ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๑ · หน้า 81b
དམིགས་པའི་བདག་ཉིད་ཀྱིས་དམིགས་པ་ཡོད་པ་ཡིན་ནོ་ཞེས་བྱ་བའི་རིགས་པས། ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི་ཇི་སྟེ་གཅིག་དང་དུ་མའི་ཞེས་བྱ་བའོ། །དོན་བྱེད་པ་ནི་རྣམ་པ་གཉིས་ཏེ། བདེ་བ་ལ་སོགས་པའི་སྣང་བ་དང་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པར་ཁ་བསྒྱུར་བ་ལ་སོགས་
པ་ཡིན་པར་བསྟན་པ་ནི། །སྣང་བ་ཙམ་གྱིས་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་ན་དེ་དག་ཙམ་གྱིས་འཇིག་རྟེན་པ་མགུ་བ་མ་ཡིན་པས། གང་ལ་མགུ་བར་བྱེད་པ་ཉིད་ཀྱིས་དོན་བྱེད་པ་ཉིད་དུ་སྣང་བ་དེ་དོན་བྱེད་པ་ཡིན་པའི་ཕྱིར་ཐུག་པ་མེད་པ་མ་ཡིན་པར་བསྟན་པ་ནི་གང་ཞིག་ཅེས་བྱ་
བའོ། །སྔོན་པོ་བཞིན་དུ་བཙོས་པ་ཡང་རང་གི་ངོ་བོ་སྣང་བ་ཇི་ལྟ་བུའི་དོན་གྱིས་བྱ་བ་བྱེད་པ་ཉིད་ཀྱིས་དེ་ཉིད་ཡིན་ནོ་སྔོན་པོ་ལ་ཡང་འགྱུར་ཏེ། དེའི་ཡང་དེ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ལ། སྔོན་པོ་ལ་སོགས་པའི་རང་བཞིན་ལས་ཞེས་བྱ་བའོ། །མགུ་བ་དང་མི་མགུ་བ་དག་ནི་ལ་ལར་
གོམས་པ་ལ་རག་ལས་པ་ཡིན་གྱི་དངོས་པོ་ལ་རག་ལས་པ་མ་ཡིན་པར་བསྟན་པ་ནི། དེ་ཉིད་གནས་པ་མེད་པ་ཁོ་ན་ཞེས་བྱ་བའོ། །སྣ་ཚོགས་པར་སྣང་བའི་ཤེས་པ་ཡང་གོམས་པ་ཁོ་ན་ལས་བྱུང་བ་ཉིད་དོ་ཞེས་བསྟན་པ་ནི། གོམས་པ་མེད་ན་ནི་ཞེས་བྱ་བའོ། །སྔ་མ་སྔ་མའི་མི་བདེན་
པའི་ཤེས་པ་དག་ཉིད་ཅན་གྱི་མ་རིག་པ་ཡང་ཤེས་པ་བཞིན་དུ་མི་བདེན་པ་ཁོ་ན་ཡིན་པར་བསྟན་པ་ནི། སྣང་བ་ཙམ་ཞེས་བྱ་བའོ། །དེའི་བདག་ཉིད་ཅེས་བྱ་བ་ནི་རགས་པའི་ངོ་བོའོ། །གཅིག་ལ་ཞེས་བྱ་བ་ནི་ཡན་ལག་ཅན་ལའོ། །མང་པོ་རྣམས་ཉིད་ཤེས་པ་གཅིག་ལ་སྣང་བ་རགས་པའི་
ཐ་སྙད་ཀྱི་ཡུལ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། ལིངས་པོ་གཅིག་ཅེས་བྱ་བ་སྟེ། ཉེ་བ་དང་ཅིག་ཤོས་ཀྱི་སྐྲ་ཤད་ཀྱི་སྣང་བའི་དབྱེ་བ་བཞིན་དུ། འདི་ལ་ཡང་དབྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་ཡན་ལག་དེ་རགས་པའི་སྣང་བ་ཅན་རིལ་པོ་གཅིག་ཏུ་འགྱུར་རོ་ཞེས་བསྟན་པ་ནི།
ཇི་སྟེ་རྡུལ་ཕྲ་རབ་དེངས་པ་ཞེས་བྱ་བའོ། །ཚུ་རོལ་དང་ཕ་རོལ་གྱི་ཆ་བཞིན་དུ་གཅིག་ཡིན་པའི་ཕྱིར་དེའི་ཡང་ཕ་རོལ་གྱི་ཆ་འཛིན་པས་གནས་པའི་གཞལ་བྱ་མཐོང་བར་འགྱུར་རོ་ཞེས་བསྟན་པ་ནི། ཕ་རོལ་གྱི་ཆ་ཞེས་བྱ་བའོ། །ཡོངས་གཅོད་ན་ཡིན་ཞེས་བྱ་བ་ནི་སྔོན་པོའི་འོ། །ཕྱི་རོལ་ལྟར་
เล่ม ๑๘๑ · หน้า 82a
ཞེས་བྱ་བ་ནི་སེར་པོའི་བདག་ཉིད་དོ། །ཐ་དད་སྣང་བ་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོའི་བདག་ཉིད་དང་། སྟེང་དང་འོག་གི་ཆའི་བདག་ཉིད་ཀྱིས་ཀྱང་བརྐྱང་བའི་སྣང་བ་ལའོ། །སོ་སོར་ཞེས་བྱ་བ་ནི་ཕན་ཚུན་དུའོ། །རང་དང་གཞན་རིག་པ་ཞེས་བྱ་བ་ནི། རང་རིག་པ་
དང་གཞན་རིག་པ་ཡང་ཕན་ཚུན་རྗེས་སུ་མི་འཇུག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ལས་གཅིག་དོར་ནས་གཅིག་ཉིད་རྣམ་པར་འཇོག་པར་བྱེད་ན། དེ་ལ་ཡང་མཐོང་བ་ལ་སོགས་པ་གཅིག་བོར་བས་རང་བཞིན་མེད་པ་ཉིད་དུ་ཐལ་བར་འགྱུར་བ་བསྟན་པ་ནི། དེ་ལ་གཅིག་ནི་མེད་པས་
ཀྱང་ཞེས་བྱའོ། །དེ་ཐ་དད་ལ་བརྟེན་པ་ཡིན་ཞེས་བྱ་བ་ནི་ཤེས་པ་ཐ་དད་པ་ལ་བརྟེན་པའོ། །དེ་ནི་བསླད་པ་ཉིད་ཡིན་ན་ཞེས་བྱ་བ་ནི་ཤེས་པ་བསླད་པ་ཉིད་ཡིན་ནའོ། །གཟུང་བ་དང་འཛིན་པའི་ཤེས་བྱ་དང་ཤེས་པ་དག་གི་ངོ་བོ་ལ་དེ་ལས་ཕྱི་རོལ་ནི་ཐ་དད་པ་ཡིན་ནོ། །གཟུགས་སུ་
རུང་བ་དང་ཐོགས་པར་བྱེད་པ་དེའི་ཕྱིར་གཟུགས་དང་ཚོར་བར་བྱེད་ཉམས་སུ་མྱོང་བར་བྱེད་པས་ཚོར་བ་དང་། མཚན་མ་ཀུན་ཏུ་ཤེས་པས་འདུ་ཤེས་དང་། རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་ལ་སོགས་པ་བྱེད་པའི་མཚན་ཉིད་ཀྱི་ཕུང་པོ་ལ་སོགས་པ་མ་ཡིན་ཞེས་ཟེར་བ་ལ། ཕུང་
པོ་ལ་སོགས་བྱེ་བྲག་གི། །ཞེས་པ་སྟེ། མཚན་ཉིད་བྲལ་ནི་མཚན་ཉིད་སྤངས་པའོ། །འདིས་ཕྱི་རོལ་གྱི་དོན་གྱི་ཚུལ་གྱི་སྟོང་པ་ཉིད་དང་། བར་མས་རྣམ་པར་རིག་པར་སྨྲ་བའི་ཚུལ་གྱིས་དང་། དང་པོས་ནི་དབུ་མའི་ཚུལ་གྱིས་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སོ་སོའི་སྐྱེ་བོ་རྣམས་ཕྱི་དང་
ནང་ལ་སོགས་པར་མངོན་པར་ཞེན་པ་ཅན་གྱི་ཤེས་པ་བསྐྱེད་ལ། མ་རིག་པ་ནི་དེ་ལྟ་བུའི་ཤེས་པ་གཞན་གྱི་བག་ཆགས་ཀྱི་རྒྱུ་ཡིན་པར་བསྟན་པ་ནི། ཇི་ལྟའི་རང་རྐྱེན་ལ་ཞེས་བྱ་བ་སྟེ་ཕྱི་རོལ་ལམ་ནང་གི་རྐྱེན་སད་པར་བྱེད་པའོ། །ལྟོས་ནས་ནི་དེ་ལ་ལྟོས་ནས་སོ། །དེ་ལས་ནི་མ་རིག་པ་
སྟེ་དེའི་བག་ཆགས་སད་པ་ཡིན་ལ་དེས་ཉེ་བར་བསླད་པའི་བདག་ཉིད་གང་དག་གི་ཡིན་པ་དེ་དག་གི་མ་རིག་པ་དེ་ཚུ་རོལ་མཐོང་བ་རྣམས་ཏེ། དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱིས་སོ། །དེ་དག་གི། དེ་ཉིད་དེ་ནི་རིགས་མ་ཡིན། །ཞེས་བྱ་བ་ཅི་ལས་ཤེ་ན། དེ་དག་ཅེས་བྱ་བ་སྟེ། ཚུ་
เล่ม ๑๘๑ · หน้า 82b
རོལ་མཐོང་བ་རྣམས་ལ་མི་སྲིད་པའི་ཕྱིར་བསླད་པ་མེད་ན་ཞེས་བྱ་བ་དང་སྦྱར་རོ། །འདིས་ནི་དེ་ཁོ་ན་ཉིད་བསྟན་པ་ལ་སྣོད་མ་ཡིན་པ་ཉིད་བསྟན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་སྣོད་མ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་བཞག་ནས། གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །ཞེས་བྱ་བ་ནི་
བདག་ཉིད་ཀྱིས་མཁྱེན་ཀྱང་མི་མཁྱེན་པར་བསྟན་ནས་སོ། །ཕྱི་རོལ་དཔྱོད་ལ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ལ་དཔྱོད་པ་སྟེ། བདག་མེད་པ་རྟོགས་པར་བྱ་བའི་དོན་དུ་མཛད་པ་སྟེ། འཇིག་རྟེན་འཇུག་པར་བྱ་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །སྣ་ཚོགས་པར་ཁས་བླངས་པ་ཞེས་བྱ་
བ་ནི་ཤེས་པའི་རྣམ་པ་རྣམ་པར་དབྱེ་བར་མི་ནུས་པའི་ཕྱིར་ཏེ། རྣམ་པར་དབྱེ་བར་ནུས་པ་ཉིད་ཡིན་ན་སྣ་ཚོགས་པ་ཉིད་ལ་དུ་མ་ཉིད་ཀྱིས་ཁྱབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པའི་ཁྱད་པར་ཞེས་བྱ་བས་ཤེས་པ་གཅིག་གི་བྱེད་པའི་རྗེས་སུ་འགྲོ་བ་བསྟན་པ་ཡིན་ནོ། །སྔོན་པོ་ལ་སོགས་པ་དེ་ལས་
ཐ་དད་པ་མ་ཡིན་པ་དེའི་ཕྱིར་བྱེད་པ་བཞིན་དུ་གཅིག་ཡིན་པར་བསྟན་པ་ནི། གཞན་བརྟེན་མེད་ཅེས་བྱ་བའོ། །གལ་ཏེ་གཞན་ལ་བརྟེན་པ་བཞིན་དུ་ཅིས་མི་འགྱུར་ཞེ་ན། མཐོང་ནུས་མ་ཡིན་ཞེས་བྱ་བ་སྨོས་ཏེ། གཞན་གྱིས་མཐོང་བར་མི་ནུས་པ་གང་གི་ཡིན་པ་དེ་ནི་སྐྱེས་བུ་
གཞན་གྱིས་ཀྱང་རང་གི་ཤེས་པའི་རྣམ་པ་ཉིད་ཀྱིས་དེ་དང་འདྲ་བ་གོ་བར་བྱེད་པ་ཡིན་གྱི་རྣམ་པ་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཐོང་བ་པོ་དེ་ཉིད་ཀྱི་ཕྱིས་འདིའོ་ཞེས་བྱ་བའི་ཤེས་པ་གཞན་བདག་གིར་འཛིན་པའི་གནས་མ་ཡིན་པ་ཉིད་དུ་ཞེན་ནས་བློ་ལ་ཐ་དད་པར་བྱེད་པ་
ཡིན་ནོ་སྙམ་དུ་སེམས་ལ། དེ་ལ་ནི་ཞེས་བྱ་བ་ནི། རྣམ་པར་རྟོག་པས་འབྱེད་པ་ནི་བློ་ལས་གཞན་པ་ཡིན་ལ་གཞན་ཐ་དད་པ་ནི་ཕྱི་རོལ་ཉིད་དུ་ཡིན་གྱི་རང་རིག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་འགར་དུ་ཞེས་བྱ་བ་ནི་ཤེས་པ་རྗེས་སུ་འཇུག་པ་དང་བྲལ་བའོ། །དེས་ན་ཞེས་བྱ་
བ་ནི་བློ་ནི་ཞེས་བྱ་དང་སྦྱར་རོ། །གཅིག་ཉིད་ཅེས་བྱ་བ་ནི་བློའི་རྗེས་སུ་འགྲོ་བས་སོ། །རྣམ་པར་དབྱེ་བ་ཞེས་བྱ་བ་ནི་གཟུགས་ཀྱི་བློ་ལས་སོ། །ཡན་འགར་དུ་འཛིན་པ་ཞེས་བྱ་བ་ནི་སྒྲ་དང་བྲལ་བའི་འཛིན་པས་སོ། །དེའི་ཚེ་ཞེས་བྱ་བ་ནི་སྒྲ་དང་བྲལ་བའི་གཟུགས་ལ་སོགས་པ་སྣང་
เล่ม ๑๘๑ · หน้า 83a
བའི་དུས་སུའོ། །སྔར་གྱི་སྣང་བ་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་པའི་སྣང་བའོ། །ཐ་མི་དད་པ་ཞེས་པ་ནི་སྒྲ་དང་ཅིག་ཤོས་ཀྱི་སྣང་བ་དག་གོ། །སྒྲ་འདི་དེའི་ཚེ་ཡོད་ཀྱང་ལྐོག་ཏུ་གྱུར་པའི་ཕྱིར་ཤེས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དོན་ཉིད་ལ་ཞེས་བྱ་བ་ནི་ཕྱི་རོལ་ཉིད་ལ་
སྟེ་སྒྲའི་བདག་ཉིད་ལའོ། །ཤེས་པ་མ་གཏོགས་པ་ཞེས་བྱ་བ་ནི་ཕྱི་རོལ་ཉིད་དུའོ། །གཟུང་བ་དང་འཛིན་པ་ནི་སྔོན་པོ་ལ་སོགས་པ་དང་དེའི་ཤེས་པ་ཡང་ངོ་། །སྔོན་པོ་ལ་སོགས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་སྟེ། སྔོན་པོ་ལ་སོགས་པ་དང་དེའི་ཤེས་པ་དག་ཐ་མི་དད་པ་ལྷན་ཅིག་
དམིགས་པའི་ངེས་པས་ཇི་ལྟ་བ་ཉིད་ཡིན་ན་དེ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་ཕན་ཚུན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་མི་དད་པ་ནི་རང་བཞིན་ལས་ཐ་དད་པ་ཡིན་པ་ལ་དབྱེ་བ་མེད་དོ། །དེ་མེད་པས་ཀྱང་ཁྱད་པར་དུ་བྱེད་པ་ཁྱད་པར་དུ་བྱ་བ་ཡང་ངོ་། །ཐ་དད་པ་ཡིན་ན་ཇི་ལྟར་གཉིས་སུ་མེད་པ་
ཡིན་ཞེ་ན་ཐ་དད་མེད་ན་ཞེས་བྱ་བའོ། །དབྱེ་བའི་ཞེས་བྱ་བ་ནི་ཁྱད་པར་དུ་བྱ་བའིའོ། །གཞན་གྱིས་སྒྲོ་བཏགས་པའི་དབྱེ་བ་ནི་མཐོང་བ་ལ་མ་དམིགས་པས་ཐ་སྙད་ཀྱིས་དགག་པར་བྱེད་པ་ཡིན་ཏེ། སྒྲོ་བཏགས་པ་མེད་ན་དགག་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་དད་ཅེས་བྱ་ཞེས་
བྱ་བའོ། །རྣལ་འབྱོར་པས་ཀྱང་འདས་པ་ལ་སོགས་པ་མངོན་དུ་བྱེད་པ་ན་ད་ལྟར་བ་ཉིད་དུ་འགྱུར་རོ་ཞེས་བསྟན་པ་ནི། སྐྱེ་བ་འདི་ལས་ཞེས་བྱ་བའོ། །སྣང་བཞིན་པར་འདོད་པ་ནི་སྔ་མ་དང་ཕྱི་མ་མངོན་པར་འདོད་པའིའོ། །སད་པ་རྣམས་ཞེས་བྱ་བས་རྨི་ལམ་བདེན་པ་མཐོང་བའི་དུས་སུ་
སྣང་བའི་གཏན་ཚིགས་བསྟན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་མི་དམིགས་པའི་བདག་ཉིད་ཀྱིས་སོ། །བརྟན་པ་ལ་སོགས་པ་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་ཚེ་རིང་བ་ཉིད་དང་འབྲེལ་པ་ཅན་གྱི་རི་མོ་ལ་སོགས་པའི་རྟགས་མཐོང་བའི་ཕྱིར། མ་འོངས་པའི་ཚེ་རིང་བ་ཉིད་རྟོག་པ་ཡིན་ནོ། །རྒྱུ་
ཡང་ཞེས་བྱ་བ་ནི་རྟོགས་པའི་རྒྱུ་མཐོང་བའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་ངོ་བོ་ལས་སམ་འབྲས་བུ་ལས་རི་མོ་ལ་སོགས་པའི་རྒྱུ་ལས་ནི་ཐ་དད་པར་རོ། །བརྟན་པ་ཉིད་ཅེས་བྱ་བ་ནི་རི་མོ་ལ་སོགས་པའི་རྟགས་སུ་བརྗོད་པའོ། །བརྟན་པ་ཉིད་ཅེས་བྱ་བ་ནི་འབྱུང་བར་འགྱུར་
เล่ม ๑๘๑ · หน้า 83b
བའི་ངོ་བོ་ལས་འཁྲུལ་པ་མེད་པའོ། །མི་འགྱུར་རོ་ཞེས་བྱ་བ་ནི་ཐལ་ཆེས་པའོ། །ཐམས་ཅད་ཅེས་བྱ་བ་ནི་གཉིས་སུ་མེད་པ་ཉིད་ལ་རྨོངས་པའིའོ། །ཐ་དད་པར་མངོན་པར་ཞེན་པ་ཞེས་བྱ་བ་ནི་འདི་ཐ་དད་པ་ཡིན་ལ་མངོན་པར་ཞེན་པར་བྱ་བ་ཡང་དེ་ཡིན་ནོ། །འདིས་ནི་ངེས་པའི་
དམིགས་པ་གཞན་དགག་པ་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་འགལ་བ་དམིགས་པར་བཤད་དོ། །སྣང་བས་ཐ་མི་དད་པ་བསྒྲུབས་ནས་འཇིགས་པའི་གྲུབ་པ་དང་། བདེ་བ་གཅིག་པར་བསྟན་པ་ནི་ལོགས་སུ་བཅད་པར་མི་ནུས་ཤིང་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་འདིས་ནི་
འདི་ཡིན་ནོ་ཞེས་བྱ་བ་ལ་ཡང་རྟོགས་པ་ཡིན་ལ་འདི་ཡིན་ནོ་ཞེས་བྱ་བ་འདིས་ཀྱང་དེ་ཉིད་ཅེས་རྟོགས་པ་ཡིན་ནོ། །གཞན་དུ་ན་གཞི་མཐུན་པར་རྟོགས་པར་རྟོགས་པ་མ་ཡིན་ནོ་ཞེས་ཟེར་བ་ནི་འོ་ན་ཇི་ལྟར་བྱ་བའོ། །ཐ་སྙད་མཐོང་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མཐོང་བའི་ཕྱིར་
རོ། །འོ་ན་ཇི་ལྟར་ཐ་སྙད་དུ་འགྱུར་ཞེས་བྱ་བ་ནི་འཇུག་པ་ལ་སོགས་པའོ། །གལ་ཏེ་དེ་ཞེས་བྱ་བ་ནི་ཐོབ་པར་བྱ་བའོ། །འོ་ན་ཅིའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཁོ་ནས་ཐོབ་པར་བྱ་བའི་རང་གི་ངོ་བོ་རྟོགས་པ་ཡིན་པར་ཞེས་བྱ་བའི་དོན་ཏོ། །གཏོར་མ་ཡང་ཡིན་ཕྱིར་ཞེས་བྱ་
བ་ནི་ཕྲད་བྱར་བརྟགས་པ་ཞེས་དགོངས་པའོ། །གནོད་སྦྱིན་ཇི་བཞིན་ཞེས་བྱ་བ་ནི་འཇུག་པར་ཡང་བཏགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །རང་དང་གཞན་གྱི་དབྱེ་བར་སྣང་བའི་ཤེས་པ་ཡང་རྨི་ལམ་གྱི་ཤེས་པ་བཞིན་དུ་རང་རིག་པ་ཡིན་པར་བསྟན་པ་ནི། འདི་རང་དང་གཞན་དུ་
ཞེས་བྱ་བ་སྟེ། བདག་མ་ཡིན་པ་དང་། བདག་གིས་མ་མཐོང་བ་དང་། ནམ་མཁའ་དང་སེན་མོ་ལ་སོགས་པ་བཞིན་དུ། བསམ་པ་གཞན་ཡང་གཞན་དུ་སྟོན་པ་གཉིས་སུ་མེད་པར་ཤེས་པ་པོའི་སྔར་གོམས་པ་ལས་མ་ཉམས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་
དཔག་པ་ལས་གཉིས་སུ་མེད་པར་གཟུང་བྱ་ཡིན་པར་རྟོགས་སོ་ཞེས་བྱ་བ་ནི་གཏན་ཚིགས་དང་དམ་བཅའ་བ་ཉིད་འགལ་བ་ཡིན་པར་བསྟན་པ་ནི་འོ་ན་ནི་སྨྱོན་པར་འགྱུར་ཞེས་བྱ་བ་སྟེ། དེ་མ་རྟོགས་ན་སྒྲུབ་པར་བྱེད་པའི་འབྲས་བུ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལ་
เล่ม ๑๘๑ · หน้า 84a
རྟོགས་པ་ཞེས་བྱ་བ་ནི་ཕྱིར་རྒོལ་བའི་རྒྱུད་ལས་བྱུང་བའི་གཉིས་སུ་མེད་པ་འཛིན་པའི་སྐྱེ་བ་མེད་པ་ཡིན་ཏེ། རྟོགས་པ་ཐམས་ཅད་དམིགས་པ་ལ་འཁྲུལ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པའི་ཤེས་པ་ལ་གཅིག་གོ་ཞེས་ཁས་ལེན་ན་ཡན་ལག་ཅན་
ཡང་ཤེས་པ་ཉིད་བཞིན་དུ་སྐད་ཅིག་མར་འགྱུར་ཏེ། གང་གི་ཕྱིར་ཡན་ལག་ཅན་དུ་སྨྲ་བ་པོ་རྣམས་ཀྱི་རུས་ཀྱི་ངེས་པའམ་གྲུབ་མཐའི་ངེས་པ་ཡང་མ་ཡིན་ན། གང་གིས་ཡན་ལག་ཅན་སྐད་ཅིག་མ་ཡིན་པ་ཡིན་གྱི། གཞན་མ་ཡིན་སྙམ་དུ་སེམས་པ་ནི། ཇི་སྟེ་བཀབ་པ་ནི་ཞེས་བྱ་བའོ། །
ཡུལ་རུང་ཅན་གྱིས་མི་ཤེས་པ། །རང་གིས་ཤེས་ཕྱིར་དེ་ཤེས་ཡིན། །ཞེས་བསྟན་པ་ནི། ཇི་ལྟ་ཇི་ལྟར་ཞེས་བྱ་བའོ། །རྒྱུ་གཞན་ནི་ཤེས་པའི་རྒྱུ་དབང་པོ་ལ་སོགས་པ་ལས་གཞན་པའོ། །ཕྱི་རོལ་གྱི་དེའི་བསྐྱེད་བྱ་དམིགས་པར་བྱ་བ་ཉིད་ཙམ་ནི་རང་རིག་པ་ལ་རྒྱུ་མ་ཡིན་ཏེ། གཞན་
དུ་ཡང་འཐད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དམིགས་པ་ཉིད་དུ་དཔྱད་བྱའི་ཕྱིར། །ཞེས་བྱ་བའོ། །གཞན་གྱི་ཁྱད་པར་དུ་བྱས་པའི་དམིགས་བྱ་ཉིད་ནི་གཞན་དམིགས་པ་རྟོགས་པར་མི་འགྱུར་རོ་ཞེས་བསྟན་པ་ནི། གལ་ཏེ་གཞན་གྱིས་དམིགས་བྱ་བ། །ཞེས་བྱ་བའོ། །འོན་ཏེ་གཞན་
གྱིས་ཁྱད་པར་དུ་བྱས་པའི་དམིགས་བྱ་ཉིད་དམིགས་བཞིན་པ་ལ་གཞན་དུ་རྟོག་པར་བྱེད་དེ། གཞན་དུ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བའི་ཕྱོགས་འདི་ལ། རང་ཉིད་དམིགས་པ་ཉིད་ལ་ནི་གཞན་དུ་ཡང་འཐད་པ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མ་ཡིན་ལ། གཞན་གྱི་དམིགས་བྱ་ཉིད་གཏན་ཚིགས་
ཡིན་པར་ཁས་ལེན་ན་ནི་གཏན་ཚིགས་ཀྱི་ཁྱད་པར་དམིགས་བྱ་ཡིན་པའི་ཕྱིར་ཐུག་པ་མེད་པས་གཏན་ཚིགས་ཉིད་མི་འགྲུབ་པར་བསྟན་པ་ནི། གལ་ཏེ་དེ་ཡང་གཞན་འདོད་ན། ཞེས་བྱ་བའོ། །ལྐོག་ཏུ་གྱུར་པ་མ་ཡིན་པ་ཉིད་ཀྱིས་ཀྱང་རང་རིག་པར་བརྗོད་པ་ནི། བདག་བཞིན་དུ་
བདག་ལ་ཡང་འགལ་བའི་བྱ་བ་ཡིན་པའི་སྐྱོན་བརྗོད་པའི་གཞི་ཉིད་ཡིན་པར་བསྟན་པ་ནི། བདག་བཞིན་བཟུང་བའི་ཞེས་བྱ་བའོ། །ཐེ་ཚོམ་ཟ་ན་ཞེས་བྱ་བ་ནི་གཞན་ལའོ། །གལ་ཏེ་གཞི་མཐུན་དབང་གིས་ན། །ཞེས་བྱ་བ་ནི་རྟོག་པ་མེད་པའི་མངོན་སུམ་ལས་མི་འགྲུབ་ན། བག་
เล่ม ๑๘๑ · หน้า 84b
ཆགས་ཙམ་ལས་བྱུང་བའི་རྣམ་པར་རྟོག་པ་ལས་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི་དེ་མེད་ན་དུ་མ་ཉིད་མེད་ལ་བསྒྲུབ་བྱ་གཅིག་ཉིད་མེད་ཅིང་དེ་ལས་བཟློག་པ་སྟེ་དུ་མ་ཉིད་མེད་པ་སྟེ་ལྐོག་ཏུ་མ་གྱུར་པ་ཡང་དག་པར་རིག་པ་ལས་སྐྱེད་པར་གྱུར་པ་ཞེས་བྱ་བ་དང་
སྦྱར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་བསྟན་པ་ནི་གཟུགས་ལ་སོགས་པ་ནི། དེ་མེད་ཀྱང་ཞེས་བྱ་བ་ལ་སོགས་པའོ། །འབྲེལ་པ་ལས་ནི་དེ་དང་འབྲེལ་པ་ལས་སོ། །འདི་ནི་ངས་བྱས་ཞེས་བྱ་བ་ནི་མ་བྱས་པ་ལ་ཡང་ངོ་། །དམན་པར་ཉམས་སུ་མྱོང་བ་ནི་འགྲོ་བ་ན་རྩ་ལ་རེག་
པ་བཞིན་དུ་འདུ་བྱེད་པ་ཉིད་སྐྱེ་བ་མ་ཡིན་ཞིང་། སྐྱེས་པ་ཉམས་པ་ཡང་མ་ཡིན་ནོ་ཞེས་ཟེར་བ་ལ་མ་ཡིན་ཏེ། འདུ་བྱེད་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །གང་ལ་སྐྱེད་པ་ཡོད་པ་དེ་ལ་ཡང་རང་གི་དུས་ན་དངོས་པོ་ཉམས་པ་མ་ཡིན་ཞིང་དུས་གཞན་ན་ཡང་དངོས་པོ་ནི་རང་ཉིད་ཀྱིས་མེད་
པར་འགྱུར་བའི་ཕྱིར་སྔ་ན་མེད་པ་ཉིད་ཡིན་པར་བསྟན་པ་ནི། འདུ་བྱེད་པ་ཞེས་བྱ་བའོ། །དེའི་ཕྱིར་རྒོལ་བ་དང་ཕྱིར་རྒོལ་བའི་སྒྲུབ་པར་བྱེད་པ་དང་། དེའི་སྣང་བ་བསྒྲུབ་བྱ་དང་ཅིག་ཤོས་རྟོགས་པ་ལ་སོགས་པ་ལ་ཐམས་ཅད་དེ་ལྟ་བུའི་བག་ཆགས་ལས་བྱུང་བ་ནི་རང་རིག་པ་ཙམ་
གྱིས་མཐར་ཐུག་པ་ཡིན་པའི་ཕྱིར། འགལ་བ་ཅུང་ཟད་ཀྱང་མེད་པར་བསྟན་པ་ནི། མངོན་པར་རློམ་པ་ཙམ་ཞེས་བྱ་བའོ། །སྔོན་པོ་དང་སེར་པོའི་བདག་ཉིད་ཀྱི་ད་ལྟ་བར་ཐ་དད་པ་མེད་ཀྱང་སྔོན་པོ་འདི་ཞེས་བྱ་བ་སྔར་མཐོང་བ་དང་གཅིག་ཡིན་པ་དེ་བཞིན་དུ། སེར་པོ་ཡང་ཡིན་ནོ་ཞེས་
མཐོང་བ་དང་སྣང་བཞིན་པ་གཅིག་ཉིད་དུ་འཛིན་པ་ན། ཕྱི་རོལ་ཉིད་ཡིན་པ་དེ་ལྟ་ན་ཡང་ཐ་དད་པས་སྣ་ཚོགས་པ་གཅིག་ཏུ་འགྱུར་བར་བསྟན་པ་ནི། ཐ་དད་ཅན་ནི་ཞེས་བྱ་བའོ། །དེ་མེད་པར་ཞེས་བྱ་བ་ནི་ཐ་དད་པ་ཅན་མེད་པ་ལའོ། །ཐ་དད་པ་ཅན་གྱི་ཡན་ལག་རྣམས་ཐ་དད་པ་མེད་
པའི་ཞེས་བྱ་བར་སྦྱར་རོ། །ཅིག་ཅར་ཉིད་དུ་འཛིན་པ་ཞེས་བྱ་བ་ནི་ཡན་ལག་ཅན་གྱི་ཤེས་པའི་རྣམ་པ་སྐད་ཅིག་པར་ཁས་བླངས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱེད་ཅག་ལ་ཡན་ལག་ཅན་གཅིག་པོ་མེད་པ་མ་ཡིན་ནམ། རྡུལ་ཕྲ་རབ་མང་པོ་རྣམས་ཀྱང་ཤེས་པ་གཅིག་ལ་
เล่ม ๑๘๑ · หน้า 85a
ཅིག་ཅར་སྣང་བ་ཇི་ལྟར་འགྱུར། དེ་ལྟར་སྣང་བས་ཀྱང་གཅིག་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་དུ་མ་གཅིག་གིས་ཞེས་བྱ་བའོ། །ཕྱི་རོལ་གྱི་དོན་ཡོད་པ་ཡང་ཤེས་པའི་དམིགས་པ་མ་ཡིན་གྱི་འོན་ཀྱང་སྐྱེད་པར་བྱེད་པ་ཡིན་ལ། དུ་མས་ཀྱང་གཅིག་
སྐྱེད་པར་བྱེད་པ་ལ་འགལ་བ་མེད་པར་བསྟན་པ་ནི། འགལ་བ་དག་ནི་ཅི་ཞིག་ཡོད། །ཅེས་བྱ་བའོ། །རེ་རེ་ཞིང་སྐྱེད་པར་བྱེད་པ་མ་ཡིན་ཡང་ཕན་ཚུན་བསྐྱེད་པར་བྱ་བའི་ཁྱད་པར་ཡོད་པར་བསྟན་པ་ནི། ཁྱད་པར་སྐྱེས་གྱུར་ཅེས་བྱ་བའོ། །དབང་པོ་ལ་སོགས་བཞིན་ཞེས་བྱ་བ་ནི་
དབང་པོ་དང་སྣང་བ་དང་། ཡིད་ལ་བྱེད་པ་ལ་སོགས་པ་བཞིན་ཏེ། དུ་མ་གཅིག་གི་སྐྱེད་བྱེད་མ་ཡིན་པ་ཡང་རེ་རེ་ཞིང་སྐྱེས་པར་གྱུར་པ་ནི་སྐྱེད་བྱེད་དུ་མཐོང་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཉེ་བའི་ཡུལ་ན་གནས་པ་ཤེས་པ་གསལ་བའི་སྐྱེད་བྱེད་ཇི་ལྟར་ཡིན་པ་ཡུལ་རིང་བ་ལ་ནི་དེ་ལྟ་མ་ཡིན་
ཏེ། ཡུལ་ཐག་རིང་བ་ནི་མི་གསལ་བའི་སྐྱེད་བྱེད་ཡིན་གྱི་ཡུལ་ཉེ་བར་ནི་མ་ཡིན་པར་བསྟན་པ་ནི། ཚོགས་གཞན་རྗེས་སུ་ཞུགས་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཕྱི་རོལ་གྱི་ཁྱད་པར་སྐྱེས་པ་ཡང་ཚོགས་པའི་ཁྱད་པར་ཉིད་ཀྱིས་གཟུང་བ་ཡིན་གྱི། དོན་མེད་པ་ལ་ལྟོས་ནས་སྐྱེས་པ་མ་
ཡིན་ཞིང་། གཟུང་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་སྣང་བའི་རྒྱུ་ཉིད་ཀྱིས་གཟུང་བ་ཡིན་གྱི་ཐམས་ཅད་མ་ཡིན་པར་བསྟན་པ་ནི། རྒྱུའི་དངོས་པོ་མ་གཏོགས་པར་ཞེས་བྱ་བའོ། །སྔོན་པོ་ཉིད་ནི་རྡུལ་ཕྲ་རབ་རེ་རེ་ལྡོག་པ་རྟོགས་པ་ཡིན་ཞིང་། རྗེས་སུ་འཇུག་པ་མ་
ཡིན་པ་མ་ཡིན་ནམ། དེའི་ཕྱིར་སྤྱིར་འགྱུར་རོ་ཞེས་ཟེར་བ་ནི། འདི་རྡུལ་ཕྲ་རབ་རྣམས་ཀྱི་ཞེས་བྱ་བའོ། །རྡུལ་ཕྲ་རབ་མ་གྲུབ་ན་དེའི་སྤྱི་མ་ཡིན་པ་ཉིད་དོ་ཞེས་བསྟན་པ་ནི་གཞན་དུ་མི་འཐད་པའི་ཕྱིར་ཏེ། ལུ་གུ་རྒྱུད་དང་བོང་བ་ཡང་རྡུལ་ཕྲ་རབ་ཏུ་རྣམ་པར་ཕྱེ་བ་མཐོང་བའི་ཕྱིར། རྡུལ་
ཕྲ་རབ་རྣམས་སུ་དེ་དག་ད་ལྟར་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་ཅན་དང་ལྷན་ཅིག་པའི་ཡན་ལག་མི་འཛིན་ན་བ་ལང་ལ་སོགས་པ་ཡན་ལག་ཅན་ཉིད་ཁྱད་པར་ཅན་དུ་འཛིན་པར་བསྟན་པ་ནི། ཇི་ལྟར་རང་གི་ཡན་ལག་བཅས། །ཞེས་བྱ་བའོ། །ཡན་ལག་གི་
เล่ม ๑๘๑ · หน้า 85b
ཁྱད་པར་མེད་ཀྱང་ཡན་ལག་ཅན་ནི་རང་གི་ངོ་བོ་ཁོ་ནས་ཡན་ལག་ཅན་གཞན་ལས་ཁྱད་པར་ཅན་ཡིན་ནོ་ཞེས་ཟེར་བ་ལ། ལྐོག་ཤལ་སོགས་མཐོང་མེད་པར་ནི། །ཞེས་བྱ་བའོ། །ལྐོག་ཤལ་ལ་སོགས་པའི་ཁྱད་པ་ནི་ཁྱད་པར་དུ་བྱ་བ་ཡན་ལག་ཅན་རྟོགས་པ་ཡིན་ནོ། །ཁྱད་
པར་ཅན་རྟོགས་པ་གཞན་དུ་མི་འཐད་པ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ཡོན་ཏན་གཙོ་བོ་དག །ཅེས་བྱ་བའོ། །དེ་ལྟར་ན་ཁྱད་པར་དུ་བྱེད་པ་ཉིད་ཀྱི་ཡན་ལག་གཟུང་བ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་ཙམ་གྱི་ཁྱད་པར་ཅན་འཛིན་པར་
འགྱུར་གྱི། ཡན་ལག་གཞན་ལ་ཁྱབ་པ་མ་ཡིན་པའི་ཕྱིར་རྟོགས་པ་དང་མ་རྟོགས་པ་དག་ཐ་དད་པར་འགྱུར་བར་བསྟན་པ་ནི་ཅིག་ཅར་ཡན་ལག་ཅེས་བྱ་བའོ། །ཡོན་ཏན་དང་ཡོན་ཏན་ཅན་དག་རིམ་གྱིས་འཛིན་པ་ལ་རང་དབང་ཡིན་པའི་ཕྱིར་ཡོན་ཏན་མ་ཡིན་ཞིང་ཡོན་ཏན་ཅན་
ཡང་མ་ཡིན་པར་བསྟན་པ་ནི། ཡོན་ཏན་ལ་སོགས་ལྡན་པའང་མིན། །ཞེས་བྱ་བའོ། །གཟུང་བའི་ཡུལ་ཙམ་ཁྱད་པར་མ་ཡིན་ཞིང་། ཁྱད་པར་དུ་བྱ་བ་ཡང་ངོ་། །འོན་ཀྱང་དེ་ཉིད་ཀྱིས་འཛིན་པ་ཡང་རྣམ་པར་རྟོག་པས་ཡིན་ལ། རྣམ་པར་རྟོག་པ་ཡང་བདག་ཉིད་ཐམས་
ཅད་འཛིན་པར་མི་ནུས་ཀྱི། ཆ་ཙམ་ལ་མཆོག་ཏུ་འཛིན་པ་ཡིན་པར་བསྟན་པ་ནི། བརྗོད་པར་འདོད་པ་གཞན་དབང་ཕྱིར། །ཞེས་བྱ་བ་སྟེ། དེ་ནི་དེ་ཉིད་ཀྱིས་འཛིན་འགྱུར། །ཞེས་བྱ་བར་སྦྱར་རོ། །ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། །དུ་མའང་ཞེས་བྱ་བ་ལ་སོགས་པ་
ལ་ཡང་། དེ་མ་ཡིན་པ་ལས་ལོག་པའི་བདག་ཉིད་ཀྱིས་དངོས་པོ་ལ་རེག་པ་ཡིན་གྱི། བདག་ཉིད་ཐམས་ཅད་ཀྱིས་འཛིན་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པ་མ་ཡིན་ཏེ་ཞེས་བྱ་བ་ནི་བཏགས་པ་ཡིན་པའོ། །ཅི་ལས་ཤེ་ན་ཁྱད་པར་ཉིད་ཅེས་བྱ་བ་སྟེ།
བརྗོད་པར་འདོད་པའི་དབང་གིས་ངེས་པ་ཉིད་མ་ཡིན་པའི་ཕྱིར་ཐམས་ཅད་དངོས་སུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གྲུ་བཞི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་ཉིད་ལ་སོགས་པ་ངེས་པ་ཅན་མ་ཡིན་པ་ཉིད་དུ་བསྟན་པ་ནི་སྣ་ཚོགས་པ་ཉིད་ནི་མ་ངེས་པ་ཉིད་དོ། །ལྐོག་ཤལ་ལ་
เล่ม ๑๘๑ · หน้า 86a
སོགས་པ་དང་ཉེ་བར་ལྡན་པའི་རྫས་ནི་བ་ལང་གི་ཤེས་པ་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ནོ། །བ་ལང་ཤེས་པ་མཐོང་བ་མེད། །ཅེས་བྱ་བ་ལ་སོགས་པ་བསྟན་ཟིན་ཏོ། །ཉེ་བར་ལྡན་པ་མ་ཡིན་པའི་རྫས་ཀྱང་རང་གི་ངོ་བོས་ཡོད་པ་མ་ཡིན་ནམ།
དེ་དང་ལྡན་པ་མ་ཡིན་པ་བ་ལང་དང་རྟ་ལ་སོགས་པའི་དབྱེ་བ་མ་རྙེད་པའི་རྫས་ཙམ་ནི་དོར་བྱ་མ་ཡིན་ཞིང་བླང་བྱ་མ་ཡིན་པར་བསྟན་པ་ནི། རང་གི་དངོས་པོ་གཞན་དག་ལས་ཞེས་བྱ་བའོ། །རང་གི་ངོ་བོ་ཉིད་ཀྱིས་རྣམ་པར་དབྱེ་བ་ཡིན་ན། བ་ལང་ཉིད་ལ་སོགས་པ་དབྱེ་བ་བྱེད་པར་
མི་འགྱུར་བར་བསྟན་པ་ནི་བ་ལང་རང་ཉིད་ཀྱིས་ཞེས་བྱ་བའོ། །ཁྱད་པར་ཉིད་དམ་ཁྱད་པར་དུ་བྱ་བ་ཉིད་དངོས་སུ་ཡིན་དུ་ཟིན་ཀྱང་། རིམ་གྱིས་འཛིན་པ་ལ་ནི་ཁྱད་པར་ཙམ་གང་གི་ཡིན་པ་ལ་མཚོན་པའི་ཁྱད་པར་དུ་བྱ་བ་ཙམ་དུ་འགྱུར་རོ་ཞེས་བསྟན་པ་ནི། ཡོན་ཏན་ལ་སོགས་ཁྱད་
པར་ནི། གཟུང་ཕྱིར་ཞེས་བྱ་བའོ། །དེ་བསྟན་པ་ནི་གང་གི་ཡིན་པ་མི་ཤེས་པར་འགྱུར་རོ་ཞེས་བྱ་བའོ། །ཡན་ལག་ཅན་གྱི་ཕྱོགས་ལ་རེ་ཞིག་ཅིག་རྐྱང་པ་བཟུང་བ་མ་ཡིན་ནམ། དེ་ནི་གཞན་ལས་ཐ་དད་དམ་ཐ་མི་དད་ཅེས་རྣམ་པར་དཔྱོད་པ་མེད་དོ། །དུ་མའི་ཕྱོགས་ལ་ནི་ཡིད་ནི་
གཅིག་ལ་བྱ་བ་བྱེད་པས་གཞན་ལ་བྱེད་པ་མེད་པའི་ཕྱིར་ཡན་ལག་རྫོགས་འཛིན་མིན་ཞེས་བྱ་བ་ལ་སོགས་པའི་ཐལ་འགྱུར་གྱི་ལན་དཀའ་བ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ་སྒྲ་སོགས་ཞེས་བྱ་བའོ། །དུ་མ་ཅིག་ཅར་འཛིན་པ་ལ་ནི་འདི་སྐྱོན་མ་ཡིན་ནོ། །ཡན་ལག་རྫོགས་པ་
འཛིན་པ་ནི་གཞན་དུ་མི་འཐད་པའི་ཡིད་ཀྱིས་དེ་རྙེད་པ་འཛིན་པར་ནུས་པའི་ཕྱིར་ཡན་ལག་ཅན་གྱི་ཕྱོགས་ལ་ཡང་འདི་ལྟ་བུའི་ནུས་པ་ཅན་གྱི་ཡིད་ནི་ཡན་ལག་རྫོགས་པ་འཛིན་པ་ལས་གཞན་དུ་མི་འཐད་པའི་ཕྱིར་རོ་ཞེས་ཟེར་བ་ལ་བཀོད་པ་སྟེ་ཡན་ལག་ཅན་གྱིའོ། །འཛིན་པར་མི་རུང་བ་ནི་
བཀོད་པ་ཅན་ཏེ། ཡན་ལག་ཅན་རྣམས་རིག་པར་མི་རུང་བའོ། །འགྲེལ་པར་ནི་དགོད་པར་བྱ་བའི་བདག་ཉིད་ཀྱི་བཀོད་པར་འཛིན་པ་ཡིན་ན། གྲངས་ཅན་གྱི་ཅིག་ཅར་དུ་མི་འཛིན་པར་འགྱུར་བར་བསྟན་པ་ནི། དེ་ཙམ་ལྔའི་ཞེས་བྱ་བའོ། །འདི་ཉིད་རྣམ་པར་དབྱེ་བ་ནི། དེ་ལ་སྒྲའི་
เล่ม ๑๘๑ · หน้า 86b
ཡོངས་སུ་གྱུར་པའི་ཞེས་བྱ་བའོ། །ལན་ལྷག་མ་ནི་ཞེས་བྱ་བ་ནི་མགྱོགས་པར་ཞེས་བྱ་བ་ལ་སོགས་པས་སོ། །རྡུལ་ཕྲ་རབ་གཅིག་ཅིག་ཅར་འཛིན་པ་བཞིན་དུ་མི་རྟག་པ་དང་། བྱས་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པའི་དུ་མའི་ཆོས་ཅན་འཛིན་པ་ཡང་ཅིག་ཅར་ཁོ་ན་མ་ཡིན་ནམ།
དེ་བཞིན་དུ་མིག་ཕྱེ་བ་ཁོ་ནས་ཡོད་པ་དང་བུམ་པ་དང་། རྫས་དང་མི་རྟག་པ་དང་བྱས་པ་དང་ཟླུམ་པོ་ཞེས་བྱ་བའི་བདག་ཉིད་ཀྱིས་མཐོང་བ་ཡིན་ཏེ། ཐུན་མོང་མ་ཡིན་པ་བཞིན་དུ་ཡིན་ལ་དབང་པོའི་རྗེས་སུ་བྱེད་པ་ནི་མངོན་སུམ་མ་ཡིན་པ་མ་ཡིན་ཏེ། ཐལ་ཆེས་པར་འགྱུར་བའི་ཕྱིར་རོ་སྙམ་
དུ་སེམས་པ་ལ། རྫས་ལ་སོགས་པའི་ཤེས་པ་རྣམས་དབང་པོའི་རྗེས་སུ་བྱེད་པ་ནི། གཞན་ལས་དངོས་པོའི་དབྱེ་བ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་གཞན་དུ་གྲུབ་པ་ཡིན་པར་བསྟན་པ་ནི། ཆོས་ཅན་ཐམས་ཅད་ལས་ལྡོག་པ་ཞེས་བྱ་བའོ། །དེའི་ཐ་དད་པ་ནི་དེ་ཐ་དད་པ་
སྟེ། འཛིན་པ་དེས་བརྟགས་པའི་ཐ་དད་པ་ཅན་ཏེ། ཉེ་བར་བརྟགས་པའི་སྣ་ཚོགས་པ་ཉིད་ཡིན་གྱི་བརྟགས་པ་གཞན་གྱིས་ནི་མ་ཡིན་ནོ། །དུ་མའི་ངོ་བོ་གང་ཡིན་པ་དེ་ནི་དེའི་ཐ་དད་པར་འཛིན་པའི་བརྟགས་པའི་ཐ་དད་པའོ། །དེའི་ཕྱིར་མིག་ལ་སོགས་པ་ལ་ལྟོས་པའོ། །འདི་
ལྟར་མ་ཧེ་ལ་སོགས་པའི་ཚོགས་བོར་ནས། བ་ལང་གི་ཚོགས་ཀྱི་རྗེས་སུ་འགྲོ་བ་ནི་དེ་བོར་ནས་འདི་རྣམ་ཤེས་སོ་ཞེས་རྟོགས་པའོ། །འདི་རྣམས་ཀྱི་མཚུངས་པའི་ངོ་བོ་ཤེས་སོ་ཞེ་ན། ཉེ་བ་རྟོགས་པ་མ་ཡིན་ཏེ། རིང་བ་ན་གནས་པ་ཡང་དངོས་པོ་དེ་རྣམས་ཉིད་ཉེ་བ་མ་ཡིན་
པ་སྐྲ་ཤད་བཞིན་དུ་ཉེ་བར་རྟོགས་པ་ཡིན་ལ། ཐ་དད་པའི་སྣང་བ་དེ་དག་ལ་ཐ་མི་དད་པའི་སྒྲོ་འདོགས་པ་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་འདི་དག་ཙམ་ནི་རིག་པའི་ཡུལ་ཡིན་གྱི་སྤྱི་ལ་སོགས་པ་ནི་མ་ཡིན་ན། གང་གིས་དེ་འཛིན་པ་ལས་མངོན་སུམ་རྟོགས་པ་ཅན་དུ་འགྱུར་བ་ཡིན།
དོན་འདི་ཉིད་ནི་གལ་ཏེ་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་དོགས་པས་ཆོས་ཅན་དུ་མའི་ངོ་བོ་ནི་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ལས་ལོག་པའི་དངོས་པོ་མངོན་སུམ་གྱིས་འཛིན་པ་ཡིན་ལ། དེའི་རྗེས་སུ་འབྲངས་པའི་རྣམ་པར་རྟོག་པ་ནི་ཆོས་ཅན་དང་ཆོས་ལ་
เล่ม ๑๘๑ · หน้า 87a
སོགས་པའི་རྣམ་པར་དབྱེ་བ་ལ་དཔྱོད་པར་བྱེད་པ་ཡིན་པར་བརྡའི་རྗེས་སུ་འབྲངས་ནས་ཞེས་བསྟན་པ་ནི། དུ་མའི་ངོ་བོ་ཞེས་བྱ་བའོ། །ཁྱད་པར་དུ་བྱ་བ་དང་ཁྱད་པར་གྱི་ངོ་བོར་རྣམ་པར་དབྱེ་བ་ཇི་ལྟར་རྟོགས་ཞེས་ཟེར་བ་ལ། རང་ཉིད་རིག་བྱ་སྟེ། རང་
གི་ངོ་བོས་རིག་པར་བྱ་བའོ། །ལྡོག་པར་བརྟགས་པ་ཡང་དེ་ཉིད་ཀྱིས་ཡིན་ནོ་སྙམ་དུ་སེམས་པ་ལ། བསྟན་མིན་པའི་ཞེས་བྱ་བ་སྟེ། བསྟན་པའི་ཡུལ་མ་ཡིན་པ་ཉིད་ཀྱིས་རྟོགས་པའི་ཡུལ་ཉིད་མ་ཡིན་པར་མཚོན་པའོ། །དབང་པོ་ལྔའི་ཡུལ་གཟུགས་ལ་སོགས་པ་བཞིན་དུ་
དེའི་ཆོས་ཀྱང་མ་ཡིན་ནམ། དེ་ཇི་ལྟར་དེ་འཛིན་པའི་ཤེས་པ་རྟོགས་པ་མེད་པ་ཡིན་ཞེས་ཟེར་བ་ལ་ཕན་ཚུན་དབེན་པར་ནི་ཞེས་བྱ་བ་སྨོས་ཏེ། གཟུགས་དང་རོ་ལ་སོགས་པ་ཕན་ཚུན་མི་ལྡན་པ་རྟོགས་པ་ཡིན་གྱི་གཞི་གཅིག་མ་ཡིན་པ་སྟེ། གཅིག་མ་ཡིན་ཞེས་བྱ་བའི་དོན་ཏོ། །
མཐོང་བ་ལ་བདག་གིས་རེག་གོ་ཞེས་ངེས་པ་རྗེས་སུ་འཇུག་པའི་བྱེད་པ་ཅན་གྱི་མཐོང་བ་དང་། རེག་པའི་མངོན་སུམ་ནི་གཟུགས་དང་རེག་པ་དག་གི་གཅིག་ཉིད་དམ། དེའི་གཞི་གཅིག་ཉིད་ཡུལ་དུ་བྱེད་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། གལ་ཏེ་བདག་གིས་མཐོང་བ་ཞེས་
བྱ་བའོ། །རྣམ་པར་རྟོག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཇི་ལྟ་བ་ཉིད་དེ་ཡིན་ནོ་ཞེས་བསྟན་པ་ནི། མ་ཡིན་ཏེ་ངོ་ཤེས་པ་ཞེས་བྱ་བའོ། །དེ་ལ་བག་ཆགས་ཇི་ལྟ་བ་བཞིན་དུ་འབྱུང་ཞིང་མཐོང་བ་ལ་བརྟེན་པ་མ་ཡིན་པར་བསྟན་པ་
ནི། གདུགས་དང་རེག་པ་ཞེས་བྱ་བའོ། །འདིའི་མཐོང་བ་ཉིད་ཀྱི་རྗེས་སུ་འབྲང་བ་ཉིད་བསྟན་པ་ནི་མིག་གི་རིགས་པ་ནི་གཟུགས་ཙམ་རིག་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རེག་པ་ཡང་ཡིན་ལ་འཇུག་པ་ཡང་ཡིན་པས་རེག་པ་འཇུག་པ་སྟེ་དེ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །གང་གི་ཞེས་
བྱ་བའིའོ། །རེག་པར་བྱེད་པའི་ཕྱིར་རེག་པ་སྟེ། རེག་པ་ཡང་ཡིན་པ་ཡུལ་ཡང་དེ་ཡིན་པའོ། །གང་གི་ཚེ་དེ་རེག་པ་ཞེས་བྱ་བ་འདི་ལ་ཡང་བར་དུ་གསལ་བར་བྱེད་པས་གང་གི་ཡིན་ཞེས་བྱ་བ་འབྲེལ་བཞིན་པའི་ཤུགས་ཀྱི་གང་གི་ཞེས་བྱ་བར་འགྱུར་ཏེ། མཐོང་བ་དང་རེག་པའི་
เล่ม ๑๘๑ · หน้า 87b
ཤེས་པ་ཕན་ཚུན་ཡུལ་ཐ་དད་པས་ནང་གི་ཡུལ་ཉིད་རྗེས་སུ་དཔག་པ་ལས་རྟོགས་པར་བྱེད་ཅིང་། ཐ་དད་པ་ཉམས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མཐོང་བ་དང་རེག་གོ་ཞེས་བྱ་བ་དེ་ལྟ་བུའི་བྱེད་པ་རྟོགས་པར་བྱེད་པ་ནི། མཐོང་བ་མ་ཡིན་གྱི་འོ་ན་ཅི་ཞེ་ན། ཡིད་ཀྱི་མངོན་སུམ་
ཡིན་ཏེ། ཡིད་ནི་དབང་པོ་ཡིན་པའི་ཕྱིར་དེའི་གཅིག་ཉིད་དམ་རྟེན་གྱི་གཅིག་ཉིད་རྣམ་པར་འཇོག་པར་བྱེད་དོ་སྙམ་དུ་སེམས་པ་ནི། འོན་ཏེ་དེ་ཉིད་ཅེས་བྱ་བའོ། །མ་འཁྲུལ་པ་ཉིད་དེ་མི་སླུ་བ་ཉིད་ནི་མངོན་སུམ་གྱིས་རྟོགས་པ་མ་ཡིན་ཏེ། མཐོང་བ་དང་རེག་པའི་མངོན་སུམ་ནི་ངེས་པའི་
ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། གང་ཉིད་མཐོང་བ་ཞེས་བྱ་བའོ། །མཐོང་བ་ལ་སོགས་པས་མ་ཕྱེ་བའི་གཟུགས་ཀྱི་གཟུགས་ཉིད་གསེར་གྱི་བུམ་པ་བཞིན་དུ་ཡན་ལག་ཅན་གཅིག་མ་ཡིན་ནམ་སྙམ་དུ་སེམས་པ་ལ་གཟུགས་ལ་སོགས་པ་ཐ་དད་པ་ཞེས་བྱ་བ་སྟེ། གཟུགས་
ཀྱང་ཐ་དད་པར་མཐོང་བར་ནུས་པ་ནི་དུ་མ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབྱེ་བར་མི་ནུས་པའི་གཟུགས་ནི་ཤེས་པ་གཅིག་གི་ཁོངས་སུ་གཏོགས་པ་ཡིན་གྱི་ཕྱི་རོལ་གྱི་མ་ཡིན་པར་བསྟན་པ་ནི། དེ་བཞིན་དུ་གཟུགས་ནི་རང་གིས་རིག་པར་བྱ་བ་ཞེས་བྱ་བའོ། །རྣམ་པར་རྟོག་པ་ནི་དབང་
པོའི་ཡུལ་ལ་ཞེན་པར་བྱེད་ཅིང་དེ་མ་ཡིན་པའི་ཤེས་པ་བཞིན་དུ་རྟོགས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། ངོ་ཤེས་པ་ནི་ཚད་མ་ཉིད་མ་ཡིན་ཞེས་བྱ་བའོ། །འདིར་ཡང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལའོ། །མངོན་སུམ་དང་མི་མཐུན་པའི་ཕྱིར་ཞེས་བྱ་བ་ནི། མངོན་སུམ་གྱི་
ཁྱད་པར་ཏེ། རྣམ་པར་རྟོག་པའི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་སྟེ་མངོན་སུམ་གྱི་རྟོགས་པར་བྱ་བའི་ཁྱད་པར་ཡིན་པ་ནི་དེའི་རྟོགས་པ་ཡིན་ནོ། །སྒྲ་ལས་བྱུང་བ་ལ་སྣང་བ་ནི་ཚིག་ལས་བྱུང་བའི་ཤེས་པ་གནོད་པ་མེད་པ་ཡིན་ཏེ། ཡུལ་གང་དང་གང་དུ་འབྱུང་བའི་ཕྱིར་དེ་
ནི་ཚད་མ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །ངག་ལས་བྱུང་བ་དེ་ནི་ཐེ་ཚོམ་ལས་ཁྱད་པར་མེད་པར་བསྟན་པ་ནི་མ་ཡིན་ཏེ། དེ་ལ་ཡང་ཞེས་བྱ་བའོ། །ཁྱེར་ལ་ཤོག་ཅེས་བྱ་བས་གདོན་མི་ཟ་བར་བྱ་བ་ཉིད་དུ་རྟོགས་པ་ཡིན་གྱི། ཕྱོགས་ཅན་ནི་མ་ཡིན་པ་མ་ཡིན་ནམ། དེའི་
เล่ม ๑๘๑ · หน้า 88a
ཕྱིར་འཁྲུལ་པ་མེད་པ་ཡིན་ཏེ་གཟུགས་གཞན་བཀག་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འོ་ན་ཇི་ལྟར་ཁྱེར་ནས་འོངས་པ་ལ་སོགས་པ་ཞེས་བྱ་བའོ། །ཚིག་གི་ཤེས་པ་ནི་རང་བཞིན་པའི་འབྲེལ་པ་མེད་པའི་ཕྱིར་དོན་ལ་ངེས་པ་ཅན་མ་ཡིན་ན། དེ་སྔོན་དུ་འགྲོ་བ་
ཅན་གྱི་ངག་གི་ཤེས་པ་ཡང་དེ་ཁོ་ན་བཞིན་དུའོ་ཞེས་བསྟན་པ་ནི་མི་འཁྲུལ་པ་ཡོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །བྱ་བ་ལ་ཞེས་བྱ་བ་ནི་བསྐུལ་བ་ལའོ། །དེ་ནི་འདི་ལྟར་རྣམ་པར་རྟོག་པ་ལས་མངོན་སུམ་གྱི་ཡུལ་ཐ་དད་པ་ཡིན་ན། ཇི་ལྟར་འདི་མངོན་སུམ་ལས་བྱུང་བ་དང་། ཇི་ལྟར་
དབང་པོའི་རྗེས་སུ་བྱེད་པ་ནི་གཞན་དུ་གྲུབ་པ་ཡིན་ནོ་ཞེས་ཟེར་བ་ནི། འོ་ན་ཇི་ལྟར་ཆོས་ཅན་གྱི་ཆོས་ཞེས་བྱ་བའོ། །ཚིགས་སུ་བཅད་པའི་དབང་དུ་བྱས་ནས་བསྟན་པ་ནི། ཆོས་ལ་སོགས་པའི་ཞེས་བྱ་བའོ། །ལྡོག་པ་འཛིན་པའི་ཁྱད་པར་གྱིས་བརྟགས་པ་དེས་སྐྱེད་པ་སྟེ། རྣམ་པར་
རྟོག་པས་སྤྲུལ་པ་ཡིན་ལ་དེའི་ཕྱིར་དབང་པོའི་རྗེས་སུ་འདི་གཞན་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྡོག་པའི་ཚིག་གིས་དོན་འཛིན་པ་ལ་རྣམ་པར་རྟོག་པའི་རྒྱུ་ཉིད་ཡིན་པར་བསྟན་པ་ནི། དེ་ལ་ད་ལྟར་ནི་ཞེས་བྱ་བའོ། །དམིགས་ཀྱིས་བསལ་བའི་རྟོག་པ་ཉིད་བསྟན་པ་ནི།
གལ་ཏེ་ཁ་དོག་དང་ཞེས་བྱ་བ་སྟེ། སྔོན་པོ་ཞེས་དབྱིབས་ཀྱིས་ཕྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔོན་པོ་མ་ཡིན་པ་ལས་ཐ་དད་པའི་དབྱིབས་ནི་སྔོན་པོ་ལ་སོགས་ཡིན་ན། དེས་ན་སྔོན་པོ་མ་ཡིན་པར་འགྱུར་བར་བསྟན་པ་ནི། དེ་ཚེ་བུམ་པ་ཞེས་བྱ་བ་ལ་སོགས་པའོ། །སྔོན་པོ་
ལས་ཐ་མི་དད་པ་ཡང་སྔོན་པོ་མ་ཡིན་པ་ལ་ཡིན་ན། དེས་ན་དེ་སྔོན་པོར་འགྱུར་རོ་ཞེས་བསྟན་པ་ནི། སྔོན་པོ་མ་ཡིན་པ་ཞེས་བྱ་བ་ནས་དབྱིབས་ལ་སོགས་པ་ཞེས་བྱ་བའི་བར་དུའོ། །གང་གི་ཕྱིར་སྔོན་པོ་མ་ཡིན་པ་ཡང་སྔོན་པོའི་ཁོངས་སུ་གཏོགས་པ་མ་ཡིན་པ་དང་། གང་གི་
ཕྱིར་ཡང་སྔོན་པོའི་དབྱིབས་སྔོན་པོ་མ་ཡིན་པའི་ཁོངས་སུ་གཏོགས་པ་མ་ཡིན་པ་དེའི་ཕྱིར་ཞེས་ཉེ་བར་སྡུད་པ་ཡིན་ནོ། །ཐ་དད་པ་ལ་ཐ་མི་དད་པ་སྣང་བ་ནི་རྒྱུ་མཚན་གཞན་ཅན་གྱི་འཁྲུལ་པ་ཁོ་ན་ཡིན་ལ་ཤེལ་ལ་དམར་པོ་ཉིད་བཞིན་དུ་ཞེས་ཟེར་བ་ནི། དོན་གཅིག་ལ་འདུ་བ་ན་
เล่ม ๑๘๑ · หน้า 88b
ཞེས་བྱ་བའོ། །ཐ་དད་པར་དགའ་བ་ཉིད་ནི་དོར་བྱ་ཉིད་ཡིན་ཏེ། དེ་དང་འདུ་བས་སོ་སོར་སྣང་དུ་རུང་བ་ལ་གཟུགས་སུ་སྣང་བ་ཡིན་ན། གང་ལ་ཤེས་པ་གཅིག་ཏུ་སྣང་བ་ཡིན་ཞིང་། ཇི་ལྟར་དབང་པོ་ཐ་དད་པའི་གཟུང་བ་ཡིན་ཏེ། འཛིན་པའི་འབྲས་བུ་ཐ་མི་དད་པའི་
ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བུམ་པ་རྟོགས་པར་མི་འགྱུར་རོ་ཞེས་བྱ་བ་ནི། སྣམ་བུ་རྟོགས་པ་དང་མཚན་ཉིད་མི་མཐུན་པ་ཙམ་ནི། གཟུགས་ལ་སོགས་པ་ཙམ་ནི་ཐམས་ཅད་ལ་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་བ་ལང་ཉིད་ལ་སོགས་པ་ཐ་དད་པ་རྣམས་ཀྱི་ཞེས་བྱ་བ་ནི་དེ་དང་ཐ་མི་
དད་པ་རྣམས་ཀྱིའོ། །རྗེས་སུ་དཔག་པ་དང་ལྡན་པའི་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཉམས་པའོ། །མངོན་སུམ་གྱི་གོ་བྱ་ཉིད་ཡིན་ན་ཡང་རྗེས་སུ་དཔག་པ་དོན་མེད་པ་མ་ཡིན་པ་དེའི་ཚོགས་པ་ཅན་འདི་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། འདི་ནི་མེ་ལ་ཡང་ཞེས་བྱ་བའོ། །
དབང་པོ་ལ་སོགས་པ་ཡང་མིག་འབྲས་ལ་སོགས་པ་ལས་གཞན་གཞན་པ་མི་འདོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི་རྟག་ཏུ་རྗེས་སུ་དཔག་པར་བྱ་བ་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་ཉིད་ལ་ཐ་དད་པས་ཁྱབ་པ་ནི་དབྱིབས་དང་ཁ་དོག་ལ་ཡོད་དོ་སྙམ་དུ་སེམས་པ་ནི། གང་དང་
ཞེས་བྱ་བའོ། །མ་ཡིན་ཏེ་རྗེས་སུ་འགྲོ་བ་ནི་ཞེས་བྱ་བ་ནི་ཁྱབ་པའི་སྟེ་སྣམ་བུ་དང་ཤིང་རྟ་དག་ནི་ཐ་དད་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་དགོངས་པ་ཅན་མ་ཡིན་ཏེ། མངོན་སུམ་གྱིས་བྱས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པར་མ་ཡིན་ནོ་ཞེས་བྱ་བ་ནི་སྣམ་བུ་དང་ཤིང་
རྟ་དག་ལའོ། །མ་འདྲེས་པར་ཞེས་བྱ་བ་གྱི་སོ་སོར་བྱས་ནས་སོ། །ཐ་དད་པར་སྣང་བ་ནི་ཐ་དད་པར་རྟོགས་པའོ། །རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྲ་བོ་ལ་སོགས་པའི་ཁྱད་པར་ལས་སོ། །དེ་ལ་ནི་མ་ཡིན་པ་ལས་ལོག་པའི་རྒྱུ་མཚན་ཅན་ནི་རྟོགས་པ་གཅིག་གི་
རྗེས་སུ་འགྲོ་བ་ཡིན་པར་བསྟན་པ་ནི། གཅིག་ཏུ་རྟོགས་པ་དང་ལྡན་པས་ནི་ཞེས་བྱ་བའོ་ཞེས་གཅིག་ཏུ་རྗེས་སུ་འགྲོ་བ་ཅན་དེ་དང་གཅིག་པར་རྟོགས་པས་རྣམ་པར་གཞག་པ་ཡིན་ནོ་སྙམ་དུ་སེམས་པ་ནི། གཅིག་ཏུ་རྟོགས་པ་ཉིད་ཅེས་བྱ་བའོ། །ཁྱད་པར་རྣམས་ཁོ་ན་གཅིག་ཏུ་རྟོགས་
เล่ม ๑๘๑ · หน้า 89a
པ་ལ་རྣམ་པར་གཞག་པར་བྱེད་པ་ཡིན་ཏེ། དེ་མ་ཡིན་པའི་རྟོགས་པ་ནི་དེ་ལ་འཇུག་པའི་ཕྱིར་རོ་ཞེས་བསྟན་པ་ནི། མཐོང་བ་ཞེས་བྱ་བའོ། །དེས་སྤྱིའི་རྟོགས་པ་མ་ཡིན་པར་བསྟན་པ་ནི། མ་མཐོང་བའི་ཞེས་བྱ་བའོ། །ཁྱད་པར་རྣམས་གཅིག་ཉིད་
དུ་རྣམ་པར་འཇོག་པར་བྱེད་ཀྱི། དེ་ལས་ཐ་དད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ནི་ཐ་དད་པ་དག་ལ་ཞེས་བྱ་བ་སྟེ། ཐ་དད་པ་རྣམས་རྟོགས་པས་རང་གི་ངོ་བོ་ཐ་མི་དད་པར་རྟོགས་པའི་ཡུལ་ཡིན་ཏེ། འདི་ཐ་མི་དད་པའི་ཡུལ་ཅན་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི་རང་གི་
ངོ་བོ་ཙམ་ཞེས་བྱ་བ་སྟེ། ཐ་དད་པ་རྣམས་རྟོག་པ་ནི་མངོན་སུམ་པ་བཞིན་དུ་དེ་ལ་སྣང་བ་མ་ཡིན་པའི་ཕྱིར་ཁྱེད་ཀྱི་སྤྱི་འཁྲུལ་པ་ཡིན་ནོ། །འོན་ཏེ་སྤྱིར་ངེས་པ་ཅན་འཇུག་པར་འོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཅིག་ཏུ་རྟོགས་པ་ནི་གཅིག་ཉིད་མ་རྟོགས་པར་མི་འཐད་པ་མ་ཡིན་ནམ་སྙམ་
དུ་སེམས་པ་ལ། འདི་ནི་གང་དུ་ཡང་ཞེས་བྱ་བ་སྟེ། འདི་ནི་རྟོགས་པ་མ་ཡིན་ཏེ། འདི་དང་མཐོང་བ་མེད་པ་ལ་ཁྱབ་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དོན་གྱིས་གོ་བ་ཡང་མ་ཡིན་ཏེ། མཐོང་བ་ཙམ་ཡོད་པས་གཞན་དུ་ཡང་འཐད་པའི་ཕྱིར་རོ་ཞེས་བསྟན་པ་ནི།
དམིགས་པ་ལ་ཞེས་བྱ་བའོ། །དེ་ལྟ་ན་ཡང་གཅིག་ཉིད་དེ་དམིགས་པ་ཁོ་ན་ཡིན་ཏེ། གཞན་དུ་ན་འདི་ཉིད་འཛིན་པར་མི་འགྱུར་རོ་སྙམ་དུ་སེམས་པ་ལ་དེ་ཡང་ཞེས་བྱ་བ་སྟེ་མཐོང་བའི་གཅིག་པ་ཉིད་དོ། །དེ་ནི་སྐད་ཅིག་རེ་རེ་ཞིག་གཞན་ཡིན་པས་འཛིན་པའི་ཡུལ་མ་ཡིན་ཏེ། འདི་
ཐམས་ཅད་ལ་རྗེས་སུ་མཐུན་པ་ཡིན་ནོ་ཞེས་བསྟན་པ་ནི། རེ་རེ་ནི་ཞེས་བྱ་བའོ། །སོ་སོ་སོ་སོར་རིག་པ་མེད་པའི་ཕྱིར་ནི་འཛིན་པའི་བྱ་བ་སྟེ། ངེས་པའི་ཡུལ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ལས་ལོག་པའི་ངོ་བོ་འཛིན་བྱེད་དུ་མཐོང་བ་ནི་རང་གི་སྣང་བའི་རྟོག་པས་བླངས་པའི་
ངོ་བོའི་དབྱེ་བ་ནི་སྣང་བཞིན་པའི་དངོས་པོ་དང་འབྲེལ་པར་རུང་བ་ཉིད་ཀྱི་ཕྱིར་འཛིན་པར་འགྱུར་རོ་སྙམ་དུ་སེམས་པ་ལ་བརྟགས་པའི་རང་བཞིན་ཐ་དད་པ་ཞེས་བྱ་བ་སྟེ་བརྟགས་པ་ལ་རུང་བ་ཉིད་དོ། །རྟོགས་པ་མེད་པའི་ཞེས་བྱ་བ་ནི་དེ་རྣམས་སུ་མཐོང་དུ་རུང་བ་ཉིད་ལ་ཁྱབ་པར་བྱེད་པ་འགལ་བ་ནི་
เล่ม ๑๘๑ · หน้า 89b
རྟོག་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྟགས་པའི་ངོ་བོ་རྣམས་ཀྱིས་འདྲེས་པའི་ངོ་བོ་མངོན་སུམ་གྱིས་མཐོང་བ་ནི་དཔྱོད་པ་དང་བྲལ་བ་ཡང་མནའ་བསྐྱལ་བས་རྟོགས་པར་བྱ་བ་ཡིན་ནོ། །ཁྲ་བོ་ནི་དེ་ལྟ་བུའི་སྣང་བས་ཁྱབ་པ་ཡིན་ལ། ཁྲ་བོ་མ་ཡིན་པའི་སྣང་བའི་ཡུལ་མ་ཡིན་ཏེ། ཁྱབ་
པར་བྱེད་པ་དང་འགལ་བའི་ཕྱིར་རོ་ཞེས་བསྟན་པ་ནི་སྣ་ཚོགས་མིན་ཞེས་བྱ་བའོ། །མཐོང་བ་ནི་དོན་ཉེ་བ་ཁོ་ན་ལས་འབྱུང་ན་རེས་འགའ་བ་ཡིན་ལ། རྟོག་པ་ལས་བྱུང་བའི་བརྟགས་པ་ནི་རྟོག་པ་ལས་བྱུང་བའི་ཕྱིར་རེས་འགའ་བ་མ་ཡིན་ལ་ཁྱབ་པར་བྱེད་པ་དང་འགལ་བ་ཅན་དེས་ཡུལ་
ཅན་དུ་བྱེད་པ་མ་ཡིན་ཞིང་། ཉམས་སུ་མྱོང་བ་ལ་ཡང་འབྱུང་བ་སྟེ། དེ་ལས་གཞན་པ་ལས་དབང་པོ་ལས་སྐྱེས་པ་མ་ཡིན་པ་ཉིད་དུ་ཁྱད་པར་མེད་དོ། །དེ་དབང་པོ་རྣམས་ཀྱི་ཡང་ཉམས་སུ་མྱོང་བའི་དོན་ཉིད་ཀྱིས་གཞན་དུ་གྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། རེས་འགའ་བའི་ཞེས་བྱ་
བའོ། །སྔ་མས་ནི་རྟོག་པ་དང་རྟོག་པ་མེད་པ་དག་གི་ངོ་བོའི་དབྱེ་བ་དང་། བར་མས་ནི་ཡུལ་གྱི་དབྱེ་བ་དང་། ཐ་མས་ནི་རྒྱུའི་དབྱེ་བ་བསྟན་པ་ཡིན་ནོ། །རྣམ་པ་ཐ་དད་པས་ཞེས་བྱ་བ་ནི་རང་གི་རྣམ་པའི་ཡུལ་གྱི་རྣམ་པ་ཐ་དད་པས་སོ། །བརྐྱང་པའི་སྔོན་པོ་དམིགས་ན་ཆ་བཞིན་
དུ་ཆ་མེད་པ་ཡང་མཐོང་བའི་ཡུལ་མ་ཡིན་ནམ། གང་གི་ཕྱིར་སྐྲ་ཤད་རྣམས་ཉེ་བ་བཞིན་དུ། ཐག་རིང་བ་ལ་ཡང་སྣང་བའི་ཡུལ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་དཀར་སོགས་ཡོད་གྱུར་ཀྱང་། །ཞེས་བྱ་བའོ། །གཅིག་པོ་དེ་ནི་ཕྱི་རོལ་མ་ཡིན་ཏེ་དབྱེ་བར་མི་ནུས་པའི་ཕྱིར་དང་།
ཤེས་པ་གཅིག་ནི་ནང་དུ་འདུས་པའི་ཕྱིར་རོ། །ཕྱི་རོལ་ནི་དབྱེ་བར་ནུས་པ་ཉིད་ཀྱི་ཆ་ཤས་ཅན་ཡིན་པའི་ཕྱིར་རོ། །ཕྱི་རོལ་དེ་གཅིག་ཏུ་ཁས་བླངས་ཀྱང་མཐོང་བའི་ཡུལ་ཡིན་གྱི་རྣམ་པར་རྟོག་པའི་མ་ཡིན་ཏེ། དེའི་ངོ་བོ་ལ་རེག་པ་མ་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བློ་
རྣམས་དོན་གཅིག་ཉིད་ཡིན་ཞེས་བྱ་བ་ནི་རྟོག་པ་དང་རྟོག་པ་མེད་པ་དག་གི་ཡུལ་གཅིག་ཡིན་པ་ལའོ། །འདིས་ནི་སྒྲ་དང་དབང་པོའི་རྗེས་སུ་དཔག་པ་ལས་རང་གི་ནུས་པ་རྗེས་སུ་འབྲང་བ་གང་དག་གིས་རེས་འགའ་འགའ་ཞིག་ཁོ་ནར་དངོས་པོའི་ཆ་གཅིག་རྟོགས་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་
เล่ม ๑๘๑ · หน้า 90a
བསལ་བ་ཡིན་ནོ། །སྒྲ་དང་རྗེས་སུ་དཔག་པ་ལ་སོགས་པས་ཀྱང་དངོས་པོའི་ཆ་ཉིད་རྟོགས་པ་མ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །ཐ་མི་དད་ན་ཡང་སྒྲ་ལས་བཞིན་དུ་དབང་པོས་ཀྱང་རྟོགས་པར་འགྱུར་ཏེ་དངོས་པོ་ཉིད་བཞིན་དུ་རུང་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་
ཏོ། །འོན་ཏེ་དངོས་པོ་གཅིག་ཉིད་ཚོགས་པའི་དབྱེ་བ་དེ་དང་དེས་དེ་ལྟ་དེ་ལྟར་རྟོགས་པ་ཡིན་ཏེ། ཐག་རིང་བ་དང་ཅིག་ཤོས་ལ་སོགས་པ་བཞིན་དུའོ། །སྔོན་པོ་ལ་སོགས་པའི་ཚད་མའི་དབྱེ་བ་ཚོགས་པའི་དབྱེ་བ་ཉིད་ཀྱིས་ཡིན་གྱི་ཡུལ་གྱི་དབྱེ་བས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། བློ་རྣམས་དོན་གཅིག་
ཡིན་ཡང་ཞེས་བྱ་བའོ། །རྟེན་སྣ་ཚོགས་པ་ཞེས་བྱ་བ་ནི་ཚོགས་པའི་དབྱེ་བའོ། །དེར་འགྱུར་བ་ན་ཞེས་བྱ་བ་རྟོགས་པའི་ངོ་བོའི་དབྱེ་བའོ། །གཟུང་བྱའི་ངོ་བོ་ཐ་མི་དད་པ་ཡིན་ན། རྟེན་ཐ་དད་པ་ནི་མིག་དང་རྣ་བ་བཞིན་དུ་རྟོགས་པའི་ངོ་བོར་ཐ་དད་པར་བྱེད་པ་མ་ཡིན་པར་བསྟན་པ་ནི།
རྣ་བ་ལ་སོགས་སེམས་ཞེས་བྱ་བའོ། །ཐ་དད་དོན་ཅན་ནི་ཁྱད་པར་གྱི་དོན་གཅིག་ཉིད་ཀྱིས་ཏེ་ཐ་མི་དད་པའི་ངོ་བོ་རྣམས་སོ་སོར་སྣང་བའི་རང་བཞིན་གཅིག་པར་གྲགས་པ་ཡོད་པ་རྣམས་འཐོབ་པར་མི་འགྱུར་གྱི་སྒྲ་ལ་སོགས་པ་བཞིན་དུ་ཐ་མི་དད་པའི་ངོ་བོ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་
དོན་ཏོ། །རྟེན་ཐ་དད་པ་ལས་འབྲས་བུ་རྣམས་ཉིད་སྣ་ཚོགས་པའི་ངོ་བོ་ཅན་དོན་སྣ་ཚོགས་པར་འགྱུར་རོ་ཞེས་བྱ་བའི་དོན་བཤད་པ་ནི། གལ་ཏེ་རྟེན་ཐ་དད་པས་ཞེས་བྱ་བའོ། །རྟེན་རྣམས་ཀྱི་རྣམ་པ་ལྔའི་དབྱེ་བས་ངོ་བོའི་དབྱེ་བ་ལྔ་ཉིད་ཡིན་གྱི་གཞན་སྔོན་པོ་དང་སེར་པོ་ལ་སོགས་པ་
མ་ཡིན་པར་བསྟན་པ་ནི། སེར་པོ་ལ་སོགས་པར་ཞེས་བྱ་བའོ། །འོན་ཏེ་སྒྲ་རྣམས་ཉིད་སྔོན་པོ་དང་སེར་པོ་ལ་སོགས་པའི་ངོ་བོ་རྣམས་ཀྱི་དབྱེ་བ་དག་ནི་དེའི་དབྱེ་བ་ཡིན་པ་དེས་ན་སྐྱོན་འདི་མེད་དོ་སྙམ་དུ་སེམས་པ་ལ། ནུས་པའི་ཁྱད་པར་ཞེས་བྱ་བའོ། །རྣམ་པ་གཞན་དུ་ཞེས་
བཤད་པ་ནི། ཐ་དད་པར་རམ་ཞེས་བྱ་བ་སྟེ། གསལ་བ་ཐ་དད་པར་རོ། །གཞན་ཡང་རུང་བ་ཞེས་བྱ་བ་ནི་ཐ་མི་དད་པར་ཡང་ངོ་། །སྤྱིའི་སྒོ་ནས་ལན་བཏབ་པ་ནི། རྣམ་པ་གཞན་དུ་རྟོགས་པ་ནས་ཞེས་བྱ་བ་སྟེ། དབང་པོར་རྟོགས་པ་ལས་སོ། །འདིའི་ཞེས་བྱ་བ་ནི་སྒྲའི་
เล่ม ๑๘๑ · หน้า 90b
རྟོགས་བྱའི་འོ། །དོན་དམ་པ་ཉིད་ཅེས་བྱ་བ་ནི་ཁ་ཆུ་ལ་སོགས་པའོ། །དེ་ཉིད་ཅེས་བྱ་བ་ནི་ཁ་ཆུས་བསྒྲུབ་པར་བྱ་བ་ལའོ། །དོན་གཅིག་ཡིན་ན་ཞེས་བྱ་བ་ནི་གཟུང་བ་གཅིག་ཉིད་ཡིན་ནའོ། །ཡུལ་སོ་སོར་ངེས་པ་ཡིན་ན། རྒྱུ་ཤེས་པའི་རྟེན་ཡིན་གྱི་རྣམ་པ་ཐ་དད་པ་ཡིན་ན་
མ་ཡིན་པར་བསྟན་པ་ནི། །སེམས་ཀྱི་རྟེན་ནི་གཞན་དང་གཞན། །ཞེས་བྱ་བ་སྟེ། གཞན་དང་གཞན་ནི་རྟེན་ཏེ་མིག་གཅིག་ཡིན་ཡང་རྣམ་ཤེས་ནི་སྔོན་པོ་དང་ལྗང་གུ་ལ་སོགས་པའི་ཡུལ་གྱི་དབྱེ་བའི་རྗེས་སུ་འབྲང་བ་ཅན་རྣམ་པ་སྣ་ཚོགས་པ་ཡིན་གྱི། རྟེན་གཅིག་ཉིད་ཀྱིས་རྣམ་པ་
གཅིག་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པའིའོ། །སྒྲ་དང་དབང་པོ་ལ་སོགས་པ་རྟེན་ཐ་དད་པ་ཡིན་ཡང་དོན་ཐ་དད་པར་འདོད་པ་མ་ཡིན་པར་བསྟན་པ་ནི། དོན་ནི་སྔོན་པོ་ལ་སོགས་པ་ཞེས་བྱ་བའོ། །ཤེས་པ་དེ་ལ་ཞེས་བྱ་བ་ནི་
སྒྲ་དང་དབང་པོ་ལ་སོགས་པའི་བསྐྱེད་བྱའོ། །དེའི་ཕྱིར་དེའི་སྣང་བ་ཡང་ངོ་བོ་གཅིག་ཏུ་འགྱུར་རོ་ཞེས་བསྟན་པ་ནི། རང་བཞིན་གཅིག་ཉིད་ཅེས་བྱ་བའོ། །དབང་པོའི་ཡུལ་གྱི་ངོ་བོ་མེད་པ་ཉིད་སྒྲ་ལས་བྱུང་བ་ལ་སྣང་བར་མི་རིགས་པ་མ་ཡིན་ནམ། སྒྲ་དང་དབང་པོ་དག་ཡུལ་
གཅིག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བསྟན་པ་ནི་མེད་པ་ནི་སྣང་བ་མ་ཡིན་ནོ་ཞེས་བྱ་བའོ། །འབྲེལ་པ་ཞེས་བྱ་བ་ནི་འཐད་པའོ། །དེའི་ཞེས་བྱ་བ་ནི་དབང་པོའི་ཡུལ་གྱིའོ། །དེའི་ནི་སྒྲའི་འབྲེལ་པ་ཅན་གྱི་སྒྲ་ལས་བྱུང་བའིའོ། །སྒྲ་ཡང་མིག་ལས་བྱུང་བའིའོ། །མིག་ཀྱང་
ཡུལ་ཐ་དད་པ་ལ་དེ་དང་གཅིག་ཉིད་དུ་འགལ་བར་བསྟན་པ་ནི། གཅིག་ཉིད་འགལ་བ་ཞེས་བྱ་བ་སྟེ་ཤུགས་ཀྱི་ཡུལ་གྱིའོ། །ཉམས་པར་འགྱུར་རོ་ཞེས་བྱ་བ་ནི་རྟེན་དང་ཡུལ་དག་ཐ་དད་པར་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རང་གི་ངོ་བོ་ཞེས་བྱ་བ་ནི།
སྒྲ་ལས་འབྱུང་བ་ལ་མེད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སྒྲ་ལས་བྱུང་བ་ལ་ཡང་དོན་གཅིག་རང་གི་ཁོ་ནས་སྒྲའི་རྟེན་གྱི་ངོ་བོར་སྣང་བ་ཡིན་གྱི་དབང་པོའི་རྟེན་གྱི་ངོ་བོར་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་སྒྲས་རྟེན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དམིགས་པ་ཡིན་པའི་ཕྱིར་
เล่ม ๑๘๑ · หน้า 91a
རོ། །རྣ་བས་རྟོགས་པའི་སྒྲ་ནི་དོན་རྟོགས་པར་བྱེད་པ་ན། རང་ཉིད་ནི་དེ་ལས་སྡང་བར་བྱེད་པ་མ་ཡིན་པར་བསྟན་པ་ནི། རྟོགས་པའི་ཞེས་བྱ་བ་སྟེ་རང་གི་ཞེས་བྱ་བ་ནི་ངོ་བོ་གཞན་འདིས་བླངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་
ནི་སྒྲ་སྟེ། རྣ་བས་རྟོགས་པའོ། །ལན་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །མ་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་སྒྲ་བཞིན་ནོ། །གཞན་ལས་ཞེས་བྱ་བ་ནི་རང་གི་ངོ་བོ་མ་ཡིན་པའི་སྣང་བའི་སྒྲ་ལས་སོ། །དེ་ལས་ཞེས་བྱ་བ་ནི་མི་གསལ་བའི་རྣམ་པ་ལས་ཡིན་གྱི་དོན་དམ་པ་ནི་
མ་ཡིན་ཏེ། རྟོག་པ་ཉིད་ཀྱི་དབང་པོའི་ཡུལ་སྣང་བ་མ་ཡིན་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི་མ་རྟོགས་ཀྱང་ཞེས་བྱ་བའོ། །རྟེན་སྣ་ཚོགས་ཉིད་ཡིན་ཡང་ཞེས་བྱ་བ་ནི་སྒྲ་དང་དབང་པོ་དང་རྟགས་ལ་སོགས་པའི་རྟེན་ཉིད་ཡིན་ན་ཡང་ངོ་། །འགའ་ཞིག་ཅེས་བྱ་བ་ནི་མི་གསལ་
བའོ། །གཞན་གྱིས་ཀྱང་ཞེས་བྱ་བ་ནི་དབང་པོ་ལས་སྐྱེས་པའོ། །རྗེས་སུ་ཞུགས་ཞེས་བྱ་བ་ནི་ཐ་མི་དད་པའོ། །དེ་འདི་ལྟར་སྒྲ་ལས་བྱུང་བ་ནི་སྣང་དུ་རུང་བའི་དབང་པོའི་ཡུལ་ལ་རྟོག་པ་མེད་པར་ནི་སྟེ། འཛིན་པའི་བྱེད་པ་མེད་པས་འཇུག་པའི་ཕྱིར་འདས་མ་ཐག་ཏུ་བསྟན་པའི་
གཏན་ཚིགས་མཐོང་བ་ལས་ཏེ། འཛིན་པའི་བྱེད་པ་པོ་ལས་བ་ལང་བ་ལང་ངོ་ཤེས་པ་ནི་བ་ལང་ལ་སོགས་པ་རྣམས་ཀྱི་བ་ལང་ཉིད་ལ་སོགས་པའི་རྟེན་ཉིད་ཀྱིས་ཁྲ་མོ་ལ་སོགས་པའི་ངོ་ཤེས་པ་བཟློག་པ་ཡིན་ཞེས་བྱ་བ་ནི་མཐོང་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ཏོ། །ཞེན་པས་ནི་
བཟློག་པ་མ་བྱས་པ་ཁོ་ནའོ། །མཐོང་བ་རྟོགས་པ་ཡིན་ན་ཞེས་བྱ་བ་ནི་སྣང་བ་འཛིན་པ་ཉིད་ཡིན་ནའོ། །རྟོགས་པ་མེད་པའི་ངོ་ཤེས་པ་ནི་མཐོང་བ་ཁོ་ན་ལས་བྱུང་བ་མ་ཡིན་ནམ། གང་གི་ཕྱིར་སྣང་བཞིན་པ་ལས་སྔ་མ་ཉིད་ནི་མི་སྣང་བ་མ་ཡིན་ཏེ། བརྡ་ཇི་ལྟ་བར་འདིའི་སྒྲ་དྲན་པར་
བྱེད་པའམ། མཚམས་སྦྱོར་བར་བྱེད་པ་མ་ཡིན་ཏེ། ཇི་སྐད་དུ། གང་ཞིག་ཡོད་པ་གང་མཐོང་བ། །དེ་མཐོང་བ་དེའི་སྒྲ་དྲན་པར། །ཞེས་གསུངས་པ་རིག་པ་རིགས་པ་མ་ཡིན་སྙམ་དུ་སེམས་པ་ལ། བ་ལང་ལ་སོགས་མཐོང་བ་ལ། །ཞེས་བྱ་བ་སྟེ། རྣམ་པར་རྟོག་པའི་སྔར་
เล่ม ๑๘๑ · หน้า 91b
མཐོང་བ་ངོ་ཤེས་པ་མཐོང་བའི་ཕྱིར་མཐོང་བ་ནི་སྣང་དུ་རུང་བའི་སྔ་མ་ཉིད་མཐོང་བའོ་ཞེས་རྗེས་སུ་དཔག་པ་ཡིན་ལ། དྲན་པ་དང་རྣམ་པར་རྟོག་པ་དག་དྲན་པ་མཐོང་བ་ཙམ་གྱིས་མ་གྲུབ་པ་མ་ཡིན་ནོ། །མཐོང་བའི་བྱེད་པ་རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ། །
ལ་ལར་མ་ངེས་པ་ནི་ངེས་པར་བྱ་བ་སྣང་བ་སྟེ། སྔར་གྱི་དངོས་པོའི་བྱེད་པ་དེ་ལྟ་བུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །བ་ལང་ལ་སོགས་པ་མཐོང་བ་ཙམ་ཞེས་བྱ་བ་ལ་ཁྲ་བོ་ལ་སོགས་པ་ལའོ། །རྗེས་སུ་འགྲོ་ལས་རྗེས་དཔོག་གང་། །ཞེས་བྱ་བ་ནི་རིགས་ལ་སོགས་པའི་སྟེ་སྔར་གྱི་
དངོས་པོའི་གནས་སྐབས་ཀྱིས་མཐོང་བའི་ཡུལ་ཡིན་ནོ། །དངོས་པོ་ལ་རེག་པ་ཞེས་བྱ་བ་ནི་ཀུན་དུ་རེག་པའོ། །འཛིན་པ་ནི་བརྗོད་པ་དང་རྟོག་པ་དག་གིས་ཞེས་བྱ་བ་དང་སྦྱར་རོ། །མངོན་པའི་ང་རྒྱལ་ཙམ་ཉིད་དེ་ཞེས་བྱ་བ་ནི་དེ་ལྟ་བུའི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་
བའོ། །མཐོང་བ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་བག་ཆགས་སྐྱེད་པར་བྱེད་པའི་རྣམ་པར་རྟོག་པ་མཐོང་བའོ། །བརྗོད་དང་རྣམ་རྟོག་དག་ཅེས་བྱ་བ་ནི་རྗེས་སུ་འགྲོ་བ་ཙམ་བྱས་པའི་འབྲེལ་པས་བྱེད་པ་པོའི་དྲུག་པ་ཡིན་ལ། དེ་བྱེད་པ་པོའི་རྗེས་སུ་འགྲོ་བ་ནི་རིགས་ལ་སོགས་པ་འཛིན་པ་ཡིན་
ཏེ། སྣང་དུ་རུང་བའི་བ་ལང་ལ་སོགས་པ་ལ་དེ་བྱེད་པ་པོ་དང་འབྲེལ་པ་ཅན་གྱི་ངོ་བོ་འཛིན་པ་སུན་ཕྱུང་བ་ཡིན་ནོ། །འགྲེལ་པར་བྱེད་པ་པོའི་བཤད་པ་ནི་མཐོང་བ་རྟོགས་པ་མེད་པར་ནི་ཞེས་བྱ་བ་འདིས་བསྟན་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །གཞན་དག་ན་རེ་སྣང་
དུ་རུང་བའི་ཁྲ་བོ་ལ་སོགས་པ་ལ་བ་ལང་བ་ལང་ཞེས་བརྗོད་པ་དང་། རྣམ་པར་རྟོག་པ་དག་གིས་ལྡན་པའི་ངོ་བོ་མ་གཏོགས་པར་མི་འགྱུར་ཞེས་རྗེས་སུ་དཔག་པ་སུན་ཕྱུང་བ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་འདྲ་བ་མཐོང་བ་ལས་དེའི་རྗོད་བྱེད་དྲན་པ་ཡིན་ན་དེ་དང་འདྲ་བ་ཡིན་
ནོ་ཞེས་བྱ་བར་འགྱུར་གྱི་དེ་ཉིད་ཡིན་ནོ་ཞེས་བྱ་བར་ཇི་ལྟར་འགྱུར། སྔ་མ་དང་ཕྱི་མ་མཐོང་བའི་ཡུལ་མ་ཡིན་པའི་སྔ་མ་དང་ཕྱི་མ་གཅིག་པ་ཉིད་དུ་ཞན་པ་ལས་སོ། །སྔ་མའི་དོན་ཤེས་པ་ཚད་མ་ཡིན་ནོ་སྙམ་དུ་སེམས་པ་ལ། མཐོང་བ་ཐ་དད་ཉིད་ཡིན་ན། །ཞེས་བྱ་
เล่ม ๑๘๑ · หน้า 92a
བ་སྟེ། མཐོང་བ་ཐ་དད་རྣམས་ཏེ། ཡུལ་ཐ་དད་པ་ཅན་རྣམས་ཡུལ་ལ་གོམས་པའི་བག་ཆགས་ཀྱི་སྙིང་པོ་ཅན་རང་གི་ཡུལ་གྱི་ཁྱད་པར་ངེས་པར་བྱེད་ཅིང་། དྲན་པའི་ཡུལ་ཅན་རྣམས་ཀྱང་དེ་ལྟར་མ་ངེས་པ་རྣམས་ནི་དེ་ཉིད་འདི་ཡིན་ནོ། །ངེས་པ་སྐྱེས་
པའི་དོན་ཏོ། །རྩོད་པའི་རྙོག་ལས་རྒྱལ་བ་ཅན། །དྲན་པ་གསལ་པོ་ཐོབ་པ་དང་། །དམ་པའི་ལམ་བདག་ཉིད་དུ་གྱུར། །སྲིད་པའི་རྒྱ་མཚོའི་ཕ་རོལ་འགྲོ། །འདི་ལྟར་ཡང་གཟུགས་ནི་མངོན་སུམ་གཉིས་པོ་དག་གིས་འཛིན་པ་ཡིན་ཏེ། དབང་པོའི་ཤེས་པ་དང་
དེས་དྲངས་པའི་ཡིད་ཀྱི་རྣམ་ཤེས་ཀྱིས་ཀྱང་ངོ་ཞེས་གསུངས་ཤིང་། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཀྱང་ཡིད་ཀྱིའང་ཞེས་བྱ་བ་ལ་སོགས་པ་བཤད་པ་དེ་ནི་འཐད་པ་ཡིན་པའི་ཕྱིར་དྲི་བ་སྔོན་དུ་འགྲོ་བ་ནི་སྔར་མྱོང་བ་ནི་འཛིན་པར་ན་ཞེས་བྱ་བ་ནི། སྔ་མའི་དབང་པོའི་རྣམ་ཤེས་ཀྱི་སྐད་ཅིག་
སྔ་མས་བཟུང་བ་ཉིད་ནི་དབང་པོའི་ཤེས་པའི་སྐད་ཅིག་མ་གཉིས་པ་བཞིན་དུའམ། དབང་པོའི་རྣམ་ཤེས་ཀྱི་དུས་ཉིད་དུ་དེའི་ཡུལ་འཛིན་པ་ནི་དེ་བསྒྲུབ་པར་བྱ་བའི་དོན་བྱེད་པ་ལ་ཡོད་པ་མ་ཡིན་ན་དེ་ཉིད་ཀྱིས་ནུས་པའི་ཕྱིར་གཉིས་པ་ལ་སོགས་པ་བཞིན་དུའམ། རྣམ་པར་རྟོག་པ་བཞིན་དུ་
ཡིན་པ་དེ་དང་གྲུབ་པ་གཅིག་པ་མ་ཡིན་པ་ནི་ཚད་མ་ཡིན་ནོ། །སྔར་མྱོང་བ་ཞེས་བྱ་བ་ནི་དུས་མཚུངས་པར་འདོད་པའི་བསམས་པས་ཡིན་གྱི་བསྐྱེད་པའི་བསམས་པས་ནི་མ་ཡིན་ཏེ། འབྲེལ་པ་ནི་སྐྱེད་པའི་བསམ་པ་ཁོ་ན་ཡིན་ཏེ། དེ་བསྟན་པ་ནི་སྔར་མྱོང་བ་དྲན་པ་ཞེས་བྱ་བའོ། །དབང་
པོའི་བྱེད་པ་འདས་ན་ཡིད་ཀྱིས་ནི་ཕྱི་རོལ་གྱི་ཉེ་བ་སྟོན་པར་མི་བྱེད་དེ་ལོང་བ་ལ་སོགས་པ་མེད་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི། མ་མཐོང་འཛིན་ན་ཞེས་བྱ་བ་སྟེ་དབང་པོའི་ཡུལ་མ་ཡིན་པ་འཛིན་ནའོ། །ཡིད་ཀྱི་ནི་ཡིད་ཁོ་ནའོ། །གཞན་གྱི་ཞེས་བྱ་བ་ནི་ལོང་བ་མ་ཡིན་པའིའོ། །
སྔ་མའི་དབང་པོའི་ཤེས་པའི་དུས་སུ་ཡིད་ཀྱི་ནི་མ་ཡིན་ཏེ། དོན་མེད་པའི་ཕྱིར་ལ་གཉིས་པ་ལ་ཡང་མ་ཡིན་ཏེ། དབང་པོའི་རྣམ་ཤེས་ཀྱི་སྐད་ཅིག་བཞིན་དུ་སྐད་ཅིག་ཕྱི་མའི་ཡུལ་ལ་དབང་པོའི་བྱ་བ་ཡོད་ན་དོན་མེད་པའི་ཕྱིར་རོ། །མེད་ན་ཡང་ལོང་བ་ལ་སོགས་པ་མེད་པར་ཐལ་བར་
เล่ม ๑๘๑ · หน้า 92b
འགྱུར་རོ། །འོན་ཀྱང་སྔ་མའི་དབང་པོའི་ཤེས་པའི་སྐད་ཅིག་མའི་ཡུལ་ཉིད་ད་ལྟར་མཐོང་བར་བྱེད་པ་ཡིན་གྱི། ད་ལྟར་ཡང་དེ་ཉིད་མཐོང་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། སྐད་ཅིག་མའི་ཕྱིར་འདས་པའི་ཞེས་བྱ་བ་སྟེ། ཤེས་པ་བཞིན་དུ་དེའི་ཡུལ་ཡང་འདས་
པ་ནི་མཐོང་བར་མི་ནུས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལ་མཐོང་བར་ནུས་པ་ཡིན་པ་དེ་ལྟ་ན་ཡང་ཡིད་ཀྱི་མངོན་སུམ་སྐད་ཅིག་པ་མ་ཡིན་ནོ་ཞེས་ཁྱད་པར་གྱི་མཚན་ཉིད་བརྗོད་བྱར་འགྱུར་བར་བསྟན་པ་ནི། སྐད་ཅིག་མིན་ན་ཞེས་བྱ་བའོ། །
མཐོང་བ་སྔ་མས་སྔ་མའི་དུས་བཟུང་བ་ཡིན་ལ་ད་ལྟར་བས་ནི་ད་ལྟར་བའོ་ཞེས་བྱ་བའི་ཕྱོགས་ལ་དྲན་པ་ཉིད་བཞིན་དུ་ཇི་ལྟར་ཚད་མ་མ་ཡིན་ཞེས་བསམ་དགོས་སོ། །ཉམས་སུ་མྱོང་བཞིན་པ་ནི་ཉམས་སུ་མྱོང་བ་ཉིད་ཀྱང་དྲན་པ་ཡིན་གྱི། ཉམས་སུ་མྱོང་བར་གྱུར་པ་ལ་ནི་དབང་པོ་
ལས་སྐྱེས་པ་སྔ་མ་ཉིད་ཀྱིས་ཐོབ་པའི་བར་དུ་འཇུག་པའི་ཡུལ་སྟོན་པ་ནི། དེ་ལས་ལྷག་པའི་བྱེད་པ་གཞན་མེད་པའི་ཕྱིར། ཡིད་ཀྱི་ནི་ཚད་མ་གཞན་མ་ཡིན་ནོ་ཞེས་བསྟན་པ་ནི། བྱ་བ་བསྒྲུབས་ཅན་ཞེས་བྱ་བ་སྟེ་འཇུག་པའི་ཡུལ་གྱི་ལས་གང་གིས་རྣམ་པར་གཅོད་པའི་བྱ་བ་
དབང་པོ་ལས་སྐྱེས་པ་བསྒྲུབས་པ་དེ་ལ་ཁྱད་པར་ནི་ལྷག་པའི་བྱེད་པ་པོའོ། །དབང་པོ་ཅན་ཞེས་བྱ་བ་ནི་ལན་ཡིན་ཏེ་གཞན་དག་ནི་ཞེས་བྱ་བ་ནི་ཡིད་ཀྱིའོ། །རང་བཞིན་ཡོངས་སུ་བཅད་པ་ཞེས་བྱ་བ་ནི་འཐོབ་པའི་བར་དུ་ངེས་པའོ། །རྟོགས་པའི་དོན་ལན་དུ་བསྟན་པ་ནི། སྔ་མ་གང་
ཡིན་དེ་ཉིད་དོ། །ཞེས་བྱ་བའོ། །རང་གི་ངོ་བོ་སྣང་བ་ཉིད་དོ་ཞེས་བྱ་བ་ནི་ལན་ཡིན་ནོ། །གཞན་ལ་ཡང་སྟེ་རྣམ་པར་གཅོད་པ་ལ་ཡང་ཞེས་བྱ་བ་ནི་རྒོལ་བའོ། །དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །རྟག་པ་ནི་སྐད་ཅིག་པ་མ་ཡིན་པའོ། །རྟག་ཏུ་ནི་ཐམས་ཅད་དུའོ། །
ཤེས་བྱ་བཞིན་དུ་རང་ཉིད་ཀྱིས་བརྗོད་པར་ཤེས་པའི་རྟག་པ་ཉིད་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། །རྟག་པའི་ཕྱིར་ཞེས་བྱ་བའོ། །མངོན་སུམ་ལས་གཞན་པ་སྔར་མཐོང་བ་ངོ་ཤེས་པ་དེ་ཡང་ཚད་མ་མ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། ཡིད་ཆེས་པ་མེད་པའི་ཕྱིར་ཞེས་བྱ་བའོ། །མངོན་
เล่ม ๑๘๑ · หน้า 93a
སུམ་གཞན་ཡང་སྔ་མ་ཉིད་བཞིན་དུ་རྟོག་པ་མ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། ཇི་ལྟར་གཞན་ཞེས་བྱ་བའོ། །ཕྱི་མ་དེ་ཕྱི་མའི་དུས་སུ་ཇི་ལྟར་དངོས་པོ་རིག་པ་དེ་བཞིན་དུ་སྔར་ཡང་ཡིན་ཏེ། དེའི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དངོས་
པོ་དེ་ལས་སྐྱེས་པའི་བློ་ཡང་ཞེས་བྱ་བའོ། །གང་གི་ཚེ་གཅིག་བྱུང་བ་དེ་ཉིད་ཀྱི་ཚེ་བློ་གཞན་ཡང་ཡོད་པ་ཡིན་ཏེ། ཡོད་པ་འཛིན་པ་ཉིད་ནི་གཞན་མེད་པའི་ཕྱིར་ཏེ་ཇི་ལྟར་གཅིག་པ་དེ་བཞིན་དུ་གཞན་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡུལ་དང་དུས་ལ་སོགས་པ་ལ་ལྟོས་ནས་
ཅུང་ཟད་ཇི་ལྟར་ཡང་འཛིན་པ་ཡིན་ནོ་སྙམ་དུ་སེམས་པ་ལ་གཞན་གྱིས་ཞེས་བྱ་བ་སྟེ། ཡུལ་ལ་སོགས་པ་རྣམས་ཀྱིས་འབྲས་བུའི་རང་གི་ངོ་བོ་བསྡུས་པའི་རྟག་པ་ཤེས་པ་ཐམས་ཅད་ཀྱིས་ཀྱང་ཡོད་པ་ཇི་ལྟ་བ་ཁོ་ན་བཞིན་དུ་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལྟོས་པ་ཞེས་
བྱ་བ་ནི་ཡུལ་ལ་སོགས་པ་ལ་ལྟོས་པའོ། །དུས་གཅིག་ཏུ་ཞེས་བྱ་བ་ནི་ཤེས་པའི་བྱ་བའི་ཁྱད་པར་རོ། །དེ་འདི་ལྟར་ཡིད་ཀྱི་ཁས་བླངས་ནས་དེ་བསྟན་པ་ཡིན་ལ། ད་ནི་དེ་ཉིད་མེད་པར་བསྟན་པ་ནི། ཉམས་སུ་མྱོང་བའི་རྣམ་པ་ཞེས་བྱ་བའོ། །དྲན་པ་གཞན་དུ་མི་འཐད་པས་
ཡིད་ཀྱི་ཡོད་པར་གྱུར་པ་ཡིན་པར་རྟོགས་སོ་སྙམ་དུ་སེམས་པ་ནི། གལ་ཏེ་ཡིད་ཀྱི་མ་དམིགས་ན་ཞེས་བྱ་བའོ། །འདི་སྐད་དུ། །རྣ་བས་འཛིན་པའི་དུས་ན་ནི། །གལ་ཏེ་དེ་ཡིད་མི་འཛིན་ན། །འོན་པས་སྒྲ་ནི་དྲན་མི་འགྱུར། །དྲན་པ་ཐམས་ཅད་འབྱུང་མི་འགྱུར། །ཞེས་
གྲགས་པའོ། །དྲན་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །དེ་དག་ཀྱང་ཞེས་བྱ་བ་ནི་རྟོགས་པ་དང་བཅས་པ་དང་ཡིད་དག་གིའོ། །རྣམ་ཤེས་ཉིད་ནི་དབང་པོའི་རྣམ་ཤེས་དང་ཡིད་དག་ལ་ཡང་མཚུངས་པར་བསྟན་པ་ནི། ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བའོ། །གང་གི་
ཕྱིར་དབང་པོའི་རྣམ་ཤེས་ཀྱི་ཡུལ་ལམ་གཞན་ཡང་འཛིན་ན་ཡིད་ཀྱི་ནི་གཟུང་བ་ལ་འཛིན་པ་ཉིད་ཡིན་པ་དང་། ལོང་བ་ལ་སོགས་པ་མེད་པ་ཉིད་ཡིན་པ་དེའི་ཕྱིར། སེར་པོའི་རྣམ་པར་ཤེས་ཞེས་བྱ་བ་ལ་དེ་མ་ཐག་པས་ཏེ་བར་མེད་པའི་རྐྱེན་ཡིན་གྱི་དམིགས་པ་མ་ཡིན་ནོ། །
เล่ม ๑๘๑ · หน้า 93b
དེས་ན་དབང་པོའི་ཤེས་པས་དམིགས་པ་ལས་བྱུང་བའི་རྣལ་འབྱོར་པའི་ཤེས་པ་བཀག་པ་ཡིན་ནོ། །དེ་ལས་བྱུང་བ་ཅན་ནི་དེ་ལས་བྱུང་བ་གང་གི་ཡིན་པ་དེའོ། །དེའི་ཕྱིར་འདིས་ལོང་བ་ལ་སོགས་པ་མེད་པ་གསལ་བ་ཡིན་ནོ། །གཞན་ཉིད་ནི་དབང་པོའི་ཤེས་པ་དང་དུས་མཚུངས།
དེའི་ཡུལ་གྱི་སྐད་ཅིག་མས་བསྐྱེད་པའི་སྐད་ཅིག་མ་གཞན་ཡིན་ནོ། །འདིས་བ་ལང་འཛིན་པ་ཉིད་ཀྱང་གསལ་བ་ཡིན་ནོ། །ཇི་སྲིད་དབང་པོའི་བྱ་བ་ཡོད་པ་དེ་སྲིད་དུ་དབང་པོའི་ཤེས་པ་ཉིད་ཡིན་ནོ་ཞེས་ཟེར་བ་ལ། གལ་ཏེ་དབང་པོའི་རྣམ་པར་ཤེས་པ་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་
རྟོག་པ་མེད་པའོ། །དབང་པོའི་མཚན་ཉིད་དང་མི་མཐུན་པའི་དམིགས་པ་བསྟན་པ་ནི་འདིའི་ཞེས་སོགས་ཞེས་བྱ་བའོ། །ཤེས་པ་དེའི་རྒྱུ་མཚན་ཉིད་མི་མཐུན་པར་བསྟན་པ་ནི་གོམས་པ་ལས་བྱ་བའོ། །མངོན་སུམ་ཉིད་ཀྱི་རྒྱུ་མཚན་བསྟན་པ་ནི། མདུན་དུ་གནས་པ་ལ་ཞེས་བྱ་བའོ། །
དབང་པོའི་བྱེད་པ་ཡོད་ཀྱང་དེའི་འབྲས་བུ་དང་མཚན་ཉིད་མི་མཐུན་པ་ལ་གོམས་པའི་རྗེས་སུ་བྱེད་པའི་ཕྱིར་དེའི་བསྐྱེད་བྱ་ཉིད་ཡིན་པར་བསྟན་པ་ནི། མ་ཡིན་ཏེ་མིག་གི་ཤེས་པ་ནི་ཞེས་བྱ་བའོ། །མོས་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་འཛིན་པའོ། །དབང་པོའི་ཤེས་པ་ནི་འཇུག་པའི་
ཡུལ་མཐོང་བས་འཇུག་པར་བྱེད་ལ། ཕྱི་རོལ་གྱི་འཛིན་པ་ནི་ཞེན་པས་སོ་ཞེས་བསྟན་པ་ནི། འདི་ཞེས་བྱ་བས་ཞེས་བྱ་བའོ། །གང་གི་ཚེ་དབང་པོའི་ཤེས་པའི་འོག་ཏུ་ཡིད་ཀྱི་ཡིན་པ་དེའི་ཚེ། དབང་པོའི་ཤེས་པ་གཞན་ཡང་ཡིན་པའི་ཕྱིར་དུས་མཚུངས་པར་མངོན་པར་ཞེན་པ་དང་ཅིག་
ཤོས་རྣམ་པ་གཉི་ག་དམིགས་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། འོ་ན་དུས་གཅིག་ཏུ་ཞེས་བྱ་བའོ། །རྣམ་པ་གཉིས་ཐ་དད་པ་ཡིན་ཡང་དུས་གཅིག་ཏུ་མངོན་པར་རློམ་པའི་ཡུལ་ཡིན་པར་བསྟན་པ་ནི། རབ་རིབ་ཅན་གཉིས་ཀྱིས་ཞེས་བྱ་བའོ། །དེའི་ཕྱིར་འདིས་དབང་པོ་
ལས་སྐྱེས་པ་ཡུལ་ཐོབ་པའི་བར་དུ་ནི་ཡིད་ཀྱི་ནུས་པ་ཉིད་ཀྱིས་ཡིན་ལ། དེའི་ཕྱིར་དབང་པོ་ལས་སྐྱེས་པ་གཉིས་པ་བཞིན་དུ་རྟོགས་པའི་དོན་ཅན་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །གལ་ཏེ་གོམས་པའི་བསྐྱེད་བྱ་ཡིད་ཀྱི་མངོན་པར་ཞེན་པ་ཡིན་ལ། གོམས་པའི་བསྐྱེད་བྱ་བདེ་བ་ལ་
เล่ม ๑๘๑ · หน้า 94a
སོགས་པ་ཡང་ཡིད་ཀྱི་བར་འགྱུར་ཏེ་གོམས་པ་ཡིད་ཡིན་པར་ཁས་བླངས་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི་བདེ་བ་ལ་སོགས་པ་ཡང་ཞེས་བྱ་བའོ། །དབང་པོའི་རྣམ་ཤེས་ཀྱི་དེ་མ་ཐག་ལས་བྱུང་བའི་རྐྱེན་ལས་བྱུང་བ་ཅན་བཞིན་དུ་དེ་དག་ལ་ཡོད་པར་བསྟན་པ་
ནི། མདུན་ན་གནས་པའི་རྣམ་པ་འཛིན་པ་ཞེས་བྱ་བའོ། །དབང་པོ་ལས་བྱུང་བའི་ཞེས་བྱ་བ་ནི་དབང་པོ་ལས་སྐྱེས་པའོ། །རྩ་བ་དང་འགལ་བའི་བཤད་པ་གཞན་དུ་འགྱུར་རོ་ཞེས་བྱ་བའི་རིགས་པ་བསྟན་པ་ནི། བདེ་བ་ལ་སོགས་པའི་སྒྲས་ནི་ཞེས་བྱ་བ་སྟེ། བདེ་བ་དང་བདེ་བ་མ་ཡིན་
པའི་རྒྱུ་ཡིན་པའི་ཕྱིར་བདེ་བ་དང་བདེ་བ་མ་ཡིན་པ་ནི་ཚ་བ་དང་ཞིམ་པ་ལ་སོགས་པའི་ངོ་བོའོ། །དབང་པོ་ལས་བྱུང་བར་ཇི་ལྟར་སྨྲ་བ་ཡིན་ཞེ་ན་རྣམ་པར་མི་རྟོག་ཀྱང་སྣང་བ་ཞེས་བྱ་བའོ། །དེ་སྐད་བརྗོད་པ་ནི་དབང་པོ་ལས་བྱུང་བ་ཞེས་བྱ་བར་ཉེ་བར་བཏགས་པ་ཡིན་ནོ། །རྣམ་པ་གཞན་དུ་འཛིན་
ཅིང་ཞེས་བྱ་བ་ནི་སྣ་ཚོགས་ཀྱི་རྣམ་པ་ལ་འཛིན་པ་སྟེ་སྣ་ཚོགས་པ་ཉིད་ལ་གོམས་པའི་ཕྱིར་རོ། །དེ་ཉིད་དུ་ཞེས་བྱ་བ་ནི་སྣ་ཚོགས་པའི་རྣམ་པ་འཛིན་པ་ཉིད་ཀྱི་རྒྱུ་ལ་ཁྱད་པར་མེད་པར་བསྟན་པ་ནི། དབང་པོའི་ཤེས་པ་ལ་ཡང་ཞེས་བྱ་བའོ། །དེ་ལྟ་ན་འོ་ན་ཞེས་བྱ་བ་ནི་ཇི་ལྟར་གོམས་པའོ། །
སྣ་ཚོགས་པའི་ཤེས་པ་ཉིད་ཀྱིས་ཡིད་ཀྱི་བྱེད་པ་ཉིད་དུ་ཞེན་པར་རྟོགས་པ་ཡིན་ནོ་སྙམ་དུ་སེམས་པ་ནི། ཡིད་ཉིད་ནི་མ་ཡིན་ནོ་ཞེས་པའོ། །གོམས་པའི་ཡིད་ཀྱི་བསྐྱེད་བྱ་ཡིད་ཀྱི་མངོན་སུམ་ཉིད་ཡིན་ན་འདིའོ་ཞེས་བྱ་བ་བཞིན་དུ་དེའོ་ཞེས་བྱ་བར་འགྱུར་རོ་སྙམ་དུ་སེམས་པ་ནི་འོ་ན་ཡིད་ཀྱི་ཤེས་
པ་ཞེས་བྱ་བའོ། །ཇི་ལྟར་དབང་པོ་ལས་སྐྱེས་པ་ཐམས་ཅད་དོན་གྱི་ཁྱད་པར་ཡིན་པའི་ཕྱིར་མངོན་སུམ་མ་ཡིན་པ་དེ་བཞིན་དུ་ཡིད་ཀྱི་ཡིན་པར་བསྟན་པ་ནི་རང་གི་དོན་རྗེས་སུ་འགྲོ་བའི་དོན་གང་གི་རྒྱུ་ཡིན་པ་དེ་ཡང་འདི་ཡིན་ལ། དོན་ཡང་ཡིན་པ་དེ་ལ་ལྟོས་པའི་ཕྱིར་དེ་ལ་ལྟོས་པ་ཅན་ཏེ་དབང་སྐྱེས་བློ་ཞེས་
བྱ་བར་སྦྱར་རོ། །དཔྱོད་པ་ནི་རྣམ་པར་རྟོག་པ་མ་ཡིན་ནམ། ཇི་ལྟར་མངོན་སུམ་ཡིན་སྙམ་དུ་སེམས་པ་ལ། དེ་ནི་ཞེས་བྱ་བ་སྟེ་རྣམ་པ་གསལ་བས་མཚོན་པས་མངོན་སུམ་ཡིན་གྱི་རྣམ་པར་རྟོག་པའི་ཆས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དབང་པོའི་ཤེས་པ་ནི་
เล่ม ๑๘๑ · หน้า 94b
ཡིད་ཀྱི་དང་དུས་མཚུངས་པ་མ་ཡིན་ཏེ། དུས་ཐ་དད་པའི་ཡང་ཡིད་ཀྱི་ཡུལ་ལྷན་ཅིག་བྱེད་པ་མ་ཡིན་ཏེ། ཡིད་ཀྱི་དུས་སུ་ཡུལ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ཡིད་ཀྱི་ཤེས་པ་ཡང་ཞེས་བྱ་བའོ། །རྒོལ་བ་འདི་རྗོད་པར་བྱེད་པའི་ཚིགས་སུ་བཅད་པ་བསྟན་པ་ནི་
རང་ཤེས་དུས་ཅན་ནི་ཡིད་ཀྱི་དང་དུས་མཚུངས་པའོ། །འབྲས་བུ་ལས་སྔ་རོལ་ན་མེད་པ་ཉིད་ཡིན་པས་ཁྱབ་པ་འབྱུང་བར་བྱེད་པ་པོ་ཉིད་ལ་ཁྱབ་པར་བྱེད་པ་འགལ་བ་ཡིན་པར་བསྟན་པ་ནི། མེད་པར་སྔར་ཞེས་བྱ་བའོ། །འབྲས་བུའི་ཡོད་པ་ཉིད་དམ་ཡོད་པས་ཁྱབ་པ་འབྱུང་བར་
བྱེད་པ་པོ་ཉིད་ལ་ཁྱབ་པར་བྱེད་པ་འགལ་བ་ཡིན་པར་བསྟན་པ་ནི་ཕྱིས་ཀྱང་ཞེས་བྱ་བའོ། །སྔ་ན་ཡོད་པ་ལ་ནི་འབྱུང་བར་བྱེད་པ་པོ་ཉིད་འབྲས་བུ་ལས་སམ། རྒྱུ་ལས་ཁྱབ་པར་བྱེད་པ་འགལ་བ་མ་ཡིན་ཏེ། ཡོད་པ་དང་མེད་པ་དག་མ་གྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྒྱུ་
རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་བྱ་བའོ། །རང་བློ་སྟེ་ཡིད་ཀྱི་དང་ལྷན་ཅིག་པ་མ་ཡིན་ཏེ། དབང་པོའི་ཤེས་པ་དང་དུས་མཚུངས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཛིན་པའི་བྱེད་པས་ཁྱབ་པའི་གཟུང་བ་ནི་འཛིན་པའི་དུས་ཉིད་ན་མ་ཡིན་ནམ། དུས་གཞན་
ཉིད་ནི་སྣང་བ་ཉེ་བར་མི་རིགས་པའི་ཕྱིར་རོ། །དུས་གཞན་ཡང་ཁྱབ་བྱ་ཡིན་ནོ་ཞེས་བྱ་བ་ཡང་གཏམ་ཙམ་ཡིན་ཏེ་དེ་ཉེ་བ་ཉིད་རང་གི་ངོ་བོ་ཉེ་བ་ཡིན་པའི་ཕྱིར་རོ། །འདི་ལ་ལར་ཁྱབ་པ་མེད་པ་ཇི་ལྟར་ཡིན་ཞེ་ན་འདི་དེའི་ཚེ་མེད་པའི་ཕྱིར་རོ། །སྣང་བའི་དུས་ན་ནི་ཡོད་པ་ཁོ་ན་ཡིན་ཏེ།
སྣང་བ་ཡོད་པར་བརྗོད་པ་ཡིན་ནོ་སྙམ་དུ་སེམས་པ་ནི་དུས་ཐ་དད་པ་ཞེས་བྱ་བའོ། །དབང་པོ་ལ་སོགས་པའི་བསྐྱེད་བྱ་ཉམས་སུ་མྱོང་བ་ནི་བདག་ཉིད་མ་ཡིན་པ་ལ་མི་འཇུག་ན། དམིགས་པར་བྱེད་པ་མ་ཡིན་ལ་འཇུག་ན་ཡང་དེའི་བདག་ཉིད་ཁོ་ན་ཡིན་ཏེ་དེ་ལས་སྐྱེས་པའི་ཕྱིར་
འཛིན་པར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་རྒྱུ་ཉིད་གཟུང་བ་ཉིད་ཡིན་པར་བསྟན་པ་ནི་གཟུང་བར་ཤེས་ཞེས་བྱ་བའོ། །སྣང་བའི་ངོ་བོར་ཡང་གཟུང་བྱ་ཉིད་ནི་ཤེས་པ་དང་དུས་མཚུངས་པ་ཉིད་ཀྱིས་ཁྱབ་པར་ནི་ཐ་དད་པ་ཡིན་ལ་འགལ་བ་ཁྱབ་པ་ཡིན་ཞེས་ཟེར་བ་འདི་སྣང་བ་ཡང་
เล่ม ๑๘๑ · หน้า 95a
ཞེས་བྱ་བའོ། །འདི་ཅི་ཞིག་ཅེས་བྱ་བ་ནི་གྲུབ་མཐའོ། །ཤེས་པ་ཡོད་ན་གང་སྣང་བ་དེ་ཉིད་སྔར་མི་སྣང་བའི་ངོ་བོ་གཞན་སྐྱེ་བ་ནི་མ་ཡིན་ཏེ། དེ་ལྟ་ན་ཡང་ཤེས་པའི་ནུས་པ་ཡོད་དོ་སྙམ་དུ་སེམས་པ་ནི་ཤེས་པས་ཀྱང་དེ་ཉིད་ཅེས་བྱ་བའོ། །འོན་ཏེ་ཤེས་
པ་ཡོད་ན་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལྡོག་པའོ། །དུས་མཉམ་པ་ཉིད་འབྲས་བུ་ཡིན་ཏེ་མཐོང་བའི་ཕྱིར་རོ་ཞེས་ཟེར་བ་ནི་དུས་མཉམ་ཉིད་དུ་མཐོང་ཞེས་བྱ་བའོ། །མིག་ལ་སོགས་པའི་བྱེད་པ་ཐ་དད་པ་ཅན་ཤེས་པ་དག་ཉིད་ཀྱི་འགྱུར་བ་ལ་
སོགས་པ་དམིགས་པ་མ་ཡིན་ནོ་ཞེས་བསྟན་པ་ནི། དེ་ལྟ་འོ་ན་ནི་ཞེས་པ་སྟེ། བདག་གོ་ཞེས་བྱ་བར་རྟོགས་པ་ཡང་ལུས་དང་དབང་པོ་དང་བདེ་བ་ལ་སོགས་པ་ཉིད་དམིགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དོན་གྱི་ངོ་བོ་མ་ཡིན་ནོ་ཞེས་བྱ་བ་བཤད་པ་ནི་གང་ཡོད་ན་ནི་ཞེས་བྱ་བ་སྟེ་དོན་
ལའོ། །གང་ཞེས་བྱ་བ་ནི་སྣང་བའོ། །སྐྱེ་ཞིང་ཞེས་བྱ་བ་ནི་ཕྱིས་ཡིན་གྱི་ལྷན་ཅིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཞིག་པ་ཡང་ལྷན་ཅིག་པ་མ་ཡིན་པར་བསྟན་པ་ནི། གནས་པ་ཉིད་ན་ཞེས་བྱ་བའོ། །ལྷན་ཅིག་པ་མ་ཡིན་པའི་སྐྱེ་བ་དང་འཇིག་པ་དག་ཐ་དད་པ་ཉིད་དུ་མཐོང་བ་
ཡིན་པར་བསྟན་པ་ནི། གང་གི་ཕྱིར་གཞན་གྱི་ཞེས་བྱ་བའོ། །གལ་ཏེ་ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཉིད་ནི་རྒོལ་བ་ཡིན་ཏེ་ཡུལ་གྱི་སྣང་བ་ཐ་དད་པ་དང་ཐ་མི་དད་པ་དག་གིས་བཞིན་ལས་གཟུགས་བརྙན་དང་། སྔོན་པོ་ལས་སྣང་བའིའོ་ཞེས་བྱ་
བའི་དོན་ཏོ། །སྣང་བའི་བདག་ཉིད་ཀྱི་སྔོན་པོ་ཉིད་ཡིན་ཏེ། ཡུལ་སྣང་བའི་དབྱེ་བ་ལ་ཐ་དད་པའི་སྒྲུབ་བྱེད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཇི་ལྟར་མིག་ལས་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པའི་སྣང་བའི་བདག་ཉིད་ཡིན་པ་དང་། མིག་ལ་སོགས་པ་མི་སྣང་བའི་བདག་ཉིད་ཡིན་
པར་སྔར་ཁས་བླངས་པས་གཏན་ཚིགས་གྲུབ་པ་ཡིན་པར་བསྟན་པ་ནི། ཇི་ལྟར་མིག་ལ་སོགས་རྣམས་ལས། །ཞེས་བྱ་བའོ། །དེ་བཞིན་དུ་སྟེ་དོན་བཞིན་དུ་སྣང་བ་མི་སྲིད་པར་སྔ་རོལ་དུ་མིག་ལ་སོགས་པ་རྣམས་ལས་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དབང་པོའི་རྣམ་ཤེས་
เล่ม ๑๘๑ · หน้า 95b
དང་དུས་མཚུངས་པས་དབང་པོའི་རྣམ་ཤེས་ཀྱི་ཡུལ་གྱི་བསྐྱེད་བྱའི་དོན་གྱི་རང་གི་བདག་ཉིད་ཀྱི་རྣམ་པར་བསྐྱེད་པས་སྐྱེད་བྱེད་མ་ཡིན་པ་གཞན་མི་འཛིན་པ་མ་ཡིན་ནམ། དེ་འཛིན་པ་ཞེས་བྱ་བ་ཇི་ལྟར་ཡིན་སྙམ་དུ་སེམས་པ་ལ། རྒྱུ་དུ་མ་ཉིད་ཡོད་ན་ཡང་བྱ་བ་སྨོས་ཏེ། རང་གི་
རྣམ་པའི་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཁོ་ན་གཟུང་བ་ཉིད་ཡིན་ཞིང་། དེ་སྒྲོ་བཏགས་པའི་རྣམ་པ་ཉིད་ཁོ་ན་འཛིན་པ་ཉིད་ནི་གཙོ་བོ་ཡིན་ཏེ་གཞན་མི་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་འབྲེལ་པ་ཅན་བྱེད་པའོ། །གང་ཞེས་བྱ་བ་ནི་རྗེས་
སུ་བྱེད་པའི་བྱ་བ་ལས་སོ། །རྒྱུ་དེ་ཡང་འབྲས་བུ་དེ་ལ་དེ་ལྟ་བུར་ངོ་བོ་གང་གིས་དེ་ལྟ་བུའི་ཡིན་པ་དེས་འབྲས་བུས་འཛིན་པ་ཡིན་ཞེས་བརྗོད་དོ། །འདི་ཉིད་གཙོ་བོ་འཛིན་བྱེད་ལ་སོགས་པ་མིང་གི་བརྡའི་ཡུལ་ཡིན་གྱི་ཕལ་པ་ནི་མ་ཡིན་ནོ། །ཕྱེད་སྔ་མས་ནི་འཛིན་བྱེད་ཀྱི་མིང་གི་ཡུལ་
དང་། ཕྱེད་ཕྱི་མས་ནི་གཟུང་བྱའི་མིང་གི་ཡུལ་བསྟན་པ་ཡིན་ནོ། །འབྲས་བུ་དེའི་ནི་རྒྱུ་དེ་དང་དེའི་ངོ་བོ་ཞེས་བརྗོད་དེ་དེ་དང་འབྲེལ་པའི་ཕྱིར་འཛིན་བྱེད་ཀྱང་ཡིན་ལ་རྒྱུ་དེ་འབྲས་བུ་དེས་བཟུང་བ་ཡིན་ནོ་ཞེས་ཀྱང་བརྗོད་དོ། །གཞན་དག་ནི་ཀུན་དུ་འཁོར་བས་གཟུང་བྱར་ཉེ་བར་བཏགས་
པས་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །བདེ་བ་དང་སྡུག་བསྔལ་རྣམས་ལ་ཞེས་བྱ་བ་ལ་སོགས་པའི་སྒྲས་རྣམ་པར་རྟོག་པའི་རང་གི་ངོ་བོ་བསྡུ་བར་བསྟན་པ་ནི། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་ཞེས་བྱ་བའོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་བཞིན་དུ་རང་གི་ངོ་
བོར་འཛིན་པ་མ་ཡིན་ཏེ། མི་གསལ་བའི་ཕྱིར་རོ་ཞེས་བསྟེན་པ་ནི། བདེ་བ་ལ་སོགས་པ་སྨོས་པ་ནི་ཞེས་བྱ་བའོ། །ཤེས་པ་གཞན་ནི་གཞན་ལ་གཞན་དང་སྦྱོར་བར་བྱེད་པ་ཡིན་གྱི་གཞན་མ་ཡིན་པ་ནི་ཡིན་ནོ། །བདེ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་མངོན་སུམ་གྱི་ངོ་བོ་ནི་གཞན་
མ་ཡིན་ཏེ། གང་གི་ཕྱིར་མངོན་སུམ་ཉིད་དེ་ལས་གཞན་པ་མ་ཡིན་ནོ། །གཞན་མི་རྟེན་ནི་འཛིན་པར་བྱེད་པ་གཞན་གྱི་ཡུལ་མ་ཡིན་ནོ། །གཞན་གྱི་ཡུལ་ཉིད་ཡིན་པ་ལས་བྱུང་བ་བརྡའི་ཡུལ་ཉིད་ལ་དེས་ཁྱབ་པ་ལ་ཡུལ་གཞན་ཉིད་ནི་ཁྱབ་པར་བྱེད་པ་འགལ་བ་སྟེ། རྣམ་པར་རྟོག་
เล่ม ๑๘๑ · หน้า 96a
པ་ཅན་ཉིད་ལ་ཁྱབ་པར་བྱེད་པ་འགལ་བ་ཡིན་པར་བསྟན་པ་ནི་བརྡ་བྱེད་པར་ནི་ནུས་མ་ཡིན་ཞེས་བྱ་བའོ། །རང་རིག་ནི་ལྐོག་ཏུ་གྱུར་པ་མ་ཡིན་པ་ཉིད་དོ། །བརྗོད་པ་ནི་རྗོད་པར་བྱེད་པ་སྟེ། དེ་དང་རྗེས་སུ་འབྲེལ་པ་ནི་འདྲེས་པ་ཡིན་ལ། དེ་དང་ལྡན་པ་མ་ཡིན་པ་སྟེ་
རང་གི་ཡུལ་གྱི་བདག་ཉིད་ནི་བརྡ་ལ་རུང་བ་ཉིད་མ་ཡིན་ཏེ། རྗོད་པར་བྱེད་པ་ཉིད་རུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མ་རྟོགས་པ་དེ་རིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རིགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །བདག་གི་བདེ་བ་རིག་གོ་ཞེས་ཐ་དད་པར་འཛིན་པ་ནི་བདེ་བ་མངོན་
སུམ་གྱི་ཕྱིས་ཀྱི་རྟོག་པ་ཉིད་ཡིན་པར་བསྟན་པ་ནི་སྔ་མ་ལ་སོགས་པའི་རང་བཞིན་ནམ་ཞེས་བྱ་བའོ། །དྲན་པས་རིག་པ་ཞེས་བྱ་བ་ནི་བདག་གི་བདེ་བ་རིག་གོ་ཞེས་རྟོགས་པ་ལའོ། །དེའི་ཚེ་ཉིད་ན་སྐྱེས་པ་ནི་བྱུང་བའོ། །དེ་ལ་གནས་པ་ཞེས་བྱ་བ་ནི་མངོན་སུམ་གྱིའོ། །ཡིད་ཀྱི་
བདེ་བ་ཡིད་ཀྱི་གཟུགས་དང་སྒྲ་ལ་སོགས་པའི་རྣམ་པ་ཡིན་ཡང་མི་གསལ་བ་མ་ཡིན་ནམ། དེ་ཁོ་ན་ལ་ཇི་ལྟར་མ་འབྲེལ་བ་ཡིན་སྙམ་དུ་སེམས་པ་ལ། ཡིད་ཀྱིའང་ཞེས་བྱ་བ་སྟེ། ཉམས་སུ་མྱོང་བའི་བག་ཆགས་ལས་འོངས་པ་ཡང་ཡིད་ལས་བྱུང་བ་རང་བདག་ཉིད་ནི་ཡིད་
ཁོ་ན་ལ་གནས་པ་མ་ཡིན་པའོ། །དོན་ལ་ཡང་ནི་ཕྱི་རོལ་རྣམས་ལ་སྟེ་དེ་ལས་སྦྱོར་བས་དོན་ལ་རྣམ་པར་རྟོག་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྐོག་ཏུ་གྱུར་པ་མ་ཡིན་པའི་རང་གི་ངོ་བོ་ལ་ནི་དེ་རྟོག་པ་ཅན་མ་ཡིན་ཏེ། གཞན་གྱིས་རིག་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི།
སྐྱེ་བ་དེ་ཚེ་ཉིད་ཡོད་ཕྱིར། །ཞེས་བྱ་བ་སྟེ། ལྐོག་ཏུ་མ་གྱུར་པ་ཉིད་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་ནི་འཛིན་གྱུར་ན། །ཞེས་བྱ་བ་ནི་གལ་ཏེ་འདི་ལ་དོན་གྱི་རྣམ་པ་ཅན་འཛིན་པ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེར་ཡང་ཞེས་བྱ་བ་ནི་སྒྲོ་བཏགས་པ་ལ་ཡང་ངོ་། །འཛིན་དང་སྒྲོ་འདོགས་
ཡོད་པའི་ཕྱིར། །ཞེས་བྱ་བ་ནི་མཐོང་བ་དང་སྒྲོ་འདོགས་པ་དག་གིའོ། །གཅིག་ཏུ་བྱེད་ན་ནི་སྟེ་སྣང་དུ་རུང་བ་དང་བརྟག་པར་བྱ་བ་གཅིག་ཏུ་བྱེད་ན་ནིའོ། །དེ་དག་ཅེས་བྱ་བ་ནི་འཛིན་པ་དང་སྒྲོ་བཏགས་པ་དག་གིའོ། །རྟོག་པ་ཅན་མ་ཡིན་པའི་གཅིག་པོ་མ་བཟུང་བ་ལ་འཇུག་པར་བྱེད་པ་ཇི་
เล่ม ๑๘๑ · หน้า 96b
ལྟ་བ་དེ་བཞིན་དུ་རྣམ་པར་རྟོག་པར་མངོན་པར་འདོད་པ་ཡང་ཡིན་པའི་ཕྱིར་རྟོག་པ་མེད་པར་ཡང་འགྱུར་བར་བསྟན་པ་ནི། འོ་ན་ད་ནི་ཤེས་པ་ཀུན་ཞེས་བྱ་བའོ། །མངོན་དུ་མི་བྱེད་པའི་ཤེས་པ་འཇུག་པར་བྱེད་པ་རྣམ་པར་རྟོག་པ་ཡིན་པར་བསྟན་པ་ནི། མངོན་དུ་བྱེད་པ་མ་ཡིན་པར་ཞེས་
བྱ་བའོ། །དེ་ལས་གཞན་པ་རྟོགས་པ་མེད་པའི་མངོན་སུམ་ཡིན་པར་བསྟན་པ་ནི། གང་ལ་མཐོང་བར་མངོན་འདོད་པ། །ཞེས་བྱ་བའོ། །རྣམ་པར་རྟོག་པ་དང་ཅིག་ཤོས་ཀྱི་རང་གི་ངོ་བོའི་དབྱེ་བ་བསྟན་པ་ནི། མངོན་སུམ་དབྱེ་བ་བསྟན་པ་ནི། བག་ཆགས་སྟོབས་ལས་ཞེས་
བྱ་བའོ། །གང་ལ་མཐོང་བར་མངོན་འདོད་པ། །ཞེས་བྱ་བའི་རྟོག་པ་མེད་པའི་མཚན་ཉིད་བདེ་བ་ལ་སོགས་པ་རིག་པ་ལ་ཡོད་པར་བསྟན་པ་ནི། བདེ་སོགས་རྣམས་ཀྱི་རང་བཞིན་ལ། །ཞེས་བྱ་བའོ། །དེ་ལ་ལས་དང་བྱེད་པ་ཡིས། །ཞེས་བྱ་བ་ནི་དེ་རིག་པའི་གཟུང་བྱ་མ་ཡིན་པའོ། །བྱེད་
པ་ཡིས་ཞེས་བྱ་བ་ནི་རིག་པའི་བདག་ཉིད་ཀྱི་རྗོད་བྱེད་ཉིད་མ་ཡིན་པའོ། །དེ་འདི་ལྟར་དོན་ནམ་བདེ་བ་ལ་སོགས་པ་མངོན་དུ་བྱེད་པ་ལ་རིག་པ་ནི་དབང་པོ་ལ་མི་ལྟོས་པའི་ཡིད་ཙམ་ལས་བྱུང་བ་ཉིད་ཀྱིས་ཡིད་ཀྱི་མངོན་སུམ་ཡིན་པར་སློབ་དཔོན་རྣམས་ཀྱིས་གསུངས་པ་ཡིན་ནོ། །རྣམ་
འགྲེལ་མཛད་པས་ནི་རང་གི་ཡུལ་གྱི་དེ་མ་ཐག་པའི་ཡུལ་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པའི་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པ་ཞེས་བྱ་བས་ཡིད་ཀྱི་ཁྱད་པར་ཅན་ཉིད་དུ་བསྟན་པ་ཡིན་ལ། དེ་ཡང་བདེ་བ་ལ་སོགས་པ་རིག་པ་ལ་མི་སྲིད་དོ་སྙམ་དུ་སེམས་པ་ལ།
རྣམ་པ་འགའ་ཡོད་པར་བསྟན་པ་ནི། འདི་ལ་ཡིད་མངོན་སུམ་ཞེས་བྱ་བའོ། །འདི་ལ་ཡང་བདེ་བ་འཛིན་པ་དང་པོའི་རང་གི་ཡུལ་ཉིད་ལྷན་ཅིག་བྱེད་པ་ཅན་ནི་དེ་མ་ཐག་པ་མ་ཡིན་པ་སྟེ། དུས་ཐ་དད་པ་མིན་ན་དེ་མ་ཐག་པ་ཡིན་པར་འགྱུར་རོ། །དབང་པོའི་ཤེས་པས་ཞེས་
བྱ་བ་ཡང་ཤེས་པ་སྔ་མ་ཉེ་བར་མཚོན་པ་ཡིན་པར་བསྟན་པ་ནི། དོན་དང་བདེ་སོགས་རང་བཞིན་ལ། །ཞེས་བྱ་བའོ། །འགྱུར་བ་ཉིད་དེ་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་རྟོག་པ་ཞེས་བྱ་བར་སྦྱར་རོ། །འཁྲུལ་པས་དབྱེ་བ་མི་རྟོགས་པར་བསྟན་པ་ནི། རབ་རིབ་ཅན་གཉིས་
เล่ม ๑๘๑ · หน้า 97a
ཀྱིས་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་ཐ་དད་པས་སོ། །དེ་ལ་ཡང་ཞེས་བྱ་བ་ནི་ཟླ་བ་གཉིས་སུ་མཐོང་བ་ལའོ། །ཇི་ལྟར་མེད་པར་གྱུར་པ་དེ་ལྟར་ཐ་དད་པས་ཞེས་བྱ་བར་སྦྱར་རོ། །དེ་གཅིག་ཉིད་དུ་རྗེས་སུ་དཔོག །ཅེས་བྱ་བ་ནི་འབྲས་བུ་མཐོང་བ་
ལ་ལྟོས་པ་བསྡུ་བའོ། །གཉིས་པ་ཞེས་བྱ་བ་ནི་ཟླ་བ་གཉིས་ལའོ། །མཐོང་བ་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །དེས་ནི་སྐྱེས་བུ་དེས་སོ། །འདི་ནི་ཞེས་བྱ་བ་ནི་ཡིད་ཀྱི་མངོན་སུམ་དང་དབང་པོ་ལས་སྐྱེས་པ་ཡང་ངོ་། །མིག་ལ་སོགས་པའི་རྒྱུ་ཉིད་བཞིན་དུ་ཡིད་ཀྱི་ནི་རང་རིག་པ་ལ་སོགས་
པའི་ཐ་སྙད་ལས་ཐ་དད་པ་ཡིན་ཡང་ཐ་མི་དད་པར་ཞེན་པའི་ཡུལ་ཡིན་པར་བསྟན་པ་ནི། དེ་བཞིན་དུ་ཡིད་དང་ཞེས་བྱ་བའོ། །ཐ་མི་དད་པར་མངོན་པར་ཞེན་པ་ཡིན་ན་ཐ་སྙད་པའི་འཇིག་རྟེན་གྱི་ཐ་སྙད་མེད་པར་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ནི། འདི་ལ་ཐ་སྙད་ཅེས་བྱ་བ་སྟེ། རྗེས་སུ་དཔག་
པ་ཡང་ཞེས་བྱ་བ་ནི་བཏགས་པའོ། །གནོད་པར་བྱེད་པའི་ཐ་སྙད་ཡོད་པའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་རྗེས་སུ་དཔག་པ་ལ་རྗེས་སུ་འགྲོ་བ་དང་། བཟློག་པའི་རྗེས་སུ་འགྲོ་བ་ལ་སོགས་པ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་དབང་པོའི་ཤེས་པ་དང་རང་རིག་པ་ཡོད་ན་ཡོད་པ་ཁོ་ནས་ཡིད་ཀྱི་མངོན་
སུམ་ཡིན་ཏེ། སེམས་ཡོད་ན་འདུ་ཤེས་ལ་སོགས་པའི་སེམས་ལས་བྱུང་བ་བཞིན་དུ་སྟེ་འབྲས་བུ་ཕུལ་དུ་བྱུང་བ་ཡིན་ནོ་ཞེས་བྱ་བ་གནད་ཀྱི་དོན་ཡིན་ནོ། །རིག་པའི་བདག་ཉིད་ཀྱི་རྣམ་པ་ཤེས་ཀྱང་རང་ཉིད་རིག་པར་བྱེད་པ་མ་ཡིན་ཏེ། རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །རིག་པར་བྱེད་
པ་མ་ཡིན་པའི་བདག་ཉིད་ནི་ཆེས་མ་ཡིན་ནོ་ཞེས་ཟེར་བ་ནི། གཞན་ཡང་རིག་བྱེད་མིན་དེ་དག །ཅེས་བྱ་བའོ། །དེ་དག་ཀྱང་བེམས་པོའི་བདག་ཉིད་ཡིན་ལ། དོན་བཞིན་དུ་མངོན་སུམ་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི། དོན་གཅིག་ལ་བརྟེན་ཞེས་བྱ་བ་སྟེ། དོན་གཅིག་ལ་འདུ་བས་
གཉི་ག་ཡང་བདག་ལ་འདུ་བའི་ཕྱིར་རོ། །གལ་ཏེ་རིག་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་ཡིན་པའི་ཕྱིར་རོ། །དོན་གཅིག་ལ་འདུ་བའི་ཤེས་པས་འཛིན་པ་ནི་ཤེས་པ་བཞིན་དུ་བདེ་བ་ལ་སོགས་པའི་ཤེས་པའི་བདག་ཉིད་ཁོ་ན་ཡིན་གྱི་སྔོན་པོ་བཞིན་དུ་བེམས་པོའི་བདག་
เล่ม ๑๘๑ · หน้า 97b
ཉིད་ནི་མ་ཡིན་ཏེ། ཚོགས་པ་ཐ་མི་དད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་དང་དེ་མིན་རང་བཞིན་དངོས། །ཞེས་བྱ་བའོ། །ཚོགས་པའི་ཁྱད་པར་འབྲས་བུའི་འཁྲུལ་པ་ཅན་མ་ཡིན་པར་བསྟན་པ་ནི། དེ་མིན་དངོས་རྒྱུས་བསྐྱེད་པ་ནི་དེ་མ་ཡིན་པའི་ངོ་བོ་ཅན་རྣམས་སོ། །འདི་
ཉིད་བཤད་པ་ནི་རྒྱུ་ཐ་དད་པས་ནི་ཞེས་བྱ་བའོ། །འབྲས་བུ་ཐ་དད་པ་ནི་ཞེས་བྱ་བ་ནི་གནས་སྐབས་པ་ལ་དགོས་པ་ཡིན་གྱི་གནས་སྐབས་པ་ཉིད་ནི་མ་ཡིན་ནོ། །དེའི་དངོས་པོའི་རྒྱུས་བསྐྱེད་པ་ཞེས་བྱ་བས་དབྱེ་བའི་རྒྱུའི་ཚོགས་པའི་བྱེ་བྲག་ལས་བདེ་བ་དང་རྣམ་ཤེས་དག་གི་མ་གྲུབ་པ་ཉིད་
བརྗོད་པ་ཡིན་པར་བསྟན་པ་ནི། དེ་ཡང་མེད་དོ་ཞེས་བྱ་བའོ། །དེའི་དངོས་པོ་ཅན་ཞེས་བྱ་བས་བསྒྲུབ་བྱ་མ་གྲུབ་པའི་འབྲས་བུ་ཉེ་བར་བསྡུ་བ་བསྟན་པ་ནི། ཐ་མི་དད་པའི་རང་བཞིན་ཞེས་བྱ་བའོ། །ཡང་ན་དེའི་དངོས་པོའི་རྒྱུས་བསྐྱེད་པ་ཡིན་པའི་འབྲས་བུ་རྒྱུ་ཙམ་ལས་བྱུང་བ་རྣམས་
ནི་དེའི་ངོ་བོ་ཅན་ཏེ། བྱུང་བའི་ངོ་བོའི་ཡོད་པ་ཉིད་དེ་དེ་དང་ལྡན་པ་རྣམས་དེའི་ཚེ་ཉིད་ན་ཡོད་པར་འགྱུར་དུ་ཟིན་ཀྱང་དེ་ལྟ་ན་ཡང་ཤུན་པ་དང་སྙིང་པོ་ཅན་དང་། སྙིང་པོ་མེད་པའི་རྣམ་པར་དབྱེ་བས་འབྲས་བུ་ན་ག་རང་ག་ཚོགས་པ་གཅིག་ལས་འབྱུང་བ་ནི་ལྷན་ཅིག་ཁོ་ན་འབྱུང་བ་དེ་བཞིན་དུ་
བདེ་བའི་བདག་ཉིད་ཀྱི་ཤེས་པ་ཡང་ཡིན་པར་བཤད་པ་ནི། ཡང་ན་གལ་ཏེ་བདེ་བ་ལ་སོགས་པ་ཞེས་བྱ་བའོ། །རྣམ་པར་ཤེས་པས་ཞེས་བྱ་བ་ནི་ལྷན་ཅིག་པའི་དོན་དུའོ། །གང་ལ་ལྷན་ཅིག་འབྱུང་བའི་ཤེས་པ་མེད་པ་དེ་མི་ཤེས་པ་ཇི་ལྟར་ཡིན་ཞེས་བྱ་བའི་དོན་ཏོ། །ཉེ་བར་
ལེན་པ་ཐ་དད་པ་ཡང་ཐ་མི་དད་པ་དག་གིས་བླང་བྱ་དང་བླང་བྱ་མ་ཡིན་པ་བརྗོད་པ་འདི་མ་ཡིན་ཏེ་ཤུན་པ་དང་སྙིང་པོ་དང་དེའི་ཆ་ཤས་ལ་སོགས་པའི་རྣམ་པར་དབྱེ་བས་འབྲས་བུ་ཐ་དད་པའི་རྗེས་སུ་འབྲངས་ན། འབྲས་བུ་ཐམས་ཅད་ལ་ཁྱད་པར་མེད་པ་དང་། ཚོགས་པའི་
བསྐྱེད་པའི་འབྲས་བུའི་ཁྱད་པར་ནུས་པར་ཐལ་བར་འགྱུར་རོ། །ཁྱོད་ཀྱི་ཕྱོགས་ལ་ཡང་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཤེས་པའི་བདག་ཉིད་དམིགས་ལ་སོགས་པའི་ཚོགས་པའི་བསྐྱེད་བྱ་ལྷན་ཅིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚུངས་
เล่ม ๑๘๑ · หน้า 98a
པ་ཉིད་ཅེས་བྱ་བ་འདི་ཚོགས་པ་མཚུངས་པ་ཉིད་དོ། །ཉེ་བར་ལེན་པ་མཚུངས་པ་ཉིད་ཡིན་ན་དོན་དང་བཅས་པ་ཡིན་ཞེས་བྱ་བ་ལ་སོགས་པས་ཚོགས་པའི་ནུས་པ་ཡིན་པར་བསྟན་པ་ནི་འབྲེལ་པ་མེད་པར་འགྱུར་རོ། །འོན་ཏེ་དེའི་ཚེ་བདེ་བ་མ་སྐྱེས་པ་
ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྒྱུ་ལས་གཞན་པ་སྟེ། རྒྱུ་གཞན་ལ་ལྟོས་ནས་བདེ་བ་སྐྱེ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །རྣམ་ཤེས་བཞིན་དུ་བདེ་བ་ལ་སོགས་པ་ལ་ཡང་། མིག་ལ་ལྟོས་པ་ལས་གཞན་པའི་རྒྱུ་དམིགས་པ་དང་མ་དམིགས་པ་ལ་ཚད་མ་མེད་པར་བསྟན་
པ་ནི། དེ་དག་མེད་ན་མི་སྐྱེ་ཞེས་བྱ་བ་ནི་ལྡོག་པའོ། །ཡོད་ན་མི་སྐྱེ་བ་མ་ཡིན་པ་ནི་རྗེས་སུ་འགྲོ་བའོ། །ནུས་མིན་ཞེས་བྱ་བར་མཚམས་གཅད་དོ། །ནུས་པ་གང་ལ་ཡིན་ཞེ་ན། འདོད་པ་བསྒྲུབ་པ་ལ་སྟེ། ཕྲེང་བ་དང་ཙན་དན་ལ་སོགས་པ་བདེ་བ་སྒྲུབ་པ་ལ་སྟེ་ཆོས་ལ་སོགས་
པའི་ཤེས་པ་ནི་བདེ་བ་ལ་སོགས་པའི་ཚོགས་པ་ཉིད་དུ་ཉེ་བར་འགྲོ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དག་པའི་ཤེས་པའི་ཚོགས་པ་ལས་ཆོས་ལ་སོགས་པའི་ཁྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པའི་ཚོགས་པ་ཐ་དད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་རྒྱུ་ཐ་དད་པའི་ཕྱིར་
ཞེས་བྱ་བའོ། །སཱ་ལུའི་ས་བོན་ལ་སོགས་པའི་ཚོགས་པ་ཉིད་ལས་ཁྱད་པར་དུ་བྱས་པའི་རྫས་གཞན་དང་གཞན་ཐོབ་པ་ཡིན་ན། མྱུ་གུ་ལ་སོགས་པ་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པ་བསྐྱེད་པ་བཞིན་དུ། ཤེས་པའི་ཚོགས་པ་ཉིད་ལས་ཆོས་ལ་སོགས་པ་ཁྱད་པར་དུ་བྱེད་པ་
གཞན་མེད་ན། བདེ་བ་དང་བདེ་བ་མ་ཡིན་པའི་ཤེས་པའི་འབྲས་བུའི་ཁྱད་པར་ཡིན་པར་བསྟན་པ་ནི། དེ་ཡང་ཡིན་ཏེ་གང་གི་ཕྱིར་ཞེས་བྱ་བའོ། །འདི་ཉིད་དུ་བསྟན་པ་ནི། དེ་དག་ཉིད་ཀྱི་ཁྱད་པར་ལས། །ཞེས་བྱ་བའོ། །ཁོ་བོས་ནི་གལ་ཏེ་ཚོགས་པ་གཅིག་གི་བསྐྱེད་བྱ་གཅིག་ནི་
རྣམ་པ་གཅིག་ཁོ་ན་ཡིན་ན། གཅིག་གི་རྣམ་པ་སྙིང་པོ་དང་སྙིང་པོ་མེད་པ་ལ་སོགས་པ་ཐ་དད་པ་བཞིན་དང་། འབྲས་བུ་ན་ག་རང་ག་ལ་སོགས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཐ་དད་པ་བཞིན་དུ་རྣམ་པར་ཤེས་པ་ཡང་ངོ་སྙམ་དུ་སེམས་པ་ལ། ཚོགས་པ་ཉིད་ཀྱི་ཉེ་བར་ལེན་
เล่ม ๑๘๑ · หน้า 98b
པའི་དབྱེ་བས་གཞན་ལས་སྣ་ཚོགས་པའི་རྣམ་པར་འགྱུར་བར་བསྟན་པ་ནི། བདེ་སྡུག་ལ་སོགས་ཐ་དད་ཡིན། །ཞེས་བྱ་བར་མཐོང་ངོ་། །དེ་དང་དེ་མིན་རང་བཞིན་གྱིས། །ཞེས་བྱ་བ་ཚོགས་པ་ཐ་མི་དད་པ་ལས་ཐ་མི་དད་པ་དང་། འདིས་ནི་དེ་ཉིད་ཉེ་བར་ལེན་པ་ཐ་དད་པ་ལས་སྣ་
ཚོགས་པའི་བདག་ཉིད་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཆོས་ལ་སོགས་པ་ཐ་དད་པ་ནི་འབྲས་བུ་ཐ་དད་པ་ལ་མ་ངེས་པར་བསྟན་པ་ནི། ཤེས་རབ་ལ་སོགས་པ་ཞེས་བྱ་བའོ། །ཤེས་རབ་ལ་སོགས་པ་རྣམས་དང་། བདེ་བ་ལ་སོགས་པ་རྣམས་ཀྱི་ཚོགས་གཅིག་པ་ཉིད་ཁོ་ན་སླར་ཡང་
བསྟན་པ་ནི་བདེ་བ་ལ་སོགས་པ་ཡང་ཞེས་བྱ་བའོ། །བླུན་པོའི་ཕྱིར་ཞེས་བྱ་བ་ནི་སྐྱེས་བུའི་རྒྱུད་ཀྱི་གོམས་པ་ནི་འབྲས་བུ་མེད་པའོ། །ཕོངས་པ་ཐམས་ཅད་ཀྱི་རྒྱུ་སྡིག་པ་ཅན་གྱི་ལས་ཡོད་ཀྱང་མ་ཞུམ་པ་ཉིད་ཡོད་པའི་ཕྱིར། བདེ་བ་ལ་སོགས་པ་ཡོད་པ་དེས་ན། རྒྱུད་ཀྱི་ཁྱད་
པར་ལས་བྱུང་བ་ཉིད་ཤེས་རབ་ལ་སོགས་པ་ཉིད་བཞིན་དུ་བསྟན་པ་ནི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་སྟེ། ཞན་པ་མ་ཡིན་པ་ཉིད་ནི་འཚེ་བ་ལ་སོགས་པའི་སེམས་པ་དང་ལྡན་པའི་ཕྱིར་ཕོངས་པའི་རྒྱུ་ཡིན་ནོ། །རྣམ་ཤེས་ནི་དྲན་པ་བཞིན་དུ་འདུ་བྱེད་པ་ལས་ཡིན་གྱི་ཡུལ་ལ་སོགས་པ་ལ་ནི་མ་ཡིན་
པ་མ་ཡིན་ནམ། བདེ་བ་ནི་ཡུལ་ལ་སོགས་པ་ཁོ་ན་ལས་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་བདེ་བ་ལ་སོགས་པ་ནི་ཡུལ་ལ་སོགས་པ་ལས་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་འདུ་བྱེད་པའིའོ། །དེ་ཉིད་ལས་ཞེས་བྱ་བ་ནི་བསྒོམས་པ་ལས་སོ། །གོམས་པའི་ཡུལ་ཤེས་པའི་གཟུང་བ་ཡིན་
གྱི་བདེ་བ་ལ་སོགས་པ་ནི་གཟུང་བ་མ་ཡིན་ན། ཇི་ལྟར་ན་འདི་ཡུལ་ཡིན་སྙམ་དུ་སེམས་པ་ལ། གལ་ཏེ་དངོས་པོ་འགའ་ཞིག་གཟུང་བ་ནི། །ཞེས་བྱ་བ་སྟེ་གཟུང་བའི་རྣམ་པར་རྟོག་པས་གཟུང་བའམ། གཞན་གྱིས་ཀྱང་རུང་དེ་ཁོ་ན་བཞིན་དུ་གོམས་པ་ལས། གསལ་པོར་འགྱུར་
ཞིང་གཟུང་བྱ་ཉིད་དུ་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་ཐ་དད་པ་ཡིན་ན་ཤེས་བྱ་དེ་ཙམ་གྱི་དུས་ཅན་གྱི་ཐ་དད་པ་བཞིན་དུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཞར་ལས་བྱུང་བ་ཡིན་པར་བསྟན་པ་ནི། གལ་ཏེ་ཤེས་པ་ཐ་དད་ན་ཞེས་བྱ་བའོ། །ཤེས་པ་ཐ་
เล่ม ๑๘๑ · หน้า 99a
དད་པ་ཡིན་ཡང་དོན་བཞིན་དུ་དུས་དུ་མ་ན་ཡོད་པའི་བདག་ནི་དུས་དུ་མ་ཉིད་རིག་པ་ཡིན་ནོ་སྙམ་དུ་སེམས་པ་ནི་བདག་གཅིག་དེ་ནི་ཞེས་བྱ་བའོ། །བདག་ནི་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་རྣམ་ཤེས་གཞན་ལ་དོན་མེད་དོ། །འདི་རྗེས་སུ་འཇུག་པ་མ་
ཡིན་པའི་ཕྱིར་གོམས་པ་མེད་དོ་ཞེས་བསྟན་པ་ནི། བདག་ནི་རྟོགས་པར་འདོད་ཕྱོགས་ལ། །ཞེས་བྱ་བའོ། །ཤེས་པ་སྔར་མཐོང་བ་ངོ་ཤེས་པའི་ཡུལ་ཡིན་པའི་ཕྱིར། གོམས་པའི་ཡུལ་ཡིན་པའི་ཇི་ལྟ་བ་དེ་བཞིན་དུ་བདེ་བ་ལ་སོགས་པ་ཡང་ངོ་ཞེས་བསྟན་པ་ནི། དེ་ལྟ་
ཡིན་ན་བདེ་བ་ལ་སོགས་པ་ཡང་ཞེས་བྱ་བའོ། །དེ་ལྟར་ཡང་རྣམ་པར་རྟོག་པས་བཟུང་བ་ནི་གོམས་པ་གསལ་བ་ཡིན་ན། གསལ་པོར་འགྱུར་ཞིང་བདེ་བ་ལ་སོགས་པའི་ཤེས་པ་བཞིན་དུ་རང་རིག་པ་ཁོ་ན་ཡིན་གྱི་གཟུང་བར་འགྱུར་བ་མ་ཡིན་པར་བསྟན་པ་ནི། གོམས་པ་ལ་སོགས་
ཞེས་བྱ་བ་སྟེ་ཤེས་པ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཤེས་པ་ནི་ཤེས་པ་ལ་གོམས་པའི་འདུ་བྱེད་པ་སྔོན་དུ་འགྲོ་བ་ཅན་ནི་ཤེས་པར་གྱུར་ན། བདེ་བ་ལ་གོམས་པའི་འདུ་བྱེད་པའི་སྔོན་དུ་འགྲོ་བ་ཅན་ནི། བདེ་བར་འགྱུར་བ་ཡིན་ནམ། ཤེས་པར་འགྱུར་བ་ཇི་ལྟར་སྙམ་དུ་སེམས་
པ་ནི། གོམས་པ་ལས་གྲོལ་བ་ལ་སོགས་པ་ཡང་ཞེས་བྱ་བའོ། །བདེ་བ་ལ་སོགས་པ་རྣམས་ཀྱི་གོམས་པའི་བསྐྱེད་བྱའི་ཡུལ་ཉིད་ཀྱིས་ཡུལ་ལས་རྒྱུ་གཅིག་ཉིད་བཀག་པ་ཡིན་གྱི་ཤེས་པ་ཉིད་གྲུབ་པ་ནི་མ་ཡིན་ནོ། །དེ་དང་དེ་མིན་རང་བཞིན་དངོས། །ཞེས་བྱ་བ་ལ་སོགས་
པས་ཤེས་པའི་ཁྱད་པར་བདེ་བ་ལ་སོགས་པར་བསྒྲུབས་པ་ཡིན་ལ། དེ་དང་འབྲེལ་པ་མ་ཡིན་པའི་ཆེད་དུ་ཕྱི་རོལ་གཅིག་གི་བསྐྱེད་བྱ་ཉིད་ཡིན་པར་རྩོད་པའི་གནས་ཡིན་ཞེས་ཟེར་བ་ནི། དེ་བཞིན་རྟོགས་པའི་རང་བཞིན་ནི། །ཞེས་བྱ་བའོ། །རང་རིག་དེ་ནི་མ་གྲུབ་པོ། །ཞེས་
བྱ་བ་ནི། །དེ་དང་དེ་མིན་རང་བཞིན་དངོས། །ཞེས་བྱ་བས། ཤེས་པའི་ངོ་བོ་ཇི་ལྟར་གྲུབ་པ་ཡིན། །བདེན་ཏེ། རང་རིག་པ་ཉིད་བསྒྲུབས་པ་ནི་མ་ཡིན་ལ་ཤེས་པ་ཡང་ཤེས་པ་གཞན་ཁོ་ན་བཟུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་རྣམ་ཤེས་དང་བདེ་བ་ལ་སོགས་པ་ཚོགས་པ་མཚུངས་
เล่ม ๑๘๑ · หน้า 99b
པ་ལས་བྱུང་བ་ནི་ཐ་དད་པ་མ་ཡིན་པར་བསྒྲུབ་པ་ཡིན་ལ། སྔོན་པོ་ལ་སོགས་པ་བཞིན་དུ་མངོན་སུམ་བཟུང་བ་མ་ཡིན་པ། དེས་ན་རང་རིག་པ་ཉིད་གྲུབ་པ་ཡིན་པར་བསྟན་པ་ནི། གང་ཞིག་ཅི་འདྲ་གོམས་འགྱུར་བ་སྟེ། ལྐོག་ཏུ་མ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་
རིག་པ་དགག་པར་བྱེད་པ་མ་ཡིན་གྱི་ལས་ཉིད་ཙམ་དགག་པ་ཡིན་གྱི་རིག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་དང་པོ་ནི་ཞེས་བྱ་བ་ནི་གོམས་པས་དྲངས་པ་ཉིད་མི་ཤེས་པ་ན། གནས་པ་རྟོགས་པ་ཉིད་ལ་གཞན་གྱིས་རིག་པ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
གོམས་པས་དྲངས་པ་རྣམས་ནི་དེ་ཉིད་ཀྱི་ཚེ་མངོན་སུམ་པ་ཡིན་པས་གཞན་གྱིས་རིག་པ་མ་ཡིན་པར་བསྟན་པ་ནི། དེའི་ཕྱིར་བསྒོམས་པའི་སྟོབས་ལས་ཞེས་བྱ་བའོ། །འདིས་ནི་ཞེས་བྱ་བ་ནི་ཚོགས་པའི་དབྱེ་བ་ནི་འབྲས་བུའི་དབྱེ་བ་ལ་མ་འཁྲུལ་པ་ཅན་ཏེ་གཟུགས་ལ་སོགས་པའི་རྣམ་ཤེས་ལ་
སོགས་པ་ལའོ་ཞེས་བཤད་པས་སོ། །ཚོགས་པ་གཅིག་པ་ཉིད་ལས་འབྲས་བུ་གཅིག་གི་ངོ་བོར་འགྱུར་བར་བསྟན་པ་ནི། ཕན་ཚུན་ལྷན་ཅིག་བྱེད་པ་ཉིད་ཀྱིས་ཞེས་བྱ་བའོ། །ཉེ་བར་ལེན་པའི་དབྱེ་བས་འབྲས་བུའི་དབྱེ་བ་ཡིན་ན་བདེ་བ་ཡང་རྣམ་ཤེས་ལས་ཐ་དད་པའི་ཉེ་བར་ལེན་པ་
ཡིན་པས་ཐ་དད་པར་འགྱུར་བ་ཡིན་པར་བསྟན་པ་ནི། གཟུགས་ལ་སོགས་པའི་ཚོགས་པ་དེ་ནི་ཞེས་བྱ་བའོ། །ཤེས་པ་བཞིན་དུ་མིག་ལ་སོགས་པའི་ཚོགས་མ་ཡིན་ཏེ་དེ་མེད་ཀྱང་གཟུགས་ལ་སོགས་པའི་རང་གི་ཚོགས་པ་ལས་བྱུང་བར་ཁས་བླངས་པའི་ཕྱིར་ལྡོག་པ་མེད་
པར་བསྟན་པ་ནི། ཇི་ལྟར་བསྒོམས་པ་འཕེལ་བ་རང་སྐྱེས་པའི་ཞེས་བྱ་བ་སྟེ། ཚོགས་པ་ཐ་དད་ནི་འབྲས་བུ་ཐ་དད་དེ་ནི་ཞེས་བྱ་བའོ། །ཤེས་པ་བཞིན་དུ་མིག་ལ་སོགས་པའི་ཚོགས་པ་སྒྲུབ་པར་བྱེད་པ་ཡིན་ལ། དེ་ཡང་གཟུགས་ལ་སོགས་པའི་རྣམ་ཤེས་ལ་ཡོད་པ་ཡིན་གྱི་
བདེ་བ་ལ་སོགས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་ཤེས་འབྱུང་བའི་གཟུགས་ཀྱི་སྐད་ཅིག་མ་ཡིན་ནམ། མ་ཡིན་ཏེ་སྐད་ཅིག་མ་ལ་འབྲས་བུ་དང་རྒྱུ་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། གཟུགས་ལ་སོགས་པ་དག་ནི་ཞེས་བྱ་བ་ནི། བདེ་བ་ལ་སོགས་པ་བདག་ལ་
เล่ม ๑๘๑ · หน้า 100a
འདུ་བ་དེ་དང་དོན་གཅིག་ཏུ་འདུ་བ་ཅན་གྱི་ཤེས་པས་འཛིན་ཏོ་ཞེས་ཡང་ཟེར་བ་གང་ཡིན་པ་དེ་ནི་དོན་གྱིས་གོ་བ་མ་ཡིན་ཏེ། ཤེས་པ་ཙམ་ལས་བྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི། རེ་ཞིག་ཤེས་རབ་ལ་སོགས་པ་ཞེས་བྱ་བ་སྟེ། ཐོག་མ་མེད་པའི་དུས་ནས་གང་
གོ་བ་ཉིད་ལ་གོམས་པ་ཉིད་ཡིན་པས་གོམས་པ་ཙམ་ལས་བྱུང་བའི་ཕྱིར། གཟུགས་ལ་སོགས་པའི་ཚོགས་པ་ལས་བྱུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཟུང་བའི་དོན་དེ་ལ་གནས་པ་ཉིད་གང་གི་ཡིན་པ་དེ་ཁོ་ན་འདི་ཡིན་ནོ་ཞེས་འཛིན་པར་བྱེད་པའི་བློའོ། །
དེ་ལ་ཡང་ཞེས་བྱ་བ་ནི་མངོན་སུམ་གཞན་ལ་ཡང་ངོ་། །བདག་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་འཛིན་པར་བྱེད་པ་ཉིད་ཀྱིས་སམ། འཛིན་པ་ཉིད་ཀྱིས་དོན་ཞིག་ན་ཇི་ལྟར་སྣང་བར་འགྱུར་དེའི་བདག་ཉིད་དུ་འམ་ཞེས་བྱ་བར་ནི་དོན་འཛིན་པར་བྱེད་པ་ཉིད་ཀྱིས་ཀྱང་བདེ་བ་ལ་སོགས་
པ་ཡང་ངོ་ཞེས་བྱ་བ་དང་སྦྱར་རོ། །དོན་ཡང་གསལ་བར་བྱེད་པ་ནི་བློ་ལ་སོགས་པ་ཡིན་ལ་དེ་ནི་བདག་ཅེས་བྱ་བར་ཡོངས་སུ་བསྒྱུར་བ་ཡིན་ནོ། །བག་ཆགས་ལས་བྱུང་བའི་བདེ་བ་ལ་སོགས་པ་ལ་རང་གི་རིག་པ་དགོས་པ་ཅན་ཡིན་གྱི་བདག་དང་འདུ་བ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི།
ཐོག་མེད་གོམས་པའི་ངོ་བོ་ལས། །ཞེས་བྱ་བའོ། །དེ་སྟེ་བདག་གི་འདུ་བར་མི་འདོད་པ་སྟེ། ཁས་མི་ལེན་ན་བདག་སུའི་འབྲེལ་པ་ཅན་ཡིན་ཏེ། བདེ་བ་བཞིན་དུ་འབྲེལ་པ་ཅན་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །མི་རྟག་པ་ཉིད་ཡིན་ན་མིག་ལས་བྱུང་བ་མ་ཡིན་པའི་མངོན་སུམ་ཉིད་
ཀྱི་རང་གི་ངོ་བོའི་བདེ་བ་ལ་སོགས་པ་ཡིན་ལ། དེ་དག་ཙམ་གྱིས་ཡོན་ཏན་ཉིད་དུ་གྱུར་པ་ནི་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དུ་བ་ནི་མེ་མེད་ན་མི་འབྱུང་བའི་ཕྱིར་གོ་བར་བྱེད་པ་ཡིན་པར་བསྟན་པ་ནི། གལ་ཏེ་དང་པོ་ཡོན་ཏན་ཉིད། །ཅེས་བྱ་བའོ། །དེ་འདི་ལྟར་བདེ་བ་ལ་སོགས་
པའི་རྣམ་ཤེས་ལས་ཚོགས་པའི་དབྱེ་བ་ཐ་དད་པའི་སྒྲུབ་བྱེད་མ་ཡིན་ལ། བསྒོམས་པའི་སྟོབས་ཀྱིས་སྐྱེ་བཞིན་པ་ཉིད་མངོན་སུམ་ཡིན་པས་ཤེས་པའི་བདག་ཉིད་ཀྱི་རང་རིག་པ་ནི་གྲུབ་པ་ཡིན་གྱི་དེ་དོན་གཅིག་ལ་འདུ་བ་ཅན་གྱི་ཤེས་པས་མངོན་སུམ་པ་ནི་མ་ཡིན་ཏེ། སྐྱེད་བྱེད་ཀྱི་
เล่ม ๑๘๑ · หน้า 100b
དོན་ཙམ་འཛིན་པའི་ཕྱིར་དང་། སྐྱེད་བྱེད་མ་ཡིན་པ་འཛིན་ན་ཡང་ཐལ་ཆེས་པའི་ཕྱིར་དང་། ཚོགས་པ་གཅིག་ལ་འབྲེལ་པས་ཀྱང་མིག་ལ་སོགས་པ་རྣམས་ལ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི། དོན་གང་ཞེས་བྱ་བའོ། །ཉེ་བས་ནི་ཚོགས་པར་གཏོགས་པ་སྟེ།
རྒྱུ་མ་ཡིན་ན་ཡུལ་མ་ཡིན་པར་ནི་རིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཉིད་ལ་ཞུགས་པ་ནི་བྱེད་པ་པོ་མིག་ནི་ལས་བདེ་བ་འཛིན་པར་བྱེད་པའི་ཤེས་པ་ལ་འཇུག་པར་བྱེད་པར་འགྱུར་རོ་ཞེས་བྱ་བར་སྦྱར་བར་བྱ་སྟེ། དུ་བ་ལ་འཇུག་པའི་མིག་ཉིད་མེ་ལ་ཤེས་པ་
བསྐྱེད་པའི་དོན་ཡིན་ནོ་ཞེས་བསྟན་པ་ནི། རྗེས་སུ་དཔག་པ་ཡང་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གཟུང་བའི་རྣམ་པ་ལས། །ཞེས་བྱ་བ་ནས་ཅི་སྟེ་མི་རྟག་ན་ཞེས་བྱ་བའི་བར་དུ་རྒོལ་བ་ཡིན་ནོ། །བདེ་བའི་རྣམ་པ་ཉིད་འབའ་ཞིག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་བཞིན་དུ་ལོགས་
ན་གནས་པ་ཉིད་ཀྱིས་མི་རིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་ཁོ་ན་བཞིན་དུ་ཤེས་པ་སྐྱེ་བའི་སྔ་ན་ཡོད་པ་ལ་རྗེས་སུ་དཔག་པ་ཡིན་ན་ནི་ཕྱི་རོལ་གྱི་ཉེ་བར་གཞག་པ་བསྒྲུབ་པ་ལ་དེ་ལས་བཟློག་པའི་བག་ཆགས་ཀྱི་ཉེ་བར་གཞག་
པ་སྒྲུབ་པར་བྱེད་པ་འགལ་བ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དོན་ཞེས་བྱ་བའོ། །དོན་དེ་ཉིད་ལས་བྱུང་བའི་དབང་པོའི་བློས་འཛིན་པ་མ་ཡིན་ནམ། བདེ་བ་ནི་བདག་དང་ཡིད་ཕྲད་པ་ལས་བྱུང་བས་སོ་སྙམ་དུ་སེམས་པ་ལ་རིམ་གྱིས་བྱུང་བའི་ཤེས་པ་གཉིས་རིམ་གྱིས་རང་
གི་ཡུལ་ལ་སྣང་བར་བྱེད་པ་ཡིན་གྱི། སྔོན་པོ་དང་བདེ་བ་ཡང་ཅིག་ཅར་སྣང་བར་བྱེད་པ་མ་ཡིན་པར་བསྟན་པ་ནི། རིམ་གྱིས་འཛིན་ན་ཞེས་བྱ་བའོ། །གཟུགས་རིག་པ་ཡིན་ན་བདེ་བ་རིག་པ་མ་ཡིན་ལ། འདི་རིག་ན་ཡང་གཟུགས་མ་ཡིན་ནོ་ཞེས་རིག་པ་བཞིན་དུ་མི་རིག་པའི་
མྱུར་བར་མཚུངས་པར་བསྟན་པ་ནི། དེ་མཚུངས་མིན་ཞེས་བྱ་བའོ། །རྣམ་ཆད་མེད་པར་རྟོགས་པ་ཉིད་བཤད་པ་ནི། རྟོགས་པ་ཁོ་ན་སྟེ་ཞེས་བྱ་བའོ། །མི་འཛིན་པ་ཙམ་གྱི་དབང་དུ་བྱས་ནས་ཟེར་བ་ནི་འོན་ཏེ་མི་འཛིན་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་རྒོལ་བ་ཡིན་ནོ། །མེད་པའི་
เล่ม ๑๘๑ · หน้า 101a
ཐ་སྙད་ཀྱི་ཡུལ་གྱི་ཡོད་པ་མ་ཡིན་པས་འབྱུང་བ་འཛིན་པ་ཡིན་པའི་དབང་དུ་བྱས་ནས་ལན་བསྟན་པ་ནི། གཅིག་གི་སྟེ་ས་ཕྱོགས་ཡོད་པ་ནི་གཞན་དག་སྟེ། བུམ་པ་མེད་པར་བརྗོད་པ་ཡིན་ནོ། །བརྗོད་པ་ནི་རང་གི་ངོ་བོས་མ་ཡིན་གྱི། འོན་ཀྱང་དེས་དབེན་
པ་ཉིད་ཀྱིས་སོ། །འདི་དམིགས་པའི་དུས་ན་དེ་མ་དམིགས་པའི་ཕྱིར་ཞེས་སྦྱར་བ་ཡིན་སྟེ། གང་དང་དེ་ནི་རྟག་ཏུ་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །དེས་ན་བདེན་པ་འཛིན་པ་ནི་དེ་ཡིན་ནོ་ཞེས་སྦྱར་བར་བྱའོ། །དེ་རྣམ་པར་མ་ཆད་པ་ནི་མི་འཛིན་པ་མ་ཆད་པའོ། །གཟུགས་རིག་པ་
ཉིད་བདེ་བ་རིག་པ་མེད་པ་ཇི་ལྟ་བ་དེ་བཞིན་དུ་འདིའི་ཡང་བདེ་བ་རིག་པ་ཡིན་པར་བསྟན་པ་ནི་བདེ་བ་འཛིན་པ་ལ་ཡང་ཞེས་བྱ་བའོ། །གཉི་ག་ལ་ཡང་ཞེས་བྱ་བ་ནི་བདེ་བ་དང་གཟུགས་དག་གི་རིག་པ་ནི་ཅིག་ཅར་རིག་པ་མ་ཡིན་ཏེ། ཅིག་ཅར་འཛིན་པ་མ་ཡིན་པ་ཡང་ཕན་ཚུན་གེགས་
བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་འདི་ལྟར་ལྷན་ཅིག་མི་རིག་པ་དམིགས་པ་ཡིན་ན་མི་རིགས་པ་ཙམ་ཅིག་ཅར་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བ་ཉིད་མ་ཡིན་པར་བསྟན་པ་ནི། གཞན་དུ་ཞེས་བྱ་བའོ། །རང་གི་ངོ་བོ་མ་ཞུགས་པ་ཙམ་གྱིས་དབེན་པ་འཛིན་པ་ནི་དགག་པའི་དོན་ཏོ། །
མ་ཞུགས་པ་འཛིན་པ་ནི་ཅིག་ཅར་འཛིན་པ་ཡིན་ཏེ་ཡན་ལག་དང་ཡན་ལག་ཅན་འཛིན་པ་བཞིན་དུ་ཡིན་པར་བསྟན་པ་ནི། ཕན་ཚུན་རང་བཞིན་ཞེས་བྱ་བའོ། །འདིར་ཡང་ཞེས་བྱ་བ་ནི་བདེ་བའི་ངོ་བོ་རིག་པ་ལ་བར་གྱིས་འཛིན་པ་གནོད་བྱེད་མ་ཡིན་ཏེ། །མི་འཛིན་པ་ནི་འཛིན་པ་
ལ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི་ཐག་རིང་པོའི་གོང་བུ་སྣང་བ་ལའོ། །ཅི་ལས་ཤེ་ན། ཡོད་མིན་ཇི་ལྟར་གནོད་བྱེད་ཡིན། །ཞེས་བྱ་བ་སྨོས་ཏེ། གནོད་པར་བྱ་བ་མ་ཡིན་པ་ལ་འདོད་པ་མ་ཡིན་པ་ནི་ཁོ་བོ་ཅག་གིའོ་ཞེས་བྱ་བར་སྦྱར་རོ། །ཉམས་སུ་མྱོང་བ་མངོན་
སུམ་མ་ཡིན་ན་གཟུགས་ཉམས་སུ་མྱོང་བ་ཉིད་དུ་མི་འགྱུར་བར་བསྟན་པ་ནི། རང་ཉིད་གསལ་བ་མེད་པར་ཞེས་བྱ་བའོ། །ཇི་སྲིད་དུ་གཞན་གྱིས་གསལ་བར་མི་བྱེད་དེ་སྲིད་པ་གཟུགས་ཉམས་སུ་མྱོང་བ་མེད་ལ། ཉམས་སུ་མྱོང་བ་གཞན་ཡང་ཇི་སྲིད་དུ་མངོན་སུམ་མ་ཡིན་པ་དེ་སྲིད་
เล่ม ๑๘๑ · หน้า 101b
དུ་གཟུགས་ཀྱི་ཉམས་སུ་མྱོང་བ་མ་ཡིན་ཏེ་དེ་ཉམས་སུ་མྱོང་བའི་མངོན་སུམ་ཉིད་ཁོ་ན་མངོན་སུམ་ཡིན་པའི་ཕྱིར་རོ། །དེ་མེད་ན་ཉམས་སུ་མྱོང་བ་ཐམས་ཅད་མེད་པར་བསྟན་པ་ནི། གསལ་བར་བྱེད་པ་གཞན་ཡང་ཞེས་བྱའོ། །དེའི་ཕྱིར་གཟུགས་ཀྱི་ཉམས་སུ་མྱོང་བ་ཉིད་ཀྱི་
མངོན་སུམ་ནི་བདེ་བ་འཛིན་པ་མ་ཡིན་པའམ། བདེ་བ་གཟུགས་ཀྱིའོ། །དེས་དབེན་པ་ལས་འཛིན་པ་གཞན་གྱི་གཟུང་བ་མ་ཡིན་པར་བསྟན་པ་ནི། སྣང་བར་གྱུར་པ་དེ་དག་ཅེས་བྱ་བའོ། །གནོད་པར་བྱེད་པ་མ་ཡིན་པར་སུ་སྨྲ་དེ་ཉིད་ཀྱི་ཕྱིར་རེས་འགའ་གནོད་པར་བྱེད་པ་ཞེས་
ཟེར་བ་ནི། འོན་ཏེ་བདེ་བ་འཛིན་པ་ཞེས་ཟེར་བ་སྟེ། གོང་བུ་འཛིན་པའི་དུས་སུ་སྐྲ་ཤད་ཀྱི་བར་དུ་འཛིན་པ་མི་སྐྱེད་པ་དེ་བཞིན་དུ་བདེ་བ་འཛིན་པ་སྐྱེས་པ་མ་ཡིན་པ་དེའི་ཕྱིར་གོང་བུ་འཛིན་པ་བཞིན་དུ་གཟུགས་འཛིན་པ་ནི། འདིའི་གནོད་བྱེད་ཡིན་ཞེས་བྱ་བའི་དོན་ཏོ། །རེས་འགའ་
གནོད་བྱེད་མ་ཡིན་པ་མི་སྐྱེ་བའི་ཕྱིར་ཐམས་ཅད་དུ་གནོད་བྱེད་མ་ཡིན་པ་མ་ཡིན་ཏེ། སྐྲ་ཤད་རྣམས་ཀྱི་ཡང་བར་འཛིན་པ་ཐག་རིང་པོ་མ་སྐྱེས་པ་ཉིད་གནོད་པར་བྱེད་པ་ཡིན་གྱི་སྐྱེས་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། ཀུན་ཚེ་ཅིའི་ཕྱིར་གནོད་མ་གྱུར། །ཅེས་བྱ་བའོ། །དེས་
ན་མ་དམིགས་པ་ནི་བྱ་བ་ནི་སྐྱེས་པ་ཞེས་བྱ་བར་སྦྱར་རོ། །དེའི་ཚེ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་འཛིན་པའི་ངོ་བོའི་བདེ་བ་སྐྱེས་པ་ནའོ། །ཟིལ་གྱིས་གནོན་པ་ནི་གནོད་པའོ། །སྐྲའི་བར་འཛིན་པ་ལྟར་ཞེས་བྱ་བ་ནི་གོང་བུ་འཛིན་པ་ཉིད་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་
དོན་ལས་སྐྱེ་བཞིན་པ་བདེ་བ་ལ་སོགས་པ་དང་ལྷན་ཅིག་པར་ཐལ་བར་འགྱུར་བས་དེ་ཡང་གསལ་བར་སྣང་ངོ་སྙམ་དུ་སེམས་པ་ལ་གཅིག་གིས་ཞེས་བྱ་བའོ། །ངེས་ཕྱིར་ཞེས་བྱ་བ་ནི་རྒྱུ་མ་ཡིན་པ་འཛིན་པ་ལ་ཁྱད་པར་མེད་པའི་ཕྱིར་མ་ལུས་པར་འཛིན་པར་ཐལ་བར་འགྱུར་རོ། །དེ་ནུས་
གྲུབ་མེད་ཕྱིར། །ཞེས་བྱ་བ་འདི་བཤད་པ་ནི། སྔོན་པོའི་དབང་པོའི་རྣམ་ཤེས་ལ། །ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་སོ་སོར་ཞེས་བྱ་བ་ལ་སོགས་པའོ། །སྔོན་པོ་ནི་སེར་པོ་མེད་ཀྱང་དབང་པོའི་ཤེས་པས་བཟུང་བཞིན་པ་ནི་དབང་པོའི་ཤེས་པ་ལ་ནུས་ལ། དེ་ཡོད་ན་དེ་བཞིན་
เล่ม ๑๘๑ · หน้า 102a
དུ་ཡོད་པ་ཡིན་ལ། དེ་བཞིན་དུ་བདེ་བ་ནི་སྔོན་པོ་ལ་སོགས་པ་མེད་ན་དབང་པོའི་ཤེས་པ་ལ་ནུས་པ་མ་ཡིན་པར་བསྟན་པ་ནི། སོ་སོ་སོ་སོར་ཡང་ཞེས་བྱ་བའོ། །གཉིས་ཀྱིས་དེ་སྔོན་པོ་ལ་སོགས་པ་དག་འབའ་ཞིག་འཛིན་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ་
དེའི་ཞེས་བྱ་བ་ནི་བདེ་བའི་སྟེ་མྱོང་བར་མི་རིགས་སོ་ཞེས་བྱ་བ་དང་སྦྱར་རོ། །གང་གི་ཚེ་ཞེ་ན་ཁྱད་པར་དུ་བྱེད་པ་ནི་དེ་རྒྱུ་སྟེ་གཟུགས་ལ་སོགས་པ་མ་བཟུང་བར་ཞེས་བྱ་བའོ། །མི་རིགས་སོ་ཞེས་བྱ་བ་འདིའི་མཐོང་བ་དང་འགའ་ཞིག་ཅེས་བྱ་བ་ནི་འགྲེལ་པ་ཡིན་ནོ། །སྔོན་པོ་ཡང་མི་རིག་
པ་དང་རང་རིག་པའི་ཕྱོགས་ལས་མ་འདས་པའི་ཕྱིར། མ་བཟུང་བ་འཐོབ་པར་འགྱུར་བ་མ་ཡིན་ནམ། འོན་ཏེ་དབང་པོ་དང་། དེའི་བསྐྱེད་བྱའི་ཤེས་པ་དག་སྔོན་པོ་ལ་མངོན་དུ་ཕྱོགས་པའི་ངོ་བོ་ཡིན་པའི་ཕྱིར། གཟུང་བ་ལ་སོགས་པ་ཉིད་ཡིན་པ་དེ་ལྟ་ནའང་བདེ་བ་དང་དབང་པོའི་ཤེས་
པ་དག་ལ་འདིར་འགྱུར་རོ་སྙམ་དུ་སེམས་པ་ནི། རང་གི་རྒྱུ་ཞེས་བྱ་བ་སྟེ། རྒྱུ་ལས་གཞན་རིག་པའི་བདག་ཉིད་ཀྱིས་འདིའི་ནི་རྣམ་ཤེས་ཀྱིས་ཏེ། བདེ་བ་དང་དུས་མཚུངས་པའི་ཡང་མངོན་དུ་ཕྱོགས་པ་ལས་འཛིན་པ་ནི་འཛིན་པར་བྱེད་པ་ཉིད་དུ་གལ་ཏེ་འདོད་ནའོ། །དེ་ལྟར་ཡང་
མ་དམིགས་སོ་ཞེས་བྱ་བ་ནི་སྒེག་མོ་རྟོག་པར་བྱེད་ནའོ། །དེ་ལྟ་ན་འོ་ན་ཞེས་བྱ་བ་ནི་གལ་ཏེ་ཐ་དད་པ་ཉིད་མེད་ཀྱང་ནུས་པ་ཉིད་ཡིན་ནའོ། །དོན་དང་ལྷན་ཅིག་ཉིད་འཛིན་པའི་བདེ་བ་ལ་སོགས་པ་རྣམས་ནི་སོ་སོ་བ་མ་ཡིན་ཞེས་བྱ་བའི་ཕྱོགས་འདི་ལ་ཡང་ནུས་པ་མེད་པར་བསྟན་
པ་ནི། དོན་དང་ལྷན་ཅིག་ཉིད་ཅེས་བྱ་བའོ། །ཅི་ལས་ཤེ་ན། གང་གི་ཕྱིར་སོ་སོ་བ་དེས་བསྐྱེད་པའི་བློ་མི་འདོད་པ་དེའི་ཕྱིར་ནུས་པ་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ། །མིག་ལ་སོགས་པའི་ཤེས་པས་ཀྱང་བདེ་བ་ལ་སོགས་པ་འབའ་ཞིག་འཛིན་ན་ནི་དེའི་རྒྱུ་བུད་མེད་ལ་
སོགས་པ་འཛིན་པ་སྟེ་ཚོལ་བར་མི་འགྱུར་རོ། །གཞན་དུ་ན་བདེ་བ་ལ་སོགས་པ་འཛིན་པར་མི་འགྱུར་བའི་ཕྱིར་དེ་འཛིན་པར་ཚོལ་བར་བྱེད་དོ། །དེ་བསྟན་པ་ནི་དོན་མེད་པར་ནི་ཞེས་བྱ་བའོ། །དེ་ནི་སྲིད་པ་མ་ཡིན་ཏེ། དོན་གཅིག་ལ་འདུ་བ་ཅན་ཉིད་ཀྱིས་བདེ་བ་ལ་སོགས་པ་ཉེ་
เล่ม ๑๘๑ · หน้า 102b
བ་ཉིད་ཡིན་ནའོ་ཞེས་བསྟན་པ་ནི། ནང་གི་ཡན་ལག་ཅེས་བྱ་བ་སྟེ། དེའི་ཚེ་ཕྱི་རོལ་མཐོང་བར་མི་འགྱུར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །འོན་ཏེ་དོན་གྱི་གོ་བ་བསྐྱེད་བྱའི་དབང་པོའི་ཤེས་པ་དོན་གྱི་གཞན་དབང་ཡིན་པས་དོན་འཛིན་པ་ཡིན་གྱི་བདེ་བ་ལ་སོགས་པ་འཛིན་པ་ནི་མ་ཡིན་ཏེ། དེ་དང་
འབྲེལ་པ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ལ། དོན་འཛིན་ན་ནི་ཞེས་སྨོས་ཏེ། བདེ་བ་དང་གཟུགས་ལ་སོགས་པ་དེ་དང་དེ་ཡུལ་ཡོད་པས་བློ་འདས་པ་ན། ཅིག་ཅར་བདེ་བ་དང་སྡུག་བསྔལ་བྱེད་པའི་དོན་གཅིག་ཉིད་ལ་ཤ་ཟ་མོ་གཞོན་ནུ་མའི་བདག་ཉིད་ཡོད་ན་བདེ་བ་རིག་པ་ནི་སྡུག་བསྔལ་རིག་
པ་དང་ལྡན་པར་འགྱུར་ཏེ། ཁྱེད་མི་འདོད་པ་ཁོ་བོ་ཅག་གི་འདོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཡུལ་གྱི་རོས་ཞེས་བྱ་བ་ནི་གཡུལ་དུ་ཞུགས་པའི་རོས་སོ། །གླ་ནི་རྔན་པའོ། །འདོད་པ་ཉིད་ཀྱིས་མི་འདོད་པ་མངོན་དུ་བྱེད་པར་མི་རིགས་པར་བསྟན་པ་ནི། འདོད་པ་ཉིད་ཀྱིས་
ཞེས་བྱ་བའོ། །ལ་ལར་ཡང་འགྱུར་རོ་ཞེས་བྱ་བ་ནི་ཅིག་ཅར་ཞེས་བྱ་བ་དང་སྦྱར་རོ། །རྟོགས་པའི་རང་བཞིན་ཉིད་དོ་ཞེས་བྱ་བ་ནི་རྟོགས་པའི་དུས་ཁོ་ན་ན་ཡོད་པའི་ཕྱིར་རོ། །དབང་པོ་ལ་སོགས་པའི་ཚོགས་པ་ལ་གནས་པའི་གཟུགས་ལ་སོགས་པ་རྣམས་ལས་བདེ་བ་ལ་སོགས་
པ་ཁོ་ན་འབྱུང་གི་ཤེས་པ་ནི་མ་ཡིན་ཏེ། བསྒོམས་པའི་སྟོབས་ལས་བྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི། བསྒོམས་པའི་སྟོབས་ལས་ཞེས་བྱ་བ་སྟེ། གོམས་པ་ལས་བདེ་བ་ལ་སོགས་པ་མ་ཡིན་ཞིང་མིག་ལ་སོགས་པ་ལས་ཤེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོའི་སྟོབས་
ལས་སྐྱེ་བ་ནི་ཞེས་བྱ་བ་ནི་ལེགས་པར་ཡོངས་སུ་ངེས་པའི་ཤེས་པའོ། །མ་འབྲེལ་འགྱུར་ཞེས་བྱ་བ་ནི་རྨི་ལམ་གྱི་ཤེས་པ་བཞིན་དུ་ཤེས་པ་ཐམས་ཅད་བག་ཆགས་ལས་བྱུང་བ་ཉིད་ཀྱི་ཕྱི་རོལ་གྱི་དོན་མེད་པར་འགྱུར་རོ། །ཉེ་བའི་བདེ་བ་ལ་སོགས་པ་ཤིན་ཏུ་སྔ་ན་མེད་པའི་
དངོས་པོ་བཞིན་དུ། ཤེས་པ་ནི་བསྒོམ་པ་མེད་ཀྱང་འབྱུང་བར་འགྱུར་རོ་ཞེས་ཟེར་བ་ནི། གལ་ཏེ་བདེ་བ་ལ་སོགས་པ་ཞེས་བྱ་བའོ། །འདི་ལ་ཚད་མ་ཅི་ཡོད་ཅེས་བྱ་བ་ནི་བདེ་བ་ལ་སོགས་པ་རྣམས་ལ་ཡང་ཤེས་པ་བཞིན་དུ་བསྒོམས་པའི་རྗེས་སུ་མཚུངས་པའི་ཕྱིར་རོ། །དོན་
เล่ม ๑๘๑ · หน้า 103a
ལ་སོགས་པ་ལ་ཞེས་བྱ་བ་ནི་དོན་དང་དབང་པོ་ལ་སོགས་པའོ། །དོན་གྱི་རྣམ་པ་ཡང་ཞེས་བྱ་བ་སྟེ། ཤེས་པ་ནི་བསྒོམས་པ་ལས་བྱུང་བ་ཉིད་ཀྱིས་ཕྱི་རོལ་ལ་རག་ལས་པ་མ་ཡིན་པ་ཉིད་སྒྲུབ་པ་ཡིན་ཏེ། དོན་གྱི་རྣམ་པ་ཡང་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་
འདོད་པ་ཉམས་པ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་བསྒྲུབ་པ་ལ་དུ་མ་ལ་དབང་པོ་གཅིག་གིས་འཛིན་ན། ཁྱེད་ཀྱི་ཤེས་པ་དུ་མ་ཅིག་ཅར་འབྱུང་བར་ཁས་བླངས་པས། དུས་གཅིག་ཁོ་ན་ལ་བདེ་བ་དང་སྡུག་བསྔལ་རིག་པ་དང་ལྷན་ཅིག་ཏུ་འགྱུར་བ་ཞིག་ན་ཤེས་པ་
བཞིན་དུ་དེའི་བསྐྱེད་བྱ་བདེ་བ་ལ་སོགས་པའི་རང་གི་ངོ་བོ་ཡང་དེ་རིག་པའི་ངོ་བོ་ཡིན་པ་ཁས་བླངས་པའི་ཕྱིར་མི་རིགས་སོ། །གང་གི་ཕྱིར་སྡུག་བསྔལ་མྱོང་བའི་དེ་མ་ཐག་ཏུ་བདེ་བ་འབྱུང་ངམ་མི་འབྱུང་ཡང་དེ་ཙམ་ལས་ཉེ་བར་ལེན་པའི་རང་གི་ས་བོན་ཤེས་པ་ལ་གནས་པ་
གོ་བར་བྱེད་ཀྱི། ཤེས་པ་ནི་ཐམས་ཅད་ཀྱི་ས་བོན་ཡིན་པས་ཐམས་ཅད་འབྱུང་བ་ནི་མ་ཡིན་ཏེ། གང་ལ་ལའི་ཁ་ཅིག་གི་རེས་འགའ་ཉིད་སད་པར་ཁས་བླངས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ནང་གི་ཡོད་ཀྱང་དོན་འབའ་ཞིག་ནི་མ་ཡིན་ཏེ། དབང་པོ་ལ་སོགས་པའི་ཤེས་པ་
སྟེ་དོན་ལས་ཐ་མི་དད་པའོ། །ཉེ་བར་ལེན་པ་ནི་རིགས་མཐུན་པའི་ས་བོན་ལའོ། །དེ་ཡང་གཅིག་གི་ཚེ་གཅིག་སད་པ་ནི་རང་རང་གི་འབྲས་བུ་ལས་བཟློག་པའི་ཡང་ཉེ་བར་ལེན་པ་མ་ཡིན་ཏེ། ཚོགས་པ་གཅིག་ལས་བྱུང་བའི་འབྲས་བུ་ཡང་ཉེ་བར་ལེན་པ་སད་པའི་བྱེ་བྲག་ལས་དུ་
མ་གཅིག་གི་ཚེ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རང་གི་འབྲས་བུ་ལས་བཟློག་པ་ལ་ཉེ་བར་ལེན་པ་མ་ཡིན་ན། རང་གི་འབྲས་བུ་ལ་ཡང་བདེ་བའི་ཤེས་པའི་བདག་ཉིད་ནི་དེའི་བདག་ཉིད་མ་ཡིན་པ་ལ་འགལ་བ་ཉིད་ཀྱིས་ཉེ་བར་ལེན་པར་མི་འགྱུར་བར་བསྟན་པ་ནི། རྣམ་པར་ཤེས་པ་ནི་
མི་ཤེས་པའི་ཞེས་བྱ་བའོ་ནི་མི་ཤེས་པའི་བདག་ཉིད་ཀྱི་རང་གི་འབྲས་བུ་ལ་ཤེས་པ་ནི་བདག་པོའི་རྐྱེན་ཡིན་གྱི་ཉེ་བར་ལེན་པ་ནི་མ་ཡིན་ནོ་སྙམ་པས་བདག་པོ་ཉིད་དུ་སྨོས་སོ། །དེ་འདི་རང་གི་འབྲས་བུ་བཞིན་འགལ་བ་དག་ལ་ཡང་མཐོང་བར་མཚུངས་པར་བསྟན་པ་ནི། དེ་ནི་ཞེས་
เล่ม ๑๘๑ · หน้า 103b
བྱ་བ་སྟེ་བདག་པོ་ཉིད་དེ། མཐོང་ཞེས་བསྟན་པའི་བཤད་པ་ནི། མིག་དག་ལ་ཞེས་བྱ་བ་སྟེ། མཚན་མོ་རྒྱུ་བ་དང་དེ་ལས་གཞན་པ་དག་ནི་འུག་པ་དང་བྱ་རོག་དག་གིའོ། །མཐུན་པ་དང་མི་མཐུན་པ་དག་ནི་གནོད་པ་དང་མི་གནོད་པ་དག་སྟེ། བདེ་བ་ལ་སོགས་པ་རྣམ་པར་ཤེས་
པའི་བདག་ཉིད་ཀྱི་ཕྱོགས་ལ་ཉེ་བར་ལེན་པ་ངེས་པ་ལས་ངེས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་ཞེས་བྱ་བ་ནི་ཤེས་པའི་བདག་ཉིད་ལས་སོ། །འགལ་བ་རྣམས་ཏེ། བདེ་བ་ལ་སོགས་པ་རྣམས་ཀྱི་ཉེ་བར་ལེན་པ་གཅིག་ཤེས་པ་ལ་གནས་པར་མི་རིགས་ཏེ། དུས་ཐམས་
ཅད་དུ་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་རེས་འགའ་གང་ལ་ལའི་ཅུང་ཟད་པ་ཉིད་དུ་མཐོང་བ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་འགལ་བའི་ཞེས་བྱ་བ་སྟེ། བདེ་བའི་ས་བོན་ནི་སྡུག་བསྔལ་གྱི་མ་ཡིན་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་
མ་ཡིན་པ་སྟེ། བདེ་བ་ལ་སོགས་པའི་རྣམ་པར་ཤེས་པའི་ས་བོན་གྱི་བདག་ཉིད་པ་དང་། རྣམ་པར་ཤེས་པའི་སྟེ་ས་བོན་གྱི་བདག་ཉིད་ཀྱི་བདེ་བ་ལ་སོགས་པའི་རྣམ་པར་མ་ཤེས་པ་ཉེ་བར་ལེན་པ་དང་བྱེད་པ་པོར་ཇི་ལྟར་འགྱུར་ཞེས་སྦྱར་རོ། །བདེ་བ་ལ་སོགས་པ་
གཟུགས་ལ་སོགས་པ་འཛིན་པ་ནི། གཟུང་བཞིན་པ་ནི་ཚོགས་པ་གཅིག་དང་འབྲེལ་པའི་ཕྱིར་འཛིན་པ་གཅིག་གིས་བཟུང་བ་མ་ཡིན་ནམ་གཟུགས་དང་བདེ་བ་ལ་སོགས་པའི་འཛིན་བྱེད་ཀྱི་རྣམ་ཤེས་ནི་བདེ་བ་ལ་སོགས་པ་ཁོ་ན་འཛིན་པར་བྱེད་པ་མ་ཡིན་ཏེ། འདི་འབྲེལ་
པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འཛིན་བྱེད་དང་གཟུང་བྱ་དག་གི་རང་བཞིན་དུ་ངེས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དེའི་ཕྱིར་བདེ་སོགས་ཞེས་བྱ་བ་སྨོས་ཏེ། བདེ་བ་དང་སྔོན་པོ་ལ་སོགས་པར་སྣང་བའི་བདག་ཉིད་ཀྱི་མངོན་སུམ་གཅིག་པུ་དོན་དང་དབང་ལ་སོགས་པའི་བསྐྱེད་
བྱ་ཡིན་གྱི། གཞན་གྱི་འཛིན་བྱེད་མ་ཡིན་ཞིང་གཟུང་བྱ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གཞན་ཡང་རིག་བྱེད་མིན་དེ་དག་རང་གི་ངོ་བོ་ཇི་ལྟར་རིག་ཅེས་བྱ་བ་གསལ་བ་ཡིན་ནོ། །གལ་ཏེ་སྔོན་པོ་ལ་སོགས་ཕྱི་རོལ་དང་བདེ་བ་ལ་སོགས་པ་ཕྱི་རོལ་མ་ཡིན་པ་དེ་ཇི་ལྟར་
เล่ม ๑๘๑ · หน้า 104a
གཅིག་ཡིན་ཞེ་ན། ནང་གི་ཡོངས་གཅོད་ཆ་འདི་གཞན་ཕྱི་རོལ་ན་ནི་གནས་པ་ཡིན་ཞེས་བྱ་བའི་རིགས་པས་སོ། །ཡང་ན་བདེ་བ་ལ་བདེ་བའི་བདག་ཉིད་ཀྱི་དོན་དང་སྡུག་བསྔལ་ལ་བདེ་བ་མ་ཡིན་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་འདིའི་ཡང་བདག་
ཉིད་ལ་གནས་པའི་རིག་པར་བྱེད་པ་དང་། བདག་ཉིད་ཀྱང་རིག་པར་བྱེད་པ་ནི་རྣམ་ཤེས་བཞིན་དུ་སྔོན་པོ་ལ་སོགས་པའི་ཡང་ཡིན་ནོ། །བདག་ཉིད་ཅེས་བྱ་བས་ཤེས་པ་དང་བདེ་བ་ལ་སོགས་པའི་རང་ཉིད་རིག་པའི་བྱེད་པ་ལ་བརྡ་ཇི་ལྟ་བའི་རྣམ་པར་རྟོག་པ་ནི་སྔོན་པོའི་རྟོག་པ་བཞིན་དུ་འགྱུར་ལི་མི་ཤེས་པའི་
བདག་ཉིད་ཀྱི་བདེ་བ་ལ་སོགས་པའི་ཕྱོགས་ལ་རྣམ་ཤེས་ཀྱི་བདག་ཉིད་ཀྱི་ས་བོན་རིག་པ་དག་གིས་ས་བོན་ཡིན་པར་འགལ་བ་ཡིན་གྱི། རྣམ་ཤེས་ཀྱི་བདག་ཉིད་ཀྱི་བདེ་བ་ལ་སོགས་པའི་ཕྱོགས་ལ་ནི་དེ་ལྟ་མ་ཡིན་ཏེ། གང་ལ་ལའི་རེས་འགའ་སད་པའི་ཕྱིར་ཞེས་བྱ་བའི་
ཚིགས་སུ་བཅད་པའི་གནད་ཀྱི་དོན་བཤད་པ་ནི། གལ་ཏེ་བདེ་བ་ཞེས་བྱ་བ་ལ་སོགས་པས་སོ། །ངེད་ལ་ཡང་ཞེས་བྱ་བ་ནི་མ་རྟོགས་པའི་ངོ་བོའི་བདེ་བ་ལ་སོགས་པ་ཡང་བག་ཆགས་སད་པའི་ཁྱད་པར་ལས་བྱུང་བ་ཡིན་ལ། བག་ཆགས་ལས་བྱུང་བ་ནི་རྟོགས་པའི་དུས་ཉིད་
ན་སྐྱེས་པ་ནི་སྔར་གནས་པར་རྟོགས་པ་མ་ཡིན་ལ། བག་ཆགས་ནི་རྟོགས་པའི་ཡིན་གྱི་མ་རྟོགས་པའི་ནི་མ་ཡིན་ཏེ། བག་ཆགས་ཇི་ལྟ་བ་བཞིན་དུ་འབྱུང་བའི་བདེ་བ་ལ་སོགས་པ་ནི་ཤེས་པ་ཁོ་ན་ཡིན་ནོ། །རྟོགས་པའི་བག་ཆགས་ཡིན་དུ་ཟིན་ཀྱང་འཆོལ་བར་འགྲོ་བ་ལ་
སོགས་པ་ནི་མ་རྟོགས་ཀྱང་འབྱུང་བ་ཡིན་གྱི་བདེ་བ་ལ་སོགས་པ་ནི་མ་ཡིན་ཏེ། མ་རྟོགས་པ་ལ་སྒོབ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། བག་ཆགས་སྟོབས་ལས་བྱུང་ན་ནི། །ཞེས་བྱ་བའོ། །ཤེས་པའི་བག་ཆགས་ཀྱི་སྟོབས་ལས་བྱུང་བའི་ཤེས་པ་ཉིད་ཡིན་ན། ཤེས་
པའི་བག་ཆགས་ལས་བྱུང་བ་ནི་ཤེས་པ་མཐོང་བ་མ་ཡིན་པར་བསྟན་པ་ནི། བག་ཆགས་དྲན་དང་ངོ་ཤེས་ཞེས་བྱ་བའོ། །བདེ་བ་ལ་ཡོགས་པ་ཡང་འཚོལ་བར་འགྲོ་བ་ལ་སོགས་པ་བཞིན་དུ་མི་ཤེས་པའི་ངོ་བོ་ཉིད་མ་གོམས་པས་མི་ཤེས་པ་ཁོ་ན་འབྱུང་བར་འགྱུར་བ་
เล่ม ๑๘๑ · หน้า 104b
མ་ཡིན་སྙམ་དུ་སེམས་པ་ནི། གལ་ཏེ་དྲན་པ་ལ་སོགས་པ་ཡང་ཞེས་བྱ་བ་སྟེ། ཤེས་པ་མ་ཡིན་པའི་བདག་ཉིད་རྒྱུན་གྱིས་འཇུག་པ་ཉིད་བརྒྱ་ལན་ཤེས་པའི་སྟོབས་ཀྱིས་ཤེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཤེས་པའི་དུས་མ་གཏོགས་པར་དེ་ཡོད་དོ་ཞེས་བྱ་བ་ལ་ཚད་མ་
ཅུང་ཟད་ཀྱང་མེད་པ་ཡིན་ཏེ། འཆོལ་བར་འགྲོ་བ་ལ་སོགས་པ་ནི་དེ་ལས་གཞན་པས་རྟོགས་པ་ཡིན་པར་བསྟན་པ་ནི། སྣང་བའི་སྤྱོད་ཡུལ་ནི་རུང་བ་ཉིད་དོ། །མངོན་སུམ་བཞིན་དུ་ཞེས་བྱ་བ་ནི་རྟོགས་བཞིན་པ་བཞིན་དུའོ། །དཔེ་ཡིན་ན་ནི་མངོན་སུམ་བཞིན་དུ་སྟེ་མངོན་སུམ་
ལྟ་བུའོ། །དོན་ནི་ཞེས་བྱ་བ་ནི་དཔེ་ཅན་ཏེ། བདེ་བ་ལ་སོགས་པའོ། །རང་གི་ཞེས་བྱ་བ་ནི་སྣང་བཞིན་པ་ཉིད་ཡིན་ཏེ། དེའི་གནས་སྐབས་ན་ཡང་ཞེས་བྱ་བ་ནས་སོ། །མངོན་སུམ་དང་དྲན་པ་དག་ཅེས་བྱ་བས་ནི་འཛིན་པ་དང་སྲིད་པའི་གནས་སྐབས་དག་ལ་ཁྱད་པར་མེད་པའོ། །
དཔེ་ཡིན་ན་ནི་གསལ་པོ་དང་ཅིག་ཤོས་དག་ལ་ཁྱད་པར་མེད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སྔོན་ཉིད་དང་ནི་ཞེས་བྱ་བ་ནི་འབྱུང་སྲིད་པའི་བདེ་བ་ལ་སོགས་པ་སྟེ། དྲན་པས་ངོ་ཤེས་པ་ལ་ནི་ཁ་དོག་དང་དབྱིབས་སོ། །ལྐོག་ཏུ་གྱུར་པ་འཛིན་པའི་ཕྱིར། །ཞེས་བྱ་བ་ནི་ལྐོག་ཏུ་
གྱུར་པ་ཉིད་དུ་སྔ་མ་མ་དྲན་པ་དང་སྲིད་པས་ཀྱང་དེ་འདིའི་ཞེས་འཛིན་ཏོ་ཞེས་བྱ་བའི་དོན་ཏོ། །དོན་ཉིད་ཅེས་བྱ་བ་ནི་བདེ་བ་ལ་སོགས་པའམ། ཁ་དོག་ལ་སོགས་པ་སྟེ་མངོན་སུམ་ལ་ནི་བདེ་བ་ལ་སོགས་པའི་ཡུལ་ལའམ། གཞན་ལ་ཡང་ངོ་། །དངོས་པོ་དག་གི་རྣམ་
པར་དབྱེ་བ་ཁོ་ན་ཅི་ལས་ཡིན་ཟེར་བ་ནི་འོན་ཏེ་དངོས་པོ་དག་གི་ཞེས་བྱ་བའོ། །དངོས་པོ་མེད་པ་ལས་ཞེས་བྱ་བ་ནི་མེད་པས་སོ། །གཞན་མེད་དོ་ཞེས་བྱ་བ་ནི་གང་གིས་འབྱེད་པའོ། །ལན་ནི་མེད་པ་ནི་ཡོད་པ་ལས་འབྱེད་པར་བྱེད་པ་མ་ཡིན་ནོ། དེ་དག་ཐ་མི་དད་པའི་ཕྱིར་དངོས་
པོ་དག་གི་ཡང་ཐ་མི་དད་པར་འགྱུར་བར་བསྟན་པ་ནི། གལ་ཏེ་དངོས་མེད་ཅེས་བྱ་བའོ། །ཚད་མ་ཐ་དད་ཕྱིར་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དག་གི་དབྱེ་བའོ། །ཐ་དད་མེད་པར་འཛིན་ཞེས་བྱ་བ་ནི། དངོས་པོ་དང་དངོས་པོ་མེད་པ་དག་གཅིག་ཉིད་ཡིན་ཏེ།
เล่ม ๑๘๑ · หน้า 105a
དཔེར་ན་མིག་དང་རྣ་བ་དག་གིས་གཟུགས་དང་སྒྲ་དག་འཛིན་པར་སོ་སོར་ངེས་པ་ཡིན་ཡང་ང་ཁོ་ནས་གཉི་ག་རྟོགས་སོ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པ་རྟོགས་པ་ངེས་པ་ཡིན་ཡང་གཅིག་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི།
གལ་ཏེ་མིག་གི་རྣམ་ཤེས་ཀྱིས། །ཞེས་བྱ་བའོ། །སོ་སོ་རང་གི་ཐ་སྙད་ནི་ཡུལ་སོ་སོ་བ་ཅན་ནོ། །བལྟར་རུང་བ་ཡིན་ཞེས་བྱ་བ་ནི་གཞན་གྱིས་བསྒྲུབས་པའི་ཡན་ལག་ཅན་ལ་སོགས་པའོ། །དེ་ཞེས་བྱ་བ་ནི་སྔར་དམིགས་པའོ། །དེའི་བདག་ཉིད་ཅན་ཉིད་ཡིན་
ཡང་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པ་ཉིད་དངོས་པོའི་བདག་ཉིད་ཡིན་ནོ། །ནུས་པ་ངེས་པ་ཞེས་བྱ་བ་ནི་མངོན་སུམ་སྟེ་ལྐོག་ཏུ་མ་གྱུར་པ་ཉིད་ཡིན་ནའོ། །ལྐོག་ཏུ་གྱུར་པ་ཉིད་ལ་ནི་དྲན་པ་ཉིད་ཡིན་ནོ། །དོན་བྱེད་པར་ནུས་པ་ཉེ་བར་སྟོན་པ་ཚད་མའི་མཚན་ཉིད་དྲན་པ་ལ་མེད་པར་ཟེར་
བ་ནི་ལྐོག་ཏུ་གྱུར་པ་ཉིད་ལ་ཞེས་བྱ་བའོ། །ལྐོག་ཏུ་གྱུར་པ་ཉིད་རིག་པ་ན་རྗེས་སུ་དཔག་པ་འཇུག་པའི་ཡན་ལག་ཉིད་མ་ཡིན་པར་བསྟན་པ་ནི། རྗེས་དཔག་ཆོས་ཅན་ཞེས་བྱ་བའོ། །དྲན་པའི་རྣམ་པ་ལ་ཞེས་བྱ་བ་ནི་མི་གསལ་བ་ལའོ། །རྣམ་པ་འདི་ནི་ཞེས་བྱ་བ་ནི་
མི་གསལ་བའོ། །གང་གི་ཕྱིར་བསྒོམས་པའི་སྟོབས་ལས་བྱུང་བ་དང་ལྡན་པའི་བདེ་བ་ལ་སོགས་པ་ནི་དྲན་པ་བཞིན་དུ་ཡིན་པ་དེའི་ཕྱིར་རྣམ་ཤེས་ཀྱི་བདག་ཉིད་དང་ཅིག་ཅར་འབྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ཉེ་བར་སྡུད་པ་ནི། དེའི་ཕྱིར་བདེ་སོགས་ཞེས་བྱ་བའོ། །གོམས་པའི་འདུ་
བྱེད་ལས་ཞེས་བྱ་བ་ནི་ཤེས་པ་བསྒོམ་པས་སོ། །ནང་གི་རེག་བྱའི་ཁྱད་པར་ཞེས་བྱ་བས་ནི་བདེ་བ་ལ་སོགས་པའི་རང་བཞིན་གྱི་ངོ་བོ་བསྟན་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་འདུ་བྱེད་ཀྱིའོ། །དེ་མཐོང་བ་ལས་ཞེས་བྱ་བ་ནི་རེག་བྱ་དང་ཕྲད་པའིའོ། །གཞན་དག་ནི་ཕྱི་རོལ་གྱི་འདོད་པ་
ལ་སོགས་པའི་དོན་རྣམས་ཀྱི་རང་གི་ངོ་བོ་ལ་འདི་འཕོས་པ་ཡང་ཡིན་ལ། སྣང་བ་ཡང་ཡིན་པ་དེ་གང་དག་གི་ཡིན་པ་དེ་དག་ནི་རང་ཉིད་དང་ཕྱི་རོལ་གྱི་དོན་གྱི་རྣམ་པ་ཡང་རིག་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་རང་ཉིད་ཀྱི་རྣམ་པ་དང་རང་ལ་ཡོད་པའི་ཕྱི་རོལ་གྱི་རྣམ་
เล่ม ๑๘๑ · หน้า 105b
པ་རིག་པའི་ཕྱིར་དེ་རྣམས་ལ་དོན་མྱོང་བར་བཤད་པ་སྟེ་གྲགས་པའོ་ཞེས་བསྟན་པ་ནི། དོན་གྱི་བདག་ཉིད་ཅེས་བྱ་བའོ། །གལ་ཏེ་དོན་གྱི་རྣམ་པ་ཅན་བདེ་བ་ལ་སོགས་པ་འདི་དག་གིས་དམིགས་པ་ཅི་ཞིག་ཡིན་ཞེ་ན། བདག་ཉིད་ཁོ་ན་བདག་ཉིད་ཀྱིས་དམིགས་པ་མ་
ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་ཟེར་བ་ནི། དམིགས་པ་ཉིད་ནི་ཞེས་བྱ་བ་སྨོས་ཏེ། དམིགས་པའི་ཐ་སྙད་ཀྱི་ཡུལ་བདེ་བ་ལ་སོགས་པ་དེར་སྣང་བ་སྟེ་ཕྱི་རོལ་གྱི་དོན་དུ་སྣང་བ་ཞེས་བྱ་བའི་དོན་ཏོ། །རིགས་ཞེས་བྱ་བ་ནི་འབྲེལ་པ་ཅན་ཡིན་ཏེ་ཉམས་སུ་མྱོང་བའི་བདག་ཉིད་
ཡིན་པའི་ཕྱིར་རོ། །འབྲས་ཉིད་ཀྱིས་ཞེས་བྱ་བ་ནི་དོན་གྱི་འབྲས་བུ་ཤེས་པས་སོ། །མིག་དོན་ལ་མངོན་དུ་ཕྱོགས་པ་མ་གཏོགས་པའི་དོན་ལ་མ་ཡིན་པར་བསྟན་པ་ནི། དོན་ལ་ཕྱོགས་པར་ཞེས་བྱ་བའོ། །རྟོགས་པའི་དོན་ལ་ཡང་རིག་པ་གཞན་ནི་ཁྱད་པར་བྱེད་པ་པོར་
མི་འགྱུར་བར་བསྟན་པ་ནི་གྲུབ་པར་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་ལྷན་ཅིག་སྣང་བཞིན་པ་ཉིད་ལས་སོ། །གཞན་ཞེས་བྱ་བ་ནི་རྟོགས་པ་ཉིད་མ་ཡིན་པའོ། །ཐ་དད་པ་རིགས་པ་ལས་དོན་རིག་པ་ཉིད་དུ་མི་འགྱུར་བར་བསྟན་པ་ནི། དེས་ནི་དེ་ཞེས་བྱ་བའོ། །དོན་
གཅིག་ལ་འདུ་བ་ཅན་གྱི་ཤེས་པས་འཛིན་པ་ལས་ནང་ཉིད་རྟོགས་པ་ཡིན་པར་མི་འགྲུབ་པ་སྟེ་སྔོན་པོ་བཞིན་ནོ། །ངའི་བདེ་བ་ཡིན་ནོ་ཞེས་ཕྱི་རོལ་ཉིད་རིག་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འགའ་ཞིག་བདེ་སོགས་ཕྱི་རོལ་ན། །ཞེས་བྱ་བའོ། །ཤེས་པ་ལས་ཕྱི་རོལ་ཉིད་
ཡིན་ན། བདེ་བ་ལ་སོགས་པ་ལ་སྔོན་པོ་མེད་པ་བཞིན་དུ་དེ་མེད་ཀྱང་ཤེས་པ་འབྱུང་བར་འགྱུར་བ་ཞིག་ན་འབྱུང་བ་ནི་མ་ཡིན་ནོ། །དེའི་ཕྱིར་དེའི་བདག་ཉིད་ཁོ་ན་དེ་ཡིན་པར་བསྟན་པ་ནི། དེའི་ཡང་ཞེས་བྱ་བའོ། །ཤེས་པ་ལས་ཕྱི་རོལ་ཡིན་ན་སྔོན་པོ་དང་ལྷན་ཅིག་པ་ཉིད་ཡིན་
གྱི། སེར་པོ་བཞིན་དུ་ལྷན་ཅིག་པ་མ་ཡིན་པ་ནི་མ་ཡིན་ཞེས་བྱ་བ་ལ་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་འབྲེལ་བ་ནི་བདེ་བ་ལ་སོགས་པ་ཞེས་བྱ་བའོ། །ཤེས་པའི་དབྱེ་བ་མེད་ན་སྔོན་པོའི་དབྱེ་བ་མེད་པ་ཅི་འདྲ་བ་ཡིན་ཞེས་བསམ་དགོས་སོ། །དེ་ཙམ་ལྔ་རྣམས་ལས་ཞེས་བྱ་བ་དང་
เล่ม ๑๘๑ · หน้า 106a
འབྲེལ་པ་ཡིན་ཏེ། ལྔ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོའོ། །འདི་ལྟར་ང་རྒྱལ་གྱི་འགྱུར་བའི་རྣམ་པ་བསྟན་ནས་རྣམ་པ་གཞན་བསྟན་པ་ནི། བློའི་དབང་པོ་ལྔ་ཞེས་བྱ་བ་སྟེ། ང་རྒྱལ་ལས་ཞེས་བྱ་བར་སྦྱར་རོ། །གལ་ཏེ་བདེ་བ་ལ་སོགས་པའི་ངོ་བོ་གཙོ་བོ་
ཡོངས་སུ་གྱུར་པ་རྣམས་ཀྱིས་ཀྱང་བདེ་བ་ལ་སོགས་པའི་ངོ་བོར་གྱུར་པ་ཡིན་ནོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡིན་སྙམ་དུ་སེམས་པ་ལ། རྣམ་པར་འགྱུར་བ་ཡང་རང་བཞིན་གྱིས་ཞེས་བྱ་བའོ། །ཤེས་པ་དང་ཐ་མི་དད་པས་བདེ་བ་ལ་སོགས་པ་དེ་དང་ལྷན་ཅིག་འཛིན་པ་མ་ཡིན་གྱི། འོན་
ཀྱང་བཟུང་བའི་སྔོན་པོ་ལས་ཐ་དད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། སྔོ་སོགས་རང་བཞིན་ཞེས་བྱ་བའོ། །བདེ་བ་ལ་སོགས་པ་དང་སྔོན་པོ་ལ་སོགས་པ་ཡང་ཐ་མི་དད་པར་མི་རིགས་ཏེ། སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་དད་སྣང་ཅན་ཞེས་བྱ་བའོ། །སོ་སོར་སྣང་བ་
ཐ་དད་པ་ཉིད་ཀྱི་གཞུང་ལུགས་ཀྱིས་སྦྱར་བའི་ཐ་མི་དད་པ་མི་རིགས་སོ་ཞེས་བསྟན་པ་ནི། བདེ་བ་ལ་སོགས་པའི་ངོ་བོའི་གཙོ་བོའི་རང་བཞིན་ཅན་ཉིད་དོ་ཞེས་བྱ་བ་ག་ལས་ཡིན་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་བདེ་བ་ལ་སོགས་པ་ཁོ་ན་ཞེས་བྱ་བ་འདི་ཡང་ག་ལས་ཡིན་ཞེས་བྱ་བར་སྦྱར་རོ། །
རྒྱུ་ལས་དང་རང་བཞིན་ལས་ཀྱང་སྔོན་པོ་ལ་སོགས་པ་རྣམས་ལ་དྲི་བ་བསྟན་པ་ཡིན་ནོ། །རླུང་སྒྲ་ཉིད་དུ་གྱུར་པ་དང་། སྒྲའི་རྡུལ་ཕྲ་རབ་རྣམས་སྒྲ་ཉིད་དུ་གྱུར་པ་ཡང་ཞེས་བྱ་བར་མཚམས་གཅད་དོ། །རླུང་གི་རྡུལ་ཕྲ་རབ་རྣམས་ཀྱི་སྒྲ་ཕྲ་མོ་གང་ཡིན་པ་དེ་དེར་འགྱུར་རོ་ཞེས་ངག་གཅིག་ཉིད་
ཡིན་ནོ། །དེ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ནི། འདོད་པ་ཙམ་ལས་ནི་འགའི་ཡང་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བུམ་པའི་དཔེ་ལས་འདི་ཡང་རིགས་མཐུན་པའི་རྒྱུ་ཉིད་ཡིན་ན་བུམ་པ་ལ་སོགས་པ་ལ་དཔེ་འདི་ལས་རིགས་མི་མཐུན་པའི་རྒྱུ་ཉིད་དུ་སྒྲུབ་པར་བྱེད་པས་འགལ་
བ་ཡིན་པར་བསྟན་པ་ནི། འབྲས་བུ་གང་ཇི་སྙེད་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་ལྷན་ཅིག་པ་མ་ཡིན་པའི་རིགས་མཚུངས་པའི་རྒྱུ་མ་ཡིན་ནོ། །འོན་ཏེ་དེའི་འོག་ཏུ་ཁྱེད་སྒྲུབ་བྱེད་ལ་ཡང་ཕྱིན་ཅིག་ལོག་ཏུ་སྒྲུབ་པ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་ཐམས་ཅད་ཉིད་ཅེས་བྱ་བའོ། །མིག་
เล่ม ๑๘๑ · หน้า 106b
མངོན་པ་ནི་རང་བཞིན་གྱི་ངོ་བོའི་མངོན་པར་མི་གསལ་བ་ནི་རྣམ་པར་འགྱུར་བའི་ངོ་བོ་ཡིན་ནོ་ཞེས་ཟེར་བ་ནི། མངོན་པར་གསལ་བ་དང་ཞེས་བྱ་བའོ། །ཕྱི་རོལ་གྱི་བུད་མེད་ལ་སོགས་པ་དང་ལྷན་ཅིག་པའི་བདེ་བ་ལ་སོགས་པའི་བློ་ལ་སྣང་བཞིན་པ་གོམས་པའི་ཁྱད་པར་
གྱིས་ཁྱད་པར་དུ་བྱེད་ཀྱི་ཕྱི་རོལ་ནི་མ་ཡིན་ཏེ། དེ་ལས་ཐ་མི་དད་པ་སྟེ་ཁྱད་པར་མེད་པ་ལ་ནི་བདེ་བ་ལ་སོགས་པ་ལ་ཡང་ཁྱད་པར་ཅན་དུ་མི་འགྱུར་ཏེ་དེ་བཞིན་ཁོ་ན་ཡིན་པར་བསྟན་པ་ནི་དེའི་ཁྱད་པར་ཞེས་བྱ་བ་སྟེ་ཆོས་ལྷག་པའི་ཁྱད་པར་རོ། །དེ་ཁོ་ན་མ་ཡིན་པར་ཞེས་བྱ་བ་
ནི་ཕྱི་རོལ་པ་མ་ཡིན་པའོ། །གོམས་པའི་ཁྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པ་ནི་གོམས་པ་ལས་བྱུང་བ་ཡིན་གྱི་ཕྱི་རོལ་མ་ཡིན་ནོ་ཞེས་རྒྱུའི་དབྱེ་བ་བསྟན་པ་ཡིན་ནོ། །ཡུལ་གྱི་དབྱེ་བ་ལས་འདི་དག་གི་རང་བཞིན་ཐ་དད་པར་བསྟན་པ་ནི། ཕྱི་རོལ་ཡིན་ན་ཞེས་བྱ་བའོ། །
བློ་དང་ལྷན་ཅིག་པའི་བདེ་བ་ལ་སོགས་པ་ཐ་མི་དད་པ་ཉིད་དུ་ངེས་པར་འཛིན་པ་ནི་བདེན་མོད་ཀྱི། ཡང་བདེ་བ་ལ་སོགས་པའི་ངོ་བོ་དེའི་རང་བཞིན་དེ་ཡང་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་གྲུབ་པ་བསྒྲུབ་པ་མ་ཡིན་ཏེ། སེམས་པ་ཅན་གྱི་ངོ་བོ་མ་གྲུབ་པའི་ཕྱིར་རོ་སྙམ་དུ་
སེམས་པ་ལ། ཕྱི་རོལ་གྱི་ངོ་བོ་མ་ཡིན་པར་བསྟན་པ་ནི། གལ་ཏེ་བློ་ཡང་བདེ་སོགས་ཀྱི། །ཞེས་བྱ་བ་སྟེ། ཅིག་ཅར་འཛིན་པ་ལ་འགལ་བ་ཉིད་མེད་པའམ། ཕྱི་རོལ་གྱི་ཁྱད་པར་ལ་ཁྱད་པར་གྱིའོ། །བདེ་བ་ལ་སོགས་པ་སེམས་ཅན་མ་ཡིན་དུ་ཟིན་ཀྱང་། ཕྱི་རོལ་ཉིད་ནི་
དམིགས་པའི་ཡུལ་ཁོ་ན་མ་ཡིན་ནོ་ཞེས་ཟེར་བ་ལ། ད་ནི་ཕྱི་དེ་ཞེས་བྱ་བའོ། །ཡང་ནས་ཡང་དུ་ཞེས་བྱ་བ་ནི་རྒྱུན་གྱིས་འཇུག་པའོ། །འབྲེལ་བ་མ་ཡིན་པ་ནི་བདེ་བ་ལ་སོགས་པ་ཉིད་མ་གྲུབ་ན་གཙོ་བོའི་རྣམ་པར་འགྱུར་བ་ཉིད་མི་འགྲུབ་པའི་ཕྱིར་རོ། །དེ་ཉིད་ཡིན་པར་ངེས་
ཞེས་བྱ་བ་ནི་གཙོ་བོ་ཡོངས་སུ་གྱུར་པ་ཉིད་དུ་ངེས་པའོ། །དེ་ཡོངས་སུ་གྱུར་པ་ཉིད་གྲུབ་པ་ཡིན་ཡང་དེའི་ངོ་བོ་ཉིད་རྟོགས་པར་ནུས་པ་མ་ཡིན་ཏེ། གཞན་ཉིད་དུ་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི་མེ་ཡོངས་སུ་གྱུར་པའི་རང་བཞིན་ཡིན་པ་ཞེས་བྱ་བའོ། །བདེ་བ་ལ་སོགས་པའི་
เล่ม ๑๘๑ · หน้า 107a
བློ་ནི་དེ་མ་ཡིན་པའི་ངོ་བོ་སྒྲ་ལ་སོགས་པ་ལ་འཛིན་བྱེད་དུ་མི་འགྱུར་རོ་ཞེས་བྱ་བ་གཞན་དུ་མི་འཐད་པས་བདེ་བ་ལ་སོགས་པ་གྲུབ་པོ་སྙམ་དུ་སེམས་པ་ལ། གལ་ཏེ་རིགས་ནི་ཞེས་བྱ་བའོ། །སྒྲ་ལ་སོགས་པ་བདེ་བ་ལ་སོགས་པ་ཉིད་མ་
ཡིན་ན། བློ་ནི་འཛིན་བྱེད་མ་ཡིན་ཞིང་འབྲས་བུ་ཡང་མ་ཡིན་ལ། དེའི་རྣམ་པ་ཅན་གྱི་འབྲས་བུ་ཉིད་ཁོ་ན་འཛིན་བྱེད་ཉིད་དང་རང་གི་རྣམ་པའི་འཛིན་བྱེད་ཉིད་ནི་གཟུང་བྱ་ཉིད་ཡིན་ཏེ། དེ་མེད་ན་དེར་ཡང་མི་འགྱུར་རོ་ཞེས་བྱ་བ་ཡང་མི་རིགས་ཏེ། སྐྱེས་བུ་འབྲས་
བུ་མ་ཡིན་ཡང་འཛིན་བྱེད་ཉིད་དང་སྒྲ་ལ་སོགས་པ་རྒྱུ་མ་ཡིན་པ་ཡང་གཟུང་བྱ་ཉིད་དུ་མཐོང་བ་ཉིད་ཀྱི་ཕྱིར་རོ་ཞེས་ཟེར་བ་ལ། རྒྱུ་དང་འབྲས་བུ་གསལ་ཞེས་བྱ་བའོ། །གལ་ཏེ་བློ་དང་སྒྲ་ལ་སོགས་པ་དང་། བདེ་བ་དག་འབྲས་བུ་དང་རྒྱུ་དག་གཟུང་བ་དང་འཛིན་པ་ཉིད་
ཡོད་པའི་ཡིན་པ་དེ་ལྟ་ན་གཞན་ལ་ཡང་སྟེ། བདག་ལ་གཟུང་བ་དང་འཛིན་པ་དེ་ཉིད་ཡོད་པ་དེའི་ཕྱིར་འབྲས་བུ་དང་རྒྱུ་ཉིད་དུ་འགྱུར་རོ་ཞེས་སྦྱོར་བར་བྱེད་པ་ནི་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་ཐལ་བར་འགྱུར་བ་ནི་དངོས་སུ་དེ་ལས་བཟློག་པ་ནི་ཤུགས་
ཀྱིས་བསྟན་པ་ཡིན་ལ། རྒྱུ་དང་འབྲས་བུ་མིན་པའམ་ཞེས་བྱ་བའི་རྣམ་པར་དབྱེ་བ་ལ་ནི་བཟློག་པ་དང་ཐལ་བར་འགྱུར་ཡང་དངོས་སུ་ཡིན་ནོ། །ཡོད་ནའམ་ཞེས་བྱ་བ་ནི་འབྲས་བུ་དང་རྒྱུ་ཉིད་ནའོ། །གཞན་ལའང་ཞེས་བྱ་བ་ནི་བདག་ལའོ། །དེ་ནི་ཞེས་བྱ་བ་ནི་འབྲས་བུ་དང་
རྒྱུ་ཉིད་དུ་འགྱུར་བར་བརྗོད་པའོ། །དེ་བསྟན་པ་ནི་ཡང་ན་རྒྱུ་དང་འབྲས་བུ་དག་ཅེས་བྱ་བའོ། །ཡང་ན་རྒྱུ་དང་འབྲས་བུ་ཡིན་པའམ་ཞེས་བྱ་བ་ནི་བཟློག་པ་ཡིན་ཏེ། གཟུང་བ་ལ་སོགས་པ་ཉིད་མེད་པའི་ཕྱིར་འབྲས་བུ་ལ་སོགས་པ་ཉིད་མེད་པར་བརྗོད་པ་ཉིད་ཡིན་ནོ། །ཡོད་
ནའམ་ཞེས་བྱ་བ་ནི་གཟུང་བ་ཉིད་དེ་འབྲས་བུ་ལ་སོགས་པ་ཉིད་ནའོ། །དེ་ནི་ཞེས་བྱ་བ་ནི་འབྲས་བུ་ལ་སོགས་པ་ཉིད་དོ། །དངོས་པོ་དེ་ལས་གཞན་ལ་ཡང་དེ་བདག་ལའོ། །བདག་ལ་ཡང་འགྱུར་བ་ཞེས་བྱ་བ་ནི་ཐལ་བར་འགྱུར་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་བློ་ལ་གནས་པ་ཉིད་
เล่ม ๑๘๑ · หน้า 107b
རིག་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་བཞིན་དུ་བདེ་བ་ལ་སོགས་གཟུང་བ་ཡང་རིག་པའི་བདག་ཉིད་ཁོ་ན་ཡིན་ཏེ། དེ་མ་ཡིན་པའི་ངོ་བོས་མི་རིག་པའི་ཕྱིར་རོ་ཞེས་བསྟན་པ་ནི། གང་གི་རང་བཞིན་མྱོང་མ་ཡིན། །ཞེས་བྱ་བའོ། །རིག་པ་ཉིད་ཀྱང་དེའི་ཁོངས་སུ་
གཏོགས་པ་ཉིད་ཡིན་ཏེ་ཕྱི་རོལ་མ་དམིགས་པའི་ཕྱིར་རིགས་པའི་བདག་ཉིད་ཁོ་ནར་འགྱུར་ལ་སྔོན་པོ་ལ་སོགས་པ་ནི་རིག་པའི་ཁོངས་སུ་གཏོགས་པ་ཡིན་ཡང་ཕྱི་རོལ་ཡིན་ཏེ། ཕྱི་རོལ་གྱི་དོན་བྱེད་པར་ནུས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཕྱི་རོལ་ཉིད་ལ་ཚད་མ་མེད་པའི་ཕྱིར་
ཞེས་བྱ་བའོ། །བདེ་བ་ལ་སོགས་པ་རྣམས་ནི་ཕྱི་རོལ་གྱི་ངོ་བོའི་རྗེས་སུ་མཐུན་པ་རིག་པ་མ་ཡིན་ནོ་ཞེས་གང་བསྟན་པ་དེ་ཉིད་བཤད་པ་ནི། བདེ་བ་ལ་སོགས་པའི་རྣམ་པ་ནི་ཞེས་བྱ་བའོ། །བློ་ལ་གནས་པའི་བདེ་བ་ལ་སོགས་པ་དང་སེམས་པ་ཅན་རིག་པར་བྱེད་པ་ནི་ཤིན་ཏུ་ཉེ་བ་
དུ་མ་ཡང་གཅིག་བཞིན་དུ་སྣང་བ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་དེ་རང་བཞིན་མིན་པ་ཞེས་བྱ་བའོ། །མྱོང་བས་ཞེས་བྱ་བ་ནི་ཉེ་བར་གྱུར་པའོ། །རིག་པ་ལས་ཐ་དད་པའི་བློའི་གཞུང་ལུགས་ནི་ཚད་མའི་རྗེས་སུ་འགྲོ་བ་མ་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཆོས་ཀྱི་
གྲགས་པས། མངོན་སུམ་དྲན་པའི་རྣམ་པ་ཅན། །མྱོང་བ་མ་གཏོགས་འདིར་བློ་གང་། །ཞེས་བྱ་བ་གསུངས་སོ། །སྒོམ་པ་གྲུབ་པ་ན་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་དང་། དེ་སྒྲུབ་པ་ལ་བཏང་སྙོམས་བསྒོམ་པ་ཐོབ་པ་ནའོ། །ཆ་ཙམ་སྤོང་བར་མཐོང་བའི་ཕྱིར། །ཞེས་བྱ་
བ་ནི་བདེ་བ་དང་སྡུག་བསྔལ་གོང་ནས་གོང་དུ་སྤོང་བ་མཐོང་བའི་ཕྱིར་རིག་པ་གཞན་ཁོ་ན་བདེ་བ་དང་སྡུག་བསྔལ་དང་འབྲེལ་པ་དང་བྲལ་བ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལས་གྲོལ་བའོ། །བདེ་བ་དང་སྔོན་པོ་ལ་སོགས་པ་དང་། སེམས་པ་ཅན་གང་
དུ་གཟུགས་བརྙན་གྱི་སྦྱོར་བས་འདྲེས་པ་དེ་བློ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་བདེ་བ་དང་སྔོན་པོ་ལ་སོགས་པ་འདྲེས་པ་ཉིད་ཀྱི་སེམས་པ་ཅན་གཅིག་ཉིད་ཡིན་གྱི་དེའི་གཞིར་གྱུར་པའི་བློ་གཞན་དམིགས་པ་མ་ཡིན་པར་བསྟན་པ་ནི། དེ་དང་དེ་དོན་ལ་བརྟེན་ནས་ཞེས་བྱ་བའོ། །
เล่ม ๑๘๑ · หน้า 108a
བློ་དང་བདེ་བ་དང་རིག་པ་རྣམས་ཆུ་དང་འོ་མ་བཞིན་དུ་ཤིན་ཏུ་འདྲེས་པ་ནི་ཐ་དད་པར་མ་དམིགས་པ་ཡིན་གྱི། ཐ་མི་དད་པ་ཉིད་ཀྱིས་ནི་མ་ཡིན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། ལྕགས་གོང་དང་ནི་མེ་བཞིན་དང་། །ཞེས་བྱ་བའོ། །ཐ་མི་དད་པར་
རིག་ཀྱང་ཐ་དད་པར་རྣམ་པར་གཞག་པ་ཡིན་ན། ཐ་མི་དད་པར་རྣམ་པར་གཞག་པ་མེད་པའི་ཕྱིར་ཐ་དད་པར་ཡང་རྣམ་པར་གཞག་པར་མི་འགྱུར་རོ་ཞེས་བསྟན་པ་དང་། དེ་ལྟ་ཡིན་ན་དངོས་ཀུན་ལ། །ཞེས་བྱ་བའོ། །ཐ་མི་དད་པར་རིག་པ་ལ་ཐ་མི་དད་པར་རྣམ་པར་གཞག་
པར་མི་བྱེད་པས། ཐ་མི་དད་པ་ཉིད་ཉམས་པར་འགྱུར་བ་ནི་མ་ཡིན་ནམ། དེ་ཇི་ལྟར་ཐ་དད་པ་ཉམས་པ་ཡིན་སྙམ་དུ་སེམས་པ་ལ། ཐ་དད་མེད་མིན་གཅིག་ཡིན་ནོ། །ཞེས་བྱ་བ་སྟེ། ཐ་མི་དད་པར་རྣམ་པར་འཇོག་པར་བྱེད་པའི་ཚད་མ་ཡོད་ན་དེ་ལས་བཟློག་པ་ཐ་དད་པར་
རྣམ་པར་འཇོག་པར་བྱེད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་མི་དད་པའི་སྣང་བ་ནི་ཐ་དད་པ་ལ་ཐ་དད་པའི་སྣང་བ་དང་། ཐ་དད་པའི་སྣང་བ་ནི་ཡང་ཐ་དད་པ་ལ་ཐ་མི་དད་པའི་སྣང་བ་ཁྱབ་པར་བྱེད་པ་འགལ་བ་ཡིན་པར་བསྟན་པ་ནི། སྡུག་བསྔལ་དཀར་སོགས་ཐ་
དད་སྣང་། །ཞེས་བྱ་བས། ཐ་མི་དད་པ་ལ་ཐ་དད་པ་ལ་ཁྱབ་པར་བྱེད་པ་འགལ་བ་ཡིན་པར་བསྟན་ཏོ། །སེམས་ལས་བྱུང་བ་རེག་པ་དང་སེམས་པ་ལ་སོགས་པ་སེམས་ལས་བྱུང་བ་ཐམས་ཅད་ནི་བདེ་བ་ལ་སོགས་པ་བཞིན་དུ་ཐ་དད་པར་མཚོན་པ་མ་ཡིན་པར་འགྱུར་བ་
ཞིག་ན། དེ་དག་ཐ་དད་པ་མ་ཡིན་པར་མ་ཡིན་ནམ། དེའི་ཕྱིར་ཐ་དད་པ་ལ་ཐ་མི་དད་པའི་རིགས་པ་ནི་ཁྱབ་པར་བྱེད་པ་འགལ་བ་མ་ཡིན་ཏེ། ཁྱབ་པ་མ་གྲུབ་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ་བསྒྲིབས་པ་རྣམས་གཅིག་གི་ཚེ་ཉེ་བར་མཚོན་པ་ན་གསལ་བ་སྟེ། བདེ་བ་ལ་
སོགས་པས་རྒྱུན་ལ་རྒྱུ་ལ་སྒྲིབ་པར་བྱེད་པ་མེད་ན་ཐ་དད་པར་ཉེ་བར་མཚོན་པ་ཉིད་ཡིན་པའི་ཕྱིར་ཁྱབ་པ་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །སེམས་དང་སེམས་ལས་བྱུང་བ་ཡང་ཐ་མི་དད་པར་རིག་པའི་ཡུལ་ཡིན་པའི་ཕྱིར་མཐུན་པའི་ཕྱོགས་ཉིད་ཡིན་པར་བསྟན་པ་ནི། དེ་ལྟར་
เล่ม ๑๘๑ · หน้า 108b
ཁས་ལེན་པ་མ་ཡིན་ཞེས་བྱ་བའོ། །ཚོར་བ་ལ་སོགས་པ་ནི་བདེ་བ་ལ་སོགས་པ་སྟེ། སོགས་པའི་སྒྲས་ནི་རྣམ་པར་དཔྱོད་པ་ལ་སོགས་པའོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་སྒྲིབ་པར་བྱེད་པ་མེད་ནའོ། །རྣམ་པར་རྟོག་པ་མེད་པའི་སེམས་ལ་རྒྱུ་མཚན་འཛིན་པའི་བདག་ཉིད་ཀྱི་
འདུ་ཤེས་ཡོད་པ་མ་ཡིན་ཡང་། སེམས་ཐམས་ཅད་ལ་སེམས་པ་ལ་སོགས་པ་རྣམས་མེད་པ་མ་ཡིན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་མཚན་མར་འཛིན་པ་ལ་སོགས་པ་ཞེས་བྱ་བའོ། །ལྟ་བ་འཁོར་བས་རབ་ཟབ་པའི། །ཕྲག་དོག་ཆུ་བོས་ཡོངས་འཁྲུལ་པས། །
སྐྱེ་བོ་རྣམས་ནི་མ་རྒྱལ་ན། །རྒྱལ་བ་ཅན་གཞན་སུ་ཞིག་ཡིན། །བླང་དང་དོར་བྱའི་དེ་ཉིད་ཀྱི། །ཐབས་དང་བཅས་པར་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །ཞེས་བྱ་བས་རྣལ་འབྱོར་པའི་ཤེས་པ་གསུངས་པ་ཡིན་པར་
བསྟན་པ་ནི་རྣལ་འབྱོར་ཤེས་པ་སྔར་བཤད་པ་ཞེས་བྱ་བའོ། །དེ་ཡང་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་སྤྱིའི་ཆོས་ཉིད་ལ་དམིགས་པ་ཡིན་གྱི་མངོན་སུམ་མ་ཡིན་ཏེ། རྟོགས་པ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། མངོན་སུམ་ཉིད་དུ་བསྒྲུབ་པའི་ཆེད་དུ་རྟོགས་
པ་མེད་པ་ཉིད་ཡིན་པར་བསྟན་པ་ནི། གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་བྱ་བ་སྟེ། ཆོས་ཉིད་ནི་ཆོས་ལས་ཐ་དད་པ་མ་ཡིན་ཏེ། ཆོས་ཉིད་དེ་ལྟ་བུ་ཡིན་པར་རྗེས་སུ་དཔག་པས་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསལ་བ་ཉིད་ཀྱི་ཕྱིར་སྔོན་པོ་མཐོང་
བ་བཞིན་དུ་རྟོག་པ་མེད་པ་ཡིན་པར་བསྟན་པ་ནི། རྟོག་པའི་དྲ་བ་རྣམ་བསལ་བས། །ཞེས་བྱ་བ་སྟེ། གལ་ཏེ་ཡང་འུ་བུ་ཅག་གི་སྟོང་པ་ཉིད་ལ་སོགས་པ་ནི་ཐམས་ཅད་ཡོད་པར་ངེས་བཞིན་པར་བརྟགས་པ་ཡིན་གྱི་རྣལ་འབྱོར་པ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
ཅི་ལས་ཡིན་ཞེ་ན། སྒོམ་བྱུང་ཡིན་ཞེས་བྱ་བའོ། །དེ་དག་གི་བསྒོམས་པའི་སྟོབས་ལས་ཆོས་ཐམས་ཅད་སྟོང་པ་ཡོངས་སུ་སྣང་བ་ཡིན་ཞིང་། དེ་ལྟར་མཐོང་བ་ཉིད་ཐར་པ་ཉིད་ཅེས་བྱ་བའི་དོན་ཏོ། །མེད་པའི་ཡུལ་ཅན་ཡིན་ཡང་ཞེས་བྱ་བ་ནི་ཟད་པར་ས་ལ་སོགས་པའི་ཡུལ་
เล่ม ๑๘๑ · หน้า 109a
ཅན་ནོ། །དོན་དང་དབང་པོ་ལ་སོགས་པའི་ཚོགས་པ་བཞིན་དུ་བསྒོམ་པ་ཡང་རྣམ་ཤེས་གསལ་བར་བྱེད་པ་ཡིན་པར་བསྟན་པ་ནི། འདོད་འཇིགས་མྱ་ངན་གྱིས་ཞེས་བྱ་བས་བརླམས་པར་བྱས་པ་དང་། རྐུན་པོའི་རྨི་ལམ་དང་དེ་ལ་སོགས་པས་ཉེ་བར་
གཙེས་པའི་སེམས་དང་ལྡན་པ་རྣམས་ཡང་དག་པ་མ་ཡིན་པ་ཡང་ཞེས་བྱ་བས། དོན་གྱི་ནུས་པ་ཉིད་མེད་པས་བསྒོམ་པའི་ནུས་པ་ཉིད་གསལ་བ་ཡིན་ནོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་གྲགས་པའི་དཔེ་ཡིན་ནོ། །རྟོག་པ་མེད་པ་དང་ཅིག་ཤོས་དག་གསལ་བ་དང་ཅིག་ཤོས་
ཉིད་དུ་སྣང་བ་ཉིད་ཀྱིས་འགལ་བ་ཡིན་པར་བསྟན་པ་ནི། རྣམ་པར་རྟོག་དང་རྗེས་འབྲེལ་ནི། །ཞེས་བྱ་བའོ། །འདོད་པས་མྱོས་པས་ཉེ་བར་བསླད་པ་ནི་རྨི་ལམ་བཞིན་དུ་གསལ་བ་ཉིད་ཀྱི་རྒྱུ་མ་ཡིན་ནམ། བསྒོམ་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལས་རྨི་ལམ་ན་ཡང་ཞེས་བྱ་བ་སྟེ།
ཉེ་བར་བསླད་པར་ཁྱད་པར་མེད་པས་མི་གསལ་བའི་སྣང་བའི་ཤེས་པ་རྨི་ལམ་དུ་མི་འགའ་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་ལྡན་ཞེས་བྱ་བ་ནི་གསལ་བར་སྣང་བའོ། །ཡུལ་གྱི་སྟོབས་ཀྱིས་ཞེས་བྱ་བ་ནི་ཉེ་བར་བསླད་པ་དག་ཉེ་བར་མཚོན་པ་ཡིན་ནོ། །འདོད་པས་མྱོས་པ་
ལ་སོགས་པས་ནི་བསྒོམ་པས་གཞན་དུ་མཐོང་བ་ཉིད་གཞན་དུ་སྣང་བ་ཡིན་གྱི་ཤིན་ཏུ་མེད་བཞིན་པ་ནི་མ་ཡིན་ནམ་སྙམ་དུ་སེམས་པ་ལ། མེད་བཞིན་པ་ཡང་རྣམ་པར་རྟོག་པས་བཟུང་ན་བསྒོམ་པས་གསལ་བར་འགྱུར་བར་བསྟན་པ་ནི། མི་གཙང་ཟད་པར་ཞེས་བྱ་བའོ། །སྟོང་
པ་ཉིད་ལ་སོགས་པའི་ཡུལ་ཅན་ནི་དེ་ཁོ་ན་ཉིད་ལ་བྱེད་པ་ཡིན་གྱི། གཞན་མ་ཡིན་པར་བསྟན་པ་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མ་ཡིན་ཞེས་པའོ། །བསྒོམས་པ་ཙམ་གྱིས་རྣལ་འབྱོར་པ་མ་ཡིན་ལ། ཕྱི་རོལ་བཞིན་དུ་རིགས་པ་སེམས་པ་སྔོན་དུ་འགྲོ་བ་ཅན་གྱི་བསྒོམ་པ་ནི་རྣལ་འབྱོར་
པའི་རྒྱུ་མཚན་ཡིན་གྱི། རིགས་པ་མེད་པའི་དོན་ལ་མ་ཡིན་པར་བསྟན་པ་ནི། བསྒོམས་པ་ཙམ་གྱིས་ནི་ཞེས་བྱ་བ་ནི། །ཞི་གནས་ནི་སེམས་རྩེ་གཅིག་པ་ཡིན་ཞིང་། ལྷག་མཐོང་ནི་ཤེས་རབ་ཡིན་ཏེ། དེ་དག་གི་ཟུང་དུ་འཇུག་པ་ཉིད་དོན་ཇི་ལྟ་བཞིན་གྱི་ཤེས་པ་ཡིན་གྱི།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด