ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๐ · หน้า 322a

བུའི་ངོ་བོར་སྣང་བ་མཐོང་བ་ཉིད་ཀྱི་མིང་ཅན་སྐྱེས་བུ་རེ་རེ་ཞིང་ངེས་པ་རིག་པའི་ཤེས་པ་ཁོ་ན་ཡིན་པར་བསྟན་པ་ནི། གཟུགས་ནི་སྣང་བར་གྱུར་ན་ཡང་། །ཞེས་བྱ་བའོ། །ལུས་ཀྱི་ནང་དུ་ཆུད་ཉིད་ན། །ཞེས་བྱ་བ་ནི་ལུས་ལས་ཐ་མི་དད་ན་སྟེ། ལུས་འབའ་ཞིག་གཞན་གྱིས་

ཇི་ལྟར་རིག་པར་འགྱུར་ཞེས་བྱ་བར་སྦྱར་རོ། །ལུས་མ་རྟོགས་ཀྱང་ཤེས་པ་རྟོགས་པར་བསྟན་པ་ནི། མུན་གནག་གནས་པ་ཞེས་བྱ་བའོ། །ལུས་ཀྱི་ཁོངས་སུ་གཏོགས་པ་ཉིད། །ཅེས་བྱ་བའི་ངེས་པ་བསྟན་པ་ནི། རྣམ་པར་རྟོག་པ་མེད་པར་ནི། །ཞེས་བྱ་བའོ། །མུན་གནག་གནས་པ་ཞེས་བྱ་བ་འདིའི་

བཤད་པ་ནི། དེས་ན་ཞེས་བྱ་བ་ནི་ལུས་ཀྱིས་སོ། །དེ་མེད་པར་ནི་རྟོག་པ་མེད་པར་ཏེ་རིག་པར་ཞེས་བྱ་བར་སྦྱར་རོ། །ལྷན་ཅིག་དམིགས་པར་ངེས་པ་ཞེས་བྱ་བ་ནི་ཡོད་པ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་འབྲས་བུའམ་ལུས་ཀྱི་བདག་ཉིད་ཡིན་ན་ལུས་རྣམ་པར་འགྱུར་ན་རྣམ་རྟོག་ཏུ་གཅིག་པའི་རྣམ་པ་ཁོ་ནར་

འགྱུར་བ་ཡིན་པར་བསྟན་པ་ནི། ཇི་སྲིད་ལུས་ནི་འགྱུར་བར་ཞེས་བྱ་བ་སྟེ། དེའི་འགྱུར་བས་འགྱུར་བ་ཉིད་ཀྱིས་དེའི་འབྲས་བུ་ཉིད་ལ་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ལ་ནི་དེ་རྣམ་པར་འགྱུར་བ་མ་ཡིན་པས་རྣམ་པར་འགྱུར་བ་ཉིད་ཡིན་ན་ནི་མི་འགྱུར་རོ། །ལུས་འབའ་ཞིག་གི་འབྲས་བུ་ཉིད་ཡིན་ན་དེ་ལྟར་

འགྱུར་བ་ཞིག་ན། འོ་ན་ཅི་ཞེ་ན། ཡིད་ཀྱི་རྣམ་ཤེས་ནི་དོན་དང་ལྷན་ཅིག་བྱེད་པའི་ལུས་ཀྱི་འབྲས་བུ་ཡིན་ལ། ལུས་ལ་དབྱེ་བ་མེད་ཀྱང་དོན་གྱི་དབྱེ་བས་ཕྱེ་བ་ཡིན་ནོ། །དེའི་ཕྱིར་དེའི་ཚོགས་པའི་དབྱེ་བས་ཕྱེ་བ་ཡིན་ཏེ། དེའི་འབྲས་བུ་ཁོ་ན་དེ་ཡིན་ནོ་སྙམ་དུ་སེམས་པ་ལ། རྣམ་པར་རྟོག་པ་ནི་ཞེས་བྱ་བ་སྟེ།

རྣམ་པར་རྟོག་པ་ནི་དོན་ལ་མི་ལྟོས་པའི་ཕྱིར་ཏེ། ལུས་ཙམ་རྒྱུ་ཉིད་དུ་ཁས་ལེན་ན་ཁྱབ་པར་བྱེད་པ་འགལ་བར་གྲུབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱི་རྣམ་ཤེས་ཀྱི་རྒྱུ་ལུས་ཉིད་ཡིན་ན་ལུས་ཐ་མི་དད་ན་ཡིད་ལ་སྣང་བཞིན་པ་ཐ་མི་དད་པར་བསྟན་ནས། བག་ཆགས་སད་པའི་རྒྱུ་ཉིད་ཡིན་ན་ལུས་ལ་དབྱེ་

བ་མེད་ཀྱང་དེའི་དབྱེ་བས་ཕྱེ་བར་འཐད་པ་ཁོ་ནར་བསྟན་པ་ནི། གང་ཚེ་ལྟོས་པ་མེད་པ་ནི་ལུས་ཀྱི་བྱེ་བྲག་ལ་སྟེ། གང་གི་ཚེ་བག་ཆགས་སད་པ་ཁོ་ན་ཤེས་པ་གང་གིས་རྒྱུ་ཡིན་པའི་ཤེས་པ་དེ་འགའ་ཞིག་ཏུ་འགྱུར། གང་དང་དེ་རྟག་ཏུ་འབྲེལ་པའི་ཕྱིར་དེའི་ཚེ་དེས་ན་སྐྱེ་རྒྱུས་སོ། །འགའ་ཞིག་གི་སྐྱེས་

เล่ม ๑๘๐ · หน้า 322b

བུའིའོ། །རེས་འགའ་འགའ་ཞིག་ཏུ་འགྱུར་གྱི་གཅིག་གི་ངོ་བོ་ནི་མ་ཡིན་ཞེས་བྱ་བར་སྦྱར་རོ། །གང་གི་ཚེ་བག་ཆགས་སད་པའི་རྒྱུ་ཤེས་པ་འགའ་ཞིག་ནི་འབྱུང་བར་འགྱུར་བ་ཞིག་གི་ཡིན་ལ་དེའི་ཚེ་དེས་ཏེ། རྒྱུས་རེས་འགའ་ཞིག་འགའ་ཁོ་ནར་འགྱུར་ཞེས་བྱ་བ་ནི་གཞན་གྱི་འདོད་པའོ། །འགྲེལ་པ་

མཛད་པ་ནི་ལུས་ལ་ལྟོས་པ་མེད་པར་ཞེས་བྱ་བས་ཁྱད་པར་བཀག་ནས་ལྷག་མ་ཁས་བླངས་པས་བག་ཆགས་སད་པའི་རྒྱུ་ཅུང་ཟད་ལ་ལྟོས་ནས་དེས་ཏེ་རྒྱུས་སྐྱེས་བུ་གང་ལ་ལའི་ནམ་ཞིག་གི་དུས་སུ་ཤེས་པ་ཅུང་ཟད་དུ་འགྱུར་ཞེས་འཆད་བ་ནི། ལུས་རྒྱུ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་

ལུས་ཀྱི་ལྷན་ཅིག་བྱེད་པ་ཉིད་ཀྱིས་རྒྱུ་ཉིད་དུ་འགྱུར་དུ་ཟིན་ཀྱང་། གང་གིས་འགྱུར་བས་ངེས་པར་འགྱུར་བ་དེ་ཉེ་བར་ལེན་པའི་ཤེས་པ་བཙལ་བར་བྱ་བ་ཁོ་ན་ཡིན་པའི་ཕྱིར། ཤེས་པ་རྒྱུ་ཉིད་ཡིན་པ་ལ་གཏན་ཚིགས་གཞན་བསྟན་པ་ནི། རྣམ་ཤེས་མིན་པ་ཞེས་བྱ་བའོ། །གལ་ཏེ་ལུས་ཀྱི་ལྷན་ཅིག་བྱེད་

པ་ཡིན་ན། དེ་ཉིད་ཀྱི་ཤེས་པ་ནུས་པའི་ངོ་བོར་འགྱུར་ལ། ཆོས་ཅན་གཞན་དུ་རྟོགས་པ་མིན་ན་དེ་དང་ནུས་པའི་རྟོགས་པར་ཡང་འགྱུར་བའི་ཕྱིར། རྟོགས་པ་ལྕི་བར་འགྱུར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་དངོས་པོ་ཐམས་ཅད་ནི་ཞེས་བྱ་བའོ། འདོད་པ་འདི་ནི་གྲངས་ཅན་གྱི་ཡིན་གྱི། རྒྱང་པན་པའི་

མ་ཡིན་ཞེས་བསྟན་པ་ནི། དེ་སྐད་གྲངས་ཅན་ཞེས་བྱ་བའོ། །འདི་མི་རིགས་པར་བསྟན་པ་ནི། ངོ་བོ་གང་ཞིག་ནི་རྣམ་ཤེས་ཀྱི་སྣང་བ་ཡིན་ལ། དེ་ནུས་པའི་གནས་སྐབས་ཀྱི་ཤེས་པ་ལ་མེད་པའི་ཕྱིར་ཐ་དད་པ་ཡིན་ནོ། །དེའི་ཕྱིར་སྣང་བ་ཉེ་བར་ལེན་པ་ནི་སྣང་བ་རྟོགས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་

ཞེས་བྱ་བའི་དོན་ཏོ། །རྒྱུ་ནི་རྣམ་བརྒྱར་རྣམ་ཕྱེ་ཡང་། །ཐ་དད་པར་རོ་ཞེས་བྱ་བ་ནི་བཞད་གད་ཡིན་པས་མི་དམིགས་པ་བསྟན་པ་ཡིན་ནོ། །སྣང་བའི་རྣམ་ཤེས་ཉེ་བར་ལེན་པ་ཉིད་རྣམ་ཤེས་ཡིན་པར་བསྟན་པ་ནི། རྣམ་པར་ཤེས་པ་མཐུན་པ་དང་མི་མཐུན་པ་ཞེས་བྱ་བའོ། །རྩྭ་མཆོག་གི་རྩེ་མོ་

ན་གླང་པོ་ཆེ་བརྒྱ་བཞིན་དུ་འོ་མ་ལ་མ་མཐོང་བའི་ཞོ་ཁས་ལེན་པ་དང་འདྲ་བ་ཡིན་པར་བསྟན་པ་ནི། ཞོ་སོགས་རྣམས་ཀྱི་ཞེས་བྱ་བའོ། །རང་བཞིན་གཞན་གྱིས་ནི་ཡུལ་འཛིན་པའི་རང་བཞིན་ལས་གཞན་པའི་རང་བཞིན་ནི་རང་བཞིན་གཞན་ནོ། །དེས་དེ་ཉིད་ཡུལ་འཛིན་པའི་རང་བཞིན་ཡིན་ནོ། །

เล่ม ๑๘๐ · หน้า 323a

རྣམ་ཤེས་ལས་ཞེས་བྱ་བ་ནི་ཡུལ་འཛིན་པ་ལས་སོ། །འདུ་བྱེད་མངོན་ཕྱོགས་པ་ནི་མཁས་པ་ཉིད་ལ་སོགས་པའོ། །མ་ཡིན་ཞེས་བྱ་བ་ནི་ས་བོན་ལས་བྱུང་བ་ཡང་སླར་ཡང་རྩ་བ་ལས་འཕྲོས་པའི་རིམ་གྱིས་རྩ་བ་ལས་སྐྱེས་པ་གཞན་ལས་ཐ་དད་པ་མ་ཡིན་ནོ། །དེའི་ཕྱིར་དེ་མ་ཐག་

པའི་རྒྱུ་ནི་འབྲས་བུའི་དབྱེ་བས་བྱེད་པ་ཡིན་གྱི། བར་དུ་ཆོད་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་ལས་ཞེས་བྱ་བ་ནི་ཡུལ་འཛིན་པའི་བདག་ཉིད་ལས་སོ། །རེ་ཞིག་འབྱུང་བ་རྣམས་ཀྱི་སོ་སོ་ནི་འདོད་ཆགས་ལ་སོགས་པ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་མེད་ཀྱང་ཤིང་དང་རྡོ་བ་ལ་སོགས་པའི་འབྱུང་བ་

མཐོང་བའི་ཕྱིར། ལུས་ཀྱང་རྒྱུ་མ་ཡིན་ཏེ། དེ་ཡོད་ཀྱང་རེས་འགའ་མེད་པའི་ཕྱིར་དང་། འཚོ་བ་ཡང་བཏང་སྙོམས་ཀྱི་དུས་ན་དེ་མེད་ཀྱང་འབྱུང་བའི་ངོ་བོ་མཐོང་བའི་ཕྱིར་ལ། དེ་ཉིད་ཀྱིས་ན་འབྱུང་བ་ཙམ་གྱི་བསྐྱེད་བྱ་མ་ཡིན་ཏེ། སྔ་ན་མེད་པའི་སེམས་ཅན་འབྱུང་བ་སྔོན་དུ་འགྲོ་བ་ལས་བྱུང་བ་མ་ཡིན་ནོ། །དེ་ལྟན་

ཤིང་ལ་སོགས་པ་བཞིན་དུ་ལུས་ཡོངས་སུ་གྱུར་པ་ཡང་འཚོ་བ་ན་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཇི་ལྟ་བ་བཞིན་ཞེས་ངེས་པ་མེད་པར་འགྱུར། གང་གི་ཕྱིར་རང་བཞིན་གྱིས་ངེས་པ་ལ་ཁྱབ་པ་ཡིན་ལ། རང་བཞིན་མ་ཡིན་པ་ཉིད་ནི་དེ་དང་འགལ་བ་ཡིན་པས་ཁྱབ་པར་བྱེད་པ་འགལ་བ་ཡིན་པར་བསྟན་པ་ནི།

སྔ་ན་མེད་པ་འབྱུང་བ་ལ། །ཞེས་བྱ་བའོ། །གལ་ཏེ་འཇིག་རྟེན་ཕ་རོལ་ཏུ་འབྱུང་བ་ངེས་པ་ཅན་དུ་ཁས་མི་ལེན། འབྱུང་བར་རྟོགས་པ་ཡང་མེད་པའི་ཕྱིར་ཇི་ལྟར་ངེས་པ་ཡིན་ཞེས་རྣམ་པར་འགྲེལ་པ་ནི། གལ་ཏེ་འཇིག་རྟེན་ཕ་རོལ་ཞེས་བྱ་བའོ། །འཇིག་རྟེན་ཕ་རོལ་ཡོད་ན་སྐྱེ་བ་སྔ་མ་ལས་བྱུང་བའི་སྲེད་པ་ལ་

སོགས་པའི་ངེས་པ་ཅན་ཡིན་པའི་ཕྱིར། ངེས་པ་མེད་པ་མ་ཡིན་ནོ། །ཞེས་བྱ་བ་མ་ཡིན་པར་བསྟན་པ་ནི། གང་གི་ཚེ་ཞེས་བྱ་བའོ། །ཅི་ལས་ཤེ་ན། སྲེད་པ་ཉིད་ཡོད་པའི་སྲོག་ཆགས་སྐྱེ་བ་ཡིན་པ་དེའི་ཕྱིར། སྲིད་པ་ཉིད་རྒྱུ་ཡིན་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་ཞེས་བྱ་བ་སྟེ། འཇིག་རྟེན་ཕ་རོལ་གྱི་རྒྱུ་

ཡིན་པའི་ཕྱིར། སྐྱེ་བ་ཅན་འདོད་ཆགས་དང་བྲལ་བར་མི་འགྱུར་ཞེས་བྱ་བ་ནི་འདོད་ཆགས་ཅན་ཉིད་སྐྱེ་བ་ཡིན་ཞེས་བྱ་བ་ནི་ངེས་པའོ། །འབྱུང་བ་ཙམ་གྱི་བདག་ཉིད་ནི་འདོད་ཆགས་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ལུས་ཀྱི་རྣམ་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འབྱུང་བའི་བདག་ལས་མ་འདས་ཕྱིར། །ཞེས་བྱ་བ་སྟེ།

เล่ม ๑๘๐ · หน้า 323b

ཀུན་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པའོ། །རྒྱུ་དེ་ཉིད་ཀྱིས་ཞེས་བྱ་བ་ནི། ལུས་ཀྱི་རྣམ་པའི་འབྱུང་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་ལ་ཁྱད་པར་མེད་ན་འབྲས་བུ་ལ་ཁྱད་པར་མེད་དེ་དེས་ཁྱབ་པའི་ཕྱིར་སྲོག་ཆགས་ཉིད་ལྟ་བུའོ། །འོན་ཏེ་ལུས་ཀྱི་རྣམ་པ་ཅན་གྱི་འབྱུང་བ་རྣམས་ལས་འདོད་ཆགས་ལ་སོགས་པ་

ཕུལ་དུ་བྱུང་བས་རྗེས་སུ་དཔག་པའི་ཕུལ་དུ་བྱུང་བ་དང་། འདོད་ཆགས་ཉིད་མཚུངས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་འབྱུང་འཆད་ལས་མིན་ན། །ཞེས་བྱ་བའོ། །ལུས་ཀྱི་རྣམ་པ་ཅན་རྣམས་ཀྱི་སྲོག་ཆགས་ཉིད་ལ་འབྲས་བུའི་ཁྱད་པར་མེད་པ་ཡིན་ཏེ། དེ་ཙམ་པ་བསྐྱེད་བྱ་ཡིན་པའི་ཕྱིར་རོ། །

འདོད་ཆགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་པའི་ཕྱིར་དེ་ཙམ་གྱི་བསྐྱེད་བྱ་མ་ཡིན་པས་ཁྱད་པར་གྱི་རིམ་པ་སྐྱེ་བར་བྱེད་པར་རྟོགས་པར་བྱེད་པ་ཡིན་ལ། དེ་ཡང་དེ་ལྟར་རྟོགས་པ་ནི་དེ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པའི་འབྱུང་བ་རྣམས་ཏེ། དེ་འགྱུར་བ་ལས་ནི་འདོད་ཆགས་ལ་སོགས་པ་ཉིད་ལས་སོ། །མེད་པར་བྱེད་པ་

ལས་ནི་འདོར་བར་བྱེད་པའོ། །ཅི་ལས་ཡིན་ཞེ་ན། ཕུལ་བྱུང་འགྲིབ་པར་ལྡན་ཏེ་ཕུལ་དུ་བྱུང་བ་དང་ལྡན་པ་འགྲིབ་པ་དང་ལྡན་པ་ཡང་གང་ཚེ་འགྲིབ་པ་དང་ལྡན་པ་ཉིད་ཀྱིས་སྐྱེད་བྱེད་མ་ཡིན་པ་དེའི་ཚེ་འདོད་ཆགས་དང་བྲལ་བ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །སྔ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་

བཅད་པ་ཕྱེད་དང་གསུམ་གྱི་བསྡུས་པའི་དོན་ནི། །ཆགས་སོགས་ངེས་མེད་ཅེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །ཇི་སྲིད་སྲོག་ཆགས་མ་ཡིན་པ། །ཞེས་བྱ་བ་ནི་ཤིང་ལ་སོགས་པའི་བྱེ་བྲག་ཁྱད་པར་གྱི་རིམ་པ་ཐ་དད་པ་དང་ལྡན་པའོ། །ཐ་དད་པ་ནི་ཁྱད་པར་གྱི་རིམ་པའོ། །ཐ་དད་པ་ལ་ཡང་ནི་

འགྲིབ་པ་དང་ཕུལ་དུ་བྱུང་བ་དང་ལྡན་པ་ལ་ཡང་ངོ་། །འདོད་ཆགས་ལ་སོགས་པའི་རྒྱུའི་མཚུངས་པའི་བདག་ཉིད་ནི་སྤྱིའི་རྒྱུ་ཉིད་ཡིན་ལ། དེ་མི་ལྡོག་པ་ནི་རྟག་པའི་ཕྱིར་རོ། །དེའི་ཕྱིར་འདོད་ཆགས་ལ་སོགས་པ་ཟད་པ་མ་ཡིན་ནོ་སྙམ་དུ་སེམས་པའི་དོན་ཏོ། །འདོད་ཆགས་ལ་སོགས་པའི་རྒྱུའི་ཁྱད་

པར་མེད་ན་སྤྱི་ཇི་ལྟར་ཡིན། རྒྱུད་གཞན་ལ་ཡོད་པ་ནི་རྒྱུད་གཞན་ལ་འདོད་ཆགས་ཀྱི་རྒྱུ་ཡང་མ་ཡིན་ནོ། །བརྗོད་པ་འདོད་ཆགས་ནི་ལུས་ཀྱི་རྣམ་པ་ཁོ་ནའི་འབྱུང་བ་ལས་བྱུང་བ་ཡིན་ལ། དེ་ཉིད་རྒྱུའི་སྤྱི་ཡིན་པར་བརྗོད་དོ། །དེ་ལ་ཡོད་ན་འདོད་ཆགས་འབྱུང་བའི་ཕྱིར་རོ། །འབྱུང་བའི་བདག་ལས་མ་འདས་

เล่ม ๑๘๐ · หน้า 324a

ཕྱིར། །ཞེས་དོགས་པར་གྱུར་པ་མ་ཡིན་ནམ། བདེན་མོད་ཀྱི་བྱུང་བ་ཙམ་ལས་འདོད་ཆགས་ཡིན་ལ། དེ་ཕུལ་དུ་བྱུང་བ་ལས་འདོད་ཆགས་ཕུལ་དུ་བྱུང་བ་ཡིན་གྱི། དེ་མེད་པ་ལས་ནི་འབྱུང་བ་མ་ཡིན་ལ། འདོད་ཆགས་ཙམ་ནི་འབྱུང་བ་ཙམ་ལས་བྱུང་བ་ཡིན་ཞེས་བྱ་བ་ནི་ཁྱད་པར་ཡིན་

ནོ། །འདྲ་བའི་རྒྱུ་ཅན་གྱི་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པའི་འབྱུང་བ་ཙམ་ལས་སོ། །མཚུངས་པ་ཉིད་ཅེས་བྱ་བ་ནི་འབྱུང་བ་ཙམ་དུའོ། །འབྱུང་བ་ལ་ཁྱད་པར་མེད་ཀྱང་ཁྱད་པར་དང་ལྡན་པ་གཞན་གྱི་འབྲས་བུ་ཡིན་གྱི་འབྱུང་བའི་འབྲས་བུ་མ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་ཞེས་བྱ་བའོ། །གང་ལ་ཞེས་བྱ་བ་ནི་

བྱུང་བའི་ཁྱད་པར་ལའོ། །མཚུངས་པ་ལས་ཞེས་བྱ་བ་ནི་འབྱུང་བ་ཙམ་གྱི་བསྐྱེད་བྱ་ཉིད་ལས་སོ། །འདི་ཉིད་ཀྱིས་དཔེ་བསྟན་པ་ནི། བ་ལང་གི་ཤེས་པ་ཞེས་བྱ་བའོ། །བ་ལང་གི་ཤེས་པ་ནི་མཚུངས་པའི་བདག་ཉིད་ཀྱི་བ་ལང་ཉིད་ལས་སམ། བ་ལང་མ་ཡིན་པ་ལ་སོགས་པ་ལས་འབྱུང་བ་ལ་ཁྱད་པར་མེད་

པར་བསྟན་པ་ནི། འདིར་ཡང་ཞེས་བྱ་བའོ། །གནས་སྐབས་ཀྱི་འབྱུང་བ་ཙམ་གྱི་བསྐྱེད་བྱའི་སྲོག་ཆགས་ཉིད་ལ་སོགས་པ་ཞེས་བྱ་བའི་ཡུལ་འདི་ལ་འབྱུང་བ་ཙམ་གྱིས་བསྐྱེད་བྱ་སྲོག་ཆགས་ཉིད་ལ་ཁྱད་པར་མེད་པའི་ཕྱིར་དཔེ་གཞན་ཡིན་ནོ། །འཇིག་རྟེན་རྒྱང་པན་པའི་ལྟ་བ་ལ་ལྟོས་ནས་གནས་སྐབས་

ཀྱི་དཔེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆད་པར་ཡང་ཞེས་བྱ་བ་ནི་ཕྱོགས་གཞན་མེད་པར་དགོངས་པའོ། །ཁྱད་པར་གྱི་རིམ་པ་དང་ལྡན་པའི་ཆོས་ནི་ཆོས་ཅན་ཡོད་ན་ཤིན་ཏུ་ལྡོག་པ་མ་ཡིན་ནོ། །མེ་ཡོད་པ་ཁོ་ན་ཡིན་ན་དྲོ་བ་ཉིད་ལྡོག་པ་མ་ཡིན་པའི་ཕྱིར་ཁྱད་པར་གྱི་རིམ་པ་དང་ལྡན་པ་ནི་ཤིན་ཏུ་མེད་པས་ཁྱབ་པ་མ་

ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། དྲོ་རིམ་ཁྱད་པར་ཞེས་བྱ་བའོ། །ཆོས་ཅན་གནས་ན་ཁྱད་པར་གྱི་རིམ་པ་དང་ལྡན་པ་གང་ཡིན་པར་དེ་ལྡོག་པ་ཡིན་ཏེ། དེ་དེ་ལ་རེས་འགའ་སྔ་ན་མེད་པ་ཡང་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་གྱི། དེ་བཞིན་དུ་དྲོ་བ་ཉིད་ནི་མེ་ཡོད་ན་ལྡོག་པ་མ་ཡིན་ནོ། །

མ་ཡིན་ཏེ། དེ་མེད་ན་མེ་ཉིད་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མེ་ལས་དྲོ་བའི་ཐ་དད་པ་བཀག་པས་ཐ་མི་དད་པའི་ཐ་སྙད་ཀྱི་ཡུལ་ཉིད་དུ་བརྗོད་པ་ཡིན་ཏེ། ངེས་པ་དམིགས་པ་དང་མ་དམིགས་པ་དག་ཁོ་ན་ཐ་མི་དད་པར་རྟོགས་པའི་ཡུལ་ཉིད་རྟོགས་པར་བསྟན་པ་ནི་མིན། དྲོ་ལས་མེ་ཞེས་བྱ་བ་སྟེ། ཐམས་

เล่ม ๑๘๐ · หน้า 324b

ཅད་སྔ་ན་ཡང་ཡོད་པ་མ་ཡིན་པ་མ་ཡིན་ནམ་ཞེས་བྱ་བར་སྦྱར་རོ། །ལུས་ལ་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་ལུས་ཡོད་ཀྱང་མེད་པའི་ཕྱིར་རོ། །དེ་བཞིན་དུ་མེ་ཡོད་ཀྱང་དྲོ་བ་མེད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། འདིར་མེ་ནི་ཞེས་བྱ་བའོ། །འདི་ཉིད་མེ་མ་ཡིན་ཞེས་བྱ་བ་ཉིད་ཀྱི་སྒྲ་ནི་རིམ་པ་གཞན་དུ་སྦྱར་བ་

ཡིན་ཏེ། ལུས་ཀྱི་རྣམ་པའི་འབྱུང་བ་ཉིད་ཡལ་བར་འདུག་པའི་གནས་སྐབས་ན་འདོད་ཆགས་ལ་སོགས་པ་མེད་པ་ནི་མི་འབྱུང་བ་མ་ཡིན་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་ཐལ་བའི་གནས་སྐབས་སུ་དྲོ་བ་མེད་པ་ན་མེ་ཡོད་པ་མ་ཡིན་པར་བསྟན་པ་ནི། གལ་ཏེ་འབྱུང་བ་འདུས་པ་ཞེས་བྱ་བ་སྟེ། རྒྱུན་

ཆད་པ་ཉིད་སྔ་ན་མེད་པར་མ་འཁྲུལ་པ་ཡིན་པར་ཐལ་བར་འགྱུར་གྲང་ན། འགྱུར་བ་མ་ཡིན་ཞེས་བྱ་བར་བཟློག་པར་གོ་བར་བྱ་བའོ། །དྲོ་བ་ཉིད་ལ་མི་འཁྲུལ་བ་ཅན་གྱི་ཆོས་ཅན་ནི་མེ་ཡིན་གྱི་དེ་བཞིན་དུ་འབར་བ་ཙམ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། སྔགས་རྒྱུད་ལ་སོགས་ཞེས་བྱ་བ་སྟེ། དྲོ་བ་ལ་མི་

འཁྲུལ་པ་ཅན་གྱི་འབར་བ་ནི་དེ་མེད་པ་ཁོ་ན་ཡིན་པའི་ཕྱིར་འབར་བ་ཡོད་ཀྱང་ཁྱད་པར་གྱི་རིམ་པ་དང་ལྡན་པའི་དྲོ་བ་ཉིད་མེད་པ་མ་ཡིན་ན་གང་གིས་སྔ་ན་ཡང་མེད་པར་རྟོགས་པར་འགྱུར་ཞེས་བསྟན་པ་ནི། འབར་བ་ལས་ཞེས་བྱ་བ་སྟེ། ཕྱིས་འབྲལ་བར་འགྱུར་བ་ནི། སྔ་ན་ཡང་ཡིན་ཞེས་བྱ་བའི་དོན་ཏོ། །

སྔགས་ལ་སོགས་པའི་ནུས་པས་དྲོ་བ་ཉིད་མེད་ཀྱང་འབར་བ་ཡོད་པ་ཡིན་ན། འོན་ཏེ་འབར་བ་དེ་གང་ཡིན་ཞེ་ན། དབྱིབས་དང་ཁ་དོག་ཡིན་པར་བསྟན་པ་ནི། མདོག་དང་དབྱིབས་ཀྱི་འབར་བའོ། །ཞེས་བྱ་བའོ། ཁ་དོག་དང་དབྱིབས་སུ་འགྱུར་བ་དེ་ཇི་ལྟར་ཡིན་ཞེ་ན། དྲོ་བ་ཉིད་ཡོད་པ་མ་ཡིན་ཞེས་བྱ་བར་སྦྱར་

རོ། །དཔེ་མ་ཡིན་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་ངེས་པ་ཉིད་མཐོང་བར་བྱེད་པ་མ་ཡིན་ཏེ། བྱུང་བ་བྱུང་ནས་འཇིག་པ་ཡིན་ལ། སྔ་ན་ཡང་རེས་འགའ་མ་བྱུང་བར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔགས་དང་རྒྱུད་སོགས་ཞེས་བྱ་བའི་འགྲེལ་པ་ནི་འབར་བ་ནི་དྲོ་བ་མེད་པར་མི་འབྱུང་ལ་

ཞེས་བྱ་བར་སྦྱར་རོ། །འོ་ན་ཅི་ཞེ་ན། འགྱུར་བ་ཡིན་ནོ། །དྲོ་བ་ལ་ཞེས་བྱ་བའི་འགྲེལ་པ་ནི་གཏན་མི་བྲལ་བའི་ཞེས་བྱ་བའོ། །དེའི་ཕྱིར་ཁྱད་པར་དང་བཅས་པ་ཞེས་བྱ་བ་ནི་བྱུང་བ་བྱུང་ནས་ཞིག་པ་ནི་ཁྱད་པར་གྱི་རིམ་པ་དང་ལྡན་པ་ཡིན་ལ་སྔ་ན་ཡང་ཁ་ཅིག་ཏུ་གཏན་མེད་པར་ཡིན་པ་ནི་བསྒྲུབ་བྱ་ཡིན་ཞེས་བྱ་བའི་

เล่ม ๑๘๐ · หน้า 325a

དོན་ཏོ། །ཁྱད་པར་རིམ་པ་དང་ལྡན་པ་ཡོན་ཏན་དང་ལྡན་པ་ཞེས་བྱ་བར་སྦྱར་རོ། །གཞན་ཞེས་བྱ་བ་ནི་དེ་རྣམས་མེད་ཀྱང་འབྱུང་བ་དེ་མེད་ཀྱང་འབྱུང་བའོ། །དེ་ཁྱད་པར་ནི་དེའི་ཁྱད་པར་རོ། །གང་ཞིག་ཅེས་བྱ་བ་ནི་སྤྱིའི་ཆོས་ཅན་དུ་བསྟན་པའོ། །ཁྱད་པར་ནི་དབྱེ་བ་ཡིན་ལ། དེ་ལྟ་བུའི་

ཡོན་ཏན་དེ་རྣམས་ལ་ལར་ཆད་པ་ནི་སྔ་ན་མེད་པ་སྟེ། དཀར་པོ་ལ་སོགས་པའི་ཡོན་ཏན་བཞིན་དུ་ནག་པོ་ལ་སོགས་པའི་ཡོན་ཏན་ཡིན་ན། དཀར་པོ་དང་ཤིན་ཏུ་དཀར་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་མ་ཡིན་པ་ཁོ་ན་སྟེ། མངོན་པར་གྱུར་པ་དང་མི་མངོན་པར་གྱུར་པའི་ཆོས་ཅན་རྣམས་ལ་རྗེས་སུ་འཇུག་པ་

གང་ཡིན་པ་དེ་ཆོས་ཅན་ཡིན་ཞེས་བྱ་བའི་རིགས་པས་ཆོས་ཅན་ཡོད་པ་ན་ཁྱད་པར་གྱི་རིམ་པ་དང་ལྡན་པའི་ཡོན་ཏན་རང་ཉིད་ཁོ་ན་ལྡོག་པ་ཡིན་ན། ཁ་ཅིག་ཏུ་སྔ་ན་ཡང་རང་ཉིད་ཁོ་ན་མེད་པ་ཡིན་ཏེ། དེ་ལ་དབང་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དྲོ་བ་ཉིད་ཁོ་ན་མེ་ཡིན་པ་དེ་བཞིན་དུ་དཀར་པོ་ལ་སོགས་པ་

ཁོ་ན་ས་ལ་སོགས་པ་ལྟ་བུ་ཡིན་ན། དེ་ལོག་ན་ལྡོག་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ནི། དེ་ལ་དཀར་པོ་ལ་སོགས་པ་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ལུས་ཀྱི་རྣམ་པའི་འབྱུང་བ་ནི་འདོད་ཆགས་དང་བློ་དང་དབྱིབས་ལ་སོགས་པ་མ་གཏོགས་པར་འདོད་ཆགས་ལ་སོགས་པའི་ཡོན་ཏན་མ་ཡིན་ཏེ། འདོད་ཆགས་

ལ་སོགས་པ་སྐྱེ་བ་དང་འཇིག་པ་ཡིན་ཡང་ལུས་སོ་ལུས་སོ་ཞེས་བྱ་བའི་ཤེས་པ་རབ་ཏུ་འཇུག་པས་རྗེས་སུ་འཇུག་པ་ནི་ཆོས་ཅན་ཡིན་གྱི་དྲོ་བ་མེད་པ་ལ་ནི་དེ་ལྟ་བུའི་ཤེས་པའི་ཡུལ་རྗེས་སུ་འཇུག་པ་ནི་མ་ཡིན་ནོ། །གཞན་ལ་དཀར་པོ་ཉིད་ལ་སོགས་པ་ལྡོག་པ་ཡིན་ཡང་དངོས་པོ་གཞན་འབྱུང་བས་རེག་བྱ་ལ་སོགས་

པའི་ངོ་བོ་རྗེས་སུ་འཇུག་པར་བསྟན་པ་ནི། སྣམ་བུ་ལ་སོགས་པ་ཞེས་བྱ་བ་སྟེ། དེ་མེད་ཀྱང་ཞེས་བྱ་བ་ནི་ནག་པོའི་ངོ་བོར་གྱུར་ན་དཀར་པོ་ཉིད་མེད་པའོ། །དེས་ན་ཞེས་བྱ་བ་ནི་དེ་དག་ལ་བསྟོད་པ་བརྗོད་པ་ཡིན་ནོ། །འབྱུང་བ་འགྱུར་བ་མ་ཡིན་ཡང་། །འགྱུར་བ་ཅན་ནི་དེ་ལ་དབང་མེད་པ་ཡིན་ལ། དེ་ཡོད་ཀྱང་ཁ་

ཅིག་ཏུ་འབྱུང་བ་མ་ཡིན་ཞེས་དགོངས་པའོ། །མེ་ཐ་དད་པ་ཡིན་ན་ཡང་དྲོ་བ་ནི་ཁྱད་པར་གྱི་རིམ་པ་དང་ལྡན་པ་ཡིན་ཏེ། དེ་ཡོད་ན་གཏན་ལྡོག་པ་མ་ཡིན་ནོ། །དེ་ལས་དབྱེ་བ་མེད་པས་ལྷན་ཅིག་སྐྱེ་བ་དང་འཇིག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ལུས་ལས་ཐ་མི་དད་པ་མ་ཡིན་ཏེ།

เล่ม ๑๘๐ · หน้า 325b

དེ་ཡོད་ཀྱང་མེད་པའི་ཕྱིར་རོ། །དེའི་ཕྱིར་ལུས་འགའ་ནི་འདོད་ཆགས་དང་བྲལ་བར་ཡང་འགྱུར་ཏེ། དབྱེ་བ་དང་ལྡན་པ་ཉིད་ཡིན་ན། ཁྱད་པར་གྱི་རིམ་པ་དང་ལྡན་པའི་ཕྱིར་གོས་ལ་ཚོན་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་སོགས་བཞིན་དུ་ངེས་མིན་ཏེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ནི།

ཡང་ན། མེ་ཉིད་རྗེས་སུ་འཇུག་པ་ནི། །ཞེས་བྱ་བའོ། །ཡང་ན་དཀར་པོ་ལ་སོགས་པ་གང་ཡང་རུང་བ་ཆད་ཀྱང་གདོན་མི་ཟ་བར་གཞན་ཞིག་ཏུ་འགྱུར་བ་ཡིན་ནོ། །དེ་བཞིན་འདོད་ཆགས་ལ་སོགས་པ་ཡང་འགྱུར་རོ་སྙམ་དུ་སེམས་པ་ལ། གཟུགས་སོགས་བཞིན་དུ་ངེས་མིན་ཏེ། །ཞེས་བྱ་བ་སྨོས་ཏེ། ངེས་པ་

ནི་གང་ཡང་རུང་བ་མེད་ཀྱང་གང་ཡང་རུང་བར་འབྱུང་བའི་ངོ་བོའོ། །ཅི་ལས་ཡིན་ཞེ་ན། དེ་དག་ནི་གཟུགས་ལ་སོགས་པ་རྣམས་སོ། །འབྱུང་བ་ལས་ནི་ལུས་ཀྱི་རྣམ་པའི་ལས་སོ། །དབྱེར་མེད་ཕྱིར་ནི་ཕན་ཚུན་མེད་ན་མི་འབྱུང་བའི་ཕྱིར་རོ། །གཟུགས་ལ་སོགས་པ་མེད་ན་འབྱུང་བ་རྣམས་མ་ཡིན་ལ། དེ་

རྣམས་ཀྱང་དེ་རྣམས་མེད་ན་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་མེད་ན་མི་འབྱུང་བའི་ལུས་ཀྱང་ངོ་སྙམ་དུ་སེམས་པ་ནི། དེ་མཚུངས་ཤེ་ན་ཞེས་བྱ་བའོ། །མིན་ཞེས་བྱ་བ་ནི་འདི་དགག་པའོ། །ཅི་ལས་ཡིན་ཞེ་ན། གང་ལ་འདོད་ཆགས་ལ་སོགས་པའི་ལྷན་ཅིག་པའི་ཡུལ་ཙམ་འབྱུང་བ་རྣམས་ཀྱི་

བསྐྱེད་པ་གང་ཡིན་པ་དེ་ཐལ་བར་འགྱུར་རོ། །འདི་ཡང་། རྒྱུ་ནི་ཉེ་ཕྱིར་བློ་རྣམས་ཀུན། །ཐམས་ཅད་ཚེ་ན་སྐྱེ་བར་འགྱུར། །ཞེས་བྱ་བ་རྟོགས་པའི་དོན་ལ་དགོངས་ནས་ལྷན་ཅིག་རྣམས་ལུས་དང་ངོ་། །སྐྱེ་བ་ནི་གནས་སྐབས་ཀྱི་ཡོད་པ་སྟེ། དེ་ཐལ་བར་འགྱུར་བ་དེ་ལུས་དང་ལྷན་ཅིག་ཡོད་པར་ངེས་

པས་འདོད་ཆགས་ལ་སོགས་པ་རྣམས་སུ་འགྱུར་བ་ཞེས་བྱ་བའི་དོན་དུ་བཤད་པ་ནི། འདོད་ཆགས་ལ་སོགས་པ་རྣམས་ཞེས་བྱ་བའོ། །ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་ནི་བདག་མེད་པ་ལ་སོགས་པ་བསྒོམ་པས་ཡལ་བར་འདུག་པ་ཡོད་པ་ནའོ། །ད་ནི་དོན་ཐ་མི་དད་པར་མི་འབྱེད་པའི་དོན་དུ་བཤད་པ་ནི། འབྱུང་

བ་ཆེན་པོ་ཙམ་ཞེས་བྱ་བའོ། །ཡུལ་དང་དབང་པོ་ལ་སོགས་པ་ཉེ་བ་ཡིན་པས་ལུས་ལྷན་ཅིག་བྱེད་པ་མ་ཡིན་ནམ། རྣམ་ཤེས་བཞིན་དུ་འདོད་ཆགས་ལ་སོགས་པ་རྒྱུ་ནི་ཡལ་བར་འདུག་པའི་གནས་སྐབས་ན་ལྷན་ཅིག་བྱེད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། ཡུལ་གྱི་རྒྱུ་ཅན་ཡིན་པའི་ཕྱིར། །ཞེས་བྱ་བའོ། །

เล่ม ๑๘๐ · หน้า 326a

བུད་མེད་དང་སྐྱེས་པ་ཞེས་བྱ་བ་འདིས་རྣམ་རྟོག་གི་རྣམ་ཤེས་ཀྱི་ཡུལ་རྣམས་ལ་འདོད་ཆགས་ལ་སོགས་པ་ཡིན་གྱི། མཐོང་བ་ཙམ་རྣམས་ལ་ནི་མ་ཡིན་ལ། རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བ་རྣམས་ཡུལ་ལ་བརྟེན་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། རྣམ་པར་

རྟོག་པ་ཡུལ་ཡིན་ཕྱིར། །ཞེས་བྱ་བའོ། །དེ་ལྟ་ཡིན་ན་བག་ཆགས་དེའི་སྐྱེ་གནས་བདག་དང་བདག་གི་ཡིན་ལ། ནུས་པ་དང་ལྷན་ཅིག་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། སྐལ་མཉམ་ཞེས་བྱ་བ་སྨོས་ཏེ། སྐལ་མཉམ་ནི་འདྲ་བའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ས་བོན་རྒྱུ་ཡིན་ཏེ། འཇིག་

རྟེན་ཕ་རོལ་ལ་སྐུར་པ་འདེབས་པའི་ཕྱོགས་ལ་མེད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ལུས་ཙམ་ལས་བྱུང་བ་ཡིན་ན་ངེས་པའམ་རེ་རེར་ཡང་འགྱུར་བར་བསྟན་པ་ནི། ངེས་པ་ཞེས་བྱ་བའོ། །ཅིག་ཅར་ཡང་འབྱུང་བ་ཡིན་པར་བསྟན་པ་ནི། ཐམས་ཅད་ཚེ་ན་ཞེས་བྱ་བ་སྟེ། འདོད་ཆགས་ཀྱི་དུས་

སུ་ཞེ་སྡང་དང་དེའི་དུས་སུ་འདོད་ཆགས་སུ་འགྱུར་རོ། །རྣམ་པར་རྟོག་པ་མེད་པར་བསྟན་པ་ནི། འདོད་ཆགས་ལ་སོགས་པ་ཡི་རྒྱུན། །ཞེས་བྱ་བའོ། །གལ་ཏེ་ཡོངས་སུ་གྱུར་པའི་ཁྱད་པར་ལུས་ཙམ་ལས་འབྱུང་བ་ཡིན་ན། ལུས་བཞིན་དུ་དུས་ཐམས་ཅད་དུ་གནས་པའི་ཕྱིར་ཅིག་ཅར་བ་ཁོ་ན་

ཡིན་པར་བསྟན་པ་ནི། གལ་ཏེ་དེ་ལྟ་ན་ཞེས་བྱ་བའོ། །འབྲས་བུའི་རིམ་པ་མཐོང་བ་ལས་རྒྱུའམ་རྒྱུ་ཡིས་རྒྱུ་ཡང་རུང་། གང་ཡིན་པར་ཡང་རྟོགས་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གང་ཡང་རུང་བ་ལ་ཞེ་ན་ཞེས་བྱ་བའོ། །མ་ཡིན་ཞེས་བྱ་བར་མཚམས་བཅད་པས་འདི་ཉིད་བཀག་པ་ཡིན་ནོ། །

གང་ཞིག་གང་ལ་ལར་ཐམས་ཅད་དུ་ཡོད་པ་དེའི་རྒྱུ་ཅན་དུ་དུས་ཐམས་ཅད་དུ་འགྱུར་བ་བསྟན་པ་ནི། ཐམས་ཅད་ཚེ་ན་འང་འགྱུར་ཞེས་བྱ་བའོ། །རྒྱུ་ཐམས་ཅད་པ་ནི་དུས་ཐམས་ཅད་པར་འགྱུར་རོ། །གལ་ཏེ་མ་མཐོང་བ་མེད་པའི་ཕྱིར་ཞེས་ཟེར་ན། རྒྱུ་མེད་པ་ཅན་ཐམས་ཅད་དུས་ཐམས་ཅད་པར་མི་འགྱུར་

ཏེ། མ་མཐོང་བའི་ཕྱིར་རོ་ཞེས་བྱ་བའང་འགྱུར་བར་བསྟན་པ་ནི། འགའ་ཡང་རྒྱུ་དང་ཞེས་བྱ་བའོ། །གལ་ཏེ་ཡང་ཚུལ་མ་ཡིན་པ་ཡིད་ལ་བྱེད་པ་ས་བོན་དུ་མཐོང་བ་བོར་ནས་འདོད་ཆགས་ལ་སོགས་པར་ངེས་པའི་རྒྱུ་ཡོངས་སུ་གྱུར་པའི་ཁྱད་པར་ཡིན་པ་ཁས་ལེན་པ་ཡིན་པ་དེ་ལྟ་ན་དུ་བ་ཡང་མེའི་བསྐྱེད་བྱར་

เล่ม ๑๘๐ · หน้า 326b

མི་འགྱུར་བ་ཞིག་ན། ཐམས་ཅད་ལས་འགྱུར་བ་མ་ཡིན་ཏེ། ཡོངས་སུ་གྱུར་པའི་ཁྱད་པར་མེད་པར་བསྟན་པ་ནི། མེ་མེད་པར་ཡང་ཞེས་བྱ་བ་སྟེ། ཡུལ་ལ་སོགས་པ་ལས་ཀྱང་ངོ་། །རྒྱུ་མེད་པ་ཅན་ལས་ཀྱང་དུ་བ་མཐོང་བའི་སྟོབས་ཀྱིས་ཡུལ་ལ་སོགས་པ་ངེས་པར་འགྱུར་བ་ཁོ་ནར་བསྟན་པ་ནི།

དངོས་པོ་རྒྱུ་མེད་པ་ལ་ཡང་ཞེས་བྱ་བའོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་རྒྱུ་ཐམས་ཅད་པའམ། རྒྱུ་མེད་པ་ཡང་རུང་། ལུས་ཀྱི་རྒྱུ་ཅན་མ་ཡིན་པ་ཡང་ངེས་པ་ནི་ཡོངས་སུ་གྱུར་པའི་ཁྱད་པར་ལས་སམ་མཐོང་བ་ལས་འགྱུར་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་རྒྱུ་ཅན་ནི་མཐོང་བའི་རྒྱུ་ཐམས་ཅད་ཉིད་

དམ་རྒྱུ་མེད་པ་ཉིད་དམ་རུང་བ་མ་མཐོང་བ་མ་ཡིན་ནམ། ངེས་པ་ཅན་ནི་ཡོངས་སུ་གྱུར་པའི་ཁྱད་པར་ཙམ་མ་མཐོང་བ་ཡིན་ཡང་དེ་ནི་གཅིག་ཏུ་མ་མཐོང་བ་མ་ཡིན་ཏེ། མ་མཐོང་བའི་ལུས་ལས་མ་ལོག་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། མཐོང་བའི་བརྟག་བྱ་རྣམ་པ་གཉིས་ཏེ། རྒྱུ་ཉིད་དུའང་ཁྱད་

པར་མེད་པར་འགྱུར་གྲང་ན། གལ་ཏེ་ཁྱད་པར་མེད་པ་མཐོང་བ་ཡིན་ན། ལུས་ཀྱི་རྒྱུ་ཅན་ཉིད་ཀྱང་མི་འགྲུབ་སྟེ། རང་རིག་པས་རྒྱུ་དང་རྒྱུ་ཅན་དང་། བདག་དང་གཞན་དང་། རིམ་པ་གཅིག་དང་ཅིག་ཤོས་མ་གཏོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། མཐོང་བ་ཙམ་ལ་རྟེན་བྱེད་ན། །ཞེས་བྱ་བའོ། །

འོན་ཏེ་རྒྱུ་ཉིད་དུ་མཐོང་ན་རྗེས་སུ་འགྲོ་བ་དང་། ལྡོག་པའི་ཁྱད་པར་གྱིས་རང་རིག་པས་རྒྱུ་དང་དེ་དང་ལྡན་པ་ལ་སོགས་པའི་རྣམ་པར་རྟོག་པ་ཐ་སྙད་ཀྱི་མིང་ཅན་ཡིན་ལ། དེས་རྒྱུ་ཉིད་ལ་སོགས་པ་གྲུབ་པ་ཡིན་པ་དེ་ལྟ་ན། བདག་དང་བདག་གིར་འཛིན་པའི་ཆགས་པའི་རྒྱུ་ཅན་འདོད་ཆགས་ལ་

སོགས་པ་རྣམས་ཡིན་གྱི་ལུས་ཀྱི་རྒྱུ་ཅན་ནི་མ་ཡིན་ཏེ། དེ་ལྟར་མ་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་སྙད་འཇིག་པར་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་འདོར་བར་ནུས་པའོ། །སྐྱེ་བའི་དང་པོ་ལ་འདོད་ཆགས་ལ་སོགས་པའི་རྒྱུ་ལུས་ནི། རང་རིག་པ་ལས་བྱུང་བའི་རྟོག་པར་རྟོགས་པ་མ་

ཡིན་ནམ། འདས་པའི་བདག་དང་བདག་གིར་འཛིན་པའི་ཆགས་པ་རྒྱུ་ཉིད་མ་ཡིན་སྙམ་དུ་སེམས་པ་ནི་དཔེར་ན་ཁ་ཅིག་ཏུ་མེའི་རྒྱུ་རྐྱེན་ཉིད་དུ་དུ་བ་མཐོང་བ་ཡིན་ལ། མ་མཐོང་ཡང་དེའི་རྒྱུ་ཉིད་དུ་རིག་པ་ཡིན་ལ་དེ་བཞིན་དུ་འདི་ལ་ཡང་བལྟ་བར་བྱ་བ་ཡིན་ཏེ། དེ་ལྟར་ངེས་པར་གནས་པའི་ཕྱིར་

เล่ม ๑๘๐ · หน้า 327a

ཞེས་བསྟན་པ་ནི། །ཇི་ལྟར་རྗེས་སུ་དཔག་པ་ཡིས། །ཐ་སྙད་ཅེས་བྱ་བའོ། །མེད་ན་མི་འབྱུང་བར་ཁྱབ་པ་ཅན་ནི་མངོན་སུམ་པ་མ་ཡིན་པའི་ཕྱིར་མ་མཐོང་བ་བཞིན་དུ་མཐོང་བ་ལ་ཡང་རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་པ་མ་ཡིན་ནམ། དེའི་ཚད་མ་ཉིད་དེ་ཙམ་རྩ་བ་ཅན་

ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། ཐ་དད་ཤེས་དང་ཞེས་བྱ་བ་སྨོས་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་རང་རིག་པ་ལས་བྱུང་བའི་རྣམ་པར་རྟོག་པའི་རྟོགས་བྱ་མེད་ན་མི་འབྱུང་བ་ཡིན་ལ། དེའི་རྟོགས་བྱ་ཁོ་ན་ཡིན་ནོ་ཞེས་མངོན་པར་འདོད་པ་ཡིན་པ་ཁས་མི་ལེན་ན། ཁྱད་པར་མེད་པའི་བདག་

ཉིད་རིག་པ་ཙམ་ཡིན་གྱི། དེ་ལ་གཟུང་བ་དང་འཛིན་པ་དང་སྔོན་པོ་དང་ཅིག་ཤོས་ལ་སོགས་པའི་རྣམ་པར་དབྱེ་བ་མེད་པ་ཡིན་ན། ཅིས་རྣམ་པར་འབྱེད་པ་ཡིན་ཞེས་བསྟན་པ་ནི། དེས་ན་ཐ་སྙད་དབྱེ་བར་ནི། །ཞེས་བྱ་བ་སྟེ། རང་རིག་པ་ལས་འདིས་ཕྱིས་དཔོག་པར་བྱེད་པ་ཡིན་པའི་ཕྱིར། རྗེས་སུ་

དཔག་པ་ཡིན་པ་དེ་ལས་ཏེ། རང་གི་འདོད་པ་ཙམ་ལས་བྱུང་བའི་རྣམ་རྟོག་ལས་ཐ་སྙད་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བླང་བ་དང་དོར་བ་ཡོངས་སུ་རྟོགས་བྱའི་ངོ་བོ་ཡིན་གྱི་གཞན་མ་ཡིན་པ་མ་ཡིན་ནམ། དེ་ཇི་ལྟར་དེ་ལ་མངོན་སུམ་ལས་དབྱེ་བ་མེད་པ་ཡིན་སྙམ་དུ་སེམས་པ་ལ་དོར་བྱ་ཞེས་བྱ་བ་སྨོས་ཏེ།

སྡུག་བསྔལ་སྒྲུབ་པར་བྱེད་པའི་ལུས་ལ་གནས་པའི་ངོ་བོ་ནི་རང་གི་ངོ་བོ་ཙམ་གྱི་ཡུལ་ཅན་གྱིས་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལས་གཞན་པའི་བླང་བྱ་བདེ་བའི་སྒྲུབ་བྱེད་ཡིན་པར་རྟོག་པར་བསྟན་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། འདི་ནི་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ལུས་ལ་གནས་པའི་

ངོ་བོ་ལ་མངོན་སུམ་དུ་མི་འཇུག་པ་དེ་ལྟར་སྤྲོས་ནས་དེ་བསྟན་པ་ནི། བླང་བྱ་ཉིད་ནི་ཡོད་ཕྱིར་ཡང་། །ཞེས་བྱ་བ་སྟེ། བདེ་བ་སྒྲུབ་པ་ཡོད་པའི་ཕྱིར་རམ། དོར་བྱ་ཉིད་ལ་ནི་སྡུག་བསྔལ་སྒྲུབ་པར་བྱེད་པ་ཉིད་མེད་པའི་ཕྱིར་རམ་ཞེས་བརྟག་གྲང་ན། དོར་བྱ་ཉིད་དུ་རྣམ་པར་གཞག་པ་ནི་བླང་བྱ་ཉིད་དུ་རྣམ་པར་

གཞག་པ་ལས་བཟློག་པས་སྡུག་བསྔལ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་དང་། བདེ་བ་སྒྲུབ་པར་བྱེད་པ་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དོར་བྱ་ལས་ནི་ཞེས་བྱ་བའོ། །རེ་ཞིག་བདེ་བའི་སྒྲུབ་བྱེད་ཉིད་ནི་བདེ་བ་ལ་མངོན་སུམ་པ་མ་ཡིན་ན། དངོས་པོ་ལ་མངོན་སུམ་གྱི་རྟོགས་བྱ་མ་ཡིན་ནོ་ཞེས་བསྟན་པ་

เล่ม ๑๘๐ · หน้า 327b

ནི། དོན་བྱེད་དོན་དུ་གཉེར་རྣམས་ཀྱི། །ཞེས་བྱ་བ་སྟེ། དོན་ནི་སྲེག་པ་ལ་སོགས་པའི་དགོས་པ་ཡིན་ལ། བྱེད་པ་ནི་བྱེད་པ་པོ་ཉིད་དེ། བླང་བྱ་ཉིད་ཡིན་ལ་ཉེ་བའི་ངོ་བོའི་འཛིན་པའི་མངོན་སུམ་གྱིས་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱེད་པ་པོ་ཉིད་ནི་བྱེད་པ་པོ་ལས་ཐ་མི་དད་པ་ཡིན་གྱི་དེའི་

འཛིན་པར་གཟུང་བ་ཁོ་ན་མ་ཡིན་ནམ། དེ་ལྟ་ན་ཡུལ་གྱི་ཡང་མེ་དང་འབྲེལ་པ་ཅན་ཉིད་མངོན་སུམ་གྱིས་བཟུང་བ་ཁོ་ན་ཡིན་ཏེ། ཐ་མི་དད་པའི་ཕྱིར་རོ། །དེ་ལ་རྗེས་སུ་དཔག་པ་ཅི་ཞིག་བྱ། །ཞེས་བཟུང་བ་ཡིན་ཡང་མ་ངེས་པ་ངེས་པར་བྱ་བའི་དོན་དུ་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ངེས་

པ་ཡིན་ཡང་དུ་བའི་ཡུལ་ལས་ཐ་དད་པས་ཡུལ་གཞན་བཞིན་དུ་མི་སྣང་བའི་ཕྱིར་རོ། །དེ་མི་སྣང་ན་དེ་དང་འབྲེལ་པ་ཅན་ཉིད་སྣང་བ་མ་ཡིན་པར་བསྟན་པ་ནི། འབྱུང་འགྱུར་དོན་བྱེད་ནི་ཞེས་བྱ་བ་སྟེ། དོན་བྱེད་པ་དང་ལྷན་ཅིག་འབྱུང་བའི་ངོ་བོ་འཛིན་པར་བྱེད་པའི་མངོན་སུམ་ནི་དོན་བྱེད་པའི་མངོན་སུམ་བཞིན་

དུ་རྟོགས་པ་མེད་པ་ཡིན་ཏེ། འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་ལ། འཇུག་པར་བྱེད་པ་ཉིད་ནི་སྒྲུབ་བྱེད་སྣང་བ་ཅན་ཡིན་ཏེ། དེ་ནི་སྒྲུབ་བྱེད་ཉིད་དུ་རྟོགས་པར་བྱེད་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བླང་བྱ་ཉིད་ནི་དམིགས་ལ། བཟློག་པ་དགག་པ་ནི་མ་མཐོང་བ་ཙམ་ལས་མི་འགྲུབ་

པར་བསྟན་པ་ནི། སྤང་བྱ་བཀག་པ་འང་ཞེས་བྱ་བའོ། །རྟོགས་འདི་མངོན་སུམ་ལས་མ་ཡིན། །ཞེས་བྱ་བ་ནི་འགལ་བ་དམིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རིམ་གྱིས་འབྱུང་བའི་མངོན་སུམ་གཉིས་པོ་འདས་མ་ཐག་ཏུ་བསྟན་པའི་རིགས་པས་རང་གི་དུས་ལ་ཡོད་པ་ཙམ་འཛིན་པའི་

ཕྱིར། སྒྲུབ་བྱེད་དང་བསྒྲུབ་བྱ་ཉིད་མི་འཛིན་པར་བསྟན་པ་ནི། མངོན་སུམ་གཉི་ག་ཞེས་བྱ་བའོ། །དོན་བྱེད་པ་དང་ལྷན་ཅིག་འབྱུང་བའི་ངོ་བོ་ལན་ཅིག་མ་ཡིན་པར་ཉམས་སུ་མྱོང་བར་མཚོན་པ་ནི་འཁྲུལ་པ་མེད་པའི་མངོན་སུམ་ནི་དོན་བྱེད་པ་མེད་ཀྱང་འཇུག་པའི་ཡུལ་མ་ཡིན་ནམ་སྙམ་དུ་སེམས་ལ་

གལ་ཏེ་ཤིན་ཏུ་གོམས་པའི་ཞེས་བྱ་བའོ། །རེ་ཞིག་དོན་བྱེད་པ་དང་ལྷན་ཅིག་འབྱུང་བའི་གོམས་པ་དམིགས་པ་མ་ཡིན་ནོ། །འབའ་ཞིག་ནི་སྔ་མ་དང་མཚན་ཉིད་དེ་ལ་དམིགས་པ་མེད་ན་དེ་ལ་རུང་བར་ཡང་མི་འགྱུར་ཞིང་། ཉེ་བ་ལ་དམིགས་པའི་མངོན་སུམ་ནི་དེ་ཉིད་དམ། མཐོང་བ་ཉིད་ཀྱང་མ་

เล่ม ๑๘๐ · หน้า 328a

རྟོགས་པ་ཡིན་གྱི་འདྲ་བ་ལ་ནི་ཡིན་ནོ། །འདྲ་བ་ཡང་རིག་པ་མ་ཡིན་ནོ། །འབའ་ཞིག་ནི་སྔ་མ་དང་མཚན་ཉིད་མི་མཐུན་པ་ཉིད་གཟུང་བ་ཡང་ངེས་པར་འཛིན་པ་མ་ཡིན་ནོ། །དེའི་ཕྱིར་དེ་ཉིད་ལ་དྲན་པ་ནི་སྒྲོ་འདོགས་པ་ཡིན་ནོ། །འཇུག་པ་ཡང་ཐ་དད་པ་ལ་ལྷན་ཅིག་པ་དང་ལྷན་ཅིག་པ་དག་ཏུ་དམིགས་

པ་ཡིན་གྱི་ལྷན་ཅིག་པ་དམིགས་པ་གོམས་པ་ཡིན་ན་ལྷན་ཅིག་པ་མ་ཡིན་པར་དམིགས་པ་ནི་ལྷན་ཅིག་པ་ལ་ཚད་མ་མ་ཡིན་ནོ། །གང་གི་ཚེ་ལྷན་ཅིག་པ་མ་ཡིན་པ་དང་རུང་བ་མ་ཡིན་པ་ཡང་དམིགས་བཞིན་པ་ཡིན་ན། གོམས་པ་ཡང་དེ་ཁོ་ན་བཞིན་དུ་བཟློག་པ་ཡིན་ལ་དེ་གོམས་པས་དེའི་ངོ་བོར་འཛིན་པ་

དང་། སྔོན་དུ་དེའི་ཚེ་ངོ་བོ་གཟུང་བ་ལ་གོམས་པ་ཡིན་པའི་ཕྱིར། ཕན་ཚུན་ལྟོས་པ་ཡིན་པར་བསྟན་པ་ནི། མ་རྟོགས་པ་ལ་གོམས་པར་བྱེད། །ཅེས་བྱ་བ་སྟེ། དོན་བྱེད་པའི་སྒྲུབ་བྱེད་དང་དམིགས་པ་རིམ་གྱིས་འབྱུང་བ་དག་ཕན་ཚུན་མི་རིགས་པས་རུང་བ་ཉིད་དུ་ཉམས་སུ་མྱོང་བའི་ཕྱིར་ཕན་ཚུན་བསྟན་

པར་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་ཉིད་ནི་རུང་བ་ཉིད་ལ་སོགས་པ་སྐྱེས་པ་གོམས་པ་གང་གི་འབྲས་བུ་ཡིན་པ་དེ་དེ་ལྟ་མ་ཡིན་ཞེས་བྱ་བར་སྦྱར་རོ། །དོར་བ་དང་བླང་བར་མཐོང་བ་མ་ཡིན་པར་བསྟན་པ་སྡུད་པ་ནི། མངོན་སུམ་ཙམ་ཞེས་བྱ་བ་སྟེ། ཙམ་སྨོས་པ་ནི། དེའི་རྗེས་ལ་འབྱུང་

བའི་རྣམ་པར་རྟོག་པ་བསལ་བའི་དོན་དུའོ། །གལ་ཏེ་དོར་བ་དེ་དང་བླང་བ་ཡང་མངོན་སུམ་གྱི་ཡུལ་མ་ཡིན་པ་དེ་ལྟ་ན། གང་ཡིན་པ་བསྟན་པ་ནི། རང་གི་རང་བཞིན་ཙམ་ཞེས་བྱ་བ་སྟེ། ཙམ་སྨོས་པ་ནི་རྣམ་པར་ཤེས་པ་རང་གི་ངོ་བོ་ཡང་བསྒྲུབ་བྱའི་ཤེས་པ་ལ་གནས་པའི་མངོན་སུམ་མ་ཡིན་ནམ་ཞེས་

བསྟན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་གང་ལས་དོར་བ་ལ་སོགས་པ་རྟོགས་པ་ཡིན་ཞེ་ན། རྗེས་སུ་དཔག་པ་ཞེས་བྱ་བ་སྨོས་ཏེ། དེ་དང་འདྲ་བ་མཐོང་བ་ལས་དེའི་དོན་བྱེད་པའི་ཤེས་པ་ནོ། །གཉི་ག་རིག་པར་བྱེད་པ་མ་ཡིན་པའི་མངོན་སུམ་ནི་འབྲེལ་པ་མི་འཛིན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་

མངོན་སུམ་གཉིས་པོ་ལས་བྱུང་བའི་རྣམ་པར་རྟོག་པས་འབྲེལ་པ་གྲུབ་པ་ནི་མངོན་སུམ་དུ་གྲུབ་པ་ཁོ་ན་ཡིན་ཏེ། ཐ་སྙད་པ་རྣམས་ཀྱིས་དེ་ལྟར་ངེས་པར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་སྙད་འདོགས་པས་ཞེས་བྱ་བ་སྟེ། རྣམ་པར་རྟོག་པའོ། །དོར་བྱ་ལ་སོགས་པ་མངོན་སུམ་གྱིས་མཐོང་བ་མ་ཡིན་

เล่ม ๑๘๐ · หน้า 328b

ནམ། འདི་ནི་ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འོན་ཀྱང་ཐ་མི་དད་པའི་རང་གི་ངོ་བོ་གཞན་སྒྲུབ་བྱེད་མ་ཡིན་པ་ལྐོག་ཏུ་མ་གྱུར་པ་ལ་བསམས་ལ། གནས་མ་མཐོང་བའི་དོན་བཞག་ནས་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་ཕ་རོལ་ལ་སྐུར་པ་གདབ་པར་སེམས་པ་ནི་འོན་ཏེ་གཉིས་མེད་ཅེས་

བྱ་བའོ།། །འདི་ཡང་ནི་འཇིག་རྟེན་འདི་ཡང་ངོ་། །འདི་ནི་མངོན་སུམ་སྟེ། འཇིག་རྟེན་ཕ་རོལ་ལ་ལྟོས་ནས་རང་རིག་པ་འབའ་ཞིག་མ་ཡིན་ཏེ། འོན་ཀྱང་འཇིག་རྟེན་འདི་ལ་ལྟོས་ནས་ཀྱང་ཡིན་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གཉི་གའི་འབྲས་བུ་མེད་པར་སྨྲ་བ་ལ། ཆེས་ཤིན་ཏུ་མེད་པ་ཅན་ཡིན་པའི་

ཕྱིར་ཇི་ལྟར་མེད་པ་ལ་ཡང་མེད་པ་ཉིད་ཡིན་སྙམ་དུ་སེམས་པ་ལ། སེམས་ནི་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ལས་ནི་དོར་བྱ་དང་བླང་བྱ་ལས་སོ། །སྤང་ཕྱིར་ནི་ཉེ་བར་བསྡུས་པའི་ཕྱིར་ཏེ་བྱ་བ་ནུས་པའོ། །གཏན་ཚིགས་དེའི་ཕྱིར་རང་རིག་པའི་གནས་སྐབས་བསྟན་པ་ལ་གྲོལ་བ་ཉིད་དེ། སེམས་ཐར་པ་ཐོབ་

པ་ཁོ་ནར་འགྱུར་བ་ཡིན་ནོ་ཞེས་འདོད་པ་ནི་མེད་པ་མ་ཡིན་ཏེ། སྐྱེས་བུའི་དོན་གྱི་གཙོ་བོ་ལ་སྐུར་བ་མི་འདེབས་པའི་ཕྱིར་ལ། དེ་ལ་སྐུར་བ་འདེབས་པ་ནི་མེད་པར་སྨྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་རིག་པའི་མངོན་སུམ་འཇིག་རྟེན་ཕ་རོལ་སྒྲུབ་པར་བྱེད་པ་མ་ཡིན་ལ། འཇིག་རྟེན་འདི་ཡང་མ་ཡིན་པ་ནི་བདེན་

མོད་ཀྱི། ས་ལ་སོགས་པ་དེ་ཉིད་གཞི། །ཞེས་ཟེར་བའི་དཔེའི་དོན་དུ་ཡིན་ལ། རྣམ་པར་དཔྱད་ན་དེ་ལ་རབ་ཏུ་གྲགས་པའི་ས་ལ་སོགས་པ་ཡང་དེ་ཉིད་མ་ཡིན་ལ། འཇིག་རྟེན་ཕ་རོལ་ལྟ་ཅི་སྨོས། དེ་དག་ཙམ་ནི་སྐྱེས་བུའི་དོན་ཐར་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ཡང་འཇིག་རྟེན་འདིའི་ཡུལ་ཅན་ཡིན་

ཏེ། རང་རིག་པ་བཞིན་དུ་རང་བཞིན་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་འཇིག་རྟེན་འདི་ལ་ཞེས་བྱ་བ་སྟེ། རྨོངས་པ་གཞན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཞན་ཏེ། འཇིག་རྟེན་ཕ་རོལ་ལ་སོགས་པའི་ཡུལ་དུ་མ་གྲགས་པ་ཁོ་ནའི་ཕྱིར་མི་འདོད་པ་ཡིན་ཞེས་བྱ་བའི་དོན་ཏོ། །འདི་ཡང་ཞེས་

བྱ་བ་ནི་ཡུལ་འཇིག་རྟེན་འདིའོ། །གང་ལས་ཞེས་བྱ་བ་ནི་མ་ཡིན་པའོ། །གལ་ཏེ་རང་རིག་པ་ཙམ་གྱི་ངོ་བོ་ཐར་པ་ཡིན་ན་འདོད་པ་ཅན་དུ་མི་འགྱུར་ཞེས་བསྟན་པའོ། །དེ་ཕྱིར་ངེས་པ་གང་ཉིད་ཀྱིས། །འདུ་བྱེད་ཀྱིས་ནི་རྗེས་འཇུག་པ། །སེམས་ནི་དེ་མེད་མི་འབྱུང་བ། །དེ་ཕྱིར་སེམས་ལ་རྟེན་པ་ཡིན། །

เล่ม ๑๘๐ · หน้า 329a

ཞེས་བྱ་བའི་རིགས་པས་གང་གི་ཚེ་ཐོག་མ་དང་ཐ་མ་མེད་པའི་རྣམ་རྟོག་ནི་རང་གི་རིགས་ཙམ་ལས་གྲུབ་པ་དེའི་ཚེ། འཇིག་རྟེན་ཕ་རོལ་གྲུབ་པ་ཁོ་ན་ཡིན་ཏེ། ཐོག་མ་དང་ཐ་མ་མེད་པ་ཉིད་ལ་དེ་ལྟར་བརྗོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་ཐོག་མཐའ་མེད་འགྲུབ་ན། །ཞེས་

བྱ་བའོ། །སྔ་མ་སྔ་མའི་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྗེས་སུ་བྱེད་པའི་རྣམ་པར་རྟོག་པ་ཡང་དེའི་བསྐྱེད་བྱ་མ་ཡིན་ན། འབྱུང་བའི་བསྐྱེད་བྱ་མ་ཡིན་པ་ལྟ་ཅི་སྨོས་ཏེ། དེའི་ཁྱད་པར་མ་ཡིན་པའི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་རྒྱུ་མེད་པ་ཉིད་ཡིན་ན་འབྲས་བུ་ཐམས་ཅད་རྒྱུ་མེད་

པ་ཅན་ཉིད་དུ་འགྱུར་ཏེ། འདི་རྒྱུ་མེད་པ་ཅན་དུ་བསྒྲུབས་ནས། རྒྱུ་མེད་ཉིད་ནི་རྒྱུ་མེད་པའོ། །རྒྱུ་མེད་པ་ཅན་ནི་མིང་ཡིན་པའི་ཕྱིར་བསྟན་པ་ནི། ཐམས་ཅད་རྒྱུ་མེད་ཉིད་དུ་ཞེས་བྱ་བ་སྟེ་ཁྱོད་ཀྱིས་སྨྲས་པ་ཡང་གཞན་གྱིས་གོ་བའི་ཕྱིར་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དོན་ཉིད་ནི་ཁྱེད་དོན་གང་ལ་ཡིན་

པའམ། འདི་དོན་ཡང་ཡིན་ལ་གང་ཡང་ཡིན་པའི་ཕྱིར་ཅི་དོན་ནོ། །དེ་གང་ལ་ཡོད་པ་ནི་དེ་ཉིད་དོ། །སྨྲ་བ་པོ་ཁྱོད་ལ་དགོས་པ་ཅི་ཡོད་ཅེས་དགོངས་པའོ། །འོན་ཏེ་འདི་ལ་ཞེས་བྱ་བ་ནི་དོན་ནི་དགོས་པ་སྟེ་འབྲས་བུའོ། །དེས་ཞེས་བྱ་བ་ནི་གཞན་གྱིས་བརྒལ་ཞིང་བརྟག་པས་སོ། །བརྒལ་ཞིང་བརྟག་

པ་ལ་དགོས་པ་ཅུང་ཟད་བསྒྲུབ་པར་བྱ་བ་མེད་པ་མ་ཡིན་ནམ། དེ་ཉིད་ནི་མ་རིག་པ་འབའ་ཞིག་གིས་འགྱུར་བ་ཡིན་པར་བསྟན་པ་ནི། མ་རིག་པས་བྱས་པ་ཉིད་ཅེས་བྱ་བའོ། །དོན་མེད་པ་ནི་ཚིག་ཙམ་མོ། །དེ་ཉིད་ཀྱི་སྐྱོན་བསྟན་པ་ནི། གཞན་གྱི་བཤད་པ་ཞེས་བྱ་བའོ། །གལ་ཏེ་མ་རིག་ཆད་མིན་ན། །ཞེས་

བྱ་བ་སྟེ། རྟོགས་སུ་གཞུག་བྱའི་མ་རིག་པ་གལ་ཏེ་མ་ཆད་ན་ཚིག་ཙམ་ནི་དོན་མེད་པ་ཡིན་ནོ། །འོན་ཏེ་ཆད་ན་ཡང་དེ་ལྟར་ཆད་པར་བྱེད་པའི་ཚིག་རྒྱུ་ཁོ་ན་ཡིན་པའི་ཕྱིར། རྒྱུ་མེད་པ་སྨྲ་བ་ཇི་ལྟར་ཡིན། འོན་ཏེ་མ་རིག་ཆད་ན་ཡང་། །ཇི་ལྟར་ཐོག་མ་མེད་པར་གྲུབ་པས་འཁོར་བ་གྲུབ་པ་ཡིན་ཞེ་ན། མ་རིག་རྣམ་

རྟོག་ལས་ཞེས་བྱའོ། །འདི་ཐོག་མ་མེད་པ་ཡིན་བག་ཆགས་གོམས་པ་ཡང་ཡིན་ལ། དེའི་ཡོངས་སུ་སྨིན་པ་ནི་སད་པ་ཡིན་ལ། དེས་བྱས་པ་ནི་བསྐྱེད་པ་ཉིད་ཡིན་པའི་ཕྱིར་འདོད་ཆགས་དང་བདེ་བ་ལ་སོགས་པ་རྣམས་གོམས་པ་ལས་བྱུང་བ་ཉིད་དུ་ཉེ་བར་བསྡུ་བ་ཡིན་ནོ། །རྒྱུ་མེད་པ་ནི་སྐྱེ་བ་དང་འགལ་

เล่ม ๑๘๐ · หน้า 329b

བའི་ཕྱིར་གོམས་པ་ལས་སྡུག་བསྔལ་སྐྱེ་བ་ཡིན་ཞེས་བྱ་བར་ནི་མི་རིགས་པ་མ་ཡིན་ནམ། རྒྱུ་མེད་པ་ཉིད་རྟག་པ་གོམས་པས་མངོན་པར་གསལ་བ་ཡིན་ནོ་ཞེས་ཟེར་བ་ལ། དེ་ནི་རེས་འགའ་ཞེས་བྱ་བ་སྨོས་ཏེ། དམིགས་བྱ་མ་ཡིན་པ་ལ་དམིགས་བྱ་ཉིད་ཀྱང་སྔ་ན་མེད་པ་ཁོ་ན་བྱུང་ན་དེ་ཉིད་ཡོད་པ་ཡིན་གྱི།

དེ་ཡང་མི་རྟག་པ་ཞེས་བྱ་བ་ཁོ་ནས་སྡུག་བསྔལ་ཏེ། གནོད་པ་མ་ཡིན་ལ་ཟག་པ་མེད་པ་རྣམས་ཀྱང་དེ་ལྟ་བུ་ཉིད་དུ་འགྱུར་ཞེས་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི། ཉེས་པ་རྣམས་ཏེ། བདག་ཏུ་འཛིན་པ་དང་། འདོད་ཆགས་ལ་སོགས་པ་གོམས་པ་ལས་བྱུང་བ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར།

ཟག་པ་དང་བཅས་པ་ཡིན་པའི་ཕྱིར་ཞེས་དགོངས་པའོ། །རྒྱུ་ནི་བདག་དང་བདག་གིར་འཛིན་པའི་ཆགས་པའི་སྙིང་པོ་ཅན་ཡིན་གྱི། རྒྱུ་ཙམ་མ་ཡིན་ཏེ། སྔ་མ་བཞིན་དུ་ཐལ་ཆེས་པའི་ཕྱིར་ལ། དེའི་དབང་ནི་དེ་ལ་རག་ལས་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །ཡང་གི་སྒྲ་ནི་སྡུག་བསྔལ་ཞེས་བྱ་བའི་

རྗེས་སུ་འཇུག་པའི་དོན་དང་གོམས་པ་ཅན་ཉིད་བསྡུ་བ་ཡིན་ནོ། །འགྲེལ་པར་ནི་གོམས་པ་ལས་བྱུང་བ་ནི་འདོད་པ་ལ་རག་ལས་པའོ། །བདག་ཏུ་འཛིན་པ་ལ་སོགས་པ་ལ་མ་གོམས་པ་ནི་མཆོག་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ལས་གོམས་པ་ཉིད་ཀྱང་མཆོག་

ཡིན་ཏེ། མི་མཐུན་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་བདག་གོ་ཞེས་བྱ་བ་བདག་ཏུ་འཛིན་པ་རྒྱུ་ཡིན་ན། བདག་ཏུ་འཛིན་པ་འདི་ནི་གོམས་པ་ལས་བྱུང་བ་མ་ཡིན་ཏེ། ལུས་དང་དབང་པོ་དང་ཐ་དད་པའི་ཡུལ་ཅན་ཡིན་པའི་ཕྱིར་སེམས་ལ་སོགས་པའི་གནས་སྐབས་རྣམས་ལ་

དབང་པོ་བྱ་བ་བྱེད་པ་མེད་པས་ལུས་མ་དམིགས་ཀྱང་བདག་གོ་ཞེས་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལྟར་ཡང་རེ་རེའི་བདག་ཉིད་ལ་དེ་ལྟར་འགྱུར་བ་ལ་ཡིན་ནོ་ཞེས་སྨོས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། བདག་མིན་ཞེས་བྱ་བ་སྟེ། བདག་ཏུ་དམིགས་པ་མ་ཡིན་ཏེ། རེ་ཞིག་རང་རིག་པས་མ་ཡིན་ཏེ།

ཡུལ་ཉེ་བ་ཡིན་པའི་ཕྱིར་རོ། །ཡུལ་དང་དུས་ལ་སོགས་པས་མཆོད་པའི་ཡུལ་ནི་ངེས་པ་ལས་ཀྱང་མ་ཡིན་ནོ། །མཐོང་བའི་རྗེས་སུ་འབྲང་བ་ཉིད་ཀྱི་ཕྱིར་དང་མཐོང་བའི་ལུས་ལ་སོགས་པ་ཉིད་ཕྱི་རོལ་དང་ཐ་དད་པ་ཡུལ་དང་དུས་ལ་སོགས་པ་ཐ་དད་པས་འཛིན་པའི་ཕྱིར་དང་། རྒྱུན་མི་འཆད་པར་

เล่ม ๑๘๐ · หน้า 330a

ཡོད་པའི་ཕྱིར། །དངོས་གང་ཡུལ་དང་དུས་དག་ལས། །དེ་ནི་རྟག་པའི་ཁྱབ་བདག་འདོད། །དེ་ཕྱིར་བདག་ནི་ཁྱབ་བདག་བརྗོད། །ཅེས་བྱ་བ་ཇི་ལྟར་ཡིན། བདག་མངོན་སུམ་པ་མ་ཡིན་པ་དེ་ནི་བདེན་ཏེ། ཉེ་བ་ཙམ་ཉིད་ཀྱིས་སྐད་ཅིག་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །

འོན་ཀྱང་རྗེས་སུ་དཔག་པར་བྱ་བ་ནི་ཡིན་ནོ། །འདོད་པ་དང་། ཞེ་སྡང་དང་། འབད་པ་དང་། བདེ་བ་དང་། སྡུག་བསྔལ་གྱི་ཤེས་པ་རྣམས་ནི་འབྲས་བུ་ཡིན་པ་ཉིད་ཀྱིས་རྒྱུ་རྣམས་ལས་ལུས་པའི་བདག་རྟེན་དུ་གྱུར་པར་གོ་བར་བྱེད་པ་ཡིན་གྱི། བདག་ནི་ཉམས་སུ་མ་མྱོང་བའམ་མ་དྲན་པ་འདོད་

པ་འམ། སྡང་བ་ཡང་མ་ཡིན་པའི་ཕྱིར་ཉམས་སུ་མྱོང་བ་དང་དྲན་པ་དང་འདོད་པ་དུས་ཐ་དད་པ་རྣམས་དེའི་དུས་སུ་ཡོད་པའི་དངོས་པོ་མེད་ན་འབྱུང་བ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། བྱིན་གྱིས་བརླབས་པའང་མ་ཡིན་པ་ནི་འདོད་པ་ལ་སོགས་པའི་རྟེན་དུ་གྱུར་པའི་བདག་གིས་སོ། །བརྟེན་པ་ཉིད་དུ་མ་

དམིགས་པའི་ཕྱིར་ཉམས་སུ་མྱོང་བའི་བག་ཆགས་ཙམ་ལས་བྱུང་བའི་ཕྱིར་དེ་དག་མ་ཡིན་ཞིང་། བྱིན་གྱིས་བརླབས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དང་འབྲེལ་པའི་ཕྱིར་སྡུག་བསྔལ་དང་གཞི་མཐུན་པ་ཉིད་ཡིན་ནོ། །འགྲེལ་པར་ནི་བག་ཆགས་ལས་བྱུང་བ་ཉིད་ཀྱིས་གཞན་དུ་ཡང་འཐད་པ་བསྟན་པ་ནི། རྒྱུ་

མིན་ཞེས་བྱ་བའོ། །དེ་ལ་བརྟེན་པ་ཉིད་དུ་མ་མཐོང་བར་བསྟན་པ་ནི། རྟག་པའང་ཞེས་བྱ་བའོ། །རྟག་པ་ཉིད་དུ་ཁས་བླངས་ཀྱང་མི་སྡོད་པ་དང་། རིམ་གྱིས་བྱེད་པ་ཉིད་འགལ་བར་བསྟན་པ་ནི། དེའི་ཕྱིར་གཅིག་ལས་ཞེས་བྱ་བའོ། །དགོངས་པའི་འདི་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་རྣམ་པ་བཞི་བའི་སྡུག་

བསྔལ་གསུངས་པ་ཡིན་པར་བསྟན་པ་ནི། མི་རྟག་པ་ཉིད་ཅེས་བྱ་བའོ། །དེ་ཞེས་བྱ་བ་ནི་སྡུག་བསྔལ་འཁོར་བའི་ཞེས་བསྟན་པ་དང་སྦྱོར་བ་ཡིན་ནོ། །དེའི་ཕྱིར་ཟག་པ་མེད་པ་རྣམས་ལས་ཐལ་བ་མ་ཡིན་ནོ། །རྟག་པ་ཁོ་ན་ལས་གོམས་པ་ལ་སོགས་པའི་དབང་གིས་དམིགས་བྱ་གཞན་དང་གཞན་དུ་

འགྱུར་བ་མ་ཡིན་ནམ། ངོ་བོ་ནི་རྟག་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། དམིགས་པར་བྱ་བ་ཉིད་ནི་ཞེས་བྱ་བ་སྨོས་སོ། །རྟག་པ་ཉིད་ཡིན་ན་དམིགས་བྱ་ཉིད་མི་དམིགས་པའི་དུས་སུ་ཡོད་པར་འགྱུར་ཞེས་བསྟན་པ་ནི། ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་སྟེ། རྒྱུ་ནི་བདག་དང་བདག་གིར་འཛིན་པ་ཡིན་ལ།

เล่ม ๑๘๐ · หน้า 330b

འགྲེལ་པའི་ཕྱིར་ནི་དབང་དུ་འགྱུར་བའི་ཕྱིར་རོ། །སྐྱེད་པར་བྱེད་པ་མ་ཡིན་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པར་དམིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་པའང་མིན། །ཞེས་བྱ་བ་འདི་ལ་མི་དམིགས་པའི་ཚད་མ་བསྟན་པ་ནི། བདག་གིས་བྱིན་གྱིས་བརླབས་པ་

ཅན། ཞེས་བྱ་བའོ། །བདག་མིན་ཞེས་བྱ་བ་འདི་ལ་ཡང་དེ་ཁོ་ན་ཡིན་པར་བསྟན་པ་ནི། གང་ཡིན་པ་ཞེས་བྱ་བའོ། །དབང་པོ་ལས་འདས་པ་བྱིན་གྱིས་རློབ་པར་སྨྲ་བ་པོ་ཞེས་ཟེར་བ་ནི། གལ་ཏེ་བྱིན་གྱིས་མ་བརླབས་པའི་ཞེས་བྱ་བའོ། །མི་རྟག་པའི་སེམས་ཅན་གྱིས་བྱིན་གྱི་བརླབས་པ་ཡིན་ན་

གཞན་དུ་མི་འཐད་པས་དོན་མི་རྟག་པར་སེམས་པས་བྱིན་གྱིས་རློབ་པ་ཐོབ་པ་ཡིན་ནོ་ཞེས་བསྟན་པ་ནི། མ་ཡིན་ཏེ། མི་རྟག་པའི་སེམས་པས་ཞེས་བྱ་བའོ། །གལ་ཏེ་ཡང་ཉམས་སུ་མྱོང་བའི་བག་ཆགས་ལས་བྱུང་བའི་འབྲས་བུ་ཡིན་ལ། འདི་ལ་གཞན་མི་རྟེན་པ་ཅི་ལས་ཡིན། །དབང་པོ་

ལས་འདས་པ་ལ་སོགས་པར་བྱེད་པ་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་དབང་པོ་ལས་འདས་པ་སྤོང་བར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་འདིའི་རྒྱུ་ཉིད་ལ་མཐོང་བ་ཙམ་ལས་བྱུང་བའི་འབྲས་བུ་ནི་ཁྱབ་པར་བྱེད་པ་འགལ་བ་ཡིན་པར་བསྟན་པ་ནི། འབྲས་བུའི་སྐྱེ་བ་མེད་པའི་ཕྱིར། །ཞེས་བྱ་བ་

སྟེ། དེ་ཙམ་ལས་མི་འབྱུང་བ་ནི་རྒྱུ་གཞན་ཉིད་ཁྱབ་པར་བྱེད་པ་ཉིད་ཀྱིས་ཁྱབ་པར་བྱེད་པ་ཡིན་ལ། འདི་ཡང་འགལ་བ་འབྱུང་བ་ཡིན་ལ། ཡོད་ཀྱང་ཁྱབ་པར་བྱེད་པ་མེད་པ་ཡིན་ན་ཅི་ལྟར་ཁྱབ་བྱ་ནུས་པ་ཡོད་པ་ཡིན་ཞེས་བྱ་བའི་དོན་ཏོ། །རུང་བའི་ཁྱད་པར་ནི་བག་ཆགས་ཀྱི་ཁྱད་པར་རོ། །

གང་གིས་དེ་མེད་པར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མེད་པས་སོ། །ཁྱབ་པར་བྱེད་པ་མེད་ཀྱང་ཁྱབ་བྱ་སྲིད་པ་ཡིན་ན་རྒྱུ་རྣམས་ལ་འདི་ཙམ་ཞེས་མེད་པར་འགྱུར་བར་བསྟན་པ་ནི། རྗེས་སུ་འགྲོ་བ་མེད་པ་ཙམ། །ཞེས་བྱ་བའོ། །ཡུལ་ལ་ཁྱབ་པ་མེད་པའི་ཕྱིར་དེ་ལ་མེད་པས་ཁྱབ་པར་བྱེད་པ་མེད་

པ་ཡིན་ནོ་སྙམ་དུ་སེམས་པ་ལ། རྟག་པ་ཁྱབ་པ་མ་ཡིན་ཡང་། །ཞེས་བྱ་བ་སྟེ། རྟག་པ་ཉིད་ཀྱིས་སྐྱེད་བྱེད་གཅིག་གི་ངོ་བོ་ཡིན་ཞེས་བྱའི་དོན་ཏོ། །དེའི་ཕྱིར་སྐད་ཅིག་མ་ཡང་ཅིས་ཐམས་ཅད་ཀྱི་སྐྱེད་བྱེད་མ་ཡིན་ཞེས་བྱ་བ་ནི་ཐལ་འགྱུར་མ་ཡིན་ནོ། །གང་ཁོ་ནའི་ཕྱིར་སྡུག་བསྔལ་ཐེར་ཟུག་པ་

เล่ม ๑๘๐ · หน้า 331a

མ་ཡིན་པ་ནི་རེས་འགའ་བ་ཡིན་པ་དེའི་ཕྱིར་རང་ཉིད་གྲུབ་པ་ལ་བག་ཆགས་ལ་སོགས་པ་ཅན་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་ཕྱིར་རྒྱུར་གོ་བར་བྱེད་པ་ཡིན་པའི་ཕྱིར། རྟག་པ་བཞིན་དུ་མི་རྟག་པ་ཡང་ཇི་ལྟར་རྒྱུ་ཡིན་ཞེས་ཟེར་བ་མི་རིགས་པར་བསྟན་པ་ནི། ངེས་འགའ་

བ་ཉིད་ཅེས་བྱ་བའོ། །རྒྱུ་མེད་པ་ཅན་གྱི་སྡུག་བསྔལ་ནི་རྟག་ཏུ་བ་ཡིན་ལ། མི་རྟག་པ་ནི་མེད་པ་ཁོ་ན་ཡིན་ཏེ། སྔར་བཞིན་དུ་ཕྱིས་ཀྱང་སྐྱེ་བའི་རྒྱུ་མེད་པ་ཡིན་ན། མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྟག་ཏུ་ཡོད་པའམ་ཞེས་བྱ་བའོ། །ཡོད་པ་མ་ཡིན་པ་ནི། རང་ཉིད་འགྲུབ་པ་ལ་གཞན་ལ་

ལྟོས་པ་ཡིན་ན། ཕྱིས་ཀྱང་དེ་བཞིན་དུ་འགྱུར་རོ། །ཞེས་དེ་བཞིན་དུ་ཡོད་པ་ཡང་སྔར་ཉིད་ངོ་བོ་ཡོད་པས་རང་བཞིན་ལས་མ་ལོག་པའི་ཕྱིར་ལྟོས་པ་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། གཞན་ལས་མི་ལྟོས་ཕྱིར་ཞེས་བསྟན་པའོ། །དགོངས་པ་འདི་ཉིད་ཀྱིས་ཀུན་འབྱུང་གི་བདེན་པ་སྟོན་པར་

བསྟན་པ་ནི། ཀུན་འབྱུང་བའི་བདེན་པ་ལ་ཡང་ཞེས་བྱ་བའོ། །སྡུག་བསྔལ་ལ་རྒྱུ་མེད་ཅེས་ཟེར་བ་དགག་པའི་ཕྱིར། རྒྱུ་ཉིད་ཅེས་བྱ་བའི་རྣམ་པར་བསྟན་པ་ནི། དེ་ལ་རྒྱུ་ནི་ཞེས་བསྟན་པའོ། །རྒྱུ་གཅིག་ནི་གཙོ་བོ་ལ་སོགས་པའོ། །གཙོ་བོ་ལ་སོགས་པ་བཞིན་དུ་སྲེད་པ་མི་ནུས་པ་མ་ཡིན་

པར་བསྟན་པ་ནི། མི་ནུས་པ་སྤངས་པས་ཞེས་བྱ་བའོ། །དེ་ལ་རྣམ་པ་དང་པོའི་བཤད་པ་ནི། རེས་འགའ་བ་ཉིད་ཅེས་བྱ་བའི་ཚིགས་སུ་བཅད་པ་ཡིན་པར་བསྟན་པ་ནི། སྡུག་བསྔལ་གྱི་ནི་རྒྱུ་ཡོད་ཅེས་བྱ་བའོ། །གཞན་ནི་ཞེས་བྱ་བ་ནི་རྒྱུ་མ་ཡིན་པའོ། །གཞན་དུ་ཞེས་བྱ་བ་ནི་རྒྱུ་དང་འབྲེལ་པ་མེད་

པའོ། །ཡང་ན་སྣང་བཞིན་པའི་ཡོད་པ་ནི་མི་རྟག་པ་ཡིན་ལ། དེ་ལ་ལྟོས་ནས་གཞན་དུ་ནི་རྟག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཡོད་པ་འམ་ཞེས་བྱ་བ་འདི་ཉིད་ལ་བཤད་པ་གཞན་བསྟན་པ་ནི་ཡང་ན་ཞེས་བྱ་བའོ། །རྟག་པ་ཞེས་བྱ་བ་ཐེར་ཟུག་ཏུ་གནས་པ་ནི་མ་ཡིན་ནོ། །འོན་ཀྱང་ཡུལ་ཐམས་

ཅད་དུ་ཡང་འབྱུང་བ་ཡིན་ནོ། །དཔེར་ན་རབ་རིབ་ཅན་གྱི་ཡུལ་གྱི་རྒྱུ་མེད་པའི་སྐྲ་ལ་སོགས་པའི་ཤེས་པ་དབང་པོ་མངོན་པར་ཕྱོགས་པ་ཙམ་ལས་བྱུང་བ་ནི་ཐམས་ཅད་དུ་འབྱུང་བ་ཡིན་ལ། སྡུག་བསྔལ་ཡང་རྒྱུ་མེད་ན་དེ་ལྟར་འགྱུར་བར་བསྟན་པ་ནི། ཇི་ལྟ་ཇི་ལྟར་ཞེས་བྱ་བའོ། །རང་རིག་བས་

เล่ม ๑๘๐ · หน้า 331b

ནི་ཞེས་བྱ་བས་ཚད་མ་བསྟན་པ་ཡིན་ལ། དེའི་ཕྱིར་སྟོང་པ་ཉིད་ཙམ་དམིགས་པ་རྟོག་པ་མེད་པའི་ཤེས་པ་ནི་རྨི་ལམ་བཞིན་དུ་སྟེ། རྨི་ལམ་ལ་ཡང་རང་གི་ངོ་བོ་ཚད་མའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་བ་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན་པར་བསྟན་པ་ནི། རེས་འགའ་

བ་མིན་མཚན་ཉིད་ཅན། །ཞེས་བྱ་བའོ། །མེད་པར་ཞེས་བྱ་བ་བཤད་པ་ནི། མོ་གཤམ་བུ་སོགས་ཞེས་བྱ་བ་ནི་འདིར་ཡང་། ཡང་ན་ཞེས་བྱ་བའི་བཤད་པ་གཞན་ནི་རྒྱུ་མེད་ན་འབྲས་བུ་ཉིད་དོན་དམ་པར་མེད་དོ་ཞེས་བྱ་བའི་དབུ་མ་པའི་ལྟ་བ་སླར་ཡང་བརྗོད་བྱ་ཡིན་པའོ། །སྡུག་བསྔལ་

གྱི་རྒྱུ་རེས་འགའ་བ་ཡིན་དུ་ཟིན་ཀྱང་དེ་འབྱུང་བ་ཆེན་པོའི་བདག་ཉིད་ཁོ་ན་མ་ཡིན་ནམ། མ་རིག་པ་དང་། སྲེད་པ་དང་། ལས་ཀྱི་ངོ་བོ་མ་ཡིན་ཞིང་། །དབང་ཕྱུག་ལ་སོགས་པའི་ངོ་བོ་ཡང་མ་ཡིན་ནོ། །འཇིག་རྟེན་ཕ་རོལ་གྲུབ་པ་ལ་འབྱུང་བ་ཆེན་པོ་རྒྱུ་ཉིད་ཡིན་པ་བཀག་པ་མ་ཡིན་ནམ།

བརྗོད་པ། སྲིད་པ་དང་པོའི་སེམས་ནི་མ་ལ་སོགས་པ་དང་། མཚན་ཉིད་མི་མཐུན་པའི་སེམས་ཀྱི་འདུ་བྱེད་པའི་རྗེས་སུ་བྱེད་པ་ཉིད་ཀྱིས་སེམས་གཞན་རྟོགས་པར་བྱེད་པ་ཡིན་པའི་ཕྱིར། སེམས་ཀྱི་ངོ་བོའི་འཇིག་རྟེན་ཕ་རོལ་གྲུབ་ཀྱང་སྡུག་བསྔལ་ལ་སོགས་པའི་གནས་སྐབས་ཀྱི་ངོ་བོ་རྣམས་ལ་སོགས་

པ་སེམས་པ་ཅན་གྱི་རྒྱུ་ཅན་ནི་མ་ཡིན་ཏེ། རྒྱུ་འབྱུང་བ་ཆེན་པོ་ཙམ་ཡོད་ན་གྲུབ་པ་ཡིན་ནོ་ཞེས་རྒོལ་བར་བྱེད་པ་ནི། ཇི་ལྟར་ཚེར་མ་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་ཆེན་པོ་ཙམ་ཁོ་ན་ཆོས་ཅན་སྐྱེད་བྱེད་ལས་ཡིན་པའི་ཕྱིར། རྒྱུ་ཞེས་བྱ་བ་ནི་སེམས་པ་ཅན་ཡིན་ལ། དེ་བཞིན་དུ་སྲིད་པའི་ངོ་བོ་འདི་

ཡང་བདེ་བ་དང་སྡུག་བསྔལ་ཅན་ལ་སོགས་པ་ཡུལ་ལ་ཡོད་པ་ནི། འཇིག་རྟེན་ཕ་རོལ་དུ་འབྱུང་བའི་སེམས་ཅན་གྱི་ཡང་རྒྱུ་མེད་པ་ནི་ཡོད་པ་མ་ཡིན་པའི་སེམས་པ་དང་ལྡན་པའི་རྒྱུར་འགྱུར་ཞེས་རྒྱུ་མེད་པ་ཅན་སྨྲ་བ་འགའ་ཟེར་བ་ཡིན་ནོ། །རང་བཞིན་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་འཕང་ཞེས་

བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །དེ་ལ་ཁྱད་པར་དག་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་མགར་བ་ལ་སོགས་པ་མེད་ཀྱང་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་དོན་ནི་འདི་ཡིན་ཏེ། འབྱུང་བ་ཆེན་པོའི་ངོ་བོ་ནི་འབྱུང་བ་ཆེན་པོ་ཁོ་ན་ལས་འབྱུང་བའི་ཕྱིར། སེམས་པ་ཅན་གྱིས་བྱས་པ་མ་ཡིན་

เล่ม ๑๘๐ · หน้า 332a

ལ། བདེ་བ་ཅན་དང་སྡུག་བསྔལ་ཅན་ལ་སོགས་པའི་ངོ་བོའི་ཁྱད་པར་ཡིན་ལ། དེ་རྣམས་ཀྱང་ཚེར་མའི་རྣོ་བ་ལ་སོགས་པའི་ངོ་བོ་ཆོས་ཅན་གྱི་རྒྱུའི་བསྐྱེད་བྱ་ཁོ་ནར་སྣང་བ་ཡིན་གྱི་སེམས་པ་དང་ལྡན་པའི་རྒྱུ་ཅན་ནི་མ་ཡིན་ནོ། །དེ་མེད་ཀྱང་སྟེ་སེམས་པ་དང་ལྡན་པའི་རྒྱུ་མེད་ཀྱང་ངོ་། །

ཡོད་པའི་ཕྱིར་ཞེས་བྱ་བ་ནི་རྣོ་བ་དང་ཞེས་བྱ་བར་སྦྱར་རོ། །གང་གི་ཚེ་སྙམ་དུ་སེམས་ན་ཁྱད་པར་ནི། མགར་བ་ལ་སོགས་པ་མེད་ཀྱང་ངོ་། །གལ་ཏེ་རེས་འགའ་མགར་བ་ལས་འདི་ཡང་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་ལ། རྒྱུ་ངེས་པ་མེད་པ་ཅན་འདི་ཉིད་ད་གང་གི་རྒྱུ་ངེས་པ་མེད་པ་དེ་ནི་རྒྱུ་མེད་པ་ཅན་

ཡིན་ནོ། །གལ་ཏེ་མ་ངེས་པའི་རྒྱུ་ཅན་དུ་འགྱུར་ན་ཡང་རྒྱུ་མེད་པ་ཅན་དུ་ཅི་ལྟར་འགྱུར། བརྗོད་པ། མ་ངེས་པའི་རྒྱུ་ཅན་ནི་དེའི་རྒྱུ་ཉིད་ཀྱི་དུས་སུ་གཞན་གྱི་རྒྱུ་ཉིད་སྤངས་པ་ཡིན་ལ། གཞན་གྱི་རྒྱུ་ཉིད་ཀྱི་དུས་སུ་ཡང་དེའི་རྒྱུ་ཉིད་ཡིན་པའི་ཕྱིར། རྒྱུ་མེད་པ་ཅན་ཉིད་དུ་ཚེར་མ་ལ་སོགས་

པའི་རྣོ་བའི་ཁྱད་པར་ཡང་འབྱུང་བ་ཙམ་གྱི་བསྐྱེད་བྱ་མ་ཡིན་ཏེ། ཁྱབ་པར་མེད་པར་མི་འབྱུང་བའི་ཕྱིར་རོ། །རྒྱ་ཤུག་གི་ས་བོན་ལ་སོགས་པའི་ངོ་བོ་ཡོངས་སུ་གྱུར་པ་ལ་ལྟོས་ནས་ཁ་ཅིག་ཏུ་འགྱུར་བ་ཁོ་ན་ཡིན་ཞེ་ན། ཡོངས་སུ་གྱུར་པ་ཉིད་ཀྱང་འབྱུང་བ་

ཙམ་ལས་བྱུང་བ་ཡིན་གྱི་ཅིས་ཐམས་ཅད་ལ་མ་ཡིན། དེའི་ཕྱིར་འབྱུང་བ་ཙམ་ལས་མི་སྲིད་པའི་ཁྱད་པར་ནི་རྒྱུ་གཞན་ལས་ཇི་ལྟར་རང་གི་དབྱེ་བས་ཐ་དད་པའི་ལས་དང་སེམས་པའི་ངོ་བོར་རྟོགས་པར་བྱེད་པའི་ཕྱིར། རྒྱུ་མེད་པ་ཅན་ཉིད་བསྟན་པ་ནི། གང་ཡོད་ཉིད་ནི་ཞེས་བྱ་བའོ། །འོན་ཏེ་རྒྱ་ཤུག་

གི་ས་བོན་གཞན་ལས་དེའི་སྐྱེད་བྱེད་ནི་དེ་ཡོངས་སུ་འགྱུར་བ་ཡིན་ལ། དེ་ཡང་དེ་ལས་གཞན་པ་ལས་དེའི་སྐྱེད་བྱེད་ཡོངས་སུ་གྱུར་པ་ཡིན་ཞེས་ཐོག་མ་མེད་པའི་ཡོངས་སུ་གྱུར་པའི་ཁྱད་པར་ཡིན་ན། ཤུགས་ཀྱིས་ལས་འཐོབ་པ་ཡིན་ཞེས་ཟེར་ན། དེ་ལ་ཡང་གང་ཡོད་ཉིད་ན་ཞེས་བྱ་བ་ལ་སོགས་

པ་སླར་འཁོར་བ་ཡིན་ནོ། །སྔ་མ་སྔ་མའི་ཁྱད་པར་ཇི་ལྟ་བ་ཁོ་ན་བཞིན་དུ་ཁྱད་པར་གྱི་སྐྱེད་བྱེད་རྒྱ་ཤུག་གི་ཚེར་མ་ལ་སོགས་པ་རྣམས་ལ། དེ་ཁོ་ན་བཞིན་དུ་མ་རིག་པ་དང་སྲེད་པ་དང་ལས་ཀྱི་ངོ་བོ་དག་འགེགས་པ་དང་ཁྱེར་བ་ལ་སོགས་པའི་བྱ་བ་ནི་སྲེད་པ་སྐྱེད་བྱེད་དུ་མཐོང་བའི་ཕྱིར་ཐོག་མ་

เล่ม ๑๘๐ · หน้า 332b

མེད་པའི་ཡོངས་སུ་གྱུར་པའི་ཁྱད་པར་ནི་རྒྱུ་ཉིད་དུ་བརྟག་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ཐོག་མ་མེད་པའི་ཡོངས་སུ་གྱུར་པའི་ཁྱད་པར་ལ་དགོངས་ནས་བསྟན་པ་ནི། རྒྱ་ཤུག་གི་ཚེར་མའི་ཞེས་བྱ་བའོ། །ལས་ཀྱི་ངོ་བོའི་སེམས་པས་སྐྱེད་བྱེད་ཡིན་པ་ལ་དགོངས་ནས་བསྟན་པ་ནི། བློ་

སྔོན་བྱེད་པ་དམིགས་པའི་ཕྱིར། །ཞེས་བྱ་བའོ། །དེ་ཉིད་ལས་ནི་ཞེས་བྱ་བ་ལྕགས་ཀྱི་ཚེར་མ་ལས་སོ། །ཁྱད་པར་ཡོད་མོད་ཅེས་བྱ་བ་ནི་ལྕགས་ཀྱི་ཚེར་མ་ལ་ཡོད་པའོ། །རྒྱུ་བཅས་ཉིད་ནི་སེམས་པ་དང་ལྡན་པའི་རྒྱུ་ཅན་ཏེ། སྔ་མ་སྔ་མའི་སེམས་པའི་ཁྱད་པར་གྱི་རྗེས་སུ་འགྲོ་བ་དང་ལྡོག་

པའི་རྗེས་སུ་བྱེད་པ་ནི་སེམས་དང་དབང་པོ་ལ་སོགས་པ་བཞིན་དུ་དེའི་རྒྱུ་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གཞན་ཡང་སྔ་མ་སྔ་མའི་ཡོངས་སུ་གྱུར་པའི་ཁྱད་པར་ལས་མངོན་པར་འབྱུང་བ་ཡིན་ཡང་ཡུལ་དང་དུས་ལ་སོགས་པ་ངེས་པའི་དབང་གིས་ངེས་པར་བྱེད་པ་འཕངས་པ་ཁོ་

ན་ཡིན་པར་བསྟན་པ་ནི། འགའ་ཞིག་རྒྱ་ཤུག་ས་བོན་ལས། །ཞེས་བྱ་བའོ། །ལས་ཀྱི་སྦྱོར་བ་ལས་བྱས་པའི་གསེར་ཡང་མ་བྱས་པ་ལྟ་བུར་སྣང་བ་མ་ཡིན་ནམ། དེའི་ཕྱིར་བྱས་པ་དང་མ་བྱས་པ་དག་ལ་ཁྱད་པར་མེད་དོ། །དེ་ལྟ་ཡིན་ན་བདེན་པའི་སོ་སོར་སྣང་བར་མངོན་པར་འདོད་པ་ཡང་མི་བདེན་

པར་འགྱུར་ཏེ། མི་བདེན་པའི་རྨི་ལམ་ན་སོ་སོར་སྣང་བ་དང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཁྱད་པར་མེད་པ་ཁོ་ན་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཁྱད་པར་མེད་པའི་སོ་སོར་སྣང་བ་ཙམ་འགྱུར་བར་བསྟན་པ་ནི། གཉིས་མེད་དེ་ཉིད་ཅེས་བྱ་བའོ། །དེའི་ཕྱིར་ཁ་ཅིག་ཏུ་ཐེ་ཚོམ་ཅན་དུ་

མཐོང་བ་ལས་ཐམས་ཅད་ཐེ་ཚོམ་ཟ་བར་བྱ་བ་མ་ཡིན་པ་ནི། དེའི་ཕྱིར་གང་ལས་ཞེས་བྱ་བའོ། །འདི་ལྟར་རྒྱུ་དང་བྲལ་བའི་ཞེས་བྱ་བ་ནི་རབ་རིབ་ཅན་གྱི་སྐྲའི་ཤེས་པ་བཞིན་དུ་ཡུལ་དང་དུས་ལ་སོགས་པའི་ཁྱད་པར་ནི་མ་ཡིན་ན། གང་ཡོད་ཉིད་ན་ཞེས་བྱ་བ་དེ་མེད་ན་མེད་པས་དེ་འབྲས་

བུ་ཉིད་དམ། དེའི་རྒྱུ་ཉིད་དུ་མི་རིག་པ་མ་ཡིན་ནམ། འབྲས་བུ་དང་རྒྱུ་མ་ཡིན་པ་དག་གི་རེག་བྱ་དང་གཟུགས་ཀྱི་ཤེས་པ་དག་ནི་དེ་མེད་ན་མེད་པ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་གང་ཡོད་པ་ཉིད་ན་ཞེས་བྱ་བའོ། །མཐོང་བ་ནི་མིག་གི་བསྐྱེད་བྱ་གཟུགས་ཀྱི་ཤེས་པ་ཡིན་ཞིང་།

เล่ม ๑๘๐ · หน้า 333a

གཟུགས་ཀྱི་རྒྱུ་ཅན་ནི་མཐོང་བ་ཡིན་ལ། རེག་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་གཞན་དུ་གྲུབ་པ་ཡིན་ན་རྒྱུ་མེད་པའི་སྣ་ཚོགས་པ་ནི་ཚོགས་པ་གཅིག་ལ་རག་ལས་པ་ཉིད་མ་ཡིན་ཏེ། གཞན་དུ་གྲུབ་པ་ཉིད་ལ་རྒྱུ་མཚན་ཡོད་པར་བསྟན་པ་ནི། ཚོགས་གཅིག་ལ་རག་ལས་

ཞེས་བྱ་བའོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་ལྡོག་པ་ནི་སྡུག་བསྔལ་གྱི་རྒྱུ་ལས་རྒྱུ་ཉིད་ཀྱིས་རྒྱུ་མཚན་བརྗོད་པ་མ་ཡིན་པར་བསྟན་པ་ནི། རྣམ་པ་འདི་ལྟ་བུའི་ལྡོག་པ་ལས་ཞེས་བྱ་བའོ། །རེག་པ་མེད་ན་མེད་པ་ནི། གཟུགས་མེད་ན་མེད་པ་ཁོ་ན་འབའ་ཞིག་ནི་མ་ཡིན་གྱི་འབའ་ཞིག་ནི་རྒྱུ་ཉིད་ཀྱི་

རྒྱུ་མཚན་ཡིན་པར་བསྟན་པ་ནི། འོན་ཀྱང་གལ་ཏེ་གཟུགས་ཞེས་བྱ་བའོ། །འབའ་ཞིག་ནི་དངོས་སུ་རྒྱུ་ཉིད་ཀྱི་རྒྱུ་མཚན་ཡིན་ལ། བརྒྱུད་པས་ནི་འབའ་ཞིག་མ་ཡིན་པ་ཡང་ངོ་ཞེས་བསྟན་པ་ནི། ཡང་ན་ཞེས་བྱ་བའོ། །ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཁས་ལེན་པར་བྱེད་པས་བརྒྱུད་པ་ཡིན་

གྱི་སྔ་མ་དང་ཕྱི་མ་ཉིད་ཀྱིས་མ་ཡིན་པར་བསྟན་པ་ནི། ཕན་ཚུན་མི་བྲལ་བ་ཉིད་ཀྱིས་ཤེས་པར་བྱ་བའོ། །རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། རྒྱུ་ཉིད་དུ་སྒྲུབ་པ་ལ་རང་ཉིད་མེད་ན་མེད་པར་བྱེད་པ་ཉིད་ཀྱིའོ། །རྣམ་པ་གཉིས་པ་ཞེས་བྱ་བ་ནི་རྒྱུ་གཅིག་བཀག་པས་སོ། །རྒྱུ་དང་བཅས་པ་ཉིད་ཅེས་བྱ་བ་ནི་རྣམ་པ་དང་པོ་

དང་འབྲེལ་པ་ཡང་རྒྱུ་གཅིག་ཉིད་མི་འདོད་པའི་ཕྱིར་དེ་དགག་པའི་དོན་དུ་རྣམ་པ་གཉིས་པ་ཡིན་ཞེས་བྱ་བའི་དོན་ཏོ། །རྟག་པ་ཉིད་དུ་འགྱུར་ཞེས་བྱ་བ་ནི་དུས་ཐམས་ཅད་པར་འགྱུར་ཏེ། དུས་གཅིག་ཁོ་ནར་འགྱུར་ཞེས་བྱ་བའི་དོན་ཏོ། །ལྟོས་པ་མེད་པས་ཞེས་བྱ་བ་ནི་གཅིག་ཉིད་ཡིན་ན་ལྟོས་པར་བྱ་བ་མེད་

པས་རིམ་པ་ཅན་དུ་འགལ་བའི་ཕྱིར་དང་། ཅིག་ཅར་བ་ཉིད་ཀྱང་མ་ཡིན་པར་བསྟན་པ་ནི། དེ་དག་ཅེས་བྱ་བའོ། །དེ་ཉིད་བཀག་པའི་རྒྱུ་མཚན་རིམ་པ་དང་རིམ་པ་མ་ཡིན་པ་མ་ཚང་བ་ཉིད་ལ། དེ་དག་ལས་ཞེས་བྱ་བ་ལ་སོགས་པའི་འདྲ་བ་སྔོན་དུ་འགྲོ་བ་ཅན་གྱི་གསལ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་

ཕྱིར་དེ་རྣམས་ཀྱི་བར་དུ་སྐྱེ་བ་ཉིད་རྣམ་པ་གསུམ་པ་མ་ཡིན་པར་བསྟན་པ་ནི། རྣམ་པ་གསུམ་པ་རབ་ཏུ་སྐྱེ་བ་མ་ཡིན་ཞེས་བྱ་བའོ། །དེ་ལྟ་ཡིན་ན་དེ་གང་གི་ཡིན་ཞེ་ན། སྲེད་པ་ཉིད་ཀྱི་སྟེ། ནུས་པ་མེད་ཅིང་ཞེས་བྱ་བ་དང་སྦྱར་རོ། །ཡུལ་གྱི་ཁྱད་པར་ན་མཐོ་རིས་ལ་སོགས་པའི་རིས་ཀྱི་ཁྱད་པར་ཅན་

เล่ม ๑๘๐ · หน้า 333b

ཡིན་ལ། དེ་ཡོངས་སུ་འཛིན་པ་ནི་རང་གིར་བྱེད་པའོ། །དེ་ཐོབ་པའི་སེམས་པས་བྱས་པ་ནི་ཡུལ་གྱི་ཁྱད་པར་ཐོབ་པའི་བྱས་པའོ། །ལས་དང་ལུས་དང་མ་རིག་པ་རྣམས་རྒྱུ་ཉིད་ཀྱང་། ཡུལ་གྱི་ཁྱད་པར་ལ་སོགས་པ་ལ་འཇུག་པའི་སྲེད་པ་ཁོ་ན་ཡིན་པར་བསྟན་པ་ནི། རྒྱུ་གཞན་ནམ་ཞེས་བསྟན་པའོ། །

སྲེད་པ་ནི་འདྲེན་པའི་བྱེད་པ་ལས་རབ་ཏུ་སྐྱེ་བ་ཡིན་དུ་ཟིན་ཀྱང་ཇི་ལྟར་སྲིད་པ་འདོད་པ་ཡིན་སྙམ་དུ་སེམས་པ་ལ་དེ་ཁོ་ན་དེ་ཡིན་པར་བསྟན་པ་ནི། དེ་ནི་སྲིད་འདོད་ཅེས་བྱ་བའོ། །ཀུན་འབྱུང་ནི་ཡང་ནུས་པ་སྲེད་པ་ཙམ་ཡང་མ་ཡིན་ལ། སྲིད་པ་འདོད་པ་ཙམ་ཡང་མ་ཡིན་པ་མ་ཡིན་ནམ། འདོད་པའི་སྲིད་པ་

ལ་སོགས་པ་གསུམ་ཀུན་འབྱུང་བ་ཉིད་ཡིན་པར་མདོ་སྡེ་ལས་གསུངས་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་ཡུལ་གྱི་ཁྱད་པར་ཞེས་བྱ་བའོ། །གང་ཕྱིར་ཡང་ཞེས་བྱ་བའི་ཡང་གི་སྒྲས་ནི་བསྡུས་པའི་དོན་དང་འབྲེལ་པའི་ཕྱིར་དེ་ཡང་ཞེས་བྱ་བར་འགྱུར་ཏེ། སྲིད་པ་ལ་སྲིད་པ་ཁོ་ན་འབའ་ཞིག་སྲེད་

པ་འདོད་པ་ནི་མ་ཡིན་གྱི་འོན་ཀྱང་དེ་ཡང་ངོ་། །དེ་ཡང་གང་ཡིན་ཞེ་ན། གང་གི་ཕྱིར་ནི་སྲིད་པ་འདོད་པ་ལས་སོ། །སྲོག་ཆགས་ཞེས་བྱ་བས་ནི་ཤེས་རབ་དང་བྲལ་བ་བསྟན་ཏོ། །དེ་ལྟ་ཡིན་ན་ཇི་ལྟར་འཇུག་པར་བྱེད། ཅེས་བསྟན་པ་ནི། བདེ་བ་དང་སྡུག་བསྔལ་དང་འབྲེལ་པ་ཅན་འཐོབ་པ་དང་མི་

འཐོབ་པར་འདོད་པ་ཞེས་བྱ་བ་ནི་ཕན་འདོགས་པའི་ཡུལ་ལ་འཇུག་པའི་རྒྱུ་སྲེད་པ་ཡིན་པར་བརྗོད་ན། དེ་ཉིད་བདེ་བ་དང་སྡུག་བསྔལ་དག་ལ་ཕྲད་པ་དང་བྲལ་བར་འདོད་པ་དག་གི་དབྱེ་བས་དོར་བའི་སྲེད་པ་ཡང་མདོ་སྡེར་གསུངས་པ་ཡིན་པར་བསྟན་པ་ནི། འདོད་དང་འཇིག་སྲེད་ཅེས་བྱ་བ་སྟེ། འཐོབ་

པ་དང་མི་འཐོབ་པར་འདོད་ཅེས་བྱ་བས་དབང་ཕྱུག་འཛུད་བྱེད་ཡིན་པ་བསལ་བ་ཡིན་པ་ནི་ཁ་ཅིག་གིས་འདོད་དོ། །དེ་ཡང་ཇི་ལྟར་འདོད་པ་སྲེད་པ་ཡིན་ཞེ་ན། སྲིད་པའི་སྒྲ་ནི་འཁོར་བའི་རྣམ་གྲངས་ཡིན་ལ། འཁོར་བ་ཡང་གནས་དང་ལོངས་སྤྱོད་བདེ་བ་དང་ཕྲད་པ་དང་། སྡུག་བསྔལ་དང་བྲལ་

བ་ཡང་ཡིན་ཏེ། དེ་ལ་འདོད་པ་རྣམ་པ་གསུམ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །སོགས་པའི་སྒྲས་ནི་བདེ་བ་དང་ཕྲད་པ་དང་། སྡུག་བསྔལ་དང་བྲལ་བ་དག་བཟུང་ངོ་། །དགའ་བ་ནི་ཡིད་བདེ་བ་ཡིན་ལ། དེ་ཞེས་བྱ་བ་ནི་སྲིད་པ་འདོད་པའོ། །ཐམས་ཅད་ནི་གཅིག་ཁོ་ན་མ་ཡིན་པའི་ཕྱིར་རྫས་མ་

เล่ม ๑๘๐ · หน้า 334a

ལུས་པར་བརྗོད་པའི་རྣམ་པའི་དབྱེ་བ་ནི། འདོད་པའི་སྲེད་པ་ཞེས་བྱ་བ་ལ་སོགས་པའོ། །ཕྱེ་བ་བསྟན་པ་ནི། གང་ཞིག་གནས་ལ་སོགས་པ་ཞེས་བྱ་བ་སྟེ། སོགས་པའི་སྒྲས་ནི་ལོངས་སྤྱོད་དོ། །འདི་ལ་འགལ་བ་མེད་པ་དེ་བཞིན་དུ་འབྱུང་བར་བསྟན་པ་ཡིན་ནོ། །

མ་རིག་པ་ནི་སྒྲིབ་པའི་བདག་ཉིད་ཅན་མ་ཡིན་ནམ། འདྲེན་པ་ཡང་། རྣམ་ཤེས་ཀྱིས་བསྒྲིབས་པ་ལས་ཡིན་ཏེ། སྒྲོ་འདོགས་པ་ཉིད་དང་། འདྲེན་པ་ལས་ཞེས་གསུངས་པའི་ཕྱིར་སྲེད་པ་ལས་ནི་མ་ཡིན་ཏེ། འགུགས་པའི་བདག་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ་སྲེད་པའི་ཡན་ལག་

ཐམས་ཅད་ལ་སྲེད་པའི་བྱ་བ་ཡོད་པ་ཡིན་ཏེ། ཆགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། བདག་ཏུ་ཆགས་པའི་ཞེས་བྱ་བ་སྟེ། ཀུན་ལ་རབ་ཏུ་འཇུག་པ་སྟེ། འཁོར་བ་འདིས་ཡིན་པའི་ཕྱིར་འཇུག་པ་ནི་མ་རིག་པ་ལ་སོགས་པ་རྟེན་འབྲེལ་གྱི་ཡན་ལག་ཡིན་ལ། དེ་ཐམས་ཅད་དེ་ལ་

བདག་ཏུ་ལྟ་བའི་མ་རིག་པ་ཡོད་པ་ཡིན་ཏེ། དེ་མེད་ན་མི་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཆགས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་སྲེད་པ་ཡིན་ནོ། །དེ་བཞིན་དུ་བདག་གིར་ལྟ་བར་ཡང་ཆགས་པའི་སྙིང་པོ་ཅན་དུ་བརྗོད་པར་བྱ་བ་ཡིན་ལ། དེ་མེད་ཀྱང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་

ཞེས་བསྟན་པ་ནི། བདེ་མིན་ནི་བདག་གི་བར་མངོན་པར་འདོད་པའོ། །བདེ་བར་འདུ་ཞེས་པ་ནི་བདག་གི་བ་ཉིད་ཀྱིས་འཁྱུད་པ་ཉིད་ལས་ཏེ། འགྲོ་བའི་ཡུལ་ལ་སོགས་པ་བདེ་བ་ཡིན་པའི་ཕྱིར་ཆགས་པའི་ཡུལ་ཉིད་དུ་བརྗོད་དོ། །དེ་ནི་ཞེས་བྱ་བ་ནི་མིང་གཞན་སྲེད་པ་ཞེས་བྱ་བའི་ཆགས་པ་སྟེ་རྒྱུ་ཉིད་

ཅེས་བྱ་བར་སྦྱར་རོ། །རབ་ཏུ་འཇུག་པ་ནི་ཡན་ལག་ལའོ། །ཡན་ལག་གི་ཡུལ་བསྟན་པ་ནི་གནས་དང་ལོངས་སྤྱོད་ལ་སོགས་པ་བདག་གི་བར་མངོན་པར་འདོད་པ་ལའོ། །ཕྱིན་ཅི་ལོག་བཞིས་ཉམས་པ་ཞེས་བྱ་བ་ནི་བདེ་བར་འདུ་ཤེས་པ་ཞེས་བྱ་བ་འགྲེལ་པའོ། །བདག་གིར་ལྟ་བའི་ཆགས་པའི་

སྙིང་པོ་ཅན་དུ་བསྟན་པ་ཡིན་ལ། འདིའི་རྒྱུ་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་ཀྱིས་ཕན་འདོགས་པར་བྱེད་པ་ཉིད་ཀྱི་ཡན་ལག་ཡིན་པའི་ཕྱིར་སྙིང་རྗེ་དང་ལྡན་པ་ཡིན་ནོ། །འདི་ཉིད་ལས་བྱ་བ་ནི་ཆགས་པའི་ངོ་བོའི་སྲེད་པ་ནི་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ཉིད་ཀྱིས་ལྷན་ཅིག་བྱེད་པ་ཉིད་དུ་བརྗོད་པའི་

เล่ม ๑๘๐ · หน้า 334b

ཕྱིར་རོ། །གལ་ཏེ་སྲེད་པ་མེད་པས་མེད་པའི་ཕྱིར། རྟེན་འབྲེལ་ཉིད་ཡིན་ན་ལུས་མེད་ན་ཡང་སྐྱེ་བ་མེད་པར་འགྱུར་རོ། །ཇི་སྐད་དུ། འབྱུང་རྔུབ་དབང་པོ་བློ་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་བསྟན་པ་ནི། གལ་ཏེ་རྐྱེན་ཉིད་ཀྱང་ཞེས་བྱ་བའོ། །ཇི་ལྟར་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་ཚིག་

གི་དོན་བཤད་པ་ཡིན་ནོ། །རིགས་པ་འདི་ཉིད་ནི་ཞེས་བྱ་བ་ནི་དེ་མེད་ན་མེད་པའོ། །རྒྱུ་མཚན་ཁས་བླངས་ཕྱིར་ཞེས་བྱ་བའི་དོན་བསྟན་པ་ནི། འདོད་ཆགས་མེད་ཀྱང་ཞེས་བསྟན་པའོ། །འདི་ཞེས་བྱ་བ་ནི་ལུས་རྒྱུ་མཚན་ཉིད་ཅེས་བྱ་བའི་ཚིག་ནི་ཉེ་བར་ལེན་པ་ཉིད་ཀྱི་ཚིག་ལ་གནོད་པ་ཡིན་ནོ། །ཟོས་

པ་ནི་གསོལ་པའོ། །དཔྱད་པ་ནི་ངེས་པར་བརྟག་པའོ། །བློ་གྲོས་འབར་བས་ནི་ཁྱེད་ཀྱིས་སོ། །སྐྱེ་བ་སྟེ་ལུས་དང་ལྷན་ཅིག་འབྱུང་བ་ནི་འདོད་ཆགས་དང་དུས་མཚུངས་པར་འབྱུང་བའི་ཕྱིར་རྒྱུ་ཉིད་མ་ཡིན་ཏེ། སྔར་ཡོད་པ་ཉིད་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། ལྷན་ཅིག་འབྱུང་བའི་ངེས་པ་བཤད་

པའི་དོན་དུ། རྫས་ཡོན་ཏན་དང་བཅས་པ་ཉིད་རྒྱུ་མཚན་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་ཡོན་ཏན་དང་བཅས་པ་ཞེས་བྱ་བ་སྟེ། འདི་ཉིད་བཤད་པ་ནི། གལ་ཏེ་སྐྱེ་བ་ཞེས་བྱ་བ་སྟེ། སྐྱེ་བའི་སྔ་རོལ་མ་མཐོང་བའི་ཕྱིར་ད་ལྟར་མཐོང་བ་ལས་ལྷན་ཅིག་འབྱུང་བར་ངེས་པ་ཡིན་ལ། དེ་ལས་ཀྱང་

ཡོན་ཏན་དང་བཅས་པའི་རྫས་སྐྱེ་བའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་བརྗོད་པ་ནི། སྐལ་མཉམ་སྐྱེ་ལས་ཞེས་བྱ་བ་སྟེ། ཇི་ལྟར་ལྷན་ཅིག་འབྱུང་བའི་འདོད་ཆགས་སྐྱེ་བའི་རྒྱུ་མ་ཡིན་པ་དེ་བཞིན་དུ་སྐྱེ་བ་ཡང་ལྷན་ཅིག་འབྱུང་བའི་ཕྱིར་འདོད་ཆགས་ཀྱི་རྒྱུ་མ་ཡིན་པའི་ཕྱིར་རྒྱུ་སྔར་བྱུང་

བར་རྟོགས་པ་ན། འཚོ་བའི་གནས་སྐབས་སུ་མཐོང་བའི་ཕྱིར་སྐལ་པ་མཉམ་པ་ཉིད་དེ། འདྲ་བ་ཉིད་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉིད་རྒྱུར་བཏགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་དང་བདག་གིར་ལྟ་བའི་ཆགས་པའི་སྙིང་པོ་ཅན་རྒྱུ་མ་ཡིན་ནམ། ཆགས་པ་ནི་མ་ཡིན་ནོ། །

འདི་བསྟན་པ་ནི་བདག་དང་བདག་གིར་འཛིན་པས་བྱས་པའི་ཆགས་པས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེའི་ཕྱིར་དེར་ལྟ་བ་ཡང་རྒྱུ་ཁོ་ན་ཡིན་གྱི་སྲེད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། རྒྱུ་ཡིན་ཡང་ཞེས་བྱ་བ་སྟེ། སྒྲིབ་པར་བྱེད་པའི་བདག་ཉིད་ཡིན་པས་འཛུད་བྱེད་མ་ཡིན་པའི་ཕྱིར་རོ། །

เล่ม ๑๘๐ · หน้า 335a

དེའི་ཕྱིར་མི་ཤེས་པ་སྟེ་མ་རིག་པ་ནི་ཀུན་འབྱུང་བའི་བདེན་པ་ལ་མ་བརྗོད་པ་ཡིན་ནོ། །སྲེད་པ་ནི་འཛུད་བྱེད་ཡིན་པའི་ཕྱིར་བརྗོད་པ་ཡིན་པར་བསྟན་པ་ནི། བཤད་པ་ཞེས་བྱ་བའོ། །གསུམ་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་

རྣམས་ལ་མ་རིག་པ་དང་ལས་དག་ཀྱང་བརྗོད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བར་དུ་མ་ཆོད་པས་ཞེས་བྱ་བ་ནི་ཉེས་བྱས་སོ། །དེ་མ་ཐག་ཉིད་དུ་སྒྲུབ་པར་བྱེད་པ་ནི་གཏི་མུག་དང་ལས་དག་ཅེས་བྱ་བའོ། །སྲེད་པ་མེད་ན་ལས་ལ་ནུས་པ་མེད་པར་བསྟན་པ་ནི། དེ་ཡོད་པ་ན་ཞེས་བྱ་བའོ། །ལས་

ཀྱིས་སྦྱར་བ་ཞེས་བྱ་བ་ནི་འདི་ཉིད་ཀྱི་བཤད་པ་ཡིན་ནོ། །སྲེད་པ་མེད་པས་ཡོངས་སུ་འདོར་བ་མ་ཡན་གྱི། འོན་ཀྱང་ལས་གཞན་གྱིས་བྱས་པ་ཁོ་ན་དེ་ཡང་ཡིན་པའི་ཕྱིར་གྲོལ་བའི་བདག་ཉིད་ཅན་རྣམས་ཀྱི་སྐྱེ་བ་མེད་པ་ཡང་ལས་མེད་པས་བྱས་པ་ཁོ་ན་ཡིན་གྱི་སྲེད་པ་མེད་པ་ཉིད་ཀྱིས་བྱས་པ་

མ་ཡིན་པར་བསྟན་པ་ནི། གལ་ཏེ་བློ་ཞེས་བྱ་བའོ། །རེ་ཞིག་སྲིད་པ་མེད་ན་འབྱུང་བ་ཡོངས་སུ་འདོར་བ་ནི་ལས་གཞན་གྱི་ནུས་པས་འཕངས་པ་མ་ཡིན་ཏེ། གཞན་དུ་ཡང་ཡིན་པའི་ཕྱིར་རོ། །འོན་ཏེ་སྲེད་པ་མེད་ན་ལས་ཉིད་མི་འབྱུང་བ་དེའི་ཕྱིར་ལས་མེད་པས་བྱས་པའི་ཡོངས་སུ་འདོར་བ་ཡིན་

གྱི་ལས་གཞན་གྱིས་བྱས་པ་མ་ཡིན་ནོ། །འདི་ལ་ཡང་བརྗོད་པ། སྲེད་པ་དང་ནི་རྣམ་བྲལ་ན། །ཞེས་བྱ་བ་ནི་ལས་མེད་པའི་སྒོ་ནས་སྲེད་པ་ཉིད་དེར་བྱ་བ་བྱེད་པ་ཡིན་ནོ། །དེའི་ཕྱིར་སྲིད་པ་གཙོ་བོ་ཡིན་ཏེ་མེད་པ་ཁོ་ན་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །འོན་ཏེ་ལས་མེད་པ་ཉིད་སྦྱོར་བྱེད་ཡིན་ཏེ། སྲེད་

པ་ཡོད་ཀྱང་དེ་མེད་ན་ཡོད་པའི་ཕྱིར་རོ། །དེ་མ་གྲུབ་པ་ཡིན་ཏེ། དེ་ཡོད་ན་དེ་མེད་པ་ཉིད་འགྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། འོན་ཏེ་འདི་ལ་སྲེད་ཡོད་ན། །ཞེས་བྱ་བའོ། །སྡུག་བསྔལ་དེ་གཏན་དུ་བ་མ་ཡིན་པ་དང་མི་བརྟན་པ་ཡིན་ཏེ། རེས་འགའ་དམིགས་པའི་ཕྱིར་ཞེས་བསྟན་པ་དེ་ཅི་

ལས་ཡིན་ཞེས་ཟེར་བ་ལ། དེ་ནི་གཏན་དུ་བ་ཡིན་ཏེ། རྒྱུ་ལ་སྟེ་ཀུན་འབྱུང་བའོ། །གེགས་བྱེད་པ་ནི་འགལ་བ་ཅན་གྱི་ལམ་མོ། །སོགས་པའི་སྒྲས་ནི་ལྷན་ཅིག་བྱེད་པ་མ་ཚང་བ་བསྡུ་བའོ། །འདིས་ནི་རྒྱུ་མེད་པ་བསྟན་པ་ཡིན་ནོ། །དེ་ལྟར་ན་འགོག་པའི་བདེན་པ་ཡང་འགོག་པ་ཉིད་

เล่ม ๑๘๐ · หน้า 335b

ཅེས་བསྟན་པར་འགྱུར་བར་བསྟན་པ་ནི་ད་ནི་ཞེས་བྱ་བའོ། །འདུས་བྱས་པ་ཅན་གྱི་ཕུང་པོའི་ངོ་བོ་གང་ཡིན་པ་དེ་རྒྱུ་ཚང་བ་ལ་སོགས་པ་དང་ལྡན་པ་མ་ཡིན་ནམ། ཇི་ལྟར་འདི་འགོག་པ་ཡིན། འགོག་པ་ཡིན་ནོ། ཇི་ལྟར་འཁོར་བ་པ་ཡིན་སྙམ་དུ་སེམས་པ་ནི་འཁོར་ཕྱིར་ཞེས་བྱ་བའོ། །མ་ཡིན་

ཞེས་བྱ་བ་ནི་ཕྱོགས་སྔ་མ་འགེགས་པའོ། །ཅི་ལས་ཡིན་ཞེ་ན། འདོད་པའི་ཕྱིར་ཏེ་འཁོར་བ་པ་གང་ཡིན་པ་དེ་གྲོལ་བ་མ་ཡིན་ཞེས་བྱ་བ་འདི་ནི་འདོད་པ་ཡིན་ནོ། །འཁོར་བ་པ་དང་འགོག་པ་ཡིན་པ་ནི་སྐད་ཅིག་མ་ལ་ལྟོས་ནས་འགལ་བ་ཡིན་ལ། རྒྱུན་ལ་ལྟོས་ནས་འགལ་བ་མ་གྲུབ་པར་

བསྟན་པ་ནི། མ་གྲུབ་ཕྱིར་ཞེས་བྱ་བའོ། །བདག་ཅེས་བྱ་བ་ནི་སྔ་མ་དང་ཕྱི་མ་ཅན་དུ་གྱུར་པ་ནི་འཁོར་བ་པ་ཡིན་ཏེ། རྒྱུ་དང་ལྡན་པའི་ཕྱིར་རོ། །འཁོར་བ་པ་མ་ཡིན་པ་ནི་དེ་དང་བྲལ་བའི་ཕྱིར་ཞེས་བྱ་བ་གྲུབ་པོ། །འགར་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འདི་སྐད་ཅིག་མ་ལ་ལྟོས་ནས་

འགལ་བ་ཉིད་བཤད་པ་ཡིན་ནོ། །འོན་ཀྱང་སེམས་ཀྱི་རྒྱུན་ཞེས་བྱ་བ་ལ་སོགས་པས་འགལ་བ་ཉིད་རྒྱུན་ལ་ལྟོས་ནས་ནི་འགལ་བ་མི་འགྲུབ་པོ་ཞེས་བསྟན་པ་ཡིན་ནོ། །མ་གྲུབ་ཕྱིར་ཞེས་བྱ་བ་ཉིད་ཀྱི་དོན་ཡང་བསྟན་པ་ནི། དོན་དམ་པར་ནི་ཞེས་བྱ་བ་སྟེ། དོན་དམ་པར་ཡོངས་སུ་དཔྱད་པ་འཁོར་

བ་པ་ཉིད་མ་གྲུབ་པ་ཡིན་ལ། ཀུན་རྫོབ་ཏུ་ནི་འཁོར་བ་པའི་ཕུང་པོ་ནི་སྡུག་བསྔལ་ཉིད་ཡིན་པ་ལ་འགལ་བ་མེད་དོ། །གལ་ཏེ་གཞན་བཅིངས་པ་ཡིན་ལ་གཞན་གྲོལ་བ་ཡིན་ན་གཞན་འགའ་ཞིག་གི་རྒྱུད་དམ། གཞན་ཡང་བཅིངས་པ་དང་གྲོལ་བ་དག་ལ་གནས་པ་མ་ཡིན་པ་དེ་ལྟ་ན་ཆད་པ་དང་

རྒྱུ་མེད་པར་སྨྲ་བ་དག་ཡིན་ཏེ། སྐད་ཅིག་སྔ་མ་ནི་བདག་ཉིད་ཐམས་ཅད་ཀྱིས་འགགས་པ་ཡིན་ལ། ཕྱི་མ་ཡང་རྒྱུ་མེད་པས་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ཡོངས་སུ་ཤེས་ན་རྟོགས་པ་དང་ལྡན་པ་ནི་ཚངས་པར་སྤྱོད་པ་ལ་གནས་པ་མ་ཡིན་པ་དེ་ལྟ་ན་ཆད་པ་དང་རྒྱུ་མེད་པར་སྨྲ་བར་མི་འགྱུར་ཞིང་།

དྲང་སྲོང་ཆེན་པོས་གསུངས་པ་ཡང་དོན་མེད་པར་འགྱུར་བར་བསྟན་པ་ནི་གལ་ཏེ་བཅིངས་པ་ཞེས་བྱ་བ་སྟེ། འཇིག་རྟེན་པའི་བཟང་པོ་མང་པོ་བདག་མི་འདོད་པ་ལ་ནུབ་པར་འགྱུར་ཏེ། རྒྱུ་མཚན་གང་གིས་གང་ལ་ཡང་འཇུག་པ་མེད་པའི་ཕྱིར་རོ་ཞེས་དཔེ་མང་པོ་བསྟན་པ་ཡིན་ནོ། །བདག་ཏུ་སྨྲ་བ་

เล่ม ๑๘๐ · หน้า 336a

ཡང་བདག་ཡོད་པ་ཁོ་ནས་འཇུག་པ་དང་ལྡོག་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་བསྐྱེད་པ་ཡིན་ན་དེ་འདི་ནི་བདག་མེད་པར་སྨྲ་བ་ལ་མཚུངས་པར་བསྟན་པ་ནི། ཇི་སྲིད་བདག་ཆགས་ཏེ། ཆགས་པའི་སྙིང་པོ་ཅན་གྱི་ཤེས་པ་ཇི་སྲིད་དུ་བཅོམ་པར་མ་གྱུར་

པ་དེ་སྲིད་དུ་བདག་སྡུག་བསྔལ་ཅན་འཁོར་བ་པར་སྒྲོ་བཏགས་ནས་ནི་ཀུན་དུ་བཏགས་ནས་སོ། །ཡོངས་སུ་གདུང་བ་ནི་སྡུག་བསྔལ་བས་གནས་པ་དང་ལྡན་པར་འགྱུར་ལ། དེ་ནས་སྡུག་བསྔལ་དེ་གཞོམ་པའི་དོན་དུ་ཐབས་རྗེས་སུ་སྒྲུབ་པས་དཀྲིགས་པ་ནི་བདེ་བར་གནས་པ་ཉིད་འཐོབ་

པ་མ་ཡིན་ནོ། །དེའི་ཕྱིར་བདག་ལ་ཆགས་པའི་མཚན་ཉིད་དེ་ཁོ་ན་ལོག་པར་སྒྲོ་འདོགས་པ་གཞོམ་པའི་ཕྱིར་རྩོམ་པ་ནི་དྲང་སྲོང་ཆེན་པོས་གསུངས་པའི་རྗེས་སུ་བསྒྲུབ་པ་ཡང་ཡིན་ཏེ། གྲོལ་པོ་མེད་ན་ཡང་ཞེས་བྱ་བ་ནི་བདག་མེད་ཀྱང་ངོ་། །དེའི་ཕྱིར་ཚངས་པར་སྤྱོད་པ་ལ་གནས་པ་

འབྲས་བུ་མེད་པ་མ་ཡིན་ནོ། །འདི་ཉིད་བསྟན་པ་ནི། འོན་ཏེ་དེ་ལྟ་བུ་ཞེས་བྱ་བའོ། །གལ་ཏེ་དེ་ཁོ་ན་ཉིད་མཐོང་བ་པོ་ནི་དོན་བྱས་པ་ཡིན་པའི་ཕྱིར། རང་གི་དོན་ལ་འཇུག་པ་མ་ཡིན་གྱི་གཞན་གྱི་དོན་ཁོ་ན་ལ་འཇུག་པ་ཡིན་ན། འདིའི་ཆེད་དུ་ལམ་འདི་ཁོ་བོས་བསྟན་པར་བྱའོ་ཞེས་རྟོགས་

པར་མི་བྱེད་ན་ཇི་ལྟར་འབད་པ་བྱེད་པ་ཡིན་སྙམ་དུ་སེམས་པ་ནི། འོན་ཏེ་གལ་ཏེ་ཞེས་བྱ་བའོ། །ཀུན་རྫོབ་ཏུ་ཐ་སྙད་ཡོད་ཅེས་བྱ་བ་ནི། སློབ་མ་ལ་རྫོགས་པ་ཡིན་པའི་ཕྱིར་རོ། ཇི་ལྟར་དོན་དམ་པའི་ཐ་སྙད་དུ་འགྱུར་ཞེས་བྱ་བ་ནི་སྟོན་པ་པོ་རྫོགས་པའི་ཕྱིར་རོ། །རེ་ཞིག་སློབ་མ་ཡང་སྟོན་པ་པོ་བདག་

ཉིད་ལ་ཡང་གཅིག་ཡིན་པར་བསྟན་པ་ནི། གཅིག་ཉིད་ཀུན་རྫོབ་པ་ཞེས་བྱ་བའོ། །སྟོན་པ་པོ་ནི་རྣམ་པར་རྟོག་པ་མེད་ཀྱང་སྔ་མའི་ཤུགས་ཀྱིས་འཇུག་པ་ནི་དེ་ཁོ་ན་ཉིད་དུ་གཅིག་པ་ཉིད་དམ། ཐ་སྙད་དུ་ཡང་མཐོང་བ་མ་ཡིན་ནོ་ཞེས་བསྟན་པ་ནི། ཇི་ལྟར་དེ་ཉིད་ཅེས་བྱ་བའོ། །སྟོན་པ་པོ་ལ་ལྟོས་

ནས་འབད་པ་པོའི་རྟོགས་པ་ཡང་རང་རིག་པ་ཙམ་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བསྟན་པ་ནི། འབད་པའང་ཞེས་བྱ་བའོ། །ས་བོན་ལ་སོགས་པ་ལ་རྟོག་པ་མེད་ཀྱང་མྱུ་གུ་འབྱུང་བ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་ཡོངས་སུ་རྫོགས་པ་རྣམ་པར་རྟོག་པ་མི་མངའ་བ་ལས་ཀྱང་སྔོན་གྱི་འདུ་བྱེད་ལས་ཐ་

เล่ม ๑๘๐ · หน้า 336b

སྙད་འབྱུང་བ་བསྟན་པ་ནི། རྒྱུ་དང་འབྲས་བུའི་ཡོངས་སུ་རྫོགས་པ་མ་ཡིན་པ་ཡང་འབྲས་བུ་ཉིད་ནི་རྣམ་པར་རྟོག་པ་ལས་གཞན་པ་ཚད་མ་མ་ཡིན་པར་རྟོགས་པ་ནི་ཡོད་མིན་ཞེས་བྱ་བ་སྟེ། གནོད་པ་ཞེས་བྱ་བ་ནི་རྣམ་རྟོག་གོ། །སྐད་ཅིག་མ་རིག་པ་མངོན་སུམ་ནི་རྫོགས་པ་དང་མ་རྫོགས་པའི་

སྙིང་རྗེ་དང་རྣམ་པར་རྟོག་པ་དག་གི་འཇུག་པར་བྱེད་པ་ཡིན་པར་བསྟན་པ་ནི། ཁས་བླངས་ནས་ཀྱང་ཞེས་བྱ་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་རྗེས་འགྲོ་བ་ཇི་སྲིད་པར་བཞུགས་པ་ཡིན་ལ། ཉན་ཐོས་རྣམས་ནི་ལུས་ཀྱི་དུས་ཉུང་ཟད་པ་ཡིན་ཡང་། ཚེ་རིང་པོར་འཕེལ་བའི་ལས་

ཡོད་པ་ཁོ་ན་ཡིན་ནོ། །ཚིགས་སུ་བཅད་པ་འདི་ཉིད་རྒོལ་བ་ནི། དམ་པའི་དོན་རྟོགས་པ་ཞེས་བྱ་བའོ། །འདི་ཉིད་ལ་ལན་འདེབས་པ་ཉིད་ཀྱིས་ཚིགས་སུ་བཅད་པའི་དོན་ལ་སྦྱོར་བར་བྱེད་པ་ནི་དཔྱོད་པའི་ཡུལ་ཅན་གྱི་ཤེས་པ་དེ་རྟོགས་པ་ནི་རང་རིག་པའི་ངོ་བོ་ཉིད་དོ། །དེ་ལས་ཡང་བསྐལ་པ་གྲངས་

མེད་པ་གསུམ་དུ་བསགས་པའི་ཚེ་འཕེལ་བར་བྱེད་པའི་བསོད་ནམས་ཀྱི་ཚོགས་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཉིད་ལ་ལྟོས་ནས་སོ། །ཡང་ན་ལས་ཀྱིས་ཞེས་རྣམ་པར་བརྟག་པར་རིགས་པ་ཡིན་པ་ནི། ཇི་ལྟར་རྒྱལ་པོ་སྐྱེ་དགུ་ལ། །ཞེས་བྱ་བའོ། །རང་རྒྱུད་ལ་ནི་བུ་ལའོ། །བརྩོན་ལྡན་

ནི་རྗེས་སུ་སྟོན་པ་ལ་སོགས་པས་སོ། །འདོད་བཞིན་པའི་འབྲས་བུ་ནི་བསོད་ནམས་རྣམས་ཡིན་ལ། དེའི་ཕྱིར་བཅོམ་ལྡན་འདས་མཐའ་མི་མངའ་བར་བསྟན་པ་ནི། སྨོན་ལམ་ཞེས་བྱ་བ་སྟེ། རྒྱུན་མཐའ་མེད་པར་འགྲུབ་པ་ཁོ་ནར་འདོད་པ་ཉིད་ནི་ལས་ཀྱི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

རྣམ་པ་དེ་ལྟ་བུའི་ཞེས་བྱ་བ་ནི་བདག་གི་སྡུག་བསྔལ་ཅན་ནོ་ཞེས་བྱ་བ་ལ་སོགས་པ་གཅིག་པ་ཉིད་དུ་སྒྲོ་བཏགས་པའོ། །གལ་ཏེ་ལས་ཀྱི་ཞེས་བྱ་བའི་རྒོལ་བ་ལ་ལྷན་ཅིག་བྱེད་པ་ཟད་ཕྱིར་རོ་ཞེས་བྱ་བ་ལན་ཡིན་ལ། འོན་ཏེ་དགྲ་བཅོམ་པའི་ལས་ལ་ནུས་པ་མེད་ན་ཞེས་བྱ་བ་ལ་ནི་འཕངས་བ་ལྡོག་

མེད་ཅེས་བྱ་བ་འདིས་སོ། །གལ་ཏེ་བརྩེ་བ་ནི་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་སེམས་ཅན་མཐོང་བ་སྒྲུབ་པ་ལས་འབྲས་བུའི་གཏན་ཚིགས་མ་ཡིན་ནམ། བརྗོད་པ་ནི་སྡུག་བསྔལ་ཤེས་ལ་ཞེས་བྱ་བ་སྟེ། གཞན་གྱི་སྡུག་བསྔལ་ཤེས་ན་ཞེས་བྱ་བ་འདིས་ནི་ཕྱི་རོལ་གྱི་རྒྱུ་བསྟན་པ་

เล่ม ๑๘๐ · หน้า 337a

ཡིན་ནོ། །འགྲེལ་པ་མཛད་པས་ནི་སྲེད་པ་མེད་པར་བརྗོད་པ་ཡིན་ལ། དེས་ན་འགལ་བ་མེད་པ་ཞེས་བྱ་བ་ནི་སྡང་བ་ཅན་མ་ཡིན་ལ། སྲེད་པ་དང་བཅས་པ་ནི་འགའ་ཞིག་ཏུ་དེ་ལ་གནོད་པར་བྱེད་པ་ལ་སྡང་བར་འགྱུར་རོ། །འདིས་ནི་མི་མཐུན་པའི་ཕྱོགས་མི་མངའ་བར་

བསྟན་པ་ནི་སྔ་མ་ཞེས་བྱ་བ་སྟེ། ནང་གི་རྒྱུ་བསྟན་པ་ཡིན་ནོ། །དངོས་ཆོས་ཞེས་བྱ་བས་ནི་འདོད་པ་དང་གཏི་མུག་ལ་སོགས་པ་ལ་ལྟོས་པ་མེད་པ་ཉིད་དུའོ། །སེམས་ཅན་རྗེས་འབྲེལ་ཅན་མ་ཡིན། །ཞེས་བྱ་བ་ནི་སེམས་ཅན་དུ་ལྟ་བ་ལ་བརྟེན་པ་མ་ཡིན་ནོ། །སྡུག་བསྔལ་གསུམ་ནི་སྡུག་བསྔལ་གྱི་

སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་གྱི་ངོ་བོ་ཡིན་ནོ། །མཉམ་པ་ཉིད་ཅེས་བྱ་བ་ནི་དེ་རྣམས་བདག་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་པར་རོ། །སེམས་ཅན་ཐམས་ཅད་ལ་རྟག་ཏུ་བྱམས་པའི་སེམས་ནི་བདག་གོ་ཞེས་སམ། འོན་ཏེ་བདག་ཉིད་ཡིན་པ་མེད་ཀྱང་

བུ་སྡུག་ལ་མའི་ཚིག་རྩུབ་བཞིན་དུ་ཇི་ལྟར་འཇུག་པར་འགྱུར་ཞེས་བྱ་བའོ། །སེམས་ཅན་མཐོང་བ་ནི་འཁོར་བའི་རྒྱུ་ཡིན་པའི་ཕྱིར། སྡུག་བསྔལ་གྱི་རྒྱུ་མ་ཡིན་ནམ་ཞེས་ཟེར་བ་ལ། དེ་ལྟར་བུར་གྱུར་པ་ཞེས་བྱ་བའོ། །བརྩེ་བ་ནི་སེམས་ཅན་དུ་ལྟ་བ་དང་འགལ་བ་དམིགས་པ་ཡིན་པར་བསྟན་པ་

ནི། དེ་ཡང་ཞེས་བྱ་བའོ། །བརྩེ་བ་ནི་ཆགས་པའི་བདག་ཉིད་ཡིན་པའི་ཕྱིར་བདག་ལ་ཆགས་པ་མེད་ཀྱང་སེམས་ཅན་རྣམས་ལ་བདག་གི་བར་ཆགས་པ་ཡིན་པའི་ཕྱིར་དེ་མེད་པའི་ངོ་བོ་ནི་འདིའི་འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་འདོད་ཆགས་དང་ཞེས་བྱ་བའོ། །བདག་

ལའམ་དེ་དང་འབྲེལ་པ་ཅན་ཡང་རུང་བ་ལ་ཆགས་པ་ནི་འདོད་ཆགས་ཡིན་ནོ་ཞེས་བསྟན་པ་ནི། དེ་བདག་མིན་པ་ཞེས་བྱ་བའོ། །བདག་དང་འབྲེལ་པ་ཅན་གྱི་བདེ་བ་སྒྲུབ་པ་ཉིད་ཀྱིས་སེམས་ཅན་གྱི་ཕུང་པོ་དང་གཟུར་བ་ལ་ནི་མ་ཡིན་པར་བསྟན་པ་ནི། སྡུག་བསྔལ་གྱི་རྒྱུ་ན་ནི་གཞན་གྱི་སྟེ། རེག་པ་

ནི་འཛིན་པ་ཡིན་ལ་དེ་ཉིད་འབའ་ཞིག་ན་དེ་ཙམ་སྟེ། སེམས་ཅན་ལ་ཆགས་པ་ཙམ་ནི་བདག་དང་འབྲེལ་པ་དང་བྲལ་བའི་བརྩེ་བ་ཡིན་ནོ། །གལ་ཏེ་ཡང་བདེ་བ་དང་འབྲེལ་པ་ཅན་ཉིད་ཀྱིས་བདག་ཏུ་མི་འཛིན་པ་ཡང་བྱེད་པ་ཉིད་ཀྱིས་གཞན་གྱི་བདེ་བ་རྣམས་ལ་བདག་ཏུ་སྒྲོ་འདོགས་པར་འགྱུར་བ་

เล่ม ๑๘๐ · หน้า 337b

ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་བདག་གི་ཞེས་བྱ་བའོ། །བདག་ལ་བདེ་བ་གནས་པ་ཡིན་ན་ངེས་པར་བདག་ཏུ་སྒྲོ་འདོགས་པར་འགྱུར་བར་བསྟན་པ་ནི། གལ་ཏེ་བདག་དོན་ཞེས་བྱ་བའོ། །གཞན་ལ་གནས་པ་ཡིན་ན་ཅིས་བདག་ཏུ་སྒྲོ་འདོགས་པ་ཡིན་ཞེས་བསྟན་པ་ནི། གཞན་

དོན་ཙམ་ལ་ཞེས་བྱ་བའོ། །ཇི་ལྟར་ཆེད་ཀ་ཆེ་བ་མ་ཡིན་ཞེས་ཟེར་བ་ལ། རྒྱལ་པོའི་དཔེ་ཞེས་བྱ་བ་སྟེ། གཞན་གྱི་དོན་ལ་འཇུག་པ་ཡིན་ཞེས་བྱ་བའི་དོན་ཏོ། །རྣམ་རྟོག་མི་མངའ་བ་ཡང་སྔོན་གྱི་མཛད་པའི་ཤུགས་ཀྱིས་འཇུག་པ་ཡིན་པར་བསྟན་པ་ནི། སྔ་མ་སྔ་མ་ལས་ཞེས་བྱ་བའོ། །དེ་

ཉིད་གསལ་བར་བྱེད་པ་ནི། ཡོད་མིན་ཞེས་བྱ་བ་སྟེ། མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །གནས་པ་མ་ཡིན་པ་ནི་སེམས་ཅན་གྱི་དོན་གྱིས་སྟོང་པ་ཉིད་དུའོ། །ཁྱེད་ཅག་ཅེས་བྱ་བ་ནི་འཁོར་བ་པའོ། །འཁྲུལ་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཁོ་ན་སྟེ། མངོན་སུམ་མ་ཡིན་པའོ། །

བདག་ལ་གནོད་པ་བྱེད་པ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་ཞེ་སྡང་ཡིན་པ་ལ་བདག་དང་བདག་གིར་ལྟ་བའི་སྙིང་པོ་ཅན་གྱིས་རྒྱབ་ཀྱིས་ཕྱོགས་པ་མ་ཡིན་དུ་ཟིན་ཀྱང་། །ཕྱོགས་པ་ཙམ་ཡོད་པ་ཡིན་ནོ་ཞེས་ཟེར་བ་ལ་བསྟན་པ་ནི། མི་གཙང་བ་ལ་སོགས་པ་མཐོང་བ་ལས་ཞེས་བྱ་བའོ། །ཞེ་སྡང་གི་རང་

བཞིན་དུ་ཞེས་བྱ་བ་ནི། ཞེ་སྡང་གི་ཡུལ་གཅིག་ལ་ཀུན་དུ་སྦྱོར་བའི་ཕྱིར་རོ། །འདི་ལ་ཡང་། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་འཆད་པར་འགྱུར་བའི་ལན་བསྟན་པ་ནི། མི་སྡུག་པ་བསྒོམ་པས་ཞེས་བྱ་བའོ། །མི་རྟག་པ་ལ་སོགས་པར་

ལྟ་བ་ལ་ཡང་ཅིའི་ཕྱིར་མི་འགྱུར་ཞེས་ཟེར་བ་ལ། བདག་ཡོད་ན་ནི་ཞེས་བྱ་བའོ། །མི་རྟག་པ་ཉིད་དུ་ལྟ་བར་འཁྲུལ་པ་དང་འགལ་བར་བསྟན་པ་ནི། གང་གི་ཚེ་རྒྱུ་ལ་རག་ལས་པ་ཞེས་བྱ་བའོ། །འདོད་ཆགས་དང་བྲལ་བ་རྣམས་ལ་བདག་ཏུ་ལྟ་བ་མེད་པའི་ཕྱིར། བདག་ཏུ་ལྟ་བའི་སྙིང་

པོ་ཅན་གྱི་ཞེ་སྡང་མི་སྲིད་དེ། །དེའི་ཕྱིར་དེ་རྣམས་ཞེ་སྡང་དང་ལྡན་པ་ཅན་ཡིན་གྱི་སྙིང་རྗེ་མ་ཡིན་པར་བསྟན་པ་ནི། གཏི་མུག་ཉེས་པའི་རྩ་བ་སྟེ། ཞེས་བྱ་བའོ། །ཉེས་རྒྱུ་ལ་ནི་གནོད་པར་བྱེད་པ་ལའོ། །ཉེས་མེད་ནི་ཉེས་པ་དང་ལྡན་པ་མ་ཡིན་པའོ། །གལ་ཏེ་འདོད་ཆགས་དང་བྲལ་བའི

เล่ม ๑๘๐ · หน้า 338a

བཅོམ་ལྡན་འདས་འཁོར་བ་ཇི་སྲིད་པར་བཞུགས་པ་ཡིན་ན། ལུས་ཀྱི་འཆིང་བ་ཡོད་པའི་ཕྱིར་མ་གྲོལ་བར་འགྱུར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་འདོད་ཆགས་དང་བྲལ་བ་ཞེས་བྱ་བའོ། །ཐུགས་རྗེས་འཁོར་བ་ཇི་སྲིད་པར་བཞུགས་པའི་སྐུ་མངའ་ནས་ཡང་འདོད་

ཆགས་ལ་སོགས་པའི་དྲི་མ་སྤངས་པ་ཡིན་པའི་ཕྱིར་ཐུགས་གྲོལ་བ་ཁོ་ན་ཡིན་པར་བསྟན་པ་ནི། ཉེས་པ་དང་བྲལ་བའི་ཐུགས་ཞེས་བྱ་བའོ། །གྲོལ་མེད་མ་ཡིན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་ལྟོས་ནས་གྲོལ་བ་མེད་པ་མ་ཡིན་གྱི་འོན་ཀྱང་གྲོལ་བ་ཁོ་ན་ཡིན་ནོ། །མ་གྲོལ་བའི་ངོ་བོ་ནི་འདི་

ཡིན་ཏེ་སྔོན་གྱི་འདུ་བྱེད་པའི་ཕུང་པོ་རྣམས་ཟད་པ་ཡིན་ན་གཞན་དག་མཚམས་སྦྱོར་བ་ཡིན་ལ། འདི་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་མི་མངའོ། །དེའི་ཕྱིར་མ་གྲོལ་བ་མ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་མཚམས་སྦྱོར་བ་དང་ལྡན་པ་ཡིན་ཡང་། སྙིང་རྗེའི་དབང་གིས་ཉེས་པ་

མེད་པ་ཁོ་ན་ཡིན་གྱི། འཁོར་བ་བའི་འགྲོ་བ་ལྟ་བུ་མ་ཡིན་པར་བསྟན་པ་ནི། ནུས་པ་མ་ཟད་པ་སྟེ། སྔ་མ་ཟད་ཀྱང་གཞན་འབྱུང་བའི་ཕྱིར་བཞུགས་པ་ནི་འཚོ་བའོ། །ཡང་ན་སྔ་མ་ནི་ཉན་ཐོས་ལ་ལྟོས་པའོ། །ཕྱི་མ་ནི་བཅོམ་ལྡན་འདས་ལ་ལྟོས་པའོ། །འདུ་བྱེད་ཀྱི་སྒྲ་ནི་དགེ་བའི་གནས་པ་

ཡིན་ནོ། །འདུ་བྱེད་པ་ཡོད་པ་དང་མེད་པ་དག་ཁོ་ནས་གནས་པ་དང་གནས་པ་མ་ཡིན་པ་འབའ་ཞིག་ནི་མ་ཡིན་ཏེ། སྙིང་རྗེ་ཡོད་པ་དང་མེད་པ་དག་ལས་ཀྱང་འབྱུང་བ་ཡིན་པར་བསྟན་པ་ནི། དམན་པ་ཉིད་ཕྱིར་ཞེས་བྱ་བའོ། །སེམས་ཅན་གཞན་གྱི་ངོ་བོར་ནི་གཞན་གྱི་དབང་གིས་སོ། །བདག་

ཏུ་ལྟ་བ་ཁོ་ན་གཏི་མུག་མ་ཡིན་ཏེ། རྒྱུན་དུ་ཞུགས་པ་ལས་དེ་མེད་ཀྱང་གཏི་མུག་ཁས་ལེན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ལམ་གྱི་ནུས་པ་ཡིན་ན་ཞེས་བྱ་བའོ། །འདི་ལ་རྒོལ་བ་རྗེས་སུ་བརྗོད་ནས་ལན་བརྗོད་པ་ནི། རྒྱུན་དུ་ཞུགས་པ་ལ་ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བ་ཡོད་ཀྱང་།

གཏི་མུག་གཞན་དུ་ཡོད་པར་རྟོག་པ་ལ་ཚད་མ་མེད་དོ་ཞེས་བསྟན་པ་ནི། ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །ཞེས་བྱ་བ་ནི། བདག་ཏུ་ལྟ་བ་ཡང་མངོན་པར་སྦྱངས་པ་ནི་རྒྱུན་དུ་ཞུགས་པའི་ལམ་གྱིས་སྤང་བྱ་ཡིན་གྱི། ལྷན་ཅིག་སྐྱེས་པས་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཉིས་པོ་འདི་

เล่ม ๑๘๐ · หน้า 338b

ནི་གཏི་མུག་གཞན་དུ་རྟོག་པ་འཇོམས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་པོ་རྣོན་པོའི་ཡང་རྣོན་པོ་ཁ་ཅིག་ནི་དང་པོའི་ལམ་ཉིད་དུ་གཏི་མུག་གཉི་ག་སྤངས་པ་ཉམས་སུ་མྱོང་བ་ཡིན་པས་སྲེད་པ་མེད་པ་ཡིན་པར་བསྟན་པ་ནི། སྤངས་ན་ཡང་ཞེས་བྱ་བའོ། །ལམ་གྱི་དང་པོ་ལ་གསལ་པོ་

མ་ཡིན་པར་བསྟན་པ་ནི། བདེ་བ་མཐོང་བ་ཙམ་ཉིད་ལ། །ཞེས་བྱ་བའོ། །བཟློག་པ་ནི་བདག་མེད་པའོ། །བསྟན་པ་ནི་ཆེན་པོར་འགྱུར་བའོ། །བསྒོམ་པའི་ལམ་ཉིད་ཀྱིས་ཞེས་བྱ་བ་ནི་གོམས་པ་ལས་བྱུང་བའི་བསྟན་པ་ཉིད་ཀྱིས་སོ། །གང་གི་འདོད་པས་ཞེས་བྱ་བ་ནི་དབང་པོ་རྣོན་པོའི་ཡང་རྣོན་པོ་སྟེ།

དེ་བསྟན་པ་ནི། ཤེས་རབ་རྣོན་པོའི་ཞེས་བྱ་བའོ། །མངོན་པར་སྦྱངས་པ་ལས་ལྷན་ཅིག་སྐྱེས་པའི་དངོས་པོ་མེད་ན་རྒྱུ་དང་རྣམ་པ་དག་གིས་ཐ་མི་དད་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའོ། །རྣམ་པ་ཐ་མི་དད་ཀྱང་བག་ཆགས་ཙམ་ལས་བྱུང་བ་ཉིད་ཀྱིས་

རྒྱུ་ཉེ་བར་སྟོན་པ་པོ་ཐ་དད་པ་ལས་ལྷན་ཅིག་སྐྱེས་པ་ཐ་དད་པར་བསྟན་པ་ནི། བདེ་བར་གྱུར་བ་འམ་ཞེས་བསྟན་པའོ། །དེ་བཞིན་དུ་མངོན་པར་སྦྱངས་པའི་ལས་ནི་མ་ཡིན་ཏེ། དེ་མེད་ཀྱང་བསྟན་བཅོས་ཤེས་པ་རྣམས་དང་རྒྱུན་དུ་ཞུགས་པའང་ཡོད་པའི་ཕྱིར་རོ། །འོན་ཏེ་དེ་རྣམས་ཉེ་བར་སྟོན་པ་

མེད་པས་བདག་གོ་ཞེས་བྱ་བ་ཁོ་ནར་མི་འགྱུར་རོ་ཞེས་ཟེར་བ་ལ། ངང་ཞེས་མཐོང་བ་མེད་པར་ནི་དེ་རྣམས་ཀྱི་བདག་ཏུ་ལྟ་བའི་རྣམ་པའི་བདག་ལ་ཆགས་པ་ཉིད་ཉམས་སུ་མྱོང་བ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ཉམས་སུ་མྱོང་བ་ལ་བྱེད་པ་ནི་འབྲས་བུའི་རྟགས་ཡིན་པར་བསྟན་པ་ནི།

བདག་ལ་སྲེད་པ་མེད་པར་ཡང་། །ཞེས་བྱ་བའོ། །རྒྱུའི་དབྱེ་བ་ཉིད་བསྟན་པ་ནི། ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་ཞེས་བྱ་བའོ། །ལམ་གྱི་དང་པོ་ལ་ལྷན་ཅིག་སྐྱེས་པ་མ་སྤངས་པས་ཐར་པ་མ་ཡིན་ཞེས་ཟེར་བས་ཐར་པ་ལ་ཉོན་མོངས་པ་མེད་པར་བརྗོད་པ་ཡིན་པར་བསྟན་པ་ནི། འདིས་ནི་

ཞེས་བྱ་བའོ། །བདག་ཏུ་སྨྲ་བ་ཡོངས་སུ་མགུ་བ་མེད་པས་གྱ་ནོམ་པ་མ་ཡིན་པའི་ཐར་པ་ཡིན་ནོ། །དེའི་ཕྱིར་བདག་ཁས་ལེན་པ་ཉིད་གྱ་ནོམ་པའི་ཐར་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་བདག་ཡོད་ན་ཞེས་བྱ་བའོ། །བདག་ཁས་ལེན་ན་ཐར་པ་ཉིད་དུ་མི་འགྱུར་བ་བསྟན་པ་ནི། སྡུག་བསྔལ་སྐྱེ་

เล่ม ๑๘๐ · หน้า 339a

བའི་ཞེས་བྱ་བ་སྟེ། འཁོར་བ་སྐྱེ་བའོ། །བཅིངས་པ་དང་ཐར་པ་དག་གིས་བདག་དང་འབྲེལ་པ་ནི་རྒྱུ་ཉིད་ཁོ་ན་ཡིན་ལ། དེ་ནི་རྟག་པ་ལ་མི་སྲིད་དོ། །འདུ་བ་དང་ཕྲད་པ་དག་ཀྱང་དེ་ཡོད་པ་དང་མེད་པའི་དུས་དག་ལ་ཁྱད་པར་མེད་པས་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་

ཏོ། །རྟོགས་པ་དང་ལྡན་པ་ཡང་རྨོངས་པའི་དབང་གིས་བྱེད་པ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་འདི་ཞེས་བྱ་བའོ། །བདག་ཤེས་པ་ནི་དེ་ཉིད་ཤེས་པ་ཡིན་ཏེ། རྨོངས་པའི་དུས་ན་གལ་ཏེ་མེད་པ་ཡིན་ན་མི་དམིགས་པ་ཉིད་འདིའི་མེད་པ་སྒྲུབ་པ་ཡིན་པར་བསྟན་པ་ནི། དེའི་ཚེ་བདག་ཉིད་ཅེས་བྱ་

བའོ། །དེའི་རང་བཞིན་ནི་གཏི་མུག་ཉིད་དོ། །སྡུག་བསྔལ་བ་ཡང་གཏི་མུག་གིས་མ་ཡིན་ཏེ། འོན་ཀྱང་ལས་ཀྱིས་བསྟན་པ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་བདག་ཉིད་ཤེས་ཀྱང་ཞེས་བྱ་བའོ། །རྣམ་པར་རྟག་པ་མི་འཐད་པའི་ཕྱིར་བཅིངས་པ་མ་ཡིན་པར་བསྟན་པ་ནི། གལ་ཏེ་འདི་

ཞེས་བྱ་བའོ། །གཞན་གྱི་དངོས་པོ་མེད་ཀྱང་ཞེས་བྱ་བ་ནི་སྡུག་བསྔལ་མེད་པའི་རང་བཞིན་མེད་པ་ནི་སྡུག་བསྔལ་གྱི་རང་བཞིན་ཉིད་དོ། །རིག་པ་མ་ཡིན་པས་བདག་དང་བདག་ཅེས་བྱ་བའི་འཁྲུལ་པ་མ་གཏོགས་པའི་བདག་རིགས་པ་མ་ཡིན་ནོ། །གལ་ཏེ་ཡོད་པའི་བདག་ཉིད་ཀྱི་མཐའ་

ཐམས་ཅད་དུ་རྗེས་སུ་འཇུག་པ་ཡིན་ནོ་ཞེས་ཟེར་བ་ནི། དེའི་རང་བཞིན་རིག་ཅེ་ན། ཞེས་བྱ་བའོ། །དགའ་བའི་ངོ་བོ་ཚངས་པ་ཡིན། །ཞེས་བྱ་བ་འདི་ལ། གལ་ཏེ་ཐར་ཀྱང་བདེ་ཉིད་ལ། ཞེས་སྨོས་སོ། །བདག་མེད་པ་ཁས་ལེན་པ་གྱ་ནོམ་པ་ཉིད་ཡིན་པར་བསྟན་པ་ནི། ཡོངས་སུ་ཚིམ་

པ་ཞེས་བྱ་བ་སྟེ། ནོན་པ་མེད་པ་ནི་བདག་དང་བདག་གིར་སྒྲོ་འདོགས་པ་མེད་པའི་ཕྱིར་རོ། །མི་རིགས་པ་མེད་པ་ནི་རྟག་པ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་ང་སྔོན་གྱུར་ཏོ་ཞེས་བྱ་བ་ནི་དཔེར་ན་སྐྱེ་བོ་ལ་ཕན་པའི་རྒྱལ་པོ་ཞེས་བྱ་བར་རོ། །རྟག་པ་བཞིན་དུ་བརྗོད་བྱ་མ་ཡིན་པ་ཡང་ཁས་བླངས་པར་འོས་

པ་མ་ཡིན་ཏེ། རིགས་པ་དང་འགལ་བའི་ཕྱིར་རོ་ཞེས་བསྟན་པ་ནི། མི་རྟག་པ་ཉིད་དུ་ཞེས་བྱ་བ་སྟེ། རྟག་པ་ཉིད་ལ་སོགས་པ་དང་འགལ་བའི་རིམ་པ་དང་ཅིག་ཅར་བ་ཉིད་ཀྱིས་བྱེད་པ་པོ་ལ་ཁྱབ་པ་ནི་མི་རྟག་པ་ཉིད་དུ་རྣམ་པར་གནས་པ་ཡིན་པའི་ཕྱིར་མི་རྟག་པ་ཉིད་ཀྱིས་ཀྱང་ཁྱབ་པ་ཡིན་ཞེས་བྱ་བའི་

เล่ม ๑๘๐ · หน้า 339b

དོན་ཏོ། །འོན་ཏེ་བཅིངས་པ་དང་ཐར་པ་དག་ཅེས་བྱ་བ་ལ་སོགས་པ་ནི་གཉི་གའི་བདག་ཉིད་མེད་པའི་རྒྱུ་ཡིན་ནོ་སྙམ་དུ་སེམས་པའོ། །གཉི་གའི་བདག་ཉིད་ཀྱིས་ཏེ་བཟློག་པ་ལ་ནི་གཞན་དུ་གྲུབ་པ་ཉིད་ཀྱི་གཏན་ཚིགས་བསྟན་པ་ནི། རྟག་དང་མི་རྟག་ཅེས་བྱ་བའོ། །མི་འཇིག་པ་འཇིག་པ་དང་

འགལ་བ་ཡིན་པར་བསྟན་པ་ནི། གང་གི་རང་བཞིན་ཞེས་བྱ་བའོ། །གལ་ཏེ་ཁོ་བོ་ཅག་གི་འདོད་པ་ལས་བཟློག་པ་བརྗོད་པར་བྱ་བར་ངེས་པ་ཡིན་ནོ། །རྟག་པ་ཡིན་ཞེས་བྱ་བར་བརྗོད་བྱ་ཡིན་པར་བསྟན་པ་ནི། དེ་ནི་རྟག་པ་ཞེས་བྱ་བའོ། །རྟག་པ་དང་ཅིག་ཤོས་འགལ་བར་ཚད་མས་གྲུབ་པར་བྱེད་

པར་འདོད་པས་བསྟན་པ་ནི། ཞིག་པ་དང་མ་དམིགས་པ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་སྔོན་མཐོང་བ་ད་ལྟར་སྣང་བཞིན་བ་དང་གཅིག་པ་ཉིད་དུ་དེ་ཉིད་ཡིན་ནོ་ཞེས་ཤེས་བཞིན་དུ་ཇི་ལྟར་གཞན་དུ་མ་ཡིན་སྙམ་དུ་སེམས་པ་ནི། གཅིག་ཉིད་དུ་རྟོགས་བཞིན་པ་ནི་ཞེས་བྱ་བའོ། །གང་ཞིག་

ཅེས་བྱ་བ་ནི་མཐོང་བའིའོ། །གཅིག་ཉིད་དུ་ཞེས་བྱ་བ་ནི་སྣང་བཞིན་པ་དང་། ལྷན་ཅིག་རྟོགས་པ་དེ་ཉིད་འདི་ཡིན་ཞེས་བྱ་བའོ། །དེ་ནི་མཐོང་བའོ། །མ་རྟོགས་པ་ཞེས་བྱ་བ་ནི་མེད་པ་དང་མ་སྐྱེས་པའི་ངོ་བོ་ནི་འགལ་བ་ཡིན་ཏེ། མཐོང་བ་ལས་མ་རྟོགས་པ་ནི་མཐོང་བ་ནི་མ་རྟོགས་པ་ཡིན་ནོ་ཞེས་ཟེར་བ་ནི།

འོན་ཏེ་གཞན་རྟོགས་པ་ཞེས་བྱ་བའོ། །ལན་ནི་དེས་ན་མ་རྟོགས་པ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། གཞན་རྟོགས་པའི་ངོ་བོ་ཡིན་ཏེ། གཅིག་ཉིད་དུ་རྟོགས་པར་ཁས་བླངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་ད་ལྟར་བའོ། །གཞན་ཞེས་བྱ་བ་ནི་རྟོགས་པ་ཉིད་དོ། །དེའི་མཐོང་བ་མ་

རྟོགས་པ་ཞེས་རྒོལ་བའོ། །འདི་ཡང་ད་ལྟར་བ་ཉིད་མཐོང་བ་ཡིན་པ་ཞེས་བྱ་བ་འདིས་འགལ་བ་ཡིན་པར་བསྟན་པ་ནི། དེ་ལྟར་ན་འོ་ན་ཞེས་བྱ་བ་སྟེ། སྔ་མ་གང་ཡིན་པ་དེ་ཉིད་འདི་ཡིན་ན། དེ་ལ་ལྟོས་ནས་ཀྱང་གཞན་ཡིན་པའི་རང་ཉིད་ཁོ་ན་ལ་ལྟོས་ནས་དེ་གཞན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་

ཡང་མི་རུང་ངོ་ཞེས་བྱ་བ་ནི་འགལ་བའོ། །འགལ་བ་ཉིད་བསྟན་པ་ནི་གཞན་པ་ཉིད་དུ་ཞེས་བྱ་བ་སྟེ། གཞན་པ་ཉིད་ནི་དབྱེ་བའོ། །གལ་ཏེ་འདི་སྔར་མཐོང་བ་ལས་གཞན་པ་ཡིན་ན། གཞན་མ་ཡིན་པ་ཁོ་ནར་མི་འགྱུར་ཞེས་བྱ་བ་ནི་དབྱེ་བ་ཡིན་ཏེ། གཅིག་ཉིད་དེ་རྟོགས་པ་ནི་མ་ཡིན་ནོ། །གཞན་

เล่ม ๑๘๐ · หน้า 340a

དུ་ཞེས་བྱ་བ་ནི་དམིགས་པའོ། །འོན་ཏེ་སྔ་མ་དང་ཕྱི་མ་དག་གི་ཁྱད་པར་ཐ་དད་པ་དག་ལ་གཅིག་ཏུ་རྗེས་སུ་འཇུག་པའི་ངོ་བོ་ནི་དེ་དང་མ་བྲལ་བར་རྟོགས་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གཅིག་ཉིད་ཅེས་བྱ་བའོ། །བྲལ་བ་ཞེས་བྱ་བ་ནི་དུས་གཅིག་ལ་གཞན་མེད་པའོ། །དེ་ཉིད་ཀྱི་

ཞེས་བྱ་བ་ནི་རྒོལ་བའོ། །ལན་ནི་ཇི་ལྟར་གཅིག་ཅན་ཞེས་བྱ་བའོ། །དེ་བཞིན་ཞེས་བྱ་བ་ནི་མ་བྲལ་བ་དང་བྲལ་བའི་ངོ་བོ་སྟེ། སྔ་མའི་ངོ་བོ་དང་མཚན་ཉིད་མི་མཐུན་པའི་ངོ་བོ་དང་ལྡན་པ་ཉིད་དེ་དང་བྲལ་བ་ཡིན་ཏེ། རིམ་གྱིས་འབྱུང་བ་ཡིན་པའི་ཕྱིར་དེ་དག་ལ་རིམ་པ་མེད་པ་རིམ་གྱིས་འབྱུང་བར་མི་རིགས་

སོ་ཞེས་བྱ་བའི་དོན་ཏོ། །རིམ་པ་མ་ཡིན་པ་ཡང་སྣང་བཞིན་པ་ནི་དུས་དང་ཡུལ་གཅིག་པ་མ་ཡིན་པའི་ཕྱིར། སྔ་མ་དང་ཕྱི་མའི་ངོ་བོ་ལ་ཁྱབ་པར་བྱེད་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། སྔ་ཕྱིའི་རང་བཞིན་མ་རྟོགས་ན། །ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་ངོ་བོ་དང་ལྡན་པའི་བདག་ཉིད་དང་བྲལ་བའི་

ངོ་བོ་སྣང་བ་ཉིད་དེ་ལས་གཞན་པའི་སྣང་བ་ཡིན་ཏེ། ཉེ་བར་སྣང་བའི་ངོ་བོ་ཡིན་ཞེས་བྱ་བའི་དོན་ཏོ། །སྔ་མའི་ངོ་བོ་དང་ལྡན་པ་ཕྱི་མའི་ངོ་བོ་དང་ལྡན་པར་མཐོང་བའི་དུས་སུ་མ་མཐོང་བ་ནི་ཐ་དད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། ཐ་སྙད་དེའི་རྒྱུ་མཚན་ནི་དེ་ཙམ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། མཐོང་བ་

དང་མ་མཐོང་བར་ཞེས་བྱ་བ་སྟེ། མཐོང་བ་ཞེས་བྱ་བ་ནི་མཐོང་བའི་ངོ་བོའོ། །མཐོང་བའི་ཡུལ་གྱི་དངོས་པོ་ནི་བཟློག་པ་དང་འགལ་བ་ཡིན་པར་བསྟན་པ་ནི། གཅིག་ཕྱིར་ཞེས་བྱ་བ་སྟེ། རྟག་པ་མེད་པ་ལ་དགོངས་པའོ། །དེ་ནི་འདི་ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་མཐོང་བ་དང་། སྣང་བཞིན་པ་

དག་ལ་གཅིག་ཏུ་ཞེན་པ་ནི་དྲན་པའི་མངོན་སུམ་གྱི་ངོ་བོ་ཡིན་ལ། དྲན་པ་དང་དབང་པོ་ལ་སོགས་པའི་ཚོགས་པ་ལས་བྱུང་བ་ཡིན་ན་ཞེས་བྱ་བའི་བསམ་པས་དོགས་པ་ནི། ཡང་ནས་ཡང་དུ་ཞེས་བྱ་བའོ། །ལན་ནི། དྲན་པ་ཚད་མ་མ་ཡིན་པའི་ཕྱིར་ཞེས་བྱ་བའོ། །གཟུང་བ་ཙམ་འཛིན་པ་ནི་དྲན་པ་ཡིན་

ལ། འདི་ནི་དེ་ལྟ་མ་ཡིན་ཏེ། མ་བཟུང་བ་ཡང་སྔ་མ་དང་ཕྱི་མ་དག་གཅིག་ཏུ་འཛིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། མ་རྟོགས་པ་ནི་ཞེས་བྱ་བ་སྟེ། འདི་ཡང་སྔར་མཐོང་བ་ཉིད་ཀྱིས་བཟུང་བ་ཡིན་ཏེ། གཅིག་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་གཅིག་ཡིན་པ་དང་སྔར་བཟུང་བ་ཉིད་དུ་ནི་བདེན་

เล่ม ๑๘๐ · หน้า 340b

མོད་ཀྱི། དེ་ནི་ད་ལྟར་གྱི་དུས་ན་ཡོད་པ་ཉིད་སྔར་བཟུང་བ་མ་ཡིན་ཏེ། དེའི་དུས་ན་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ད་ལྟར་ཡོད་པ་ཉིད། །ཅེས་བྱ་བའོ། །སྔོན་དང་ཕྱིས་འབྱུང་བའི་དུས་ཞེས་བྱ་བ་འགའ་ཡང་མེད་དོ། །འོ་ན་ཅི་ཞེ་ན། དཔྱིད་དང་དགུན་ལ་སོགས་པ་ཉིད་ཡིན་ལ།

དཔྱིད་དང་འབྲེལ་པའི་དངོས་པོ་འཛིན་པ་ཡིན་ན་དགུན་དང་འབྲེལ་པ་འཛིན་པ་མ་ཡིན་ཏེ། ཅིག་ཅར་བ་མ་ཡིན་པའི་ཕྱིར་རོ། །འབྲེལ་པ་ཅན་མ་བཟུང་ན་འབྲེལ་པ་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དངོས་པོའི་ཆ་དྲན་པའི་ཕྱིར་སྔར་ཉིད་བཟུང་བ་ཡིན་པས་དེ་ལ་དྲན་པ་དང་འབྲེལ་པ་ལ་ཚད་མ་

གཞན་མངོན་སུམ་ཉིད་ཡིན་པའི་ཕྱིར་ཇི་ལྟར་སྔར་མཐོང་བ་ངོ་ཤེས་པའི་ཚད་མ་ཡིན་ནོ། །དེ་བསྟན་པ་ནི། ཐ་དད་མེད་ཕྱིར་ཞེས་བྱ་བ་སྟེ། དངོས་པོའི་ཆ་དྲན་པ་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ། །སྔ་མ་འམ་ཕྱི་མ་རུང་བ་མཐོང་བ་ནི་དུས་རིང་མོ་ཡིན་པས་དངོས་པོ་རྟོགས་པའི་ནུས་པ་མེད་པའི་ཕྱིར་མི་

རྟོགས་པ་མ་ཡིན་ནམ། འོན་ཀྱང་རང་གི་དུས་ནི་ཡིན་ཏེ་གཅིག་པ་ཉིད་དུ་སྔར་མཐོང་བ་ངོ་ཤེས་པ་ཉིད་ཀྱིས་རྟོགས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། མཐོང་ཟིན་ཉིད་ཅེས་བྱ་བ་སྟེ། སྔར་དང་ཕྱིས་མཐོང་བ་དག་གིས་རང་གི་དུས་ཀྱི་ངོ་བོ་རྣམ་པར་འཇིག་པ་ཡིན་པའི་ཕྱིར། དེས་གནོད་པའི་སྔར་མཐོང་བ་

ངོ་ཤེས་པ་ནི་བག་ཆགས་ཀྱི་ནུས་པ་ལ་བརྟེན་པ་ཡིན་གྱི་གཅིག་ཉིད་དུ་སྡུད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔར་མཐོང་བ་ངོ་ཤེས་པ་ནི་སྔར་དང་ཕྱིས་མཐོང་བ་དག་ཅིག་ཅར་རྟོགས་པས། སྔ་མ་དང་ཕྱི་མ་དག་ཉིད་རྟོགས་པ་མ་ཡིན་ནམ། དེའི་ཕྱིར་དེ་དག་གིས་འདི་ལ་གནོད་པ་མ་ཡིན་ཏེ། འགལ་

བ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། སྔ་ཕྱིའི་ཤེས་པ་ལས་ཤེ་ན་ཞེས་བྱ་བའོ། །ཤེས་བྱ་བཞིན་དུ་ཤེས་པ་ཡང་སྔར་མཐོང་བ་ངོ་ཤེས་པ་ལས་ངོ་ཤེས་པ་གཅིག་ཉིད་ཡིན་པའི་ཕྱིར། སྔ་མ་དང་ཕྱི་མ་དག་ཏུ་རྟོགས་པ་ནི་ཚད་མ་ལས་མ་ཡིན་པར་བསྟན་པ་ནི། དེ་དག་ཅེས་བྱ་བའོ། །རང་རིག་པ་ལ་ནི་སྔ་མ་

དང་ཕྱི་མ་ཉིད་ཤེས་པའམ་ཤེས་བྱ་ལ་མི་སྲིད་པར་བསྟན་པ་ནི་རྟོགས་མི་འགྱུར་ཞེས་བྱ་བའོ། །གཞན་གྱི་ཞིག་པ་ཡིན་ཡང་ཉེ་བར་འཛིན་པའི་ཕྱིར་སྔ་མས་ཕྱི་མའམ། དེས་སྔ་མ་འཛིན་པ་མ་ཡིན་པར་བསྟན་པ་ནི། མེད་པ་ནི་ཞེས་བྱ་བའོ། །མེད་པ་ནི་འཛིན་པར་བྱེད་པའི་དུས་ན་ཉེ་བ་མ་ཡིན་པའོ། །སྔ་མའམ་

เล่ม ๑๘๐ · หน้า 341a

ཕྱི་མ་ཡང་རུང་ཕན་ཚུན་ཐ་དད་པ་མ་ཡིན་པ་མ་ཡིན་ནམ། གཅིག་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། མྱོང་བ་དེ་དག་གཅིག་ཡིན་ན། ཞེས་བྱ་བའོ། །གལ་ཏེ་ཡང་མངོན་སུམ་བྱད་པ་ལ་སྔ་མ་དང་ཕྱི་མ་ཉིད་མ་ཡིན་ཡང་རྣམ་པར་རྟོག་པ་ལ་སྣང་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་

པ་ནི། གལ་ཏེ་སྔ་མ་ཉིད་མེད་ན། །ཞེས་བྱ་བའོ། །རྣམ་པར་རྟོག་པ་ནི་མངོན་དུ་བྱེད་པའི་ངོ་བོ་རྟོགས་པ་མ་ཡིན་ལ། དྲན་པའི་ངོ་བོ་ནི་བག་ཆགས་ཀྱི་སྟོབས་ཁོ་ན་ལས་དམིགས་པ་ཡིན་པར་བསྟན་པ་ནི། མངོན་དུ་བྱེད་ཉིད་མ་ཡིན་པས། །ཞེས་བྱ་བའོ། །ཞེན་པས་འཛིན་པ་ནི་རྣམ་པར་རྟོག་པ་

རྣམས་ལ་ཡོད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། ལན་ནི་སྔོན་དུ་བྱེད་པ་ཉིད། །ཅེས་བྱ་བ་སྟེ། ཕྱིན་ཅི་ལོག་ཏུ་ཞེན་པས་ནི་མ་ཡིན་ནོ། །རྒྱུ་ཉིད་ནི་གཟུང་བ་ཉིད་ཡིན་ལ་འབྲས་བུ་ཉིད་ནི་འཛིན་པ་ཉིད་མ་ཡིན་ནམ་རིག་པ་ཤེས་པ་བཟུང་བ་ནི། རྒྱུ་ཉིད་ཁོ་ནར་རྟོགས་པ་ཡིན། །ཞེས་བྱ་བའོ། །དེ་འདི་

ནི་དྲན་པ་ལ་ཡང་མ་ཉམས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དོན་ལས་དྲན་པ་ཞེས་བྱ་བ་སྟེ། དྲན་པ་ལ་ནི་མྱོང་བ་ཁོ་ན་ནུས་པ་ཅན་ཡིན་ཏེ། དེའི་བག་ཆགས་དང་རྗེས་སུ་འབྲེལ་པ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །མྱོང་བ་ནུས་པ་ལས་བྱུང་བའི་དྲན་པ་དེ་ནི་དེའི་བྱ་བའི་ཡུལ་ཙམ་ལས་ཞེན་པ་ཡིན་གྱི།

སྔ་མ་ཉིད་ལ་སོགས་པ་ཉིད་ནི་མ་ཡིན་ཏེ། འདི་ནི་མྱོང་བས་འཛིན་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་མྱོང་བ་སྔ་མས་ཞེས་བྱ་བའོ། །དེའི་ཕྱིར་སྔ་མ་ཉིད་ལ་སོགས་པར་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་རྟོགས་པར་བྱ་བ་ཡིན་པར་བསྟན་པ་ནི། འདས་པ་མངོན་དུ་བྱས་པ་ཞེས་

བྱ་བའོ། །འདི་ཙམ་གྱིས་སྔ་མ་དང་ཕྱི་མ་དག་གི་རྗེས་སུ་འཇུག་པ་གཅིག་གི་ངོ་བོ་བསལ་ནས། ད་ནི་སྔ་མ་དང་ཕྱི་མ་ལ་གནས་པའི་གཅིག་ཉིད་དུ་འདོད་པ་ཚད་མ་ཅན་མ་ཡིན་པའི་ཕྱིར་སེལ་བར་བྱེད་པ་བསྟན་པ་ནི། འོན་ཏེ་སྐྱེ་འཇིག་ཅེས་བྱ་བའོ། །འདི་ཉིད་ཀྱི་འབྲེལ་པ་ཉིད་ཅེས་བསྟན་པ་ནི། གང་ཚེ་ཞིག་པ་

ཞེས་བྱ་བའོ། །ཡོད་པ་ནི་སྐྱེ་བ་དང་ལྡན་པ་ཡང་ཞིག་པ་མེད་པ་སྟེ། རབ་ཏུ་ཉམས་པར་འགལ་བ་ཡིན་ཞེས་བྱ་བའི་དོན་ཏོ། །སྔར་རྟོགས་པའི་བརྟན་པ་དང་སྐྱེ་བ་དག་ལ་ཡུལ་ཉེ་བའི་མངོན་སུམ་གྱིས་བསྟན་པར་མི་རིགས་པ་ཁོ་ན་ནི་བརྟན་ལའང་ཞེས་བྱ་བའོ། །ལམ་གྱི་ཞར་ལ་ཞེས་བྱ་བ་ནི་

เล่ม ๑๘๐ · หน้า 341b

ལམ་བསྟན་པས་ཞར་ལ་འགོག་པའི་རྣམ་པ་བཞི་པ་སྟེ། ངེས་པར་འབྱུང་བ་འདི་ལྟ་བུའི་ངོ་བོ་བསྟན་པ་ཡིན་ནོ། །བསྟན་ཟིན་ཞེས་བྱ་བ་ནི་དེའི་གནོད་བྱེད་ནི་བདག་མེད་མཐོང་བ་འགལ་བ་ཡིན་ཞེས་བྱ་བ་ངེས་སོ། །བདག་དང་བདག་གིར་འཛིན་པས་བྱས་པའི་ཆགས་པ་གཞོམ་པར་ནི་གནས་གྱུར་པ་

ནི་བདག་མེད་པ་མཐོང་བ་གོམས་པ་ལས་གྱུར་པ་ཡིན་པར་བསྟན་པ་ནི། དེ་གོམས་པ་ལས་ཞེས་བྱ་བའོ། །ཇི་ལྟར་བདག་དང་བདག་གིར་འཛིན་པ་གོམས་པ་བདག་ཏུ་གྱུར་པ་ཁོ་ན་ཡིན་ཡང་། བདག་མེད་པ་དང་འགལ་བ་ཅན་ཡིན་པ་དེ་བཞིན་དུ། འདི་བདག་ཏུ་གྱུར་པ་ཡིན་ཡང་བདག་ལ་སོགས་པ་

འཛིན་པ་དང་འགལ་བར་འགྱུར་བ་ཁོ་ན་ཡིན་ན། ཇི་ལྟར་གནས་གྱུར་པ་ཡིན་ཏེ་འགལ་བར་ཁྱད་པར་མེད་དོ་སྙམ་དུ་སེམས་པ་ནི་བདག་གྱུར་ཀྱང་ཞེས་བྱ་བ་སྟེ། ལམ་གྱི་སྐྱོན་བདག་ཏུ་འཛིན་པ་ལ་སོགས་པ་རྣམས་འབྱུང་བ་ནི་སྐྱོན་གྱི་བདག་ཉིད་དུ་གྱུར་པ་ལ་ལམ་ལྟ་བུའོ། །ནུས་པ་མེད་པ་ནི་

བདག་ཏུ་འཛིན་པ་ལ་སོགས་པ་ཁྱབ་བདག་མ་ཡིན་པའི་ཕྱིར་རོ། །ལམ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་ལམ་ཡོད་ན་སྐྱོན་འབྱུང་བ་མི་རིགས་སོ་ཞེས་བྱ་བ་བཟློག་པ་ནི་ཡོན་ཏན་རྣམས་ལ་སྐྱོན་ཡོད་པས་གནོད་པའོ། །ཡོན་ཏན་རྣམས་ནི་ཞེས་བྱ་བ་ནི་བདག་མེད་པ་མཐོང་བའོ། །དངོས་པོའི་རང་བཞིན་

ཡིན་པའི་ཕྱིར་ནི་དངོས་པོའི་ཡུལ་ཉིད་ཀྱིས་སོ། །ཉེས་པ་རྣམས་ནི་ཞེས་བྱ་བ་ནི་བདག་ཏུ་འཛིན་པ་ལ་སོགས་པ་རྣམས་སོ། །བདག་ལ་སོགས་པར་འཛིན་པ་ཡང་རྣམ་པར་ཤེས་པ་ཡིན་ཏེ། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་ཕྱིར་རྒྱུ་དང་བཅས་པ་ཡིན་ལ་བདག་མེད་པར་མཐོང་བའི་དམིགས་

པའི་རྒྱུ་ཅན་ལས་ཐ་མི་དད་པ་མ་ཡིན་ནམ། དམིགས་པ་དང་བདག་པོའི་རྐྱེན་དག་ལ་ཁྱད་པར་ཅི་ཡང་མེད་ན། གང་གིས་གཅིག་གནོད་པ་ཅན་ཡིན་ལ་ཅིག་ཤོས་རྒྱུ་དང་བཅས་པ་ཡིན་ཡང་མ་ཡིན་ཞེས་འདྲི་བ་ནི། ཇི་ལྟར་ཞེ་ན་ཞེས་བྱ་བའོ། །ཁྱད་པར་བསྟན་པ་ནི་རྣམ་ཤེས་ཡུལ་འཛིན་པའི་ཆོས་ནི་རང་

བཞིན་ཡིན་ཏེ། གནོད་བྱ་མ་ཡིན་པའི་ཕྱིར་རོ། །ཉ་ཕྱིས་འཛིན་པ་བཞིན་དུ་ཡུལ་དང་བྲལ་བ་འཛིན་པའི་རྒྱུ་དང་བཅས་པ་ཡིན་ཡང་དངུལ་གྱི་ཤེས་པ་བཞིན་དུ་སྐྱེས་ནས་ཞིག་པ་ཡིན་ལ་རང་བཞིན་འདི་ནི་དེ་ལྟ་མ་ཡིན་ནོ། །ཅི་ལས་ཡིན་ཞེ་ན། ཇི་ལྟར་ཡོད་དེ་འཛིན་པ་དང་། །ཞེས་འཆད་པར་འགྱུར་བའོ་ཞེས་བྱ་བ་

เล่ม ๑๘๐ · หน้า 342a

ནི་གང་གི་ཕྱིར་ཞེས་བྱ་བ་དོན་དུ་ཡང་སྦྱར་རོ། །འདིས་ཀྱང་རྣམ་ཤེས་ལ་ཡོད་པ་གནོད་བྱ་མ་ཡིན་པ་ཉིད་ཀྱི་རྒྱུ་མཚན་བསྟན་པ་ཡིན་ནོ། །ཡུལ་ལ་ཡོད་པ་ཡང་བསྟན་པ་ནི། དེས་ཏེ་ཡུལ་འདིའི་སྟེ་རྣམ་ཤེས་ཀྱི་སྐྱེད་པར་བྱེད་པ་ཡིན་ནོ། །འཁྲུལ་པ་ལ་ཡང་དེ་མཚུངས་

ཡིན་པའི་ཕྱིར་ཁྱད་པར་དུ་བྱེད་པ་ནི་ཡོད་པའི་ནི་བདག་ཉིད་ཀྱི་སྟེ་རང་གི་བདག་ཉིད་རང་གི་རྣམ་པ་རྒོད་པས་སོ། །འཁྲུལ་པ་ལ་སྐྱེད་བྱེད་ཡིན་ཡང་རང་གི་བདག་ཉིད་ཀྱི་སྐྱེད་བྱེད་མ་ཡིན་ནོ། །འང་གི་སྒྲ་ནི་ཤེས་པ་ལ་ཡོད་པའི་རྒྱུ་མཚན་ལ་ལྟོས་པ་སྡུད་པའོ། །ཡིན་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་

དོན་ཏོ། །བདག་མེད་པ་མཐོང་བ་ལ་ཡང་རྒྱུ་མཚན་གཉིས་ཡོད་པའི་ཕྱིར་རང་བཞིན་ཁོ་ནར་བསྟན་པ་ནི། འདི་ཡང་ཞེས་བྱ་བའི་ཡང་གི་སྒྲར་བལྟ་བྱའོ། །འགྲེལ་པར་ཡང་འདི་ལྟ་བུར་གཏོང་བ་ཁོ་ནར་སྦྱར་བར་བྱའོ། །རྒྱུ་མཚན་འདི་གཉིས་དང་བྲལ་བའི་འཛིན་པ་ཙམ་ནི་གནོད་བྱ་ཡིན་པའི་ཕྱིར་

རང་བཞིན་མ་ཡིན་པར་བསྟན་པ་ནི། གཞན་ནི་དེའི་རང་བཞིན་ནོ་ཞེས་བྱ་བ་དང་སྦྱར་རོ། །རྐྱེན་གཞན་ཞེས་བྱ་བ་ནི་ཡུལ་ལ་ཡོད་པའི་རྒྱུ་མཚན་མེད་པར་བསྟན་པ་ཡིན་ནོ། །གོལ་འགྱུར་ཞེས་བྱ་བ་ནི་ཤེས་པ་རང་ལ་ཡོད་པའི་རྒྱུ་མཚན་མེད་པར་བསྟན་པ་ཡིན་ནོ། །བཟློག་པ་ལ་རྒྱུ་མཚན་འདི་གཉིས་

ཅི་ལས་རྟོགས་པ་ཡིན་ཞེས་ཟེར་བ་ལ། །ལྡོག་པ་ལ་ནི་སྟེ། ལྡོག་པའི་རྒྱུ་མཚན་དུའོ། །གང་གི་ཕྱིར་གནོད་པ་ཅན་གྱི་རྐྱེན་ལ་ལྟོས་པ་དེའི་ཕྱིར་མི་བརྟན་པ་ནི་རང་བཞིན་མ་ཡིན་པ་སྟེ་ངོ་བོ་མ་ཡིན་པའོ། །རང་བཞིན་མ་ཡིན་པའི་དཔེ་ནི། སྦྲུལ་གྱི་བློ་བཞིན་ཞེས་བྱ་བའོ། །རྩ་བ་མེད་པ་ཅན་ཡིན་པའི་

ཕྱིར་ཞེས་བྱ་བས་ནི་རང་གི་བདག་ཉིད་ཀྱིས་སྐྱེད་བྱེད་ཀྱི་ཡུལ་མེད་པར་བསྟན་པའོ། །བདག་ལ་སོགས་པར་འཛིན་པ་རང་བཞིན་མ་ཡིན་ན་སྐྱེད་པར་བྱེད་པ་མེད་པའི་ཕྱིར་མི་སྐྱེ་བ་ཁོ་ན་འགྱུར་བ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་ཐག་པ་ལ་སྦྲུལ་གྱི་བློ་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་ནི་རྒོལ་བ་ལ་བཤད་

པ་ནི་ཕྱོགས་གཞན་ནས་བསྟན་པའི་ལན་ཏེ། མི་རྟག་པ་ཉིད་ཅེས་བྱ་བ་ལ་སོགས་པ་ཡོད་པ་ལ་དམིགས་པར་བྱེད་པའི་ཕྱིར་ཡོད་པ་དམིགས་པ་ནི་ཐོག་མ་མེད་པའི་མ་རིག་པས་འདུས་བྱས་པ་དེས་ནང་གི་འཁྲུལ་པའི་རྒྱུ་བསྟན་པ་ཡིན་ནོ།། །དེ་ལྟར་ནི་མཐོང་བའི་ཡོད་པའོ། །དེ་དོགས་པ་ནི་དེས་

เล่ม ๑๘๐ · หน้า 342b

བསླུས་པ་ལམ་དེའི་རྒྱུ་ཡུལ་ལ་ཡོད་པར་བསྟན་པ་ནི། འདྲ་བ་ཞེས་བྱ་བའོ། །འམ་གྱི་སྒྲ་ནི་དང་གི་དོན་ཏོ། །ཁོ་བོ་སྨྲ་བ་ནི་གང་གི་ཚེ་མིག་མ་བཙུམས་པས་མཐོང་བ་དེའི་ཚེ། འདྲ་བ་གཞན་འབྱུང་བས་བསླུས་པ་ནི་མི་རྟག་པ་ཉིད་དུ་ངེས་པར་བྱེད་པ་མ་ཡིན་ནོ། །གནས་སྐབས་དེའི་འོག་ཏུ་ད་ལྟར་ཡུན་

རིང་པོར་འཚོ་བ་ཉིད་ཀྱི་རྟགས་མཐོང་བ་བཞིན་དུ་ཡོད་པ་ལ་དམིགས་པའི་ཕྱིར་ཡོད་པ་དམིགས་པར་དེས་ཏེ་དེ་ཡོད་པར་དོགས་པ་སྲིད་པ་ནི་རྗེས་སུ་དཔག་པ་ཡིན་ལ་དེས་བསླུས་པ་ཡིན་ནོ། །ཡོད་པས་ནི་ད་ལྟར་བ་ཉིད་ཀྱིས་དམིགས་པས་གཞན་དུ་མི་འཐད་པའི་ཕྱིར་སྔོན་ཡང་བྱུང་བར་གྱུར་ཏོ་ཞེས་བྱ་བས་དེ་ཡོད་པར་རྗེས་

སུ་དཔོག་པར་བསླུས་པ་ཡིན་ནོ། །རྟག་ཏུ་ཞེས་བྱ་བ་ནི་སྔོན་དང་ཕྱིས་ཀྱང་ངོ་། །ཡོད་པ་དམིགས་པ་ནི་ད་ལྟར་དམིགས་པས་རྒྱུ་འམ་འབྲས་བུ་ཉིད་དུ་སྲིད་པར་བྱེད་པས་མི་རྟག་པ་ཉིད་དུ་ངེས་པར་བྱེད་པ་མ་ཡིན་ནོ། །འགྲེལ་པ་མཛད་པས་ནི་གང་གི་ཚེ་སྔར་མཐོང་བའི་དངོས་པོའི་བར་དུ་མ་མཐོང་ལ་ཡང་སྣང་བ་དེའི་ཚེ་བར་དུ་

ཡོད་པ་སྲིད་པའི་ཕྱིར་མི་རྟག་པ་ཉིད་དུ་ངེས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། གང་གི་ཚེ་ཇི་སྲིད་དུ་ཞེས་བྱ་བའོ། །ཐ་སྙད་པ་རྣམས་ལ་ཡང་སོ་སོར་སྣང་བ་ཐ་དད་པ་ཡོད་པ་མ་ཡིན་ནམ། བདེན་མོད་ཀྱི་ཡོད་ཀྱང་ཐ་སྙད་པ་རྣམས་མཆོག་ཏུ་འཛིན་པ་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་སྙད་པ་ཞེས་

བྱ་བ་སྨོས་ཏེ། འདིས་ནི་དོན་བྱེད་པ་ཙམ་གྱིས་ཚིམ་པའི་ཕྱིར་སོ་སོར་སྣང་བ་ཐ་དད་པ་མཆོག་ཏུ་འཛིན་པ་མ་ཡིན་པ་ནི་དེ་ཁོ་ན་ཉིད་མ་མཚོན་པའི་རྒྱུ་ཡིན་པར་བསྟན་པ་ཡིན་ནོ། །འདྲ་བ་གཞན་དུ་འབྱུང་བ་ཡང་རྒྱུ་ཡིན་པར་བསྟན་པ་ནི། འདྲ་བ་གཞན་ཞེས་བྱ་བ་སྟེ། འདྲ་བ་ཉིད་ལ་གཅིག་ལ་སྒྲོ་འདོགས་པའི་རྒྱུ་མཚན་གྱི་དཔེ་

ནི་མཚེ་མ་ཞེས་བྱ་བའོ། །ཡོད་པ་ལས་དམིགས་པས་ཞེས་བྱ་བ་འདི་ལ་ཡང་འདྲ་བ་གཞན་འབྱུང་བ་ཡོད་པ་མ་ཡིན་པར་བསྟན་པ་ནི། སྔ་མར་ནི་ཞེས་བྱ་བའོ། །འདྲ་བ་གཞན་འབྱུང་བ་མེད་པ་ཉིད་འདོད་པའི་དབྱེ་བས་བསྟན་པ་ནི། གཞན་དང་གཞན་ཞེས་བྱ་བའོ། །འདོད་པ་གཞན་གྱིས་འདྲ་བ་གཞན་བྱུང་བ་བསྟན་

པ་ནི། ཡང་ན་མེ་དེ་ཉིད་ཅེས་བྱ་བ་སྟེ། མཐོང་བའི་རྗེས་སུ་འབྲང་བས་རྗེས་སུ་དཔག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྩྭ་ལ་སོགས་པ་གཞན་དང་གཞན་ཉེ་བར་ལེན་པ་ཡིན་པའི་ཕྱོགས་ལ་མེ་ལ་སོགས་པ་ཅི་ལས་སྐྱེ་བ་ཡིན་སྙམ་དུ་སེམས་པ་ནི། རིགས་མི་མཐུན་པ་ལས་ཞེས་བྱ་བའོ། །

เล่ม ๑๘๐ · หน้า 343a

འདོད་པ་འདི་གཉིས་ལ་བརྟེན་ནས་འདྲ་བ་གཞན་བྱུང་བས་བསླུས་པ་འམ་ཞེས་བྱ་བ་བརྟགས་པ་ཡིན་པར་བསྟན་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །ཡང་ན་དེ་མ་ཡིན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ཉམས་པ་དང་རྟག་ཏུ་རྒྱུན་མི་འཆད་པར་དམིགས་པ་ཞེས་བྱ་བ་

ཡང་ཡོད་པ་ལ་དམིགས་པ་ཞེས་བྱ་བ་དེའི་ཁྱད་པར་ཡིན་ལ། དམིགས་པ་ནི་བར་དུ་མ་དམིགས་ན་གང་གི་ཚེ་ཡང་དམིགས་པ་དེའི་ཚེ། འདྲ་བ་ལ་ཞེས་བྱ་བ་ལ་སོགས་པར་བལྟ་བར་བྱ་བ་ཡིན་པར་བསྟན་པ་ནི། གང་གི་ཚེ་བར་དུ་ཞེས་བྱ་བ་ལ་སོགས་པའོ། །ཤེས་པ་ཚད་མ་མ་ཡིན་པའི་ཕྱིར་

ཞེས་བྱ་བ་ནི་རྒྱུན་ཆད་པ་མཐོང་བས་རྣམ་པར་རྟོག་པའི་བག་ཆགས་ཙམ་ལས་བྱུང་བ་ལ་གནོད་པའི་ཕྱིར་རོ། །དོན་བྱེད་པར་དམིགས་པ་འབའ་ཞིག་གམ། འདྲ་བ་གཞན་འབྱུང་བ་ཡང་རུང་སྟེ། དེ་ཉིད་མི་མཚོན་པའི་རྒྱུ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཐོག་མ་མེད་པའི་མ་རིག་པའི་འདུ་བྱེད་ཉིད་ཀྱང་

ཡིན་པར་ཉེ་བར་བསྡུ་བ་ནི། དེའི་ཕྱིར་ནང་གི་ཞེས་བྱ་བའོ། །བདག་ཏུ་འཛིན་པ་ཡང་རང་བཞིན་ཁོ་ན་མ་ཡིན་ནམ། གང་གི་ཕྱིར་སེམས་ཉིད་ཡུལ་དང་དུས་རྣམ་པར་འཆད་པ་མ་ཡིན་པ་ནི་བདག་གམ་གཞན་པའི་ཕུང་པོ་དང་མཚན་ཉིད་མི་མཐུན་པ་ཡིན་ནོ་སྙམ་དུ་སེམས་པ་ལ། སེམས་འདིའི་ཞེས་

བྱ་བ་སྨོས་ཏེ། སྔ་མ་ཉིད་དང་ཕྱི་མ་དང་བྲལ་བའོ། །ཅི་ལས་ཤེ་ན། འདི་ནི་ཞེས་བྱ་བ་ནི་ཉེ་བ་མངོན་སུམ་པའོ། །རང་རིག་པ་ལ་ནི་དུས་ལ་སོགས་པ་མ་ཆད་པ་མ་ཡིན་ལ། འདིའི་གཟུང་བ་དེ་ཁོ་ན་འདྲ་བ་ཡིན་ཏེ། གཞན་དུ་ནི་དེས་རྟོགས་པར་མི་ནུས་པའི་ཕྱིར། དེ་ལྟ་ཡིན་ན་འདིའི་གྲུབ་པ་ཡིན་པར་བསྟན་པ་

པ་ནི། དྲི་མ་རྣམས་ནི་གློ་བུར་བ། །ཞེས་བྱ་བ་སྟེ། རང་བཞིན་མ་ཡིན་པའོ། །དྲི་མ་ནི་བདག་ཏུ་འཛིན་པ་ལ་སོགས་པའོ། །རྩ་བ་མེད་པ་ཅན་ནི་ཡུལ་མེད་པས་སོ། །གླེན་པའི་རྒྱ་ཙམ་དུ་ཟད་པ་ཡིན་པའི་ཕྱིར་ནི་མ་དཔྱད་པའི་མངོན་པར་འདོད་པ་ཙམ་ཡིན་པའི་ཕྱིར་ཏེ། རྣམ་པར་དཔྱད་ན་རང་རིག་

པ་ཙམ་ཉིད་ཡིན་པས་སྒྲོ་འདོགས་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བདག་ཏུ་གྱུར་པ་ལ་ཡང་སྐྱོན་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་རྒོལ་བ་སྤངས་པར་ཉེ་བར་བསྡུ་བ་ནི། དེ་ཕྱིར་སྔར་ཡང་ཞེས་བྱ་བ་སྨོས་ཏེ། བདག་གྱུར་པའི་སྔར་ནི་ཚུ་རོལ་མཐོང་བའི་གནས་སྐབས་ན་ཡང་ངོ་། །བདག་ཏུ་

เล่ม ๑๘๐ · หน้า 343b

གྲུབ་པའི་ལམ་གང་ལ་ཡང་ཁ་ཅིག་ཏུ་སྐྱོན་ཡིན་པ་ནི་དེ་ལ་ཡང་གནས་པ་ཅན་མ་ཡིན་ཏེ། གང་ལས་ཕུལ་དུ་བྱུང་བ་ཐོབ་པའི་ལམ་དེ་ཉིད་ཀྱིས་གནོད་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། ནུས་ཡོད་ན་ཡང་ཞེས་བྱ་བ་སྟེ། གནོད་པ་ཅན་ནི་ལམ་མོ། །ནུས་པ་ཉིད་ནི་ནུས་མཐུ་སྟེ་བག་ཆགས་ཀྱི་འདུ་

བྱེད་ཅེས་བྱ་བའི་དོན་ཏོ། །དེའི་སྙིང་པོ་ཅན་དངོས་ལ་ནི་སེམས་ལ་སྟེ། ནུས་པ་ཡང་སྐྱེས་པ་ཙམ་གྱིས་སོ། །ཡུན་དུ་ནི་རྒྱུན་གྱིས་འཕེལ་བའི་ནུས་པ་ཡིན་ཞེས་བྱ་བར་སྦྱར་རོ། །གལ་ཏེ་དད་པ་ཞེས་བྱ་བའི་རྒོལ་བ་ལ་ཚིགས་སུ་བཅད་པ་བཤད་པ་ནི་གལ་ཏེ་དེ་ཡང་ཞེས་བྱ་བའོ། །ཇི་ལྟར་བདག་

ཏུ་འཛིན་པ་ལ་སོགས་པའི་དྲི་མ་རྣམས་ནི་གོམས་པ་ལས་བྱུང་བ་ཡིན་ལ། འབད་པས་བཟློག་པར་བྱ་བ་ཡིན་པ་དེ་བཞིན་དུ་གོམས་པས་བདག་ཏུ་གྱུར་པའི་ལམ་ཡང་འབད་པས་བཟློག་བྱར་འགྱུར་རོ་ཞེས་ཟེར་བ་ལ་འཚེ་བ་མེད་པ་ཞེས་བྱ་བ་ནི་སྐྱོན་མེད་པའོ། །སྐྱོན་མཐོང་ན་གསལ་བའི་འབད་

རྩོལ་འབྱུང་བ་ཡིན་ན་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རྒྱུ་མེད་པ་ཡིན་ནོ། །ཡང་དག་དོན་དང་རང་བཞིན་ཞེས་བྱ་བའི་ཚིག་གཉིས་ནི་གསལ་བར་མི་ནུས་པ་ཉིད་དང་འབད་པ་མེད་པ་ལ་རྒྱུ་བསྟན་པ་ཡིན་ནོ། །ཕྱིན་ཅི་ལོག་གིས་ནི་མི་མཐུན་པའི་ཕྱོགས་ཀྱིས་ཏེ་བདག་ཏུ་འཛིན་པ་ལ་སོགས་པ་རྣམས་ཀྱིས་

སོ། །གསལ་བ་ལ་འབད་པ་ཉིད་དགག་པ་ལ་རྒྱུ་འགལ་བའི་ཡོན་ཏན་མཐོང་བའི་དམིགས་པ་བསྟན་པ་ནི། དེའི་ཕྱོགས་ཞེས་བྱ་བའོ། །དེ་བཤད་པ་ནི། ཕྱོགས་སུ་ལྷུང་བས་ན་ཞེས་པའོ། །བྲལ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་ལ་སྦྱོར་བར་བྱེད་པ་ནི། དངོས་པོ་མ་ལུས་པ་ཞེས་བྱ་བ་སྟེ། སྐྱོན་

རྣམས་ལ་འཇུག་བཞིན་པ་ཡང་དེ་ལ་གནོད་པ་ཁོ་ནའི་ཕྱིར་འབད་པ་མེད་པ་ཡིན་ན། ཡོན་ཏན་རྣམས་ལ་འཇུག་བཞིན་པ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །ནང་གི་ཆོས་ནི་འགལ་བ་ཅན་གྱི་ཁོང་ཁྲོས་འདོད་ཆགས་བཞིན་དུ་འགག་པ་ཡིན་ཡང་། ཡང་སྐྱེ་བ་ཡིན་ནོ། །བདག་ཏུ་འཛིན་པ་ཡང་ནང་ཁོ་ན་

ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་འདོད་ཆགས་དང་ཞེ་སྡང་དག་ཅེས་བྱ་བའོ། །འདོད་ཆགས་དང་ཁོང་ཁྲོ་དག་ནང་གི་ཡིན་པའི་ཕྱིར་སྐྱེས་པ་མ་ཡིན་ཡང་འོན་ཀྱང་རྒྱུ་གཅིག་ཡིན་པའི་ཕྱིར་རོ། །བདག་ཏུ་འཛིན་པ་ནི་འདི་དག་གིས་རྒྱུ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོའི་ཕྱིར་ཡང་ཡིན་གྱི་དེ་བཞིན་དུ་བདག་ཏུ་

เล่ม ๑๘๐ · หน้า 344a

འཛིན་པ་དང་། བདག་མེད་པར་མཐོང་བ་དག་ནི་རྒྱུ་གཅིག་པའམ་རྒྱུ་དང་འབྲས་བུ་ཉིད་ཀྱང་མ་ཡིན་ནོ། །ནང་ཉིད་དམ་ཕྱི་རོལ་ཡང་འགལ་པ་ལ་ཁྱད་པར་དུ་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། བདག་འཛིན་རྒྱུ་གཅིག་ཅན་ཞེས་བྱ་བའོ། །གང་ཁོ་ནའི་ཕྱིར་འདོད་

ཆགས་ལ་སོགས་པ་བདག་ཏུ་འཛིན་པའི་རྒྱུ་ཡིན་པ་དེ་ཁོ་ནའི་ཕྱིར་བདག་ཏུ་འཛིན་པ་དང་འགལ་བ་ཅན་བདག་མེད་བར་མཐོང་བ་ཉིད་ལ་མ་ཡིན་གྱི། དེ་དང་འགལ་བ་ཅན་མ་ཡིན་པའི་བྱམས་པ་ལ་སོགས་པ་མ་ཡིན་པར་བསྟན་པ་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །ཆགས་པར་བྱ་བ་དང་འཁྲུག་པར་

བྱ་བར་ཀུན་དུ་རྟོག་པ་ཉིད་གཏི་མུག་མ་ཡིན་ནམ། དེ་ཡང་བྱམས་པ་ལ་སོགས་པས་ལྡོག་པ་ཉིད་ཡིན་པའི་ཕྱིར་འདི་ཇི་ལྟར་ལམ་མ་ཡིན་སྙམ་དུ་སེམས་པ་ལ། དེ་ཡང་ཞེས་བྱ་བ་སྟེ། ཆགས་པར་བྱ་བ་ཀུན་དུ་རྟོག་པ་ཡང་བདག་ལ་ཕན་བྱེད་པ་ཉིད་དུ་འཛིན་པ་ཁོ་ན་ཡིན་ལ། དེའི་ཕྱིར་བདག་ཏུ་འཛིན་

པ་ཉིད་ནི་གཏི་མུག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་སུ་འཛིན་པ་ཡང་གཏི་མུག་ཁོ་ན་མ་ཡིན་ནམ་དེ་ཡང་ཇི་ལྟར་འཇིག་ཚོགས་ལ་ལྟ་བ་ཡིན་སྙམ་དུ་སེམས་པ་ལ། ཉོན་མོངས་པ་ཅན་གྱི་ཞེས་བྱ་བ་སྟེ། འདོད་ཆགས་དང་ཁོང་ཁྲོ་དག་གི་རྒྱུ་གཏི་མུག་ནི་འདིར་གནས་སྐབས་ཡིན་ནོ། །མ་རིག་

པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་གསུངས་པས་མ་རིག་པ་ནི་རིག་པ་མེད་པ་ཙམ་གྱི་གཏི་མུག་མ་ཡིན་ནམ། །འཇིག་ཚོགས་ལ་ལྟ་བ་ནི་མ་ཡིན་ནོ་ཞེས་ཟེར་བ་ལ། །རིག་པའི་ཞེས་བྱ་བའོ། །དགག་པ་ནི་མི་བདེན་པ་དང་ཆོས་མ་ཡིན་པ་ལ་སོགས་པ་བཞིན་དུ་འགལ་བ་རྗོད་པར་བྱེད་པ་ཡིན་པའི་ཕྱིར་

མེད་པ་གཏི་མུག་མ་ཡིན་ནོ། །སོ་སོར་རྟོག་པ་མེད་པའི་རང་བཞིན་གཏི་མུག་ལ་མཐོང་བ་དང་འགལ་བ་ཡིན་ནོ་ཞེས་ཟེར་བ་ནི། སོ་སོར་རྟོག་མེད་རང་བཞིན་ནི་ཤིན་ཏུ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་མཚན་ཉིད་མ་ཡིན་པར་བསྟན་པ་ནི། འོན་ཏེ་ཞེས་བྱ་བའོ། །རིག་པའི་མི་མཐུན་ཕྱོགས་ཉིད་ཕྱིར། །

ཞེས་བྱ་བ་འདི་བཤད་པ་ནི། རིགས་དང་འགལ་བའི་ཕྱིར་ཞེས་བྱ་བའོ། །མི་བདེན་པ་ཉིད་དུ་མི་འགྱུར་ལ་ཞེས་བྱ་བ་ནི་ཇི་ལྟར་རྟོགས་པར་བྱེད་པའི་དངོས་པོ་མེད་པའི་ཕྱིར་ཡང་དག་པར་རྟོགས་པར་བྱེད་པ་ལ་བསམ་བ་གཞན་པ་ཉིད་ཀྱིས་མི་བདེན་པ་ཉིད་འདོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མེད་

เล่ม ๑๘๐ · หน้า 344b

པ་ལ་ཡོད་པར་རློམ་པ་ནི་ཡོད་དོ་ཞེས་རྟོགས་པར་བྱེད་ན་བསམ་པ་ལ་མི་སླུ་བ་ཡིན་ཡང་། དོན་དེ་བཞིན་དུ་མེད་པའི་ཕྱིར་བརྫུན་དུ་སྨྲ་བར་འགྱུར་རོ་ཞེས་ཟེར་བ་ནི། མེད་པ་ལ་ཞེས་བྱ་བའོ། །འདི་ལ་ཡང་སེམས་པ་ཞེས་བྱ་བའི་དེ་མ་ཐག་ཏུ་ཡོད་དོ་ཞེས་བྱ་བར་རྟོགས་པར་བྱེད་པ་དང་སྦྱར་བར་བྱའོ། །

སྔ་མས་ནི་མི་འདོད་པ་ཐོབ་པ་དང་། ཕྱི་མས་ནི་འདོད་པ་མི་འཐོབ་པར་བསྟན་པ་ཡིན་ནོ། །བསམ་པ་ལ་ཡོད་པ་ཉིད་ནི་ཡང་དག་པ་ཉིད་དམ་ཡང་དག་པ་མ་ཡིན་པ་ཉིད་ཡིན་གྱི་དོན་ལ་ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། སྒྲ་རྣམས་རྣམ་རྟག་ཡུལ་ཅན་ཏེ། །ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་

ནི་དོན་ཇི་བཞིན་པའི་བསམ་པ་ཇི་བཞིན་པའི་ཚིག་ནི་བདེན་པ་ཡིན་ལ། ཅིག་ཤོས་མི་བདེན་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །ཞེས་བྱ་བའོ། །དམིགས་པའི་ཕྱིར་ནི་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ནི་དབང་པོའོ། །རྣམ་པ་ནི་བློའི་རྣམ་པའོ། །རྫས་ནི་ཤེས་པ་གཅིག་

གོ། མཚུངས་པར་ལྡན་པ་ནི་རེ་རེ་ཞེས་བྱ་བའོ། །ཤེས་པར་ནི་སྒྲོ་འདོགས་པ་དང་བྲལ་བའི་ངོ་བོའོ། །དེ་ལས་བཟློག་པ་ཉིད་དུ་རྟོགས་པ་ནི་སྒྲོ་འདོགས་པ་ཁོ་ན་ཡིན་ནོ། །གསུངས་པ་གཞན་ཡང་བསྟན་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ལ། དེ་ཡང་བདག་ཏུ་

མངོན་པར་ཞེན་པའོ། །བདག་ཏུ་མངོན་པར་ཞེན་པ་ལས་བྱུང་བའི་ཕྱིར་བདག་ཏུ་མངོན་པར་ཞེན་པའི་སྒྲས་དེ་དང་མཚུངས་པར་ལྡན་པ་ནི་མ་རིག་པ་ཉིད་དུ་བརྗོད་དོ་ཞེས་རྒོལ་བ་མ་རིག་ཡན་ལག་ཅེས་བྱ་བ་ནི་ཡན་ལག་བཅུ་གཉིས་དང་ལྡན་པའི་མ་རིག་པའི་ཡན་ལག་ཡིན་ལ། དེ་རང་གི་ངོ་བོར་བརྗོད་པར་བྱ་

བ་ཡིན་ན་ཉེ་བར་བཏགས་པས་ཅི་དགོས་ཞེས་བྱ་བའི་དོན་ཏོ། །བཟློག་པ་ལ་ནི་ཚད་མ་དག། །ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་མ་རིག་པ་ཡིན་ཞེས་བྱ་བ་འདི་ལ་སོ་སོར་རྟོག་པ་མེད་པའི་སྐྱོན་ཚད་མ་ཡིན་ནོ། །ཁྱད་པར་གྱི་སྒྲ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་སྒྲའོ། །མ་རིག་པ་ལ་ལྟ་བ་ལ་དབྱེ་

བ་མེད་པ་ཡིན་ན་སོ་སོར་རྟོག་པའི་ཚིག་དབྱེ་བའི་ཡུལ་དུ་མི་འགྱུར་རོ་སྙམ་དུ་སེམས་པ་ནི། དེ་བཞིན་དུ་གལ་ཏེ་ཞེས་བྱ་བ་འདི་དང་འགལ་བར་བྱེད་པ་ཡིན་པའི་ཕྱིར། འགལ་བ་ནི་འགལ་བ་ཅན་གྱི་ཚིག་ཡིན་ནོ། །བཤད་བྱ་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་གྱི་རྟོག་པས་ཏེ་མ་རིག་པ་ཞེས་བྱ་བ་ནི་སྤྱི་ཡིན་ལ།

เล่ม ๑๘๐ · หน้า 345a

ལྟ་བ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །གཅིག་ལ་ཡང་ཐ་སྙད་ཅན་ཉིད་ཀྱིས་ཐ་དད་པར་ཉེ་བར་བཏགས་པ་ཡིན་ཞེས་བྱ་བ་ནི་གཞན་གྱིའོ། །དེའི་བདག་ཉིད་ཀྱིས་ཀུན་དུ་སྦྱོར་བར་འགྱུར་ཞེས་བྱ་བ་ནི་དེ་ལས་གཞན་པའིའོ། །དེ་བཞིན་དུ་བདག་མེད་པ་མཐོང་བ་ནི་ཡུལ་ལ་སོགས་

པའི་དབང་གིས་སྟོབས་དང་ལྡོག་བྱ་མ་ཡིན་པ་ཉིད་ཀྱང་བསྟན་ནས། བདག་ཏུ་ལྟ་བ་ལ་ཡང་ལྡོག་བྱ་མ་ཡིན་པའི་རྒྱུ་མཚན་ནམ། སྲོག་ཆགས་ཀྱི་རང་བཞིན་ནི། རང་བཞིན་འདི་ཡིན་འདི་ལས་ཏེ། །རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང་། །ཞེས་བྱ་བས་བཀག་པ་ཡིན་པར་བསྟན་པ་ནི། ཟད་མིན་ཏེ་

ལྡོག་པ་མ་ཡིན་པ་མ་ཡིན་པའོ། །སྲོག་ཆགས་ཆོས་ཉིད་ཕྱིར་ཞེས་བྱ་བ་ནི་སྲོག་ཆགས་ཀྱི་རང་བཞིན་ཕྱིར་རོ། །བདག་ཏུ་འཛིན་པ་ནི་ཐོག་མ་མེད་པའི་བག་ཆགས་ཙམ་ལས་བྱུང་བ་ཉིད་ཀྱིས་སྲོག་ཆགས་ཀྱི་རང་བཞིན་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །བདག་ཏུ་འཛིན་པ་ཡང་མི་ལྡོག་པ་ཉིད་དུ་དམ་

བཅའ་བ་ནི་མེ་དྲོ་བ་མ་ཡིན་ནོ་ཞེས་བྱ་བ་བཞིན་དུ་མངོན་སུམ་དང་འགལ་བ་ཅན་ཡིན་པར་བསྟན་པ་ནི་འབྲེལ་བ་ན་ནི་མངོན་པར་ཕྱོགས་པ་ཡིན་ནའོ། །གཉེན་པོའི་ཕྱོགས་དང་ཞེས་བྱ་བ་ནི་བདག་མེད་པར་ལྟ་བ་དང་ངོ་། །བདག་མེད་པར་ལྟ་བས་བདག་ཏུ་འཛིན་པ་ལྡོག་ཀྱང་མེ་དང་ཕྲད་པ་ལས་

ཟངས་ཀྱི་སྲ་བ་བཞིན་དུ་ཡང་འབྱུང་བར་འགྱུར་ཞེས་བྱ་བའི་བསམ་པས་དམ་བཅའ་བ་མངོན་སུམ་དང་འགལ་བ་ཡིན་ནོ་སྙམ་དུ་སེམས་པ་ལ་ངེས་པ་ནི་བདག་ཏུ་འཛིན་པ་ཡིན་ལ་འགལ་བ་ནི་བདག་མེད་པར་ལྟ་བ་སྟེ། དེའི་བདག་ཉིད་ཀྱི་འབྲེལ་པ་མེད་པ་ནི་ཉེ་བའི་ཕྱིར་རོ། །མེ་དང་ཕྲད་པ་ནི་དེ་ལྟར་རྟག་ཏུ་

གནས་པ་མ་ཡིན་ནོ། །འབྲེལ་ན་ཡང་དེས་ལྡོག་པར་ཐམས་ཅད་དུ་སླར་འབྱུང་བ་མ་ཡིན་ཏེ། མེ་ལྡོག་པའི་ཐལ་བ་བཞིན་དུ་ཡང་སྔ་མར་མི་ལྡོག་པའི་ཕྱིར་རོ་ཞེས་བསྟན་པ་ནི། མ་ངེས་ཕྱིར་ཞེས་བྱ་བའོ། །དེ་ལྟར་བདག་མེད་པར་ལྟ་བའི་ལམ་ལ་བདག་ཏུ་འཛིན་པ་དགོངས་པ་ཅན་མ་ཡིན་པར་བསྟན་ནས།

ལམ་ཉིད་ཡིན་ནོ་སྙམ་དུ་སེམས་པ་བསལ་བ་ནི། གལ་ཏེ་བདག་བསྒོམས་པས་ཀྱང་ཞེས་བྱ་བའོ། །བདག་བསམ་པར་བྱ་ཞེས་བྱ་བ་ལ་སོགས་པའི་སྒྲས་ཤེས་པར་བྱ་བ་དང་དམིགས་པར་བྱ་བ་ཡིན་པའི་ཕྱིར་ཚིག་གཉིས་སྨོས་པ་ཡིན་ནོ། །དེའི་ཕྱིར་བདག་བསམ་པར་བྱ་ཞེས་བྱ་བ་ནི་ལུས་དང་དབང་པོ་ལ་

เล่ม ๑๘๐ · หน้า 345b

སོགས་པ་འབྱུང་བ་ཆེན་པོ་མ་གཏོགས་པ་འབྱུང་བ་ཆེན་པོ་ལས་ཐ་དད་པར་བསམ་པར་བྱ་བ་དང་། བློ་ལ་སོགས་པ་ལས་ཐ་དད་པར་དམིགས་པར་བྱ་ཞེས་བྱ་བར་ཡང་འདོད་དོ། །ཡུལ་འཛིན་པའི་བདག་ཉིད་ཀྱི་ངོ་བོ་དང་བྲལ་བས་སེམས་དགའ་བའི་ངོ་བོ་གཅིག་པུའི་བདག་གི་དེ་ཁོ་ན་ཉིད་བསྒོམ་བྱ་ཡིན་

པར་བསྟན་པ་ཡིན་ནོ། །གལ་ཏེ་རེ་ཞིག་རིགས་པ་ཅན་ལ་སོགས་པ་ཐ་དད་པར་སྨྲ་བ་པོ་དེ་སྐད་སྨྲ་ན། དེའི་བདག་ཏུ་ལྟ་བ་ནི་བདག་གི་བའི་རྗེས་སུ་འཇུག་པ་ཁོ་ན་ཡིན་ཏེ། ཆགས་པའི་ངོ་བོ་ཡིན་པའི་ཕྱིར། །ཞེས་བསྟན་པ་ནི། གང་ཞིག་བདག་མཐོང་བ་ཞེས་བྱ་བ་ནི་དེ་ལ་ནི་བདག་ལའོ། །འདི་

ཞེས་བྱ་བ་ནི་སྨྲ་བ་པོའོ། །ང་ཞེས་བྱ་བ་ནི་ཆགས་པའི་བདག་ཉིད་ཁོ་ནར་མཐོང་བའོ། །བདག་ནི་རིགས་པ་ཉིད་དང་མ་བྲལ་བའི་ཕྱིར་དེར་ལྟ་བ་ཡང་ཆགས་པའི་སྙིང་པོ་ཅན་དང་བྲལ་བ་མ་ཡིན་པ་ཁོ་ནར་བསྟན་པ་ནི། རྟག་ཏུ་ཞེས་བྱ་བ་སྟེ་ཆགས་པ་ཡོད་ན་ཆགས་པའི་ཡུལ་ཕན་འདོགས་པར་བྱེད་པ་

རྣམས་ལ་དང་། དེ་སྒྲུབ་པར་བྱེད་པ་རྣམས་ལ་ཡང་སྲེད་པ་ཡིན་ལ། དེས་དེ་རྣམས་ལ་སྡུག་བསྔལ་དང་རྗེས་སུ་འབྲེལ་པའི་སྐྱོན་གྱིས་ཆ་བསྒྲིབས་པའི་ཕྱིར་དེ་ཉིད་མཐོང་བ་ཁོ་ན་མི་འཐོབ་པ་ནི་ཆགས་པ་དང་བྲལ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བདག་གཉིས་སུ་མེད་པར་སྨྲ་བ་ནི་

བདག་མཐོང་བ་འབའ་ཞིག་ལ་ཐར་པའི་བདག་ཉིད་ཡིན་པའི་ཕྱིར། ཐར་པའི་ལམ་དེ་ལྟ་བུར་རྟོགས་པར་བྱེད་ན་འཁོར་བ་པའི་འགྲོ་བར་གྲུབ་པའི་སྤྲོས་པ་ཐམས་ཅད་འཁྲུལ་པའི་ཕྱིར་ཡིན་ན། འདི་ལ་ཡང་གང་ཞིག་བདག་མཐོང་ཞེས་བྱ་བ་ཉིད་རྗེས་སུ་འཇུག་པ་ཡིན་ནོ། །བདེ་བ་རྣམས་དང་

བདེ་བ་སྒྲུབ་པར་བྱེད་པ་རྣམས་ཇི་ལྟ་བ་དེ་ལྟ་བ་རྣམས་ལ་སྲེད་པར་བྱེད་པ་ཡིན་ལ། སྟོབས་དང་ལྡན་པའི་ཆ་དེ་ཉིད་ཀྱིས་འཁྲུལ་པ་ཉིད་ཀྱི་ངོ་བོའི་སྐྱོན་ནམ། དེའི་མཐོང་བ་ཡང་མ་མཐོང་བས་འདོད་ཆགས་དང་བྲལ་བ་ཉིད་མི་ཐོབ་པ་ཡིན་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བ་ལས་གཞན་

པའི་ཆགས་པའི་དབང་དུ་བྱས་ནས་རྒོལ་བ་ནི། གལ་ཏེ་བདག་ཏུ་མཐོང་བ་ལས། །ཞེས་བྱ་པའོ། །འདི་ཉིད་ལ་ལན་ནི། ཐ་དད་པར་མཐོང་བས་བུད་མེད་གཞན་ལ་སོགས་པ་ལ་བདག་ལ་ཕན་འདོགས་པར་བྱད་པ་ནི་ཆགས་པ་ཡིན་ལ། གལ་ཏེ་བདག་ལ་ཆགས་པ་མེད་ན་གཞན་དུ་མི་

เล่ม ๑๘๐ · หน้า 346a

འགྱུར་རོ་ཞེས་བྱ་བའི་དོན་བསྟན་པ་ནི། གང་ཞིག་གཞན་ལ་ཞེས་བྱ་བའོ། །བདག་ཏུ་ལྟ་བ་ཁོ་ན་ཆགས་པའི་སྙིང་པོ་ཅན་ཡིན་པར་བསྟན་པ་ནི། གང་ཞིག་བདག་ལ་ཞེས་བྱ་བའོ། །བདག་ཏུ་ལྟ་བས་བདག་ལས་གཞན་པ་ལ་ཕན་འདོགས་པར་བྱེད་པ་ནི་མ་བརྟགས་

པ་ཁོ་ན་ཡིན་པར་བསྟན་པ་ནི། གལ་ཏེ་བདག་ཉིད་ཆེན་པོ་ཞེས་བྱ་བའོ། །རང་ལས་བྱུང་བའི་འབྲས་བུ་མེད་ན་གཞན་ལ་ཕན་པ་ཙམ་ལ་འཇུག་པ་ནི་བྱོལ་སོང་རྣམས་བུ་ལ་སྤུད་པ་བཞིན་དུ་གཏི་མུག་ལས་བྱུང་བ་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ། །རང་གི་དོན་ལ་གནས་པ་ཞེས་བྱ་བ་ནི་བདག་ཏུ་ལྟ་

བའོ། །བདག་ཁོ་ན་དགའ་བའི་ངོ་བོ་ཉིད་ཀྱིས་ཉེ་བ་ཡིན་པའི་ཕྱིར་སྲེད་པ་ནི་མ་འོངས་པའི་བདེ་བ་མངོན་པར་འདོད་པའི་ངོ་བོ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། ཡོན་ཏན་མཐོང་བ་ཞེས་བྱ་བ་སྟེ། བུད་མེད་ལ་སོགས་པ་དེ་དང་དེ་སྒྲུབ་པར་བྱེད་པ་ལས་བྱུང་བའི་བདེ་བ་དེ་མེད་ན་ཡིད་ཙམ་

གྱིས་ནི་འགྲུབ་པ་མ་ཡིན་ལ། མངོན་པར་གསལ་བར་བྱ་བ་ཡང་གསལ་བར་བྱེད་པ་མེད་ན་མི་འབྱུང་བའི་ཕྱིར་གསལ་བྱེད་དམ་དེའི་སྒྲུབ་བྱེད་བླང་བྱ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་ཏུ་སྨྲ་བ་རྣམས་ལ་བདག་ཏུ་ལྟ་བ་ཡོད་ན་བདག་གི་བ་བཞིན་དུ་བདག་དང་གཞན་དུ་འབྱེད་པ་དང་། ཕྱེ་བ་ལས་བྱུང་བའི་སྐྱོན་

དུ་ཡང་འགྱུར་རོ་ཞེས་བསྟན་པ་ནི། བདག་ཡོད་ན་ནི་ཞེས་བྱ་བ་བདག་དང་བདག་གིར་ལྟ་བ་བཞིན་དུ་རང་དང་གཞན་དུ་འབྱེད་པ་ཡང་སྐྱོན་གྱི་རྒྱུར་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཛིན་པ་ནི་འདོད་ཆགས་སོ། །བདག་ཏུ་ལྟ་བ་ནི་ཆགས་པའི་ངོ་བོ་ཡིན་པར་མི་རིགས་པ་མ་ཡིན་ནམ། སྔོན་

པོའི་སྣང་བ་བཞིན་དུ་བདག་གི་དངོས་པོའི་སྣང་བ་ཡང་ཆགས་པ་མ་གཏོགས་པར་ཡོད་པའི་ཕྱིར་དེའི་སྣང་བ་ཡོད་ན་དེ་ཉིད་དངོས་པོར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་བདག་གི་བར་ཆགས་པ་ཡང་མ་ཡིན་ཏེ། ལྟ་བ་འབའ་ཞིག་ཁོ་ན་ཡིན་ལ་དེ་འཆིང་བ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་

བདག་ཁོ་ན་ཞེས་བྱ་བའོ། །བདག་ཁོ་ན་ལ་ཆགས་པ་ཞེས་བྱ་བ་ནི་ཚིག་གི་ལ་དོར་བ་ཡིན་ཏེ། སེམས་རང་རིག་པ་ནི་བདག་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་རྣམ་པར་མི་རྟོག་པའི་ཤེས་པའི་རྟོགས་བྱ་ཇི་ལྟར་ཉམས་སུ་མྱོང་བ་ནི་སྐད་ཅིག་མ་ཁོ་ན་ཡིན་ནོ། །འོན་ཀྱང་

เล่ม ๑๘๐ · หน้า 346b

ཁར་རྩང་གི་ཡང་བདག་ཉིད་ཁོ་ན་ཡིན། དེ་རིང་གི་བདག་ཉིད་ཡིན་པའི་རྣམ་པར་རྟོག་པའི་རྟོགས་བྱ་ཡིན་ན། རྣམ་པར་རྟོག་པ་ཡང་དེ་ལྟར་འཇུག་བཞིན་པ་ཆགས་པ་ལས་གཞན་མ་ཡིན་པར་བསྟན་པ་ནི། ངེས་པར་བདག་ལ་ཞེས་བྱ་བའོ། །བདག་ཏུ་རྟོག་པ་ཉིད་བདག་ལ་ཆགས་པ་འདོར་བ་

ཡིན་གྱི་བདག་ནི་མ་ཡིན་ནོ། །དེས་ན་རྣམ་རྟོག་ཡོངས་སུ་བོར་བའི་ཕྱིར་འདོད་ཆགས་དང་བྲལ་བ་མེད་པ་མ་ཡིན་ལ། བདག་ཡོད་པས་ཐར་པ་མེད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། ཉེས་མེད་བདག་ལ་ཆགས་པ་ནི་བདག་ལ་ཚད་མས་གྲུབ་པ་ཉིད་དུ་བློ་ལ་ཡོད་པ་ཡིན་ན་བློ་དེ་ཁོ་ན་ཆགས་པ་

ཡིན་ཏེ། ཚད་མ་ལ་སོགས་པ་མེད་ན་བདག་མེད་པ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་བདག་གིར་ལྟ་བ་ལས་གཞན་པ་ཉིད་ཆགས་པར་ཁས་ལེན་པ་མ་ཡིན་ནམ། དེ་ཡང་འཁོར་བའི་རྒྱུ་ཡིན་པའི་ཕྱིར་སྐྱོན་ཅན་དོར་བྱ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་བདག་དང་ཞེས་བྱ་

བའོ། །འདིར་ཞེས་བྱ་བ་ནི་ཁས་ལེན་པ་ལའོ། །གལ་ཏེ་ཆགས་པ་སྐྱོན་བཅས་ན། །ཞེས་བྱ་བའོ། །ཐ་དད་པ་ཁས་ལེན་ན་ཡང་འདོད་པ་ཅུང་ཟད་ཀྱང་གྲུབ་པ་མེད་པར་བསྟན་པ་ནི། དེ་ལས་ཅིར་ཏེ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པའི་ཆགས་པ་ནི་དོར་བར་ནུས་པ་ཁོ་ན་ཡིན་ནོ་

སྙམ་དུ་སེམས་པ་ནི་དེ་སྤོང་སྟེ་ཆགས་པའིའོ། །ཐ་དད་པའི་ཆགས་པ་ཡང་ཡུལ་གྱི་སྐྱོན་མཐོང་བ་ཁོ་ན་ལས་འདོར་བ་ཡིན་གྱི་གཞན་དུ་མ་ཡིན་པར་བསྟན་པ་ནི། སྔོན་བྱུང་མེད་པར་ཞེས་བྱ་བའོ། །སྐྱོན་གཞན་གྱིས་ནི་སྐྱོན་གཞན་གྱིས་ཏེ་རང་གི་སྐྱོན་གྱིས་ཞེས་བྱ་བའི་ཤུགས་ཀྱིས་སྐྱོན་

ཅན་མ་ཡིན་ཞེས་བྱ་བ་ནི་བདག་གི་ཡུལ་ལའོ། །བདེ་བའི་རྒྱུ་ཞེས་བྱ་བ་ནི་བདག་གི་བའི་རྒྱུ་ལའོ། །ཆགས་པ་ནི་བུམ་པ་ལ་སོགས་པའི་དངོས་པོ་བཞིན་དུ་འདོད་པ་དང་ཞེ་སྡང་དག་གིས་ལེན་པར་བྱེད་པའམ། འདོར་བར་བྱེད་པ་མ་ཡིན་ནམ། དེ་ལ་ཡུལ་གྱི་ཡོན་ཏན་དང་སྐྱོན་ལ་བརྟེན་

པ་ཡིན་ནོ་སྙམ་དུ་སེམས་པ་ལ། འདོད་དང་སྡང་སོགས་སྤངས་པ་སྟེ། །ཡུལ་གྱི་ཡོན་ཏན་དང་སྐྱོན་དང་རྗེས་སུ་འབྲེལ་པ་དང་ཞེས་བྱ་བར་སྦྱར་རོ། །ཡུལ་གྱི་ཡོན་ཏན་དང་སྐྱོན་དེ་དག་མཐོང་བ་མེད་པ་ནི་འདོར་བ་ནི་ཡུལ་གྱི་ཡོན་ཏན་མཐོང་བ་ལ་སོགས་པ་དང་། སྐྱོན་མཐོང་བ་ལས་ཞེ་སྡང་

เล่ม ๑๘๐ · หน้า 347a

མི་འདོར་བ་མི་འབྱུང་བ་ཡུལ་གྱི་ཡོན་ཏན་དང་སྐྱོན་མཐོང་བའི་རྒྱུ་མི་སྐྱེ་བའི་ངོ་བོ་ནི་ཕྱི་རོལ་གྱི་བུམ་པ་ལ་སོགས་པའི་ཡུལ་རྣམས་ལ་ཡོན་ཏན་དང་སྐྱོན་མཐོང་བ་ལས་ཉེ་བར་ལེན་པ་དང་འཇོམས་པའི་ཆགས་པའོ། །ཡུལ་ནི་བདག་དང་བདག་གི་སྟེ་དེའི་དངོས་པོ་ཉིད་དེ་

ཡོན་ཏན་དང་ལྡན་པ་ཞེས་བྱ་བ་དང་སྦྱར་རོ། །དེ་མེད་པའི་ཕྱིར་ནི་ཡོན་ཏན་དང་ལྡན་པ་མེད་པའོ། །དེའི་ཕྱིར། རིགས་པ་འདི་ཆགས་པ་མ་ཡིན་པར་བསྟན་པ་ནི་ཞེན་པ་ཞེས་བྱ་བའོ། །ཕྱི་ཚུལ་གང་ཡིན་མིན་ཞེས་བྱ་བ་འདི་གསལ་བར་བྱེད་པ་ནི། ཆགས་ཡོན་ཏན་གྱི་ཆགས་མིན་གྱི། །ཞེས་བྱ་བའོ། །

རིགས་པས་བརྗོད་ནས་རྣལ་མ་ལ་སྦྱོར་བར་བྱེད་པ་ནི་བདག་དང་བདག་གི་བ་ལ་མ་ཚང་བ་མེད་པའི་ཡོན་ཏན་མཐོང་བ་ཡིན་ན་བདག་ཏུ་ལྟ་བའི་འབྲས་བུ་ཆགས་པ་མི་ལྡོག་པར་བསྟན་པ་ནི། མ་ཚང་མེད་རྒྱུ་ཞེས་བྱ་བའོ། །འདོད་དང་སྡང་སོགས་སྤོང་བ་ནི། ཞེས་བྱ་བ་འདི་དང་། དེ་བཞིན་དུ།

ཉེས་མེད་བདག་ལ་ཆགས་པ་དང་། །བྲལ་བའི་རྒྱུ་ཡང་ཡོད་མ་ཡིན། །ཞེས་བྱ་བ་འདིས་ཀྱང་། ཆགས་ཡོན་ཏན་གྱི་ཆགས་མིན་གྱིས། །ཞེས་བྱ་བའི་དོན་རྟོགས་པའི་ཕྱིར། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་བྱ་བའི་དགོངས་པས་བསྡུ་བའི་ཚིགས་སུ་བཅད་པའོ་

ཞེས་བྱ་བའོ། །ཁོ་བོས་ཇི་ལྟར་བཤད་པས་ནི་དེས་རྟོགས་པའི་དོན་མ་ཡིན་ནོ། །ཉེས་མེད་བདག་ལ་ཞེས་བྱ་བ་འདིས་བདག་ཏུ་ལྟ་བ་དང་ཆགས་པ་དག་ཐ་མི་དད་པར་དགོངས་པ་ཡིན་ལ། མ་ཚང་མེད་རྒྱུ་ཞེས་བྱ་བ་ནི་ཐ་དད་པར་དགོངས་པ་ཡིན་ནོ། །ཆགས་པ་སྐྱོན་དང་ལྡན་པ་ཉིད་ཡིན་པ་ནི་སྡུག་

བསྔལ་གྱི་རྒྱུ་ཡིན་པ་ཉིད་ཀྱིས་སྡུག་བསྔལ་གྱི་རྟེན་ཡིན་ནོ། །དེ་འདི་བདག་ལ་ཡང་སྡུག་བསྔལ་དང་འདུ་བ་ཅན་ཉིད་མིན་པའི་ཕྱིར། འདོད་ཆགས་དང་བྲལ་བ་མཚུངས་པ་ཡིན་ནོ། །བདག་ནི་བདེ་བ་དང་སྡུག་བསྔལ་ཐམས་ཅད་སྒྲུབ་པར་བྱེད་པའི་ཤེས་པ་དང་དེའི་འབྲས་བུ་ཟ་བ་པོ་ཡིན་ལ། དེའི་ཕྱིར་

བདག་ཁོ་ན་བཞིན་དུ་ཡིན་ལ། ཆགས་པ་ཡང་བདག་གིར་ལྟ་བའི་ཡུལ་ཉིད་ཡིན་པའི་ཕྱིར། འདོད་ཆགས་དང་བྲལ་བའི་ཡུལ་དུ་མི་འགྱུར་བར་བསྟན་པ་ནི། སྐྱོན་ཡང་གང་ཞིག་མཐོང་ཞེས་བྱ་བའོ། །བདག་ཀྱང་སྡུག་བསྔལ་སྒྲུབ་པར་བྱེད་པའི་ཤེས་པ་པོ་དང་ཟ་བ་པོ་ཉིད་ཡིན་པས་འདོད་ཆགས་

เล่ม ๑๘๐ · หน้า 347b

དང་བྲལ་བའི་ཡུལ་ཁོ་ནར་འདོད་པ་མ་ཡིན་ནམ། དེ་ལྟར་ཡིན་ན་འདིའི་ངོ་བོ་གཞན་མེད་པའི་ཕྱིར་ཐར་པ་འདོད་པས་ཇི་ལྟར་བདག་ཤེས་པར་བྱ་བ་དང་འདོད་པར་བྱ་བ་དང་དམིགས་པར་བྱ་བ་ཞེས་བྱ་བ་ཡིན། དོར་བྱ་ཉིད་དུ་ཤེས་པར་བྱ་བ་ཡིན་ན་བདག་མེད་པར་ལྟ་བ་ཐར་པ་སྒྲུབ་པར་བྱེད་པ་འཐོབ་

པར་འགྱུར་རོ། །བདག་ཡོད་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཤེས་པ་པོ་དང་ཟ་བ་པོའི་འདུ་བ་ཅན་གྱི་རྒྱུ་ཡོད་ནའོ། །ཆགས་པ་ལ་སོགས་པ་བསྐྱེད་བྱ་སྡུག་བསྔལ་གྱི་བདག་དང་དུ་བ་འབའ་ཞིག་ཡིན་གྱི་བདག་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། དེ་ཡོད་ན་འབྱུང་བ་ཉིད་དུ་མི་ཤེས་པའི་ཕྱིར་རོ་སྙམ་

དུ་སེམས་པ་ནི་འོན་ཏེ་འདི་སྙམ་དུ་བདག་གི་ཞེས་བྱ་བའོ། །དེ་ཉིད་ཟེར་བ་ནི། གལ་ཏེ་དེ་མེད་ཅེས་བྱ་བའོ། །འདུ་བ་ཅན་བདག་ཡོད་ན་ཆགས་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་ཇི་ལྟར་ཡིན། དེའི་ཕྱིར་སྐྱོན་ཅན་དུ་མི་འགྱུར་ཏེ། འདོད་ཆགས་དང་བྲལ་བ་མི་སྲིད་པ་ཡིན་ཏེ། ཡུལ་མེད་པའི་

ཕྱིར་རོ། །བདག་སྡུག་བསྔལ་གྱི་རྒྱུ་ཡིན་ཡང་དོར་བྱ་མ་ཡིན་པ་མ་ཡིན་ནམ། འདོར་བ་ནི་སྡུག་བསྔལ་སྒྲུབ་པར་བྱེད་པ་ཡིན་ལ། སྡུག་བསྔལ་དང་འབྲེལ་པ་ནི་སྡུག་བསྔལ་བསྒོམས་པས་ཡིན་ཏེ། དེ་ལྟར་ན་སྡུག་བསྔལ་མི་སྐྱེ་བའི་ཕྱིར་བདག་ཀྱང་དེ་དང་འདུ་བ་ཅན་ཉིད་དང་བྲལ་བ་ཡིན་

ནོ་སྙམ་དུ་སེམས་པ་ལ། སྡུག་བསྔལ་བསྒོམས་པས་ཞེས་བྱ་བའོ། །བདག་གི་བ་ཉིད་ཀྱི་བློས་བྱས་པ་ནི་བདག་མི་འདོར་བའི་ཡུལ་ཉིད་ཡིན་ན་བདག་གི་བ་ལ་ཡང་མཚུངས་པའི་ཕྱིར། སྡུག་བསྔལ་བསྒོམས་པ་འདོར་བའི་རྒྱུ་ཇི་ལྟར་ཡིན་ཞེས་བྱ་བའི་དོན་བསྟན་པ་ནི། བདག་གི་བའི་བློ་བཅོམ་པས་

འདིར་འདོར་བས་ཞེས་བྱ་བའོ། །དེ་བཅོམ་ན་ཇི་ལྟར་བྲལ་བ་ཡིན་ཡང་ལེན་པ་ཁོ་ན་ཡིན་པར་བསྟན་པ་ནི་ཞེས་བྱ་བའོ། །བདག་གི་ཉིད་ཀྱི་བློ་ཁོ་ན་དེ་ལ་མེད་པ་ཡིན་པར་མི་རིགས་ཏེ། དེའི་ལོངས་སྤྱོད་ཀྱི་གནས་ནི་ལུས་ཡིན་ལ། ལོངས་སྤྱོད་སྒྲུབ་པར་བྱེད་པ་ནི་དབང་པོ་ཡིན་ཞེས་སྨྲས་པའི་ཕྱིར་རོ་ཞེས་བསྟན་

པ་ནི། ལོངས་སྤྱོད་ཀྱི་རྟེན་ཉིད་དུ་ནི་གཟུང་བ་ལ་ཞེས་བྱ་བ་སྟེ། སྡུག་བསྔལ་བསྒོམ་པ་དང་འགལ་བ་ཡིན་ན། བདག་བཞིན་དུ་བདག་གི་བ་ལ་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་བསྒོམས་པས་ཅིར་འགྱུར་ན་ཞེས་བྱ་བ་འདྲི་བའི་དོན་ཟེར་བ་ནི། གལ་ཏེ་བདེ་བའི་རྒྱུ་ཉིད་ནི། །ཞེས་བྱ་བའོ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด