡི་འདི་སྲིད་ཙམ་དུ་གནས། །དེ་ལོག་ན་ནི་རང་ཉིད་ཀྱིས། །རང་བཞིན་འདི་ལ་སླར་བརྟེན་འགྱུར། །སྡུག་བསྔལ་མྱོང་བས་ཡིད་བྱུང་ཡང་། །འདོད་ཆགས་དང་བྲལ་བ་ནི་མ་ཡིན་ནོ། །དེ་ནི་བདག་དང་

བདག་གི་བ་ལ་སོགས་པ་ཉིད་ཀྱིས་ན་དེའི་ཚེ་མི་མཐུན་པའི་མཐོང་བ་ལས་སྡང་བ་དང་ལྡན་པ་ཡིན་ནོ། །ཆགས་པ་དང་བྲལ་བ་དེ་ནི་དོན་དམ་པ་མ་ཡིན་ཏེ། མི་སྡུག་པ་ལ་སོགས་པའི་དངོས་པོ་རྟོགས་པ་ཙམ་ཞིག་ཡིན་ནོ། །བདག་ཏུ་ལྟ་བ་ནི་ཞེན་པ་ཡོད་པས་མ་གྲོལ་བ་ཉིད་དེ། གནས་

སྐབས་གཞན་དོན་དུ་གཉེར་བའི་ཕྱིར་རོ། །ཞེ་སྡང་གཏན་དུ་འབྱུང་བ་ཉིད་ཆགས་པ་དང་བྲལ་བ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ཅི་སྲིད་དེ་ནི་སྡུག་བསྔལ་པ། །དེ་སྲིད་ཞེ་སྡང་འཇུག་པར་འགྱུར། །སྡུག་བསྔལ་རྒྱུ་ནི་ལོག་པ་ན། །སྡང་བ་ཉིད་དུ་ག་ལ་འགྱུར། །གལ་ཏེ་སྡུག་

བསྔལ་རྗེས་འཇུག་ན། །ཐར་པ་འདི་ནི་ཞི་བྱེད་ཡིན། །སྡུག་དང་སྡང་བས་ཟིལ་ནོན་པ། །རྟག་ཏུ་གནས་པ་ཕུལ་བ་ཡིན། །གལ་ཏེ་སྐྱོ་བ་གནས་པ་ཇི་ལྟར་ཐར། །འཁོར་བ་ལས་ཡིད་མི་འབྱུང་བའི། །སེམས་ནི་ཐར་པ་དོན་གཉེར་མིན། །སྡུག་བསྔལ་གྱིས་གདུངས་མེད་པར་ཡང་། །

སྐྱེ་བོ་སྐྱོ་བ་སྐྱེ་མ་ཡིན། །དེ་ནི་མ་ཡིན་ཏེ། བླང་དང་དོར་བྱ་སྤངས་པའི་ཕྱིར། །ཐམས་ཅད་ལ་ནི་མཉམ་སྙོམས་ཅན། །ཙན་དན་སྟེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཁོ་བོ་ཅག་གི་ཕྱོགས་ལ་ནི། །ཆོས་ཉིད་ཙམ་མཐོང་བས་སེམས་མཉམ་པ་ཉིད་ཐོབ་སྟེ། རྗེས་སུ་

ཆགས་པ་དང་། ཁོང་ཁྲོ་དང་བྲལ་བས་ན། རྣལ་འབྱོར་པ་རྣམས་ཆགས་པ་དང་བྲལ་བ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བསྒོམ་པ་གསུངས་ཞེས་འདི་ལ་ལན། འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་བསྒོམ་པ་གསུངས་

པ་ཡིན། །ངེད་ཀྱི་དེ་ཡང་རྐྱེན་ལས་སྐྱེས། །དེ་ནི་བདག་མེད་ལྟ་རྟེན་ཡིན། །སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །སྡུག་བསྔལ་གྱི་སྡུག་བསྔལ་ཙམ་ལ་དགོངས་

เล่ม ๑๗๘ · หน้า 147b

ནས་སྡུག་བསྔལ་སྒོམ་པ་གསུངས་པ་ནི་མ་ཡིན་ཏེ། འདོད་ཆགས་ཅན་རྣམས་དེ་ཙམ་གྱིས་འདོད་ཆགས་ཀྱི་བདེ་བ་ཉམས་པར་འགྱུར་བ་ན་ཕྱོགས་སུ་ལྷུང་བ་དང་བྲལ་བའི་སྒོ་ནས་ཅི་ནས་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡང་དོན་དམ་པར་སྟོང་པ་ཉིད་དོ། །དེའི་ཕྱིར་སྟོང་པ་ཉིད་དུ་ལྟ་བ་ཉིད་ཀྱིས་

གྲོལ་བ་ཡིན་ནོ། །བསྒོམ་པ་ལྷག་མ་ནི་དེའི་དོན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་སྟོང་པ་ཉིད་ལ་གཞོལ་བ་ཡིན་ནོ། །ཇི་སྐད་དུ་དགེ་སློང་དག་གཟུགས་རྟག་པ་ཡིན་ནམ། མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་སྡུག་

བསྔལ་བ་ཡིན་ནམ། བདེ་བ་ཡིན། བཙུན་པ་མི་རྟག་པ་ལགས་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ། རྟག་པ་རྣམ་པར་འགྱུར་བའི་ཆོས་ཅན་ལགས་སོ། །དེ་ཉིད་ལྟ་བའི་དོན་དུ་འདི་ནི་ངའིའོ་འདི་ནི་ངའོ་བདག་གོ་ཞེས་བྱ་བར་འགྱུར་རམ། བཙུན་པ་མ་ལགས་སོ་ཞེས་

གསུངས་པ་ཡིན་ནོ། །དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོར་བདག་མེད་པ་མཐོང་བ་ཉིད་ཐར་པའི་རྒྱུར་བཤད་པ་ཡིན་ནོ། །བདག་ཏུ་ལྟ་བ་གང་ཡིན་པ་དེ་ནི་ཆགས་པ་དང་བྲལ་བ་མ་ཡིན་པ་ཉིད་དེ། ཆགས་བྲལ་མིན་དང་སྲེད་ལྡན་དང་། །རྩོམ་པ་ཀུན་ལ་བརྟེན་པ་དེ། །ཉོན་མོངས་

ལས་ལས་གྲོལ་བ་ཡིན། །དེ་འདྲ་འཁོར་བ་པ་ཞེས་བྱ། །བདག་ཏུ་ལྟ་བ་རྣམ་པར་གནས་ན་འཁོར་བའི་རྒྱུ་བདག་གི་བར་བལྟ་བར་ཉམས་པ་མེད་དོ། །དེས་ན་བདག་དང་བདག་གི་བ་ལ་ཆགས་པ་ནི་གོར་མ་ཆག་པར་སྲེད་པ་དང་ལྡན་པ་ཡིན་ཏེ། དེས་ན་ལས་ཐམས་ཅད་རྩོམ་པ་ལ་བསྟེན་

ཏེ། ལས་དང་ཉོན་མོངས་པ་དག་ལས་མ་གྲོལ་བ་དེ་ནི་འཁོར་བ་པ་ཉིད་ཡིན་པའི་ཕྱིར། དེ་ལ་ཐར་པའི་དྲི་ཡོད་རེ་སྐན། ཇི་སྟེ་ཡང་བདག་གི་བ་ཉིད་དོན་དམ་པར་མེད་པ་དེས་ན་ཆགས་པ་ག་ལ་སྲིད། ཆགས་པ་ནི་ཡུལ་འབྱུང་གི །ཡུལ་མེད་པར་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མ་

ཡིན་ཏེ། བདག་གི་ཉིད་ནི་མི་འདོད་གང་། །དེ་ཡི་ཟ་བ་པོ་ཡང་མེད། །བྱ་དང་ལོངས་སྤྱོད་མཚན་ཉིད་ཅན། །དེ་ཚེ་དེ་ཡི་བདག་ཀྱང་མེད། །བདག་གི་བ་མཐོང་བཞིན་དུ་ཇི་ལྟར་མེད་ཅེས་བསྒྲུབ་པར་ནུས། ཐམས་ཅད་མ་རིག་པའི་རྒྱུ་མཚན་ལས་ཡིན་ནོ་ཞེ་ན། མ་ཡིན་ཏེ། བདག་

เล่ม ๑๗๘ · หน้า 148a

ལས་ཐ་དད་པའི་མ་རིག་པ་མེད་པའི་ཕྱིར་རོ། །མ་རིག་པ་ནི་སྐྱེས་བུ་ལས་གཞན་མ་ཡིན་ཏེ། འདི་ཐམས་ཅད་ནི་སྐྱེས་བུ་ཉིད་དོ་ཞེས་བརྗོད་པའི་ཕྱིར་རོ། །དེས་ན་མ་རིག་པ་རང་གི་ངོ་བོ་ཡིན་པའི་ཕྱིར་འདིའི་འཁྲུལ་པ་ཉིད་ནམ་ཡང་ལྡོག་པར་མི་འགྱུར་རོ། །དེའི་

བདག་ཉིད་དུ་འགྱུར་བའི་འཁྲུལ་པ་ནི་དེ་ལས་བྲལ་བ་མ་ཡིན་ཏེ་དེ་ཉིད་མེད་པར་ཐལ་བའི་ཕྱིར་རོ། །གཉི་གར་སྨྲ་བ་ཡང་སུན་བཏོན་ཟིན་ཏོ། །གཞན་ཡང་བདག་གི་བ་མེད་ན་བྱ་བ་དང་ལོངས་སྤྱོད་པ་མེད་པར་འགྱུར་ཏེ། བདག་ནི་བྱ་བ་དང་ལོངས་སྤྱོད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་

རོ། །འོན་ཏེ་འདི་དོན་དམ་པར་ན་འདི་ཡང་མི་འདོད་པ་ཉིད་དོ་ཞེ་ན། བདག་ཀྱང་དོན་དམ་པར་རྟོགས་པ་སུ་ཡོད། དེ་ནི་རིགས་པས་བཅད་པའི་ཕྱིར་རོ་ཞེ་ན། ཐམས་ཅད་རིགས་པར་ཐལ་ལོ། །རྨི་ལམ་ལ་སོགས་པ་ལྟར། གོམས་པ་ལས་ཡིན་པས་མེད་པ་ཉིད་དོ་ཞེས་ནི་མི་རིགས་

ཏེ། བདག་ཀྱང་དོན་དམ་པ་པ་མ་ཡིན་པར་འགྱུར་རོ། །དེ་སྟེ་གཉིས་མེད་པ་མ་ཡིན་ན་དེའི་ཚེ་སྣ་ཚོགས་གཉིས་མེད་ཡིན་པའི་ཕྱིར། བདག་ཅེས་བྱ་བ་ཡོད་པར་མི་འགྱུར་ཏེ། ད་ལྟར་གྱི་རང་བཞིན་ཙམ་འཛིན་པའི་མངོན་སུམ་གྱིས་རྟག་པ་ཉིད་མི་འཛིན་པའི་ཕྱིར་རོ། །སྔ་མ་དང་

ཕྱི་མའི་མངོན་སུམ་དག་ཅིག་ཅར་མེད་པའི་ཕྱིར་རོ། །རེ་རེས་ནི་རྟག་པ་ཉིད་རྟོགས་པ་མ་ཡིན་ནོ། །ཚོགས་པ་ཡང་མ་ཡིན་ཏེ། དྲན་པ་ཚད་མ་མ་ཡིན་པའི་ཕྱིར་རོ། །མངོན་སུམ་མེད་ན་རྗེས་སུ་དཔག་པ་ཡང་མེད་པའི་ཕྱིར་རོ། །དེས་ན་བདག་ཉིད་དུ་ལྟ་བས་ནི་མངོན་པར་འདོད་

པའི་དོན་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས། །བྱུང་བའི་སེམས་ཅན་ལྟ་བ་དག །རྩ་བ་ཉིད་ལས་དབྱུང་བར་གྱིས། །བདག་མེད་པར་ལྟ་བ་ཉིད་ལས་རྣམ་པ་གཞན་ནི་ཚད་མ་དང་ལྡན་པ་མེད་དོ་ཞེས་མཇུག་བསྡུའོ། །གལ་

ཏེ་བདག་མེད་པ་ཉིད་དང་། དེའི་ཐར་པ་ཡང་ལུང་ལས་གྲུབ་པ་ཡིན་ནོ། །ཐར་པ་དེ་ཡང་གཅིག་ཏུ་བདེ་བའི་རང་བཞིན་ཡིན་ཏེ། དེ་ནི་ནམ་ཡང་མེད་པར་འགྱུར་བ་མ་ཡིན་ནོ། །འཁོར་བའི་བདེ་བ་ནི་རྣམ་པར་ཆད་པ་དང་ལྡན་པ་ཡིན་པས་དེ་ལས་ཡོངས་སུ་ཚིམ་པ་མི་སྐྱེའོ། །དེ་ཡང་

เล่ม ๑๗๘ · หน้า 148b

དབང་བསྐུར་བ་ལ་སོགས་པའི་ཆོ་ག་ལས་གྲུབ་པ་ཡིན་པའི་ཕྱིར་སྔར་གྱི་རྩོད་པ་ཐམས་ཅད་མེད་དོ། །དེ་སྐད་དུ་ཡང་། དབང་པོ་ལས་འདས་རིག་བྱ་མིན། །དངོས་པོ་མིག་གིས་མཐོང་བ་ཡི། །དྲང་སྲོང་དེ་དག་ཚིག་ལ་ནི། །རྗེས་སུ་དཔག་པས་གནོད་མ་ཡིན། །སྐྱེས་བུས་མ་བྱས་

པའི་ཚིག་ལ་ཡང་ངོ་ཞེས་སྨྲས་པ་ཡིན་ནོ། །དེ་ཡང་མི་རིགས་སོ། །ལུང་ནི་དེ་ལྟའི་དངོས་ཡིན་པའི། །རྒྱུ་མ་མཐོང་བ་རྣམས་ལ་ནི། །ལུང་ཙམ་གྱིས་ནི་གྲོལ་བ་ཡང་། །སྨྲ་བ་ཡོངས་སུ་མགུ་བྱེད་མིན། །དབང་པོ་ལས་འདས་པ་མཐོང་བ་རྣམས་ཀྱི་ཚིག་ལ་རྗེས་སུ་དཔག་པས་

མི་གནོད་དོ་ཞེས་བྱ་བ་འདི་ནི་བདེན་མོད་ཀྱི། འོན་ཀྱང་དེས་སྦྱར་བའི་ཚིག་དེ་ཉིད་མི་རྟོགས་ཏེ། དེ་ནི་ལུང་ཐམས་ཅད་ལ་ཐུན་མོང་ཡིན་པའི་ཕྱིར་རོ། །ལུང་ཐམས་ཅད་ནི་ཚད་མ་མ་ཡིན་ལ། དེའི་རྗེས་སུ་བསྒྲུབ་པ་ཡང་སྲིད་པ་མ་ཡིན་ནོ། །སྐྱེས་བུས་མ་བྱས་པ་ནི་མི་རིགས་

སོ་ཞེས་པ་བཤད་ཟིན་ཏོ། །གལ་ཏེ་ས་བོན་ལ་སོགས་པ་དབང་བསྐུར་བ་ལ་སོགས་པའི་ཆོ་ག་དང་འབྲེལ་པ་ལས་མི་སྐྱེ་བའི་ཆོས་ཅན་དུ་མཐོང་བ་མ་ཡིན་ནམ་ཞེ་ན་དེ་ཡང་རིགས་པ་མ་ཡིན་ཏེ། ས་བོན་སོགས་གྲུབ་ཆོ་ག་ནི། །སྐྱེས་བུ་མི་བསྐྱེད་པར་ནུས་མིན། །ཏིལ་མར་བསྐུས་དང་མེས་

བསྲེགས་སོགས། །ལས་ཀྱང་གྲོལ་བར་ཐལ་ཕྱིར་རོ། །ཇི་སྟེ་ཏིལ་མར་བསྐུ་བ་ལ་སོགས་པ་ནི། དེ་ཙམ་ཉིད་ལས་ནུས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན། དབང་བསྐུར་བ་ལ་སོགས་པ་ལ་ཡང་མཚུངས་སོ། །དེ་བཞིན་དུ། སྔར་ལྕི་བདག་ཕྱིས་ཡང་ཕྱིར། །སྡིག་པ་བཅོམ་པར་

བྱས་པ་མིན། །འདི་ཡི་ལྕི་ཉིད་མེད་འགྱུར་གྱི། ལུས་ཅན་མིན་ཕྱིར་སྡིག་ལྕི་མིན། །གལ་ཏེ་དབང་བསྐུར་བ་ན་སྔར་ལྕི་བ་དག་ཕྱིས་ཡང་བར་ཟད་མོད། དེ་ཙམ་གྱིས་སྡིག་པ་བཅོམ་པ་ནི་མ་ཡིན་ནོ། །ལྕི་བ་དང་འགལ་བའི་ཡང་བ་དམིགས་པས་ནི་ལྕི་བ་ཉིད་མེད་པར་རྟོགས་པར་བྱེད་

ཀྱི། སྡིག་པ་མེད་པར་ནི་མ་ཡིན་ཏེ། སྡིག་པ་མེད་པ་ནི་ལྕི་བ་ཉིད་མེད་པའི་ཕྱིར་རོ། །དེ་ནི་སྡིག་པ་ཉིད་ཀྱིས་ལྕི་བ་ཡིན་ནོ་ཞེ་ན། དེ་ག་ལས་ལུང་ལས་སོ་ཞེ་ན། འདི་ལ་བཤད་ཟིན་ཏོ། །གཞན་ཡང་། དེ་སྲིད་ཙམ་གྱིས་སྡིག་པ་ནི། །ཞིག་པས་ཐར་པ་ཡོད་མ་ཡིན། །མཐུ་ཡོད་

เล่ม ๑๗๘ · หน้า 149a

ཕྱིར་ན་གཞན་དུ་ཡང་། །སྐྱེ་ཞེས་བྱ་བར་རྟོགས་པ་ཡིན། །ལྷ་ལ་སོགས་པ་མཐོང་བ་ནི། །དགའ་བ་ཡང་ནི་མེད་པ་ཡིན། །ཐམས་ཅད་ལས་ནི་གྲོལ་ཞེ་ན། །དེ་ལྟ་ཡིན་ན་ཁྱད་ཅི་ཡོད། །གལ་ཏེ་ཁྱེད་ཀྱི་ཕྱོགས་དེ་ཡང་བདག་མེད་པ་བསྒོམས་པས་

སྲིད་པ་ཆད་པར་འགྱུར་མོད། །དེ་ལྟ་ན་ཡང་ཐར་པ་ཇི་ལྟར་འགྱུར་ཞེས་བསམ་དགོས་པ་ཉིད་དོ་ཞེ་ན། དེ་ཡང་ཇི་ལྟ་བ་བཞིན་མ་ཡིན་ཏེ། འདི་ལྟར། ལོག་ཤེས་དང་ནི་དེ་ལས་འབྱུང་། །སྲེད་པ་སེམས་པའི་དབང་དག་གིས། །དམན་གནས་འགྲོ་བར་སྐྱེ་བ་ཡིན། །དེ་ཕྱིར་དེ་བཅད་

འགྲོ་མི་འགྱུར། །འདི་ལྟར། དེ་ཙམ་ལས་ནི་འབྱུང་བའི་ཕྱིར། །སྐྱེ་ལ་དེ་དག་ཉིད་ནུས་ཡིན། །སེམས་པ་དེ་དག་རང་ཉིད་ལས། །ཡིན་ཕྱིར་སྐྱེ་རྒྱུ་ཉམས་པ་མེད། །ཡུལ་ལ་སོགས་པར་ཕྱིན་པ་ནི་སྲེད་པའི་དབང་ཉིད་ཀྱིས་ཡིན་པར་དམིགས་པ་ཡིན་ནོ། །གལ་ཏེ་ལས་ཀྱང་

སྐྱེ་བའི་རྒྱུ་མ་ཡིན་ནམ། དེ་ཅི་ལྟར་དེ་ཙམ་ལས་འབྱུང་བ་ཡིན་ཞེ་ན། དེ་ཡང་མ་ཡིན་ཏེ། སེམས་པ་དེ་གཉིས་ཉིད་ལས་ཡིན་ནོ། །སྔར་གྱི་སེམས་པའི་མཚན་ཉིད་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེ་དག་ནི། འདུ་བྱེད་པའི་སྒོ་ནས་སྐྱེ་བ་གཞན་འབྱུང་བའི་སེམས་པའི་ལོག་

པའི་ཤེས་པ་དང་། དེ་ལས་བྱུང་བའི་སྲེད་པའི་སེམས་པ་གཉིས་འགྲུབ་པར་བྱེད་པ་ཡིན་ནོ། །ལས་ནི་དངོས་སུ་འདི་གཉིས་ཉིད་ཡིན་ཏེ། དེའི་དེ་མ་ཐག་པར་སྐྱེ་བ་འབྱུང་བའི་ཕྱིར་རོ། །སྔ་མ་དག་ནི་དེའི་རྒྱུ་ཡིན་པས་ན་ཉེ་བར་བཏགས་ནས་ལས་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ། །

དེས་ན་དབང་བསྐུར་བ་ལ་ཡང་སྐྱེ་བའི་རྒྱུ་ཡོངས་སུ་རྫོགས་པ་ཡོད་པའི་ཕྱིར་ཐར་པ་མ་ཡིན་ནོ། །ཇི་སྟེ་ཡང་། འགྲོ་དང་རྟོགས་རྟེན་བྱེད་པ་ཡིན། །དེ་ནི་མ་མཐོང་བ་ལས་འགྱུར། །མ་མཐོང་ཞིག་ཕྱིར་འགྲོ་བ་མེད། །དེས་ན་འདུ་བྱེད་སེམས་པ་མིན། །དགེ་བའི་ལས་རྣམ་པ་བཅུ་

ཡིན་ལ། མི་དགེ་བ་ཡང་རྣམ་པ་བཅུ་ཉིད་དེ། སེམས་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་ཡང་དབང་བསྐུར་བ་ལ་སོགས་པའི་བསྒྲུབ་པས་འཇིག་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། དོན་འདི་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་། ཡོད་དང་མེད་པའི་རྗེས་འཇུག་ཕྱིར། །བྱེད་

เล่ม ๑๗๘ · หน้า 149b

པ་བསྐྱེད་ལ་བློ་ཡི་ནི། །ནུས་མཐོང་གཞན་གྱིས་མ་ཡིན་ན། །དེ་ཡོད་དེ་དག་ཅིས་མི་འགྲོ། །མིག་ལ་སོགས་པའི་བྱེད་པ་དག་ནི་བློའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་པས། དེ་དག་བློས་གྲུབ་པ་ན་གཞན་དག་སྐྱེ་བ་ཡིན་ཏེ། དེས་ན་ཅིའི་ཕྱིར་མི་སྐྱེ་འོན་ཏེ་

དབང་བསྐུར་གྱིས་བཅོམ་པར་བསྐྱེད་པ་ལ་ནུས་པ་མེད་དོ་ཞེ་ན། དེ་ལྟར་ཡིན་ན། གལ་ཏེ་དེ་དག་ནུས་མེད་ན། །དེ་ལ་དབང་སོགས་བྱས་མ་དག །སེམས་པའི་དབང་གིས་འཛིན་དང་འཇུག །གཡེང་དང་འགོག་པ་མེད་པར་འགྱུར། །གལ་ཏེ་དབང་བསྐུར་བས་བློ་ལ་སོགས་

པ་བདག་གི་ཡོན་ཏན་རྣམས་སྐྱེ་ནས་ནུས་པ་མེད་པ་ལ་བརྟེན་ན། དེའི་ཚེ་དབང་བསྐུར་མ་ཐག་ཉིད་དུ་བློ་ཉམས་པས་ན། འཛིན་པ་ཡུལ་དག་ལ་རང་དགར་འཇུག་པ་བཟློག་པ་དང་། མངོན་པར་འདོད་པ་ལ་འཇུག་པ་དང་གཡེང་བ་མི་མཉམ་པར་འཇུག་པ་དང་། འགོག་

པ་འཇིག་པ་སྟེ་དེ་དག་མེད་པར་འགྱུར་རོ། །འོན་ཏེ་ཤི་མ་ཐག་ཏུ་ནུས་པ་མེད་པར་འགྱུར་བ་ཡིན་ཏེ། རྒྱུ་རྣམས་ནི་ཡོངས་སུ་འབྱུང་བའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ་ཞེ་ན། དེ་ཡང་མི་རིགས་ཏེ། གལ་ཏེ་དབང་བསྐུར་ལ་སོགས་དག །དེ་ལྟར་མི་སྐྱེ་ལ་ནུས་མེད། །ཤི་

བའི་འོག་ཏུ་འགྱུར་རོ་ཞེས། །དེ་འདྲ་བ་ཡི་ཚད་ཡོད་མིན། །གལ་ཏེ་དེ་ཉིད་ནུས་པ་ཡི། །ཆ་དག་རྟོགས་པ་ཡོད་ན་ནི། །དེ་ལས་ཕུལ་བྱུང་ཐོབ་པས་ན། །གཞན་དུའང་ཡོད་ཅེས་བྱ་བར་འགྱུར། །གང་གི་ཚེ་གོང་ནས་གོང་དུ་འགྱུར་བའི་རྗེས་སུ་མཐུན་པ་ཉིད་མ་དམིགས་

པ་དེའི་ཚེ་ཐར་པར་རྟོག་པ་རྒྱུ་མཚན་མེད་པ་ཅན་ཉིད་དོ། །འོན་ཏེ་ད་ལྟ་ནི་བློ་ཡོད་པའི་ཕྱིར། འདོད་ཆགས་ལ་སོགས་པ་འཁོར་བའི་རང་བཞིན་འབྱུང་བ་ཡིན་ནོ། །ཤི་མ་ཐག་ཏུ་ནི་བློ་མེད་པ་ཉིད་ཀྱིས་འཁོར་བའི་ཆོས་མེད་པར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ་སྐྱེ་བ་གཞན་དུ་བློ་མེད་པ་ཉིད་

ཅིའི་ཕྱིར་ཤི་བའི་ཕྱིར་ཞེ་ན། དབང་བསྐུར་བའི་ཆོ་ག་དོན་མེད་དེ། ཐམས་ཅད་ཤི་བའི་བློ་མེད་པར་གྱུར་པ་ན་འགྲོལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་དེ་ཚེ་བློ་མེད་ཕྱིར། །མི་འགྱུར་དྲི་མ་རྣམས་ཀྱི་བློ། །མཚམས་སྦྱོར་དེ་རྣམས་ནུས་མེད་ན། །གསོན་པ་ཉིད་ནའང་ནུས་མེད་འགྱུར། །

เล่ม ๑๗๘ · หน้า 150a

མཚམས་སྦྱོར་བའི་རྒྱུའི་འདོད་ཆགས་ལ་སོགས་པའི་དྲི་མ་དག་ཡོད་པས་ན་བློ་མེད་པར་མི་འགྱུར་རོ། །འོན་ཏེ་གཏི་མུག་ལ་སོགས་པ་དབང་བསྐུར་གྱིས་ཉམས་པ་དག་ནུས་པ་མེད་དོ་ཞེ་ན། དེའི་ཚེ་གསོན་པ་ཉིད་ན་བློ་མཚམས་སྦྱོར་བའི་རྒྱུར་མི་འགྱུར་རོ། །དེས་

ན་དབང་བསྐུར་མ་ཐག་ཏུ་ཐར་པར་འགྱུར་རོ། །ཡིན་པ་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གཉེན་པོ་དང་ནི་རང་གི་ཕྱོགས། །འཕེལ་ན་འགྲིབ་དང་འཕེལ་བའི་ཕྱིར། །ཉེས་རྒྱུན་རང་གི་ས་བོན་ཅན། །དབང་བསྐུར་བ་ལ་ལྡོག་པ་མེད། །ཉེས་པ་ནི་རང་གི་ས་བོན་ལས་སྐྱེ་བ་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། གཉེན་པོའི་ཕྱོགས་བདག་མེད་པ་དང་། རང་གི་ཕྱོགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འཕེལ་ན་གོ་རིམས་བཞིན་དུ་འགྲིབ་པ་དང་འཕེལ་བའི་ཕྱིར་རོ། །དེ་ལྟ་བུའི་དབང་བསྐུར་བ་ལ་ཡང་སྐྱེ་བ་འདི་དང་གཞན་དུ་ལྡོག་པ་མེད་པ་ཡིན་ན། དེ་ཅི་ལྟར་

འདི་ཐར་པ་ཡིན། །གལ་ཏེ་བདག་མེད་པ་མཐོང་བ། །ཐར་པ་དེ་སུའི་ཡིན། བདག་ཏུ་སྨྲ་བ་ནི། གང་གི་ཚེ་འདོད་ཆགས་ལ་སོགས་པས་ཉམས་པ་འགའ་ཞིག་ལས་དག་པར་འགྱུར་བ། དེའི་ཚེ་ཐར་པ་ཡིན་ནོ། །ཐར་པ་ནི་བཅིངས་པ་གྲོལ་བ་ཡིན་ན། བདག་མེད་པའི་ལྟ་བ་ལ་

ནི། གང་བཅིངས་པ་དེ་ནི་བཅིངས་པ་ཉིད་དེ། དེ་ཉིད་ཐར་པ་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ཀྱིས་བདག་ཏུ་ལྟ་བ་མེད་པའི་ཕྱིར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། དག་པ་གང་ཡིན་དེ་གཞན་མིན། །མེ་ཤི་བ་ནི་མེ་མིན་པ། །དེ་ལྟར་ན་ཡང་མེ་ཤི་ཞེས། །བྱ་བའི་ཐ་སྙད་འདི་གནས་

སོ། །དེ་ལ་ངེད་ཀྱི་ཕྱོགས་ལ་ནི་ཚིག་གི་ཚུལ་ཙམ་ཞིག་མི་འབྱོར་བ་ཡིན་ན། དེ་ཡང་དཔེས་ལན་བཏབ་བོ། །བདག་ཏུ་སྨྲ་བ་ལ་ནི་དོན་ཉིད་མི་འགྲིགས་པས། ཚིག་གི་ཚུལ་ཙམ་ནི་འགྲིགས་ཀྱང་ཅི་ཡང་བྱར་མེད་དོ། །གཙོ་བོ་དངོས་པོ་མི་འགྲིགས་པའི་ཕྱིར་རོ། །འདི་ལ་ནི་དཔེ་

ཡང་ཡོད་པ་མ་ཡིན་ནོ། །འདི་ལྟར། རྟག་པ་ལྟོས་པ་མེད་པའི་ཕྱིར། །རིམ་གྱིས་སྐྱེད་པར་བྱེད་པ་དང་། །བྱེད་དང་མི་བྱེད་པ་དག་ནི། །འདྲ་བའི་བདག་ཉིད་བྱེད་པ་འགལ། །བདག་གི་ཐར་པ་ནི། གནས་སྐབས་ཀྱི་ཁྱད་པར་ཡིན་ཏེ་མ་དག་པའི་གནས་སྐབས་སུ་གྱུར་པ་ལས་དག་པའི་

เล่ม ๑๗๘ · หน้า 150b

གནས་སུ་གྱུར་པ་ཡིན་ནོ། །རིམ་གྱིས་འབྱུང་བའི་གནས་སྐབས་དག་ནི་བདག་གི་འབྲས་བུ་ཡང་མ་ཡིན་ཏེ། ལྟོས་པ་མེད་པ་ནི་ཅིག་ཅར་ཉིད་གནས་སྐབས་དང་བཅས་པར་འགྱུར་རོ་ཞེས་ཕྱོགས་གཞན་དུ་གཏན་ལ་ཕབ་ཟིན་པའི་ཕྱིར་རོ། །གཞན་ཡང་བྱེད་པ་དང་འགལ་ཏེ།

བྱེད་པ་དང་མི་བྱེད་པའི་གནས་སྐབས་དག་ཏུ་འདྲ་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་གཅིག་པར་འགྱུར། །དེ་དག་དེ་ལས་ཐ་དད་ན། །བྱེད་པོ་ཟ་པོ་ཉམས་པར་འགྱུར། །ནུས་པ་ཡང་ནི་འགྲུབ་མ་ཡིན། །དེའི་བདག་ཉིད་ཡིན་ན་ནི། །རྒྱུ་དང་འབྲས་བུ་དག་གཅིག་པར་འགྱུར་ཏེ། བདག་

གཅིག་གི་ཁོངས་སུ་གཏོགས་པའི་ཕྱིར་དེའི་བདག་ཉིད་བཞིན་ནོ། །རྒྱུ་དང་འབྲས་བུ་དེ་དག་ཐ་དད་པ་ཡིན་ན་ནི། །དེ་བྱེད་པ་པོ་དང་ཟ་བ་པོར་མི་འགྱུར་ཏེ། བྱེད་པ་དང་ལོངས་སྤྱོད་དང་འབྲེལ་པ་མེད་པའི་ཕྱིར། གཞན་གྱི་བདག་བཞིན་ནོ། །ཉམས་སུ་མྱོང་བ་ལས་ཀྱང་འབྲེལ་པ་མ་ཡིན་

ཏེ། གཞན་གྱི་བདག་ཉིད་བཞིན་ནོ། །རྣལ་འབྱོར་པ་གཞན་གྱི་བྱེད་པ་དང་ལོངས་སྤྱོད་པ་མངོན་དུ་བྱེད་པ་ལས་ཀྱང་བྱེད་པ་པོ་དང་སྤྱོད་པ་པོར་འགྱུར་རོ། །འོན་ཏེ་འདུ་བའི་འབྲེལ་པ་ཉིད་ལས་སོ་ཞེ་ན་མ་ཡིན་ཏེ། འདུ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འདུ་བ་ནི་རྣལ་འབྱོར་པ་

ལ་ཡང་བློ་གཅིག་ཏུ་འགྱུར་བའི་རྒྱུ་མ་ཡིན་ན་ནི་མ་ཡིན་ནོ། །འོན་ཏེ་རྒྱུ་དང་འབྲས་བུ་དག་དང་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་རོ། །འདི་བྱེད་པ་པོ་དང་སྤྱོད་པ་པོ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། ནུས་པ་ཡང་ནི་འགྲུབ་མ་ཡིན། །རྟག་པ་ལ་ནི་ནུས་པ་མེད་དོ་ཞེས་

བསྟན་ཟིན་ཏོ། །འོ་ན་ནི་བདག་མེད་པ་ལ་ཡང་དྲན་པ་དང་ལོངས་སྤྱོད་པ་ལ་སོགས་པ་མི་འགྲུབ་བོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞན་གྱིས་དྲན་དང་ལོངས་སྤྱོད་སོགས། །ཐལ་བ་གནོད་བྱེད་མ་ཡིན་ཏེ། །འགའ་ཡང་དྲན་པ་མེད་པའི་ཕྱིར། །དེས་ན་མྱོང་ལས་དྲན་པ་འབྱུང་། །

དྲན་པར་བྱེད་པ་པོ་འགའི་ཡང་དྲན་པ་ཡོད་པ་མ་ཡིན་ཏེ། དེ་མེད་པ་ཉིད་ཀྱི་ཕྱིར་རོ། །ལོངས་སྤྱོད་པ་ཡང་མ་ཡིན་ཏེ། །ལོངས་སྤྱོད་པ་པོ་མེད་པའི་ཕྱིར་རོ། །འོན་ཀྱང་དྲན་པ་འབའ་ཞིག་སྟེ། དེ་ཉིད་དྲན་པ་པོ་དང་། དྲན་པ་དང་དྲན་པའི་ཡུལ་ཡིན་ནོ། །དེས་གཞན་དུ་ལོངས་

เล่ม ๑๗๘ · หน้า 151a

སྤྱོད་པ་ཡང་བརྗོད་པར་བྱའོ། །བདེ་བ་ཉིད་ལོངས་སྤྱོད་བྱ་དང་ལོངས་སྤྱོད་པ་དང་། ལོངས་སྤྱོད་པ་པོ་ཡིན་ནོ། །དྲན་པ་དེ་ཡང་མྱོང་བའི་རྒྱུ་ལས་སྐྱེའོ། །གལ་ཏེ་གཞན་གྱིས་མངོན་པར་འདོད་པ་མྱོང་བ་ལས་ཀྱང་ཅིའི་ཕྱིར་མི་སྐྱེ། གཞན་གྱིས་བྱེད་པས་ཀྱང་

ལོངས་སྤྱོད་པར་འགྱུར་རོ་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོ་ངེས་པའི་ཕྱིར་རོ། །བདག་ཏུ་སྨྲ་བ་ལ་ཡང་ཉེས་པ་འདིར་ཅིའི་ཕྱིར་མི་འགྱུར། བདག་ཐ་དད་པའི་ཕྱིར་རོ། །ཐ་དད་པ་དེ་ཉིད་ག་ལས། ཇི་ལྟར་བདག་ལ་ཁྱད་མེད་ཀྱང་། །གཞན་ལས་དྲན་པ་མི་འབྱུང་བ། །དེ་བཞིན་

ཡིད་ལ་ཁྱད་མེད་ཀྱང་། །གཞན་ལས་དྲན་པ་སྐྱེ་མ་ཡིན། །ཡིད་ལ་ཐ་དད་རྒྱུ་ཡོད་པས། །ཐ་དད་འདིར་ནི་འགྱུར་ན་ཡང་། །བདག་ནི་ཐ་དད་རྒྱུ་མེད་པའི། །རྣམ་དབྱེ་འདི་ནི་ག་ལས་ཡིན། །གལ་ཏེ་བདག་གཅིག་མེད་ན་ནི། །བདག་གིས་མཐོང་བ་དྲན་ནོ་ཞེས། །གཅིག་

ཉིད་འབྲེལ་པ་ག་ལས་ཡིན། །སྐྱོན་འདི་བདག་ལ་ཡང་མཚུངས་ཏེ། །འདི་ལ་ཚད་མ་སྐྱེ་བ་ཡོད་པ་ནི་མ་ཡིན་ནོ། །བདག་ཡོད་ཀྱང་ཚད་མ་གང་གིས་དྲན་པ་དང་མཐོང་བ་གཞི་གཅིག་ཉིད་དུ་རིགས། མངོན་སུམ་གྱིས་སོ་ཞེ་ན། སྔ་ཕྱི་ཉིད་ལ་མངོན་སུམ་གྱི། །རྟོགས་པ་མེད་

ཅེས་བསྒྲུབས་ཟིན་ཏོ། །མངོན་སུམ་མེད་ཕྱིར་རྗེས་དཔག་ནི། །ཚད་མ་དེ་ལ་འཇུག་མ་ཡིན། །གལ་ཏེ་བདག་ནི་སྔ་མ་ཡི། །ངོ་བོར་དེ་ཉིད་དུ་བདག་རིག །སྔ་མ་ཡི་ནི་མྱོང་བ་ཉིད། །ད་ལྟའི་ཚེ་ན་ཡོད་པར་འགྱུར། །དེས་ན་དེ་ལ་སྔ་མ་ནི། །ཉིད་དུ་རིག་པར་ག་ལ་སྲིད། །ཉམས་

སུ་མྱོང་བཞིན་པ་ཉིད་ནི། །སྔ་མའི་ངོ་བོར་རྟོགས་མ་ཡིན། །དྲན་ལས་སྔ་ཉིད་མ་ཡིན་ཏེ། །དྲན་པ་ཉིད་ནི་ཚད་མ་མིན། །གལ་ཏེ་དྲན་ལས་མ་གྲུབ་ན། །གཞན་དུ་ཅིའི་ཕྱིར་དེ་མི་འདོད། །དེ་ཕྱིར་བདག་ཏུ་སྨྲ་བ་ལ། །དེ་ཉིད་དུ་ནི་གཅིག་གནས་མེད། །དེ་དག་ཅིག་ཅར་འབྱུང་བའི་

ཕྱིར། །གཅིག་ཉིད་དུ་ནི་མངོན་པར་རློམ། །གཅིག་ཉིད་དུ་མ་མངོན་འདོད་ལ། །ཐ་སྙད་རྣམ་དབྱེ་མེད་པའི་ཕྱིར། །གཅིག་པ་ཉིད་ཀྱི་ཐ་སྙད་ནི། །འབྲས་བུ་གཅིག་ཉིད་ལས་མཐོང་ངོ་། །འདི་ནི་ཐོག་མེད་མ་རིག་པ། །གོམས་པའི་ནུས་པ་རྒྱུར་འགྱུར་ཡིན། །བདག་ཉིད་མྱོང་བ་

เล่ม ๑๗๘ · หน้า 151b

གཅིག་ཉིད་ནི། །དེ་ལྟར་བདག་ཏུ་འཛིན་པའི་རྒྱུ། །འོ་ན་ཇི་ལྟར་བདག་མེད་པའི་འཁོར་བར་འཇུག་སྟེ། བདག་མེད་ན་འཇིག་ཚོགས་ལ་ལྟ་བ་ཉིད་མི་སྲིད་པའི་ཕྱིར་རོ། །དྲན་པ་ཡང་སྔ་མ་དང་ཕྱི་མའི་རང་བཞིན་དང་བྲལ་བའི་ཕྱིར། གཅིག་པ་ཉིད་དང་རྟག་པ་ཉིད་འཛིན་པའི་ནུས་པ་མ་

ཡིན་ཏེ། དེས་ན་འཁོར་བ་ཉིད་མེད་པ་ཉིད་དོ་ཞེ་ན། འདི་ལ་བཤད་ཟིན་ཏོ། །དོན་དམ་པར་ན་འཁོར་བ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། རང་ལས་རང་གི་ངོ་བོ་རྟོགས་ཞེས་བཤད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་འདི་ནི་ཐ་སྙད་ལས་དེ་ལྟར་འགྱུར་བ་ཡིན་ནོ། །འདི་ལྟར། བདེན་པ་

བཞི་ལ་བརྟེན་པ་དང་། །བདེ་དང་ང་དང་ང་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་འདོགས་ནས་ནི་ཡོངས་སུ་སྲེད། །དེ་ཉིད་ལ་ནི་དེ་འགལ་དོན། །དེ་ཉིད་རྣམ་པར་རྗེས་རྟོགས་ཅན། །ལེགས་བསྒོམས་ཡང་དག་ལྟ་བ་ཡིས། །སྲེད་པ་རྗེས་འབྲངས་བཅས་འཇོམས་

བྱེད། །ཡང་དག་པ་མ་ཡིན་པ་སྒྲོ་འདོགས་པ་ཉིད་འཁོར་བ་ཡིན་གྱི། དོན་དམ་པར་ནི་འཁོར་བ་མེད་དོ། །ཡང་དག་པ་མ་ཡིན་པ་ནི་རྣམ་པ་བཅུ་དྲུག་པོ་སྟེ། དེ་སྒྲོ་འདོགས་པའི་ཕྱིར་ན། ཡོངས་སུ་སྲེད་པ་ཅན་ལས་ཀྱིས་འཁོར་བར་མངོན་པར་རློམ་པ་ཡིན་གྱི། གཞན་དུ་ནི་འཁོར་བ་

སྲེད་པ་མ་ཡིན་ནོ། །མངོན་པར་རློམ་པ་ཡང་གཞན་དང་གཞན་མྱོང་བ་ལས་ཐ་དད་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་གཅིག་ཉིད་དང་བདག་ནི་མྱོང་བ་མེད་ཀྱང་རིག་པར་མངོན་པར་རློམ་པ་ཡིན་ནོ། །དཔྱོད་པ་དང་ལྡན་པ་དག་དེ་ཉིད་ཡང་དག་པར་ཚུལ་བཞིན་དུ་ཡིད་ལ་བྱེད་པས་ནི་

འདི་ལ་ཅུང་ཟད་ཀྱང་ཡོད་པས་ནི་མ་ཡིན་ནོ་ཞེས། བདག་མེད་པ་གོམས་པ་ལས་བརྟན་པར་གྱུར་པ་ན། རྣམ་པ་དག་པ་ཉིད་དུ་འགྱུར་བས། མ་རིག་པ་མཐའ་དག་ལོག་པའི་མཚན་ཉིད། མྱ་ངན་ལས་འདས་པའི་ཡུལ་མངོན་དུ་བྱེད་པར་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་མཐོང་བས་སྲེད་

པ་ལོག་པ་ནི་ཐར་པ་ཡིན་ནོ། །གལ་ཏེ་ལས་དང་ལུས་ཡོད་ན་ཇི་ལྟར་ཐར་པ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ལས་དང་ལུས་དག་གནས་ན་ཡང་། །གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན། །སྐྱེ་བ་སྲིད་པ་མ་ཡིན་ཏེ། །ས་བོན་མེད་པར་མྱུ་གུ་བཞིན། །དེ་ལྟ་ན་ནི་ལས་དང་ལུས་

เล่ม ๑๗๘ · หน้า 152a

དག་ལས་གང་ཡང་རུང་བ་ཞིག་མེད་པ་ཉིད་ན་ཐར་པར་འགྱུར་ཏེ། ཇི་སྐད་དུ། ལས་ཟད་པས་ཐར་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ལས་དང་ལུས་དག་སྤོང་མིན་ཏེ། །གཉེན་པོ་དག་ནི་མེད་ཕྱིར་དང་། །ནུས་མེད་ཕྱིར་ན་སྲེད་

པ་ནི། །ཡོད་ན་སླར་ཡང་འབྱུང་ཕྱིར་རོ། །སྲེད་པ་བཟློག་པ་མ་གཏོགས་པར་ལས་དང་ལུས་དག་གི་གཉེན་པོ་གཞན་ནི་ཡོད་པ་མ་ཡིན་ནོ། །དབང་བསྐུར་བ་ལ་སོགས་པའི་ཆོ་ག་ནི་བཤད་ཟིན་ཏོ། །ལུང་ཡང་ཚད་མ་མ་ཡིན་ནོ། །སྲེད་པ་དང་འབྲེལ་པ་ནི་ལམ་མི་བྱེད་པ་མ་ཡིན་ནོ་ཆགས་

སྡང་ལ་སོགས་པ་ནི་དེ་ལས་ངང་གིས་འབྱུང་བར་འགྱུར་རོ། །གཉིས་ཟད་དོན་དུ་འབད་ན་ཡང་། །ལས་ཟད་དུབ་པ་དོན་མེད་ཡིན། །གཉི་ག་ཟད་པར་བྱེད་ན་ནི། །དེ་སྲེད་པ་ཉིད་བཟློག་པ་ཟླའོ། །ལས་ཀྱང་བཟློག་པར་བྱ་བ་ཉིད་མ་ཡིན་ནམ་གང་ཡིན་ཞེ་ན་མ་ཡིན་ཏེ། གཉེན་པོ་མི་སྲེད་

པའི་ཕྱིར་ཞེས་བཤད་ཟིན་ཏོ། །འདི་ལྟར། འབྲས་བུ་སྣ་ཚོགས་པ་ཡི་ཕྱིར། །ལས་དང་ནུས་པ་ཐ་དད་དུ། །རྗེས་དཔོག་དེས་ན་དཀའ་ཐུབ་ཉིད། །ཉོན་མོངས་དངོས་གཅིག་གིས་མི་ཟད། །འབྲས་བུ་དུ་མ་བསྒྲུབས་པའི་ནུས་པ་མངོན་དུ་ཕྱོགས་པར་བྱེད་པའི་བདག་ཉིད་ཅན་གྱི་ལས་དག །ཇི་

ལྟར་ཡང་། རྣམ་པ་གཅིག་གི་འབྲས་བུ་སྤྱད་པ་ཙམ་གྱིས་ཟད་པར་འགྱུར། དཀའ་ཐུབ་ཀྱིས་ཉོན་མོངས་པའི་མཚན་ཉིད་ཀྱང་འབྲས་བུ་རྣམ་པ་གཅིག་ཡིན་པས། དེ་ལས་ཟད་པར་ནི་མི་རིགས་སོ། །གང་གི་ཕྱིར། རྣམ་འགས་དེས་སྐྱེད་འབྲས་བུ་ནི། །ཆུང་འགྱུར་རིགས་མི་མཐུན་རྐྱེན་

གྱི། །འབྲས་བུ་ཉམས་སུ་མྱོང་བས་ནི། །ལས་གང་གིས་དེའི་རིགས་ཅན་ཉིད་ཀྱི་འབྲས་བུ་ཉེ་བར་བསྐྱེད་པར་བྱའོ། །འབྲས་བུ་དེའི་ཆ་ཉམས་སུ་མྱོང་བའི་ཕྱིར་ལས་དེས་བསྐྱེད་པའི་འབྲས་བུ་ཉིད་ཉམས་པར་འགྱུར་གྱི། དེ་དང་མི་མཐུན་པའི་འབྲས་བུ་ནི་འགྲིབ་པ་མ་ཡིན་ནོ། །ཇི་སྟེ་

དཀའ་ཐུབ་ནུས་པ་ཡིས། །ནུས་པ་འདྲེས་པ་ཟད་པས་ན། །ཉོན་མོངས་འགས་སྤོང་ཆའམ་ནི། །ཉོན་མོངས་མེད་པར་ཀུན་སྤོངས་འགྱུར། །གལ་ཏེ་དཀའ་ཐུབ་ལ་ནུས་པ་ཡོད་ན་དེའི་ཚེ་མ་ལུས་པར་ཉོན་མོངས་པ་མེད་པའམ། སྤུ་གཅིག་བཏོགས་པ་ཙམ་གྱི་ཆ་ལས་ཟད་པར་འགྱུར་རོ། །

เล่ม ๑๗๘ · หน้า 152b

དེ་ལ་ཡང་བརྗོད་པ། གལ་ཏེ་དཀའ་ཐུབ་ཉོན་མོངས་ལ། །གཞན་དོན་ཉོན་མོངས་ཉིད་ཅེ་ན། །དེ་ནི་ལས་འབྲས་ཡིན་ཕྱིར་འདིས། །ནུས་པ་འདྲེ་སོགས་འགྱུར་མ་ཡིན། །གལ་ཏེ་དཀའ་ཐུབ་དེ་ཉོན་མོངས་ལས་གཞན་ཡིན་ན་དེའི་ཚེ་དེ་ཉིད་ལས་ཟད་པས་གདུང་བ་ལྔ་ལ་སོགས་པའི་ཉོན་མོངས་

པས་ཅི་ཞིག་བྱ། ལས་མ་ལུས་པར་དེ་ཉིད་ཀྱིས་ཟད་པར་འགྱུར་རོ། །གཞན་བྱས་པས་ནི་གཞན་གྱི་ནུས་པ་རྟོགས་པ་མ་ཡིན་ནོ། །ཉོན་མོངས་པ་ཉིད་ནི་དཀའ་ཐུབ་མ་ཡིན་ཏེ། དེ་ནི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ལས་ཀྱི་འབྲས་བུ་ཉིད་དཀའ་ཐུབ་ཏུ་འགྱུར་བ་ཡང་མ་ཡིན་ཏེ། ཚ་

གྲང་སྤྱོད་པའི་ཕྱུགས་ལ་སོགས་པ་དག་ཀྱང་དཀའ་ཐུབ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་དེ་ནི་ལས་ཀྱི་འབྲས་བུ་མ་ཡིན་ཏེ་འདོད་པས་ཞུགས་པ་ཡིན་པའི་ཕྱིར་རོ། །ལས་ཀྱི་འབྲས་བུ་ནི་དེ་འདོད་པ་མེད་ཀྱང་འགྱུར་བ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། རྒྱལ་སྲིད་

ལ་སོགས་འདོད་པ་ཡིས། །འཐོབ་པའི་ལས་འབྲས་མིན་ནམ་ཅི། །བློ་ནི་ལས་ཀྱི་རྟེན་འགྲོ་བ། །དེ་འདྲ་ལས་ཀྱང་ཡོད་པ་ཡིན། །གལ་ཏེ་དེ་ལས་ཀྱི་འབྲས་བུ་མ་ཡིན་ན། འོ་ན་ཇི་ལྟར་འབྲས་བུ་སྤྱད་པ་ལས་ཟད་ཅེས་ཁྱེད་རྗོད་པར་བྱེད། དེའི་ཕྱིར་དེ་ནི་ལས་ཀྱི་འབྲས་བུ་ཉིད་དོ། །དེས་

ན་སྡིག་པ་ཉིད་ཟད་པར་འགྱུར་གྱི། རྒྱལ་སྲིད་ལ་སོགས་པའི་ལས་ནི་མ་ཡིན་ཏེ། དེས་ན་རྒྱལ་སྲིད་ལ་སོགས་པ་ཡང་མྱོང་བར་བྱ་བ་ཉིད་དོ། །འོན་ཏེ་རྒྱལ་སྲིད་ལ་སོགས་པ་ནི་འདོད་པ་ལ་སོགས་པ་ཉིད་ལ་འདོད་པར་འགྱུར་གྱི། དམྱལ་བའི་སྡུག་བསྔལ་ལ་སོགས་པ་ནི་དབང་མེད་དུ་འོངས་

པས་དེ་མྱོང་བར་བྱ་བ་ཉིད་དེ་དེས་ན་གདུང་བ་ཉིད་འདོད་དོ་ཞེ་ན། དེ་ལྟར་ན་འོ་ན་དམྱལ་བའི་སྡུག་བསྔལ་ཡང་མྱོང་བར་བྱ་དགོས་སོ། །འོན་ཏེ་དེ་གཉིས་ནི་སྡུག་བསྔལ་ཉིད་ཡིན་པའི་ཕྱིར། །སྡུག་བསྔལ་ཙམ་གྱིས་ཟད་པར་འགྱུར་ཏེ། དམྱལ་བ་ལ་སོགས་པ་སྐྲ་འབལ་བས་ཟད་པར་

འགྱུར་རོ་ཞེ་ན་དེ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཚད་མ་འདི་ཡང་ཡོད་པ་མ་ཡིན་ཏེ། སྡུག་བསྔལ་ཡིན་ཕྱིར་ལས་ཟད་པའི། །རྒྱུ་མིན་ཕྱུགས་ཀྱི་སྡུག་བསྔལ་བཞིན། །གལ་ཏེ་འདི་ནི་མ་ངེས་ན། །དེ་ཁྱོད་སྨྲས་ལ་མེད་དམ་ཅི། །གཞན་ཡང་། ཇི་ལྟར་རྒྱལ་སྲིད་བདེ་བའི་དངོས། །

เล่ม ๑๗๘ · หน้า 153a

འདོད་མེད་ལ་ནི་མི་གནོད་པ། །དེ་བཞིན་གོམས་ལས་དམྱལ་བ་ཡི། །སྡུག་བསྔལ་དེ་ལ་གནོད་བྱེད་མིན། །གོམས་པའི་སྟོབས་ལས་འཇིག་རྟེན་ན། །བདེ་དང་སྡུག་བསྔལ་ལ་སོགས་འགྱུར། །དེས་ན་གྲོལ་གནས་འདི་ལ་ནི། །བདེ་སྡུག་ལ་སོགས་ཡོད་

མ་ཡིན། །འོན་ཏེ་ལས་ཡོད་དེ་ལས་ཟད་པའི་ཕྱིར་འབད་དོ་ཞེས་བྱ་བ་དེ་ཉིད་ཁྱེད་ཀྱིས་ཁས་བླངས་པ་ཡིན་པའི་ཕྱིར་ཁས་བླངས་པས་གནོད་དོ་ཞེ་ན། །དེ་ནི་མ་ཡིན་ཏེ། འདི་ལྟར། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །ངེས་བསྐྱེད་ལས་ལ་ནུས་

འགྱུར་གྱི། །ཅི་ལྟར་བྱས་པ་ཉམས་པར་འགྱུར། །བྱས་ཟིན་པའི་ལས་འཇིག་པ་ནི་མེད་དེ། བྱས་པའི་ལས་ལ་ནི་ཉམས་པ་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ལས་ཟད་པར་བཤད་ཅེ་ན། འདིར་སྨྲས་པ། གང་གིས་ཚོགས་པ་གཞན་ཡོད་ན། །འབྲས་བུ་སྟེར་བྱེད་ལས་དང་ནི། །

འགལ་བ་ཡོད་ན་མ་ཡིན་པ། །ལས་དེ་དེ་འདྲ་བ་ཉིད་ཡིན། །གང་ཞིག་གདོན་མི་ཟ་བར་འབྲས་བུ་འབྱིན་པར་ནུས་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བ་ཁོ་ནར་འབྲས་བུ་འབྱིན་པ་ཡིན་ཏེ། དེའི་དོན་དུ་ཡང་དག་ཐུབ་ཅན་དག་མངོན་པར་སྦྱོར་བ་མ་ཡིན་ཏེ། དེ་ནི་སྟོབས་ཀྱིས་འོང་བའི་

ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཟད་པས་ནི་མ་འོངས་པའི་འདོད་ཆགས་ཀྱི་འབྲས་བུ་ནི་ཟད་པའི་འགྱུར་བ་ཉིད་དོ། །བྱས་ཟིན་པའི་དངོས་པོ་གདོན་མི་ཟ་བར་མྱོང་བར་བྱ་བའི་ལས་ནི་མ་ཡིན་ནོ། །གལ་ཏེ་ལས་ནི་ཅི་ལྟར་སྲེད་པ་ཇི་ལྟ་བ་བཞིན་དུ་གནས་ན་ལས་ཡང་འབྱུང་བ་དེ་བཞིན་

ལས་ཡོད་ན་སྲེད་པ་སླར་འབྱུང་བར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ལས་ལས་ཉེས་པ་མ་ཡིན་ཏེ། །སྐྱོན་ལྡན་མེད་འགྱུར་བཟློག་པས་མིན། །ལོག་པའི་རྣམ་རྟོག་མེད་པར་ནི། །བདེ་བ་ལས་ཀྱང་འདོད་མི་འགྱུར། །སྲེད་པ་ཡོད་ན་འབྲས་བུ་དོན་དུ་གཉེར་བ་ལས་

བྱེད་ཀྱི། དེ་ལྟར་མ་ཡིན་ཏེ། སྲེད་པ་མེད་ན་ནི་ཅི་ཡང་མི་བྱེད་དོ། །འོན་ཏེ་དགེ་བའི་ལས་འབྱིན་པར་ནུས་པའི་ཕྱིར་གདོན་མི་ཟ་བར་བདེ་བ་འདོད་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དོན་དམ་པར་ན་འཁོར་བར་བདེ་བ་ཉིད་འགའ་ཡང་ཡོད་པ་མ་ཡིན་ནོ། །འོན་ཀྱང་ལོག་པའི་རྣམ་

เล่ม ๑๗๘ · หน้า 153b

པར་རྟོག་པ་འགའ་ཞིག་ཏུ་ཟད་དོ། །ལོག་པའི་རྟོག་པ་དེ་དེ་མེད་ན་ནི་གང་ལས་མངོན་པར་འདོད་པར་འགྱུར་ཞིང་། བདེ་བ་དེ་ཡང་གང་ཞིག་གིས་ཡིན། དེའི་ཕྱིར་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་མ་རིག་པ་ཟད་པ་ཉིད་ཀྱིས་ཐར་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་

འཕགས་པའི་བདེན་པ་བཞི་སྟོན་པར་མཛད་པ་ཉིད་ཀྱི་སྐྱོབ་པ་ཡིན་ནོ། །དེས་ན་བདེན་པ་བཞི་སྟོན་པའི་མཚན་ཉིད་འབྲས་བུར་འགྱུར་བའི། སྐྱོབ་ལས་དེ་ཉིད་བརྟན་པ་དང་། །མ་ལུས་ཁྱད་པར་མཁྱེན་པར་འགྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་

སློབ། །མི་སློབ་ལས་ལྷག་གང་གི་ཕྱིར། །སྐྱོབ་པ་ཉིད་ལས་བཅོམ་ལྡན་འདས། །བདེ་བར་གཤེགས་པ་ཡིན་ནོ་ཞེས་ཤེས་པ་ཡིན་ནོ། །བདེ་བར་གཤེགས་པ་ཉིད་དེ་ཡང་། དེ་ཁོ་ན་ཉིད་དང་། བརྟན་པ་དང་ཁྱད་པར་མ་ལུས་པ་མཁྱེན་པའོ། །དེ་ཁོ་ན་ཉིད་མཁྱེན་པ་ནི་ལེགས་པར་

མཁྱེན་པའོ། །བརྟན་པ་མཁྱེན་པ་ནི་སླར་མི་ལོག་པར་མཁྱེན་པ་སྟེ། བརྟན་པ་ནི་སླར་མི་ལྡོག་པའི་ཕྱིར་རོ། །ཁྱད་པར་མ་ལུས་པ་མཁྱེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ། མཐའ་དག་མཁྱེན་པའོ། །བདེ་བར་གཤེགས་པ་ནི་རྟོགས་པའི་དོན་ཡིན་པའི་ཕྱིར་རོ། །

བཅོམ་ལྡན་འདས་ལ་དེ་མངའ་བ་ཉིད་ནི་སྐྱོབ་པ་ཉིད་ལས་ཤེས་པ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པ་ལས་ནི་སྐྱོབ་པ་ཉིད་དུ་འགྱུར་བ་མ་ཡིན་ནོ། །གཞན་ལ་ནི་འདི་ལྟ་བུར་འགྱུར་བའི་སྐྱོབ་པ་སྲིད་པ་མ་ཡིན་ལ། རྗེས་སུ་དཔག་པས་འཇུག་པ་ཡིན་ན་ནི། གཞན་དག་འགྱུར་རོ། །དེ་འོན་

ཏེ་དེ་ནི་རྗེས་སུ་དཔག་པ་བརྒྱུད་པ་ལས་འབྱུང་བ་ཡིན་ནོ་ཞེས་བྱ་བ་ལན་དུ་འགྱུར་རོ་སྙམ་ན། དེ་ལྟ་ཡིན་ན། གཞན་དག་ཀྱང་འགྱུར་ཏེ། རྗེས་སུ་དཔག་པ་འགའ་ཞིག་ལ་ནི་འགྱུར་བ་གཞན་ལ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་ནི་ཡོད་པ་མ་ཡིན་ནོ། །གཅིག་ལ་ཡང་བཅོམ་ལྡན་

འདས་ཀྱིས་ཉེ་བར་བསྟན་པ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །དེས་ན་དོན་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ཡིན་ནོ་ཞེས་ཤེས་སོ། །དོན་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མ་གཟིགས་པར་ནི་དོན་ཐམས་ཅད་སྐད་ཅིག་མ་ལ་འཇིག་པ་ཡིན་ནོ་ཞེས་བྱ་བ་ལ་

เล่ม ๑๗๘ · หน้า 154a

སོགས་པ་འདི་སྲིད་པ་མ་ཡིན་ཏེ། གང་ཞིག་མ་མཐོང་བ་དེ་ཉིད་ཀྱིས་མ་ངེས་པར་འགྱུར་བའི་ཕྱིར་རོ། །འོན་ཏེ་བདག་ཅག་ཅི་ལྟ་བུ་དེ་ལྟར་དེ་ཡང་འགྱུར་རོ་ཞེ་ན། བདག་ཅག་ནི་དེའི་ཉེ་བར་བསྟན་པ་མེད་པ་མ་ཡིན་ན། །དེའི་ཕྱིར་གང་མངོན་དུ་གཟིགས་པའམ།

གཞན་གྱིས་ཉེ་བར་བསྟན་པ་ལ་ངེས་པ་འདི་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནོ། །ངེས་པ་མེད་པ་ཉེ་བར་སྟོན་པ་ནི་མི་སྲིད་དོ། །འོན་ཏེ་འཁྲུལ་པ་ལས་ཀྱང་སྲིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། འདྲ་བ་གཞན་དག་འབྱུང་བའི་ཕྱིར། །རྟག་པ་ཉིད་དུ་འཁྲུལ་འགྱུར་གྱི། །གང་གིས་དེ་

འགྱུར་སྐད་ཅིག་མ། །ཉིད་དུ་འཁྲུལ་རྒྱུ་ཅི་ཞིག་ཡོད། །ཐེ་ཚོམ་ཡང་མེད་པ་ཉིད་དེ། གཉི་གའི་ཆ་ལ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ངེས་པ་ཉིད་ལས་ཉེ་བར་སྟོན་པར་མཛད་པ་ཡིན་ལ། ངེས་པ་དེ་ཡང་མངོན་དུ་མཛད་པ་མ་ཡིན་ནོ། །བདག་ཅག་གི་རྗེས་སུ་དཔག་པ་ནི་

ཉེ་བར་བསྟན་པ་མེད་པ་མ་ཡིན་པའི་ཕྱིར་རོ། །ཐེ་ཚོམ་གྱིས་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་ཡང་མ་ཡིན་ཏེ། གཉི་གར་སྟོན་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ནི་དེ་ཉིད་དང་། བརྟན་པ་དང་མ་ལུས་པའི་ཁྱད་པར་མཁྱེན་པ་མངའ་བའི་ཕྱིར་བདེ་བར་

གཤེགས་པ་ཡིན་ཏེ། དེས་ན་བཅོམ་ལྡན་འདས་ཕྱི་རོལ་པ་དང་། སློབ་པ་དང་མི་སློབ་པ་ལས་བདེ་བར་གཤེགས་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེའི་ཕྱིར། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་འགྲུབ་མཛད་པ་མི་འདོར་

ཕྱིར། །བཅོམ་ལྡན་འདས་ལ་བདེ་བར་གཤེགས་པ་ཉིད་མངའ་བ་ནི། བདེན་ན་དེ་རྒྱུ་གང་ལས་ཡིན་ཞེ་ན། ལན་དུ་གཞན་གྱི་དོན་མཁྱེན་པ་ལ་སྦྱོར་བ་སྟོན་པ་ཉིད་ཅེས་བྱ་བའི་རྒྱུ་རྗེས་སུ་དཔག་སྟེ། དེ་ལྟ་མ་ཡིན་ན་བདེ་བར་གཤེགས་པ་ཉིད་གང་ལས་སྲིད། དེ་ལས་ཀྱང་བརྩེ་

བ་ཡིན་ཏེ། གཞན་དུ་ན་གཞན་གྱི་དོན་མཁྱེན་པ་ལ་སྦྱོར་བར་མི་འགྱུར་རོ། །གལ་ཏེ་དེ་བསྒྲུབས་པས་ཅི་བྱ། བདེ་བར་གཤེགས་པ་ཙམ་ཉིད་ཀྱིས། །ཚད་མར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དེ་ནི་མཁྱེན་པ་ཙམ་ཉིད་ལས། །ཚད་མིན་དེ་ཡི་ཚད་མ་ཉིད། །ཀུན་ཚེ་ཉེ་

เล่ม ๑๗๘ · หน้า 154b

བར་བསྟན་པ་ལས། །ཡིན་འགྱུར་དེ་ལྟར་མ་ཡིན་ན། །དེ་ནི་ངེད་ལ་ཚད་མ་མིན། །དེ་བཤད་པ་ནི་གཞན་དོན་ངོར། །དོན་འགྲུབ་མཛད་པ་མི་འདོར་ཕྱིར། །བརྩེ་བས་གཞན་གྱི་དོན་མཁྱེན་པར་སྦྱོར་བ་ནི། རྟག་ཏུ་གཞན་གྱི་དོན་ཉིད་དུ་མཛད་པའི་ཕྱིར་རོ། །བརྩེ་བས་

ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། །ཅི་ལྟར་སྔར་བཤད་པ་བཞིན་ནོ། །གཞན་ཡང་། བརྩེ་བ་ལེགས་དང་ཡེ་ཤེས་ལས། །བདེ་བ་གསུང་མཛད་སྒྲུབ་བྱེད་བཅས། །དེ་གསུང་བར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །བརྩེ་བ་དང་ལྡན་པས་ནི་ལེགས་

པར་གསུང་བར་འགྱུར་ལ། མཁྱེན་པས་ནི་ཡང་དག་པར་ཕྱིན་ཅི་མ་ལོག་པ་གསུང་བར་མཛད་དོ། །མཁྱེན་པ་དེ་ཡང་སྒྲུབ་པར་བྱེད་པ་དང་བཅས་པ་དེ་ཡང་གསུང་བའི་དོན་དུ་མངོན་པར་སྦྱོར་བ་དང་ལྡན་པ་ཡིན་ཏེ། །གང་གི་ཕྱིར་རྒྱུ་བཞི་པོ་དེས་ན་དེ་ཚད་མ་ཉིད་དོ། །འདིས་ནི་འདི་སྐད་

བརྗོད་པ་ཡིན་ཏེ། དོང་པོ་ཡི་ནི་ཐ་མ་ཡིན་ལ། དང་འོག་གི་ནི་ཐ་ལྟག་ཡིན་ནོ་ཞེས་བྱ་བ་འདི་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཚད་མ་ཡིན་ནོ་ཞེས་ངེས་པར་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཚད་མའི་མཚན་ཉིད་ཀྱི་ཡོན་ཏན་

འདི་ཉིད་ཀྱིས་བསྟོད་པ་ཡིན་ནོ། །དེས་བཤད་པ་ནི། དེ་ལྟའི་དངོས་པོ་བསྟོད་པ་ནི། །དེ་ཡི་བསྟན་པ་ཉིད་ལས་ནི། །ཚད་མའི་དེ་ཉིད་གྲུབ་དོན་ཏེ། །རྗེས་སུ་དཔག་པ་མ་བཟློག་ཕྱིར། །ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །གང་དེ་ཐམས་ཅད་འགོག་ཆོས་ཅན། །ཞེས་སོགས་

རྣམ་པ་དུ་མར་ནི། །འདི་ཡི་སྦྱོར་བ་མཐོང་ཕྱིར་རོ། །ཅིའི་ཕྱིར་ཚད་མའི་མཚན་ཉིད་དེ་ལྟ་བུའི་དངོས་པོ་ཉེ་བར་སྟོན་ཅེ་ན། དེའི་ཉེ་བར་སྟོན་པ་ཉིད་ལས་ཚད་མའི་དེ་ཁོ་ན་ཉིད་ཇི་ལྟར་འགྲུབ་པར་འགྱུར་བར་བྱ་བའི་དོན་དུའོ། །དེ་ལས་མངོན་སུམ་ནི་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་ཡིན་

ཏེ། སྔོན་པོ་ཤེས་པ་དང་ལྡན་པའི་སྐྱེས་བུས་ནི་སྔོན་པོ་ཤེས་ཀྱི། སྔོན་པོ་ཉིད་དོ་ཞེས་ནི་མ་ཡིན་ནོ་ཞེས་སོ། །རྗེས་སུ་དཔག་པ་ཡང་མ་བཟློག་སྟེ། དེའི་ཕྱིར་བཞེད་པ་ཉིད་དོ། །སྒྲ་ལས་བྱུང་བ་ལ་སོགས་པ་དག་ནི་བཟློག་སྟེ། ཕ་རོལ་རབ་ཏུ་སྨྲ་བ་ཐམས་ཅད་ནི་གསོག་སྟེ། ང་

เล่ม ๑๗๘ · หน้า 155a

གཅིག་པུ་དེ་ཉིད་གསུངས་པ་ཡིན་ནོ་ཞེས་སོ། །ཡང་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་སྦྱོར་བ་བསྟན་པ་ཡོད་པ་ཡིན་ཏེ། ཇི་སྐད་དུ་གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་

སྨྲས་པ་ནི། མེད་ན་མི་འབྱུང་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །བསྒྲུབ་བྱས་གཏན་ཚིགས་ཁྱབ་པ་ནི། །བསྟན་ཕྱིར་དེ་ཡང་གསལ་བར་བཤད། །བསྒྲུབ་བྱས་ཁྱབ་པའི་གཏན་ཚིགས་ནི་གོ་བར་བྱེད་པ་ཡིན་ལ། གཏན་ཚིགས་ཀྱི་ཁྱབ་པ་དེ་ཡང་གང་ཅུང་ཟད་ཀྱང་

ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་པ་དུ་མར་བསྟན་པར་མཛད་དེ། དེས་ན་རྗེས་སུ་དཔག་པ་ཡང་གསུང་བ་ཉིད་ཀྱིས་ཚད་མའི་དེ་ཁོ་ན་ཉིད་ནི་བཅོམ་ལྡན་འདས་ཀྱིས་དང་པོ་བསྟན་པ་ཡིན་ལ། དེ་ཡང་ཚད་མ་ཡིན་པའི་ཕྱིར་ཏེ།

དེས་ན་དང་པོར་སྨོས་པའི་ཚད་མ་ཉིད་ནི་བཅོམ་ལྡན་འདས་ཀྱིས་ཡོན་ཏན་དམ་པ་ཡིན་ནོ། །གང་ཕྱིར་གཉིས་ལྡན་ཚད་མའི་དེ་ཉིད་ནི། །བཅོམ་ལྡན་དེ་བཞིན་གཤེགས་པས་བསྟན་མཛད་པ། །དེ་ཕྱིར་དེ་ལས་ཚད་མ་གཞན་ཡོད་མིན། །དེ་བཞིན་གཤེགས་པ་འདི་ལས་ཐམས་ཅད་གྲུབ། །

ཚད་མ་རྣམ་འགྲེལ་གྱི་རྒྱན་ལས། ཚད་མ་གྲུབ་པ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་སྤྱིའི་མཚན་ཉིད་བརྗོད་ནས་ཁྱད་པར་གྱི་མཚན་ཉིད་བཤད་པ། མངོན་སུམ་དང་ནི་རྗེས་དཔག་ཚད་མ་ཡིན་ནོ། །ཚད་མ་དེ་ཡང་མི་སླུ་བའི་ཕྱིར་རོ། །མི་སླུ་བ་ཡང་དོན་ལས་སྐྱེས་པས་

དོན་ལ་མི་འཁྲུལ་པའི་ཕྱིར་རོ། །གལ་ཏེ་དོན་ལ་མི་འཁྲུལ་པ་དེ་ཉིད་ཇི་ལྟར་རྟོགས་པར་བྱ་ཞེ་ན། མངོན་སུམ་དང་རྗེས་སུ་དཔག་པ་ཉིད་ཀྱིས་ཏེ། མངོན་སུམ་ཡིན་པའི་ཕྱིར་དང་། རྗེས་སུ་དཔག་པ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ཏེ། གཞན་སྒྲ་ལས་བྱུང་བ་ལ་སོགས་པ་ཡིན་པའི་ཕྱིར་ནི་མ་ཡིན་

ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲ་ལས་བྱུང་བ་ལ་སོགས་པ་དོན་དང་འབྲེལ་པ་མེད་པ་ཉིད་དོ་ཞེས་བྱ་བ་གང་ལས་ཤེ་ན། འདི་ལྟར་མཚན་ཉིད་གཉིས་ནི་གཞལ་བྱ་ཡིན་ལ། ཚད་མ་ནི་གཞལ་བྱ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །གཞལ་བྱ་མེད་ན་ནི་གཞལ་བྱ་ལ་མི་འཁྲུལ་བར་མི་འགྱུར་རོ། །

เล่ม ๑๗๘ · หน้า 155b

གཞལ་བྱ་ཡང་མངོན་སུམ་དང་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ལས་གཞན་ཡོད་པ་མ་ཡིན་ཏེ། རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་གཞལ་བྱ་ནི་མེད་དོ་ཞེས་གང་བཤད་པ་ཡིན་ནོ། །རང་གི་མཚན་ཉིད་ནི་མངོན་སུམ་གྱི་ཡུལ་ཡིན་ལ། སྤྱིའི་མཚན་ཉིད་ནི་རྗེས་སུ་དཔག་པའི་

ཡུལ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །འདི་ཉིད་སྟོན་པར་བྱེད་པ་ནི། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་མོས་པ་མེད་ཕྱིར་རོ། །མངོན་སུམ་དང་རྗེས་སུ་དཔག་པའི་དབྱེ་བས་ཚད་མ་ནི་རྣམ་པ་གཉིས་

ཁོ་ནར་རྟོགས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་གཞལ་བྱ་རྟོགས་པར་མི་འཐད་པའི་ཕྱིར་རོ་ཞེས་སྟོན་པར་འགྱུར་རོ། །མངོན་སུམ་རྗེས་སུ་དཔག་བྱ་ཡིན། །རྣམ་པ་ལས་གཞན་རྟོགས་མེད་པ། །དེ་ཕྱིར་དེ་ལས་གཞན་པ་ཡི། །ཚད་མ་ཡོད་པར་འདོད་མ་ཡིན། །མངོན་སུམ་དང་རྗེས་སུ་དཔག་

པར་བྱ་བ་དག་ཁོ་ན་དག་ཕྱིན་ཅི་མ་ལོག་པར་རྟོགས་པའི་གཞལ་བྱ་ཡིན་གྱི་གཞན་ནི་མ་ཡིན་ཏེ། སྤྱི་དང་ཁྱད་པར་གྱི་ངོ་བོ་ཡིན་པས་རྟོགས་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །ཡུལ་གཅིག་ཉིད་ཀྱང་རྣམ་པ་གཉིས་སུ་འགྱུར་ཏེ། རྟོགས་པའི་རྣམ་པ་གཉིས་ཡོད་པའི་ཕྱིར་རོ། །རྟོགས་

པའི་དབྱེ་བ་ཡང་ཚད་མའི་དབྱེ་བ་ཡིན་ཏེ། དེ་ཉིད་ནི་ཡུལ་གྱི་དབྱེ་བ་ཡིན་ནོ། །གལ་ཏེ་རྟོགས་པའི་བྱེ་བྲག་ཡུལ་གྱི་དབྱེ་བར་ཇི་ལྟར་འགྱུར་ཏེ་གཞན་ཐ་དད་པས་གཞན་ཐ་དད་པར་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། དེ་ནི་བདེན་ཏེ། རྟ་ཡི་དབྱེ་བས་བ་སོགས་ཀྱི། །ངོ་བོ་ཐ་དད་འགྱུར་

མིན་ཏེ། །འབྲེལ་མེད་ཕྱིར་རོ་ཤེས་པ་དང་། །ཤེས་བྱ་དག་ནི་དེ་ལྟར་མིན། །དོན་རྣམས་ཡོད་མེད་ངེས་པ་ཡི། །རྣམ་གཞག་ཤེས་ལ་རག་ལས་ཡིན། །ཤེས་གཞན་ལས་ནི་དོན་དེ་ཉིད། །དོན་གཞན་ཉིད་དུ་ཤེས་པར་བྱེད། །གང་གི་ཚེ་ཤེས་པ་སྐྱེད་པ་ལ་དངོས་སུ་ནུས་པ་ཉིད་དུ་

རྟོགས་པ་དེའི་ཚེ་ནི། འདིར་རང་གི་ངོ་བོས་མཚན་པའི་ཕྱིར་རང་གི་མཚན་ཉིད་ཡིན་ལ། གང་གི་ཚེ་དེ་ཉིད་བརྒྱུད་པས་ནུས་པ་ཉིད་དུ་རྟོགས་པ་དེའི་ཚེ་ནི། སྤྱིའི་ངོ་བོར་མཚོན་པའི་ཕྱིར། སྤྱིའི་མཚན་ཉིད་ཡིན་ནོ། །མ་ཡིན་པར་འཇུག་པས་བརྒྱུད་པས་ནུས་པ་ཉིད་ནུས་པ་མེད་པ་ཡིན་གྱི།

เล่ม ๑๗๘ · หน้า 156a

གཏན་ནུས་པ་མེད་པ་ནི་མ་ཡིན་ནོ། །རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་དང་། སྐྲ་ལ་སོགས་པ་ལས་དམིགས་པ་ནི་དོན་མེད་པ་ཉིད་དེ། དངོས་སམ་བརྒྱུད་པས་ནུས་པར་མ་རྟོགས་པའི་ཕྱིར་རོ། །དོན་དུ་ནུས་པ་མེད་པའི་ཕྱིར་ཏེ། མོས་པ་

མེད་པ་ཡང་གནོད་པར་བྱེད་པའི་ཚད་མ་འཇུག་པའི་ཕྱིར་རོ། །འདི་ལས་ཀྱང་གཞལ་བྱ་གཉིས་ཡིན་ཏེ། འདྲ་དང་མི་འདྲ་ཉིད་ཕྱིར་དང་། །སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་མེད་ཕྱིར་རོ། །གང་ཞིག་རྣམ་པ་ཅི་ཞིག་ལྟར་འདྲ་བའི་

ངོ་བོར་རྟོགས་པ་དེ་ནི་སྤྱིའི་མཚན་ཉིད་ཡིན་ལ། གཞན་དུ་རྟོགས་པ་ནི་རང་གི་མཚན་ཉིད་དོ། །གལ་ཏེ་མདུན་ན་གནས་པའི་བ་ལང་ལ་སོགས་པའི་འདྲ་བའི་ངོ་བོ་ཉིད་དུ་རྟོགས་པ་དང་། དེ་བཞིན་དུ་བ་མེན་དེ་ནི་འདི་ཡིན་ནོ་ཞེས་ཉེ་བར་འཇལ་བས་རྟོགས་པ་དེ་ཅི་ག་སྤྱིའི་མཚན་ཉིད་

ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། འདྲ་བའི་ངོ་བོ་ཉིད་དུ་ནི། །གང་ལ་ཤེས་པ་སྐྱེ་འགྱུར་བ། །དེ་ནི་སྤྱི་ཡི་མཚན་ཉིད་ཡིན། །འདིར་ནི་རང་གི་ངོ་བོས་རིག །གང་ཞིག་འདྲ་བའི་ངོ་བོ་ཁོ་ནར་རྟོགས་པ་དེ་སྤྱི་ཡིན་ན། འདིར་ནི་ཁྱད་པར་རྟོགས་པ་ཡིན་ནོ། །གལ་ཏེ་འདྲ་བའི་ངོ་བོ་ཉིད་

དུ་ཡང་རྟོགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། ཐ་དད་པར་དེའི་ངོ་བོར་རྟོགས་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་འདི་ནི་འདྲ་བ་ཡིན་ནོ་སྙམ་དུ་ལྷག་པར་ཞེན་ཅེ་ན། ལྷག་པར་ཞེན་ཀྱང་ལོགས་ཤིག་ཏུ། །འདྲ་བར་རྟོགས་པ་ཡོད་མ་ཡིན། །སོ་སོར་རྟོགས་པ་ཡོད་མིན་པ། །དེ་

ཉིད་གཉིས་མེད་ཤེས་པ་ཡིན། །འདི་འདྲའོ་སྙམ་དུ་རྟོགས་པས་ནི་འདྲ་བ་གཞན་དངོས་པོ་ལས་ཐ་དད་པར་ཤེས་པ་ནུས་པ་མ་ཡིན་ཏེ། མདུན་ན་གནས་པའི་དོན་གྱི་རྣམ་པ་དང་བྲལ་བའི་དོན་གཞན་རྟོགས་པ་ནི་མེད་དོ། །དེའི་ཕྱིར་འདི་ལ་དོན་གཞན་རྟོགས་པ་མེད་པའི་ཕྱིར།

སྤྱིའི་ཕྱིར་ཤེས་པ་ནི་དམིགས་པ་མེད་པ་ཁོ་ནའོ། །རྗེས་སུ་དཔག་པའི་རྟོགས་པ་ལ་ནི་དཔེ་ལ་མཐོང་བའི་ངོ་བོ་སྒྲོ་འདོགས་པའི་འདྲ་བའི་ཡོད་པ་ཉིད་དོ། །གལ་ཏེ་དེ་ལྟ་ན་ནི་སྒྲ་ལས་བྱུང་བ་ལ་སོགས་པའི་ཡུལ་ཡང་སྤྱིར་འགྱུར་ཞེ་ན་འདི་ལ་ལན། དོན་མིན་ཏེ། དོན་དུ་མོས་པ་མེད་

เล่ม ๑๗๘ · หน้า 156b

ཕྱིར་རོ། །ཞེས་བརྗོད་ཟིན་ཏོ། །དེ་བཞིན་དུ་གཞན་དུ་ཡང་བལྟ་བར་བྱའོ། །སྒྲའི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་ལ། ཡུལ་མ་ཡིན་པ་ནི་རང་གི་མཚན་ཉིད་ཡིན་ནོ། །གལ་ཏེ་སྒྲའི་ཡུལ་སྤྱིའི་མཚན་ཉིད་ཡིན་ན་འོ་ན་སྒྲ་ཡང་ཚད་མར་འགྱུར་ཏེ། སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་

རོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞན་དོན་རྗེས་དཔག་གང་ཡིན་པ། །སྤྱི་ནི་དེ་ཡི་སྤྱོད་ཡུལ་ཡིན། །སྒྲ་ཡི་སྤྱོད་ཡུལ་སྤྱི་ཉིད་ཅེས། །དེ་སྐད་དུ་ནི་མི་བརྗོད་དེ། །སྒྲ་ཡི་སྤྱོད་ཡུལ་མ་ཡིན་པ། །སྤྱི་མ་ཡིན་ཞེས་རྣམ་དཔྱོད་བྱེད། །སྤྱི་ཡི་མཚན་ཉིད་གང་ཡིན་ཏེ། །སྒྲ་ཡི་ཡུལ་

ཡིན་གཞན་མ་ཡིན། །སྤྱི་ནི་སྒྲའི་ཡུལ་ཉིད་ཡིན་གྱི། སྒྲའི་ཡུལ་གང་ཡིན་པ་དེ་སྤྱི་ཉིད་ནི་མ་ཡིན་ནོ། །ཡུལ་མ་ཡིན་པ་རང་གི་མཚན་ཉིད་ཁོ་ན་ནི་མ་ཡིན་ཏེ། འོན་ཀྱང་ཡུལ་མ་ཡིན་པ་ཁོ་ན་རང་གི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་བརྗོད་པར་འདོད་པ་ཡིན་པ་དེས་ན་འདི་ལ་

སྐྱོན་མེད་དོ། །དེས་ན་སྒྲའི་ཡུལ་ཡང་འགའ་ཞིག་ནི་སྤྱི་ཡིན་ལ། འགའ་ཞིག་ནི་དོན་མེད་པ་མ་ཡིན་ནོ། །དེ་བཞིན་དུ་ཡུལ་མ་ཡིན་ཡང་ཁ་ཅིག་ནི་རང་གི་མཚན་ཉིད་ཡིན་ལ། ཁ་ཅིག་ནི་དོན་མེད་པ་ཡིན་ནོ། །རྒྱུ་མཚན་གཞན་བརྡ་དང་རྩོལ་བ་ལ་སོགས་པ་ཡུལ་ལས་གཞན་དུ་གྱུར་པ་

དག་ཡོད་ན་གང་ལ་བློ་ཡོད་པར་འགྱུར་བ་དེ་ནི་སྤྱི་ཡིན་ལ། མིག་ལ་སོགས་པ་རྒྱུ་མཚན་གཞན་ཡོད་ཀྱང་གང་ལ་བློ་མེད་པར་འགྱུར་བ་དེ་ནི་རང་གི་མཚན་ཉིད་དོ། །འདི་ལ་ཡང་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཡང་ན་རྒྱུ་མཚན་གཞན་ཡོད་ན་གང་ལ་བློ་ཡོད་པ་དེ་ནི་རང་གི་མཚན་ཉིད་ཡིན་

ལ། རྒྱུ་མཚན་གཞན་ཡོད་ཀྱང་བློ་མེད་པ་དེ་ནི་སྤྱིའི་མཚན་ཉིད་ཡིན་ནོ། །རང་གི་ངོ་བོས་རྟོགས་པར་མི་ནུས་པའི་ཕྱིར་རོ། །མི་དམིགས་པ་དེ་ནི་ལྐོག་ཏུ་གྱུར་པ་དང་སྤྱི་ཡིན་ནོ། །དེ་ལ་རང་གི་ངོ་བོས་མཚོན་པ་ནི་རང་གི་མཚན་ཉིད་ཡིན་ལ། རྣམ་པ་གཞན་ནི་སྤྱིའི་མཚན་ཉིད་ལྐོག་ཏུ་གྱུར་པ་

ཡིན་ནོ། །གལ་ཏེ་མངོན་སུམ་དུ་གྱུར་པ་དང་། ལྐོག་ཏུ་གྱུར་པའི་མཚན་ཉིད་ཀྱི་ཡུལ་གྱི་དབྱེ་བ་ཚད་མ་གང་གིས་རྟོགས། ཅི་མངོན་སུམ་གྱིས་ཡིན་ནམ། འོན་ཏེ་རྗེས་སུ་དཔག་པས་ཡིན་ནམ། དེ་སྟེ་ཚད་མ་གཞན་གྱིས་ཡིན། གལ་ཏེ་གཞལ་བྱ་གཉིས་ཉིད་ནི། །ཚད་མ་གཞན་གྱིས་

เล่ม ๑๗๘ · หน้า 157a

རྟོགས་འགྱུར་ན། །གཏན་ཚིགས་འགལ་བ་ཉིད་འགྱུར་ཏེ། །གསུམ་པ་དག་ཀྱང་ཡོད་ཕྱིར་རོ། །འོན་ཏེ་ཚད་མ་གཉིས་ཉིད་ཀྱིས། །ཡིན་ན་ཕན་ཚུན་བརྟེན་པར་འགྱུར། །ཚད་མ་གསུམ་ལ་སོགས་པ་ཡིས། །གཞལ་བྱ་གཞན་ནི་གྲུབ་པ་ན། །ཚད་

མ་གསུམ་སོགས་འགྲུབ་འགྱུར་གྱི། །མངོན་པར་འདོད་པར་འགྲུབ་མི་འགྱུར། །ཚད་མའི་དབྱེ་བས་གཞལ་བྱ་ཡི། །དབྱེ་བ་སྒྲུབ་པར་བྱེད་པ་ཡིན། །ལྐོག་གྱུར་ཉིད་ཀྱང་རྗེས་དཔག་གིས། །ཇི་ལྟར་འགྲུབ་པར་འགྱུར་བ་ཡིན། །ལྐོག་ལ་མངོན་སུམ་འཇུག་མིན་ཏེ། །འཇུག་ན་

རྗེས་དཔག་དོན་མེད་ཡིན། །གལ་ཏེ་མངོན་སུམ་འཇུག་ན་ནི། །ལྐོག་གྱུར་ཉིད་དུའང་ཇི་ལྟར་འགྱུར། །མངོན་སུམ་ལོག་པར་འགྱུར་བ་ཡི། །དངོས་པོ་ཉིད་ནི་ལྐོག་གྱུར་ཡིན། །དེ་ལ་མངོན་སུམ་འཇུག་པ་མིན། །དབང་པོ་མཐོང་བ་མེད་པར་ནི། །དེས་དེ་རྟོགས་པ་ཞེས་བྱ་བའི། །

ཚིག་གི་ཚུལ་འདི་སྔོན་མེད་ཡིན། །དེ་ཕྱིར་མངོན་སུམ་ཡུལ་ཉིད་ནི། །མངོན་སུམ་ལས་ནི་རྟོགས་པར་འགྱུར། །ལྐོག་གྱུར་ལ་ནི་ཚད་མེད་ཕྱིར། །ཇི་ལྟར་གཞལ་བྱ་གཉིས་སུ་ངེས། །དེའི་ཕྱིར་གཞལ་བྱ་གཉིས་མ་གྲུབ་པའམ། འགལ་བ་ཡིན་ན་ཇི་ལྟར་སྒྲུབ་པར་བྱེད་པ་ཡིན།

གལ་ཏེ་གཞལ་བྱ་གཉིས་ཡིན་དུ་ཆུག་པ་དེ་ལྟ་ན་ཚད་མ་དེ་ཙམ་ཁོ་ནར་འགྱུར་དགོས་སོ་ཞེས་བྱ་བ་ག་ལས་ཡིན། འབྲེལ་པ་གྲུབ་པ་མེད་པར་ནི། །གཏན་ཚིགས་ཀུན་ལས་ངེས་མི་འགྱུར། །འབྲེལ་པ་རབ་ཏུ་གྲུབ་པ་ཡང་། །མངོན་སུམ་ཚད་མ་དང་ལྡན་མིན། །ཚད་མ་ཉིད་ནི་ཐུན་

མོང་བའི། །སྒྲུབ་བྱེད་མངོན་སུམ་ཇི་ལྟར་ཡིན། །དེ་མ་གྲུབ་ན་མངོན་སུམ་གྱིས། །དེ་དང་འབྲེལ་པ་ཇི་ལྟར་ངེས། །དེ་ལྟར་གཞལ་བྱ་གཉིས་མ་གྲུབ་པའམ། གཞན་གྱིས་གྲུབ་ན་འགལ་བར་འགྱུར་བ་དང་། ཡང་ན་དེ་དང་འབྲེལ་པ་མ་གྲུབ་པས། གཏན་ཚིགས་མ་ངེས་པ་

ཡིན་ནོ་ཞེ་ན། འདིར་བཤད་པ་ཡུལ་རྣམ་པ་གཉིས་ནི་མངོན་སུམ་ཁོ་ནས་རབ་ཏུ་གྲུབ་སྟེ། འདྲ་བ་དང་མི་འདྲ་བར་རྟོགས་པ་ཉིད་ནི་ཤེས་པ་ཉིད་ཀྱི་ཆོས་ཡིན་ལ། དེ་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །ཤེས་པའི་རང་གི་ངོ་བོ་ལ་འཁྲུལ་པ་ཡོད་པ་ཡང་མ་ཡིན་ཏེ། དེ་

เล่ม ๑๗๘ · หน้า 157b

ལ་འཁྲུལ་པར་དོགས་ན་ཐ་སྙད་མེད་པར་འགྱུར་བས་གཏན་ཚིགས་བརྗོད་པ་དང་། ཕྱིར་རྒོལ་བ་དང་། འདྲི་བའི་ཚིག་གི་སྐབས་མེད་པར་འགྱུར་རོ། །མྱོང་བ་མེད་པ་གང་གི་ཚིག །གང་ཞིག་ཏུ་ནི་འཇུག་པར་འགྱུར། །འབྲེལ་མེད་རྟེན་ལ་ཚིག་དག་ནི། །འཇུག་པར་གང་ནའང་ཡོད་

མ་ཡིན། །དངོས་གཞན་དག་གི་ཐ་དད་ཀྱང་། །ཤེས་པ་ཐ་དད་ལས་ཡིན་ན། །དེ་ཡི་ངོ་བོར་གྱུར་པ་ཡི། །ཚད་མའི་དབྱེ་བ་ཅིས་མི་འགྲུབ། །རྟོགས་པ་ཉིད་ནི་ཐ་དད་འགྱུར། །ཚད་མའི་དབྱེ་བ་ཇི་ལྟར་ཡིན། །སྔོན་དུ་སྤྱི་ཡི་མཚན་ཉིད་དུ། །ཚད་མ་འདི་ནི་གྲུབ་གྱུར་པ། །དེ་

ཡི་ཐ་དད་ཐ་སྙད་འདི། །དེ་ལྟར་བསྒྲུབ་བྱར་རྟོགས་མིན་ནམ། །འདི་མེ་ཞེས་བྱ་མངོན་སུམ་ཉིད། །རྣམ་རྟོག་བཅས་པར་གང་སྨྲས་ལ། །ངོ་བོ་མངོན་སུམ་ལས་གྲུབ་ཅིང་། །སྔོན་དང་འདྲ་དོན་གཏན་ཚིགས་ལས། །དེ་ལྟར་དོན་བཟུང་མེད་པར་ནི། །དོན་གཉེར་དོན་སྒྲུབ་ལ་འཇུག་

མེད། །འཇུག་པ་དང་ལྡོག་པའི་མཚན་ཉིད་ཀྱི་ཐ་སྙད་ལས་ཚད་མའི་སྤྱིའི་མཚན་ཉིད་ནི་དང་པོ་ཉིད་དུ་གྲུབ་པ་ཡིན་ལ། ད་ལྟ་ནི་ཐ་དད་པའི་ཐ་སྙད་ཙམ་ཞིག་བསྒྲུབ་བྱར་འགྱུར་བ་ཡིན་ནོ། །དེ་ལ་འདི་ནི་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་གཅིག་ཉིད་དེ། འདི་ལྟ་སྟེ་འདི་ནི་མེ་

ཡིན་ཏེ། འདི་ལས་མངོན་པར་འདོད་པའི་དོན་བྱ་བ་བྱེད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་གང་སྨྲས་པ་དེ་ལ། འདི་ནི་གཉིས་ཡིན་ཏེ། རྟོགས་པའི་རྣམ་པ་ཐ་དད་པའི་ཕྱིར་རོ། །རྟོགས་པ་རྣམ་པ་ཐ་དད་པས་ནི་ཕྱི་རོལ་གྱི་དངོས་པོ་ཡང་ཐ་དད་པར་རྟོགས་པ་ཡིན་ན། དེའི་ངོ་བོར་

གྱུར་པའི་ཚད་མ་ལྟ་ཅི་སྨོས། དེ་ལ་འབར་བའི་རྣམ་པ་ཅན་གྱི་རང་གི་ངོ་བོ་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། མངོན་དུ་བྱས་པའི་ཕྱིར་དང་། མངོན་སུམ་དེ་ནི་ལྐོག་ཏུ་མ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །སྤྱིའི་རྣམ་པར་རྟོག་པ་སྔར་གྱི་དོན་བྱ་བ་བྱེད་པ་དང་། ཆོས་མཐུན་པ་ནི་ལྐོག་ཏུ་

གྱུར་པ་ཡིན་པའི་ཕྱིར། ཚད་མ་གཞན་གྱི་ཡུལ་ཡིན་ནོ། །འོན་ཏེ་དེ་ལ་འཇུག་པར་བྱེད་པ་ནི་མངོན་སུམ་ཁོ་ན་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །རྟོགས་པ་གཞན་ནི་དེ་ན་ཡོད་ཀྱང་ཚད་མ་མ་ཡིན་ཏེ། གང་གི་ཕྱིར་ཇི་སྙེད་དེ་དང་ལྷན་ཅིག་ཡོད་དོ་ཅོག །ཐམས་ཅད་ནི་ཚད་མར་འགྱུར་བ་

เล่ม ๑๗๘ · หน้า 158a

མ་ཡིན་ཏེ། ལུས་དང་ས་གཞི་ལ་སོགས་པ་ཡང་ཚད་མར་ཐལ་བའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། རྗེས་འགྲོ་ལྡོག་པ་དག་གིས་ན། །ཉེར་མཁོ་ཅིག་ཤོས་དག་ཏུ་གནས། །དེ་མེད་པར་ནི་མངོན་སུམ་ཉིད། །འབའ་ཞིག་འཇུག་པར་བྱེད་མ་ཡིན། །

ཅི་སྟེ་ཤིན་ཏུ་གོམས་པ་ལས་མངོན་སུམ་འབའ་ཞིག་འཇུག་པར་བྱེད་པ་མཐོང་བ་ཡིན་པས་ན། འདྲ་བ་འཛིན་པའི་རྣམ་པ་ཅན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། མངོན་སུམ་གྱིས་རྟོགས་པ་འབའ་ཞིག་དང་པོའི་ཚེ་འཇུག་པར་བྱེད་པ་མ་མཐོང་བའི་ཕྱིར་རོ། །དང་པོ་

མ་ཡིན་ཀྱང་ཕྱིས་འགྱུར་རོ་ཞེ་ན། འདི་ནི་གླེན་པའི་གཏམ་ཡིན་ཏེ། །གང་དེ་གང་ཞིག་ཡུལ་དེར་ནི། །དང་པོ་ཞུགས་པ་ན་བྱེད་ན། །དང་པོ་འཇུག་པར་མི་བྱ་སྟེ། །དེ་ཡི་འོག་ཏུ་འཇུག་པར་འགྱུར། །ཞེའོ། །འདི་ལྟར་དང་པོ་འཇུག་པ་མེད་ན། ཕྱིས་ཀྱི་གོམས་པ་ཅན་གྱི་འཇུག་

པ་དེ་ཉིད་ག་ལས་ཡིན། དེའི་འོག་རོལ་པ་རྣམས་ཀྱི་དེའི་འོག་རོལ་གྱི་ངོ་བོ་ནི་འདི་ཁོ་ན་ཡིན་ཏེ། སྔ་མ་མེད་ན་མེད་པ་ཉིད་གང་ཡིན་པའོ། །དེའི་ཕྱིར་མངོན་སུམ་དང་ཅིག་ཤོས་ཀྱི་རྟོགས་པ་འཇུག་གི་དེ་ལྟ་མ་ཡིན་ན་འཇུག་པ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་། གང་ཞིག་དུ་སོགས་

རྟགས་ལས་ནི། །མེ་སོགས་འགའ་ལ་འཇུག་བྱེད་པ། །དེ་ནི་མངོན་སུམ་མེད་ནའང་མཐོང་། །དེས་ན་དེ་ཡང་དོན་མེད་འགྱུར། །ཇི་ལྟར་ཤིན་ཏུ་གོམས་པ་ལས་ལྐོག་ཏུ་གྱུར་པའི་རྟོགས་པ་མེད་ཀྱང་མངོན་སུམ་ཉིད་དུ་འཇུག་པ་དེ་བཞིན་དུ། མངོན་སུམ་གྱི་རྟོགས་པ་མེད་ཀྱང་དུ་བ་ལ་སོགས་

པ་ལས་མེ་ལ་སོགས་པ་ལ་འཇུག་པའི་ཕྱིར། མངོན་སུམ་དེ་ཡང་འཇུག་པར་བྱེད་པར་མི་འགྱུར་རོ། །ཅི་སྟེ་ཡང་། མངོན་སུམ་མེད་པར་རྗེས་དཔག་གིས། །རང་དོན་སྒྲུབ་པར་བྱེད་མ་ཡིན། །དེ་མེད་པར་ཡང་མངོན་སུམ་ནི། །གོམས་ལས་འཇུག་པར་བྱེད་པ་ཡིན། །དེ་ཕྱིར་དེ་ལ་

མངོན་སུམ་ཉིད། །ཚད་ཡིན་གང་དུའང་རྗེས་དཔག་མིན། །དེ་མེད་པར་ཡང་དེ་འགྲུབ་ཕྱིར། །མངོན་སུམ་ཉིད་ནི་ཚད་མ་ཡིན། །ཞེས་བྱ་བར་སེམས་ན། འདིར་སྨྲས་པ། གོམས་མེད་མངོན་སུམ་ཚད་མ་ཉིད། །མིན་ཞེས་འདི་ལ་བཤད་ཟིན་ཏོ། །དེ་ཕྱིར་འདི་ལ་རྗེས་དཔག་ཉིད། །

เล่ม ๑๗๘ · หน้า 158b

སྒྲུབ་པར་བྱེད་པ་ཡིན་ཞེས་རྟོགས། །གཞན་ཚེ་མཁོ་བ་མེད་ཅེས་ཏེ། །གཞན་ཚེའང་མཁོ་བ་མེད་མ་ཡིན། །གོམས་པ་མེད་ན་སྐྱེ་བོ་རྣམས། །རྗེས་དཔག་མིན་པ་གང་ལས་འཇུག །མཁོ་བ་མེད་ན་འགའ་ཞིག་ཀྱང་། །དོན་དུ་གཉེར་བར་ཇི་ལྟར་འགྱུར། །དངོས་པོ་དོན་དུ་གཉེར་བའི་

ཡུལ། །མཁོ་བ་མེད་པར་རིགས་མ་ཡིན། །ཅི་སྟེ་མངོན་སུམ་འཇུག་དོན་དུ། །རྗེས་སུ་དཔག་པ་དོན་གཉེར་ན། །རྟགས་ལ་མངོན་སུམ་དག་ཀྱང་ནི། །ཚུལ་འདི་ཉིད་ལས་འདའ་མི་འགྱུར། །དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་གཉི་ག་ཡང་རང་གི་ཡུལ་ལ་ཚད་མ་མ་

ཡིན་ནོ་ཞེས་གནས་ཏེ། དེ་ཉིད་དེ་ལྟར་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །ཅི་སྟེ་དེ་ཚད་མ་མ་ཡིན་པ་ཉིད་དོ་ཞེ་ན། མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟར། འཇུག་ལ་མཚུངས་པ་ཉིད་ཡིན་ཡང་། །གལ་ཏེ་འགའ་ཞིག་འཇུག་བྱེད་ན། །ད་ནི་འཇུག་བྱེད་ཅིག་ཤོས་ཀྱི། །རྣམ་

དབྱེ་མཚོན་པ་མེད་པར་འགྱུར། །འཇུག་པར་བྱེད་པ་ལས་ཚད་མ་ཉིད་གཞན་ནི་མེད་དེ། དེས་ན་མངོན་སུམ་དང་ཅིག་ཤོས་གཉིས་ཀ་མཚུངས་པར་ཚད་མ་ཡིན་པའམ། ཡང་ན་འགའ་ཡང་མ་ཡིན་ནོ། །འོན་ཏེ་ཡང་དེ་ལ་འཇུག་པར་བྱེད་པ་ནི་མངོན་སུམ་ཡིན་ལ་འབྲས་བུའི་རྟགས་ལ་སོགས་པའི་ཡུལ་

ཅན་མངོན་སུམ་མ་ཡིན་པ་ནི། ཡོད་པ་ཙམ་དུ་ཉེ་བར་གནས་པ་ཡིན་གྱི། དེ་ལ་འཇུག་པར་བྱེད་པའི་བྱ་བ་ནི་མེད་དོ་སྙམ་ན་དེ་ཡང་མི་བདེན་ཏེ། དེ་ལྟར་རྟོགས་པ་མེད་པའི་ཕྱིར་རོ། །དེ་ལ་འཇུག་པར་བྱེད་པ་མངོན་སུམ་ཉིད་ཡིན་ནོ་ཞེས་བྱ་བའི་ངེས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །མངོན་སུམ་ལ་ཡང་ཡོད་པ་

ཙམ་ལས་གཞན་འཇུག་པར་བྱེད་པ་ཉིད་ནི་མེད་དེ། ཐམས་ཅད་རྗེས་སུ་འགྲོ་བ་དང་ལྡོག་པ་ཙམ་གྱིས་འབྲས་བུ་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ཡིན་ནོ་ཞེས་བྱ་བའི་གྲུབ་པའི་མཐའ་ཡིན་པའི་ཕྱིར་དོན་དམ་པར་འགའ་ཡང་གང་ལ་ཡང་བྱ་བ་དང་བཅས་པ་

མ་ཡིན་ནོ། །བྱ་བ་དང་བཅས་པ་ཞེས་བྱ་བའི་དོན་ནི་ཀུན་རྫོབ་པ་ཁོ་ན་ཡིན་ཏེ། འདི་ཡང་ཕྱིས་བཤད་པར་བྱའོ། །གཞན་ཡང་། འདིར་ཡང་རྟགས་ཀྱི་སྒྲུབ་བྱེད་ཀྱི། །མངོན་སུམ་ཉིད་ཀྱིས་འཇིག་རྟེན་གཞན། །གྲུབ་ཕྱིར་རྟགས་ཅན་ལ་གནོད་ཀྱང་། །ངེད་ལ་ཆད་པ་ཅི་ཞིག་ཡོད། །གལ་

เล่ม ๑๗๘ · หน้า 159a

ཏེ་མེ་ལ་སོགས་པའི་ཡུལ་ཅན། རྟགས་ཅན་གྱི་ཤེས་པ་ཚད་མ་མ་ཡིན་ཡང་མངོན་སུམ་གྱི་ངོ་བོ་ལས། མ་འདས་པར་འཇུག་པའི་རྟགས་ཀྱི་ཤེས་པ་ཉིད་ཀྱིས་འཇིག་རྟེན་ཕ་རོལ་ལ་སོགས་པ་རྟགས་དང་རྟགས་ཅན་ཡུལ་དུ་བྱས་པའི་ཕྱིར། ངེད་ལ་ཆད་པ་ཅི་

ཞིག་ཡོད། །རྗེས་དཔག་ཚད་མ་ཉིད་མིན་པ། །འཇིག་རྟེན་གཞན་སོགས་མི་འགྲུབ་ཕྱིར། །མེད་ལྟར་མ་གྱུར་ཅིག་ཅེས་དེ། །ཚད་མ་ཉིད་མིན་འགོག་པར་བྱེད། །གལ་ཏེ་རྗེས་སུ་དཔག་པ་ཚད་མ་མ་ཡིན་ན་དེའི་ཡུལ་འཇིག་རྟེན་ཕ་རོལ་ལ་སོགས་པ་མི་འགྲུབ་པའི་ཕྱིར་རོ། །མེད་

པར་འགྱུར་དུ་དོགས་ནས་ཁོ་བོ་ཅག་གི་རྗེས་སུ་དཔག་པ་སྤོང་བར་ཟློག་པར་ཟད་ཀྱི། བསམ་པ་གཞན་གྱིས་ནི་མ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པའི་ཡུལ་འཇིག་རྟེན་ཕ་རོལ་ལ་སོགས་པའི་མངོན་སུམ་དུ་མ་གྱུར་པ་ཡང་མངོན་སུམ་གྱི་ཡུལ་དུ་བྱེད་ན། རྗེས་སུ་དཔག་པ་ཚད་མར་

བསྒྲུབས་པས་ངེད་ལ་ཅི་ཞིག་བྱ། འདི་ལྟར་འབད་པ་ཆེན་པོ་ཡིས། །གྲུབ་པར་འདོད་པ་གང་ཡིན་པའི། །དོན་དེ་གལ་ཏེ་འབད་མེད་པར། །གྲུབ་ན་གང་གཞན་དོན་དུ་གཉེར། །རྣམ་པ་གཅིག་གིས་འབད་པ་མེད་པར་གྲུབ་པའི་དོན་ལ། རྟོགས་པ་དང་ལྡན་པའི་སྐྱེ་བོ་སུ་ཞིག་

འབད་པའི་ངལ་བའི་སྣོད་རྣམས་གཞན་སྟོན་པར་བྱེད། གལ་ཏེ་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བའི་དོན། མངོན་སུམ་ཙམ་གྱིས་གྲུབ་ན། དེ་ལ་རྗེས་སུ་དཔག་པ་ཉེ་བར་ལེན་པ་ནི་ཅི་དགོས། གཞན་ཡང་། གལ་ཏེ་ལྐོག་ཀྱང་མངོན་སུམ་ལས། །འགྲུབ་ཅེས་དོན་འདི་འདོད་ན་

ནི། །ཐམས་ཅད་འགྲུབ་པར་འགྱུར་བས་ན། །ཐམས་ཅད་དོན་ཀུན་རིག་པར་འགྱུར། །འབྲེལ་པ་མེད་ཕྱིར་མིན་ཞེ་ན། །འོ་ན་དེ་ནི་རྗེས་དཔག་ཉིད། །རྗེས་སུ་དཔག་པ་སྨྲ་བ་པ་རྣམས་ཀྱང་འབྲེལ་པ་ལས་རྟོགས་པ་མ་གཏོགས་པ་གཞན་ནི་རྗེས་སུ་དཔག་པར་འདོད་པ་མ་ཡིན་ནོ། །

དེའི་ཕྱིར་གང་ཞིག །འདྲ་བའི་ངོ་བོར་རྟོགས་པ་དེ་ནི་སྤྱིའི་མཚན་ཉིད་ཁོ་ན་ཡིན་ལ། དེ་ནི་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །འདིས་ནི་འབྲས་བུའི་རྟགས་ཀྱི་ཡུལ་བསྟན་ཏོ། །སྒྲའི་ཡུལ་ཉིད་ཀྱང་སྒྲ་ལས་བྱུང་བའི་ཤེས་པས་རྟོགས་པར་བྱ་བ་ཡིན་ནོ། །སྒྲའི་ཤེས་པ་

เล่ม ๑๗๘ · หน้า 159b

དེ་ཉིད་ཀྱང་རང་ལ་སྣང་བའི་ཡུལ་ཉིད་རྟོགས་པར་བྱེད་པ་ཡིན་ནོ། །འདིས་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ཡུལ་བསྟན་ཏོ། །འདི་ལྟར། ཉེ་བར་འཇལ་བས་བ་ལང་གི །དངོས་པོ་འདྲ་བའི་ངེས་པ་ཡིན། །འདྲ་བ་དེ་ནི་སྒྲ་ལས་སྔར། །དེས་ནི་རབ་ཏུ་རྟོགས་པ་ཉིད། །དེ་

ཡི་ངོ་བོ་མངོན་སུམ་གྱི། །ཤེས་པ་ཉིད་ཀྱིས་ཁོང་དུ་ཆུད། །དེ་ཡི་འདྲ་བ་འབའ་ཞིག་ནི། །སྒྲ་ཡི་ཤེས་པའི་སྤྱོད་ཡུལ་ཡིན། །འདི་ལྟར་འདི་དེ་དང་འདྲའོ་ཞེས་བྱ་བ་དང་། འདི་དང་འདྲའོ་ཞེས་བྱ་བ་ནི་དོན་གཅིག་པ་ཡིན་ལ། དེའི་རྗེས་སུ་བྱེད་པའི་བྱ་བ་ཡང་གཉི་ག་ལས་དམིགས་

པ་ཡིན་ནོ། །མངོན་སུམ་གྱིས་ནི་གཉི་ག་རྟོགས་པར་མི་ནུས་ཏེ། དེས་ན་འདྲ་བ་ནི་སྒྲའི་སྤྱོད་ཡུལ་དུ་གྱུར་པ་རང་བཞིན་གྱི་གཏན་ཚིགས་ཀྱིས་རྟོགས་པར་བྱ་བ་ཡིན་ནོ། །དེ་ནི་འདི་དང་འདྲ་བ་ཡིན་ཏེ། འདིའི་རྣམ་པ་དེ་ལ་ཡང་མཐོང་བའི་ཕྱིར་དང་། འདྲ་བའི་ཐ་སྙད་ཙམ་དེ་ལ་ཡང་སྒྲུབ་

པའི་ཕྱིར་དང་། དེ་ལྟ་བུ་ཤེས་པའི་རྒྱུ་མཚན་དུ་གྱུར་པའི་རྣམ་པ་གཉིས་ནི་སྔ་མ་དང་ཕྱི་མའི་མངོན་སུམ་དག་ཁོ་ནས་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སྒྲའི་ཡུལ་ནི་རང་གི་མཚན་ཉིད་ནི་མ་ཡིན་ནོ། །སྒྲ་སྨོས་པས་ནི་རྣམ་པར་རྟོག་པ་ཉིད་མཚོན་པ་ཡིན་ཏེ། རྣམ་པར་རྟོག་པ་ཡུལ་ཡིན་ནོ་

ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་རྒྱུ་མཚན་གཞན་ཡོད་པ་ན་བློ་མེད་པར་ཞེས་བྱ་བ་འདིས་ནི་མི་དམིགས་པ་འཕེན་པ་ཡིན་ཏེ། གང་ལ་བློ་མེད་པ་དེ་ནི་མེད་པ་ཡིན་ནོ། །དེ་ལ་བློ་འགའ་ཞིག་ལ་ཤེས་པ་འཇུག་པ་ན། ད་ནི་གཞན་ལ་མ་ཞུགས་སོ་ཞེས་རྟོགས་པ་ཡིན་ཏེ། ངེས་པའི་རྣམ་པ་

ཅན་ཡིན་པའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་བདག་ཉིད་འཇུག་པ་ནི་དམིགས་པ་མ་ཡིན་ནོ། །དེས་ན་མངོན་སུམ་ཉིད་ཀྱིས་ཐ་དད་པར་སྨྲ་བའི་དངོས་པོ་རྣམ་པ་གཉིས་རྟོགས་པ་ཡིན་ཏེ། རྟོགས་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །འདྲ་བ་དང་མི་འདྲ་བ་ལ་སོགས་པ་འདི་ཐམས་ཅད་ནི་

ལྐོག་ཏུ་གྱུར་པ་དང་། ཅིག་ཤོས་ཀྱི་རྟོགས་པའི་སྤྱོད་ཡུལ་ཡིན་ལ། དེ་ཡང་དོན་བྱེད་པ་ནུས་པ་དང་མི་ནུས་པ་ལ་ཤེས་པ་ཡིན་ནོ། །འདི་ཡང་ཕྱིས་སྟོན་པར་འགྱུར་རོ། །དེ་ལས་ལྐོག་དུ་གྱུར་པ་ལས་མངོན་སུམ་ཡོད་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་མི་རིགས་ཏེ། གང་ལ་ང་ནི་མེད་པ་

เล่ม ๑๗๘ · หน้า 160a

དེ། །ངས་གསལ་མངོན་སུམ་ལས་གཞན་ཡིན། །འདི་ཙམ་ཉིད་ཀྱི་དོན་རྣམས་ཀྱིས། །ལྐོག་གྱུར་ཉིད་ནི་ངེས་པ་ཉིད། །ཉམས་སུ་མྱོང་བའི་བདག་ཉིད་ཀྱི། །མངོན་སུམ་བདག་ཉིད་རིག་པ་ཉིད། །ངེས་པ་ཉིད་དུ་རྟོགས་ཉིད་ནི། །གཞན་པ་ལྐོག་

གྱུར་རྟོགས་པ་ཡིན། །ལྐོག་གྱུར་ཉིད་ནི་མངོན་སུམ་གྱིས། །རྟོགས་ཀྱང་དོན་གྱི་ངོ་བོ་ནི། །ལྐོག་གྱུར་ཉིད་དེ་དེ་དོན་ལ། །མངོན་སུམ་འཇུག་པ་ཡོད་མ་ཡིན། །མངོན་སུམ་དོན་ཤེས་མེད་པར་ནི། །ལྐོག་ཉིད་ཇི་ལྟར་རིག་པར་བྱེད། །དེ་རིག་ན་ནི་དེ་ཡི་ཆོས། །

ངོ་བོ་ཉིད་འགྱུར་རྟོགས་པར་འགྱུར། །གལ་ཏེ་ལྐོག་ཏུ་གྱུར་པའི་དོན་མངོན་སུམ་གྱིས་ཤེས་པ་ཡིན་ན་དེའི་ཚེ་དེའི་ཆོས་རྟོགས་པར་འགྱུར་ཏེ། ཆོས་ནི་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་མ་ཡིན་པ་ནི་དེའི་ཆོས་སུ་མི་འཐད་པའི་ཕྱིར་རོ། །དེ་དང་འབྲེལ་པའི་ཕྱིར་དེའི་ཆོས་ཡིན་ནོ་ཞེ་ན། འོ་

ན་ནི་མངོན་སུམ་གྱིས་ཡོངས་སུ་ཤེས་པ་ཉིད་ཡིན་ཏེ། དངོས་པོ་དེ་དང་འབྲེལ་པའི་ཆོས་མངོན་སུམ་དུ་རིག་ན། ལྐོག་ཏུ་གྱུར་པའི་དངོས་པོ་ཉིད་ཀྱང་མངོན་སུམ་གྱིས་རིག་པར་འགྱུར་དགོས་སོ། །དེས་ན་ལྐོག་ཏུ་གྱུར་པ་ཉིད་དུ་འདོད་པའི་དངོས་པོ་ནི་ལྐོག་ཏུ་གྱུར་པ་ཉིད་དུ་མི་འགྱུར་བ་

དེས་ན་རྗེས་སུ་དཔག་པ་མི་འཇུག་སྟེ། མངོན་སུམ་གྱིས་གཟུང་བ་ཉིད་རྗེས་སུ་དཔག་པའི་ཡུལ་དུ་གྱུར་པ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། རང་རིག་པ་ཡི་མངོན་སུམ་ནི། །ལྐོག་གྱུར་ཉིད་ལ་འཇུག་པ་ཡིན། །དབང་པོ་ཤེས་པ་གཞན་དག་ནི། །དེ་ཡི་ཆོས་ཅན་ལ་འཇུག་

གོ། །གཉིས་རྟོགས་ན་འབྲེལ་པ་རྟོགས་པར་འགྱུར་ལ། གཉིས་ཀྱང་ཚད་མ་གཅིག་ཉིད་ཀྱིས་ནི་རྟོགས་པར་འགྱུར་བ་མ་ཡིན་ནོ། །དེ་ལ་རང་རིག་པས་ནི་དོན་གྱི་ཆོས་ལྐོག་ཏུ་གྱུར་པ་ཉིད་རྟོགས་པར་འགྱུར་ལ། ལྐོག་ཏུ་གྱུར་པའི་ཆོས་ཅན་གྱི་དངོས་པོ་ནི་མངོན་སུམ་གཞན་དབང་

པོའི་ཤེས་པས་རྟོགས་པར་འགྱུར་ལ། དེ་ལས་ནི་འབྲེལ་པ་རྟོགས་པ་ཡིན་ནོ། །དེས་ན་ལྐོག་ཏུ་གྱུར་པ་ཉིད་མངོན་སུམ་གྱིས་རྟོགས་ཀྱང་དངོས་པོ་རྗེས་སུ་དཔག་པས་རྟོགས་པའི་ཕྱིར། རྗེས་སུ་དཔག་པ་མི་འཇུག་པ་མ་ཡིན་ནོ། །གཞན་ཡང་། ཐ་དད་མེད་པར་གནས་པ་ཡི། །

เล่ม ๑๗๘ · หน้า 160b

བསྒྲུབ་པའི་ངོ་བོ་ཉིད་ཀྱི་ཆོས། །དངོས་པོ་གཟུང་བ་མེད་པར་ནི། །རིག་པར་འཐད་མིན་བཟློག་པ་མིན། །དངོས་པོ་དང་ཐ་མི་དད་པ་སྒྲུབ་པའི་ངོ་བོ་ཉིད་ཀྱི་ཆོས་དེ་ནི། ཆོས་ཅན་དང་ལྷན་ཅིག་ཚད་མ་གཅིག་གིས་གཟུང་བར་བྱ་བ་ཡིན་གྱི། ལྐོག་ཏུ་གྱུར་པ་ཉིད་ནི་མངོན་སུམ་གྱི་

རྟོགས་པ་སྟོང་པ་ཙམ་ཡིན་པས་དེ་ནི་ཆོས་ཅན་འཛིན་པ་ལ་མི་ལྟོས་སོ། །ཅི་སྟེ་ལྐོག་ཏུ་གྱུར་པ་ལ་མངོན་སུམ་མི་འཇུག་ན་རྗེས་སུ་དཔག་པ་ཇི་ལྟར་འཇུག་ཅེ་ན། འདི་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། འདི་ལྟར། རྗེས་སུ་དཔག་པས་དངོས་པོ་དེའི། །ལྐོག་གྱུར་ཉིད་ནི་སྒྲུབ་མི་

བྱེད། །མངོན་སུམ་ཉིད་དུ་འགྱུར་ན་ཡང་། །མཐོང་བའི་ངོ་བོ་སྒྲུབ་པ་ཡིན། །གང་གིས་དེ་ལ་མངོན་སུམ་འཇུག་པར་འདོད་པ་རྗེས་སུ་དཔག་པས་དངོས་པོའི་ལྐོག་ཏུ་གྱུར་པ་ཉིད་ནི་མི་སྒྲུབ་ཀྱི། འོན་ཀྱང་འདིའི་ལྐོག་ཏུ་གྱུར་པ་ཉིད་ནི་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ་ཞེས་འདི་

ནི་བརྗོད་ཟིན་ཏོ། །ལྐོག་ཏུ་གྱུར་པ་ཉིད་མངོན་སུམ་གྱིས་གྲུབ་པ་ཡིན་ཡང་དོན་གྱིས་མེ་ལ་སོགས་པའི་མཚན་ཉིད་དོན་བྱེད་པར་ནུས་པ་འདི་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལ་ནི་སྔར་མངོན་སུམ་ཞུགས་པ་ཉིད་དོ། །དེས་ན་རྗེས་སུ་དཔག་པ་འཇུག་པ་མི་འགལ་ལོ། །

གཞན་ཡང་། རྗེས་སུ་དཔག་པ་དེ་ཉིད་ཀྱི། །ངོ་བོ་རྟོགས་པར་མི་ནུས་ཕྱིར། །དེ་ཡི་ལྐོག་ཏུ་གྱུར་པ་ཉིད། །དེ་ཡི་ཤུགས་ཀྱིས་གནས་པ་ཡིན། །དེའི་ངོ་བོ་ལ་རྗེས་སུ་དཔག་པ་འཇུག་པ་མི་ནུས་པ་འདི་ཉིད་ལྐོག་ཏུ་གྱུར་པ་ཉིད་ཡིན་ལ། འདིའི་དེ་ཡང་དེ་ཉིད་ཀྱི་ཚེ་འགྱུར་བ་ཡིན་ཏེ། དེས་

ན་དེ་ལ་སྔར་ཚད་མ་འཇུག་པ་ལ་མི་ལྟོས་སོ། །གང་གིས་དེ་ལ་མངོན་སུམ་འཇུག་པ་ལ་ལྟོས་པར་འགྱུར་བ་ལྐོག་ཏུ་གྱུར་པ་ཉིད་ཀྱི་སྒོ་ནས་ནི་དོན་དུ་གཉེར་བ་སུ་ཡང་མེད་ཀྱི། དེ་ནི་མི་འདོད་ཀྱང་འགྱུར་བ་ཡིན་ནོ། །འདིས་ནི་ཚད་མར་རབ་ཏུ་གྲུབ་པ་ཡང་གཏན་ལ་ཕབ་པ་ཡིན་ཏེ།

ལྐོག་གྱུར་དངོས་པོ་གྲུབ་ན་ནི། །འདི་ཡི་ཚད་མ་ཉིད་འགྲུབ་སྟེ། །ལྐོག་གྱུར་དངོས་པོར་གྲུབ་ཉིད་ཀྱིས། །དེ་དང་འབྲེལ་པར་གྲུབ་ཕྱིར་རོ། །དངོས་དང་འབྲེལ་པ་ཙམ་གྱིས་ནི། །ཤེས་པ་ཚད་མར་བརྗོད་པ་ཡིན། །དངོས་པོ་དང་ནི་འབྲེལ་པ་ཡི། །ཚད་མ་རྟགས་ལས་ཡོད་

เล่ม ๑๗๘ · หน้า 161a

པ་རིགས། །ལྷག་པ་དག་ནི་སྔར་ཉིད་དུ། །བསྟན་ཕྱིར་བརྗོད་པར་བྱ་བ་མིན། །གལ་ཏེ་གཞལ་བྱ་གཉིས་ནི་གཞལ་བྱ་ཉིད་རྣམ་པ་གཉིས་ཡིན་ནོ། །གཞལ་བྱ་གཉིས་ནི་རྒྱུ་ཡིན་ལ་ཚད་མ་གཉིས་ནི་འབྲས་བུ་ཡིན་ཏེ། དེས་ན་རྒྱུ་ལས་འབྲས་བུ་ཇི་ལྟར་

འགྲུབ་ཅེ་ན། འདིར་སྨྲས་པ། གང་ཕྱིར་ཚོགས་པ་ཡོད་གྱུར་ན། །རྒྱུ་ལས་འབྲས་བུ་སྐྱེ་འགྱུར་བ། །དེ་ཕྱིར་འབྲས་བུ་རྒྱུ་ལས་ནི། །མི་རིགས་པས་ནི་ཇི་ལྟར་འགྱུར། །གལ་ཏེ་ཡང་གདོན་མི་ཟ་བར་རྒྱུ་ནི་འབྲས་བུ་དང་ལྡན་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་རིགས་མོད་ཀྱི། འོན་ཀྱང་

འདིར་རྒྱུ་ལས་འབྲས་བུ་འགྲུབ་པར་འགྱུར་བ་ཉིད་དོ། །གཞལ་བྱ་གཉིས་ལས་ཚད་མ་གཉིས་ཐམས་ཅད་ཀྱི་ཚེ་སྒྲུབ་པ་ནི་མ་ཡིན་གྱི་འོན་ཀྱང་ཚོགས་པ་ཡོད་པའི་ཕྱིར་རོ་ཞེས་ཁོ་བོ་ཅག་སྨྲའོ། །ཚོགས་པ་སྲིད་པ་ཉིད་ཀྱང་ཕྱིས་བསྟན་པར་བྱའོ། །གཞལ་བྱ་གཉིས་གྲུབ་པས་ནི་གདོན་མི་ཟ་བར་ཚད་

མ་གཉིས་འགྲུབ་པ་ཡིན་ཏེ། གང་ལས་འདིའི་ངེས་པའི་མཚན་ཉིད་རབ་ཏུ་འགྲུབ་པ་དེ་ཉིད་ཚད་མ་ཡིན་ནོ། །གཅིག་གིས་ནི་གཉིས་མི་འགྲུབ་བོ་ཞེས་བསྟན་ཟིན་ཏོ། །གང་གི་ཚེ་འདི་ཚད་མ་གསུམ་ལ་སོགས་པ་བསལ་བའི་དོན་ཡིན་པ་དེའི་ཚེ་ནི། ཡུལ་གཞན་མེད་པས་ཁྱད་པར་བྱེད་པ་

མེད་པའི་ཕྱིར་ཚད་མ་གཞན་ལོག་པར་བསྒྲུབ་པ་ཡིན་ནོ། །གཞལ་བྱ་དང་བྲལ་བའི་ཚད་མ་ནི་མེད་དེ། རང་གི་ངོ་བོའམ་གཞན་གྱི་ངོ་བོར་གྱུར་པའི་གཞལ་བྱ་མེད་ན་ཤེས་པ་འདི་མེད་པར་འགྱུར་བའི་ཕྱིར་གང་ཞིག་ཚད་མ་ཡིན། བདག་ཉིད་ཡོད་དོ་ཞེ་ན། རང་དང་གཞན་གྱི་ངོ་བོར་གཞལ་བྱ་

མེད་ན་དེ་ཉིད་མེད་པར་ཐལ་བའི་ཕྱིར་ཚད་མ་ཞེས་བྱ་བར་མི་འགྱུར་རོ། །དེའི་ཕྱིར་རང་གི་ངོ་བོས་རྟོགས་པའི་ཡུལ་ནི་གཅིག་ཡིན་ལ། དེ་ལས་གཞན་པ་ནི་གཞན་ཡིན་ནོ་ཞེས་བྱ་བར་གནས་སོ། །དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་

ཡོད་པ་ཡིན། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཡིན་ནོ། །གལ་ཏེ་དེ་དོན་བྱེད་ནུས་པ་གང་ཡང་མེད་པ་མ་ཡིན་ནམ། ཇི་ལྟར་དོན་བྱེད་ནུས་པ་དོན་དམ་པར་ཡོད་པའི་མཚན་ཉིད་དུ་འགྱུར། འདི་ལྟར། དོན་བྱེད་ནུས་པ་ཉིད་དུ་ནི། །གང་

เล่ม ๑๗๘ · หน้า 161b

གིས་གང་ཞིག་རྟོགས་པ་ཡིན། །ཤེས་པ་དང་ནི་ཤེས་བྱ་དག །དེ་ལྟར་རྟོགས་པ་ཡོད་མ་ཡིན། །རྟག་པ་དང་མི་རྟག་པ་དང་ཤེས་པ་དང་ཤེས་བྱ་ལ་ཡང་རུང་སྟེ། དོན་བྱ་བ་བྱེད་པ་ཉིད་དམ་དོན་བྱེད་པ་ཉིད་དུ་ཡང་མངོན་སུམ་མམ་རྗེས་སུ་དཔག་པས་རྟོགས་པ་མེད་དོ། །འདི་ལྟར།

ལྡོག་པ་གྲུབ་པ་མེད་པའི་ཕྱིར། །རྟག་ལ་ནུས་པ་ཡོད་མ་ཡིན། །རྗེས་འགྲོ་གྲུབ་པ་མེད་པའི་ཕྱིར། །མི་རྟག་པ་ལ་ནུས་པ་མེད། །རྗེས་འགྲོ་ལྡོག་པ་དག་གིས་ནི། །ཁྱབ་པ་ནུས་པ་ཡིན་པར་རྟོགས། །གཉི་ག་ལྟར་ཡང་དེ་དག་ནི། །མ་གྲུབ་ནུས་པ་ཇི་ལྟར་བརྗོད། །རྟག་པ་

ཡུལ་ཐམས་ཅད་དུ་ཁྱབ་པ་དང་འབྲས་བུ་འགའ་ལ་ཡང་བྱེད་པ་མེད་པ་ནི་ནུས་པ་ཞེས་བྱ་བ་མ་ཡིན་ནོ། །གལ་ཏེ་ཁྱབ་པ་དང་དུས་ཐམས་ཅད་དུ་གནས་པ་ནུས་པ་མ་ཡིན་ཡང་། མ་ཁྱབ་པ་དང་དུས་གཞན་དུ་གནས་པ་ནི་ཡིན་པ་ཉིད་དོ་སྙམ་ན། དེ་ནི་མི་བདེན་ཏེ། དེ་ཡུལ་ཁྱབ་མིན་གང་

ལས་ཡིན། །རྟོགས་མེད་ལས་ཡིན་ག་ལ་རྟག །ཇི་ལྟར་ཁྱབ་བྱེད་དེ་མ་ཡིན། །དེ་ལྟར་དེ་ལ་རྟག་པ་མེད། །སྐད་ཅིག་ཡིན་ཕྱིར་མི་རྟག་པའི། །དངོས་པོ་འབྲས་བུ་ག་ལ་ཡོད། །སྐད་ཅིག་མ་ཡི་དངོས་རྣམས་ནི། །དངོས་པོ་ཙམ་དུ་རྣམ་པར་གནས། །གལ་ཏེ་དེ་ཡི་དེ་མ་ཐག །གཞན་

ཡོད་ཕྱིར་ན་ནུས་པར་བརྗོད། །གཞན་གྱིའང་དེ་མ་ཐག་ཡིན་ཕྱིར། །འདི་ནི་དེ་ཡང་འབྲས་བུར་འགྱུར། །དངོས་པོ་སྐད་ཅིག་མ་ཀུན་གྱི། །སྔ་མ་ཐམས་ཅད་ལྟོས་པ་ཡིན། །དེ་མེད་པར་ཡང་དེ་ཡོད་ཕྱིར། །ཞེ་ན་སྐད་ཅིག་ལ་ཇི་ལྟར་འབྲས་བུ་སྐད་ཅིག་མ་ཉིད་ནི་དེ་མེད་ཀྱང་ཡང་འབྱུང་བར་

རིགས་པ་མ་ཡིན་ཏེ། དེ་ནི་དེ་ཉིད་ཀྱི་ཚེ་ཡོད་པའི་ཕྱིར་དང་། གཞན་གྱི་ཚེ་ནི་ནམ་ཡང་མེད་པའི་ཕྱིར་རོ། །ཅི་སྟེ་རྒྱུ་དང་འབྲས་བུ་ནི་རྒྱུན་ཡིན་པར་བརྗོད་ན། སྐྱོན་འདི་མེད་དོ་སྙམ་ན་མ་ཡིན་ཏེ། རྒྱུན་ནི་དེ་ལས་ཐ་དད་པའི་ཕྱིར་རོ། །ཡོད་ན་ནི་དེ་ལ་རྒྱུ་དང་འབྲས་བུའི་ཡོད་པ་ཡིན་པས་

སྐད་ཅིག་མ་ལ་ནུས་པ་མེད་པའི་ཕྱིར་མེད་པར་ཐལ་བར་འགྱུར་རོ། །འབྲེལ་པས་རྒྱུ་དང་འབྲས་བུ་ཡོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐ་དད་པ་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ལས་གཞན་པའི་འབྲེལ་པ་མེད་པའི་ཕྱིར་རོ། །རྒྱུན་དེ་ནི་སྐད་ཅིག་མ་ཐམས་ཅད་ཀྱི་དེ་མ་ཐག་པ་ཡིན་པས་ཐམས་ཅད་

เล่ม ๑๗๘ · หน้า 162a

ཀྱི་རྒྱུན་དུ་འགྱུར་རོ། །དེ་ལ་ཡང་སྔར་བརྗོད་པ། རྟག་པ་དང་སྐད་ཅིག་མའི་སྐྱོན་དེ་ཉིད་ཡིན་ནོ། །ཡང་བཤད་པ། རྒྱུན་ཉིད་དེ་ལས་གཞན་པ་དང་། །ནུས་པའང་དེ་ཉིད་ཡིན་འགྱུར་ན། །ནུས་པ་མེད་ཕྱིར་སྐད་ཅིག་རྣམས། །མེད་འགྱུར་བརྟགས་པ་དོན་མེད་ཡིན། །དེ་

དང་འབྲེལ་པས་ནུས་པའི་ཕྱིར། །གལ་ཏེ་ནུས་པར་རྟོགས་བྱེད་ན། །དངོས་ཀྱི་ནུས་པས་སྟོང་པའི་ཕྱིར། །དེ་ནི་བརྙན་པོའི་རྒྱན་དུ་འགྱུར། །གལ་ཏེ་རྒྱུན་དང་ཅིག་ཤོས་དང་། །རྒྱུ་དང་འབྲས་བུ་འབྲེལ་གྱུར་པ། །དེ་ལྟ་ཡིན་ན་ཁམས་གསུམ་གྱི། །སྐད་ཅིག་རྣམས་ཀྱི་རྒྱུན་དུ་འགྱུར། །རྒྱུན་

ཡང་འབྲས་བུ་བྱེད་པ་ཡིས། །ནུས་ལས་ཡོད་མིན་དེ་ཡི་ཕྱིར། །རྟགས་དང་ཅིག་ཤོས་ཕྱོགས་དག་གི །སྐྱོན་དེ་ཉིད་དུ་ཁྱེད་ལ་འགྱུར། །གལ་ཏེ་རྒྱུན་གཞན་དག་ཏུ་ནི། །འགྲོ་ན་ཐུག་པ་མེད་པར་འགྱུར། །རྒྱུན་ནི་འབྲས་བུ་ཉིད་དུའང་། །སྐད་ཅིག་ལ་ནི་འབྲས་ཉིད་མེད། །གང་ཕྱིར་འདིར་

ཡང་རྒྱུན་གཞན་གྱི། །འབྲས་བུ་བྱེད་པར་འགྱུར་དེའི་ཕྱིར། །འབྲས་བུ་ཉིད་ཀྱི་བློ་དེ་ནི། །ཐུག་པ་མེད་པའི་སྟག་གིས་ཟོས། །གཞན་ཡང་། ཤེས་ལས་གཞན་པའི་འབྲས་བུ་ཡིས། །གལ་ཏེ་རྒྱུ་ནི་ཡོད་འགྱུར་ན། །འབྲས་བུ་གཞན་སྐྱེ་མེད་པར་ནི། །འབྲས་བུའང་ཡོད་པར་འགྱུར་མ་ཡིན། །དེས་

ན་ཐུག་པ་མེད་པའི་ཕྱིར། །རྩ་བའི་ཡོད་པ་ཉིད་མེད་འགྱུར། །ཤེས་པའི་འབྲས་བུས་ཐམས་ཅད་ཀྱི། །ཡོད་ཉིད་དེ་ལས་གནོད་པ་མེད། །འདི་ལའང་ཤེས་བྱ་ཤེས་པ་ཡི། །འབྲས་དང་ལྡན་པར་གང་ལས་རིག། །ཤེས་བྱ་གཉིས་ནི་ཤེས་པ་ཡིས། །རྒྱུ་འབྲས་ཉིད་དུ་རྟོགས་འགྱུར་ཏེ། །མདུན་ན་

གནས་པ་ཉིད་དུ་ནི། །གཉི་ག་སྣང་བ་ཡིན་ཕྱིར་རོ། །ཤེས་པ་འབྲས་བུ་ཉིད་དུ་ནི། །དེའམ་གཞན་གྱིས་རྟོགས་མ་ཡིན། །མངོན་སུམ་དེ་ཉིད་ལས་མིན་ཏེ། །དེ་སྔར་འཇུག་པ་མིན་ཕྱིར་རོ། །འཇུག་ན་དེ་འབྲས་ཉིད་མི་འགྱུར། །དེ་ཡང་སྔ་མ་ལས་འཇུག་ན། །དེ་ལྟར་མཐར་ཐུག་

ཉིད་མེད་པས། །འབྲས་བུ་རྟོགས་པར་ག་ལ་འགྱུར། །གལ་ཏེ་དུས་མཉམ་ཉིད་དག་ནི། །རྒྱུ་དང་འབྲས་བུར་འགྱུར་སྙམ་ན། །ཁྱད་པར་མེད་ཕྱིར་སྣང་བ་ཡིས། །དུས་མཉམ་ཀ་བ་བུམ་པ་དག །དེར་འགྱུར་དེ་ལྟ་མ་ཡིན་ན། །རྣལ་མ་ཉིད་ཀྱང་འགྲུབ་མི་འགྱུར། །གལ་ཏེ་བུམ་པ་

เล่ม ๑๗๘ · หน้า 162b

འབའ་ཞིག་ཀྱང་། །མཐོང་ཕྱིར་འབྲས་བུ་མ་ཡིན་ན། །ཤེས་པའང་དེ་ཡོད་མ་ཡིན་པར། །འཇུག་པ་མཐོང་བ་མིན་ནམ་ཅི། །གལ་ཏེ་ཤེས་ཏེ་གཞན་མིན་ན། །དེས་ན་འཁྲུལ་པ་མེད་སྙམ་ན། །ཀ་བའང་ཅི་ཕྱིར་གཞན་མ་ཡིན། །ངོ་ཤེས་སྐྱེ་བར་མཚུངས་པ་ཡིན། །དེ་ལྟ་

ན་ནི་རྟག་འགྱུར་ན། །ངོ་ཤེས་ཚད་མ་ཉིད་མ་ཡིན། །སྔ་མ་ཕྱི་མའི་ངོ་བོ་དག །གཅིག་ཏུ་རྟོགས་པ་ཡོད་མིན་ཏེ། །སྔ་དང་ཕྱི་མའི་རྟོགས་པ་ཡིས། །སོ་སོར་གཟུང་བ་མེད་པའི་ཕྱིར། །གཉིས་ལ་འགྲན་པ་འཇུག་བཞིན་གྱི། །འདི་ནི་ཚད་མ་ཡིན་མ་ཡིན། །རྟོགས་པ་སྔ་མ་

ཕྱི་མ་དང་། །ཕན་ཚུན་འདྲེས་པ་མེད་པ་ན། །དེ་ལས་དྲན་པ་འབྱུང་འགྱུར་གྱི། །གཅིག་ཉིད་ཤེས་པར་བྱེད་པ་མིན། །གལ་ཏེ་བདག་ཅིག་ཡོད་ཀྱང་དེས། །ཇི་ལྟར་རིག་འགྱུར་དེ་ཡང་ནི། །མངོན་སུམ་ལ་སོགས་ཚད་མ་ཡིས། །དོན་རྣམས་རྟོགས་པར་བྱེད་པ་ཡིན། །བདག་

ལ་བརྟེན་པ་ཙམ་གྱིས་ནི། །ཤེས་པ་ཚད་མར་མི་འགྱུར་ཏེ། །བདག་ལ་བརྟེན་པ་མ་ཡིན་ཡང་། །མི་སླུ་བ་ལས་ཚད་མ་ཉིད། །མཐོང་བ་ཕྱི་ནས་ཐོབ་ན་ནི། །ཚད་མ་ཚད་མ་ཉིད་དུ་འགྱུར། །གལ་ཏེ་བདག་མེད་རྟག་ཉིད་དུ། །དངོས་པོ་འདི་རྟོགས་མིན་ཞེ་ན། །བདག་ཡོད་

ན་ཡང་གང་རུང་གི །ཚད་མ་ཉིད་དུ་འགྱུར་མ་ཡིན། །མངོན་སུམ་དང་ནི་རྗེས་དཔག་དག །ཁོ་ན་དེར་ཡང་ཚད་མ་ཡིན། །སྔ་མ་ཕྱི་མའི་ངོ་བོར་ནི། །བདག་གམ་ཡང་ན་གཞན་གྱིས་ཀྱང་། །བདག་གཞན་རྟོགས་པ་ཡིད་མིན་པ། །དེ་ལས་རྟག་པ་ཡོད་མི་སྲིད། །དེས་ན་ཤེས་པ་

དོན་གྱི་ནི། །འབྲས་བུ་ཉིད་དུ་རྟོགས་མ་ཡིན། །ཤེས་པ་མྱོང་བའི་བདག་ཉིད་ནི། །བདག་དང་དེ་ཡི་རིག་བྱ་རིག །སྔ་ཕྱི་བདག་ཉིད་རྒྱུ་འབྲས་ལ། །མངོན་སུམ་འཇུག་པར་འགྱུར་མ་ཡིན། །འོ་ན་རྗེས་སུ་དཔག་པ་ལས། །འབྲས་བུའི་སྔོན་དུ་རྒྱུ་རིག་པས། །དེ་ལས་ཤེས་པ་

འདི་སྐྱེས་ཞེས། །འབྲས་བུ་ཉིད་དུ་ཤེས་འགྱུར་ན། །རྗེས་དཔག་དེ་ཡང་མངོན་སུམ་གྱིས། །རབ་ཏུ་རྟོགས་པ་མེད་པ་ཡི། །དངོས་ལ་འཇུག་པ་ཡོད་མིན་ཞེས། །སྔར་ཉིད་རབ་ཏུ་བསྟན་ཟིན་ཏོ། །སྔོན་རོལ་མངོན་སུམ་ཚད་མེད་ན། །རྗེས་དཔག་ཚད་མར་འགྱུར་མ་ཡིན། །དེ་

เล่ม ๑๗๘ · หน้า 163a

ལ་སྔོན་རོལ་རྗེས་དཔག་ཉིད། །ཡོད་དོ་ཞེ་ན་ཐུག་མེད་འགྱུར། །འབྲས་སོགས་གཞལ་བྱ་རེ་ཞིག་ཞོག །གང་ལ་དེ་ཡོད་དེ་རྟོགས་མེད། །གཞི་མེད་སྐྱེད་འགྲུབ་མེད་པ་བཞིན། །ཆོས་གྲུབ་ཆོས་ཅན་མེད་མི་འཐད། །ཤེས་པ་དམིགས་དང་བཅས་གྱུར་ན། །དངོས་

པོ་རབ་ཏུ་འགྲུབ་པར་འགྱུར། །གང་ཚེ་དངོས་པོ་གྲུབ་མེད་པ། །དེ་ཚེ་གང་ཞིག་རྒྱུ་འབྲས་ཡིན། །དམིགས་པ་དང་བཅས་པ་ཉིད་དུ་ཇི་ལྟར་མ་གྲུབ་ཅེ་ན། བརྗོད་པ། འགྲོ་འདིར་རྒྱུ་ཉིད་དམིགས་པར་ནི། །འགྱུར་གྱི་སྣང་བ་ཙམ་གྱིས་མིན། །སྣང་བ་ཙམ་གྱིས་ཡིན་ན་ནི། །རབ་རིབ་ཅན་བློའང་དེར་འགྱུར་རོ། །གང་

ཞིག་གང་གི་རྒྱུ་ཡིན་པ། །དེ་མེད་པར་ནི་དེ་མེད་པས། །མིག་སོགས་བློ་ཡང་དམིགས་པ་ནི། །མེད་ན་གནས་པར་མི་འགྱུར་འཐོབ། །ཟླ་གཉིས་རྣམ་ཅན་མིག་སོགས་ཤེས། །དམིགས་པ་མེད་ཀྱང་སྐྱེ་བར་མཐོང་། །དེའི་ཕྱིར་དམིགས་པའི་རྒྱུ་མེད་ཀྱང་སྐྱེ་བར་མཐོང་བས་འཁྲུལ་པའི་ཕྱིར་ན་དམིགས་པ་ནི་རྒྱུ་ཡིན་

པ་དང་རྣམ་པར་ཤེས་པ་ནི་འབྲས་བུ་ཡིན་པར་མི་འགྱུར་བར་རིགས་སོ། །འདི་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ། ཕན་ཚུན་ཐ་དད་པར་གྱུར་པ་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་གང་ཡིན་པའོ། །རྒྱུར་འདོད་པ་མེད་པར་འབྲས་བུ་འདོད་པ་ཡོད་ན་ནི་དེ་དེའི་རྒྱུ་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་ནོ། །དེས་

ན་དམིགས་པ་མེད་པའི་ཕྱིར་དངོས་པོ་མཐའ་དག་མ་གྲུབ་པས་རྒྱུ་དང་འབྲས་བུའི་དངོས་པོ་ག་ལ་ཡོད། ཅི་སྟེ་རྒྱུ་ཉིད་ཀྱིས་ནི་དམིགས་པ་མ་ཡིན་གྱི་འོན་ཀྱང་གཟུང་བར་བྱ་བ་ཉིད་ཀྱིས་ཡིན་ནོ་སྙམ་ན། དེ་ལྟར་ཡང་མི་འཐད་དེ། འདི་ལྟར། སྔོན་པོ་ལ་སོགས་མ་རྟོགས་པའི། །གཟུང་བ་གཞན་ནི་གང་

ནའང་མེད། །སྔོ་སོགས་དག་ནི་གང་ནའང་མེད། །སྔོ་སོགས་དག་ནི་འཁྲུལ་པ་ཡི། །རྣམ་ཤེས་ལ་ཡང་སྣང་བ་ཡིན། །གསལ་བར་མདུན་དུ་སྣང་བ་ཉིད། །འཁྲུལ་པའང་མཐོང་བ་མིན་ནམ་ཅི། །དེ་ཕྱིར་གང་ཞིག་འཁྲུལ་པ་ལས། །མ་གཏོགས་གཟུང་བ་ཡོད་མ་ཡིན། །ཅི་སྟེ་ཡང་། མྱོང་བ་

ཐམས་ཅད་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མེད་དེ། འདི་ལྟར། འཁྲུལ་པའི་སེམས་ལ་དོན་བྱེད་པ། །འགའ་ཡང་སྣང་བ་ཡོད་མ་ཡིན། །དེ་ཕྱིར་འདིར་ནི་ཡུལ་མེད་པ། །འཁྲུལ་ཡིན་བཟློག་པ་གཞན་དུ་ཡོད། །འདི་ལ་ཡང་བརྗོད་པ། དོན་བྱེད་མྱོང་བ་དེ་ལས་གཞན། །དོན་གྱི་བདག་ཉིད་ཡིན་ནམ་ཅི། །འོན་

เล่ม ๑๗๘ · หน้า 163b

ཏེ་དེ་མྱོང་ཡིན་ཡང་རུང་། །དེ་དག་ཀུན་ཀྱང་ཡོད་མ་ཡིན། །འདི་ལྟར། དེ་ཡི་བྱ་བ་དོན་གཞན་ན། །དེ་མེད་པས་ན་དེ་མེད་མིན། །འབྲས་བུ་མེད་པར་འགྱུར་བས་ན། །དེ་ཡང་མེད་པར་འགྱུར་བ་མིན། །གལ་ཏེ་དོན་བྱ་བ་མངོན་པར་འདོད་པའི་འབྲས་བུ་མེད་པས་ནི་དེ་ཉིད་དེ། མེད་པར་འགྱུར་གྱི་རྒྱུ་ཡང་མེད་པར་

འགྱུར་རོ་ཞེས་བྱ་བ་ག་ལས་ཡིན། གཞན་མེད་ན་གཞན་མེད་པར་འགྱུར་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འབྲས་བུ་མེད་ན་འབྲས་བུ་མེད་པའི་ནུས་པ་ཉིད་མེད་དུ་ཆུག་ཀྱང་རང་གི་ངོ་བོ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །ཅི་སྟེ་ཤེས་པ་དོན་བྱ་བ་ཡིན་ནོ་ཞེ་ན། དེ་ལ་ཡང་རྣམ་པ་

གཉིས་ཏེ། དེ་ཉིད་དམ་ཤེས་པ་གཞན་ཡིན། གལ་ཏེ་ཡང་སྐྱེ་བའི་ཤེས་པ་དེ་ཉིད་དོན་བྱ་བ་ཡིན་ནོ་ཞེ་ན། འཁྲུལ་པ་ལ་ཡང་འཁྲུལ་པའི་ཤེས་པ་ཡང་ནས་ཡང་དུ་སྐྱེ་སྟེ། འཁྲུལ་པའི་ཤེས་པ་སྐད་ཅིག་གཅིག་ཁོ་ན་སྐྱེ་བར་འགྱུར་དགོས་པ་ནི་མ་ཡིན་ནོ། །ཅི་སྟེ་རེག་པ་ལ་སོགས་པའི་ཤེས་པ་ཡིན་

ནོ་ཞེ་ན། དེ་ཡང་མི་བདེན་ཏེ། གལ་ཏེ་གཞན་སྐྱེས་ཏེ་དེ་ལྟ་ན་ཡང་། དེ་ཡི་ཡུལ་ཉིད་ཡོད་འགྱུར་གྱི། །གཞན་དག་མྱོང་ན་གཞན་དག་ནི། །དངོས་པོ་ཡོད་པར་ཅི་ལྟར་འགྱུར། །མྱོང་བ་གཞན་ལ་རང་མྱོང་ལ། །ཡིད་མི་ཆེས་པ་གང་གིས་ཟློག །དེ་ནི་མྱོང་ཡང་མི་བདེན་པར། །དོགས་པར་ཅི་ལྟར་འགྱུར་

མ་ཡིན། །ལུས་ཀྱི་མྱོང་བ་མིག་གིས་ནི། །མྱོང་བ་ལས་ཁྱད་ཅི་ཞིག་ཡོད། །གལ་ཏེ་དོན་དེར་ཚིམ་ཞེ་ན། །ཡོངས་སུ་ཚིམ་པར་ག་ལས་རྟོག །ཇི་ལྟར་མིག་གི་རྣམ་པར་ཤེས་པ་དམིགས་པ་མེད་པ་དེ་བཞིན་དུ་རེག་པའི་རྣམ་པར་ཤེས་པ་ཡང་ཡིན་ཏེ། གཉི་ག་ཡང་དབང་པོའི་རྣམ་པར་ཤེས་པ་ཉིད་དུ་ཁྱད་

པར་མེད་པའི་ཕྱིར་རོ། །རབ་རིབ་ལ་སོགས་པས་ཉམས་པ་སྲིད་པ་ནི་གཉི་ག་ལ་ཡང་མཚུངས་ཏེ། གཉི་ག་ལ་ཡང་མཐོང་བའི་ཕྱིར་རོ། །མཁྲིས་པའི་རིམས་ཀྱིས་ཉམས་པ་ལས་དྲོ་བར་མྱོང་བའི་ཕྱིར་རོ། །ཡོངས་སུ་ཚིམ་པའི་ཕྱིར་རོ་ཞེ་ན། གྲང་བའི་དུས་སུ་མཁྲིས་པའི་རིམས་ཀྱིས་ཉམས་པས་ཚ་བར་

མྱོང་བ་ལ་ཡང་ཅི་སྟེ་ཡོངས་སུ་ཚིམ་པ་མེད། གཞན་ཡང་། མྱོང་བ་ཚད་མ་ཡིན་ན་ནི། །ཡོངས་སུ་ཚིམ་པ་དོན་ཅི་ཡོད། །མྱོང་བ་ཚད་མ་མིན་ན་ཡང་། །ཡོངས་སུ་ཚིམ་པ་དོན་ཅི་ཡོད། །གལ་ཏེ་མྱོང་བ་ཚད་མ་ཡིན་ན་དེ་ཉིད་ཀྱི་དོན་གྲུབ་པས་ཡོངས་སུ་ཚིམ་པ་གཞན་གྱིས་ཅི་ཞིག་བྱ། མྱོང་བས་མ་གྲུབ་གང་ཡིན་

เล่ม ๑๗๘ · หน้า 164a

པ། །ཡོངས་སུ་ཚིམ་པ་བརྒྱ་ཡིས་ཀྱང་། །ཅི་ལྟར་འགྲུབ་འགྱུར་གཞན་པ་ཡི། །ཡོངས་སུ་ཚིམ་པ་སྒྲུབ་བྱེད་མིན། །མྱོང་བ་ལས་གཞན་པའི་ཡོངས་སུ་ཚིམ་པ་ཅི་དགོས། དོན་སྒྲུབ་པར་བྱེད་དོ་ཞེ་ན། ཅི་ལྟར་གཞན་གྱིས་གཞན་འགྲུབ། འབྲེལ་པའི་ཕྱིར་རོ་ཞེ་ན། འབྲེལ་པ་གང་

གིས་འགྲུབ། ཡོངས་སུ་ཚིམ་པ་ལས་སོ་ཞེ་ན། དེར་ཡང་འབྲེལ་པ་གྲུབ་པ་ལ་ལྟོས་པར་བྱ་བ་ཡིན་པའི་ཕྱིར། ཐུག་པ་མེད་པར་འགྱུར་རོ། །གལ་ཏེ་ཉམས་སུ་མྱོང་བ་ལས་སོ་ཞེ་ན། དེ་ཉིད་ལས་དོན་གྲུབ་པའི་ཕྱིར། །ཡོངས་སུ་ཚིམ་པ་དོན་མེད་དོ། །དེ་ལ་ཡང་སྐྱོན་དེ་ཉིད་ཡིན་ནོ། །གལ་ཏེ་ཉམས་སུ་མྱོང་བ་

ལས་དོན་གྲུབ་ན་སྔར་ཉམས་སུ་མྱོང་བ་ལས་ཅིའི་ཕྱིར་མ་ཡིན། འདིས་ནི་དོན་དུ་མོས་པ་ཡང་གསལ་བ་ཡིན་ཏེ། འདི་ལྟར། མྱོང་བ་ལས་གཞན་དོན་དུ་ནི། །མོས་པ་དོན་གྱི་སྒྲུབ་བྱེད་མིན། །མོས་པ་ཉམས་མྱོང་ཉིད་ཡིན་ཡང་། །མྱོང་ཉིད་དོན་ཀུན་སྒྲུབ་བྱེད་ཡིན། །འདིས་ནི་མངོན་པར་འདོད་པ་དང་དྲན་

པ་དང་སྡང་བ་དང་འདོད་པ་ལ་སོགས་པ་ཡང་བཤད་པ་ཡིན་ནོ། །གཞན་ཡང་ཉམས་སུ་མྱོང་བ་ལས་མངོན་པར་འདོད་པ་ལ་སོགས་པ་ཡིན་གྱི་དེ་དག་ལས་ནི་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར་འདི་ནི་གྱི་ནའོ། །ཅི་སྟེ་ཡང་ཉམས་སུ་མྱོང་བ་ཐམས་ཅད་དམིགས་པ་དང་བཅས་པ་ཉིད་དུ་འགྱུར་མོད་ཁོ་བོ་ཅག་ལ་

ཆད་པ་ཅུང་ཟད་ཀྱང་མེད་དོ། །ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་ཅི་ལྟར་ཞེ་ན། འཇིག་རྟེན་འཇིག་རྟེན་མིན་དོན་དུ། །ཚད་མ་ཅིག་ཤོས་རྣམ་པར་གནས། །རྣམ་དབྱེ་དེ་ནི་ཅི་ལྟར་ཤེས། །གནོད་བྱེད་ཅིག་ཤོས་དང་འབྲེལ་ཕྱིར། །གང་གིས་གནོད་བྱེད་ཅིག་ཤོས་དག །འཇིག་རྟེན་ཅིག་

ཤོས་ཉིད་དུ་གནས། །གནོད་དང་ཅིག་ཤོས་སྲིད་ཕྱིར་ན། །ཐུག་པ་མེད་པར་ཐལ་བར་འགྱུར། །གལ་ཏེ་ཐུན་མོང་པ་ནི་འཇིག་རྟེན་པ་ཡིན་ལ་གཞན་དུ་ནི་ཅིག་ཤོས་ཡིན་ནོ་ཞེ་ན། དེ་ནི་གྱི་ན་སྟེ་འདི་ལྟར། གང་ཕྱིར་མངོན་སུམ་རྗེས་དཔག་གིས། །དེ་དག་རིག་པ་ཡོད་མ་ཡིན། །མངོན་སུམ་གྱིས་རིག་རང་

ཉིད་ཀྱི། །རིག་བྱ་གཞན་ལ་དེ་ཡོད་མིན། །ང་ལ་སྣང་བ་འདི་ནི་གཞན་ལ་ཡང་ཡིན་ནོ་ཞེས་བྱ་བ་འདི་ལ་མངོན་སུམ་ནི་མི་འཇུག་གོ། །རྗེས་སུ་དཔག་པས་རིག་པ་ཡིན་ནོ་ཞེ་ན། འབྲེལ་པ་གཟུང་བ་མེད་པར་ནི། །རྗེས་དཔག་སྐྱེ་བར་ག་ལ་འགྱུར། །སྤུ་ལྡང་སོགས་འབྲས་མཐོང་ཕྱིར་ན། །རང་ཉིད་མཐོང་ལ་

เล่ม ๑๗๘ · หน้า 164b

རྗེས་དཔག་མེད། །འབྲས་བུ་དུ་བ་མཐོང་བ་ལས། །མེ་དེ་ཉིད་ཅེས་རབ་སྒྲུབ་མིན། །གང་ཕྱིར་སྤྱི་ཡི་ཡུལ་ཅན་གྱི། །རྗེས་དཔག་ཁྱད་པར་རིག་པ་མིན། །དེར་དུ་ཐ་དད་ཕྱིར་ཞེ་ན། །སྤུ་ལྡང་བའང་གཅིག་ཉིད་ཅི། །གཅིག་ཏུ་མངོན་པར་ཞེན་པ་ནི། །ཤེས་པ་ལས་གཞན་རིག་པ་མེད། །གལ་ཏེ་གང་

ལ་ངས་མིག་གིས་བལྟས་པ་དེ་ཉིད་ལ། འདིས་ཀྱང་ཡིན་ན་ཞེས་བྱ་བའི་ཐ་སྙད་ལས་གཅིག་པ་ཉིད་ཡིན་ནོ་ཞེ་ན། འདི་ནི་རབ་རིབ་ཀྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ཡང་མཚུངས་པ་ཡིན་ཏེ། དེ་ལ་ཡང་རབ་རིབ་ཅན་གཉིས་དོན་གཅིག་ཏུ་མངོན་པར་ཞེན་པས་མཚུངས་སོ། །གཞན་ཡང་ཇི་ལྟར་

རབ་རིབ་ཅན་དམིགས་པ་འགའ་ཞིག་གིས་རིག་པ་དེ་ལྟར་གཞན་དུ་ཡང་ཡིན་ནོ། །གལ་ཏེ་བུམ་པ་ལ་སོགས་པ་ནི་ཐམས་ཅད་ཀྱིས་རིག་པ་ཡིན་ནོ་ཞེ་ན། འདི་ལ་ཚད་མ་མེད་དོ། །རབ་རིབ་ཅན་གྱིས་བུམ་པ་ལ་སོགས་པ་རིག་པ་ཡང་མ་ཡིན་ནོ། །གལ་ཏེ་དབང་པོ་ཉམས་པ་ཡིན་པའི་ཕྱིར་རིག་པ་

ཡིན་ཡང་སྐྱོན་མེད་དོ་ཞེ་ན། དབང་པོ་ཉམས་པ་ཉིད་གང་ལས་ཤེས། མི་བདེན་པའི་དོན་རིག་པ་ལས་སོ་ཞེ་ན། འདི་ནི་ཕན་ཚུན་རྟེན་པའི་སྐྱོན་དུ་འགྱུར་ཏེ། ཉམས་པ་ཡིན་ན་མི་བདེན་པར་འགྱུར་ཞིང་། མི་བདེན་པ་ཡིན་ཡང་ཉམས་པ་ཉིད་དུ་འགྲུབ་པའི་ཕྱིར་རོ། །དེས་ན་གཞན་གྱིས་ཅུང་ཟད་ཀྱང་

དམིགས་པ་མ་ཡིན་ནོ། །གལ་ཏེ་མི་དམིགས་པ་ཉིད་དོ་ཞེས་བྱ་བར་ཡང་མི་འགྲུབ་བོ་ཞེ་ན། གཞན་གྱིས་དམིགས་པར་བྱ་བས་དབེན་པ་དམིགས་པའི་བདག་ཉིད་ཀྱི་མངོན་སུམ་ཉིད་ཀྱིས་གཞན་གྱིས་དམིགས་པར་བྱ་བ་ཉིད་འགོག་པ་ཡིན་ནོ། །གལ་ཏེ་གཞན་གྱི་མངོན་སུམ་ནི་དེའི་ཡུལ་མ་ཡིན་པའི་

ཕྱིར་དགག་པར་མི་ནུས་སོ་ཞེ་ན། འོ་ན་དེས་དམིགས་པར་བྱ་བ་གཞན་གྱིས་དམིགས་པར་བྱ་བའི་ངོ་བོར་ཅི་ལྟར་འགྱུར། གལ་ཏེ་དེའི་ངོ་བོ་དམིགས་ཀྱི་གཞན་གྱིས་དམིགས་པ་ཉིད་དུ་ནི་དམིགས་པ་མ་ཡིན་ནོ་ཞེ་ན། དེའི་ངོ་བོ་ལས་གཞན་གཞན་གྱིས་དམིགས་པ་ནི་གང་ཞིག་ཡིན། ཅི་སྟེ་དེའི་ངོ་བོ་ཉིད་

དོ་ཞེ་ན། དེའི་ངོ་བོ་ཉིད་དུ་ཅི་ལྟར་མ་དམིགས། གཞན་གྱི་ངོ་བོ་ཉིད་ཡིན་ན་ནི་དེ་གཞན་གྱིས་དམིགས་པར་ཅི་ལྟར་འགྱུར། དམིགས་པར་བྱ་བ་ཉིད་གཞན་གྱིས་དམིགས་པར་ཅི་ལྟར་འགྱུར། དམིགས་པར་བྱ་བ་ཉིད་གཞན་གྱིས་དམིགས་པ་ཡིན་གྱི་དོན་དེ་ཉིད་མ་ཡིན་པའི་ཕྱིར་ཅི་ལྟར་འདི་གཞན་གྱིས་

เล่ม ๑๗๘ · หน้า 165a

དམིགས་པ་ཡིན། གང་ཞིག་དམིགས་པར་བྱ་བ་ཉིད་དུ་དམིགས་པ་ཡིན་ལ་དེ་ལྟ་ན་ཡང་དོན་ནི་གང་གིས་ཀྱང་དམིགས་པར་མི་འགྱུར་རོ། །རང་རང་གས་དམིགས་པར་བྱ་བ་ཕན་ཚུན་ལྡོག་པ། འདི་དག་ཁོ་ན་རང་དང་གཞན་དག་གིས་དམིགས་པ་ཡིན་པའི་ཕྱིར་ཐུན་མོང་དུ་

དམིགས་པ་ཞེས་བྱ་བ་ནི་འགའ་ཡང་མེད་དེ། དམིགས་པ་ལས་ཐ་དད་པའི་དོན་ཡང་མེད་པའི་ཕྱིར་རང་རིག་པ་ཉིད་ཡིན་པས་འཛིན་པའི་རྣམ་པ་ལྟར་གཟུང་བའི་རྣམ་པ་ཡང་རང་རིག་པ་ཙམ་ཉིད་དོ། །གང་ཞིག་ནུས་པའི་མཚན་ཉིད་ཀྱིས་ཡོད་པ་ཉིད་ཡིན་པ་བསམ་པ་ཕྱི་རོལ་གྱི་དོན་ཞེས་བྱ་བ་ནི་མེད་དོ། །ཅི་

སྟེ་མྱོང་བ་ཉིད་ཕན་ཚུན་རྒྱུ་འབྲས་ཀྱི་དངོས་པོ་ཡིན་པའི་ཕྱིར་ནུས་པའི་མཚན་ཉིད་དོན་དམ་པར་ཡོད་པ་གྲུབ་པ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། རང་རིག་ཙམ་གྱིས་མངོན་སུམ་ལ། །རྗེས་སུ་དཔག་པ་ག་ལ་ཡོད། །ལྐོག་མིན་རྣམ་ཤེས་མངོན་སུམ་ལ། །གང་ཕྱིར་རྗེས་སུ་དཔག་འགྱུར་མིན། །ཤེས་

གཉིས་རྒྱུ་འབྲས་དངོས་པོར་ཡང་། །ཇི་ལྟར་འཛིན་པར་འགྱུར་བ་ཡིན། །རང་ཙམ་རིག་ཕྱིར་དེ་ཉིད་ཀྱི། །མྱོང་བ་གཉིས་སུ་རིག་མ་ཡིན། །གང་ཚེ་རྒྱུ་ནི་རྣམ་པར་ཤེས། །དེ་ཚེ་འབྲས་རིག་མེད་པའི་ཕྱིར། །འབྲས་བུ་རིག་པ་མེད་པར་ནི། །དེ་རྒྱུ་ཉིད་དུ་ཅི་ལྟར་འཛིན། །འབྲས་བུའི་དུས་སུའང་དེ་མེད་

པས། །འབྲས་བུ་ཉིད་དུ་ཅི་ལྟར་འཛིན། །གལ་ཏེ་རྒྱུ་ནི་རྗེས་དཔག་གིས། །ཡོངས་སུ་ཤེས་པར་འདོད་ན་ནི། །དེ་ཚེ་རྗེས་དཔག་གིས་མ་ཤེས། །ད་ལྟར་ཤེས་པར་ཅི་ལྟར་འགྱུར། །སྔར་ནི་མངོན་སུམ་གྱིས་ཤེས་ཤིང་། །ད་ལྟར་རྗེས་དཔག་ལས་ཡིན་ན། །ཤེས་དེ་ད་ལྟར་ཡོད་མིན་ན། །ཇི་ལྟར་

རྗེས་དཔག་ལས་རིག་འགྱུར། །སྔ་མ་ཉིད་དུ་རྗེས་དཔག་ན། །མངོན་སུམ་གྱིས་རིག་མེད་ཕྱིར་རོ། །དེ་ལ་རྗེས་སུ་དཔག་པ་ཡིས། །རིག་འགྱུར་སྔ་ཉིད་བླ་ལྷག་མེད། །སྔ་མ་ཉིད་ནི་ཡོད་མིན་ཏེ། །མངོན་སུམ་གྱིས་ནི་གནོད་ཕྱིར་རོ། །དེ་ཕྱིར་སྔ་དང་ཕྱི་མར་ནི། །ཇི་ལྟ་བུ་ཡང་མྱོང་བ་མེད། །

དྲན་པ་ཙམ་ཞིག་དེར་ཡོད་དེ། །རང་རིག་ཕྱིར་ན་དེ་ཚད་མེད། །རང་ཙམ་རབ་ཏུ་རིག་པ་ཡང་། །དེ་རང་རིག་ལས་མངོན་སུམ་ཡིན། །དེ་ཕྱིར་གཞན་གྱི་འབྲས་བུར་ནི། །དེས་དེ་རིག་པ་ཡོད་མ་ཡིན། །དེ་ཕྱིར་ཤེས་དང་ཤེས་བྱ་དག །ནུས་པ་ཉིད་དུ་འགྲུབ་པ་མེད། །གཞན་ཡང་། རྒྱུ་དང་འབྲས་བུའི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด