ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བར་ཏི་ཀ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๒ · หน้า 1b
༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བར་ཏི་ཀ་ཊཱི་ཀ །བོད་སྐད་དུ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྲིད་གསུམ་
འཕེན་པར་བྱེད་པ་ཡི། །ཟག་པ་མ་ལུས་ལས་རྒྱལ་བ། །བདེ་གཤེགས་གང་དག་སྲིད་པ་དང་། །ངེས་འབྱུང་ལེགས་པར་རྟོགས་པ་དང་། །དེ་ཆོས་ཡང་དག་གཟིགས་ལས་བྱུང་། །མཁས་པས་
སོ་སོ་རང་རིག་བྱ། །ལེགས་གསུངས་རིམས་བྲལ་དང་དགེ་འདུན། །འཕགས་པའི་གང་ཟག་བརྒྱད་པོ་རྒྱལ། །བློ་གྲོས་ཆེན་པོའི་བཞེད་པ་གཏིང་རྙེད་མ་ཡིན་ཞིང་། །འབད་བྱས་པས་ཀྱང་གསལ་
བར་རྟོགས་པ་མེད་པ་འདི། །ཚིག་དོན་ཙམ་གྱི་རང་བཞིན་རབ་ཏུ་བསྟན་པ་ཡིས། །གནའ་རབས་རྣམས་ཀྱིས་གསལ་བ་ཉིད་དུ་བྱས་གྱུར་པ། །དེས་ན་འདིར་ནི་དེ་ཉིད་རྟོགས་ཕྱིར་འབད་པས་ནི། །
གསལ་བར་བྱ་སྟེ་དེ་བསྟན་པ་ཡང་ཕན་ཕྱིར་ཡིན། །འགྲོ་བ་མ་རྟོགས་པ་ནི་རྟོགས་པར་བྱ་བའི་ཕྱིར། །འདི་ལ་འབད་པ་བྱས་པ་ངལ་བའི་འབྲས་བུ་ཡིན། །རྟོག་པའི་དྲ་བ་རྣམ་བསལ་ཅིང་། །ཞེས་
เล่ม ๑๘๒ · หน้า 2a
བྱ་བ་ལ་སོགས་པས་ནི་རབ་ཏུ་བྱེད་པ་ལ་གུས་པ་བསྐྱེད་པའི་དོན་དུ་ལྷ་དང་དྲང་སྲོང་གི་སྐྱེ་བོས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཕྱག་བྱེད་པའོ། །འཇིག་རྟེན་ནི་ཆེར་
འདོད་པའི་བྱ་བ་ལ་འཇུག་པ་ན་རང་འདོད་པའི་ལྷ་ལ་ཕྱག་བྱེད་པ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱིས་ཡིན་ནོ། །དེ་བཞིན་དུ་སློབ་དཔོན་གྱིས་ཀྱང་རབ་ཏུ་བྱེད་པ་མཛད་པ་ན་དོན་ཆེན་པོ་ཉིད་ཀྱིས་དགོས་པ་ཆེན་པོ་དང་ལྡན་པར་བསྟན་པ་ཡིན་ནོ། །
གལ་ཏེ་འཇིག་རྟེན་གྱི་ཕྱག་བྱེད་པའི་འཇུག་པ་འདི་ལྟ་བུ་ནི་ཕུན་སུམ་ཚོགས་པ་ཉིད་ཀྱིས་མ་ཡིན་ནམ་ཞེ་ན། དགོས་པ་ཆེན་པོ་ཉིད་ཀྱིས་མངོན་པར་འདོད་པ་གྲུབ་པ་ཉིད་ཀྱིས་ཡིན་མོད། དེས་ན་འདིར་ནི་དེ་ཉིད་བསྟན་པར་
འདོད་པ་ཡིན་ནོ། །དགོས་པ་ཆེན་པོ་ཉིད་ཀྱང་གཏན་དུ་སྡུག་བསྔལ་དང་བྲལ་བ་ཡིན་ཏེ། དེ་ནི་གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་པའི་ཕྱིར་འདི་ལས་འགྲུབ་པོ། །ཡང་ཅི་སྟེ་འདི་རང་གི་ངག་གིས་མི་བརྗོད། ཕྱག་
བྱས་པས་ནི་གུས་པར་བྱ་བ་ཡིན་ལ་དེ་ཡང་སྲིད་པ་དང་བྲལ་བ་ཡིན་པའི་ཕྱིར་མཆོད་པས་དོན་ཅི་ཡོད་ཅེ་ན། འདིར་ནི་སློབ་དཔོན་གྱི་གུས་པའི་རོ་སྟོན་པ་ཉིད་ཀྱིས་ཏེ། དོན་བསྟན་པར་བྱ་བ་ཡིན་ཡང་སྙིང་གི་རོ་ཡོངས་སུ་རྒྱས་པ་ཉིད་
เล่ม ๑๘๒ · หน้า 2b
ཀྱིས་སྟོན་པ་ཡང་འཇལ་བ་པོའི་ཆོས་ཡིན་ནོ། །གུས་པ་ཡང་འདུད་པའི་འབྲས་བུ་ཅན་ཡིན་ལ། དེ་ཡང་ཕྱག་བྱེད་པ་ཡིན་ནོ། །གུས་པ་ལ་ཡང་དགོས་པ་ཅི་ཡོད་ཅེ་ན། འདི་བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། བྲལ་བ་ཉེ་བར་སྟོན་པས་ཕན་འདོགས་པ་ལ་རང་བཞིན་གྱིས་གྲུབ་པ་ཡིན་
པའི་ཕྱིར་རོ། །རང་བཞིན་གྱིས་གྲུབ་པ་ཡང་འདོད་ཆགས་ལ་སོགས་པ་ཉེས་པའི་འབྲས་བུ་ཅན་ནི་བཟློག་པར་བྱ་ལ། སྙིང་རྗེ་དང་ཡིད་བྱུང་བ་ལ་སོགས་པ་ཉེས་པ་མེད་པ་ནི་འཇུག་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ལ་ཕན་འདོགས་པ་ལས་བྱུང་བའི་སེམས་ཀྱི་ཁྱད་པར་བྱ་
བ་ཉིད་ཡིན་ཏེ། བླ་ན་མེད་པའི་འབྲས་བུ་འཕེན་པར་བྱེད་པའི་ཕྱིར་བརྩེ་བ་ལ་སོགས་པ་ཉིད་བཞིན་ནོ། །འདི་ལྟར་ལམ་མི་འཛིན་པ་དང་། ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་ཟ་བ་ནི་འགྲོ་བ་པོའི་འབྲས་བུ་ཐོབ་པའི་བར་ཆད་ཀྱི་རྒྱུ་ཡིན་པའི་ཕྱིར་ཁམས་གསུམ་པ་ལས་ངེས་པར་འབྱུང་བར་འདོད་
པ་ནི་ཐེ་ཚོམ་མེད་པར་ལམ་ལ་བརྟེན་པ་ཉིད་དུ་བྱའོ། །ལེའུ་གཉིས་པར་བཤད་པའི་ཚུལ་གྱིས་ལམ་གཞན་ཡང་མེད་དེ། དེས་ན་ལམ་ཉིད་འཛིན་པར་འདོད་པས་དེ་ཉེ་བར་སྟོན་པར་མཛད་པ་བཅོམ་ལྡན་འདས་ལ་གཞན་ཡོངས་སུ་སྤངས་ཏེ་གུས་པས་བསྒྲུབ་པར་བྱ་ཞིང་སྐྱེ་བ་གཞན་དག་
ཏུ་ཡང་མུ་སྟེགས་པ་གཞན་གྱིས་བསྟན་པའི་དོན་འཛིན་པར་མ་གྱུར་ཅིག་ཅེས་དེ་རྗེས་སུ་དྲན་པ་དང་། མངོན་པར་དགའ་བ་དང་མཆོད་པ་དང་རྗེས་སུ་འཇུག་པ་ལ་སོགས་པས་ཐེ་ཚོམ་བཟློག་པའི་ཕྱིར་གོམས་པར་ཡང་བྱའོ། །དེའི་ཕྱིར་བྱ་བ་གཞན་ཡང་དག་པས་རབ་ཏུ་བྱེད་པའི་བྱ་བ་ཁྱད་དུ་
འཕགས་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཡུལ་ལ་བསམ་པའི་ཁྱད་པར་གྱིས་རབ་ཏུ་བཅུག་པ་བཅོམ་ལྡན་འདས་ལ་ཕྱག་བྱ་བ་ནི་གདོན་མི་ཟ་བར་བྱ་བ་ཡིན་ནོ་ཞེས་དྲུག་པོ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་ཅན་ཕྱག་བྱ་བའི་ཡུལ་ཉེ་བར་བསྟན་པ་ན་བསྟོད་པ་ཡང་རབ་ཏུ་སྦྱོར་རོ། །དེ་ལ་
བཅོམ་ལྡན་འདས་ལ་ཕྱག་བྱ་བ་ལ་མདོར་བསྡུས་ནས་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཡོན་ཏན་རྣམ་པ་གཉིས་སོ། །རྒྱུ་ནི་བསམ་པ་དང་སྦྱོར་བ་ཡོངས་སུ་རྫོགས་པའོ། །བསམ་པ་ནི་ཐུགས་རྗེའི་བདག་ཉིད་ཡིན་ལ་དེ་དང་རྗེས་སུ་མཐུན་པར་འཇུག་པ་ནི་སྦྱོར་བའོ། །འབྲས་
เล่ม ๑๘๒ · หน้า 3a
བུ་ཡང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་ནོ། །གལ་ཏེ་འབྲས་བུ་ནི་རྒྱུ་དང་མཐུན་པར་ངེས་པའི་ཕྱིར་ཇི་སྐད་བརྗོད་པའི་རྒྱུ་ལས་འབྲས་བུ་རང་གི་དོན་ཕུན་སུམ་ཚོགས་པ་གང་ལས་ཤེ་ན། མ་ཡིན་ཏེ། རང་གི་དོན་ཕུན་སུམ་ཚོགས་པ་ནི་གཞན་གྱི་དོན་
གྲུབ་པ་ལ་འཁྲུལ་པ་མེད་པའི་ཕྱིར་མི་འདོད་ཀྱང་འགྲུབ་པའི་ཕྱིར་རོ། །ཇི་སྐད་དུ། གང་ཕྱིར་འགྲོ་བ་མྱ་ངན་མ་འདས་པར་ཁྱོད་མྱ་ངན་འདས་པར་མི་བཞེད་པ། །ཚུལ་འདི་བདེ་བར་གཤེགས་པའི་གོ་འཕང་མ་ཐོབ་པར་ནི་ནུས་པ་མ་ཡིན་པ། །དེ་ཕྱིར་ཁྱོད་ནི་ཐམས་ཅད་མཁྱེན་པ་ཡོན་
ཏན་གཏེར་གྱུར་ཐོབ་པར་ངེས་འགྱུར་ཏེ། །ཁྱོད་ལ་སྟོབས་བཅུའི་ཡོན་ཏན་རྣམས་ཀྱིས་བྱ་བ་གཞན་ནི་ཅུང་ཟད་ཀྱང་མི་མངའ། །ཞེས་གསུངས་པ་བཞིན་ནོ། །འབྲས་བུ་བརྗོད་ན་རྒྱུ་འགྲུབ་པ་ཉིད་ནི། དེས་ན་ཕྱེད་སྔ་མས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བརྗོད་ལ་ཕྱི་མས་ནི་གཞན་
གྱི་དོན་ཕུན་སུམ་ཚོགས་པའོ། །རྟོག་པ་ནི་གང་ཟག་དང་ཆོས་སུ་རྟོག་པ་ཡིན་ལ་ཆོས་སུ་རྟོག་པ་ཡང་གཟུང་བར་སྣང་བ་མེད་ན་མི་འབྱུང་བ་ཉིད་ཡིན་ཏེ། དེས་ན་རྟོག་པའི་དྲ་བ་རྣམ་པར་བསལ་བ་ཉིད་ཀྱིས་ནི་གཉིས་སུ་མེད་པའི་རང་བཞིན་ཙམ་གྱི་སྐུ་བདག་དང་མི་འདྲ་བར་བརྗོད་པ་ཡིན་ནོ། །
དེ་ཉིད་ཀྱི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། །ཟབ་པས་ནི་གཞན་གྱིས་ཤེས་པར་བྱར་མེད་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པའི་རྟེན་ཉིད་དུ་བརྗོད་དོ། །བཅོམ་ལྡན་འདས་ཀྱི་ཡོན་
ཏན་ནི་དཔག་ཏུ་མེད་དེ། ཇི་སྐད་དུ། གལ་ཏེ་དེ་བཞིན་གཤེགས་པའི་ཆོས། །འདི་དག་བསྟན་དུ་ཡོད་གྱུར་ན། །མཁར་ཡང་མི་ཤོང་ཡོན་ཏན་མཚོ། །ཁྱོད་ཀྱི་ཡོན་ཏན་མཐའ་ལས་འདས། །ཞེས་གསུངས་པ་དང་། དེ་བཞིན་དུ། རྣམ་གྲོལ་མཉམ་པ་ཐོབ་རྣམས་དང་། །གང་
ཟག་དེ་ལས་གཞན་རྣམས་དང་། །སངས་རྒྱས་ཆོས་ཀྱི་མཉམ་མེད་ཁྱོད། །བར་ན་ཁྱད་པར་ཤིན་ཏུ་ཆེ། །ཞེས་སོ། །རྒྱ་ཆེ་བས་ནི་གཞན་དང་མཚུངས་པ་མེད་པས་བླ་ན་མེད་པ་ཉིད་བརྗོད་དོ། །ལམ་གཞན་མེད་པའི་ཕྱིར་རེ་ཞིག་ཉོན་མོངས་པ་དང་བྲལ་བ་ལ་ནི་དེ་ལ་མི་འམ་ལྷ་གང་གིས་ཀྱང་
เล่ม ๑๘๒ · หน้า 3b
བསྒྲུན་དུ་དེ་མེད་པ་ཉིད་དོ། །རང་བཞིན་གྱིས་གྲུབ་པའི་ནུས་པ་ཡང་མེད་པས་ཕྱི་རོལ་པ་རྣམས་ཀྱིས་གནོན་པ་ལ་སོགས་པའི་ནུས་པ་དང་ལྡན་པ་ཡང་བསོད་ནམས་ཀྱི་མངོན་པར་འདུ་བྱེད་པ་ལས་སྐྱེས་པར་བརྗོད་པར་བྱའོ། །བསོད་ནམས་ཀྱི་ཚོགས་བསགས་པ་ཡང་དེ་བཞིན་
གཤེགས་པ་ལས་གཞན་ནི་མི་སྲིད་དེ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེས་ན་དེ་ལ་བླ་ན་མེད་པའི་ནུས་པ་དང་ལྡན་པར་དེ་དང་དེར་བཤད་དོ། །རྣམ་པ་དེ་ལྟ་བུའི་སྐུའི་རང་བཞིན་གང་ལ་མངའ་བའི་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་བའོ། །
ཀུན་ཏུ་བཟང་པོ་ཞེས་བྱ་བས་ནི་གཞན་གྱི་དོན་གྲུབ་པ་བརྗོད་དོ། །ཀུན་ཏུ་ལེགས་པ་ནི་དེ་ལས་འབྱུང་བའི་ཕྱིར་ཏེ་བཅོམ་ལྡན་འདས་ཀྱི་ལེགས་པ་ནི་ལེགས་པ་མ་ཡིན་པ་དང་མ་འདྲེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལ་གནོད་པ་སྙིང་པོར་གྱུར་པའི་ཕན་འདོགས་པ་མངོན་པར་
མི་སྒྲུབ་པའི་ཕྱིར་ཏེ། ཐུགས་རྗེས་འཇུག་པའི་ཕྱིར་དང་། དེ་ཡང་ཐམས་ཅད་ལ་ཁྱད་པར་མི་མངའ་བའི་ཕྱིར་རོ། །གནོད་པ་བྱེད་པའི་སྙིང་པོར་གྱུར་པའི་ཕན་འདོགས་པ་ནི་འདོད་ཆགས་ལས་སྐྱེས་པ་ཉིད་དེ། འགའ་ཞིག་ལྷ་མ་ཡིན་བསད་པས་ལྷ་ལ་སོགས་པ་དག་
པར་བྱེད་པ་བཞིན་ནོ། །གང་ལ་དེ་ལྟ་བུའི་རང་བཞིན་མངའ་བ་དེ་བརྗོད་པ་ནི། འོད་ཟེར་དག་ཀུན་ནས་འཕྲོ་ཞེས་བྱ་སྟེ། འདིས་ནི་དོན་ཐམས་ཅད་ཁྱབ་པའི་གསལ་བ་ཉིད་བརྗོད་དོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཐ་ཚིག་གོ། །རྩོམ་པའི་ཁྱད་པར་གྱིས་གཙོ་བོའི་དགོས་པ་
རྟོགས་ཀྱང་གཞན་གྱི་དབང་དུ་བྱས་ནས་ཉེ་བར་བསྟན་པ་མ་ཡིན་པར་བརྟགས་ཏེ་གོམས་པ་ཙམ་གྱིས་རབ་ཏུ་བཅུག་པ་ཉིད་རྩོམ་པའི་འབྲས་བུ་ཡིན་པར་བཤད་པ་ནི། སྐྱེ་བོ་ཕལ་པོ་ཆེར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བདག་ལ་རྩོམ་པར་འདོད་པའི་གཞུང་འདི་ནི་གཞན་ལ་ཕན་པ་ཡིན་
ཞེས་བསམ་པ་མེད་པ་ཡིན་ཡང་། སེམས་ནི་ཡུན་རིང་པོར་སྐྱེས་བུའི་དོན་གྱི་གཙོ་བོའི་ཡན་ལག་ཏུ་གྱུར་པའི་ལེགས་བཤད་གང་ཡིན་པ་དེ་གོམས་པས་ལྷུར་ལེན་སྐྱེད་ཕྱིར་སྐབས་སུ་བབ་པའི་གཞུང་སྦྱར་བ་འདི་ལ་དགའ་བ་སྐྱེས་སོ། །ཅིའི་ཕྱིར་གཞན་ལ་ཕན་པ་མ་ཡིན་ཞེ་ན། རྒྱུ་
เล่ม ๑๘๒ · หน้า 4a
བཤད་པ། སྐྱེ་བོ་མང་དུ་ནི་འཇིག་རྟེན་པའི་ཐ་སྙད་ཉེ་བར་སྟོན་པའི་རང་བཞིན་གྱི་གཞུང་ལ་ཆགས་སོ། །དེ་ལྟར་གྱུར་ཀྱང་འཇིག་རྟེན་པ་ལ་སྙིང་པོ་མེད་པར་མཐོང་བས་འཇིག་རྟེན་ལས་འདས་པའི་ལམ་ལ་འཇུག་པར་འགྱུར་རོ་ཞེ་ན། ཤེས་རབ་རྩལ་མེད་
པས་ན་ཞེས་སྨོས་ཏེ། བླུན་པོ་ཉིད་ཀྱི་སྙིང་པོ་དང་སྙིང་པོ་མ་ཡིན་པ་རྣམ་པར་འབྱེད་པའི་མཐུ་མེད་པས་དོན་འཛིན་པར་མི་ནུས་སོ། །གལ་ཏེ་ཡང་འགའ་ཞིག་ལ་རྩལ་མེད་པ་དེ་ལྟ་ན་ཡང་དོན་དུ་མི་གཉེར་བས་སྡང་བར་གྱུར་ཏོ། །རང་གི་རིགས་ཀྱི་རྒྱུན་ཁས་བླངས་པ་འགའ་ཞིག་ལ་
བདག་གི་བ་ཉིད་ཀྱི་དངོས་པོར་ཞེན་པ་ནི་བྱམས་པས་ཕན་འདོགས་པ་ཙམ་གྱིས་རབ་ཏུ་སྦྱར་བའི་བསྟན་བཅོས་གཞན་ལ་གཞན་གྱི་ཡིན་པའི་བློས་ཡོན་ཏན་མཐོང་ཡང་ཕྲག་དོག་གི་དྲི་མ་སྐྱེས་པ་ནི་སྡང་བ་སྐྱེད་པར་བྱེད་དོ། །དེའི་ཕྱིར་རྒྱུ་འདིས་ནི་འདི་གཞན་ལ་ཕན་པ་ཉིད་མ་ཡིན་ཏེ་དེའི་ཕྱིར་
གཙོ་བོར་གྱུར་པའི་དགོས་པ་ཡན་ལག་ཡིན་ཡང་འདི་གོམས་པས་འཇུག་པ་ཡིན་ནོ། །འདིར་ཡང་ཚད་མར་གྱུར་པ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་འགྲེལ་པར་དམིགས་པའི་ཕྱིར་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་ཡིན་ཡང་དེའི་རིམ་པ་དོར་ཏེ་ཕྱོགས་ཆོས་ཞེས་བྱ་བ་ལ་
སོགས་པས་དང་པོར་རྗེས་སུ་དཔག་པ་བརྗོད་པ་གང་ཡིན་པ་དེ་མི་རིགས་པར་མི་འགྱུར་བར་བྱ་བའི་ཕྱིར་འགྲེལ་པས་དགོས་པ་བཤད་པ་ནི་དོན་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དོན་ནི་དོན་དམ་པར་ཡོད་པའི་ངོ་བོའོ། །དོན་མ་ཡིན་པ་ནི་དེ་ལས་བཟློག་པ་སྟེ། གཟུགས་
ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པའམ། གཙོ་བོ་དང་དབང་ཕྱུག་དང་རི་བོང་གི་རྭ་ལ་སོགས་པ་མེད་པ་ཉིད་དོ། །དེ་དག་རྣམ་པར་འབྱེད་པ་ནི་དེའི་ཡུལ་ཅན་གྱི་དཔྱོད་པ་སྟེ་ཇི་ལྟར་སྣང་བའམ་ཇི་ལྟར་ཁས་བླངས་པ་རྟོགས་པའི་ཆོས་ཀྱི་བདག་ཉིད་དུ་གྱུར་པའི་ཆོས་དོན་དམ་པར་ཡོད་པའམ་
ཡོད་པ་མ་ཡིན་པ་གང་ཡིན་པ་དེའི་རྗེས་སུ་འཇུག་པའོ། །གང་ཞིག་གང་གི་བདག་ཉིད་ཅན་དུ་གྱུར་པའི་ཆོས་དེ་རྣམ་པར་དཔྱད་པ་ན་དེ་རྟོག་པར་འགྱུར་ཏེ། དཔེར་ན་ཤ་པ་ཉིད་རྣམ་པར་དཔྱད་པས་ཤིང་བཞིན་ཞེས་འབྲེལ་པ་བསྟན་པར་སྟོན་པར་འགྱུར་རོ། །དེ་ནི་རྗེས་སུ་དཔག་
เล่ม ๑๘๒ · หน้า 4b
པ་ལ་བརྟེན་པ་ཡིན་ནོ། །རྗེས་སུ་དཔག་པ་ལ་དེ་གནས་པ་སྟེ། དེ་རྩ་བར་གྱུར་པས་རྗེས་སུ་དཔག་པ་རང་གི་ངོ་བོ་ཐོབ་པའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་འབྲེལ་པ་མངོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ན་རྗེས་སུ་དཔག་པ་ནི་དེ་ལྟ་བུའི་སྤྱོད་པའི་རྩ་བ་ཅན་ཡིན་ནོ། །ཆོས་གཞན་གྱི་བདག་
ཉིད་དུ་རྟོགས་པས་རྣམ་པར་བརྟགས་པ་ན་ཆོས་གཞན་རྟོགས་པར་བྱེད་དེ། དེས་ན་འབྲེལ་པ་ཉིད་རྣམ་པར་དཔྱད་པ་ན་དེ་ལྟར་རྟོགས་པའི་ཕྱིར་དེའི་རྩ་བ་འབྲེལ་པ་ཡིན་ནོ། །དེས་ན་དེ་ནི་རྗེས་སུ་དཔག་པ་བསྟན་པ་ཉིད་ཀྱིས་བསྟན་པར་འགྱུར་རོ། །དེའི་དོན་ནི་འདི་ཡིན་ཏེ། སློབ་
དཔོན་གྱི་བཞེད་པ་འཆད་པར་གཞལ་བྱ་གྲུབ་པའི་འབྲས་བུ་ཅན་ཉིད་ཀྱི་ཚད་མ་རྣམ་པར་འཇོག་པ་ན་གདོན་མི་ཟ་བར་ཐབས་འགའ་ལ་བསྟེན་པར་བྱའོ། །དེ་ལ་གཞལ་བྱ་གྲུབ་པའི་ཐབས་ནི་ཚད་མ་ཡིན་ནོ། །དངོས་པོ་རང་ཉིད་ནི་རིག་པ་མེད་པའི་རང་བཞིན་ཉིད་ཀྱིས་མི་འགྲུབ་པའི་
ཕྱིར། དེ་གསལ་ན་རང་གི་ངོ་བོ་འགྲུབ་པར་འགྱུར་བའི་ཕྱིར་རྟོགས་པས་དངོས་པོ་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟ་ན་ཡང་རྟོགས་པ་ཁྱད་པར་མེད་པར་སྒྲ་ལས་བྱུང་བ་ལ་སོགས་པའི་ཚད་མ་ལས་ཀྱང་། རྫས་དང་བྱ་བ་ལ་སོགས་པའི་གཞལ་བྱ་ཡིན་པའི་ཕྱིར།
འཇིག་རྟེན་པར་གྱུར་པའི་རྟོག་པར་བྱེད་པ་དག་གིས་གཞག་པར་བྱ་བས་ཡོངས་སུ་རྟོག་པའི་ངལ་བ་དོན་མེད་དོ། །འདི་ལྟར་རྟོགས་པ་རྟོགས་པ་ཉིད་དུ་གྲུབ་པ་རྟོགས་པ་མ་ཡིན་ནོ་ཞེས་རྟོགས་པ་གཞན་གྱི་རྣམ་པར་གཞག་པ་མ་ཡིན་པ་གང་ཡིན་པའམ། ཡང་ན་ཐེ་ཚོམ་གྱི་རང་བཞིན་ཉིད་ཀྱིས་གང་
ཡང་རུང་བའི་ཆར་གནས་པ་མ་ཡིན་པའི་ཕྱིར་རང་ཉིད་རྣམ་པར་མི་གནས་པར་མ་སྐྱེས་པ་སྔོན་པོ་ལ་སོགས་པའི་རྟོགས་པ་དེ་ཉིད་ཀྱིས་འཇིག་རྟེན་པའི་དོན་རྣམ་པར་འཇོག་པར་བྱེད་ཀྱི། རྨི་ལམ་ལ་སོགས་པའི་ཤེས་པ་ནི་མ་ཡིན་ནོ། །དབང་པོའི་ཤེས་པ་བཞིན་དུ་རྣམ་པར་རྟོག་པའི་ཤེས་པ་ལས་
ཀྱང་ཡིན་ཞིང་སྒྲ་དང་ཉེ་བར་འཇལ་བ་ལ་སོགས་པ་དག་ལས་ཀྱང་ཡིན་ནོ། །འོན་ཏེ་འཇིག་རྟེན་པའི་ཚད་མས་གྲུབ་པ་འཇིག་རྟེན་པའི་དོན་རྣམ་པར་འཇོག་པ་གང་ཡིན་པ་འདི་ནི་རྒྱན་ཉིད་ཡིན་ནོ་ཞེ་ན་བདེན་ཏེ་འོན་ཀྱང་བསྟན་བཅོས་ནི་རྩིས་པས་བྲིས་པའི་འགྲོ་ཡིག་དང་འདྲ་བར་འགྱུར་རོ། །འོན་ཏེ་
เล่ม ๑๘๒ · หน้า 5a
འཇིག་རྟེན་པས་གྲུབ་པ་ཉིད་ཕྱིན་ཅི་ལོག་ཏུ་རྟོགས་པའི་མི་མཁས་པའི་དབང་དུ་བྱས་ནས་བསྟན་བཅོས་འཇུག་གོ་ཞེ་ན། དེ་ཡང་འཇིག་རྟེན་པའི་དངོས་པོ་བསྟན་པའི་འབྲས་བུ་ཅན་ཉིད་ཀྱིས་སྔར་བརྗོད་པའི་རྣམ་པ་ཉིད་དོ། །དོན་དུ་གཉེར་བ་ཡོད་ན་ནི་དེ་འཇིག་རྟེན་
ཉིད་ལས་རྟོག་པར་འགྱུར་བས་བསྟན་བཅོས་དོན་མེད་པ་ཉིད་ལ། དེ་ལྟ་མ་ཡིན་ན་བསྟན་བཅོས་ལས་ཀྱང་དེ་བཞིན་ནོ། །ཕྱིན་ཅི་ལོག་ཏུ་གྱུར་པ་ནི་མཐོང་བ་ལ་ཡང་རྨོངས་པར་ཐལ་ལོ་ཞེ་ན། འཇིག་རྟེན་པའི་ཚད་མས་རྙེད་པའི་མཐོང་བ་ལ་རྨོངས་པ་ལྡོག་པ་ནི་འཇིག་རྟེན་ཉིད་ལས་
དོན་དུ་གཉེར་བ་རྟོགས་པར་འགྱུར་རོ། །གལ་ཏེ་དེ་ལ་ཕྱིན་ཅི་ལོག་ཏུ་འགྱུར་བར་རིགས་པས་འཇིག་རྟེན་པའི་ལམ་རྟོགས་པའི་དོན་དུ་བསྟན་བཅོས་འཇུག་གོ་ཞེ་ན། གལ་ཏེ་རིགས་པ་དེ་ཡང་འཇིག་རྟེན་པའི་རྟོག་པའི་རང་བཞིན་ཡིན་ན་ནི་བསྟན་བཅོས་དོན་མེད་ལ། གཞན་དུ་
གྱུར་པ་ཡིན་ན་ཡང་གང་ལས་རྟོགས། དེའི་བུ་ཉིད་ལ་སོགས་པ་དག་ལ་རྗེས་སུ་དཔག་པར་འཁྲུལ་པ་བཟློག་པའི་འབྲས་བུ་ཡིན་ན། གལ་ཏེ་དེ་དག་གི་དེ་འཇིག་རྟེན་པ་ཡིན་ན་བཟློག་པར་མི་ནུས་སོ། །གཞན་དུ་ཡིན་ན་འཇིག་རྟེན་ཉིད་ལས་ལྡོག་གོ། །དེའི་ཕྱིར་དངོས་པོ་མ་
ཡིན་པ་མཐོང་བ་དང་། མཐོང་བ་ལ་མི་མཁས་པའི་འཇིག་རྟེན་ཉེ་བར་དམིགས་པ་ན་མཁས་པ་རྟོགས་པ་དང་རྟོགས་པར་བྱ་བ་བརྟག་པའི་ཕྱིར་བསྟན་བཅོས་སྦྱོར་ལ། དེ་ལ་ཡང་ཐབས་དངོས་པོའི་འཇུག་པ་རྗེས་སུ་རྟོགས་པ་ཡིན་ནོ། །དེ་ནི་རྗེས་སུ་དཔག་པ་བཤད་པས་བཤད་པར་
བྱས་པ་ཡིན་ཏེ། རང་རྒྱུད་དུ་ཚད་མ་གཞན་ཡིན་པར་དོགས་པ་བཟློག་པའི་ཕྱིར་རོ། །དེའི་ཕྱིར་སོ་སོར་ངེས་པའི་ཚད་མ་རྣམ་པར་བཞག་ནས་ངེས་པའི་གཞལ་བྱ་རྟོགས་པའི་ཕྱིར་དང་པོ་ཐབས་བསྟན་པའི་དོན་དུ་རྗེས་སུ་དཔག་པ་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྣམ་པར་རྟོག་པའི་
ཡུལ་ཡང་གཞལ་བྱ་དང་། སྒྲ་ལ་སོགས་པ་ཚད་མར་འགྱུར་རོ། །འོན་ཏེ་མང་དུ་རྗེས་སུ་དཔག་པ་དང་། དེའི་རྟེན་རྟོགས་སོ་ཞེ་ན། དེ་ཡང་མ་ཡིན་ནོ་ཞེས་བཤད་པ་ནི་དེ་ལ་ལོག་པར་རྟོགས་པས་ཞེས་བྱ་བའོ། །འཇིག་རྟེན་དང་འཇིག་རྟེན་པའི་ལམ་གྱི་རྗེས་སུ་འབྲང་བའི་བསྟན་
เล่ม ๑๘๒ · หน้า 5b
བཅོས་ལ་དངོས་པོ་གནས་པའི་རྗེས་སུ་འགྲོ་བའི་ཚད་མ་མེད་པས་ན་དེ་དག་ནི་རྗེས་སུ་དཔག་པ་ལ་ལོག་པར་རྟོགས་པ་ཡིན་ནོ། །དེས་ན་རྗེས་སུ་དཔག་པ་རྣམ་པར་གཞག་པའི་ཕྱིར་བཤད་པ། ཕྱོགས་ཆོས་ཞེས་བྱ་བ་བསྒྲུབ་བྱའི་ཆོས་ཅན་གྱི་ཆོས་དང་། དེ་ཆས་ཁྱབ་པ་བསྒྲུབ་བྱའི་ཆོས་ཀྱིས་
ཁྱབ་པ་ནི་གཏན་ཚིགས་ཏེ། བསྒྲུབ་པར་བྱ་བའི་ཆོས་མེད་ན་མེད་པའི་ཕྱིར་དང་། དེ་ཡོད་ན་ནི་བསྒྲུབ་པར་བྱ་བའི་ཆོས་ཡོད་པའི་ཕྱིར་རོ། །ཅི་འདི་དངོས་པོའི་རང་བཞིན་རྗེས་སུ་བརྗོད་པ་ཙམ་དུ་ཟད་དམ། འོན་ཏེ་དེ་ལྟ་བུའི་རང་བཞིན་དུ་གྲུབ་པ་ཉེ་བར་བཀོད་པ་ཡིན། དེ་ལ་དངོས་པོ་ལ་
དེ་དེ་ལྟ་བུར་གྱུར་པའི་ཕྱིར་ནི་དེ་རྟོགས་པའི་འབྲས་བུ་ཉིད་མ་ཡིན་པའི་ཕྱིར། དེའི་རང་བཞིན་དུ་རྟོགས་པ་བརྗོད་པར་བྱ་བ་ཡིན་ནོ། །དེས་ན་དེའི་ཆས་ཁྱབ་པར་རྟོགས་པ་སྒྲུབ་བྱེད་ཡིན་པར་བརྗོད་པའི་ཕྱིར་གང་དུ་གཏན་ཚིགས་ཀྱི་རང་བཞིན་འདི་གྲུབ་པ་དེར་རང་བཞིན་འདི་ཉེ་བར་བསྡུ་བའི་ཕྱིར་
བཤད་པ། ཇི་སྐད་བརྗོད་པའི་རང་བཞིན་ཅན་གྱི་གཏན་ཚིགས་དེ་ནི་རྣམ་གསུམ་ཉིད་དེ་རྣམ་པ་གསུམ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། མེད་ན་མི་འབྱུང་ངེས་ཕྱིར་རོ། །དེའི་ཆས་ཁྱབ་པའི་མཚན་ཉིད་མེད་ན་མི་འབྱུང་བ་ངེས་པ་ནི་རྣམ་པ་གསུམ་ཉིད་ལ་ཡོད་པའི་ཕྱིར་ཏེ། དེ་ཉིད་རང་གི་བསྒྲུབ་བྱ་དང་
འབྲེལ་པའི་ཕྱིར་རོ། །འབྲེལ་པའི་རང་བཞིན་ཅན་གྱི་གཏན་ཚིགས་ནི་རྣམ་པ་གསུམ་ཡིན་ནོ། །དེས་ན་འདི་སྐད་དུ་བརྗོད་པ་ཡིན་ཏེ་མེད་ན་མི་འབྱུང་བ་ནི་འབྲེལ་པའི་བདག་ཉིད་ངེས་པ་ཡིན་ལ། དེ་ངེས་པའི་ཕྱིར་ཡང་རྣམ་པ་གསུམ་ཉིད་གཏན་ཚིགས་ཡིན་ནོ། །མེད་ན་མི་འབྱུང་བ་ངེས་པ་ནི་རྣམ་
པ་གསུམ་ལ་འདོད་པ་ཡིན་ལ་དེ་ལས་ནི་དེ་གཏན་ཚིགས་ཉིད་དུ་ངེས་པ་ཡིན་ནོ། །དེ་ལྟར་རྣམ་པ་གསུམ་ལ་མེད་ན་མི་འབྱུང་བ་ངེས་པར་སྒྲུབ་པ་ན། འདིར་དེའི་ཆས་ཁྱབ་པ་ཁས་ལེན་པ་དངོས་པོ་རྗེས་སུ་བརྗོད་པ་ཙམ་ནི་མ་ཡིན་གྱི། འོན་ཀྱང་འདི་ནི་དེ་ལྟ་བུའི་དངོས་པོར་བསྒྲུབ་པར་ནུས་པ་ཡིན་པས་
གང་གིས་གྲུབ་པ་དེ་ཉིད་དེར་དེའི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟ་ན་འོ་ན་སྒྲུབ་པར་མི་ནུས་པ་བཞི་པ་ལ་སོགས་པ་དངོས་པོ་ལ་དེའི་ཆས་ཁྱབ་པ་ཡོད་པར་འགྱུར་རོ་ཞེ་ན་མ་ཡིན་ནོ་ཞེས་བཤད་པ་ནི་གཏན་ཚིགས་ལྟར་སྣང་བ་རྣམ་པ་གསུམ་ལས་གཞན་བཞི་པ་ལ་སོགས་པ་ཡིན་ནོ། །
เล่ม ๑๘๒ · หน้า 6a
འདིའི་དེ་སྲེད་པའི་རྒྱུ་མཚན་དུ་བརྗོད་པ་གང་ཡིན་པ་དེ་ནི་གསུམ་ཉིད་ལ་ཡོད་ཀྱི་གཞན་དག་ལ་ཡང་མ་ཡིན་པས་གཏན་ཚིགས་ལྟར་སྣང་བའོ། །འདི་ཉིད་འདིར་མཚན་ཉིད་དུ་རིགས་ཏེ། རྟགས་ནི་བསྒྲུབ་བྱ་རྟོགས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །གང་གི་ཚེ་གྲུབ་པར་
བྱེད་པ་ཡོད་ན་བསྒྲུབ་པར་བྱ་བ་ཡོད་པ་དེའི་ཚེ་དེར་དེ་ལས་བསྒྲུབ་བྱ་རྟོགས་པ་རིགས་པས་ན་བསྒྲུབ་བྱ་རྟོགས་པར་འགྱུར་རོ། །དེ་ལས་དེར་རྟོགས་པ་ནི་ཕྱོགས་ཀྱི་ཆོས་ཉིད་ལས་སོ། །སྒྲུབ་པར་བྱེད་པ་ཡོད་ན་བསྒྲུབ་བྱ་རྟོགས་པ་དེ་ཡོད་པ་ནི་རྗེས་སུ་འགྲོ་བ་ཡིན་ནོ། གལ་ཏེ་དེ་མ་ངེས་པ་ནི་རྟོགས་
པར་མི་འགྱུར་རོ། །མ་ངེས་པ་ཡང་སྒྲུབ་བྱེད་ཡོད་ཀྱང་རེས་འགའ་བསྒྲུབ་བྱ་མེད་པའི་ཕྱིར་རོ། །གང་གི་ཚེ་ལྡོག་པས་བསྒྲུབ་བྱ་མེད་ན་སྒྲུབ་བྱེད་མེད་པ་ལ་གྲུབ་པ་དེའི་ཚེ་ན་སྒྲུབ་བྱེད་ཡོད་ན་བསྒྲུབ་བྱ་རྟོགས་པ་ལ་རྩོད་པ་མེད་དོ། །དེའི་ཕྱིར་བསྒྲུབ་བྱ་རྟོགས་པའི་ཡན་ལག་ནི་ཚུལ་གསུམ་པོ་ཁོ་
ནའོ། །གལ་ཏེ་མེད་ན་མེད་པ་རང་བཞིན་མ་ཡིན་ཏེ་རྟགས་དངོས་པོར་གྱུར་པ་ལ་དངོས་པོ་མེད་པའི་རང་བཞིན་མེད་པའི་ཕྱིར་རོ་ཞེ་ན། གང་གིས་མེད་པ་དེ་ལྟར་མི་འགྱུར་བ་འདིར་དངོས་པོའི་རང་བཞིན་ནི་རྟགས་ཀྱི་ཆོས་སུ་བསྟན་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་ཡང་དངོས་པོའི་ཆོས་
ཉིད་མ་ཡིན་པའི་ཕྱིར་རོ། །འདི་ལྟར་མེ་ཡོད་ན་དུ་བ་འབྱུང་བའི་རང་བཞིན་ཉིད་ནི་དངོས་པོའི་ཆོས་སུ་འགྱུར་གྱི། དུ་བ་ཡོད་ན་མེ་ཡོད་དོ་ཞེས་བྱ་བ་འདི་ནི་དངོས་པོའི་ཆོས་མ་ཡིན་ཏེ། སྐད་ཅིག་སོ་སོ་ལ་མེད་པའི་ཕྱིར་དང་། རྒྱུན་གཞན་ཡང་མ་གྲུབ་པའི་ཕྱིར་རོ། །དེས་ན་སྐད་ཅིག་ལ་
བརྟེན་པའི་དངོས་པོ་ངེས་པ་ལ་བརྟེན་ནས་རྒྱུན་དུ་གྱུར་པ་འདི་ནི་དེ་ཡོད་ན་ཡོད་པ་ཡིན་ནོ། །འབྲེལ་པ་རྩ་བར་གྱུར་པ་ཉིད་ཀྱིས་དོན་སོ་སོར་ངེས་པ་གྲུབ་ན་རྟོགས་པའི་རྣམ་པ་ཅི་ཞིག་ལྟར་འབྱུང་བ་ནི་མི་འགལ་བའི་ཕྱིར་རོ། །རང་བཞིན་གྱི་གཏན་ཚིགས་ལ་ནི་ཆོས་ཐ་དད་པ་ཉིད་མེད་པའི་ཕྱིར་
གཞན་ཡོད་ན་གཞན་འགྱུར་བའི་ཆོས་ཉིད་ཡོད་པར་ག་ལ་འགྱུར་ཏེ། གཞན་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་དངོས་པོའི་ཆོས་འབྲེལ་པ་ཉིད་ཕྱོགས་ཀྱི་ཆོས་དང་ལྷན་ཅིག་རང་བཞིན་ཡིན་པར་འགྱུར་མོད། དངོས་པོ་མ་ཡིན་པའི་རྗེས་སུ་འགྲོ་བ་དང་ལྡོག་པས་ཅི་བྱ་ཞེ་ན། དེ་ལྟར་
เล่ม ๑๘๒ · หน้า 6b
འགྱུར་བར་ནི་མི་ནུས་ཏེ། འབྲེལ་པ་ཡོད་ཀྱང་དེ་ལྟར་མ་རྟོགས་པའི་རྗེས་སུ་དཔག་པ་མི་འགྲུབ་པའི་ཕྱིར་རོ། །གང་གི་ཕྱིར་དུ་བ་མེའི་རྒྱུ་ཅན་ཡིན་ཞིང་བྱས་པ་ཉིད་ཀྱང་མི་རྟག་པའི་བདག་ཉིད་ཅན་ཡིན་པ་དེའི་ཕྱིར་ཐམས་ཅད་དུ་དུ་བ་ཡོད་ན་མེ་ཡོད་ལ་བྱས་པ་ཡིན་ན་མི་རྟག་པ་ཡིན་ནོ་ཞེས་
ཆོས་ཅན་ཐམས་ཅད་ལ་ངེས་པ་རྟོགས་ནས་སྐབས་ཀྱི་ཆོས་ཅན་ལ་རྟོགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་ཇི་སྲིད་དུ་རྒྱུ་མཚན་འདི་ལས་དུ་བ་ཡོད་ན་མེ་ཡོད་ལ་མེད་ན་དུ་བ་མི་འབྱུང་ངོ་ཞེས་མ་རྟོགས་ན། གང་གི་ཕྱིར་མེ་ལས་དུ་བ་འབྱུང་བ་དེའི་ཕྱིར་དུ་བ་མཐོང་ནས་མེ་རྟོགས་པར་ཇི་ལྟར་
འགྱུར། ཆོས་ཅན་གཅིག་ལ་བརྟེན་ནས་དེ་ལྟར་རྟོགས་པ་ཡང་མ་ཡིན་ཏེ་འོན་ཀྱང་ཐམས་ཅད་དུ་ཡིན་ནོ། །དེ་ལྟ་བུའི་ངོ་བོར་རྟོགས་པ་ཉིད་ཀྱིས་ཐམས་ཅད་ཁོངས་སུ་བསྡུས་པས་ཆོས་ཅན་ལ་ལྐོག་ཏུ་གྱུར་པ་བསྒྲུབ་པར་བྱ་བའི་ཆོས་སུ་རྟོགས་པ་ཡིན་ནོ། །དེས་ན་རྣམ་པ་འདི་ལྟ་བུ་རྟོགས་
པས་ཆོད་ནས་རྟོགས་པའི་ཕྱིར་འབྲེལ་པ་རྟགས་ཀྱི་མཚན་ཉིད་དུ་མ་བརྗོད་ཀྱི་འོན་ཀྱང་ཚད་མ་ཉིད་བརྗོད་པ་ཡིན་ནོ། །ད་ནི་མདོ་འདི་ཉིད་དོན་གྱི་སྒོ་ནས་སྟོན་པ་ནི་ཕྱོགས་ནི་ཞེས་བྱ་བ་ལ་སོགས་པའོ། །འདིར་ཕྱོགས་ཆོས་ཞེས་བྱ་བ་ཕན་ཚུན་འབྲེལ་པ་འགལ་བའི་ཕྱིར་ཏེ། ཕྱོགས་ཞེས་བྱ་བའི་སྒྲ་ནི་
བསྒྲུབ་བྱ་བརྗོད་པའི་ཕྱིར་དང་། ཆོས་ནི་ཆོས་ཅན་ལ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ན་ཆོས་ལ་ཆོས་གང་ལ་འཐད། དེས་ན་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་བྱ་བ་ལྟར་མ་འབྲེལ་པས་ཕྱོགས་ནི་ཆོས་ཅན་ནོ་ཞེས་སྨོས་སོ། །ཆོས་ཅན་ལ་ཕྱོགས་སུ་བརྗོད་པ་ཡིན་གྱི། གང་གི་ཆོས་ཀྱི་སྒྲ་དང་ཆོས་མ་
འབྲེལ་པར་འགྱུར་བ་གཉི་ག་བརྗོད་པ་ནི་མ་ཡིན་ནོ། །སྒྲ་དོན་གཞན་ལ་འཇུག་པ་ནི་ཉེ་བར་བཏགས་པ་ལས་འཇུག་པ་ཡིན་ནོ། །དེ་ཡང་འདོད་པའི་དབང་གིས་དེར་འཇུག་པ་ན་དངོས་ཉིད་དུ་འགྱུར་ཏེ། དེ་ལ་ཡང་འདོད་པའི་དབང་གིས་ཞུགས་པའི་ཕྱིར་རོ། །དེའི་ཕྱིར་དོན་ཉིད་དོན་གཞན་
ལ་ཉེ་བར་འདོགས་པ་ཡིན་ལ་དེར་རང་གི་སྒྲ་ནི་རང་གི་དོན་ཉིད་ཀྱིས་འཇུག་པ་ཡིན་ནོ་ཞེས་སྨོས་པ་ནི། ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་ཡང་ཆོས་ཆོས་ཅན་ལ་བསྒྲུབ་པར་བྱ་བ་ཡིན་གྱི་སྤྱི་ནི་མ་ཡིན་ཏེ། ཇི་སྐད་དུ། དེའི་ཕྱིར་ཆོས་ཉིད་ཆོས་ཅན་ལ་བསྒྲུབ་
เล่ม ๑๘๒ · หน้า 7a
པར་བྱ་བའམ་ཕྱིན་ཅི་ལོག་ཏུ་བྱ་བ་ཡིན་ནོ་ཞེས་བཤད་པ། དེ་ལྟ་ན་ཡང་འབྲས་བུར་ཆོས་ཅན་ཆོས་དེ་དང་མ་འབྲེལ་པ་རྣམ་པར་བཅད་པས་བྱ་བ་འགྲུབ་པའི་ཕྱིར་ན་གང་ལས་དེ་ལ་ཕྱོགས་ཀྱི་སྒྲའི་དོན་ཉེ་བར་བཏགས་པས་དེའི་སྒྲ་འཇུག་པ་འགྲུབ་པ་སྤྱི་བསྒྲུབ་བྱར་བརྗོད་པ་ཡིན་ནོ། །
དོན་གཞན་ཉེ་བར་བཏགས་པས་དོན་གཞན་གོ་བར་བྱེད་པའི་ཐ་སྙད་འདོགས་པར་བྱེད་པ་པོ་ནི་མི་འདྲ་བར་བསྟན་པས་དགོས་པ་ཉིད་འགའ་ཞིག་འདོད་པ་ཡིན་ནོ་ཞེས་བཤད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །མ་འབྲེལ་བའི་ཕྱིར་ཉེ་བར་གདགས་པར་བྱ་བ་ཡིན་པར་གནས་པས་ན་འདི་ཉེ་
བར་བཏགས་པ་ཡིན་པ་འགོག་པ་ནི་མ་ཡིན་གྱི། འོན་ཀྱང་སྒྲའི་དོན་གཞན་སྒྲོ་བཏགས་པའི་སྒོ་ནས་ཉེ་བར་བཏགས་པ་ལས་གཞན་ཉེ་བར་གདགས་པར་མི་བྱ་བ་རང་གི་སྒྲས་བརྗོད་པ་དེ་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དགོས་པ་མེད་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། ཆོས་ཅན་རང་
གི་ཚིག་གིས་བརྗོད་པར་བྱ་བ་ཡིན་གྱི། ཚིག་དོན་གཞན་ཉེ་བར་བཏགས་པས་ནི་མ་ཡིན་ཏེ་དེ་ལྟར་བསྟན་པ་ལ་དགོས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ལྷས་བྱིན་ལ་སེང་གེའི་དོན་ཉེ་བར་བཏགས་པས་དཔའ་བ་ལ་སོགས་པར་སྒྲུབ་པ་དེ་བཞིན་དུ་འདིར་འགའ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་
འདི་ལྟ་བུའི་བརྗོད་པ་ནི་ཡོན་ཏན་བསྟན་པའི་འབྲས་བུ་ཅན་ཉིད་ཀྱིས་ན་སྒྲ་རང་གི་དོན་ལ་འཇུག་ཀྱང་ཕལ་བར་བརྗོད་པ་ཡིན་གྱི། ཡོན་ཏན་བརྗོད་པའི་ཕྱིར་ནི་མ་ཡིན་ནོ། །འདི་བཟློག་པའི་ཕྱིར་བཤད་པ་ཉེ་བར་གདགས་པར་མི་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་ཆོས་ཅན་གྱི་ཆོས་ཐམས་
ཅད་ཡིན་པ་དགག་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། བཤད་པ། དེར་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་ཡིན་པར་རྟོགས་པར་བྱ་བའི་ཕྱིར་རོ། །ཉེ་བར་བཏགས་པའི་དགོས་པ་ཅན་གྱི་ཆོས་ཐམས་ཅད་ཡིན་པ་དགག་པ་ནི་ཕྱོགས་སུ་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་ཡིན་པར་
བསྟན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་མ་བཏགས་པ་ནི་ཆོས་ཅན་རང་གི་ཚིག་གིས་བརྗོད་པ་ཡིན་ལ། དེ་ལྟ་ན་ཡང་ཆོས་ཅན་ཆོས་ཞེས་བསྟན་པ་ན་བསྒྲུབ་བྱ་དང་དཔེ་དང་གཉི་ག་མ་ཡིན་པའི་རང་བཞིན་གྱི་ཆོས་ཅན་ཡོད་པས་ཆོས་ཅན་གྱི་སྒྲ་སྤྱི་བརྗོད་པ་ཡིན་པའི་ཕྱིར་བསྒྲུབ་བྱ་དང་
เล่ม ๑๘๒ · หน้า 7b
སྒྲུབ་བྱེད་དང་གཉི་ག་མ་ཡིན་པའི་ཆོས་ཅན་གྱི་ཆོས་ཀྱང་བརྗོད་པར་འགྱུར་རོ། །དེ་ཡང་གཏན་ཚིགས་སུ་བརྗོད་པར་འདོད་པའི་ཕྱིར་རྣམ་པ་དེ་ལྟ་བུ་དག་གཏན་ཚིགས་སུ་འགྱུར་རོ། །དེས་ན་དེ་ལྟར་ཉེ་བར་མ་བཏགས་ན་ཉེས་པ་གང་དུ་འགྱུར་བ་དེ་ཉེ་བར་བཏགས་པས་བཀག་པ་ཡིན་ནོ། །
ཉེ་བར་བཏགས་པ་དེ་ཡང་ངེས་པའི་ཆོས་ཅན་རྟོགས་པར་བྱེད་པ་ན་ཉེ་བར་མ་བཏགས་ན་ཐལ་བར་འགྱུར་བ་ཆོས་ཅན་ཀུན་གྱི་ཆོས་ཉིད་ཡིན་པས་འགོག་པར་བྱེད་དོ། །འདིར་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཡིན་པ་བཀག་པས་ངེས་པའི་ཆོས་ཅན་རྟགས་པར་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་ཉེ་བར་
བཏགས་པས་དེར་རུང་བའི་ཆོས་ཅན་དུ་རྟོགས་ན་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཡིན་པར་ཐལ་བར་མི་འགྱུར་བ་ཡིན་ནོ། །དེ་ལྟ་ན་ཡང་ཆོས་ཅན་གྱི་ཆོས་ཐམས་ཅད་ཡིན་པ་བཀག་པའི་དོན་ཉིད་ཀྱིས་དེར་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་རྟོགས་པར་བྱ་བའི་དོན་ཡིན་པར་བརྗོད་པ་གང་
ཡིན་པ་དེ་ནི་ཉེ་བར་མ་བཏགས་པར་ཆོས་ཅན་གྱི་ཆོས་ཐམས་ཅད་ཡིན་པར་ཐལ་བ་བསྟན་པའི་ཕྱིར་རོ། །ཉེ་བར་མ་བཏགས་ན་ཐལ་བ་དེ་ནི་ཉེ་བར་བཏགས་པས་བཀག་པ་ཡིན་ནོ། །དེ་ལྟ་ན་འོ་ན་དེར་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་ཡིན་པར་རྟོགས་པའི་དོན་གྱིས་ཆོས་ཅན་གྱི་ཆོས་
ཐམས་ཅད་ཡིན་པ་བཀག་པའི་དོན་གྱིས་འགྱུར་ཏེ། ངེས་པ་རྟོགས་ན་གཞན་དགག་པ་ཤུགས་ཀྱིས་རྟོགས་པའི་ཕྱིར་རོ། །བཟློག་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེར་ཉེ་བར་གདགས་སུ་རུང་བའི་ཕྱིར་ཆོས་ཅན་ཡིན་པར་རྟོགས་པའི་དོན་ཉིད་གཙོ་བོའི་དགོས་པ་མ་ཡིན་ན་དེ་ལྟར་འགྱུར་རོ། །
དེ་ལྟ་ན་ནི་ཆོས་ཅན་གྱི་ཆོས་ཐམས་ཅད་ཡིན་པ་བཀག་པའི་དོན་ཉིད་གཙོ་བོའི་དགོས་པར་འགྱུར་རོ། །འོ་ན་གཉི་ག་དགོས་པ་རང་རྒྱུད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ་བསྡུ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཉེ་བར་མ་བཏགས་ན་ཐལ་བའི་སྐྱོན་བསལ་བའི་འབྲས་བུ་ཅན་དུ་གྱུར་པ་ན། ཉེ་བར་བཏགས་
པས་ངེས་པའི་ཆོས་ཅན་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་དེ་ལྟར་ཉེ་བར་བཀོད་དོ། །དེ་དགོས་པར་གནས་ན་ནི་བཟློག་པར་འགྱུར་ཏེ་ཕྱོགས་ཉེ་བར་བཏགས་པས་བསྟན་པའི་ཆོས་ཅན་གང་ཡིན་པ་དེ་རྟོགས་ན་གཞན་འགོག་པའི་ཕྱིར་རོ། །གང་ཞིག་དེར་ཉེ་བར་བཏགས་པར་རྟོགས་
เล่ม ๑๘๒ · หน้า 8a
པར་བྱ་བ་དེ་ཡང་གང་ཡིན་ཞེ་ན། དེར་ཉེ་བར་གདགས་པར་འོས་པ་གང་ཡིན་པ་ཉིད་དོ། །དེ་ཡང་གང་ཡིན་ཞེ་ན། དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་སྨོས་སོ། །ཕྱོགས་ནི་སྤྱི་ཡིན་ལ་དེ་ནི་ཕྱོགས་གཅིག་ཆོས་ཅན་ལ་ཉེ་བར་འདོགས་པ་ཡིན་ནོ། །དེས་ན་གང་
ཞིག་འདིའི་ཕྱོགས་གཅིག་ཡིན་པ་དེ་ཉིད་ཉེ་བར་གདགས་པར་འོས་པ་ཡིན་པའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་ངེས་པ་དེ་ཉིད་རྟོགས་ཏེ་དེ་ཉིད་དེའི་ཕྱོགས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱོགས་སུ་གདགས་པར་འོས་པའི་ཆོས་ཅན་རྟོགས་པར་བྱ་བའི་ཕྱིར་ཉེ་བར་གདགས་པར་བྱས་ལ། དེ་ལྟ་
ཡིན་དང་སྒྲ་མི་རྟག་སྟེ་མིག་གི་གཟུང་བར་བྱ་བ་ཡིན་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཆོས་ཅན་གྱི་ཆོས་ཞེས་སྨོས་ན་ཐལ་བར་འགྱུར་བ་དག་འཛིན་པ་གསལ་བ་ཡིན་ཏེ་མིག་གི་གཟུང་བྱ་ཉིད་ནི་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ཆོས་ཡིན་པའི་ཕྱིར་རོ། །སོགས་པ་སྨོས་པས་
ནི་གཞི་ཐ་དད་པ་གཉི་ག་མ་ཡིན་པའི་ཆོས་ཅན་ལ་བརྟེན་པ་གསལ་བའོ། །ཕ་རོལ་པོ་ཉེ་བར་མི་གདགས་པ་གཞུང་འཇུག་པ་ན་ཇི་སྐད་བརྗོད་པའི་ཐལ་བར་འགྱུར་བ་མེད་པར་སྟོན་པ་ནི་གལ་ཏེ་ཆོས་ཞེས་བརྗོད་པས་ཀྱང་ཞེས་བྱ་བའོ། །ཆོས་ཅན་ཡང་ཡིན་ལ་གཞི་ཡང་ཡིན་པ་དེ་ནི་ཆོས་ཞེས་བརྗོད་
པས་ཀྱང་འགྲུབ་བོ། །ཆོས་ཅན་གྱི་སྒྲ་ནི་ཆོས་ཅན་ཙམ་བརྗོད་པ་ཡིན་ནོ། །དེས་ནི་ཆོས་ཅན་ཞེས་བྱ་བས་ཆོས་ཅན་དང་འབྲེལ་པའི་ཆོས་ཙམ་ཞིག་བརྗོད་པར་འགྱུར་གྱི། ཁྱད་པར་ལྷག་པ་ནི་མ་ཡིན་ལ་དེ་ནི་ཆོས་ཀྱི་རང་གི་ངོ་བོ་ཉིད་ཀྱིས་འགྲུབ་བོ། །དེས་ན་ཆོས་ཞེས་བརྗོད་པས་འདིའི་
རྟེན་ཆོས་ཅན་རྟོགས་པར་འགྱུར་ཏེ་དེ་ལ་བརྟེན་པ་མ་ཡིན་ན། ཆོས་ཅན་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །དེས་ན་སྤྱི་ཙམ་བརྗོད་པ་ཆོས་ཅན་གྱི་སྒྲ་དགོས་པ་བདེ་བར་འགྱུར་རོ། །ཁྱད་པར་བརྗོད་པར་འདོད་ན་ནི་ཆོས་ཅན་སྨོས་པ་དོན་དང་ལྡན་པར་འགྱུར་ཏེ། ཁྱད་པར་ཅན་གྱི་ཆོས་ཅན་ལ་བརྟེན་པའི་
ཆོས་ནི་ཆོས་ཀྱི་རང་བཞིན་ཉིད་ལས་མི་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་འགྲུབ་པོ། །བསྒྲུབ་བྱའི་ཆོས་ཅན་ཁྱད་པར་ཅན་ཉིད་ཀྱི་དབང་དུ་བྱས་ནས་འདིར་ཆོས་ཅན་སྒྲ་སྦྱར་བ་འཐད་ཀྱི་ཆོས་ཙམ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་
เล่ม ๑๘๒ · หน้า 8b
ཐ་ཚིག་གོ། །ཁྱད་པར་ཅན་གྱི་ཆོས་ཅན་ཡང་ཆོས་ཅན་ཉིད་ཡིན་པས་སྤྱིའི་ཚིག་གིས་ཀྱང་བརྗོད་པར་ནུས་པ་ཡིན་ལ་སྦྱར་བ་ལ་མི་ལྟོས་ཀྱང་སྦྱར་བས་ནི་ཁྱད་པར་བརྗོད་པར་འདོད་པ་ཡིན་ཏེ་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་ཡང་ཇི་སྒྲུབ་པར་བྱེད་པ་དང་གཉི་ག་མ་ཡིན་པའི་ཆོས་ཅན་ཡིན་པར་
ཐལ་བར་མི་འགྱུར་བ་དེ་སྟོན་པ་ནི་ཉེ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ཡིན་ནོ། །ཁྱད་པར་ལ་བརྟེན་པར་གྲུབ་པ་ན་ཁྱད་པར་ངེས་པར་འཛིན་པ་ནི་སྒྲ་ལས་མི་འགྲུབ་པའི་ཕྱིར་རྒྱུ་མཚན་གཞན་ལས་ཡོངས་སུ་གཟུང་བར་གྲུབ་པ་སྤང་བ་ལ་ཚད་མ་མེད་དོ། །དེས་ན་འདིར་ཆོས་ཅན་གྱི་ཚིག་གིས་ནི་བསྒྲུབ་བྱའི་
ཆོས་རྟོགས་པའི་དོན་དུ་གཟུང་བའི་ཆོས་ཅན་ཉིད་སྨོས་པར་འཐད་པ་ཡིན་ནོ། །དེས་ན་བསྒྲུབ་བྱའི་ཆོས་ཅན་གྱི་ཆོས་ཉིད་དུ་གྲུབ་པ་ན་ཉེ་བར་བཏགས་པས་དོན་མེད་དེ། ཆོས་ཅན་ཆོས་ཞེས་ཉེ་བར་མ་བཏགས་པ་ཉིད་དུ་སྦྱར་བར་རིགས་སོ་ཞེ་ན། དགོས་པ་ནི་དགག་པའི་ཕྱིར་སྨོས་པ་ནི་མ་ཡིན་ཏེ་
ཞེས་བྱ་བའོ། །དེ་ལྟར་བསྒྲུབ་བྱའི་ཆོས་ཅན་འགྲུབ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་སྨྲས་པ་ནི་དཔེའི་ཆོས་ཅན་ཡང་ཞེས་བྱ་བའོ། །རྒྱུ་མཚན་གཞན་ལས་གྲུབ་པ་འཛིན་པས་ན་ཉེ་བར་གྱུར་པ་ཉིད་ཆོས་ཅན་གྱི་ཚིག་གིས་སྨོས་པས་གཉི་ག་མ་ཡིན་པའི་
བདག་ཉིད་ཀྱི་ཆོས་ཅན་གསལ་བར་གྲུབ་ཏུ་ཆུག་མོད་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཆོས་ཅན་སྨོས་པ་ལ་ནི་ཁྱད་པར་དུ་བྱེད་པའི་རྒྱུ་ཡོད་པ་མ་ཡིན་ཏེ། དཔེའི་ཆོས་ཅན་ཡང་སྒྲུབ་བྱེད་ཀྱིས་འཛིན་པར་ཁྱད་པར་མེད་པའི་ཕྱིར་རོ། །འདིར་དེའི་ཆས་ཁྱབ་པ་ཞེས་བྱ་བས་ཞེས་སྨྲས་ཏེ། ཆོས་ཅན་ཞེས་སྨོས་
པ་ན་གཟུང་བའི་ཆོས་ཅན་ལ་འཇུག་པར་ངེས་པར་བྱ་བ་ཡིན་པས་དེ་ལ་ཡོད་པ་ཉིད་དུ་བསྟན་པར་བྱ་བ་ཡིན་ནོ། །དཔེའི་ཆོས་ཅན་ལ་ནི་ཆོས་ཡོད་པར་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་དེའི་ཆས་ཁྱབ་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་ལྡོག་བརྗོད་པ་ཡིན་ལ། དེ་ཉིད་ཀྱང་གཅིག་གི་སྒོ་ནས་དཔེས་
བསྟན་པར་བྱ་བ་ཡིན་ཏེ། དེས་ན་སྒྲུབ་པར་བྱེད་པའི་ཆོས་དེ་ལ་ཡོད་པ་ནི་གྲུབ་པ་ཉིད་དོ། །དེའི་ཕྱིར་དེ་ནི་ཉེ་བ་ཡིན་ཡང་ཆོས་ཅན་གྱི་ཚིག་གིས་སྨོས་པ་དོན་མེད་པས་ངག་ལ་དོན་ཡོད་པར་བསྟན་པ་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ཉིད་འདིར་སྨོས་པ་ཡིན་ནོ་ཞེ་ན། འདི་དགག་པའི་ཕྱིར་གྲུབ་བཞིན་
เล่ม ๑๘๒ · หน้า 9a
དུ་ཞེས་སྨོས་སོ། །དེའི་ཆས་ཁྱབ་པ་ཞེས་བྱ་བས་གཏན་ཚིགས་དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་བཞིན་དུ་ཡང་ཡོད་པར་བསྟན་པ་ནི། དེ་ཉིད་ཀྱི་ཆོས་གང་ཡིན་པ་དེ་ཁོ་ན་གཏན་ཚིགས་ཡིན་ནོ་ཞེས་བརྣན་པའི་ཕྱིར་ཡིན་པར་འགྱུར་ཏེ། དེ་ལྟ་ན་ཡང་ཡང་བསྒྲུབ་པ་
འབྲས་བུ་དང་བཅས་པའི་ཕྱིར་རོ། །གལ་ཏེ་བསྒྲུབ་པ་འབྲས་བུ་མེད་པ་ཉིད་མ་ཡིན་པའི་ཕྱིར་བརྣན་པར་དོགས་པ་མེད་པ་མ་ཡིན་ནམ། འདི་ལྟར་དེའི་ཆས་ཁྱབ་པ་ཞེས་བྱ་བས་ནི་དེ་དཔེའི་ཆོས་ཅན་གྱི་ཆོས་ཀྱིས་ཁྱབ་པར་བརྗོད་པ་ཡིན་ལ་དཔེའི་ཆོས་ཅན་གྱི་ཆོས་གཏན་ཚིགས་སོ་ཞེས་བྱ་བ་འདིས་
ནི་གཏན་ཚིགས་ཉིད་དུ་ཡིན་ཏེ། དེ་ན་དཔེའི་ཆོས་ཅན་གྱི་ཆོས་དཔེའི་ཆོས་ཅན་གྱི་ཆོས་ཀྱིས་ཁྱབ་པ་ཞེས་བྱ་བ་འདི་ལ་སྒྲུབ་པ་དོན་མེད་པ་མ་ཡིན་པའི་ཕྱིར་བརྣན་པའི་ཕྱིར་ཡིན་པར་དོགས་པར་མི་འགྱུར་རོ་ཞེ་ན། བདེན་ཏེ་ཁས་བླངས་ནས་ཉེ་བར་བཀོད་པ་ཡིན་ནོ། །རྣམ་པ་འདི་ལྟ་བུའི་ཡུལ་
ལ་བརྣན་པ་ཁས་ལེན་པ་ཡོད་དོ་ཞེས་སྟོན་པ་ནི་མཐུན་པ་ཁོ་ན་ལ་ཞེས་བྱ་བ་ཡིན་ནོ། །མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བ་འདིས་མཐུན་པའི་ཕྱོགས་ལ་ངེས་པར་ཡོད་པ་ཉིད་དུ་བསྟན་པས་མཐུན་པའི་ཕྱོགས་མ་ཡིན་པ་ལས་ལྡོག་པ་གྲུབ་མོད་ཀྱི་དེ་མེད་པ་ལ་མེད་པ་ཞེས་མི་མཐུན་པའི་ཕྱོགས་
ལས་ལྡོག་པ་སྟོན་པར་བྱེད་པ་གང་ཡིན་པ་འདིས་ནི། བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་སྨོས་པ་དེ་བཞིན་ནོ། །དེ་ནི་འཆད་པ་པོ་དག་གིས་ངེས་པའི་ཕྱིར་ཡིན་པར་བཤད་དོ། །མི་མཐུན་པའི་ཕྱོགས་རྣམ་པ་གསུམ་པོ་དེ་ལས་གཞན་པ་དང་དེ་དང་འགལ་བ་དང་དེ་མེད་པའི་རང་བཞིན་ལས་དེ་
མེད་པ་ལ་མེད་པ་ཉིད་ཡིན་གྱི་གཞན་ལ་མེད་པ་ལ་ནི་མ་ཡིན་ནོ་ཞེའོ། །དེས་ན་དེ་ལྟར་བསྒྲུབ་བྱ་སྒྲུབ་བྱེད་མ་ཡིན་པ་ནི་རང་བཞིན་གྱི་ཆོས་ཅན་བསལ་ཀྱང་དཔེའི་ཆོས་ཅན་ཡིན་པར་ཡོངས་སུ་འཛིན་པ་ནི་གསལ་བར་མི་ནུས་པས་ཆོས་ཅན་ཞེས་སྨོས་པས་བསྒྲུབ་བྱའི་ཆོས་ཅན་མི་རྟོགས་པའི་ཕྱིར་ཉེ་བར་
གདགས་པར་བྱ་བ་ཉིད་པས་ཕྱོགས་ཞེས་སྨོས་པ་ཡིན་ནོ། །གལ་ཏེ་སྤྱི་ཙམ་བརྗོད་པའི་ཆོས་ཅན་གྱི་ཚིག་སྦྱར་བ་དོན་མེད་པའི་ཕྱིར་ཁྱད་པར་བརྗོད་པར་འདོད་པར་གྲུབ་པ་ནི་དཔེའི་ཆོས་ཅན་ཉིད་ནི་ཁྱད་པར་ཡིན་པར་མི་འགྱུར་བ་མ་ཡིན་ནམ། དེ་ལ་ཡོད་པ་ནི་གཞན་དུ་རྟོགས་པའི་ཡན་ལག་ཏུ་ཉེ་བར་བསྟན་
เล่ม ๑๘๒ · หน้า 9b
པ་ཡིན་ཏེ་དེའི་ཆས་ཁྱབ་པ་ཉིད་ཀྱིས་གཏན་ཚིགས་ཉིད་དུ་གྱུར་པའི་ཕྱིར་རོ། །དཔེའི་ཆོས་ཅན་ལ་ནི་ཡོངས་སུ་ཟིན་ཀྱང་གཏན་ཚིགས་གཏན་ཚིགས་ཉིད་མ་ཡིན་ཏེ་དཔེར་མ་རྟོགས་པ་རྟོགས་པར་བྱེད་པའི་བདག་ཉིད་ཤེས་པར་བྱེད་པའི་ཆོས་མེད་པའི་ཕྱིར་རོ། །དེས་ན་དེའི་ཆས་ཁྱབ་པའི་གཏན་
ཚིགས་གང་ལ་ཡོད་པས་གཏན་ཚིགས་ཀྱི་དངོས་པོ་ཉིད་དུ་འགྱུར་བ་དེའི་ཆས་ཁྱབ་པ་ཉིད་ཀྱིས་ངེས་པར་བྱེད་པའི་དངོས་པོའི་ཡན་ལག་ཏུ་གྱུར་པས་རྟོགས་པར་བྱ་བའི་ཆོས་ཉིད་ཀྱི་ཆོས་ཅན་ཤེས་པར་བྱེད་པའི་རྟེན་དུ་གྱུར་པ་འགའ་ཞིག་འཕངས་པ་ཉིད་དོ། །དེས་ན་ཆོས་ཅན་གྱི་གཏན་ཚིགས་
ཞེས་བྱ་བས་མ་རྟོགས་པ་རྟོགས་པར་བྱེད་པའི་ཡན་ལག་དེའི་ཆས་ཁྱབ་པ་ལ་ལྟོས་པ་ཆོས་ཅན་དེ་ལ་ཡོད་པ་ན་གཏན་ཚིགས་ཀྱི་དངོས་པོར་བརྗོད་པ་ཡིན་ནོ། །གཞི་ཐ་དད་པ་ལ་ཡང་ཐལ་བ་མ་ཡིན་ཏེ། རྟོགས་པར་བྱ་བའི་ཆོས་ཉིད་ཀྱིས་ཆོས་ཅན་འཕངས་པའི་ཕྱིར་རོ། །དོགས་པ་འདི་ལ་
བརྗོད་པ་ནི་ཤུགས་ཀྱིས་ཞེས་བྱ་བ་ཡིན་ནོ། །འབད་པས་ཐོབ་པར་བྱ་བའི་དོན་ངེས་པའི་ཚིག་སྦྱར་བ་ནི་སྨྲ་བ་ལ་བཟོ་བ་མ་ཡིན་ནོ། །དེས་ན་ཇི་སྐད་བརྗོད་པའི་ཤུགས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་དོན་གོ་ན་རྟོགས་པར་དཀའ་བར་འགྱུར་ཏེ་རིགས་པས་གོ་བའི་ཕྱིར་རོ། །དོན་གྱི་རྗེས་སུ་འབྲང་
བས་བྱས་པའི་དཀའ་བ་སྤངས་ནས་སྒྲས་རྟོགས་པར་བྱ་བའི་ཕྱིར་བསྟན་བཅོས་ཡིན་ནོ། །དེས་ན་རྟོགས་པར་དཀའ་བ་ཡོངས་སུ་སྤངས་པའི་ཕྱིར་ཡང་ཕྱོགས་ཞེས་སྨོས་པ་ཡིན་ནོ། །གལ་ཏེ་ཕྱོགས་བསྒྲུབ་བྱའི་ཆོས་ཅན་གྱི་ཆོས་ཉིད་ཡིན་ན། ཆོས་ཅན་གཞན་ལ་མེད་པའི་ཆོས་ཐུན་མོང་མ་ཡིན་པ་
ཉིད་ཡིན་ནོ། །གཏན་ཚིགས་སྨྲས་པ་ནི་དེའི་ཁྱད་པར་ལ་ལྟོས་པ་ཞེས་བྱ་བ་ཡིན་ནོ། །གང་གི་ཚེ་ཆོས་འདི་ཕྱོགས་ཀྱི་ཡིན་པ་དེའི་ཚེ་དེ་མེད་པར་མི་སྲིད་པས་གཞན་ལ་ཡང་འདི་ཡོད་པས་ཆོས་ཅན་དེ་དང་ལྡན་པ་ཉིད་དུ་འགྱུར་བ་ཡིན་ནོ། །ཆོས་ཅན་གཞན་གྱིས་རྣམ་པར་བཅད་པ་དེ་ནི་ཆོས་ཅན་གཞན་
ལ་འཇུག་པར་མི་སྲིད་པས་ན་ཐུན་མོང་མ་ཡིན་པ་ཉིད་དོ། །ཅི་སྟེ་གང་གི་རྣམ་པ་དེ་ལྟ་བུ་ཉིད་གཞན་ལ་ཡོད་པར་དོགས་པ་ཕྱོགས་ཀྱིས་རྣམ་པར་བཅད་པ་དེས་རྣམ་པར་བཅད་པ་མི་འདོར་རོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། ཆོས་ཉིད་ཀྱིས་ཆོས་ཅན་དང་འབྲེལ་པ་འཕངས་པའི་ཆོས་ཉིད་ནི་ངེས་པ་མེད་པར་བསྒྲུབ་བྱའི་ཆོས་
เล่ม ๑๘๒ · หน้า 10a
ཅན་གྱི་ཡིན་པའམ། སྒྲུབ་བྱེད་ཀྱི་ཆོས་ཅན་གྱི་ཡིན་པར་འགྱུར་རོ། །དེ་གང་གི་ཚེ་སྒྲུབ་བྱེད་ཀྱི་ཆོས་ཅན་གྱི་ཆོས་ཡིན་པ་དེའི་ཚེ་བསྒྲུབ་བྱའི་ཆོས་ཅན་གྱི་མ་ཡིན་ཏེ། དེས་ན་མི་འགྱུར་བ་དེ་ཉིད་སེལ་བས་སྒྲ་འདི་དོན་དང་བཅས་པར་འགྱུར་བས་དེ་ལ་ཡོད་པ་ཆོས་
ཅན་གཞན་ལ་མེད་པའི་ཕྱིར་ངེས་པ་གྲུབ་པས་ཐུན་མོང་མ་ཡིན་པ་ཉིད་དོ་སྙམ་ན། དོགས་པ་འདི་སློབ་དཔོན་གཞན་དུ་ངེས་པ་སྲིད་པ་སྟོན་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །ངེས་པ་རྟོགས་ཀྱང་འདི་ལྟར་འདིར་མི་འཐད་དོ། །གལ་ཏེ་སྒྲུབ་བྱེད་ཀྱི་ཆོས་ཅན་ལ་ཡོད་པ་དང་བསྒྲུབ་བྱའི་ཆོས་ཅན་
ལ་ཡོད་པ་འགལ་ན་དེའི་ཚེ་ཆོས་ཅན་གཞན་ལ་ཡོད་ན་བསྒྲུབ་བྱའི་ཆོས་ཅན་ལ་མེད་པར་འགྱུར་བའི་ཕྱིར་མེད་པ་དེ་ཉིད་ལ་ལྟོས་ནས་སྒྲ་སྦྱར་བ་ནི་ཆོས་ཅན་གཞན་ལ་ཡོད་པ་འགལ་བས་དེ་ལ་ཡོད་པར་བརྗོད་པ་དེ་ཉིད་ལ་ཡོད་པ་ཞེས་བྱ་བའི་དོན་འདིར་འགྱུར་བ་ཞིག་ན་གང་གི་ཚེ་ཆོས་ཐུན་མོང་གི་རང་
བཞིན་ཡིན་པའི་ཕྱིར་ཆོས་ཅན་མང་པོ་དག་ལ་གཅིག་པར་ཡང་ཡོད་པར་སྲིད་པ་དེའི་ཚེ་གང་ཞིག་སྒྲས་བརྗོད་པར་བྱ་བ་ཆོས་ཉིད་ཀྱིས་མ་འཕངས་པའི་ཆོས་ཅན་ལ་ཡོད་པ་ནི་ཡོད་པ་མ་ཡིན་ནོ། །ཆོས་ནི་ཆོས་ཅན་ཐམས་ཅད་ལ་ཡོད་པར་འགྱུར་བའི་ངེས་པ་མེད་པའི་ཕྱིར་ཏེ། མིག་གིས་
གཟུང་བྱ་ཉིད་ནི་དཔེ་ཉིད་ལ་ཡོད་པའི་ཕྱིར་དང་མཉན་བྱ་ཉིད་ནི་བསྒྲུབ་བྱ་ཉིད་ལ་ཡོད་པའི་ཕྱིར་དང་། ཆོས་ཉིད་ཀྱིས་ཆོས་དང་ཆོས་ཅན་འབྲེལ་པས་མ་བསལ་བ་འདོད་རྒྱལ་བའི་མེད་པ་ལ་ལྟོས་ནས་སྒྲའི་སྦྱོར་བ་འཇུག་པ་ནི་མི་ལྡན་པ་རྣམ་པར་གཅོད་པ་ཉིད་ཀྱིས་མཐར་ཐུག་པར་འགྱུར་བ་ཡིན་གྱི།
གཞན་དང་ལྡན་པ་རྣམ་པར་གཅོད་པ་ནི་མ་ཡིན་ནོ། །དེར་འདོད་རྒྱལ་བའི་མེད་པ་བསལ་བ་ནི་ཆོས་ཅན་གཞན་ལ་ཡང་ཡོད་པ་མི་འགལ་བའི་ཕྱིར་རོ། །ཡོད་པ་ལ་ནི་མེད་པ་འགལ་བའི་ཕྱིར་དེ་རྟོགས་པ་ན་མ་འབྲེལ་བ་རྣམ་པར་གཅོད་པ་ཉིད་ཡིན་ནོ་ཞེས་བཤད་པ་ནི་མི་ལྡན་པ་རྣམ་པར་གཅོད་པས་
ཁྱད་པར་དུ་བྱས་པའི་ཕྱིར་ཡིན་གྱི་ཞེས་བྱ་སྟེ། འདོད་རྒྱལ་བའི་མེད་པ་བཟློག་པས་ཕྱོགས་ཀྱི་ཆོས་ཁོ་ན་ཡིན་ཀྱི་ཆོས་མ་ཡིན་པ་ནི་མ་ཡིན་ནོ་ཞེས་ཆོས་ཕྱོགས་དང་མ་འབྲེལ་བ་རྣམ་པར་བཅད་པས་འབྲེལ་པར་བྱེད་པའི་ཕྱིར་རོ། །མི་ལྡན་པ་རྣམ་པར་བཅད་པའམ་གཞན་དང་ལྡན་པ་རྣམ་པར་བཅད་པ་
เล่ม ๑๘๒ · หน้า 10b
ཡང་ཇི་ལྟ་བུར་གྱུར་པ་དག་ཅིག་ཅེ་ན། འཇིག་རྟེན་པའི་དཔེས་སྟོན་པ་ནི། དཔེར་ན་ནག་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཕྱོགས་ཆོས་ཞེས་བྱ་བ་རྣམ་པར་བཀྲལ་ནས། དེ་ཆས་ཁྱབ་པ་ནི་ཞེས་བྱ་བ་རྣམ་པར་འབྲེལ་པ་ནི་དེའི་ཆ་ནི་དེའི་ཆོས་ཡིན་གྱི་ཞེས་བྱ་བ་སྟེ། ཉེ་བར་བཏགས་པའི་ཕྱིར་
ན་ཆའི་སྒྲ་འདི་ན་ཆོས་ཀྱི་དོན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱོགས་གཅིག་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་དངོས་ཀྱི་དོན་ལ་འཇུག་པ་ཉིད་འགོག་པའོ། །དོན་དེ་ལ་གནོད་པ་བརྗོད་པ་ནི་ཕྱོགས་ཞེས་བྱ་བའི་སྒྲ་སྤྱི་ལ་སྤྱི་བྱ་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ཞེས་བྱ་བ་འདིས་ནི་ཕྱོགས་བཟུང་བ་ཡིན་ལ་
དེ་ལ་ནི་ཕྱོགས་གཅིག་སྲིད་པ་མ་ཡིན་ཏེ་སྤྱིའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེས་ན་འདིར་ཆའི་སྒྲ་ནི་ཕྱོགས་གཅིག་ཏུ་སྒྲོ་བཏགས་ནས་ཆོས་ལ་འཇུག་པ་ཡིན་ནོ། །གང་ཞིག་ཉེ་བར་གདགས་པའི་སྦྱོར་བ་ཁས་ལེན་པ་དེའི་ཆོས་ཀྱིས་ཁྱབ་པ་ཞེས་མ་བརྗོད་པ་ཡང་ཅི་སྟེ་ཞེ་ན་སྨྲ་བ་པོའི་བསམ་པའི་
དབང་གིས་ཞེས་སྨོས་སོ། །འདིར་སྨྲ་བ་པོའི་བསམ་པ་ནི་ཡོད་པ་ཡིན་ནོ། །དེ་ཡང་གང་ཞེ་ན་སྐབས་སུ་གྱུར་པ་ཉིད་ཀྱིས་ན་མ་བརྗོད་པ་གང་ཡིན་པའོ། །དེ་ལྟ་ཡིན་དང་། ཇི་ལྟར་འདིར་སྤྱིར་བརྗོད་པ་ཉིད་ཀྱིས་འདོད་པ་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་ཆོས་ཅན་གྱི་ཚིག་སྦྱོར་བ་བཀག་པ་དེ་
བཞིན་དུ་ཆོས་ཀྱི་ཚིག་ཀྱང་ཡིན་ནོ། །བསྒྲུབ་པར་བྱ་བ་བཞིན་དུ་བསྒྲུབ་བྱ་མ་ཡིན་པའི་ཆོས་ཀྱང་ཆོས་ཉིད་ཡིན་པའི་ཕྱིར་དེས་ཁྱབ་པ་ཡང་གཏན་ཚིགས་སུ་རྟོགས་པར་འགྱུར་ཏེ། དཔེར་ན་འདི་ནི་ཤིང་ཡིན་ཏེ་བྱས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ཤིང་བསྒྲུབ་པར་བྱ་བ་ལ་བྱས་པ་ཉིད་བསྒྲུབ་པར་
བྱ་བའི་ཆོས་ཅན་གྱི་ཆོས་བསྒྲུབ་པར་བྱ་བའི་ཆོས་མ་ཡིན་པ་མི་རྟག་པ་ཉིད་ཀྱང་ཁྱབ་པ་ཡིན་ལ། བརྗོད་པར་འདོད་པ་ནི་བསྒྲུབ་བྱའི་ཆོས་ཡིན་པས་ན་བསམ་པ་དེའི་དབང་གིས་ཕྱོགས་གཅིག་ཏུ་སྒྲོ་བཏགས་ནས་ཆོས་བསྟན་པ་ཡིན་གྱི་རང་གི་སྒྲས་ནི་མ་ཡིན་ནོ། །དེ་ལྟར་བསྒྲུབ་བྱའི་ཆོས་རྟོགས་
པར་ཡང་ཇི་ལྟར་འགྱུར་ཞེ་ན། འདི་སྐད་བརྗོད་དེ། འདིར་སྤྱིར་གང་ཞིག་སྒྲོ་བཏགས་ནས་ཆོས་ཅན་བསྟན་པ་དེའི་ཕྱོགས་གཅིག་སྒྲོ་བཏགས་པས་ཆོས་བསྟན་པ་ཡིན་ཏེ། ཕྱོགས་གཅིག་གཞན་མི་རྟོགས་པའི་ཕྱིར་རོ། །ཕྱོགས་ཀྱི་ཕྱོགས་གཅིག་པ་ནི་བསྒྲུབ་བྱའི་ཆོས་སམ་བསྒྲུབ་བྱའི་
เล่ม ๑๘๒ · หน้า 11a
ཆོས་ཅན་ཡིན་ཏེ། དེས་ན་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ཆོས་ཕྱོགས་ཀྱི་ཕྱོགས་གཅིག་གིས་ཁྱབ་པ་ཡིན་ནོ་ཞེས་བརྗོད་པ་ན་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པ་རྟོགས་པར་འགྱུར་རོ། །ཆོས་ཅན་ཡང་དེའི་ཕྱོགས་གཅིག་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། དེས་ཁྱབ་པ་
ནི་མི་སྲིད་དེ། དེ་ནི་ཁྱད་པར་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་ལ་ཁྱབ་པ་མི་རྟོགས་པ་ཡིན་གྱི་མེད་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཁྱབ་པ་ནི་རྗེས་སུ་འགྲོ་ལྡོག་གི་རང་བཞིན་ཡིན་པའི་ཕྱིར་དང་། དེ་དག་ཀྱང་ཐམས་ཅད་ན་ཡོད་པའི་རང་བཞིན་པའི་ཕྱིར་དང་། དེ་ཡང་ཁྱད་
པར་མི་སྲིད་པའི་ཕྱིར་རོ། །དེས་ན་བསྒྲུབ་བྱའི་ཆོས་ཅན་གྱི་ཆོས་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པ་ནི་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་དོན་འདི་རྟོགས་པར་འགྱུར་རོ། །ཕྱོགས་ཆོས་དེའི་ཆས་ཞེས་བྱ་བ་བཤད་ནས། ཁྱབ་པ་བཤད་པའི་ཕྱིར་ཁྱབ་པ་ཞེས་བྱ་བ་སྨོས་སོ། །ཁྱབ་པར་བྱེད་པས་
ཁྱབ་པར་བྱ་བ་ཁྱབ་པ་ཡིན་པའི་ཕྱིར་ཁྱབ་པ་ཡིན་ནོ། །དེ་བརྗོད་པ་ནི་དེ་དག་གིས་སོ་སོར་ངེས་པའི་རང་བཞིན་ཁྱད་པར་ཅན་བརྗོད་པར་བྱ་བ་ཡིན་ནོ། །དེས་ན་ཁྱབ་པར་བྱེད་པའི་ཁྱད་པར་ཇི་ལྟ་བུ་ཡིན་པ་དེ་ཉིད་དེ་ལྟར་བརྗོད་པ་ཡིན་གྱི། བྱ་བ་ཞེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །འདིར་
ཚིག་གསུམ་ལ་ངེས་པར་གཟུང་བར་བྱ་བ་ནི་དེ་ཁོ་ན་ལ་ཞེས་བྱ་བ་དང་། ཁྱད་པར་བྱེད་པ་ཁོ་ན་ལ་ཞེས་བྱ་བ་དང་། ཡོད་པ་ཁོ་ན་ཞེས་བྱ་བ་རྣམ་པ་གསུམ་སྲིད་པར་འགྱུར་རོ། །དེ་ལ་ཁྱབ་པར་བྱེད་པ་གོ་བར་བྱ་བ་ལ་ཁྱད་པར་བྱ་བ་གོ་བར་བྱེད་པ་ཉིད་དུ་འཐད་པས་ན། དེའི་ཆས་ཁྱབ་པ་གཏན་
ཚིགས་ཡིན་ནོ་ཞེས་བསྟན་ཏོ། །ཁྱད་པར་བྱེད་པ་ཉིད་ལ་ཁྱབ་པར་བྱ་བ་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོད་པའི་ཕྱིར་དང་། གཏན་ཚིགས་གོ་བར་བྱེད་པ་ཉིད་དུ་ཡང་། དེ་དག་ཉིད་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེས་ན་སྒྲུབ་པར་བྱེད་པ་ཡོད་ན་བསྒྲུབ་བྱ་ཡོད་པར་སོ་སོར་
ངེས་པས་ན་གཏན་ཚིགས་གོ་བར་བྱེད་པ་ཡིན་ནོ་ཞེས་གོ་བར་བྱེད་པའི་རང་བཞིན་བརྗོད་པ་ན། དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ན་ཞེས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ཁྱབ་པར་བྱེད་པ་ཁོ་ན་ཡོད་པ་ཞེས་ངེས་པར་བཟུང་ན་ནི་གོ་བར་བྱེད་པའི་ཆོས་བསྟན་པར་མི་འགྱུར་ཏེ། ཁྱབ་པར་བྱ་བ་ཉེ་བར་གནས་
เล่ม ๑๘๒ · หน้า 11b
པ་ལ་ཁྱབ་པར་བྱེད་པ་མ་ཡིན་པ་ཡོད་ཀྱང་དེ་ཡོད་པ་ལ་སོ་སོར་ངེས་པར་གྱུར་པའི་ཁྱབ་པར་བྱེད་པའི་རྟོགས་པ་མི་འགལ་བའི་ཕྱིར་རོ། །དེ་བཞིན་དུ་དེ་ཁོ་ན་ལ་ཁྱབ་པར་བྱེད་པ་ཡོད་པ་ཞེས་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཡང་ཡན་ལག་མ་ཡིན་ཏེ། ཇི་ལྟར་བརྗོད་པའི་ཚུལ་ཉིད་གཏན་ཚིགས་
སུ་གྲུབ་པའི་ཕྱིར་ན། གཏན་ཚིགས་ལས་གཞན་ལ་མེད་པས་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་དེ་ཁྱབ་བྱ་མེད་པར་ཡང་ཡོད་པ་དེའི་ཚེ་མི་རྟོགས་པ་ཞེས་བྱ་བར་འགྱུར་རོ། །གཏན་ཚིགས་ཀྱི་སྐྱོན་ནི་དེ་ལས་རྟོགས་པས་ན་དེ་མེད་པའི་ཕྱིར་བསྒྲུབ་བྱ་ལ་འཁྲུལ་པ་མ་ཡིན་པས་
གཞན་དང་ལྡན་པ་རྣམ་པར་བཅད་པ་ནི་དོན་མེད་དོ། །ཁྱབ་པར་བྱེད་པ་གཞན་དང་ལྡན་པ་ཅན་ཉིད་ཡིན་ཡང་གོ་བར་བྱེད་པའི་དངོས་པོར་རིགས་པའི་གོ་བར་བྱེད་པ་དེའི་དངོས་པོ་ཡིན་པ་ཡང་བཀག་པའི་ཕྱིར་འགལ་བ་ཡང་ཡིན་ནོ། །ཁྱད་པར་བྱ་བ་མེད་པར་ཡང་འགྱུར་ལ། ཁྱབ་པར་
བྱ་བ་ལ་ཡང་སོ་སོར་ངེས་པའི་ཕྱིར་དེ་ལས་རྟོགས་པ་མི་འགལ་བའི་ཕྱིར་ཏེ་རྩོལ་བ་ལས་བྱུང་བ་ཉིད་ཡིན་ནོ། །མི་རྟག་པ་ཉིད་རྩོལ་བ་ལས་བྱུང་བ་ཉིད་མེད་པར་འགྱུར་ཡང་རྩོལ་བ་ལས་བྱུང་བ་ལ་ངེས་པར་ཡོད་པའི་ཕྱིར་དེ་ལས་མི་རྟོགས་པར་ཇི་ལྟར་འགྱུར། དེས་ན་མི་ལྡན་པ་རྣམ་
པར་གཅོད་པ་ཉིད་འཐད་པ་ཡིན་ཏེ་བརྗོད་བྱ་ཇི་ལྟ་བར་རྗོད་པར་བྱེད་པ་སྦྱོར་བའི་ཕྱིར་རོ། །ཁྱབ་པར་བྱ་བའི་རང་བཞིན་དུ་གྱུར་པའི་ཁྱབ་པའི་མཚན་ཉིད་ཀྱང་སྟོན་པ་འདི་ཡང་ན་དེ་ཁོ་ན་ལ་ཞེས་བྱ་བ་ཡིན་ནོ། །དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པ་ནི་ཁྱབ་པ་ཡིན་ནོ། །འདིར་ཡང་སྔ་མ་
བཞིན་ངེས་པར་བཟུང་བ་རྣམ་པ་གསུམ་སྲིད་པ་ལས་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཉིད་འདོད་པ་ཡིན་ཏེ། དེ་ཁྱབ་པར་བྱེད་པ་སྤངས་ནས་གཞན་ན་ཡོད་ན་དེ་ལས་རྟོགས་པ་མི་བརྟེན་པས་རྗེས་སུ་དཔོག་པར་མི་འགྱུར་བའི་ཕྱིར་དང་། དེ་ཁོ་ན་ལ་ཡོད་ན་ནི་བཟློག་པའི་ཕྱིར་རོ། །
གཞན་བཞིན་དུ་དེར་ཡང་ཡོད་པ་ཡིན་ནོ་ཞེ་ན། ཡོད་མོད། དེ་ཉིད་ཀྱི་ཕྱིར་དེ་ཡོད་པ་ན་དེ་དང་དེ་མ་ཡིན་པ་དག་ཡོད་པར་ཐེ་ཚོམ་ཟ་བར་ཐལ་ལོ། །ཁྱབ་པར་བྱེད་པ་གཉི་ག་ལ་ཡོད་པས་ཀྱང་ཇི་ལྟར་ཐེ་ཚོམ་མི་ཟ་ཞེ་ན། དེ་ཡོད་ན་ཡོད་པར་སོ་སོར་ངེས་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །
เล่ม ๑๘๒ · หน้า 12a
གཞན་དུ་མེད་པས་གོ་བར་བྱེད་པ་ཉིད་དུ་འཐད་པའི་ཕྱིར་ཁྱབ་པར་བྱ་བ་མ་ཡིན་པ་ཡོད་པ་མི་འགལ་བས་ན་དེ་ལ་ཁྱབ་པར་བྱ་བ་ཁོ་ན་ཡོད་པ་ཞེས་བྱ་བ་ནི་ཡན་ལག་མ་ཡིན་པ་དང་ཡང་རྟོགས་པར་བྱེད་པ་མ་ཡིན་པ་ཡང་མ་ཡིན་ནོ། །ཁྱབ་པར་བྱེད་པ་ཡོད་པ་ལ་ཡོད་
པར་ངེས་པ་དེ་ལ་ཁྱབ་པར་བྱ་བ་ཡོད་པ་ཁོ་ན་ཞེས་བྱ་བ་ཡང་དོན་མེད་པ་ཡིན་ཏེ། དེ་མེད་པར་མི་རྟོགས་པའི་ཕྱིར་དང་། རྟོགས་ན་འཁྲུལ་པ་མེད་པའི་ཕྱིར་རོ། །ངེས་པས་མེད་ཀྱང་རྟོགས་པར་བྱེད་པ་ཡོད་པའི་ཕྱིར་གཏན་ཚིགས་ཀྱི་དངོས་པོར་འཐད་པ་ཡང་འགོག་པར་ཐལ་བའི་ཕྱིར་ཏེ་དཔེར་ན་
རྩོལ་བ་ལས་བྱུང་བ་ཉིད་བཞིན་ནོ། །མི་རྟག་པ་ལ་ནི་དེ་ལས་བཟློག་པ་ཡང་ཡོད་པའི་ཕྱིར་རོ། །ཡང་ཇི་ལྟར་ན་འདིར་མི་ལྡན་པ་རྣམ་པར་བཅད་ན་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་གཏན་ཚིགས་མ་ཡིན་པར་ཐལ་གྱི། ཁྱབ་པར་བྱེད་པ་ཡང་ནི་མ་ཡིན། དེར་ནི་གཞན་དང་ལྡན་པ་རྣམ་
པར་བཅད་ན་འགྱུར་གྱི། འདི་ནི་མ་ཡིན་ཞེ་ན་མཚུངས་པ་ཉིད་དུ་འགོག་པ་ཡིན་པ་མ་ཡིན་པའི་ཕྱིར། འདི་གཉིས་མི་འཐད་པ་མ་ཡིན་པའི་ཕྱིར་རོ། །ཁྱབ་པར་བྱ་བ་ཡོད་པ་ལ་ཁྱབ་པར་བྱེད་པ་མ་འབྲེལ་པ་རྣམ་པར་བཅད་ན་དེ་དེ་དང་མི་ལྡན་པར་མི་འགྱུར་བ་ཉིད་དོ། །དེ་ལྟར་ན་ཁྱབ་པར་བྱེད་
པ་མི་ལྡན་པ་རྣམ་པར་བཅད་ན་ཐལ་བ་མ་ཡིན་གྱི་ཁྱབ་པར་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཁྱབ་པར་བྱེད་པ་ཁྱབ་པར་བྱ་བ་ཡོད་ན་ཡོད་ཅེས་བྱ་བས་ནི་རྗེས་སུ་འགྲོ་བ་བཤད་ནས་ཁྱབ་པར་བྱ་བ་ཁྱབ་པར་བྱེད་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས་ནི་ལྡོག་པ་སྟེ་དེས་ན་ཚུལ་གསུམ་ཉིད་གཏན་ཚིགས་
སུ་འཐད་པའི་ཕྱིར། དེའི་ཆས་ཁྱབ་པ་ཞེས་བྱ་བ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བརྗོད་པ་ཡིན་ནོ། །དཔེར་ན་ཚད་མ་རྣམ་པར་ངེས་པར་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་དག་གིས་བརྗོད་པ་བཞིན་ནོ། །འདིར་དེའི་ཆས་ཁྱབ་པ་དང་ཕྱོགས་ཀྱི་ཆོས་ཉིད་ཀྱི་
དངོས་པོ་ལ་ཡོད་པ་ཙམ་གྱི་གཏན་ཚིགས་ཀྱི་ཚུལ་གསུམ་བརྗོད་པ་ནི་མ་ཡིན་ཏེ་ཤེས་པའི་ཚུལ་གསུམ་ཉིད་རྟགས་ཀྱི་ཆོས་ཡིན་པའི་ཕྱིར་རོ། །འདིར་ནི་མཚན་ཉིད་ལ་ཤེས་པ་སྨོས་པ་མ་བྱས་པས་དེ་ཇི་ལྟར་རྟོགས་པར་འགྱུར་ཞེས་དོགས་པ་ལ། འདིས་ནི་ཞེས་བཤད་པ་ཙམ་མོ།། །།
เล่ม ๑๘๒ · หน้า 12b
བམ་པོ་གཉིས་པ། ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་ལྡོག་བརྗོད་པ་འདིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དག་ཀྱང་བཤད་ལ་ཕྱོགས་ཀྱི་ཆོས་ངེས་པ་ཡང་བཤད་པ་ཡིན་ནོ། །ངེས་པའི་ཐབས་མཚུངས་པ་ཉིད་ཀྱི་རྗེས་སུ་འགྲོ་ལྡོག་དག་ཕྱོགས་ཀྱི་ཆོས་ཉིད་ལས་རྣམ་པར་ཕྱེ་
ནས་བསྟན་ཏོ། །འདིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཀྱང་བཤད་དོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ནོ། །གང་དུ་གཞན་རྟོགས་པ་ཡང་གཞན་རྟོགས་པའི་འབྲས་བུ་ཅན་དུ་འགྱུར་བ་དེར་འདི་ལྟར་བརྗོད་པར་རིགས་ཀྱི། གང་གིས་གང་ཁོ་ན་བརྗོད་པ་དེ་བཤད་ནས་ཀྱང་། ཡང་འདི་ལྟར་
བརྗོད་པ་ནི་དོན་དང་ལྡན་པར་མི་འགྱུར་རོ། །དེའི་ཆས་ཁྱབ་པ་རྟོགས་ན་ཡང་དེ་བརྗོད་པའི་དོན་དུ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཁྱབ་པ་ནི་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་འདིའི་རང་བཞིན་བརྗོད་པ་དེ་ལྟར་དེ་དག་རྟོགས་པའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་ཉིད་ལ་ཡང་གཞན་རྟོགས་པ་ཅི་ཞིག་ཡོད་ན།
ཕྱོགས་ཀྱི་ཆོས་ཀྱང་བཤད་པ་ཡིན་ནོ་ཞེས་གང་བརྗོད་པར་འགྱུར་རོ། །དེའི་ཕྱིར་ངེས་པ་སྨོས་པ་མ་བྱས་པར་བསྟན་ཀྱང་ངེས་པ་ཉིད་བརྗོད་པ་ཉིད་དོ་ཞེས་བྱ་བའི་དོན་འདི་ཉིད་ཉེ་བར་བཀོད་པ་ཡིན་ནོ། །འདིར་ངེས་པ་ཇི་ལྟ་བུ་ཞིག་ཡིན་ཞེ་ན་གང་ལ་དེ་ཡོད་པ་དེར་ཚུལ་གསུམ་པོ་དེ་བསྡུ་བའི་
ཕྱིར་དེ་དག་ནི་ཞེས་སྨོས་ཏེ། ཕྱོགས་ཀྱི་ཆོས་དང་དེའི་ཆས་ཁྱབ་པ་དེ་དག་ནི་འབྲས་བུ་དང་རང་བཞིན་དང་མི་དམིགས་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་གསུམ་ཡིན་ནོ། །ཇི་སྐད་དུ་བརྗོད་པའི་རྟགས་གསུམ་པོ་དཔེས་སྟོན་པ་ན་འབྲས་བུ་ལ་སོགས་པ་གསུམ་ནི་ཇི་ལྟར་འདི་དང་འདིའོ་ཞེས་
བཤད་པ་ནི་དཔེར་ན་ཞེས་བྱ་བ་ནས་བཤད་པ་ཡིན་ནོ་ཞེས་བྱ་བའི་བར་རོ། །དེས་ན་ཇི་སྐད་བརྗོད་པའི་རིམ་པའི་རྗེས་སུ་འབྲང་སྟེ། དང་པོ་འབྲས་བུ་ཉེ་བར་བཀོད་ལ་གཉིས་པ་ནི་རང་བཞིན་ནོ། །ཐ་མར་ནི་མི་དམིགས་པའོ། །གཏན་ཚིགས་དང་བསྒྲུབ་བྱ་གཉིས་བཀོད་པ་ནི་རྒྱུ་དང་འབྲས་
བུའི་རང་བཞིན་ཉིད་ཉེ་བར་བསྟན་པའི་ཕྱིར་རོ། །རང་བཞིན་གྱི་གཏན་ཚིགས་ནི། ཤིང་ཤ་པ་ཡིན་པའི་ཕྱིར་ཞེས་བྱ་བའོ། །འདིར་ཡང་གཉི་ག་ཉེ་བར་བསྟན་པ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར་ཏེ། དེ་གཉིས་གཅིག་གི་བདག་ཉིད་དུ་གྲུབ་པའི་ཕྱིར་རོ། །མི་
เล่ม ๑๘๒ · หน้า 13a
དམིགས་པ་ནི་ཕྱོགས་ཀྱི་ཁྱད་པར་ཞེས་བྱའོ། །ཕྱོགས་ཀྱི་ཁྱད་པར་ནི་ཕྱོགས་ཁྱད་པར་ཅན་ཡིན་གྱི་ཐམས་ཅད་ནི་མ་ཡིན་ལ་དེ་ཡང་སོ་སོར་ངེས་པ་ཡིན་ནོ། །དེ་ཅི་འདི་ཉིད་དམ་འོན་ཏེ་གཞན་ཉིད་ཅེས་མི་ཤེས་པས་ན་འགའ་ཞིག་ན་ཞེས་སྨོས་ཏེ། འདི་ཡང་ཁྱད་པར་ངེས་པར་ཉེ་བར་བཀོད་པ་ཉིད་དོ། །དེས་ན་སྔ་
མས་ནི་ཐམས་ཅད་དུ་ཡིན་པ་བཀག་ལ་འདིས་ནི་ཁྱད་པར་དེའི་ངོ་བོ་རྣམ་པར་འཇོག་པར་བྱེད་པའི་གཅོད་པ་པོ་རྟོག་པ་ཡིན་ནོ། །དེ་ཡང་སྒྲུབ་བྱེད་ཉེ་བར་སྟོན་པ་ན་ཕྱོགས་ལ་སོགས་པ་ཤེས་པར་འདོད་པའི་བྱེ་བྲག་ཅན་ཚད་མས་རྟོགས་པ་ཡིན་པར་ཁོང་དུ་ཆུད་པ་ཉིད་དོ། །ཆོས་ཅན་དེ་ན་བུམ་པ་མེད་དེ་ཞེས་བྱ་བ་ནི་བུམ་པའི་དངོས་པོ་
མེད་པ་ཉིད་དོ། །གཏན་ཚིགས་བརྗོད་པ་ནི་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དམིགས་པ་མེད་པའི་ཕྱིར་རོ། །གཞན་མི་དམིགས་པས་ནི་གཞན་མེད་པར་མི་སྒྲུབ་པས་ན་སྐབས་ཀྱི་བུམ་པ་ཉིད་མི་དམིགས་པ་ཡིན་ནོ། །གང་མི་དམིགས་སོ་ཅོག་དེ་མེད་པ་ནི་མ་ཡིན་ཏེ། སྔ་ན་མེད་པ་དང་
འཇིག་རྟེན་གཞན་ལ་སོགས་པ་མི་དམིགས་ཀྱང་མི་ལྡོག་པའི་ཕྱིར་དང་། ཡུལ་དང་དུས་ལ་སོགས་པས་བསྐལ་པའི་བུམ་པ་ལ་སོགས་པ་ཡང་མེད་པར་ངེས་པར་མི་ནུས་པའི་ཕྱིར་རོ། །དེས་ན་དངོས་པོ་ཙམ་ནི་མི་དམིགས་པ་ཙམ་གྱིས་མེད་པར་བསྒྲུབ་པར་མི་ནུས་པས་སྒྲུབ་པར་བྱེད་པ་ཡང་ངེས་
པ་དགོས་པ་ཡིན་ལ། བསྒྲུབ་པར་བྱ་བ་ཡང་ཡིན་ནོ། །དེས་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཞེས་སྨོས་སོ། །འདིས་མཚོན་ཅིང་གསལ་བར་བྱེད་པས་ན་མཚན་ཉིད་དོ། །དམིགས་པ་ཉིད་མཚན་ཉིད་ཡིན་པས་དམིགས་པའི་མཚན་ཉིད་དེ་དེར་གྱུར་པའམ། དེས་གྱུར་ཅིང་
ཐོབ་པའི་ཡུལ་དུ་བྱས་པའོ། །དངོས་པོ་རྟགས་ལ་སོགས་པ་མཚོན་པས་དེ་རྣམ་པར་བཅད་པའི་ཕྱིར་དམིགས་པ་སྨོས་སོ། །དེ་དག་གི་རྟོགས་པར་བྱ་བའི་དངོས་པོ་ནི་རྟོགས་པ་མི་འཇུག་པས་མེད་པར་མི་འགྲུབ་པའི་ཕྱིར་རོ། །མངོན་དུ་བྱེད་པའི་དམིགས་པའི་ཡུལ་གྱི་དངོས་པོ་ནི་རྟོགས་པ་
མེད་པས་མེད་པ་ཉིད་དོ། འདིར་མི་དམིགས་པ་ནི་སྐབས་ཀྱིས་བསྒྲུབ་བྱ་དང་འབྲེལ་པ་ཉིད་བཟུང་བ་ཡིན་ཞིང་དེ་ཡང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དང་འབྲེལ་པས་ཁྱད་པར་དུ་བྱས་པ་ཡིན་པ་དེས་ན་བུམ་པ་དེ་ཡང་དམིགས་པའི་མཚན་ཉིད་དུ་གྱུར་པ་ཡིན་ནོ། །དེས་ན་བུམ་པ་མེད་དོ་
เล่ม ๑๘๒ · หน้า 13b
ཞེས་བྱ་བ་ནི་གསལ་བ་ཉིད་ཀྱི་བུམ་པ་དགག་པར་བྱ་བ་ཡིན་ནོ། །རྒྱུའི་ནང་དུ་རྟོགས་པ་ཙམ་གྱིས་ནི་དགག་པ་མ་ཡིན་ཏེ། ཟླ་བ་གཉིས་སུ་སྣང་བ་ཟླ་བ་ལ་ཡང་ཐལ་བའི་ཕྱིར་རོ། །མི་དམིགས་པ་ཡང་རྣམ་པ་དེ་ལྟ་བུ་དང་འབྲེལ་པ་ཡིན་གྱི། མི་དམིགས་པ་ཙམ་ནི་མ་ཡིན་ནོ། །དེ་ན་འདི་ནི་
གཏན་ཚིགས་ཀྱི་ཁྱད་པར་ཡིན་ཡང་གཉི་ག་ཉེ་བར་བྱེད་པ་ཡིན་ནོ། །གལ་ཏེ་འདི་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་བུམ་པ་མེད་དེ་མ་དམིགས་པའི་ཕྱིར་རོ་ཞེས་བྱ་བས་ཀྱང་རྟགས་ཁྱད་པར་དུ་བྱས་པར་འགྱུར་བ་ཉིད་དེ། དེ་དང་འབྲེལ་པ་ཉིད་དུ་ཉེ་བར་བཀོད་པའི་ཕྱིར་རོ། །དེས་ན་དེ་ལྟར་
ཡང་ཅི་སྟེ་མི་སྟོན་ཞེ་ན་བརྗོད་པ་སྒྲུབ་པར་བྱེད་པ་ཉེ་བར་དགོད་པ་ལ་བསྒྲུབ་བྱ་བསྟན་པ་ཡན་ལག་མ་ཡིན་པའི་ཕྱིར་ན། དེ་དེ་ལ་གནས་པར་མི་རྟོགས་པས་ཁྱད་པར་ཁོང་དུ་ཆུད་པར་མི་འགྱུར་བའི་ཕྱིར་རོ། །འོ་ན་འདིར་ཅིའི་དོན་དུ་བསྒྲུབ་པར་བྱ་བ་བསྟན་ཞེ་ན། སྦྱོར་བ་གསལ་བའི་དོན་ཉིད་དུའོ། །
འདིར་ནི་གཏན་ཚིགས་ཀྱི་རང་བཞིན་ཙམ་བརྗོད་པར་འདོད་པ་ཡིན་གྱི་བསྒྲུབ་བྱ་གྲུབ་པ་ནི་མ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་ལ་སོགས་པ་མ་བསྟན་པས་བསྒྲུབ་བྱ་མི་རྟོགས་པའི་ཕྱིར་མི་དམིགས་པའི་རང་བཞིན་འདི་ནི་གཏན་ཚིགས་མ་ཡིན་ནོ་སྙམ་དུ་རྟོགས་པར་འགྱུར་རོ། །མི་དམིགས་པ་ནི་
དངོས་པོ་དངོས་པོ་མེད་པར་བསྒྲུབ་པ་ལ་རྟོགས་པ་མེད་པ་ཡིན་ནོ། །དེ་བཞིན་དུ་བཤད་པའི་སྦྱོར་བ་གཉིས་ལ་ཡང་རྟོགས་པར་བྱའོ། །ཡང་ཇི་ལྟར་ན་གང་ཞིག་མེད་པ་དེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན། དེ་ལྟར་ཡིན་ན་ཡང་ཇི་ལྟར་མེད་པ་ཉིད་དུ་བརྗོད་ཅེ་ན། འདི་ནི་རྨོངས་པའི་
ཡུལ་ཅན་བརྩད་པར་བྱ་བ་མ་ཡིན་པ་རྩོད་པ་ཡིན་ཏེ་བུམ་པ་མེད་དོ་ཞེས་བྱ་བ་འདིར་བུམ་པ་ཡང་དེ་ལྟར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་མེད་པ་དེ་ནི་བུམ་པ་མ་ཡིན་ལ། བུམ་པ་གང་ཡིན་པ་དེ་ཡང་མེད་པ་མ་ཡིན་ཏེ། དེ་ལྟར་མ་ཡིན་ན་ཇི་ལྟར་བུམ་པ་མེད་ཅེས་འགོག །དེ་ནི་རིགས་པ་
མ་ཡིན་ཏེ། གང་གི་ཕྱིར་གང་གིས་འགལ་བར་འགྱུར་བ་བུམ་པ་རྣམ་པར་གཞག་ནས་དགག་པ་བསྒྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ནི་བུམ་པ་མེད་པར་རྟོགས་པ་ཉིད་དོ། །འོན་ཀྱང་དེར་བུམ་པ་ནི་ཡུལ་ཉིད་ཀྱིས་རྟོགས་པ་ལ་ཉེ་བར་མཁོ་བར་ཟད་དེ། དེས་ན་རྟོགས་པ་འཇུག་པ་ཙམ་འགལ་བ་
เล่ม ๑๘๒ · หน้า 14a
ཡིན་གྱི་རྟོགས་པར་བྱ་བ་འགལ་བ་ནི་མ་ཡིན་ནོ། །དེ་ནི། དེ་འདྲ་མེད་པར་ཆོས་ཅན་དེ། །དེ་དག་དང་ནི་འབྲེལ་པར་སྣང་། །ཞེས་རྣམ་པར་ངེས་པ་ཡང་ཕྱི་རོལ་ལ་བརྟེན་པ་ཉིད་བཀག་པ་ཡིན་ནོ། །དེའི་ཕྱིར་བུམ་པ་མེད་དོ་ཞེས་བྱ་བ་དང་། བལྟར་རུང་བའི་བུམ་པ་མེད་དོ་ཞེས་
འགོག་པ་ལ་ནི་ཁྱད་པར་མེད་དོ། །རེས་འགའ་སྐྱེས་བུ་མེད་དོ་ཞེའམ། རེས་འགའ་སྐྱེས་བུ་དཀར་ཤམ་མེད་དོ་ཞེས་ཁྱད་པར་སྟོང་ཕྲག་གིས་ཉེ་བར་བསྒྱུར་བ་འགོག་ཀྱང་རུང་སྟེ། དངོས་པོ་གང་དང་གང་མེད་པ་དེ་དང་དེ་མེད་པར་སྒྲུབ་པ་ན་དེ་ཇི་ལྟ་བུར་གྱུར་པ་དེ་ལྟ་བུར་གྱུར་པ་ཉིད་ཁྱད་པར་དང་བཅས་
པའམ། ཁྱད་པར་མེད་པ་ཡིན་ཡང་རུང་སྟེ། ཡུལ་ཉིད་དུ་འཇོག་པ་ཡིན་ནོ། །ཁྱད་པར་ཅན་སྒྲུབ་པ་ན་དེའི་ཁྱད་པར་ཐབས་གཞན་གྱིས་གྲུབ་པ་མ་ཡིན་ཏེ། འོན་ཀྱང་ཇི་ལྟར་ཙནྡན་གྱི་དུ་བ་རྟོགས་ན་དེ་ཉིད་ལས་དེའི་མེ་གྲུབ་པ་དེ་བཞིན་དུ། བལྟར་རུང་བའི་བུམ་པ་མེད་པ་གྲུབ་པར་བྱེད་པ་ནི་
བལྟར་རུང་བ་མི་དམིགས་པ་ཡིན་ནོ། །འདིར་ནི་འདི་ཙམ་ཞིག་བརྗོད་པར་བྱ་བར་ཟད་དེ། གཏན་ཚིགས་མ་གྲུབ་པ་ནི་སྒྲུབ་བྱེད་ཀྱི་ཡན་ལག་མ་ཡིན་པས་ན་དེ་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་ནི་རྣམ་པ་ཉིད་དུ་གྲུབ་པ་ལ་ལྟོས་པ་ཡིན་ཏེ། ཙནྡན་གྱི་དུ་བ་བཞིན་ནོ། །དེས་ན་འདིར་བལྟར་རུང་བ་ཇི་ལྟར་གྲུབ་ཅེས་དཔྱོད་པ་
ནི་རིགས་ཀྱི་བུམ་པ་བལྟར་རུང་བ་ཇི་ལྟར་ཡིན་ཞེས་ནི་མ་ཡིན་ནོ། །ཤེས་པ་གཅིག་གིས་བཟུང་བ་དག་ལས་གཅིག་དམིགས་པ་ན་གཞན་མི་དམིགས་པ་ནི་བལྟར་རུང་བ་མི་དམིགས་པ་ཞེས་བྱ་བར་གྲུབ་པ་ཁོ་ནའོ། །ཇི་སྐད་བཤད་པའི་ཁྱད་པར་གྱི་ཁྱད་པར་ཅན་དུ་གྱུར་པའི་གཏན་ཚིགས་ཉིད་འཁྲུལ་པ་མེད་
པ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ་ཞེས་སྟོན་པ་ན་ཁྱད་པར་ཉེ་བར་བཀོད་པའི་འབྲས་བུ་འཆད་པ་ནི། གལ་ཏེ་ཡོད་ན་ཞེས་བྱ་བ་ཡིན་ནོ། །གལ་ཏེ་བུམ་པ་ཡོད་པར་གྱུར་གྱི་མེད་པ་ནི་མ་ཡིན་ནོ། །དེའི་ཚེ་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཡོད་པ་ཁོ་ནར་འགྱུར་ཏེ། བལྟར་རུང་བ་ཁོ་ནར་འགྱུར་
གྱི། བལྟར་མི་རུང་བ་ནི་མ་ཡིན་ནོ། །གང་གི་ཕྱིར་འདི་དམིགས་པའི་མཚན་ཉིད་དུ་གྱུར་པ་ཉིད་དམིགས་པ་ཡིན་པ་དེས་ན་འདིར་རང་གི་བསྒྲུབ་པར་བྱ་བ་དངོས་པོ་མེད་པ་དངོས་པོ་ཡོད་པའི་མཚན་ཉིད་ལ་འགྱུར་བ་མ་ཡིན་ནོ། །དམིགས་པའི་མཚན་ཉིད་དུ་གྱུར་པའི་དངོས་པོ་ནི་མངོན་སུམ་པ་ལ་བརྗོད་
เล่ม ๑๘๒ · หน้า 14b
དོ། །གལ་ཏེ་དེ་ཡོད་ན་ནི་མངོན་སུམ་ཁོ་ནར་འགྱུར་བ་དེས་ན་འདིར་ནི་མི་དམིགས་པར་མི་འགྱུར་ཏེ། རྟོགས་པ་ཡོད་པའི་ཕྱིར་རོ། །དེས་ན་ཁྱད་པར་དང་བཅས་པའི་གཏན་ཚིགས་ནི་འཁྲུལ་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་དེས་ན་ཞེས་སྨོས་སོ། །བསམ་པ་འདི་ཡིན་ཏེ། དམིགས་པའི་མཚན་ཉིད་
ཀྱིར་གྱུར་པ་ཞེས་བྱ་བས་ནི་འདིར་དངོས་པོའི་རང་བཞིན་ངེས་པ་ཅན་བཟུང་བ་ཡིན་ནོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ནི་དམིགས་པས་བཟུང་བའི་རང་བཞིན་ཁྱད་པར་ཅན་གྱི་དངོས་པོ་བལྟར་རུང་བ་བརྗོད་པ་ཡིན་ཏེ་དེས་ན་མཐོང་བས་བཟུང་བའི་རང་བཞིན་མཐོང་བའི་རྒྱུ་མཚན་དུ་ངེས་པ་གང་
ཡིན་པ་དེ་མཐོང་བ་མེད་པར་ཇི་ལྟར་འགྱུར་དེས་གང་ལ་དམིགས་པ་མི་འཁྲུལ་བར་འགྱུར་བ་ན་ཁྱད་པར་གྱི་དངོས་པོའི་རང་བཞིན་ངེས་པར་བྱས་པ་ཡིན་ནོ། །དེ་མེད་ན་ནི་དངོས་པོའི་རང་བཞིན་ངེས་པ་རྗེས་སུ་ཞུགས་པ་མེད་པས་ཡོད་པའི་དངོས་པོ་ལ་ཡང་མི་དམིགས་པར་འགྱུར་རོ། །གལ་ཏེ་མི་
དམིགས་པ་རྣམས་ཀྱི་ཡང་མེད་པ་ནི་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེས་ན་འདིར་ཡང་དངོས་པོ་ཉིད་ལས་དངོས་པོ་འགྲུབ་པའི་ཕྱིར་དང་། དེ་ཡང་འབྲས་བུ་དང་རང་བཞིན་ལས་མི་འདའ་བའི་ཕྱིར། འབྲས་བུ་དང་རང་བཞིན་ཉིད་རང་གི་བསྒྲུབ་པར་བྱ་བ་ལ་ཉེ་བར་དགོད་པར་རིགས་ཀྱི་མི་
དམིགས་པ་ནི་མ་ཡིན་ནོ། །དེ་ལས་ཞེས་སྨོས་སོ། །ཇི་སྐད་ཉེ་བར་བསྟན་པའི་གཏན་ཚིགས་གསུམ་ལས་འབྲས་བུ་དང་། རང་བཞིན་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ཏེ། འདི་གཉིས་ཀྱིས་ནི་འདི་ན་མེ་ཡོད་དོ། །འདི་ནི་ཤིང་ཡིན་ནོ། །དངོས་པོ་གྲུབ་ཀྱི། འགའ་ཞིག་དངོས་པོ་མེད་
པར་རྟོགས་པར་བྱ་བ་ལ་ནི་འདི་གཉིས་ཉེ་བར་སྦྱོར་བ་མ་ཡིན་ནོ། །དེས་ན་བུམ་པ་མེད་པ་ལ་སོགས་པའི་གཞལ་བྱ་དག་ལ་ནི་འདི་གཉིས་སྦྱོར་བ་མི་སྲིད་པས་ན་དགག་པའི་གཏན་ཚིགས་ལོགས་སུ་བཀོད་དོ། དེ་ལྟ་མ་ཡིན་ན་ནི་དེ་མི་རྟོགས་པའི་ཕྱིར་རོ། །དེ་ཡང་མི་དམིགས་པ་ཡིན་ནོ། །
འོན་ཀྱང་དེ་ནི་གང་ལས་འདིའི་དགག་པ་རྟོགས་པར་འགྱུར་བ་ཉིད་དོན་གཞན་གྱི་བདག་ཉིད་ཅན་འཇིག་རྟེན་པའི་རྟོག་པའི་རྗེས་སུ་འགྲོ་བའི་དགག་པ་ཉིད་ཡིན་ཏེ། དེས་ན་དངོས་པོའི་སྒྲུབ་པར་བྱེད་པ་ཉིད་ལས་མ་ཉམས་སོ་ཞེས་སྟོན་པར་འགྱུར་རོ། །དེས་ན་དེ་ལྟར་ངེས་པར་འགྱུར་བའི་ཚུལ་གསུམ་གྱིས་
เล่ม ๑๘๒ · หน้า 15a
ཟིན་པ་བཤད་པར་རིགས་པར་བྱ་བ་ཡིན་པས་ཕྱོགས་ཀྱི་ཆོས་ཉིད་ནི་མངོན་སུམ་ལ་སོགས་པས་ཀྱང་ཤེས་པར་བླ་བའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བསྟན་པའི་ཕྱིར་ཚུལ་གསུམ་པོ་གསུམ་ལ་ཉེ་བར་བསྡུས་ཏེ་དེ་གསུམ་སྟོན་པ་ཡིན་ནོ། །ད་ནི་གསུམ་ལ་ཇི་ལྟར་འགྲུབ་
པ་དེ་བསྟན་པའི་ཕྱིར་རང་བཞིན་འབྲེལ་པ་ཡོད་ན་ཞེས་སྨོས་སོ། །གང་གི་ཕྱིར་རང་བཞིན་འབྲེལ་པ་ཞེས་བྱ་བ་རག་ལས་པ་དང་གཞན་གྱི་དབང་དུ་གྱུར་པ་དེ་ཡོད་ན། རྟགས་ཀྱི་མཚན་ཉིད་ཀྱི་དོན་གྱིས་རྟགས་ཅན་གྱི་དོན་འཁྲུལ་པ་མེད་དོ། །མི་འཁྲུལ་བ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་བདག་ཉིད་
ཅན། དེ་ལ་སྒྲུབ་པར་བྱེད་པ་ཡོད་ན་བསྒྲུབ་པར་བྱ་བ་ཡོད་པ་དང་བསྒྲུབ་པར་བྱ་བ་མེད་ན་མེད་པར་བརྗོད་དོ། །དེས་ན་གང་གི་ཚེ་གང་གི་རང་བཞིན་གང་གི་གཞན་གྱི་དབང་དུ་གྱུར་པ་དེ་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཏུ་འཐད་པ་དེའི་ཚེ་གསུམ་ཉིད་ལ་ཚུལ་གསུམ་ཡོད་པ་ཡིན་ཏེ། གཞན་ལ་རྗེས་
སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །གསུམ་ལ་ཚུལ་གསུམ་འབྲེལ་པས་གྲུབ་པར་སྟོན་པ་ན་དེ་དག་ཉིད་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་བསྒྲུབ་པར་ནུས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེས་ན་དེ་རྣམས་ལ་དེ་གཉིས་ཀྱི་ངེས་པའི་རྒྱུ་ནི་འདི་ཉིད་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འདི་ལྟར་
ཡོད་པ་དང་བྱས་པ་ལ་སོགས་པའི་གཏན་ཚིགས་རྣམས་ནི་གསུམ་པོ་དག་ལས་གཞན་མ་ཡིན་ལ། གསུམ་པོ་རྣམས་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་རང་བཞིན་འབྲེལ་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་དེའི་རྩ་བ་ཅན་ཉིད་ཀྱིས་གྲུབ་པར་བརྗོད་པ་ཡིན་ནོ། །དེ་
ལྟར་ན་ཡང་འབྲས་བུ་དང་རང་བཞིན་དང་མི་དམིགས་པ་གསུམ་གཏན་ཚིགས་ཡིན་པ་ག་ལས་ཤེས་དོགས་ན་རང་བཞིན་འབྲེལ་པ་གསུམ་ལ་ངེས་པར་བསྟན་པའི་ཕྱིར་རྩོམ་པ་ནི་དེ་ནི་ཞེས་བྱ་བའོ། །རྟགས་རྟགས་ཅན་ལ་རང་བཞིན་འབྲེལ་པར་བཤད་པ་གང་ཡིན་པ་དེ་ནི་དེའི་བདག་ཉིད་ཡིན་པའི་
ཕྱིར་རོ། །གང་ཞིག་གང་ལ་མི་འཁྲུལ་པ་དེ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་ཏེ། སྒྲུབ་པར་བྱེད་པ་ནི་བསྒྲུབ་པར་བྱ་བ་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གོ་བར་བྱེད་པའི་དབང་དུ་བྱས་ནས་དེའི་བདག་ཉིད་དུ་བསྟན་པའི་ཕྱིར། །གོ་བར་བྱེད་པ་ནི་ཆོས་ཉིད་དོ། །དེས་ན་སྒྲུབ་པར་
เล่ม ๑๘๒ · หน้า 15b
བྱེད་པ་ཉིད་བསྒྲུབ་པར་བྱ་བའི་རང་བཞིན་དུ་བརྗོད་པ་ཡིན་ནོ། །དེས་ན་གང་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་རང་བཞིན་ངེས་པར་མ་བསམས་པའི་བློ་ཅན་གཞན་དག་ལན་འདེབས་པར་སེམས། །གོ་བར་བྱ་བ་དང་གོ་བར་བྱེད་པ་ཁྱད་པར་མེད་པར་རྩོད་པའི་སྐབས་ནི་ཡོད་པ་མ་ཡིན་ནོ། །གང་ཞིག་
ཉིད་གང་གི་རང་བཞིན་མ་ཡིན་པ་དེ་ཉིད་རང་གི་ངོ་བོ་དེ་གོ་བར་བྱེད་པ་ཡིན་ལ། གང་ཞིག་དེའི་རང་བཞིན་མ་ཡིན་པ་དེ་ནི་དེ་གོ་བར་བྱེད་པ་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་འདིའི་རང་བཞིན་ཡིན་པ་དེའི་ཕྱིར་དེ་འདིར་རང་བཞིན་འབྲེལ་པ་ཡིན་ཏེ། རང་གི་ངོ་བོ་རང་གི་བདག་ཉིད་ཀྱི་
གཞན་གྱི་དབང་དུ་གྱུར་པའི་ཕྱིར། །ཤ་པའི་ཡལ་ག་དང་ལྡན་པ་ཉིད་བཞིན་ནོ། །ཤ་པ་ཉིད་ནི་ལོ་མ་ལ་སོགས་པ་དང་ལྡན་པའི་ཁྱད་པར་ཉིད་ཡིན་ཏེ། དེས་ན་ཁྱད་པར་གཞན་དུ་གྱུར་པ་མ་ཡིན་པ་ལོ་མ་ལ་སོགས་པ་དང་ལྡན་པའི་བདག་ཉིད་དུ་གྱུར་པའི་ཤ་པའི་རང་བཞིན་ནི་ཤིང་ཉིད་ཡིན་ཏེ་དེས་ན་དེ་ནི་
དེའི་གཞན་གྱི་དབང་ཉིད་དུ་གྱུར་པ་ཡིན་ནོ། །ཁྱད་པར་ཅན་དུ་གྱུར་པའི་ལོ་མ་ལ་སོགས་པ་དང་ལྡན་པའི་ཤ་པ་ཉིད་གང་ཡིན་པ་དེའི་རང་བཞིན་ནི་ལོ་མ་ལ་སོགས་པ་དང་ལྡན་པ་ཡིན་ཏེ་དེས་ན་ལོ་མ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །ཁྱད་པར་དུ་གྱུར་པ་དེ་ཡང་ཤ་པ་ཡིན་པའི་ཕྱིར་དེ་ཤིང་ཉིད་ལ་འཁྲུལ་
པ་མེད་དོ། །ཤིང་ཉིད་ཀྱི་རང་བཞིན་ནི་ཤ་པ་ཡིན་པའི་ཕྱིར་དེ་ནི་དེའི་གོ་བར་བྱེད་པ་མ་ཡིན་ནོ། །ལོ་མ་ལ་སོགས་པ་དང་ལྡན་པ་ཙམ་གྱི་རང་བཞིན་ཡིན་པས་ཁྱད་པར་ངེས་པ་ལ་མི་ལྟོས་པའི་ཕྱིར་ན་ཁྱད་པར་གཞན་དང་གཅིག་པ་མི་སྲིད་པའི་ཕྱིར་རོ། །རྩོལ་བ་ལས་བྱུང་བ་ཉིད་ཀྱང་མི་རྟག་པའི་བདག་
ཉིད་ཅན་ཡིན་གྱི་བཟློག་པ་ནི་མ་ཡིན་ནོ། །དངོས་པོ་རྣམས་ནི་འཇིག་པ་ལ་ལྟོས་པ་མེད་པ་ལས་བྱུང་མ་ཐག་ཏུ་ངེས་པས་འཇིག་པ་ཡིན་ལ། དངོས་པོ་ཡང་རྩོལ་བ་ལས་བྱུང་བ་ཡིན་པའི་ཕྱིར། འདིའི་འཇིག་པ་ནི་ངེས་པ་ཉིད་ཡིན་པས་ན། འདི་ནི་འཇིག་པའི་ངང་ཅན་གྱི་བདག་ཉིད་ཡིན་
ནོ། །མི་རྟག་པ་ཉིད་ནི་རྩོལ་བ་ལས་བྱུང་བའི་རང་བཞིན་ཅན་ཉིད་མ་ཡིན་ནོ། །དེ་བཞིན་དུ་བྱས་པ་ཉིད་ལ་སོགས་པ་ཡང་ངོ་། །མི་རྟག་པ་ཉིད་ཡོད་པའི་རང་བཞིན་ལས་ནི་མི་འདའ་བའི་ཕྱིར་མི་རྟག་པ་ཉིད་ཀྱིས་ཡོད་པ་ཞེས་རྟོགས་པར་འགྱུར་བ་ཉིད་དེ་དཔེར་ན་ཡོད་པས་མི་རྟག་པའོ་ཞེས་བྱ་བ་བཞིན་
เล่ม ๑๘๒ · หน้า 16a
ནོ། །དེ་བཞིན་དུ་བུམ་པ་ཉིད་ཀྱང་ཡོད་པའི་བདག་ཉིད་ཅན་ཡིན་ལ་ཡོད་པ་ནི་བུམ་པས་སྟོང་པ་ཉིད་དོ། །དེ་བཞིན་དུ་སའི་རང་བཞིན་དང་དངུལ་དག་ཀྱང་ཡིན་ཏེ། གཞན་ཡང་དེ་བཞིན་དུ་རྟོགས་པར་བྱའོ། །གལ་ཏེ་བྱས་པ་དང་མི་རྟག་པ་ལ་སོགས་པའི་རང་བཞིན་དངོས་
པོ་དངོས་སུ་ཐ་མི་དད་པ་ཉིད་མ་ཡིན་ནམ། དེས་ན་དངོས་པོའི་གནས་པ་ལ་སོགས་པ་ལ་མི་ལྟོས་པར་རང་གི་བག་ཆགས་ཀྱི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པས་ཐ་དད་པས་རྟོགས་པ་ཡིན་ནོ། །དེས་ན་དེའི་རང་བཞིན་དང་བཟློག་པའི་རྣམ་པར་དབྱེ་བ་འདི་གལ་ཏེ་དངོས་པོའི་རང་བཞིན་ལ་ལྟོས་པ་ཡིན་
ན་ནི་དེའི་ཚེ་ནུས་པ་མ་ཡིན་ཏེ་དེ་ལ་བྱས་པ་དང་མི་རྟག་པའི་རྣམ་པར་དབྱེ་བ་མེད་པའི་ཕྱིར་རོ། །དེ་མེད་ན་མི་རྟག་པ་ཉིད་འདི་ནི་གཞན་གྱི་རང་བཞིན་ཡིན་ལ། དེ་ནི་འདི་མ་ཡིན་ནོ་ཞེས་བྱ་བར་ག་ལ་འགྱུར། འོན་ཏེ་རྣམ་པར་རྟོག་པས་ཀུན་བརྟགས་པའི་ཆོས་ལ་ལྟོས་པ་ཡིན་ན། འོ་ན་ནི་རྣམས་
པར་རྟོག་པས་བྱས་པ་ཡིན་པའི་ཕྱིར་དེ་ལས་དངོས་པོ་རྣམ་པར་གནས་པ་མ་ཡིན་ནོ། །འདིས་གཞན་གཞན་གྱི་རང་བཞིན་དུ་ཇི་ལྟར་བརྟགས་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ལྟར་ཡིན་ནོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད། དེ་ལྟ་ན་འོ་ན་དངོས་པོ་ལ་ཁྱད་པར་མེད་པའི་ཕྱིར་དང་། བརྟགས་པ་ལ་ཡང་དངོས་པོ་
མ་ཡིན་པའི་ཕྱིར་དེའི་བདག་ཉིད་གཏན་ཚིགས་ཅན་གྱི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ངེས་པ་མེད་པར་འགྱུར་རོ་ཞེ་ན། ཇི་ལྟར་ངེས་པ་མེད་པ་གང་གི་ཕྱིར་དངོས་པོ་ལ་ཐ་དད་པ་མེད་པའི་ཕྱིར་མི་འཁྲུལ་པར་ངེས་པ་ཉིད་ཀྱིས་སོ། །དེའི་བདག་ཉིད་ཅན་ནི་མེད་པར་
མི་འབྱུང་བའི་ཕྱིར་འཁྲུལ་པ་མེད་པས་རང་གི་མཚན་ཉིད་ཀྱི་བདག་ཉིད་ཀྱི་རྩོལ་བ་ལས་བྱུང་བ་དང་མི་རྟག་པ་གང་ཡིན་པ་དེ་དག་ནི་མི་འཁྲུལ་པ་ཉིད་དོ། །རྩོལ་བ་ལས་བྱུང་བའི་རྫས་ཀྱི་བདག་ཉིད་དུ་གྱུར་པའི་མི་རྟག་པ་ཉིད་ནི་རྩོལ་བ་ལས་བྱུང་བ་ཉིད་འདོར་བ་མ་ཡིན་ལ། དེ་ཡང་འདིས་མི་འདོར་རོ། །དེ་
བཞིན་དུ་བུམ་པ་དང་རྡུལ་དག་ཀྱང་རྫས་གཞན་ལ་དེ་ལྟ་མ་ཡིན་པར་འགྱུར་ཡང་རྫས་གང་ལ་བདག་གཅིག་ཏུ་གྱུར་པའི་རྫས་དེ་ལ་འཁྲུལ་པ་མེད་པ་ཉིད་དོ། །དེ་དང་དེ་མ་ཡིན་པའི་རྫས་ལ་ཡོད་པའི་ཆོས་གཉིས་པོ་དེ་ནི་གསལ་བ་ཐ་དད་པ་ཁོ་ནའོ། །དེས་ན་གཞན་འཁྲུལ་པས་གཞན་དེ་ལྟར་མི་འགྱུར་བའི་
เล่ม ๑๘๒ · หน้า 16b
ཕྱིར་དེའི་བདག་ཉིད་ལ་འཁྲུལ་པ་མེད་དོ། །འོ་ན་ཇི་ལྟར་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་མ་ཡིན་ཞེ་ན། འདིར་བརྗོད་པ། གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ནི་རྣམ་པར་རྟོག་པ་ལ་གནས་པ་ལ་ལྟོས་པ་ཡིན་ཏེ། རྣམ་པར་རྟོག་པ་ལ་མི་གནས་པའི་དངོས་པོ་ནི་རྟོག་པར་བྱེད་པ་
མ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཡང་ཆོས་འགའ་ཞིག་ནི་དེ་དང་དེ་མ་ཡིན་པའི་དངོས་པོར་ངེས་པར་བྱེད་དེ་དཔེར་ན་རྩོལ་བ་ལས་བྱུང་བའི་བདག་ཉིད་ཅན་གྱི་མི་རྟག་པ་ཉིད་དེ་ལ་མི་འཁྲུལ་པ་ཡིན་ཡང་། རྩོལ་བ་ལས་བྱུང་བ་དང་རྩོལ་བ་མ་ཡིན་པའི་རང་བཞིན་དུ་ངེས་པར་བྱེད་པའི་ཕྱིར་
དེའི་ཞེན་པས་བྱས་པ་མི་འཁྲུལ་པ་དེ་གོ་བར་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་ཤིང་ཉིད་ཀྱང་ཤ་པ་དང་ཤ་པ་མ་ཡིན་པའི་རང་བཞིན་ཡིན་ལ་བུམ་པ་དང་རྡུལ་ཉིད་དག་ཀྱང་དེ་དང་དེ་མ་ཡིན་པའི་རང་བཞིན་ཡིན་ནོ། །ཤ་པ་ཉིད་དང་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་ཤིང་དང་མི་རྟག་པར་འགྱུར་བ་ཁོ་ནའོ། །
བྱས་པ་ཉིད་ལ་སོགས་པ་ཡང་དེ་བཞིན་ཏེ་གོ་བར་བྱེད་པ་ནི་དེའི་ངོ་བོ་ཉིད་དུ་ངེས་པ་ཡིན་ནོ། །དེའི་ཕྱིར་འཁྲུལ་པ་མེད་པ་ཡིན་ཡང་རྣམ་པར་རྟོག་པའི་ཉེས་པས་འཁྲུལ་པ་དང་མི་འཁྲུལ་པ་གཅིག་ཏུ་ངེས་པའི་ཕྱིར་འཁྲུལ་པ་དང་བཅས་པར་འགྱུར་ཏེ། དེའི་ཕྱིར་གང་ལ་སྐུར་པ་འདི་མེད་པ་
དེ་ནི་འབྲེལ་པའི་དབང་གིས་གོ་བར་བྱེད་པ་ཉིད་དོ་ཞེས་སོ། །འདི་ཡང་གཅོལ་མེད་པ་ཉིད་དེ་རང་གི་མཚན་ཉིད་ཀྱི་བདག་ཉིད་ཀྱི་ཆོས་དེའི་བདག་ཉིད་དུ་གྱུར་པ་རྣམས་ནི་མི་འཁྲུལ་པར་སྦྱོར་བར་བྱེད་པ་མ་ཡིན་པའི་ཕྱིར་བརྗོད་པར་མི་འོས་པ་ཉིད་དོ། །གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་
ནི་རང་གི་མཚན་ཉིད་གཞན་གྱི་མཐར་ཐུག་པ་ཉིད་དེ། བསྒྲུབ་པར་བྱ་བའི་ཆོས་ཅན་རང་གི་མཚན་ཉིད་གཞན་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་དག་ཆོས་ཅན་གཅིག་ལ་བདག་ཉིད་དུ་གཅིག་ཏུ་ཟིན་ཀྱང་དེ་ལྟར་རང་གི་མཚན་ཉིད་གཞན་ལ་མ་ངེས་པ་མ་ཡིན་པ་དེའི་ཚེ་དེ་མི་འཁྲུལ་པའི་རྒྱུ་མ་ཡིན་
ནོ། །ཐམས་ཅད་དུ་དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་མི་འཁྲུལ་པ་ནི་མཐོང་བ་དང་མ་མཐོང་བའི་རྒྱུ་ཅན་ཉིད་ཡིན་པ་བསལ་ནས་འབྲེལ་པའི་རྒྱུ་མཚན་ཅན་དུ་རྣམ་པར་འཇོག་པར་འགྱུར་རོ། །གལ་ཏེ་དེའི་བདག་ཉིད་ཡིན་ཏེ་བུམ་པ་རྡུལ་ཡིན་ཞེས་ངེས་པ་མེད་ན་དེ་ལས་མི་འཁྲུལ་པ་མ་ཡིན་ནོ། །
เล่ม ๑๘๒ · หน้า 17a
རང་གི་མཚན་ཉིད་གཅིག་གི་མཐར་ཐུག་པའི་ངེས་པས་ནི་ཐམས་ཅད་དུ་ཡིན་ནོ་ཞེས་ནུས་པ་མ་ཡིན་ནོ། །འོན་ཏེ་རྡུལ་ལ་བརྟེན་པ་ཉིད་ཡིན་ན། དེའི་ཚེ་རྡུལ་གང་ཡིན་པ་དེ་ནི་རྡུལ་ཉིད་ཡིན་ནོ་ཞེས་ལུགས་ལོག་པར་བསྟན་ཏོ། །དེའི་ཕྱིར་བདག་ཉིད་གཅིག་ལ་མི་འཁྲུལ་
པར་བརྗོད་པ་ནི་ཕོངས་པ་སྒྲུབ་པར་བྱེད་པ་ཙམ་དུ་ཟད་ཀྱི། དངོས་པོ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །གང་ཞིག་རྣམ་པར་རྟོག་པས་བདག་གཅིག་ཏུ་རྟོགས་པར་འགྱུར་བ་ཤ་པའི་བདག་ཉིད་ཅན་གྱི་ཤིང་གཅིག་དེར་ངེས་པ་ཡིན་ཡང་གལ་ཏེ་ལོ་མ་ལ་སོགས་པ་དང་ལྡན་པ་དེའི་རང་བཞིན་ཅན་མ་
ཡིན་པ་གཞན་ཉིད་ཡོད་པ་ཡིན་ན། དེའི་ཚེ་ཤ་པ་ཉིད་ཀྱང་ཤིང་ལ་འཁྲུལ་བར་འགྱུར་ཏེ། དེའི་ཕྱིར་གཞན་མེད་དོ་ཞེས་ཇི་ལྟར་རྟོག །དེའི་བདག་ཉིད་ནི་གཅིག་ཉིད་ལ་ངེས་པར་བྱེད་པ་ཡིན་ཏེ། དེས་ན་དེའི་རིགས་ཅན་གྱི་ཆོས་གཞན་ནི་བཅད་པར་མི་ནུས་སོ། །དེའི་ཕྱིར་ཇི་ལྟར་བྱས་པ་ཉིད་
མི་རྟག་པའི་བདག་ཉིད་ཅན་ཡིན་པ་དེ་བཞིན་དུ་གཞན་ཡང་ཡོད་པར་འགྱུར་ཞིང་དེ་ཡང་རྣམ་པར་རྟོག་པས་གཅིག་ཏུ་ངེས་པའི་ཕྱིར། གཞན་གྱི་རང་བཞིན་གྱི་བྱས་པ་མ་མཐོང་ཡང་འཁྲུལ་པ་མེད་པར་ངེས་པ་མེད་དོ། །གནོད་པར་བྱེད་པས་གཞན་ལ་འཇུག་པ་གཅོད་དོ་ཞེ་ན། འབྲེལ་པ་ཉེ་བར་བཀོད་པས་
ཅི་ཡང་བྱར་མེད་དོ། །དེ་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ལ་མེད་པ་རྟོགས་པས་ན། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དངོས་པོར་རྣམ་པར་གནས་པའི་ཕྱིར་རོ། །དངོས་སུ་ན་བསྒྲུབ་བྱ་སྒྲུབ་བྱེད་དག་ཐ་མི་དད་པའི་ཕྱིར་རོ་ཞེ་ན། ཐ་མི་དད་པ་དེ་ནི་ཡོད་ཀྱང་གོ་བར་བྱེད་པའི་ཡན་ལག་མ་ཡིན་ཏེ། ཐ་དད་ཀྱང་
གནོད་པར་བྱེད་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ལ་འཇུག་པ་རྣམ་པར་བཅད་པ་ནི་གོ་བར་བྱེད་པ་ཁོ་ན་ཡིན་ལ་དེ་ནི་བསྒྲུབ་པར་བྱ་བའི་རྟོགས་པ་ལ་ཡང་གྲུབ་པའི་ཕྱིར་རོ། །ཐ་དད་པ་མེད་པའི་ཕྱིར་ཆོས་རྣམས་དེའི་བདག་ཉིད་དུ་གྲུབ་བོ་ཞེ་ན། འོ་ན་དེ་ཐ་དད་པ་བཀག་པ་ཉིད་ཀྱིས་མཐར་ཕྱིན་པའི་ཕྱིར་
འབྲེལ་པ་བསྟན་པས་ཅི་ཞིག་བྱ། དེས་ན་འདིར་ནི་བརྗོད་པར་མི་བྱ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་གོ་བར་བྱེད་པ་གོ་བར་བྱ་བའི་བདག་ཉིད་ཡིན་པའི་ཕྱིར་དེའི་བདག་ཉིད་དུ་བརྗོད་དོ། །འདི་ཡང་ཇི་ལྟར་འགྲུབ་ཅེ་ན། མི་འགྲུབ་པར་ཇི་ལྟར་འགྱུར། གང་གི་ཕྱིར་འདི་ལ་དངོས་པོ་རྣམས་རང་བཞིན་ཕན་
เล่ม ๑๘๒ · หน้า 17b
ཚུན་ཐ་དད་པ་ཉིད་ཀྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར། གཅིག་གི་རང་བཞིན་གང་ཡིན་པ་དེ་གཞན་ལ་མེད་པ་དེ་ནི་འཁྲུལ་པ་དང་མི་འཁྲུལ་པའི་དཔྱོད་པ་འདིའི་རྟེན་མ་ཡིན་ནོ། །དེ་ལ་ཡོད་པའི་རང་བཞིན་མེད་པ་གཞན་ལ་ཡོད་ན་འཁྲུལ་པ་ཡིན་ཏེ། དཔེར་ན་སྒྲ་བྱས་པ་དེ་ལ་ཡོད་པའི་བྱས་པ་ཉིད་སྒྲ་མེད་པར་
བུམ་པ་ལ་ཡོད་པ་ན་སྒྲ་ལ་འཁྲུལ་པ་བཞིན་ནོ། །འདི་ནི་ཡོད་པ་མ་ཡིན་ཏེ། །གཅིག་ཉིད་དུ་ཐལ་བས་ན་སྒྲ་ནི་བུམ་པ་ལ་མེད་པའི་ཕྱིར་རོ། །དེའི་ནི་འགའ་ཡང་དེ་ལ་མེད་པའི་ཕྱིར་འདི་ཇི་ལྟར་འཁྲུལ་པ་ཡིན། དེས་ན་གལ་ཏེ་དེའི་རང་བཞིན་གཞན་ལ་སྲིད་པ་མ་ཡིན་པ་དེ་ལྟ་ན་བྱས་པ་ཉིད་ནི་དེ་ལ་ཡོད་པ་
ཡིན་ཏེ། འོན་ཀྱང་དེ་ལ་ཡོད་པ་གང་ཡིན་པ་དེ་ཉིད་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་ཀྱང་བྱས་པ་ཙམ་ཡོད་པ་ལ་ལྟོས་ཏེ་འཁྲུལ་པ་ཡིན་ནོ། །འདི་ལྟར་རྒྱུའི་བྱེད་པ་ལ་གྲུབ་པ་གང་ཡིན་པ་དེ་བྱས་པ་ཡིན་པའི་ཕྱིར་སྒྲ་བཞིན་དུ་བུམ་པ་ཡང་དེ་ལྟ་བུ་ཡིན་ནོ། །དེས་ན་དེ་ལྟར་དེའི་རང་བཞིན་གང་
ཡིན་པ་དེ་གཞན་ལ་མེད་པ་ཡིན་གྱི་བྱས་པ་ཉིད་ནི་ཡོད་པ་ཉིད་དོ། །དེས་ན་རྒྱུའི་དེ་མ་ཐག་ཏུ་འབྱུང་བ་ཉིད་ཀྱིས་བྱས་པ་ཉིད་ཡིན་ཡང་ཉན་པས་བཟུང་བའི་བདག་ཉིད་བུམ་པ་ལ་མེད་པའི་ཕྱིར་ཏེ། དཔེར་ན་སྒྲའི་རང་བཞིན་ཉིད་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་སྒྲ་བཞིན་དུ་བུམ་པ་ཡང་བྱུང་མ་ཐག་ཏུ་
འཇིག་པ་མ་ཡིན་ནོ། །བྱས་པ་མི་རྟག་པ་དང་འཁྲུལ་པར་འགྱུར་ཏེ། དཔེར་ན་སྒྲའམ་བུམ་པ་རྟག་པར་ཐེ་ཚོམ་ཟ་བ་ན་མི་རྟག་པ་ཉིད་ལས་དེ་ལ་བསྟན་པར་མི་འགྱུར་རོ། །དེས་ན་ཇི་ལྟར་བུམ་པ་བྱས་པ་ཡིན་པ་ལྟར་སྒྲ་ཡང་ཡིན་པས་ན་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་མི་ནུས་པ་དེ་བཞིན་དུ་
བྱས་པ་ཉིད་མི་རྟག་པའི་ལུས་ཅན་ཡིན་པའི་ཕྱིར་དེ་ཡོད་ན་མི་རྟག་པ་ཉིད་མེད་པ་མ་ཡིན་པའི་ཕྱིར་ཆོས་བདག་ཉིད་གཅིག་པ་དེའི་བདག་ཉིད་ཉེ་བར་འགོད་པ་ཡིན་ནོ། །དངོས་པོ་ཐ་མི་དད་པ་ལ་ནི་ཇི་ལྟར་བུམ་པས་སྟོང་ཡང་སྒྲ་བྱས་པ་ཡིན་པ་དེ་བཞིན་དུ། མི་རྟག་པས་སྟོང་པར་ཡང་འགྱུར་
བའི་ཕྱིར་བྱས་པ་ཉིད་ལས་དེ་མི་རྟག་པར་འགྱུར་རེ་སྐན། ད་ནི་ཇི་ལྟར་ཆོས་ཅན་ཐ་མི་དད་ཅེ་ན་ཇི་ལྟར་ཞེས་ཅི་སྟེ་བརྗོད། ཆོས་ཇི་ལྟ་བ་བཞིན་དུ་ཆོས་ཐ་དད་པ་ཡང་མ་ཡིན་ནམ། འདི་ལྟར་འཁྲུལ་པ་དང་མི་འཁྲུལ་པ་རྣམ་པར་དཔྱོད་པ་ན་གདོན་མི་ཟ་བར་བྱས་པ་ཉིད་ལ་སོགས་པའི་རང་བཞིན་
เล่ม ๑๘๒ · หน้า 18a
བསྟན་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་གང་ཞིག་གཞན་ལ་ཡོད་པ་དང་མེད་པས་འཁྲུལ་པ་དང་མི་འཁྲུལ་པ་དག་ཏུ་འགྱུར། རང་བཞིན་ངེས་པར་བརྟགས་པ་གཉིས་པོ་དེ་ནི་གཅིག་ལ་ཇི་ལྟར་ཡོད་པ་ལྟར་གལ་ཏེ་གཞན་ལ་ཡང་འགྱུར་བ་ཡིན་ན། དེའི་ཚེ་མི་འཁྲུལ་
པ་མིན་ནོ། །འོན་ཏེ་གཅིག་ཡོད་ལ་གཞན་མ་ཡིན་ན་དེས་ན་གཅིག་གིས་གཞན་ལ་འཁྲུལ་པ་མ་ཡིན་ནོ། །དེ་ལ་བྱས་པ་ཞེས་བྱ་བ་ནི་རྒྱུ་དང་འབྲེལ་པའི་བདག་ཉིད་ཀྱི་རང་བཞིན་ཡིན་པས་རྣ་བས་གཟུང་བ་ལ་སོགས་པའི་རང་བཞིན་མ་ཡིན་པའི་ཕྱིར་སྒྲ་མ་ཡིན་ཡང་བུམ་པའམ་བུམ་པ་མ་ཡིན་ཡང་
སྒྲ་བྱས་པར་འགྱུར་བ་ཡིན་གྱི། འདི་མི་རྟག་པ་ཉིད་ལས་འདའ་བ་མ་ཡིན་ནོ། །བྱས་པ་ཉིད་ནི་དངོས་པོའི་ཆོས་རྒྱུས་བྱས་པ་ཞེས་བྱ་བ་ཡིན་ལ་རྒྱུ་རྣམས་ཀྱང་འཇིག་པའི་ངང་ཅན་སྐྱེས་པར་བྱེད་པ་ཡིན་པའི་ཕྱིར་འཇིག་པའི་ངང་ཅན་སྐྱེས་པར་བྱེད་པ་ལ་སྐྱེས་པའི་བྱས་པ་ཉིད་འཇིག་པའི་ངང་ཅན་མ་ཡིན་པར་མི་འགྱུར་རོ། །དེས་ན་འདི་གང་དང་གཅིག་
པར་གྱུར་པ་དེ་བྱས་པ་བཞིན་དུ་འཇིག་པའི་ངང་ཅན་དུ་འགྱུར་རོ། །དེ་བཞིན་དུ་ཤ་པ་ཉིད་ཀྱང་ལོ་མ་ལ་སོགས་པ་དང་ལྡན་པའི་ཁྱད་པར་གྱི་རང་བཞིན་ཡིན་པའི་ཕྱིར་ཤིང་ཉིད་ཀྱི་རང་བཞིན་ཡིན་གྱི་ཤིང་ཉིད་ནི་ཤ་པའི་བདག་ཉིད་ཅན་མ་ཡིན་ནོ། །གལ་ཏེ་ཤིང་གཅིག་ཉིད་མ་ཡིན་ནམ། ཤིང་གང་ཡིན་
པ་དེ་ཤ་པའི་བདག་ཉིད་ཅན་ཡིན་ན་ཤ་པའི་བདག་ཉིད་མ་ཡིན་པའི་ཤིང་ཉིད་གཞན་གང་ཞིག་ཡིན། རང་གི་མཚན་ཉིད་ལ་ནི་ཤིང་ལ་སོགས་པའི་བདག་ཉིད་ཅན་འགའ་ཞིག་ནི་གཞན་གྱི་བདག་ཉིད་ཅན་མ་ཡིན་ལ། འགའ་ཞིག་ནི་གཞན་གྱི་རང་བཞིན་མ་ཡིན་པ་ཡོད་པ་མ་ཡིན་ཏེ། དེ་ལ་ཆོས་རྣམ་པར་
དབྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཐམས་ཅད་བདག་ཉིད་གཅིག་པ་ཡིན་ཡང་དེ་ཡོངས་སུ་སྤངས་ནས་ཡོད་པར་འགྱུར་བའི་ཕྱིར་དེའི་བདག་ཉིད་འཁྲུལ་པར་འགྱུར་ཏེ། དེས་ན་ཤ་པ་ཡང་ཤིང་གི་བདག་ཉིད་ཅན་ཡིན་པར་འགྱུར་རོ། །གལ་ཏེ་དངོས་པོ་ལ་དེའི་ཆོས་རྗེས་སུ་འགྲོ་བའམ་
ཆོས་རྣམ་པར་དབྱེ་བ་འགའ་ཡང་མེད་དོ་ཞེས་འཆད་པར་འགྱུར་བ་མ་ཡིན་ནམ། རྣམ་པར་དབྱེ་བ་ཡོད་ན་ཤིང་གཉིས་སུ་འགྱུར་རོ། །རྣམ་པར་དབྱེ་བ་མེད་ན་ཡང་དེའི་རང་བཞིན་ཅན་མ་ཡིན་པའི་ཆོས་ཅན་གཞན་ལ་ཡོད་པའི་ཕྱིར་དེའི་བདག་ཉིད་ལ་ངེས་པ་ཉིད་དོ། །དོན་གཞན་ལ་ཡོད་པའི་
เล่ม ๑๘๒ · หน้า 18b
ཤིང་ཉིད་དང་ཤ་པ་ཉིད་ནི་གཞན་ཉིད་ཡིན་ནོ། །དེས་ན་ཇི་ལྟར་ཤིང་ཡིན་ཡང་སེང་ལྡེང་དུ་གྱུར་པ་དེ་བཞིན་དུ་ཤ་པ་ཡང་ཤིང་མ་ཡིན་པར་འགྱུར་རོ། །འདི་ལ་བརྗོད་པ་ཤིང་ཞེས་བྱ་བ་ནི་ལོ་མ་ལ་སོགས་པ་དང་ལྡན་པ་ལ་བརྗོད་དེ། དེས་ན་འདི་སེང་ལྡེང་ལ་ཡང་འགྱུར་རོ། །ཤ་པ་ཞེས་བྱ་བ་ནི་ལོ་མ་ལ་
སོགས་པའི་ཁྱད་པར་དེ་ཇི་ལྟར་ཤིང་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་བྱས་པ་ཞེས་བྱ་བ་ནི་འཇིག་པའི་ངང་ཅན་གྱི་རྒྱུའི་དངོས་པོའི་ཆོས་ཡིན་པས་དེ་ཡང་ཇི་ལྟར་འཇིག་པའི་ངང་ཅན་མ་ཡིན་པར་འགྱུར། དེ་ལྟར་ཡང་སྟོན་པར་འགྱུར་རོ། །རིང་པོ་ཉིད་དང་ཤ་པ་ཉིད་དག་ནི་ཕན་ཚུན་བདག་ཉིད་དུ་གྱུར་པ་
མ་ཡིན་ཏེ། དེས་ན་གང་ཞིག་གང་གི་བདག་ཉིད་ཅན་ཡིན་པ་དེ་དེ་ལ་མི་འཁྲུལ་པའི་ཕྱིར་ཆོས་ཀྱི་བདག་ཉིད་དེའི་བདག་ཉིད་ཡིན་པར་འབྲེལ་པ་རིགས་པ་དག་སེམས་སོ། །ཡང་ཇི་ལྟར་ན་འགའ་ཞིག་གི་རང་བཞིན་ཡིན་ཞེས་རྟོགས་ཤེ་ན། འདི་ནི་མདུན་དུ་འཆད་པར་འགྱུར་རོ། །གལ་ཏེ་གོ་བར་བྱེད་པ་གཅིག་
གི་བདག་ཉིད་ཡིན་ན་དེའི་ཚེ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱ་བར་འགྱུར་ཏེ། ཤ་པའི་རང་བཞིན་ཤིང་ཉིད་ཡིན་པའི་ཕྱིར་དང་། དེ་བཞིན་དུ་བྱས་པ་མི་རྟག་པའི་བདག་ཉིད་ཡིན་པའི་ཕྱིར་དེ་ལྟར་ནི་རིགས་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བ་དག་ཕན་ཚུན་འགལ་བའི་
ཕྱིར་རོ། །སྒྲུབ་པར་བྱེད་པའི་རང་བཞིན་ནི་གྲུབ་པ་ཡིན་ལ་བསྒྲུབ་པར་བྱ་བ་ནི་དེ་ལས་བཟློག་པ་ཡིན་ཏེ། དེས་ན་སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བ་དག་བདག་ཉིད་གཅིག་པར་འཐད་པ་མ་ཡིན་ནོ། །འདི་ཉིད་སྨྲས་པ་ནི་གལ་ཏེ་དེའི་བདག་ཉིད་ཡིན་ན་ཞེས་བྱའོ། །དེའི་ཞེས་བྱ་བ་ནི་གོ་བར་བྱ་བའོ། །གང་
ལ་དེའི་བདག་ཉིད་ཡོད་པ་དེ་ལ་དེ་སྐད་བརྗོད་དེ་དེ་ཡང་གོ་བར་བྱེད་པའོ། །དེའི་དངོས་པོ་ཉིད་དེ་དེ་ཡིན་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་བྱེ་བྲག་མེད་དོ་ཞེ་ན། དོགས་པ་འདི་བསལ་བའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་ཏེ་བྱས་པ་དང་མི་རྟག་པ་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་ཀུན་བརྟགས་པའི་ཕྱིར་རོ། །
རྟོགས་པ་ནི་རྣམ་པར་རྟོག་པའི་བྱེད་པར་རིག་པ་སྟེ། གཏན་ཚིགས་དེའི་ཕྱིར་རོ། །རྣམ་པར་རྟོག་པས་ཆོས་ཐ་དད་པ་རིག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་བྱས་པ་མི་རྟག་པའི་བདག་ཉིད་ཡིན་པ་དེ་ལྟ་ན། རྣམ་པར་རྟོག་པས་དེ་དག་ཐ་དད་པར་རིག་པ་དེའི་ཕྱིར་བྱས་པའི་བདག་ཉིད་དེ་
เล่ม ๑๘๒ · หน้า 19a
ཞེས་མ་རྟོགས་པ་དག་བྱས་པ་གྲུབ་ཀྱང་མི་རྟག་པ་མི་རིགས་པའི་ཕྱིར་གྲུབ་པ་དང་མ་གྲུབ་པ་སྒྲུབ་པ་དང་བསྒྲུབ་བྱའི་བྱེ་བྲག་རྗེས་སུ་མཐུན་པ་ཉིད་དོ། །འདི་ཡང་ཕྱིས་འཆད་པར་འགྱུར་རོ། །འདིར་འདོད་ཉིད་ནི་མ་ཡིན་ཏེ། སློབ་དཔོན་གྱིས་ཀྱང་དེ་ལྟར་ཞལ་གྱིས་བཞེས་པའི་ཕྱིར་
ཞེས་བཤད་པ་ནི། དེ་སྐད་དུ་ཡང་ཞེས་བྱ་བའོ། །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པའི་ཐ་སྙད་ནི་རྟོགས་པ་པོའི་དེ་ལ་བརྟེན་པའི་བྱེད་པ་སྟེ། རྗེས་སུ་དཔག་པས་རྗེས་སུ་དཔག་པར་བྱ་བ་རྗེས་སུ་དཔོག་པ་འདི་ཐམས་ཅད་ནི་བློ་ལ་ཡོད་པའི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་ཁོ་ནས་ཡིན་ནོ། །ཆོས་
ཅན་འདིའི་ཆོས་ནི་འདི་ཡིན་ནོ་ཞེས་དེ་ལྟ་བུའི་རང་བཞིན་གྱི་ཚུལ་གྱིས་རྗེས་སུ་དཔག་པ་འཇུག་ལ། དེ་ཡང་ཐམས་ཅད་དུ་བློ་ལ་ཡོད་པ་ཁོ་ན་ཡིན་ནོ། །སྒྲ་དང་ས་ཕྱོགས་ཆོས་ཅན་ཉིད་དང་བྱས་པ་དང་དུ་བ་དག་གམ། མི་རྟག་པ་དང་མེའི་ཆོས་ཉིད་བློས་བྱས་པ་ཁོ་ནའོ། །ཆོས་དང་ཆོས་ཅན་གྱི་དངོས་
པོ་ནི་འདི་འདིའི་ཡིན་ནོ་ཞེས་འབྲེལ་པ་རྟོགས་པ་ལས་ཡིན་ནོ། །དེ་ལས་ཐ་དད་པ་རྣམས་ཀྱི་ནི་འབྲེལ་པ་ཉིད་བཏགས་པ་ཡིན་ལ་ཐ་མི་དད་པ་ལ་ནི་ཐ་དད་པ་མེད་པར་ཆོས་དང་ཆོས་ཅན་གྱི་དངོས་པོ་མི་འགྲུབ་པའི་ཕྱིར། དེ་བློ་ལ་ཡོད་པ་ཞེས་བྱ་བས་བྱེ་བྲག་རྟོགས་པས་རྟོགས་པ་ཡིན་ནོ་ཞེས་འཆད་པར་
འགྱུར་བའི་ཕྱིར་ཤེས་པར་བྱེད་པའི་གཞུང་འདིའི་ཡུལ་ནི་ཆོས་ཐ་དད་པར་རྟོགས་པ་ཡིན་ནོ། །གལ་ཏེ་བྱས་པ་མི་རྟག་པའི་བདག་ཉིད་ཡིན་ཡང་དེ་ལས་བཟློག་པ་རྟོགས་ན། འོ་ན་ནི་དེ་ལས་ཐ་དད་པའི་ཕྱིར་དེ་ལྟ་བུ་བདེན་པའི་རང་བཞིན་མ་ཡིན་པས་ཟླ་བ་གཉིས་བཞིན་དུ་དེ་སྒྲུབ་པར་བྱེད་པ་མ་ཡིན་ཞེས་བྱ་བའི་
དོགས་པ་འདི་བསུ་ནས་ཆོས་དང་ཆོས་ཅན་ཉིད་དུ་ཞེས་སྨོས་སོ། །ཆོས་དང་ཆོས་ཅན་ཉིད་དུ་ཐ་དད་པ་བློའི་རྣམ་པས་བྱས་ཏེ། རྣམ་པར་རྟོག་པའི་བློས་མི་བདེན་པར་རྟོག་པ་ཡིན་གྱི་མི་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་དོན་ཀྱང་ནི་མ་ཡིན་ཏེ། དེ་ནི་ཕྱི་རོལ་ན་ཡོད་པའི་ཕྱིར་རོ། །རྣམ་པ་བཏགས་
པ་ནི་གཙོ་བོ་ལ་སོགས་པ་བཞིན་དངོས་པོ་ལ་ཡོད་པ་མ་ཡིན་པ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་བྱས་པ་མི་རྟག་པ་ལས་ཐ་དད་པ་ཡིན་གྱི། ཇི་ལྟར་དངོས་པོ་རྣམས་ཀྱིས་རྟག་པ་བཞིན་དུ་བྱས་པ་ཉིད་ཀྱང་དངོས་པོ་ལ་མེད་པ་ནི་མ་ཡིན་ནོ། །གལ་ཏེ་ཇི་སྐད་བརྗོད་པའི་ཚུལ་གྱིས་འདིའི་ཕྱི་རོལ་གྱི་བྱས་པ་ཉིད་དང་
เล่ม ๑๘๒ · หน้า 19b
མི་མཐུན་པ་མ་ཡིན་ནམ། དེ་ཇི་ལྟར་ན་དེ་ཡང་དངོས་པོ་མེད་པར་མི་འགྱུར་ཞེ་ན། བློའི་བྱེ་བྲག་ཅེས་སྨོས་སོ། །འདི་བརྗོད་པ་ཡིན་ཏེ་གལ་ཏེ་རྣམ་པར་རྟོག་པ་དོན་གྱི་གཞན་གྱི་དབང་ཡིན་པའི་ཕྱིར་དོན་གྱི་ཡུལ་ཅན་དུ་གྱུར་པ་ཡིན་ན། དེའི་ཚེ་ཕྱིན་ཅི་ལོག་གི་རང་བཞིན་གྱི་དོན་རྟོགས་ན་དངོས་པོའི་ཡུལ་
ཉིད་ཉམས་པར་འགྱུར་བའི་ཕྱིར། དེས་རྟོགས་པར་བྱ་བ་དངོས་པོ་མ་ཡིན་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་དོན་གྱི་ཡུལ་ཅན་ཉིད་བཀག་པའི་ཕྱིར་རོ། །གང་གི་ཚེ་རང་དབང་དུ་གྱུར་པའི་ཕྱིར་འདི་དག་དོན་གྱི་ཡུལ་ཅན་མ་ཡིན་པ་དེའི་ཚེ་ནི་ཉེས་པ་མེད་དོ། །དོན་གྱི་ཡུལ་ཅན་གྱི་ཤེས་པ་དོན་དེ་ལ་དེའི་རང་
བཞིན་མ་ཡིན་པར་རྟོགས་པ་ནི་ངེས་པ་ཁོ་ནར་དོན་དམ་པ་མ་ཡིན་པའི་རང་བཞིན་སྣང་བར་འགྱུར་རོ། །གང་ཞིག་དངོས་པོ་ལ་རྟེན་པ་མེད་པ་རང་གི་ངོ་བོ་ཐོབ་པ་དེ་ནི་ཉེ་བར་ལེན་པ་ཙམ་གྱི་གཞན་དབང་ཡིན་པའི་ཕྱིར་དོན་གྱི་གཞན་གྱི་དབང་མ་ཡིན་པས་རང་དབང་དུ་གྱུར་པ་ནི་མི་སྲིད་པ་རྟོགས་པ་གང་ཡིན་པ་དེ་ནི་རྣམ་པར་
རྟོག་པའི་ཉེ་བར་ལེན་པའི་སྟོབས་ཀྱིས་ཡིན་པའི་ཕྱིར་ཆོས་ཐ་དད་པ་ལྟར་དེ་ནི་མེད་པ་ཁོ་ན་ཡིན་ལ། གནོད་པ་མེད་པའི་རྟོགས་པ་གང་ཡིན་པ་དེ་ནི་དངོས་པོའི་ཉེ་བར་ལེན་པའི་ལས་ཡིན་པའི་ཕྱིར་རྣམ་པར་རྟོག་པ་རྣམས་དངོས་པོ་ལ་བརྟེན་པ་མ་ཡིན་པ་ཉིད་ཀྱིས་ན། བྱས་པའི་བདག་ཉིད་ཀྱི་དོན་ཀྱང་བཏགས་
པ་ནི་མ་ཡིན་ནོ། །གལ་ཏེ་དངོས་པོར་ཡོད་པ་མ་ཡིན་པ་ཆོས་ཀྱིས་རྣམ་པར་བཅད་པ་ནི་བྱས་པ་ཉིད་ཕྱི་རོལ་མ་ཡིན་པ་ཉིད་མ་ཡིན་ནམ། དེས་ན་བློ་ལ་ཡོད་པའི་ཉེ་བར་ལེན་པའི་སྟོབས་ལས་འོངས་པ་ཡང་མི་བདེན་པ་ཉིད་དེ། དེས་ན་ཟླ་བ་གཉིས་ལ་སོགས་པ་བཞིན་དུ་དེ་རྟགས་མ་ཡིན་པ་ཉིད་དོ། །
འདི་ལ་བཤད་པ་ནི་དེ་དག་གིས་བརྟགས་པའི་ཡུལ་གྱིས་ཞེས་བྱ་བའོ། །དེ་དག་གིས་བརྟགས་པའི་ཡུལ་བློ་དེ་ལ་རྣམ་པར་གནས་པའི་ཆོས་གང་ཡིན་པ་དེས་དོན་གོ་ན་སྟེ། དེ་རྟགས་ཉིད་ཡིན་ན་ནི་དོན་མི་ཐོབ་པ་ཁོ་ནར་འགྱུར་རོ། །འདི་བརྗོད་པ་ཡིན་ཏེ་བློ་ལ་རྣམ་པར་གནས་པའི་ཆོས་ཉིད་ནི་རྟགས་མ་
ཡིན་ཏེ། དེ་རྟགས་ཡིན་ན་དོན་ཐོབ་པ་མེད་པར་འགྱུར་བའི་ཕྱིར་རོ། །འོན་ཀྱང་དངོས་པོ་ཉིད་ཡིན་ནོ། །དེས་ན་རྣམ་པར་རྟོག་པའི་སྣང་བ་མི་བདེན་པ་ཉིད་ཡིན་ཡང་འགལ་བ་ཅི་ཡོད། འོ་ན་ཇི་ལྟར་ཆོས་ཐ་དད་པར་རྟོགས་པ་ཉེ་བར་བཀོད་ཅེ་ན། ཆོས་ཐ་དད་པར་བརྟགས་པ་ཅན་གྱི་རྣམ་པར་རྟོག་པས་
เล่ม ๑๘๒ · หน้า 20a
དེ་རྟོགས་པའི་ཕྱིར་རོ། །དེ་ལྟ་བུར་རྟོགས་ན་གྲུབ་པ་དང་བསྒྲུབ་པར་བྱ་བའི་རྣམ་པར་དབྱེ་བ་འཐོབ་པའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་པའི་དངོས་པོ་འཐད་པ་དེས་ན་དེ་ལྟར་རྟོགས་པའི་དངོས་པོ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འབྲེལ་པའི་རྒྱུ་མཚན་ཅན་གྱི་མི་འཁྲུལ་པ་གྲུབ་པ་ཡིན་ནོ། །འོ་ན་
ཇི་ལྟར་ཕྱི་རོལ་དང་མི་འདྲ་བའི་བྱས་པ་རྟོགས་པའི་རང་བཞིན་གྱི་རྣམ་པར་རྟོག་པ་དེ་རྟོགས་པ་ཡིན་ཞེ་ན། རྣམ་པར་རྟོག་པ་ནི་དེ་རྟོགས་པ་མ་ཡིན་གྱི་མངོན་སུམ་ཉིད་དོ། །གལ་ཏེ་མངོན་སུམ་གྱིས་རྟོགས་པའི་བྱས་པ་ཉིད་མི་རྟག་པ་ལས་ཐ་མི་དད་པའི་ཕྱིར་ཇི་ལྟར་སྒྲུབ་པ་དང་བསྒྲུབ་པར་བྱ་བའི་དངོས་པོར་འགྱུར་
ཞེ་ན། བརྗོད་པ་བྱས་པ་ལས་མི་རྟག་པ་ཐ་མི་དད་པ་ཡིན་ཡང་མངོན་སུམ་བྱས་པ་ཞེས་བྱ་བར་རྗེས་སུ་འཇུག་གི། མི་རྟག་པ་ཉིད་ནི་མ་ཡིན་པའི་ཕྱིར་ཆོས་ཐ་དད་པར་རྟོགས་པར་འཐད་པ་ཡིན་ནོ། །གལ་ཏེ་མངོན་སུམ་ཉིད་ཀྱིས་རྟགས་རྟོགས་པ་ཡིན་ན། །འོ་ན་ཇི་ལྟར་བློ་ལ་ཡོད་པའི་ཞེས་བཤད་ཅེ་ན།
འདི་ན་བཤད་ཟིན་ཏེ། བློ་ལ་ཡོད་པའི་ཆོས་ཀྱི་བྱེ་བྲག་གང་ཡིན་པ་འདི་ནི་མངོན་སུམ་གྱི་རྗེས་སུ་འཇུག་པ་ཡིན་ཏེ། དེས་ན་མངོན་སུམ་གྱིས་གྲུབ་པ་ལས་འདས་པ་ཡང་མ་ཡིན། ཆོས་ཐ་དད་པ་ཉམས་པ་ཡང་མ་ཡིན་ནོ། །དེ་ལྟར་རང་བཞིན་འབྲེལ་པས་དོན་གོ་བར་བྱེད་པ་ཉིད་དུ་བརྗོད་ནས། དེའི་རྣམ་པ་
གཅིག་བཤད་པ་ཡིན་ནོ། །རྣམ་པ་གཞན་ཡང་བཤད་པ་ནི། འབྲས་བུ་ཡང་ཞེས་བྱ་བའོ། །དེའི་བདག་ཉིད་འབའ་ཞིག་དེར་རང་བཞིན་འབྲེལ་པར་ནི་མ་ཟད་དེ། འབྲས་བུ་ཇི་སྲིད་པ་ཡང་རང་བཞིན་འབྲེལ་པ་ཡིན་ནོ། །འབྲས་བུ་ཡང་རག་ལས་པའི་རང་བཞིན་ཡིན་ནོ། །འདི་ལ་རང་བཞིན་འབྲེལ་པ་
ཡོད་ན་དོན་གྱིས་དོན་འཁྲུལ་པ་མེད་དོ་ཞེས་བྱ་བས་གོ་བར་བྱེད་པ་གོ་བར་བྱ་བ་ལ་རག་ལས་པ་ཉིད་ཀྱིས་དེར་མི་འཁྲུལ་བར་བརྗོད་ལ། དེ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་གོ་བར་བྱ་བའི་བདག་ཉིད་ཅེས་བྱ་བའི་རྒྱུ་མཚན་རྣམ་པ་གཅིག་གིས་གོ་བར་བྱེད་པའི། །གོ་བར་བྱ་བ་ལས་མི་འཁྲུལ་པར་
བཀོད་པ་ཡིན་ནོ། །རང་བཞིན་འབྲེལ་པའི་ཕྱིར་གང་ལ་འཁྲུལ་པ་མེད་པ་དེའི་རང་བཞིན་འབྲེལ་པ་དེ་འབྲས་བུ་ཡིན་ནོ་ཞེས་བཤད་པ་ན་ཡང་དོན་གང་ཞིག་དོན་གང་ལ་འཁྲུལ་པ་མེད་པ་དེ་ནི་དེ་ལ་ལྟོས་ནས་འབྲས་བུ་ཡིན་ནོ་ཞེས་བརྗོད་པར་འགྱུར་བས་དེ་རྒྱུ་ཉིད་དུ་རྟོགས་པར་འགྱུར་རོ། །དེའི་དོན་ནི་འདི་ཡིན་ཏེ།
เล่ม ๑๘๒ · หน้า 20b
དེའི་བདག་ཉིད་ཀྱི་རང་བཞིན་དང་དེ་ལས་བྱུང་བའི་རང་བཞིན་འབྲེལ་པས་དོན་གྱིས་དོན་འཁྲུལ་པ་མེད་པ་ཡིན་ནོ་ཞེས་སོ། །དེའི་བདག་ཉིད་ལ་ནི་བདག་ཉིད་གཅིག་པ་ཉིད་རང་བཞིན་འབྲེལ་པ་ཡིན་པས་དེ་ཉིད་ལས་འཁྲུལ་པ་མེད་པར་འགྱུར་བ་ཡིན་ན་འབྲས་བུ་གོ་མི་འཁྲུལ་བའི་ཡུལ་ལ་བདག་ཉིད་
འབྲེལ་པ་ཇི་ལྟར་འགྱུར་ཞེ་ན། དེའི་རང་བཞིན་ཞེས་སྨོས་སོ། །དངོས་པོ་རྣམས་སྐྱེས་པ་ལས་སྔར་ནི་ཡོད་པ་མ་ཡིན་ཏེ། འདི་ནི་ཡོད་པ་ཉིད་ན་སྐྱེ་བ་ལས་ཡིན་ནོ། །འབྲས་བུ་དང་འབྲེལ་པའི་རང་བཞིན་གྱི་སྐྱེ་བ་དེ་ཡང་གང་ལ་འདིའི་འཁྲུལ་པ་མེད་པ་དེ་ལས་ཡིན་ཏེ། གཏན་ཚིགས་དེའི་ཕྱིར་འབྲས་
བུ་རང་བཞིན་འབྲེལ་པ་ཡིན་ནོ། །གང་གིས་དེ་ལྟ་བུའི་རང་བཞིན་འབྲེལ་པའི་གཏན་ཚིགས་ལས་སྐྱེས་པའི་རྗེས་སུ་དཔག་པ་ཚད་མར་འགྱུར་བ་དེ་ལྟར་རང་བཞིན་འབྲེལ་པ་རྣམ་པ་གཉིས་སྟོན་པའི་རྒྱུ་ཅི་ཡིན་ཞེ་ན། རྗེས་སུ་དཔག་པར་བྱ་བ་ཤེས་པ་ཞེས་སྨོས་སོ། །གང་གིས་དེ་ལྟ་བུའི་གོ་བྱེད་ཀྱི་ཤུགས་
ཀྱིས་རང་བཞིན་ཐོབ་པའི་རྗེས་སུ་དཔག་པ་ཚད་མར་གྱུར་པ་གཏན་ཚིགས་ཀྱི་རྗེས་སུ་དཔག་པར་བྱ་བ་ལ་མི་འཁྲུལ་པ་རྗེས་སུ་འགྲོ་བ་དང་། ལྡོག་པའི་མཚན་ཉིད་མེད་ན་མི་འབྱུང་བའི་དོན་འདི་བསྟན་པ་ཡིན་ནོ། །གཏན་ཚིགས་ཉིད་ནི་ཚད་མ་མ་ཡིན་ཏེ། འོན་ཀྱང་རྗེས་སུ་དཔག་པའི་ཤེས་པ་ཡིན་ནོ། །
དེས་ན་དེའི་འཁྲུལ་པ་མེད་པས་དེ་ལྟ་བུའི་དངོས་པོ་གྲུབ་པ་ན་དེའི་རྩ་བ་ཅན་གྱི་ཤེས་པ་དོན་ཡོད་པ་ཅན་དུ་བསྟན་པ་ཡིན་ནོ། །དེ་ན་རྣམ་པ་འདིས་རྗེས་སུ་དཔག་པར་བྱ་བ་ཤེས་པ་རྣམ་པ་གཉིས་ཚད་མ་ཡིན་ནོ། །རྗེས་སུ་དཔག་པར་བྱ་བ་ཤེས་པ་འདི་གཉིས་ནི་ཞེས་གང་བརྗོད་པ་རྗེས་སུ་དཔག་པར་བྱ་བའི་
ཤེས་པ་གཉིས་ཀྱང་གང་དུ་བརྗོད་ཅེ་ན། ཇི་ལྟར་མ་བརྗོད། འདི་ལྟར་རྗེས་སུ་དཔག་པ་རྣམ་པར་གཞག་པའི་ཕྱིར་བཤད་པ་ཞེས་སྐབས་བརྩམས་ནས་ཕྱོགས་ཆོས་ཞེས་བཤད་པ་ཡིན་ལ། དེ་རྣམ་པར་གཞག་པ་ན་ཡང་རྟགས་ཀྱི་མཚན་ཉིད་བརྗོད་པ་ཡན་ལག་ཡིན་ཏེ། དེ་རྟགས་ལས་སྐྱེས་པ་ཡིན་
པའི་ཕྱིར་རོ། །དེའི་མཚན་ཉིད་ནི་ཚུལ་གསུམ་ཡིན་ལ། དེ་ཡང་གསུམ་ལ་ཡོད་པ་ཡིན་ནོ། །གསུམ་པོ་ཡང་འབྲེལ་པ་རྣམ་པ་གཉིས་ལས་གཉིས་ཡིན་པའི་ཕྱིར། དེ་ལྟ་བུར་གྱུར་པའི་གཏན་ཚིགས་ཀྱིས་བསྐྱེད་པ་རྗེས་སུ་དཔག་པར་བྱ་བ་ཤེས་པ་ནི་གཉིས་ཡིན་ལ། རྗེས་སུ་དཔག་པར་བྱ་བ་
เล่ม ๑๘๒ · หน้า 21a
ཤེས་པ་ནི་རྗེས་སུ་དཔག་པར་བྱ་བ་ཁོ་ནའོ། །རང་བཞིན་འབྲེལ་པ་རྣམ་པ་གཉིས་དང་ལྡན་པའི་རྟགས་ཀྱིས་བསྐྱེད་པ་འདི་གཉིས་ཚད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལས་སྐྱེས་པའི་ཕྱིར་རོ། །རེ་ཞིག་ངེས་པར་གྱུར་པའི་རྟགས་ལས་རྗེས་སུ་དཔག་པ་སྐྱེས་པ་ཞེས་བྱ་བ་ནི་
རྟོགས་པ་ཉིད་དོ། །ཇི་སྐད་བཤད་པའི་རང་བཞིན་འབྲེལ་པའི་རྟགས་ལས་སྐྱེས་པ་ན་ཡང་རྗེས་སུ་དཔག་པར་བྱ་བ་ཤེས་པ་རྗེས་སུ་དཔག་པར་བྱ་བ་ལས་ཀྱང་སྐྱེས་པ་ཡིན་པ་ཉིད་དོ། །འདི་ལྟར་རྗེས་སུ་དཔག་པར་བྱ་བའི་བདག་ཉིད་ཀྱི་རྟགས་ལས་སྐྱེས་པ་ནི་རྗེས་སུ་དཔག་པར་བྱ་བ་ལས་ཀྱང་སྐྱེས་པ་ཁོ་
ནའོ། །རྗེས་སུ་དཔག་པར་བྱ་བའི་འབྲས་བུར་གྱུར་པའི་རྟགས་ལས་སྐྱེས་པ་གང་ཡིན་པ་དེ་ཡང་དེ་བཞིན་ཉིད་དོ། །ཤེས་པ་དེ་རྗེས་སུ་དཔག་པར་བྱ་བའི་དོན་ལ་སྐྱེས་པ་ན་ཡང་དེས་ངེས་པར་ཡོད་པའི་ཕྱིར་དེ་ཉིད་གསལ་བའི་རང་བཞིན་ཡིན་པའི་ཕྱིར་དོན་གསལ་བ་ཉིད་ཀྱིས་འདི་གཉིས་ཚད་མ་ཡིན་ནོ། །
ཇི་ལྟར་གསལ་བའི་དོན་མེད་ན་ནི་དོན་གསལ་བར་མི་འགྱུར་ན་དེ་ནི་འདི་ལྟར་སྲིད་པ་མ་ཡིན་ནོ། །དེ་སྨྲས་པ་ནི། དེར་འཁྲུལ་པ་མེད་པ་དག་ཡིན་ཏེ་ཞེས་བྱའོ། །དེའི་འབྲས་བུ་ཉིད་ཀྱི་དོན་དང་ལྡན་པ་ལས་མི་འདའ་བའི་ཕྱིར་གསལ་བར་ངེས་པ་ཡིན་ནོ། །མངོན་སུམ་བཞིན་ནོ་ཞེས་བྱ་བ་ནི་དཔེ་སྟེ། དཔེར་
ན་དོན་ལས་སྐྱེས་པས་དོན་ལ་འཁྲུལ་པ་མེད་པའི་ཕྱིར་དོན་གསལ་བའི་རང་བཞིན་ཚད་མ་ཡིན་པ་དེ་བཞིན་དུ་འདི་གཉིས་ཀྱང་ངོ་། །དེ་ནི་དོན་ལས་སྐྱེས་པའི་ཕྱིར་ཤེས་པ་དེ་གཉིས་ཀྱང་དོན་ལ་མངོན་སུམ་ཉིད་ཡིན་ནམ། དོན་ཉིད་རྣམ་པར་ཤེས་པ་བསྐྱེད་པ་ནི་བདག་གསལ་བར་བྱེད་པ་ཡིན་ནོ། །དེས་ན་རྗེས་
སུ་དཔག་པར་བྱ་བས་བསྐྱེད་པ་རྗེས་སུ་དཔག་པར་བྱ་བ་ཤེས་པ་གཉིས་ནི་མངོན་སུམ་བཞིན་དངོས་པོ་ཉིད་དུ་ན་དོན་གསལ་བར་བྱེད་པར་འགྱུར་རོ་ཞེ་ན། དེ་སྣང་བ་ཉིད་མ་ཡིན་ཡང་ཞེས་སྨོས་སོ། །གང་གིས་འདི་གཉིས་དངོས་སུ་ན་དངོས་པོ་གསལ་བའི་ཕྱིར་དེ་ལ་མངོན་སུམ་དུ་འགྱུར་བ་རྗེས་སུ་དཔག་པར་བྱ་བ་
ཤེས་པ་འདི་གཉིས་རྗེས་སུ་དཔག་པར་བྱ་བ་སྣང་བ་ནི་མ་ཡིན་ནོ། །ཇི་ལྟར་ན་དངོས་པོ་སྣང་བའི་རྒྱུ་ཁྱད་པར་མེད་པ་ལས་འདི་གཉིས་ནི་དངོས་པོ་སྣང་བ་མ་ཡིན་པར་འགྱུར་ལ་མངོན་སུམ་ནི་མ་ཡིན་ཞེ་ན་དངོས་ལས་མ་སྐྱེས་པའི་ཕྱིར་ཞེས་སྨོས་སོ། །གང་གིས་འདི་གཉིས་མངོན་སུམ་བཞིན་དུ་དངོས་པོ་གསལ་བ་
เล่ม ๑๘๒ · หน้า 21b
ཉིད་དུ་འགྱུར་བ་རྗེས་སུ་དཔག་པར་བྱ་བ་ཤེས་པ་རྗེས་སུ་དཔག་པར་བྱ་བ་དག་ལས་དངོས་སུ་སྐྱེས་པ་ནི་མ་ཡིན་གྱི། འོན་ཀྱང་མི་རྟག་པ་བྱས་པའི་རང་བཞིན་དུ་གྱུར་པ་ཡིན་ཡང་བྱས་པ་ཉམས་སུ་མྱོང་བས་བར་ཆོད་པས་རྣམ་པར་རྟོག་པའི་ཤེས་པ་སྐྱེད་པར་བྱེད་དོ། །རྟགས་སམ་རྟགས་ཅན་གྱི་རྣམ་པར་
རྟོག་པ་དངོས་སུ་དོན་ལས་སྐྱེ་བ་འགའ་ཡང་མེད་དོ། །དེ་བཞིན་དུ་མེ་ཡང་རང་གི་འབྲས་བུ་དུ་བ་མྱོང་བས་བར་ཆོད་པས་རང་གི་ཤེས་པའི་རྒྱུ་ཡིན་ནོ། །དེས་ན་དོན་ནི་འདི་ཡིན་ཏེ། ཇི་སྐད་བརྗོད་པའི་འབྲེལ་པ་དང་ལྡན་པའི་ཕྱིར་རྟགས་རྗེས་སུ་དཔག་པར་བྱ་བ་ལ་འཁྲུལ་པ་མེད་པས་ན། དེ་ཡོད་ན་བསྒྲུབ་
བྱ་ཡོད་པར་ངེས་པར་རྟོགས་ནས་རྟོགས་པ་པོ་རྗེས་སུ་དཔག་པར་འཇུག་པར་བྱེད་པ་ནི་ཚད་མ་ཉིད་འཇུག་པར་བྱེད་པ་ཡིན་ཏེ་དེ་ལྟ་བུར་གྱུར་པའི་དོན་དེ་ཉིད་དེ་ལྟར་རྟོགས་པའི་ཕྱིར་རོ། །འདི་ལྟར་རྗེས་སུ་དཔག་པ་ནི་མངོན་སུམ་བཞིན་དུ་རྒྱུ་རྐྱེན་གྱི་ནུས་པ་ཙམ་ལས་སྐྱེས་པ་ནི་མ་ཡིན་གྱི། འོན་ཀྱང་མ་
རྟོགས་པའི་དོན་རྟོགས་པར་བྱ་བའི་ཕྱིར་རྗེས་སུ་དཔག་པའི་རིགས་པ་རྩོལ་བ་ཡིན་ནོ། །དེ་ཡང་འདི་ལྟར་འཐད་པ་ཡིན་ཏེ། དེ་དོན་གཞན་ལས་རྟོགས་པ་ན་དོན་གཞན་དེ་མི་འཁྲུལ་པར་ངེས་པས་དེ་ལས་དེ་རྟོགས་པར་འཐད་པའི་ཕྱིར་རོ། །དེ་ལྟར་གྱུར་པའི་དོན་དེ་ལྟ་བུ་ཉིད་དུ་རྟོག་པ་ནི་ཚད་མ་ཡིན་
ནོ། །དོན་གཞན་འཁྲུལ་པ་མེད་པར་ངེས་པར་མ་རྟོགས་ན་ནི་བརྟག་པར་མི་བྱ་བའམ། ཐེ་ཚོམ་དུ་འགྱུར་བའི་ཕྱིར་རྟོགས་པ་ཚད་མ་མ་ཡིན་ནོ། །འོན་ཏེ་འབྲེལ་པ་མ་བརྟགས་པ་འཁྲུལ་པ་ལས་ངེས་པ་ཉིད་དུ་འགྱུར་བ་ཡིན་ན་དེ་ལྟ་ན་ཡང་ངེས་པ་ཙམ་ལས་ནི་རྣམ་པར་རྟོག་པ་ཚད་མ་མ་ཡིན་ཏེ་
མངོན་སུམ་བཞིན་དུ་རང་བཞིན་ཉིད་ཀྱིས་དོན་གསལ་བ་མ་ཡིན་པའི་ཕྱིར་རོ། །དོན་གསལ་བ་ལ་ནི་དོན་གྲུབ་པའི་རྩ་བ་ཅན་ཡིན་པས་དོན་མ་གྲུབ་ཀྱང་ངེས་པ་ཙམ་ལས་ག་ལ་འགྱུར། དེའི་ཕྱིར་དོན་གྱི་འབྲས་བུ་ཉིད་ཀྱིས་དོན་ལ་སོ་སོར་ངེས་པས་དོན་ཇི་ལྟར་རྟོགས་པ་དེ་བཞིན་དུ་ཡོད་པའི་ཕྱིར་རྗེས་སུ་དཔག་
པ་ཚད་མ་ཡིན་པ་དེ་བས་ན་རང་བཞིན་འབྲེལ་པ་རྣམ་པ་གཉིས་ཉེ་བར་བཀོད་དོ། །དེས་ན་དེ་ལྟར་འབྲེལ་པ་ཉེ་བར་བཀོད་པ་གཞུང་བཙུགས་པ་ཡིན་ནོ། །དེ་ངེས་པ་ཉིད་ནི་རྒྱུ་དང་འབྲས་བུའི་དངོས་པོའམ་ཞེས་བྱ་བ་ལ་སོགས་པས་གཞན་མེད་པ་ཉིད་ཀྱིས་འཇོག་པར་འགྱུར་རོ། །གང་གིས་དེ་དེ་དང་མཚུངས་པར་
เล่ม ๑๘๒ · หน้า 22a
རྗེས་སུ་དཔག་པ་ཡང་དེ་ལྟར་འགྱུར་བ་མངོན་སུམ་དོན་ལ་འཁྲུལ་པ་མེད་པས་ནི་ཚད་མ་མ་ཡིན་གྱི་འོན་ཀྱང་རང་གི་རྒྱུའི་ནུས་པ་ཉིད་ལས་དངོས་པོ་གསལ་བའི་རང་བཞིན་གྱིས་དངོས་པོ་ལ་ཚད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོད་པ་མེད་པར་སྔོན་པོ་མཐོང་ནས་སྔོན་པོའོ་ཞེས་རྟོགས་ཀྱི་རྗེས་
སུ་དཔག་པ་ལྟར་སྔོན་པོ་ལ་མི་འཁྲུལ་པའི་རྗེས་སུ་འཇུག་པས་ནི་མ་ཡིན་ནོ་ཞེས་དོགས་པ་འདི་བསུ་ནས་མངོན་སུམ་གྱི་ཚད་མ་ཉིད་ཀྱང་ཞེས་སྨོས་སོ། །གང་གི་ཕྱིར་རྗེས་སུ་དཔག་པ་འབའ་ཞིག་ཏུ་མི་ཟད་ཀྱི། མངོན་སུམ་གྱི་ཚད་མ་ཇི་སྲིད་པ་ཡང་དོན་འཁྲུལ་པ་མེད་པ་ཡིན་ན་ཡིན་ནོ། །ཡང་འཁྲུལ་
པ་མེད་པ་ཞེས་བྱ་བ་འདི་ཅི་ཞིག་ཚད་མ་ཡིན་ནམ། འོན་ཏེ་ཚད་མའི་རྒྱུ་ཡིན་ནམ། དེ་སྟེ་ཚད་མ་རྣམ་པར་འཇོག་པར་བྱེད་པ་ཡིན། རེ་ཞིག་ཚད་མ་ནི་མ་ཡིན་ཏེ། ཚད་མ་སླུ་བ་མེད་པ་ཅན་གྱི་ཤེས་པ་ཞེས་དོན་གསལ་བའི་རང་བཞིན་ཙམ་གྱིས་རྣམ་པར་འཇོག་པའི་ཕྱིར་རོ། །རྒྱུ་ཡང་མ་ཡིན་ཏེ། ཚད་
མའི་རྒྱུ་ཉིད་ལས་ཚད་མའི་དེ་ཉིད་འགྲུབ་པའི་ཕྱིར་རོ། །རྣམ་པར་འཇོག་པར་བྱེད་པ་ཡང་མ་ཡིན་ཏེ། འཁྲུལ་པ་མེད་པའི་དོན་དམིགས་པ་ཉིད་ལས་དོན་ངེས་པས་ཚད་མ་རྣམ་པར་འཇོག་པས་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་དོན་ངེས་པའི་བདག་ཉིད་ཀྱི་མངོན་སུམ་ཡང་རང་གི་རྒྱུ་ཉིད་ལས་ཡིན་ནོ། །
ཚད་མ་ཉིད་དུ་རྣམ་པར་གཞག་པ་ཡིན་ཡང་དོན་གསལ་བའི་རང་བཞིན་གྱིས་ཀྱང་གཞག་པར་ནུས་པ་ཡིན་ནོ། །གལ་ཏེ་དོན་མེད་ན་མི་འབྱུང་བའི་ཕྱིར་དོན་ལ་མི་བསླུ་བ་མངོན་སུམ་དང་རྗེས་སུ་དཔག་པ་ཚད་མར་འཇོག་པ་ཡིན་ལ་དེ་ཡང་དོན་ལ་འཁྲུལ་པ་མེད་པའི་རང་བཞིན་ཉིད་དོ་ཞེས་བྱ་བའི་བསམ་
པས་དེ་སྐད་བརྗོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། ཡུལ་ཉིད་སྟོན་པར་བྱེད་པ་འདི་གཉིས་ནི་དོན་ལ་མི་བསླུ་བ་ཉིད་ལ་བརྟེན་པར་འགྱུར་བས་མི་བསླུ་བ་དེ་ཉིད་རྣམ་པར་འཇོག་པའི་ཡན་ལག་ཏུ་འགྱུར་བས་དོན་ལ་མི་འཁྲུལ་བས་ཅི་བྱ་སྟེ། དེ་ཉིད་ཀྱི་ནང་གི་ཡན་ལག་ཡིན་པའི་ཕྱིར་རོ། །དེ་ནི་འདི་དག་ལ་
བདག་ཉིད་ཇི་ལྟ་བར་ཁྱད་པར་ཅན་དུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་འདིར་བསམ་པ་ནི་འདི་ཡིན་ཏེ། དངོས་པོའི་མཐུ་ལ་མི་ལྟོས་པ་འདི་དག་གིས་རབ་ཏུ་བསྟན་པ་ཉིད་མཐར་ཕྱིན་པར་མི་འགྱུར་བས་ཤེས་པ་དང་དོན་དག་ཐ་དད་པའི་ཕྱིར་དེའི་བདག་ཉིད་མེད་ན་ཇི་ལྟར་མྱོང་བའི་དོན་མེད་ན་མི་འབྱུང་བ་ཉིད་དངོས་
เล่ม ๑๘๒ · หน้า 22b
པོའི་ནུས་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་མམ་རྗེས་སུ་དཔག་པས་དོན་རྟོགས་པར་བྱེད་པས་ནི་གདོན་མི་ཟ་བར་དེའི་དོན་མེད་ན་མི་འབྱུང་བ་རྟོགས་པར་བྱའི། གལ་ཏེ་མངོན་སུམ་གྱིས་དོན་བར་མ་ཆོད་པ་ཉིད་དུ་རྟོགས་སོ་ཞེས་བརྗོད་པ་མ་ཡིན་ནམ། མངོན་སུམ་འབའ་ཞིག་ཏུ་ནི་མ་ཟད་དེ། ཚད་
མ་མེད་པ་ཡང་ཡུལ་གཞན་ན་ཁྲོན་པའི་ཆུ་ལ་སོགས་སོ། །རྟོགས་པ་ཙམ་ནི་དེ་ལྟ་མ་ཡིན་པར་མི་འགྱུར་བའི་ཕྱིར་འཐད་པ་ལ་ལྟོས་པར་བྱ་བ་ཡིན་ནོ། །དངོས་པོ་མ་བརྟགས་པའི་ཤེས་པ་ཉིད་ནི་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་ཤེས་པས་དོན་དམིགས་པའི་ཕྱིར་དེ་ལས་དེ་འགྲུབ་པོ་ཞེ་
ན། དེ་ཡང་རྣམ་པར་ངེས་པར་མཐོང་བ་ལས་དོན་འགྲུབ་བོ་ཞེ་ན་ཞེས་བྱ་བ་ལ་སོགས་པས་གསལ་བ་ཡིན་ཏེ། དེ་ཉིད་དུ་གཏན་ལ་ཕབ་པ་ཡིན་ནོ། །དེ་ལྟ་ན་འོ་ན་དོན་གྱི་དོན་འཁྲུལ་པ་མེད་ཀྱི་རྗེས་སུ་དཔག་པའི་དོན་གྲུབ་པས་ན་དེ་དོན་ལ་འཁྲུལ་པ་མེད་པར་བསྟན་པས་ཅི་བྱ། འདི་ལྟར་དོན་དེ་ཉིད་
ཀྱིས་ཡོད་པར་གྲུབ་པའི་དོན་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི། དེའི་ཚད་མ་ཉིད་ཀྱང་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །དེ་ནི་རང་གི་ཆོས་ཀྱིས་གཞག་པར་ནུས་པ་ཡིན་ཏེ། གཞན་གྱི་ཆོས་ནི་གཞན་གྱི་རང་བཞིན་རྣམ་པར་འཇོག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཚད་མ་ཉིད་དོན་
ལ་འཁྲུལ་པ་མེད་པས་ངེས་པ་ཡིན་ན་བདག་ཐོབ་པའི་རྗེས་སུ་དཔག་པ་ཡང་ཚད་མར་གཏན་ལ་མ་ཕེབས་པའི་ཕྱིར་ཐེ་ཚོམ་དུ་འགྱུར་རོ་ཞེ་ན། རྗེས་སུ་དཔག་པ་མ་སྐྱེས་པ་དངོས་པོའི་མཐུ་ཉིད་ཀྱིས་སྐྱེ་བ་ནི་མ་ཡིན་གྱི། འོན་ཀྱང་འདི་ནི་ཚད་མ་ཡིན་ཏེ་དོན་ལ་མི་འཁྲུལ་པའི་ཕྱིར་དོན་རྟོགས་པར་ནུས་པ་ཡིན་
ནོ་ཞེས་བྱ་བས་སྐྱེ་བ་ཡིན་ནོ། །མངོན་སུམ་གྱི་ཚད་མ་ཉིད་འཁྲུལ་པ་མེད་པ་ཁོ་ན་ཇི་ལྟར་ཡིན་ཞེས་དོགས་ན། ཕྱོགས་གཞན་ལ་ཚད་མ་མ་ཡིན་པར་བཤད་པ་ནི་དེ་མེད་པར་ཞེས་བྱ་བ་ཡིན་ནོ། །དོན་མེད་པར་འབྱུང་བ་ནི་དོན་དེར་འཁྲུལ་པའི་ཕྱིར་ཏེ། ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་རོ། །ཕྱིན་ཅི་ལོག་ནི་
ཇི་ལྟར་རྟོག་པའི་དོན་མེད་པ་ཡིན་ཏེ། དེ་ཡོད་ན་ཤེས་པ་ཕྱིན་ཅི་ལོག་ཏུ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་འཁྲུལ་པ་མེད་པ་ཉིད་ཚད་མ་ཡིན་ནོ། །དེས་ན་དེ་ལྟར་འཁྲུལ་ན་ཚད་མ་མ་ཡིན་པའི་ཕྱིར་མངོན་སུམ་གྱི་ཚད་མ་ཉིད་མི་འཁྲུལ་པའི་རྩ་བ་ཅན་དུ་བསྒྲུབས་ནས་དེ་ཡང་དེ་ལས་བྱུང་བའི་རྩ་བ་ཅན་དུ་
เล่ม ๑๘๒ · หน้า 23a
བསྟན་པའི་ཕྱིར་གཞན་གྱི་ཞེས་སྨོས་སོ། །ཤེས་པ་ནི་དོན་ལས་གཞན་ཡིན་ནོ། །དངོས་པོ་ཐ་དད་པ་གཞན་གྱི་མི་འཁྲུལ་པ་དེ་ཡང་དེ་ལས་སྐྱེས་པ་ལས་གཞན་ཅི་ཞིག་ཡོད། དེ་ལས་སྐྱེས་པའི་རྒྱུ་མཚན་ཅན་ཉིད་ཡིན་པའི་ཕྱིར་ཉེ་བར་བཏགས་ནས་ཐ་མི་དད་པར་བསྟན་ཏོ། །
འཁྲུལ་པ་མེད་པ་ཞེས་བྱ་བ་ནི་གཉིས་ཀྱི་ཆོས་ཡིན་པའི་ཕྱིར་གཞན་ལ་ཞེས་རྟོགས་པ་ཉིད་མ་བརྗོད་དོ། །འདིར་ཡང་མི་འཁྲུལ་པའི་རྒྱུ་མཚན་དེ་ལས་སྐྱེས་པ་ཡིན་པར་སྒྲུབ་པ་ན་རྒྱུ་མཚན་གཞན་མེད་པར་བརྗོད་པར་བསྒྲུབ་པ་ནི་རག་མ་ལས་པའི་ངོ་བོ་རྣམས་ནི་ཞེས་བྱ་བ་ཡིན་ནོ། །གང་དག་གི་ངོ་བོ་རག་
ལས་པ་མེད་པ་དེ་རྣམས་ནི་དེ་ལས་དེ་ཐོབ་པའི་ཕྱིར་གང་ལ་ངོ་བོ་རག་ལས་པ་དེ་དང་ལྷན་ཅིག་འབྱུང་བར་ངེས་པ་རག་ལས་པ་དེ་ཡོད་ན་ཡོད་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱི་མི་འཁྲུལ་པ་དེ་མེད་པའི་ཕྱིར་རོ། །དེ་ལས་དེའི་རང་གི་ངོ་བོ་གྲུབ་པ་མ་ཡིན་པའི་ཕྱིར་དེ་མེད་ཀྱང་ཡོད་པས་ན་དེ་ཡོད་
ན་དེ་ཡོད་པར་མི་འགྱུར་བའི་ཕྱིར་ལྷན་ཅིག་འབྱུང་བ་མེད་པ་ཡིན་ནོ། །དེས་ན་དེ་ལྟར་མེད་ན་མི་འབྱུང་བའི་རྒྱུ་མཚན་དེ་བཞིན་འབྲེལ་པ་ཡིན་པའི་ཕྱིར་གསུམ་ལ་ཚུལ་གསུམ་སྲིད་པས་གཏན་ཚིགས་ཉིད་བསྒྲུབས་ནས་ད་ནི་གོ་རིམས་བཞིན་དུ་དེ་དག་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རང་བཞིན་གྱིས་ཁྱད་
པར་བསྟན་པའི་ཕྱིར་གལ་ཏེ་ཞེས་རྩོད་པ་སློང་བར་བྱེད་དོ། །གལ་ཏེ་ཇི་སྐད་བཤད་པ་དེ་ལས་སྐྱེས་པའི་མཚན་ཉིད་ཀྱི་གཏན་ཚིགས་ཀྱི་ཕྱིར་འབྲས་བུ་རྟོགས་པའི་རྒྱུ་མཚན་གོ་བར་བྱེད་པ་ཡིན་ན། དེའི་ཚེ་རྣམ་པ་ཐམས་ཅད་གོ་བར་བྱ་བ་དང་གོ་བར་བྱེད་པའི་ངོ་བོ་ཡིན་པར་འགྱུར་རོ།། །།
བམ་པོ་གསུམ་པ། ཇི་ལྟར་དུ་བ་དེའི་བདག་ཉིད་དེ་ལས་སྐྱེས་པའི་ཕྱིར་དུ་བ་ཞེས་དུ་བའི་བདག་ཉིད་དུ་བསྟན་པ་གོ་བར་བྱེད་པ་ཡིན་པ་དེ་བཞིན་དུ་གཞན་ཡང་དེའི་བདག་ཉིད་ཀྱིས་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་བདག་ཉིད་ཇི་ལྟ་བར་གྱུར་པས་དེ་དག་ཀྱང་གོ་བར་བྱེད་པ་ཉིད་དུ་འགྱུར་ཏེ། འདི་ན་མེ་ཡོད་དེ།
དངོས་པོའི་ཕྱིར་རོ། །ཐོགས་བཅས་ཀྱི་ཕྱིར་དང་། མི་རྟག་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་བཞིན་དུ་འདི་ན་དངོས་པོ་འམ་ཐོགས་བཅས་སམ་མི་རྟག་པ་ཡོད་དེ་དུ་བ་ཡོད་པའི་ཕྱིར་རོ། །འགྱུར་ན་དེ་ལྟ་ཡང་མ་ཡིན་ཏེ། དེའི་ཕྱིར་འབྲས་བུས་རྒྱུ་རྗེས་སུ་དཔག་པར་མི་ནུས་སོ། །དངོས་པོ་ལས་མེ་རྟོགས་
เล่ม ๑๘๒ · หน้า 23b
པའམ། དུ་བ་ལས་དངོས་པོ་རྟོགས་པར་ནུས་པ་ནི་མ་ཡིན་ཏེ་ཆུ་ལ་སོགས་པའི་དངོས་པོ་ཡོད་ཀྱང་མེ་མེད་པའི་ཕྱིར་རོ། །དེས་ན་དེ་ལས་སྐྱེས་པ་ནི་འཁྲུལ་པ་མེད་པ་ཉིད་ཀྱིས་རྗེས་སུ་དཔག་པར་བྱ་བ་གྲུབ་པར་བྱ་བའི་ཕྱིར་བརྗོད་པར་མི་བྱའོ་སྙམ་དུ་བསམས་པའོ། །ཅི་སྟེ་ཐམས་ཅད་ལས་བདག་
ཉིད་ཐམས་ཅད་ཀྱིས་དེ་ལ་སྐྱེས་པ་ཉིད་མ་ཡིན་ནོ་ཞེས་བརྗོད་ན་དེ་ནི་མི་རིགས་སོ་ཞེས་སྨྲས་པ་ནི་རྣམ་པ་ཐམས་ཅད་དུ་ཞེས་བྱ་བའོ། །གང་གི་ཕྱིར་མེ་ལས་དངོས་པོ་ལ་སོགས་པའི་བདག་ཉིད་རྣམས་ལས་ཀྱང་དུ་བ་དངོས་པོ་ལ་སོགས་པའི་རང་བཞིན་ཅན་དུ་སྐྱེ་བ་ཡིན་གྱི། མེ་ཙམ་ལས་དུ་བ་ཙམ་དུ་སྐྱེ་བ་
ནི་མ་ཡིན་ནོ་ཞེ་ན། རེ་ཞིག་འདི་གོ་བར་བྱ་བ་ལ་ལྟོས་ནས་སྤང་བའི་ཕྱིར་མདོའི་འབྲེལ་པ་གཞི་འཆའ་བར་བྱེད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །མེའི་ཆོས་གང་ཡིན་པ་དེ་དག་ཡོད་ན་དུ་བ་འབྱུང་བའམ། དེ་མེད་ན་དུ་བ་ལྡོག་པ་ནི་མ་ཡིན་ནོ། །རེ་ཞིག་ལྡོག་པར་མི་ནུས་པའི་ཆོས་དངོས་པོ་དང་མི་རྟག་
པ་ལ་སོགས་པ་རྣམས་ནི་རྗེས་སུ་འགྲོ་བ་བཀག་པ་ཉིད་ཀྱི་རྒྱུ་མ་ཡིན་པ་ཉིད་དོ། །འདི་ལྟར་བུད་ཤིང་དང་བཅས་པའི་དངོས་པོ་གཞན་ནམ་མི་རྟག་པ་ཡོད་ཀྱང་དུ་བ་མི་སྐྱེའོ། །གཞན་འབར་བ་ཅན་དང་བུད་ཤིང་གི་ཁྱད་པར་ལས་སྐྱེས་པ་ལ་སོགས་པ་རྣམས་ནི་མེད་ཀྱང་བུད་ཤིང་སྲེག་པར་ནུས་པ་
ཙམ་ཡོད་ན་འབྱུང་བའི་ཕྱིར་དུ་བ་ཙམ་གྱི་རྒྱུ་ཅན་མ་ཡིན་ནོ། །དེའི་ཕྱིར་གང་མེད་པར་འབྲས་བུ་འབྱུང་བ་དེ་ལས་འདི་སྐྱེ་བའི་མཚན་ཉིད་ངེས་པ་མེད་པའི་ཕྱིར་དེ་ལས་སྐྱེས་པའི་ཕྱིར་འབྲས་བུ་གོ་བར་བྱེད་པ་ཡིན་པ་ལ་ཇི་སྐད་བཤད་པའི་སྐྱོན་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་བས་ན་འབྲས་བུ་ནི་གཏན་ཚིགས་
ཡིན་ནོ། །བསྒྲུབ་པར་བྱ་བ་གང་ཡིན་ཞེ་ན། བཤད་པ་གང་དག་རྒྱུ་ལ་རང་བཞིན་རྒྱུའི་དངོས་པོ་གང་ཡིན་པ་དེ་དག་ཇི་སྙེད་ཅིག་མེད་ན་མི་འབྱུང་སྟེ་དེ་དག་གིས་ནི་ཡིན་ནོ། །འདིས་ནི་འབྲས་བུའི་བསྒྲུབ་པར་བྱ་བའི་ཁྱད་པར་བསྟན་ཏོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྒྱུའི་དངོས་པོར་རྟོགས་པའི་རྒྱུའི་
ཆོས་གང་ཡིན་པ་དེ་དག་ཉིད་འབྲས་བུས་གོ་བར་བྱེད་པ་ཡིན་ནོ། །དེས་ན་དུ་བ་ལས་དངོས་པོ་དང་མི་རྟག་པའམ་རྩྭ་ལས་བྱུང་བ་རྟོག་པ་མ་ཡིན་གྱི་འོན་ཀྱང་མེ་ཞེས་བྱ་བ་སྟེ་འདི་ནི་སྲེག་པར་བྱེད་པ་བརྗོད་པ་ཡིན་པའི་ཕྱིར་རོ། །འདི་ནི་འབྲས་བུ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་ལ་འབྲས་བུ་ཡང་གང་དག་མེད་ན་མི་འབྱུང་
เล่ม ๑๘๒ · หน้า 24a
བ་དེ་དག་ཁོ་ནའི་ཡིན་ཏེ། དེས་ན་འདི་ནི་དེ་ཉིད་ཀྱི་གཏན་ཚིགས་ཀྱི་དངོས་པོར་རིགས་སོ། །དེ་སྨྲས་པ་ནི་གང་དག་མེད་ན་འབྲས་བུ་མི་འབྱུང་བ་དེ་དག་གི་འབྲས་བུ་ཉིད་དུ་འདི་ངེས་པ་ཡིན་ཏེ། དེའི་ཕྱིར་རོ། །དེ་ལྟར་འབྲས་བུའི་གཏན་ཚིགས་ཀྱི་བསྒྲུབ་བྱ་བསྟན་པས་རྣམ་པ་ཐམས་ཅད་
དུ་གོ་བར་བྱ་བ་ཉིད་དུ་ཐལ་བ་སྤངས་ནས་སྒྲུབ་པར་བྱེད་པའི་ཁྱད་པར་བསྟན་པས་རྣམ་པ་ཐམས་ཅད་དུ་གོ་བར་བྱེད་པ་ཉིད་ཡིན་པ་ཡང་སྤང་བའི་ཕྱིར། གང་དག་ཅེས་སྨོས་སོ། །ཅིའི་ཕྱིར་མདོར་མ་བསྟན་ཞེ་ན་མ་བསྟན་ཞེས་སུས་སྨྲས། འདིར་རྒྱུ་ཡོད་པ་ལ་རང་བཞིན་ཇི་སྙེད་ཅིག་མེད་ན་མི་འབྱུང་བའི་
འབྲས་བུ་ནི་གཏན་ཚིགས་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡིན་ནོ། །འདིའི་རང་བཞིན་རྒྱུ་མེད་ན་མི་འབྱུང་བ་གང་ཡིན་པ་མ་ཡིན་གྱི། གཞན་དུ་ན་ཡང་ཡོད་པ་མ་ཡིན་ཏེ། དངོས་པོ་ལ་སོགས་པ་ནི་མེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་ཞེས་བྱ་བ་དང་། དེ་དག་ཁོ་ན་ཞེས་མདོར་
འབྲེལ་པར་འགྲེལ་པ་བྱེད་པ་ཉིད་ཀྱིས་བརྗོད་དོ། །མདོར་ན་འབྲས་བུ་ནི་ཞེས་བྱ་བ་འདི་ཙམ་ཞིག་བརྗོད་དོ། །དེ་ལ་གོ་བར་བྱ་བ་ལ་ལྟོས་ནས་འདི་དག་གིས་ཞེས་འབྲེལ་ལ། གོ་བར་བྱེད་པ་ལ་ལྟོས་ནས་ནི་དེ་ཁོ་ན་ནས་ཞེས་འབྲེལ་ཏོ། །དེ་ཉིད་ཀྱི་ཕྱིར་གཞུང་འདི་ལྟོས་པ་དང་བཅས་པ་ཉིད་དུ་ཉེ་བར་བཀོད་
དེ། འབྲས་བུ་ནི་དེ་དག་ཁོ་ནས་གཏན་ཚིགས་ཡིན་ནོ། །རང་བཞིན་བྱ་བ་འདི་བཤད་པ་ནི་ཆོས་དེ་དག་བྱ་བ་ཡིན་ལ། མེད་ན་མི་འབྱུང་ཞེས་བྱ་བའི་བཤད་པ་ནི་གང་དག་དེ་དག་མེད་ན་མི་འབྱུང་བ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་དེ་མེད་པར་འབྱུང་བ་ནི་དེ་ལས་སྐྱེ་བར་ངེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་
འདི་ཡང་བཤད་པར་བྱའོ། །འདིར་ཕ་རོལ་པོ་སྔར་བཤད་པའི་རང་གི་ཕྱོགས་སྒྲུབ་པར་བྱེད་པར་སྟོན་པ་ནི་གལ་ཏེ་གང་དག་རྒྱུ་ལ་ཡོད་པའི་ཆོས་འགའ་ཞིག་ཉིད་མེད་ན་མི་འབྱུང་བ་འབྲས་བུ་ལ་ཡོད་པའི་ཆོས་འགའ་ཞིག་ཉིད་གོ་བར་བྱེད་པ་ཡིན་ནོ་ཞེ་ན། ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་
ཡིན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གང་གི་ཚེ་རྒྱུའི་ཆོས་དེ་དག་ཉིད་ཀྱིས་འབྲས་བུའི་ཆོས་སྐྱེད་པ་དེའི་ཚེ། དངོས་པོ་ཉིད་ལ་སོགས་པ་རྒྱུ་ལ་གནས་པ་སྐྱེད་པར་བྱེད་པ་མ་ཡིན་ལ། འབྲས་བུ་ལ་གནས་པ་ཡང་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་དང་
เล่ม ๑๘๒ · หน้า 24b
འགལ་བའི་ཆོས་གནས་པའི་ཕྱིར་རྒྱུ་ལ་ཡོད་པའི་ཆོས་རྣམས་ཐ་དད་པར་འགྱུར་ལ། འབྲས་བུ་ལ་ཡོད་པ་འགའ་ཞིག་རྒྱུ་མེད་པར་འགྱུར་ཏེ། དེ་བས་ན་སྐྱོན་འདིར་འགྱུར་རོ། །རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཡིན་ན་ཡང་རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་
པོར་རྣམ་པར་གནས་པ་ཉིད་དོ་ཞེ་ན། འདི་བཟློག་པའི་ཕྱིར་མ་ཡིན་ཏེ། དེས་བསྐྱེད་པར་བྱ་བའི་ཁྱད་པར་དང་ཞེས་སྨོས་སོ། །འབྲས་བུ་ནི་ཆོས་གང་ཞིག་རྒྱུ་ལ་ཡོད་པའི་ཆོས་གང་དག་མེད་ན་མི་འབྱུང་བ་དེ་དག་ཁོ་ནས་དེ་དག་ཁོ་ནའི་གཏན་ཚིགས་ཡིན་ནོ་ཞེས་ཁས་བླངས་པ་ན་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་
པར་བྱེད་པ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བརྗོད་པ་འབྲས་བུ་དེ་དག་གིས་བསྐྱེད་པར་བྱ་བའི་ཁྱད་པར་གང་ཡིན་པ་དེ་བཟུང་ན་ཡིན་པར་འདོད་པ་ཉིད་དོ། །རྒྱུའི་ཆོས་ནི་རྣམ་པ་གཉིས་ཏེ་དངོས་པོ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བ་སྤྱིའི་ཆོས་དང་། རྩྭ་ལས་བྱུང་བ་ལ་སོགས་པ་རྗེས་སུ་འགྲོ་བ་མེད་པ་ཁྱད་པར་གྱི་
ཆོས་སོ། །དེ་ལ་སྤྱིའི་ཆོས་རྣམས་རྗེས་སུ་དཔོག་པར་ཐལ་བ་ནི་ཤིན་ཏུ་འགལ་བ་མ་ཡིན་ཏེ་ཁས་བླང་བར་ནུས་པའི་ཕྱིར་རོ། །བྱེ་བྲག་གི་ཆོས་རྣམས་ནི་ཁས་བླང་བར་མི་ནུས་པ་ཉིད་ཀྱིས་དེ་ལས་སྐྱེས་པ་ཙམ་ལ་བརྟེན་ནས་རྗེས་སུ་དཔག་པར་བྱ་བ་ཡིན་ན་འགལ་བར་འགྱུར་རོ། །དེ་ལ་བརྗོད་པ་ནི་རྩྭ་
ལས་བྱུང་བ་ལ་སོགས་པའི་ཁྱད་པར་ཐ་དད་པ་ཡང་དུ་བ་ཁྱད་པར་གཞན་ལ་ཡོད་པའི་ཕྱིར་ཁྱད་པར་དེ་ལས་སྐྱེས་པ་མ་ཡིན་པ་དེ་ལྟ་ན་ཡང་རྒྱུ་ལ་ཡོད་པའི་ཁྱད་པར་འབྲས་བུའི་བདག་ཉིད་ལ་བྱེད་པ་མེད་པ་ཁོ་ནའོ་ཞེས་བྱ་བར་ནི་མི་ནུས་ཏེ་ཆ་ཤས་ཀྱིས་སྐྱེད་པར་བྱེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེས་ན་ཁྱད་
པར་དེ་འབྲས་བུའི་བདག་ཉིད་ལ་ཡང་ཁྱད་པར་ཙམ་མོ་ཞེས་འདོད་པ་ཡིན་ཏེ། རྒྱུ་ཁྱད་པར་མེད་པར་འབྲས་བུའི་ཁྱད་པར་ཡོད་པའི་ཉེས་པར་འགྱུར་བར་བྱ་བའི་ཕྱིར་རོ། །རྒྱུའི་ཁྱད་པར་དེ་ཡང་གང་གི་ཚེ་རྗེས་སུ་འགྲོ་བ་རྟོགས་པར་གྱུར་པ་དེའི་ཚེ་རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་ཡིན་པ་ཉིད་དོ་ཞེས་བྱ་བའོ། །
འདི་ལ་འདིའི་དཔྱད་པ་བྱ་སྟེ། དེ་ལྟ་ན་ཡང་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པར་འགྱུར་བ་ལྡོག་པ་མ་ཡིན་ནོ། །མེ་ཙམ་གྱི་བདག་ཉིད་ཀྱིས་ཡིན་གྱི། ཁྱད་པར་བཏང་སྙོམས་པ་སྟོན་པ་ཡིན་ན་དེར་ཐལ་བར་འགྱུར་གྱི་ཁྱད་པར་གྱིས་ཀྱང་ཁྱད་པར་སྐྱེད་པ་ལ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་
เล่ม ๑๘๒ · หน้า 25a
ཏེ་སྤྱི་ཉིད་ལས་སྤྱི་ཡིན་ཏེ་ཁྱད་པར་ནི་མ་ཡིན་ནོ། །དེ་ནི་ཁྱད་པར་ཉིད་མ་ཡིན་ནོ་ཞེས་ཁས་བླངས་པ་ན་འདི་ཁྱད་པར་སྤྱིའི་བདག་ཉིད་ལ་བཏང་སྙོམས་སུ་གནས་པའི་ཕྱིར་རོ། །དངོས་པོའི་བདག་ཉིད་ཆ་ཤས་དང་བཅས་པར་ཐལ་བ་ཉིད་ནི་འདི་ཉིད་སྐྱོན་དུ་འགྱུར་བ་ཡིན་ཏེ།
དེ་ལྟ་མ་ཡིན་ན་ཁྱད་པར་གྱི་རང་བཞིན་བཏང་སྙོམས་སུ་གནས་པ་ལ་ཡང་སྐྱོན་མེད་པར་འགྱུར་རོ། །དངོས་པོ་ནི་ཆོས་ངེས་པ་རྣམས་བྱ་བའི་ཡུལ་ཐ་དད་པ་ཉིད་ན་ཇི་ལྟར་ཆ་ཤས་ཉིད་དུ་མི་འགྱུར། འོན་ཏེ་རྩྭ་ལས་བྱུང་བ་ལ་སོགས་པའི་རང་བཞིན་གཅིག་ཏུ་གྱུར་པ་ཉིད་ཀྱི་མེ་ནི་མེའི་རྣམ་པ་ཡིན་ལ། དེ་
བཞིན་དུ་དུ་བའི་རྣམ་པ་ཡང་དེ་ལས་བསྐྱེད་པར་བྱ་བའི་ཁྱད་པར་རྣམ་པར་དབྱེར་མེད་པའི་རང་བཞིན་ཡིན་ནོ། །དེ་ལྟ་བུའི་རྒྱུ་དེ་ལས་དེ་ལྟ་བུར་གྱུར་པ་དེ་སྐྱེ་བ་ན་རྣམ་པ་ཐམས་ཅད་ལས་རྣམ་པ་ཐམས་ཅད་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་ཆོས་ཐ་དད་པར་ངེས་པའི་རྣམ་པར་རྟོག་པས་མེའི་ཆ་ལས་ཁྱད་པར་གྱི་ཆ་ཐ་དད་པར་བྱེད་པར་ཟད་དོ། །དེས་
ན་གང་གིས་ཁྱད་པར་གྱི་ཆ་མེད་ཀྱང་དེ་ལྟར་རྗེས་སུ་འགྲོ་བའི་རང་བཞིན་ཡོད་ན་ཡོད་པའི་དུ་བ་དེ་མེད་པར་འབྱུང་བ་ནི་ཞེས་ཁྱད་པར་གྱི་རྒྱུ་ཅན་ཡིན་པ་སེལ་བར་འགྱུར་བ་འགའ་ཞིག་ནི་ཆོས་ཅན་གཞན་ལ་ཡོད་པ་ཉིད་ཀྱི་དེ་དང་གཅིག་ཏུ་བྱས་ནས་ངེས་པས་རྗེས་སུ་འགྲོ་བར་བརྗོད་པ་ཡིན་ལ་གཞན་ནི་ལྡོག་པ་ཡིན་ནོ། །
དངོས་པོ་ལ་ནི་རྒྱུ་དང་འབྲས་བུར་གྱུར་པའི་རང་གི་མཚན་ཉིད་གཉིས་པོ་དེ་རྒྱུ་དང་འབྲས་བུར་གྱུར་པ་གཞན་དག་ལས་གཞན་ཉིད་ཡིན་པའི་ཕྱིར་མི་འདྲ་བའི་མཚན་ཉིད་ལས་སྐྱེ་བས་ན་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྤྱི་དང་ཁྱད་པར་གྱི་ཆོས་གཞན་དག་ལ་ཡང་
བརྗོད་པར་བྱའོ་ཞེ་ན། དེ་ཡང་མི་རིགས་ཏེ། མ་ཡིན་ཏེ་དེ་མེད་པར་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པའི་གཞུང་མི་བརྗོད་པར་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་གཏན་ཚིགས་ཐིགས་པའི་རྫ་མཁན་ལས་ནི་འཇིམ་པའི་ངོ་བོ་ཉིད་མ་ཡིན། འཇིམ་པ་ལས་ནི་དབྱིབས་ཀྱི་ཁྱད་པར་མ་ཡིན་ཞེས་བྱ་བ་ཡང་
མི་འཐད་པར་འགྱུར་ཏེ་འཇིམ་པ་དང་རྫ་མཁན་གཉིས་ཀ་ལས་འཇིམ་པ་དང་དབྱིབས་ཀྱི་ཁྱད་པར་ཆ་མེད་པའི་དངོས་པོ་འབྱུང་བའི་ཕྱིར་རོ། །དེ་ལ་འདི་ནི་བདག་ཉིད་ཐམས་ཅད་ཀྱིས་གཅིག་ལས་ཀྱང་འབྱུང་ལ་གཞན་ལས་ཀྱང་འབྱུང་བ་མ་ཡིན་ནོ། །དེས་ན་འདི་ནི་རྫ་མཁན་ལས་ཀྱང་འཇིམ་པའི་ངོ་བོ་ཉིད་ཡིན་
เล่ม ๑๘๒ · หน้า 25b
ལ། འཇིམ་པ་ལས་ཀྱང་དབྱིབས་ཀྱི་ཁྱད་པར་ཡིན་ནོ། །རྫ་མཁན་མ་ཡིན་པའི་སྐྱེས་བུ་དང་འཇིམ་པ་དང་བསྐྱེད་པར་བྱ་བ་སོ་ཕག་ལ་སོགས་པ་གང་ཡིན་པ་དེ་ཡང་མི་འདྲ་བ་ཉིད་མི་འདྲ་བའི་ཚོགས་པས་བསྐྱེད་པ་ཡིན་གྱི། དེར་འཇིམ་པ་ཡོད་ཀྱང་རྫ་མཁན་མེད་པའི་ཕྱིར་བུམ་པའི་དབྱིབས་མེད་
པ་ནི་མ་ཡིན་པའི་ཕྱིར་རྫ་མཁན་དེ་རྒྱུ་ཉིད་དོ་ཞེས་བྱ་བར་ནུས་པར་འགྱུར་རོ། །ལྷན་ཅིག་བྱེད་པ་མི་འདྲ་བ་དང་ལྡན་པའི་འཇིམ་པ་དང་རྫ་མཁན་དག་འབྲས་བུ་མི་འདྲ་བར་བྱེད་པའི་ཕྱིར་ཆ་ཤས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པ་མ་ཡིན་ནོ། །རྣམ་པར་རྟོག་པས་ཉེ་བར་བཏགས་པའི་ཆོས་རྗེས་སུ་
འགྲོ་བ་ལ་བརྟེན་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་ནས་དེ་སྐད་བཤད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ་བཏགས་པ་ལ་བརྟེན་པ་ནི་ལྡོག་པའི་རྟེན་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མིག་ཀྱང་མིག་ལ་སོགས་པའི་ཚོགས་པ་ཁྱད་པར་ཅན་ལས་སྐྱེ་ལ། བདེ་བ་ལ་སོགས་པ་ཡང་མ་ཡིན་པའི་ཕྱིར།
དེ་དང་དེ་མིན་དངོས་རང་བཞིན། །ཞེས་མི་བརྗོད་པར་འགྱུར་རོ། །མིག་ལ་སོགས་པ་ཡང་ཤེས་པའི་རང་བཞིན་དུ་ཐལ་བའི་ཕྱིར་རོ། །ཇི་ལྟར་རྟོགས་བཞིན་པའི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་འབྲངས་ན་ནི་མིག་ཚོགས་པ་དེ་མེད་ཀྱང་སྔར་ཡང་ཡོད་པའི་ཕྱིར་ཚོགས་པ་དེའི་རྒྱུ་མཚན་ཅན་མ་ཡིན་
པས་བདེ་བ་ལ་སོགས་པ་དང་རྒྱུ་མི་མཚུངས་པ་ཉིད་ཀྱིས་དེ་དང་འདྲ་བར་ཤེས་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །གང་གི་ཚེ་ཁྱད་པར་གྱི་རྟེན་པ་ཉིད་ཀྱིས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འབྲང་བ་དེའི་ཚེ། དེ་ཕྱིས་མི་འབྱུང་བའི་ཕྱིར་དུ་བ་ལ་སོགས་པ་མེ་ལ་སོགས་པའི་ཚོགས་པས་བསྐྱེད་པར་བྱ་བར་ངེས་པ་
དོན་མེད་པ་ཉིད་དོ། །འོན་ཏེ་གཅིག་དུ་བ་ཡིན་པ་ཉིད་ན་གཞན་ཡང་དུ་བ་ཡིན་པའི་ཕྱིར་དུ་བ་ལ་བརྟེན་ནས་ངེས་པར་བརྟེན་པ་ཡིན་ཞེ་ན། ད་ནི་དུ་བ་གཞན་མེ་ལ་ཡོད་པའི་ཁྱད་པར་ལས་ངེས་པ་མ་ཡིན་ཏེ་དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེས་ན་དུ་བ་ཁྱད་པར་གྱི་རྒྱུ་ཅན་དུ་ཇི་ལྟར་འགྱུར་དེ་བཞིན་དུ་མེ་ལས་ནི་
དུ་བ་གཞན་འབྱུང་ལ། བརྒྱ་བྱིན་གྱི་སྤྱི་བོ་ལས་དུ་བ་རྣམ་པ་གཞན་འབྱུང་བ་ཡིན་ནོ་ཞེས་བྱ་བར་ཡང་འགྱུར་རོ། །དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་འམ་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་མ་ཡིན་པ་འདི་བརྗོད་པར་བྱའོ་ཞེ་ན། འདི་ལ་བརྗོད་པ་འདི་དུ་བ་ལ་སོགས་པའི་བདག་ཉིད་ཀྱི་དོན་
เล่ม ๑๘๒ · หน้า 26a
ལན་ཅིག་ཀྱང་རྒྱུ་ཉེ་བར་གནས་པ་རྩ་བར་གྱུར་པ་ཉིད་ཀྱིས་རང་གི་ངོ་བོ་ཐོབ་པར་བྱེད་པ་ན་དུ་བ་ལ་སོགས་པ་ཐམས་ཅད་དེ་ལྟ་བུའི་རྒྱུ་ཅན་ཉིད་དུ་ངེས་པར་བྱེད་དོ། །གཅིག་ཅིག་དེ་མེད་པར་འབྱུང་ན་ཡང་ལན་ཅིག་ཀྱང་དེ་ལྟར་གྱུར་པར་མི་འགྲུབ་པའི་ཕྱིར་རོ། །དེས་ན་འཆད་
པར་འགྱུར་བའི་རིགས་པ་ལ་ལྟོས་ནས་དུ་བའི་རང་གི་མཚན་ཉིད་གཅིག་ཅིག་ཀྱང་མེའི་ཁྱད་པར་མེད་པར་འབྱུང་བ་ཡིན་ན་དུ་བ་མེའི་ཁྱད་པར་གྱི་རྒྱུ་ཅན་དུ་མི་འགྱུར་རོ། །འོན་ཏེ་ཡང་ཆ་ཤས་ཀྱིས་སྐྱེད་པར་བྱེད་པ་ཉིད་ཡིན་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར་གང་གིས་སྤྱིའི་ཆ་ནི་དེར་ནུས་པ་ཡིན་
ལ་ཁྱད་པར་གྱི་ཆ་མ་ཡིན་པའི་ཕྱིར་འགལ་བའི་ཆོས་གནས་པར་འགྱུར་བ་མེའི་སྤྱིའི་ཆ་ཁྱད་པར་གྱི་ཆ་ལས་ཐ་དད་པ་ནི་ཡོད་པ་མ་ཡིན་ཏེ། རྩྭ་ལས་བྱུང་བ་ཉིད་དང་མེ་ཉིད་གཉིས་ཕན་ཚུན་ཁྱད་པར་མེད་པའི་ཕྱིར་ཏེ་སྣང་བ་ཐ་དད་པར་མ་གྲུབ་པའི་ཕྱིར་རོ། །དེས་ན་རྩྭ་ལས་བྱུང་བ་དང་མེ་ཆ་མེད་པའི་བདག་
ཉིད་ཀྱིས་རྩྭ་ལས་བྱུང་བའི་དུ་བ་ཆ་མེད་པར་སྐྱེད་པར་བྱེད་དོ། །དེ་བཞིན་དུ་ལོ་མ་ལས་བྱུང་བ་ལས་ཀྱང་ལོ་མ་ལས་བྱུང་བའི་ཕྱིར་རང་གི་མཚན་ཉིད་ཁོ་ན་ལས་རང་གི་མཚན་ཉིད་འབྱུང་བ་ན་གང་གིས་འདིར་ཆ་རྣམས་ཆོས་འགལ་བ་ལ་གནས་པའི་ཕྱིར་ཐ་དད་པར་འགྱུར་བ་ཆ་ཤས་ཀྱིས་སྐྱེད་པར་བྱེད་པ་ཉིད་དུ་
ག་ལ་འགྱུར། བསམ་པ་འདི་ཉིད་ཀྱིས་ན་དེས་བསྐྱེད་པར་བྱ་བའི་ཁྱད་པར་བཟུང་ན་ཞེས་བཤད་པ་ཡིན་ཏེ་རྣམ་པ་དེ་ལྟ་བུའི་དངོས་པོ་ཡོད་ན་དེ་ལྟ་བུར་གྱུར་པ་ཡོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྩྭའི་བུད་ཤིང་དུ་བསྐྱེད་པ་ན་ས་བོན་ལ་སོགས་པ་ཚོགས་པ་མྱུ་གུ་སྐྱེད་པ་དེ་བཞིན་དུ་ལོ་མའི་བུད་
ཤིང་ལས་ཀྱང་དེས་བསྐྱེད་པའི་དུ་བ་སྐྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་དུ་བ་དེ་དེ་ལས་སྐྱེ་བ་ཡིན་ནོ། །དེ་ཇི་ལྟ་བ་ཉིད་ཀྱང་མ་ཡིན་གྱི་འོན་ཀྱང་ཁྱད་པར་གཞན་དང་ལྡན་པའི་ཚོགས་པ་ལས་ཁྱད་པར་གཞན་དང་ལྡན་པའི་དུ་བ་ཉིད་སྐྱེ་བ་ཡིན་ནོ། །དེས་ན་འདིར་ཁྱད་པར་དུ་བྱེད་པའི་རང་བཞིན་གང་ཡིན་པ་ཞེས་
བརྩལ་བས་ན། བུད་ཤིང་ཁྱད་པར་དུ་བྱེད་པ་ཡིན་པར་བརྗོད་དོ། །ཚོགས་པ་དེར་བུད་ཤིང་ཉིད་ཁྱད་པར་ཡིན་པའི་ཕྱིར་རོ། །དེས་ན་དུ་བ་ཙམ་ལ་ལྟོས་ཏེ་བུད་ཤིང་གི་ཁྱད་པར་སྦྱོར་བར་བྱེད་པ་མ་ཡིན་ཏེ། དེས་མེད་པར་འབྱུང་བ་ནི་དེ་ལས་སྐྱེ་བར་ངེས་པ་མེད་པའི་ཕྱིར་རོ་ཞེས་མེད་ཀྱང་འབྱུང་བར་བཤད་དོ། །
เล่ม ๑๘๒ · หน้า 26b
དེ་བཞིན་དུ་འབར་བ་ལ་སོགས་པའི་ཁྱད་པར་དག་ཀྱང་ངེས་པར་བྱའོ། །དེ་ཙམ་གྱིས་སྐྱེད་པར་བྱེད་པ་མ་ཡིན་པ་ཡང་མ་ཡིན་ཏེ་ཐམས་ཅད་ལས་ཁྱད་པར་ཐམས་ཅད་འབྱུང་བའི་ཕྱིར་རོ། །གལ་ཏེ་ཐམས་ཅད་ལས་ཁྱད་པར་ཐམས་ཅད་སྐྱེ་ན་ཚོགས་པ་དེ་དང་དེ་དག་ཏུ་ཕན་ཚུན་ཐ་དད་པའི་རང་བཞིན་ཆ་མེད་པའི་དུ་བ་ཉིད་
ཆ་མེད་པའི་མེ་ལས་སྐྱེ་སྟེ་དེས་ན་ཁྱད་པར་དེ་མེད་ཀྱང་ཚོགས་པ་གཞན་ལ་དུ་བ་ཡོད་པས་དེ་མེད་ཀྱང་ཡོད་པའི་ཕྱིར་རྒྱུ་མ་ཡིན་པའི་ཕྱིར་དང་། མེ་ཡོད་ཀྱང་དུ་བ་བཞིན་དུ་ཁྱད་པར་དེ་མི་སྐྱེ་བའི་ཕྱིར་དེ་དེས་བསྐྱེད་པ་མ་ཡིན་པའི་ཕྱིར། སྲེག་པའི་ནུས་པ་ཙམ་ལས་ནི་དུ་བ་ཙམ་སྐྱེ་ལ། ཁྱད་པར་ལས་ནི་ཁྱད་པར་ཡིན་ནོ་ཞེས་
དེ་ལྟར་རྣམ་པར་ཕྱེ་བས་ཇི་ལྟར་འགྱུར་ཞེ་ན། བརྗོད་པའི་ཚོགས་པ་གཞན་ལ་ལྟོས་ནས་རྣམ་པར་ཕྱེ་བ་ཡིན་གྱི་དངོས་པོ་དེ་ནི་རྣམ་པར་དབྱེ་བའི་རྟེན་མ་ཡིན་ནོ། །ཁྱད་པར་མེད་ཀྱང་ཚོགས་པ་གཞན་ལ་ཡོད་པའི་ཕྱིར་ཁྱད་པར་དེ་རྒྱུ་མ་ཡིན་པའི་རྟག་པ་ཡིན་གྱི། དངོས་པོ་དེ་ཉིད་ལ་ནི་ཆོས་འགའ་ཞིག་ཆོས་
འགའ་ལ་བཏང་སྙོམས་པར་རྟེན་པ་མི་འཐད་དོ། །གལ་ཏེ་དེ་ལྟ་ན་རྩྭ་ལས་བྱུང་བའི་བདག་ཉིད་ཁྱད་པར་ཡིན་ཡང་དེར་དུ་བའི་རྒྱུ་ཉིད་དུ་གྲུབ་པས་གཞན་དུ་ཇི་ལྟར་ཡོད་ཅེ་ན། འདི་ལ་བཤད་ཟིན་ཏེ་དངོས་པོ་ལ་ཆོས་རྣམས་ཕན་ཚུན་ཁྱད་པར་མེད་པའི་ཕྱིར་འདི་ནི་འདི་ལའོ་ཞེས་རྣམ་པར་དབྱེ་བ་མ་གྲུབ་པའི་
ཕྱིར་རོ། །འོན་ཀྱང་བསལ་བ་ཐ་དད་པ་དག་ལ་དེའི་རྒྱུར་གྱུར་པའི་ཚོགས་པ་རྣམས་ཀྱི་ཐ་དད་པའི་རྒྱུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྟོགས་ནས་ཁྱད་པར་དེ་དང་ལྡན་པའི་འབྲས་བུ་སྒྲུབ་པར་བྱེད་པའི་དོན་དུ་གཉེར་བ་དེ་ལྟ་བུའི་རྒྱུ་འཛིན་པའམ་ཁྱད་པར་ཅན་གྱི་འབྲས་བུ་དམིགས་པ་ལས་ཁྱད་པར་ཅན་
གྱི་རྒྱུ་རྗེས་སུ་དཔོག་པ་ལ་འཇུག་པ་ཡིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་ཐ་དད་པའི་རྗེས་སུ་སོང་བའི་རྣམ་པར་དབྱེ་བ་ལ་ལྟོས་ནས་ནི་མ་ཡིན་ཏེ། དེ་མེད་པར་འགྱུར་བ་ནི་དེ་ལས་སྐྱེ་བར་ངེས་པ་མེད་པའི་ཕྱིར་རོ་ཞེས་བརྗོད་ལ། ཆ་མེད་པ་ཉིད་ཆ་མེད་པ་ལས་སྐྱེ་བ་ལས་བསམས་ནས་ནི་བསྐྱེད་པར་བྱ་བའི་
ཁྱད་པར་བཟུང་ནས་བཤད་དེ། དེ་བཞིན་དུ་རྫ་མཁན་ལས་དབྱིབས་ཀྱི་ཁྱད་པར་སྐྱེ་བ་ཡང་ངེས་པར་བྱའོ། །མིག་ལ་སོགས་པ་ཤེས་པ་སྐྱེད་པའི་ཚོགས་པ་ཙམ་ལ་བརྟེན་ནས་འབྱུང་བ་མ་ཡིན་ནོ་ཞེས་ནི་གཞན་དུ་བསྟན་ཟིན་ཏོ། །ད་ནི་འབྲས་བུ་རྒྱུ་མེད་ན་མི་འབྱུང་བའི་ཆོས་དག་ཁོ་ནས་གོ་བར་བྱེད་པར་
เล่ม ๑๘๒ · หน้า 27a
བཤད་པ་གང་ཡིན་པ་དེར་ཡང་ཆ་ཤས་ཀྱིས་སྐྱེ་བར་ཐལ་བ་སྤོང་བའི་ཕྱིར་རྟགས་ཀྱི་བྱེ་བྲག་གི་ཁྱད་པར་ཅན་གྱི་སྤྱི་རྣམས་བཟུང་ན་ཡིན་པར་འདོད་པའི་ཕྱིར་རོ་ཞེས་སྨོས་སོ། །གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོའི་སྐབས་ཡིན་པས། དེ་ཉིད་དེས་བསྐྱེད་པར་བྱ་བའི་ཁྱད་པར་
དང་། ཇི་སྐད་བཤད་པའི་སྤྱི་རྣམས་བཟུང་ན་ཡིན་པར་འདོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྟགས་ཀྱི་སྤྱི་དངོས་པོ་ཉིད་དང་། སྐྱ་བོ་ཉིད་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་རྟགས་ཀྱི་བྱེ་བྲག་གི་ཁྱད་པར་བཟུང་ནས་ཏེ། ཁྱད་པར་ཅན་གྱི་རྟགས་ཀྱི་ཁྱད་པར་རྣམས་རྟོགས་ན་གཏན་ཚིགས་ཀྱི་
དངོས་པོར་འདོད་པ་ཡིན་ནོ། །འདི་དག་ནི་རྟགས་ཀྱི་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྟགས་ཀྱི་བདག་ཉིད་ཀྱིས་ན་རྟགས་བཞིན་དུ་དེ་དག་ཀྱང་ཁྱད་པར་ཡིན་པའི་ཕྱིར་རོ། །དུ་བ་ལ་ཡོད་པའི་དངོས་པོ་ཉིད་ནི་བུམ་པ་ལ་ཡོད་པའི་དངོས་པོ་ཉིད་ལས་ཐ་དད་པ་ཡིན་ཏེ། དེས་ན་དུ་བ་ལ་ཡོད་པ་འདི་བུམ་པ་
ལ་ཡོད་པ་དང་མི་འདྲ་བར་བཟུང་ན་མེ་བསྒྲུབ་པར་རིགས་པ་ཉིད་དོ། །གལ་ཏེ་མེ་མེད་པར་ཡང་འབྱུང་བའི་དངོས་པོ་ཉིད་ཇི་ལྟར་མེའི་རྒྱུ་ཅན་དུ་འགྱུར་བ་མ་ཡིན་ཏེ། དངོས་པོ་ཉིད་གཞན་ཡིན་པའི་ཕྱིར་རོ་ཞེ་ན། མེ་མ་ཡིན་པ་ལས་བྱུང་བའི་དུ་བ་ཡང་གཞན་ཉིད་ཡིན་པའི་ཕྱིར་མཚུངས་པར་ཐལ་བར་འགྱུར་
རོ། །མཚུངས་པ་མ་ཡིན་ཏེ། གང་གི་ཕྱིར་འགའ་ཞིག་གིས་འཁྲུལ་པ་དང་། མི་འཁྲུལ་བར་འགྱུར་བ་དངོས་པོ་ཉིད་ཅེས་བྱ་བ་ནི་འབྲས་བུ་མ་ཡིན་གྱི། འོན་ཀྱང་རང་གི་མཚན་ཉིད་ཁོ་ནའོ། །དེ་ཡང་དུ་བ་ཡིན་ཞེས་དབང་ཕྱུག་སེལ་བ་དག་གིས་བསྟན་ཏོ། །ཁྱད་པར་ལ་ལྟོས་པར་ནི་སྤྱི་ཙམ་སྒྲུབ་
བྱེད་མ་ཡིན་ནོ་ཞེས་བཤད་པ་ནི། སྤྱི་ཁྱད་པར་དུ་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། རྒྱུ་གང་ཞིག་བསྒྲུབ་པར་བྱ་བ་དེས་ནི་རང་གི་འབྲས་བུ་ལ་སྤྱིའི་ཆོས་ཁྱད་པར་གྱི་བདག་ཉིད་དུ་གྱུར་པ་རྣམས་ཉིད་ཀྱི་རང་བཞིན་བསྒྲུབ་པར་བྱ་བ་ཡིན་ཏེ། དེས་ན་དེ་ལྟ་བུར་གྱུར་པ་དེ་དག་གི་སྒྲུབ་པར་བྱེད་པ་ཡིན་པ་
ཉིད་དོ། །རྒྱུས་བྱས་པའི་ཁྱད་པར་ལ་མ་བརྟེན་པར་འབྲས་བུ་གཞན་ལ་ཡོད་པའི་རང་བཞིན་ལ་བརྟེན་ནས། གཏན་ཚིགས་སུ་བྱས་ན་ནི་འཁྲུལ་པ་ཉིད་ཀྱི་ཕྱིར་ན་དེ་དག་གཏན་ཚིགས་སུ་འདོད་དོ། །དེས་ན་དེ་ལྟར་དེའི་རང་བཞིན་དེ་ལས་བྱུང་བའི་ཕྱིར་རོ་ཞེས་འབྲེལ་པ་བསྟན་པ་ཉིད་ཀྱིས་རང་བཞིན་རྟོགས་པའི་
เล่ม ๑๘๒ · หน้า 27b
འབྲས་བུའི་གཏན་ཚིགས་ཀྱི་བསྒྲུབ་པར་བྱ་བའི་ཁྱད་པར་བསྟན་པའི་ཕྱིར། གལ་ཏེ་དེ་ལས་སྐྱེས་པའི་ཕྱིར་ཞེས་རྒོལ་བ་བཀོད་པ་སྔོན་དུ་འགྲོ་བས་བཤད་ནས། ད་ནི་དེ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བས་རང་བཞིན་གྱི་གཏན་ཚིགས་ཀྱི་རང་བཞིན་ཉིད་བཤད་ཀྱང་བསྒྲུབ་པར་བྱ་བ་བསྟན་པའི་ཕྱིར་རང་
བཞིན་ཡོད་ཙམ་དང་ཞེས་སྨོས་སོ། །རང་བཞིན་དེ་རང་གི་ངོ་བོ་ཉིད་ལ་དངོས་པོ་གཏན་ཚིགས་ཡིན་ནོ། །རང་བཞིན་དེ་ཡང་ཡོད་པ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ཏེ། ཡོད་ཙམ་ཉིད་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །གང་ཞིག་ཡོད་པའི་ཞེ་ན། སྐབས་ཀྱི་དངོས་པོ་ཉིད་ཡོད་པའི་ཞེས་བྱ་བར་རྟོགས་སོ། །དེའི་
དོན་ནི་འདི་ཡིན་ཏེ་གང་ཞིག་དངོས་པོ་ཡོད་པ་ཙམ་གྱི་རྗེས་སུ་འཇུག་པ་དེ་ལྟ་བུའི་རང་གི་བདག་ཉིད་ལ་དངོས་པོ་གཏན་ཚིགས་ཡིན་ནོ། །དངོས་པོ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་དེ་ཡོད་པ་ནི་རང་གི་བདག་ཉིད་མེད་པར་མི་འགྱུར་བའི་ཕྱིར་ཏེ་ཡོད་ན་གདོན་མི་ཟ་བར་དེའི་རང་བཞིན་ཡོད་པར་འགྱུར་རོ་ཞེས་ངེས་
པས་ན་དངོས་པོ་ཡོད་ན་རང་བཞིན་ཡོད་པ་ཡིན་ནོ། །གལ་ཏེ་འདི་ལྟ་བུའི་དོན་འདི་ནི་རང་བཞིན་འབྲེལ་པ་བརྗོད་པ་ཉིད་ཀྱིས་ངེས་པ་མ་ཡིན་ནམ། དེས་ན་འདི་ཉིད་བསྒྲུབ་པར་བྱ་བ་ཡིན་པ་དེས་ན་འདི་བརྗོད་པས་ཅི་ཞིག་བྱ་ཞེ་ན། དེ་ནི་བདེན་ཏེ། དེ་ཉིད་ཀྱི་ཕྱིར་གཏན་ཚིགས་ཀྱི་དེའི་བདག་ཉིད་ནི་
ཞེས་སྨོས་སོ། །འདིའི་རང་བཞིན་འབྲེལ་པ་ནི་རྣམ་པ་འདི་ལྟ་བུའི་དངོས་པོ་ལ་ཡིན་པར་རིགས་པ་དེའི་ཕྱིར་དེ་ཉིད་བསྒྲུབ་པར་བྱ་བར་འཐད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་འོ་ན་ཅིའི་དོན་དུ་འདི་བཀོད་ཅེ་ན། གཞན་ལ་རག་ལས་པའི་ནི་མ་ཡིན་ཏེ་ཞེས་སྨོས་སོ། །དེ་ལྟར་རྣམ་པ་ཐམས་ཅད་
དུ་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་དུ་འགྱུར་བར་སྨྲ་བ་རྒྱུ་དང་འབྲས་བུའི་རང་བཞིན་བསྟན་པས་བསལ་བ་དེ་བཞིན་དུ་དེའི་བདག་ཉིད་བསྟན་པས་དེ་དང་འགལ་བ་གོ་བར་བྱེད་པར་བརྗོད་པ་བཀག་པ་ཡིན་ནོ། །དེས་ན་གང་དག་གཞན་ལ་རག་ལས་པའི་ཕྱིར་དེས་སྟོང་ཡང་ངོ་བོ་ཡོད་པས་དེའི་བདག་ཉིད་དུ་མ་
གྲུབ་ཀྱང་གོ་བར་བྱེད་པ་ཉིད་དུ་སྨྲ་བ་དེ་དག་འདི་ལྟར་བསལ་བར་བྱ་བ་ཡིན་ཏེ་འཇིག་པ་རྒྱུ་དང་ལྡན་པར་སྨྲ་བ་རྣམས་ཀྱིས་བྱས་པ་ཉིད་བཞིན་ནོ། །མི་རྟག་པ་ཉིད་དེ་ཕྱིས་འབྱུང་ན་ཡོད་ཀྱང་དེའི་རང་བཞིན་མ་ཡིན་པར་འགྱུར་རོ། །དེས་ན་དེའི་བདག་ཉིད་མ་ཡིན་པའི་ཕྱིར་འདི་བྱས་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་མ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด