ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བར་ཏི་ཀ་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๒ · หน้า 54b

གཏན་ཚིགས་འཕེན་པ་ཡིན་ཏེ། དེས་ན་ཚོགས་པ་ཞེས་བྱ་བའི་གཏན་ཚིགས་དེ་ཙམ་ཁོ་ནའི་ཕྱིར་ནི་རྒྱུ་རྣམས་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་དེ་དག་ཡོད་པས་འབྲས་བུ་འབྱུང་བར་མ་ངེས་པའི་ཕྱིར་འབྲས་བུ་མི་སྐྱེ་ཡང་དེ་ཡོད་པས་ཚོགས་པ་ཉིད་འབྲས་བུ་སྐྱེ་

བ་ལ་མ་ངེས་པ་ཉིད་དོ། །ཇི་ལྟར་སྐྱེད་པར་བྱེད་པ་མ་ཡིན་ཞེ་ན། འབྲས་བུ་དང་འབྲེལ་པའི་སྐྱེ་བ་གང་ཡིན་པ་དེ་ནི་ཚོགས་པ་ལས་སྐྱེ་བ་ཅན་གྱི་ནུས་པ་གང་ཡིན་པ་དེ་རྣམས་ཀྱི་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། །དེ་དེ་ཙམ་ལས་ནི་འབྱུང་བ་མ་ཡིན་ནོ་སྙམ་དུ་བསམས་པའོ། །བར་འདིར་ཏེ་

ཚོགས་པ་ཉེ་བ་དང་འབྲས་བུ་སྐྱེ་བའི་དབུས་ཡོངས་སུ་འགྱུར་བའི་མིང་ཅན་འདིར་གགས་བྱེད་པ་སྲིད་པའི་ཕྱིར་མི་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཚོགས་པ་དག་ཁོ་ནས་རང་གི་འབྲས་བུ་སྐྱེ་བར་བྱེད་པ་མ་ཡིན་ནོ། །དེ་བས་ན་འབྲས་བུ་རྗེས་སུ་དཔག་པ་མ་ཡིན་ནོ། །རུང་བ་ཉིད་རྗེས་སུ་དཔོག་ན་ནི་

དེ་ལྟར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བཤད་པ་ནི། རུང་བ་ཉིད་ནི་ཞེས་བྱ་བ་ཡིན་ནོ། །འབྲས་བུ་ཡང་རྫས་གཞན་ལ་མི་ལྟོས་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་འདི་ལྟར་བསམས་པ་ཡིན་ཏེ་ཇི་ལྟར་འབྲས་བུའི་རྒྱུའི་རྫས་ཡོངས་སུ་རྫོགས་པ་ཡིན་ཡང་འགྱུར་བ་ལ་ལྟོས་པས་བར་ཆོད་པར་

འགྱུར་བའི་ཕྱིར་གགས་བྱེད་པའི་རྒྱུ་འཇུག་པ་དེ་བཞིན་དུ་གང་གིས་བར་ཆོད་སྲིད་པས་གགས་བྱེད་པར་འཇུག་པར་འགྱུར་བ། འགྱུར་བ་ཡང་འགྱུར་བ་ལ་ལྟོས་པ་དག་ལས་སྐྱེ་བ་ནི་མ་ཡིན་ཏེ། ཚོགས་པ་རྣམས་འགྱུར་བ་ལ་མི་སྡོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྫས་

གཞན་ལ་ལྟོས་པར་ཐར་བའི་ཕྱིར་རོ། །འདི་དག་གི་འབྲས་བུ་སྐྱེད་པའི་ཚོགས་པ་ནི་འདི་ཉིད་ཡིན་ཏེ། ཚོགས་པ་ཙམ་ཉིད་ན་འབྲས་བུ་དང་མཐུན་པའི་ཁྱད་པར་སྒྲུབ་པ་གང་ཡིན་པའོ། །དེ་ཙམ་འབྲེལ་པ་ཙམ་ཉིད་ལས་སྐྱེད་པར་བྱེད་པ་མ་ཡིན་ན་ཁྱད་པར་མེད་པའི་ཕྱིར་ཕྱིས་ཀྱང་སྐྱེད་

པར་བྱེད་པར་མི་འགྱུར་རོ། །ལྷན་ཅིག་བྱེད་པ་ལ་ལྟོས་ན་ནི་དེ་ལྟར་འགྱུར་ཏེ། དེའི་ལྟོས་པར་བྱ་བ་མ་ཚང་བའི་ཕྱིར་དེ་ཁྱད་པར་རྩོམ་པ་མ་ཡིན་པའི་ཕྱིར་རོ། །དེར་ཡང་འབྲེལ་པ་ཙམ་ཉིད་ལས་ཁྱད་པར་སྐྱེ་བར་བརྗོད་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐལ་བ་དེ་ཉིད་དུ་འགྱུར་རོ། །དེའི་

เล่ม ๑๘๒ · หน้า 55a

ཕྱིར་ཚོགས་པ་རྣམས་རྫས་གཞན་ལ་མི་ལྟོས་པ་ཁོ་ནར་རུང་བ་སྐྱེད་པ་ན། ལྟོས་པ་དང་བཅས་པས་དེ་བྱེད་པ་ཉིད་དུ་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་རུང་བ་ཉིད་དུ་རྗེས་སུ་དཔོག་པ་ལ་ཚོགས་པ་རྣམས་མི་འཁྲུལ་པ་ཡིན་ཏེ། རྒྱུ་ནུས་པ་འབྲས་བུ་ལ་འཁྲུལ་པ་མེད་པའི་ཕྱིར་

རོ། །ཚོགས་པ་རྣམས་རུང་བ་ཉིད་སྐྱེད་པ་ལ་ནི་འབྲེལ་པ་ཙམ་ཉིད་ལས་ནུས་པ་ཡིན་ནོ། །ནུས་པ་དེ་རྟོགས་པ་ནི་དང་པོ་འབྲེལ་པ་ཉིད་མེད་ན་ཕྱིས་ཀྱང་མེད་པར་ཐལ་བའི་ཕྱིར་དང་། ཁྱད་པར་སྐྱེ་བ་ལ་མི་ལྟོས་ན་ཆོད་ནས་བྱེད་པ་མི་སྲིད་པའི་ཕྱིར་རོ། །འབྲས་བུ་སྐྱེ་བ་ལ་ནི་ཆོད་པ་མེད་པ་

ཐ་མའི་གནས་སྐབས་ཐོབ་པར་ངེས་པར་མི་ནུས་སོ་ཞེས་རྣམ་པར་ངེས་པར་བཤད་པ་ཡིན་ནོ། །འོ་ན་འདི་ཉིད་དུ་རྒྱུའི་ཚོགས་པ་སྔ་མ་ལས་ཕྱི་མ་ཁྱད་པར་ཅན་དུ་རུང་བ་ཉིད་དང་ལྡན་པ་རྗེས་སུ་དཔག་པར་བྱ་བར་འགྱུར་རོ། །དེས་ན་རྒྱུ་ལས་འབྲས་བུ་འགྲུབ་བོ་ཞེ་ན། དེ་ནི་མེད་དེ་ནུས་པ་ནི་འབྲེལ་

པ་ཙམ་ལ་བརྟེན་ནས་ཇི་སྐད་བཤད་པའི་རིགས་པ་ཉིད་ཀྱིས་རྟོགས་པའི་ཕྱིར་ཏེ། མངོན་སུམ་ལས་ནི་མ་ཡིན་ནོ། །འོ་ན་རིགས་པས་རྟོགས་པའི་ནུས་པ་དང་ལྡན་པ་ལས་རྗེས་སུ་དཔོག་པར་འགྱུར་རོ་ཞེ་ན། གལ་ཏེ་ཚོགས་པའི་སྐད་ཅིག་སྔ་མ་རྣམས་ཕྱི་མའི་སྐད་ཅིག་ལས་ཐ་

དད་པའི་རང་བཞིན་དུ་རྟོགས་པའི་ཕྱིར་ཡིན་ན་འགྱུར་བ་ཡིན་ནོ། །དེ་ལྟ་ན་ནི་མ་ཡིན་ཏེ་སྐད་ཅིག་གི་དབྱེ་བ་མི་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་དང་པོ་འབྲེལ་པ་ནས་བརྩམས་ཏེ། སྐད་ཅིག་ཐམས་ཅད་ནུས་པ་དང་ནུས་པ་སྐྱེད་པར་བྱེད་པ་ཞེས་བྱ་བར་གནས་པས་དེ་དག་གི་རང་བཞིན་དེ་ཉིད་ཚོགས་པའི་

མཚན་ཉིད་འབྲེལ་པ་ལས་རྗེས་སུ་དཔོག་པ་ཡིན་ནོ། །དེ་དག་ཙམ་ཉེ་བར་གྱུར་པའི་ཚོགས་པ་ཉིད་ནི་འབྲེལ་པར་བརྗོད་དོ། །རུང་བ་ཉིད་དེ་ཇི་ལྟར་རྗེས་སུ་དཔོག་ཅེ་ན། བཤད་པ་འདི་ཞེས་བྱ་བ་ནི་ཆོས་ཅན་ནོ། །ཚོགས་པ་ཞེས་བྱ་བ་ནི་གཏན་ཚིགས་སོ། །ནུས་པ་ཕྱི་མ་ཕྱི་མ་འགྱུར་བས་འབྲས་

བུ་སྐྱེད་པར་ནུས་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །ནུས་པ་འགྱུར་བའི་རྐྱེན་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱབ་པར་ངེས་པའོ། །དེ་ལྟར་གཏན་ཚིགས་སྟོན་པ་ཡང་མཐོང་སྟེ། དཔེར་ན་བྱས་པ་འདི་ནི་མི་རྟག་པ་ཡིན་ཏེ། འཇིག་པའི་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་རོ་

เล่ม ๑๘๒ · หน้า 55b

ཞེས་བྱ་བ་བཞིན་ནོ། །ནུས་པ་འགྱུར་བའི་རྐྱེན་ལ་ལྟོས་པར་བྱ་བ་གཞན་མེད་པས་ཁྱད་པར་ཕྱི་མ་སྐྱེས་པ་ལ་ལྟོས་པ་མེད་པར་བཤད་པ་ནི་ནུས་པ་འགྱུར་བའི་རྐྱེན་གཞན་ལ་ལྟོས་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ཉིད་ཇི་ལྟར་ཞེ་ན་ནུས་པ་སྐྱེ་ན་ནི་རིགས་སྔ་མ་ཙམ་གྱི་རྒྱུ་ཅན་ཡིན་

པའི་ཕྱིར་རོ་ཞེས་སྨོས་སོ། །རིགས་མཐུན་པའི་སྐད་ཅིག་སྔ་མ་ཙམ་ལས་ལྟོས་པའི་ཚོགས་པ་ལས་རུང་བ་ཉིད་སྐྱེ་བའི་ཕྱིར་ལྟོས་པ་མེད་པ་ཉིད་ཡིན་ནོ། །རྗེས་སུ་དཔོག་པ་གཞན་ཡང་རྣམ་པ་གསུམ་ཉིད་ཀྱི་ཁོངས་སུ་བསྡུ་བའི་ཕྱིར་འོ་ན་ཞེས་རྩོད་པར་བྱེད་དོ། །རྒྱུ་དང་འབྲས་བུར་མ་

གྱུར་པ་ཞེས་བྱ་བ་ནི་འབྲས་བུའི་རྗེས་སུ་དཔོག་པ་དང་རུང་བ་ཉིད་རྗེས་སུ་དཔོག་པ་ལས་ཕྱི་རོལ་དུ་གྱུར་པའོ། །གཞན་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ལས་ཐ་དད་པའོ། །རོ་ལ་སོགས་པས་གཟུགས་ལ་སོགས་པ་རྟོགས་པ་གང་ཡིན་པ་དེ་ཇི་ལྟར་ཏེ། རྣམ་པ་གང་གིས་ཡིན།

ཇི་ལྟར་བསྟན་པ་ལྟར་ནི་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །མུན་ཁུང་དུ་མིག་གིས་བྱེད་པ་མེད་པར་རོའི་ཁྱད་པར་མྱོང་བ་ལས་མ་དུ་ལུང་ག་ལ་སོགས་པ་ལ་གནས་པའི་གཟུགས་རྟོགས་པའམ། ཡང་ན་རོ་ལ་གནས་པའི་ཁྱད་པར་རྟོགས་པས་འབྲས་བུ་དག་ལ་སྨིན་པ་དང་མ་སྨིན་པ་ལ་

སོགས་པ་རྟོགས་པ་ན་དེའི་གནས་སྐབས་ན་ངེས་པའི་གཟུགས་རྟོགས་པ་བཞིན་ནོ། །ཡང་དེ་ཇི་ལྟར་ཞེས་བྱ་བ་གཏན་ཚིགས་རྣམ་པ་གསུམ་གྱི་ནང་དུ་འདུ་ཞེས་བྱ་བར་འབྲེལ་ཏོ། །འདི་ལ་ལན་འདེབས་པ་ནི་དེ་ཡང་ཞེས་བྱ་བའོ། །རྩོད་པར་བྱེད་པས་རོ་ལ་སོགས་པས་གཟུགས་ལ་

སོགས་པ་རྟོགས་པར་སྨྲས་པའི་གཟུགས་ལ་སོགས་པ་རྟོགས་པ་དེ་ཡང་ཞེས་བྱ་བ་རྗེས་སུ་བརྗོད་ནས་ཚོགས་པ་གཅིག་ལ་ཞེས་རང་གི་ངོ་བོ་སྟོན་པར་བྱེད་དོ། །གཟུགས་ལ་སོགས་པའི་བསྒྲུབ་པར་བྱ་བ་རོ་ལ་སོགས་པའི་གཏན་ཚིགས་ལས་རྟོགས་པ་ནི་ཚོགས་པ་གཅིག་ལ་རག་

ལས་པ་ཡིན་ནོ། །འདིས་ནི་དེར་མི་འཁྲུལ་པ་བརྗོད་དོ། །དེ་མེད་པར་གཞན་གྱིས་གཞན་རྟོགས་པར་མི་རུང་བའི་ཕྱིར་དང་། ངེས་པར་བརྟགས་པ་འདི་ཉིད་འདིར་འཐད་པའི་ཕྱིར་རོ། །རྒྱུ་གང་ལས་རོ་སྐྱེས་པ་དེ་ཉིད་ལས་གཟུགས་སྐྱེ་བའོ། །དེས་ན་ཇི་ལྟར་འདིའི་རྒྱུ་གཞན་ལས་

เล่ม ๑๘๒ · หน้า 56a

མི་འབྱུང་བའི་ཕྱིར་ལྡོག་པ་ངེས་པ་དེ་བཞིན་དུ་རང་གི་རྒྱུ་ལས་གདོན་མི་ཟ་བར་དེ་འབྱུང་བའི་ཕྱིར་རྗེས་སུ་འགྲོ་བ་ཡང་ངེས་པ་ཡིན་ནོ། །དེས་ན་ཇི་ལྟར་རོའི་རྒྱུ་དེ་དེ་སྐྱེད་པར་ནུས་པའི་ཕྱིར་རོ། །འབྱུང་བ་དེ་བཞིན་རོའི་རྒྱུ་ཉིད་གཟུགས་ཀྱི་རྒྱུ་ཡིན་པའི་ཕྱིར་དེ་གཟུགས་སྐྱེད་པར་

ཡང་ནུས་པ་ཁོ་ནའོ། །དེས་ན་དེ་ལས་གཟུགས་འབྱུང་བར་ཡང་ངེས་པ་ཉིད་པས་རོ་ཡོད་ན་གཟུགས་ཡོད་པར་འགྱུར་བའི་ཕྱིར་རོ། །གཟུགས་དང་རོ་དག་མེད་ན་ནི་མི་འབྱུང་བར་གྲུབ་བོ། །ཚུལ་འདིས་མེད་ན་མི་འབྱུང་བ་ཡིན་དུ་ཆུག་མོད། རོ་ལས་གཟུགས་རྗེས་སུ་དཔོག་པ་ན་དེ་དེ་ལ་

འབྲས་བུའི་གཏན་ཚིགས་ནི་མ་ཡིན་ཏེ་ལྷན་ཅིག་འབྱུང་བས་དེའི་འབྲས་བུ་དེ་མ་ཡིན་པའི་ཕྱིར་རོ། །རང་བཞིན་ཡང་མ་ཡིན་ཏེ། ཐ་དད་པའི་ཕྱིར་རོ། །དེས་ན་འདི་དག་གི་མེད་ན་མི་འབྱུང་བའི་བསྒྲུབ་པའི་འབྲེལ་པ་གསུམ་པར་འགྱུར་རོ། །གལ་ཏེ་རང་གི་རྒྱུ་ཉིད་དང་འབྲེལ་པ་དེ་གཉིས་དེ་མེད་ན་

མི་འབྱུང་བའི་ཕྱིར་ཤུགས་ཀྱིས་ལྷན་ཅིག་འབྱུང་བར་ངེས་པར་ཡང་རྟོགས་པ་ན་རྟོགས་པ་པོ་གཅིག་ལས་གཞན་རྗེས་སུ་དཔོག་གོ་ཞེ་ན། དེ་ལྟ་ཡིན་དུ་ཟད་མོད། འོན་ཀྱང་གཏན་ཚིགས་འདི་འབྲས་བུ་མ་ཡིན་ཞིང་རང་བཞིན་ཡང་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དོགས་པ་འདི་བསུ་ནས། དེ་ལྟ་ཡིན་

དང་ཡང་འབྲས་བུའི་གཏན་ཚིགས་ལས་ཇི་ལྟར་མ་འདས་པ་དེ་སྟོན་པ་ནི་རྒྱུ་ཆོས་རྗེས་སུ་དཔག་པ་སྟེ་ཞེས་བྱ་བའོ། །དོན་འདི་ཡིན་ཏེ། གང་གིས་དེ་རྗེས་སུ་དཔོག་པ་ན་གཏན་ཚིགས་འདི་གང་ཡིན་ཞེས་བསམ་པ་འདིར་རོ་ལས་གཟུགས་ཆོད་པ་མེད་པར་དངོས་སུ་དཔོག་པ་ནི་མ་ཡིན་གྱི། འོ་ན་

ཀྱང་རོས་ནི་རང་གི་རྒྱུའི་ཆོས་བྱེད་པ་གཟུགས་སྐྱེད་པའི་ནུས་པའི་གེགས་བྱར་མེད་པ་ཉིད་ཅེས་བྱ་བ་གཟུགས་ཀྱི་རྒྱུའི་མཚན་ཉིད་རྗེས་སུ་དཔོག་པར་བྱེད་དོ། །དེ་སྐྱེད་པའི་ནུས་པ་གགས་བྱར་མེད་པ་ཅན་གྱི་རྒྱུ་ཡིན་ན་རོ་དང་དུས་མཚུངས་པར་འགྱུར་བ་གཟུགས་ཡོད་པ་ཉིད་དུ་རྟོགས་པར་འགྱུར་བ་ཡིན་

ནོ། །དེས་ན་ཇི་ལྟར་རོ་ཡོད་པ་ན་གཟུགས་ཡོད་པ་དེ་ལྟ་བུ་ཉིད་དུ་མ་རྟོགས་ན་དེ་ལས་དེ་ལྟར་རྟོགས་པ་མི་འགྱུར་རོ། །དེ་ལྟར་རྟོགས་ན་ནི་འདི་འབྲས་བུ་ཉིད་ལས་རྒྱུ་རྟོགས་པ་ཕྱོགས་གཅིག་ཏུ་རྟོགས་པ་ཡིན་ནོ། །འདིར་རྟོགས་པ་དང་འབྲེལ་པ་གཉི་ག་ཡང་དཔེར་ན་དུ་བས་བུད་ཤིང་འགྱུར་བ་བཞིན་

เล่ม ๑๘๒ · หน้า 56b

ཞེས་བྱ་བའོ། །དུ་བ་ལ་བུད་ཤིང་གྱི་འགྱུར་བ་བཞིན་དུ་ཚོགས་པ་གཅིག་ལ་རག་ལས་པས་རྒྱུའི་ཆོས་རྗེས་སུ་དཔག་པས་རྟོགས་པ་ཡིན་ནོ། །འགྲེལ་པ་ནི། དེ་ལ་ནི་ཞེས་བྱ་བ་ཡིན་ནོ། །རྒྱུ་དེ་ལྟ་བུ་ཁོ་ན་ཞེས་བྱ་བས་ནི་རྒྱུའི་ཆོས་རྗེས་སུ་དཔག་པར་བརྗོད་དོ། །དེ་ཇི་ལྟ་བུར་གྱུར་པ་དེ་སྟོན་

པས་ཚོགས་པ་གཅིག་ལ་རག་ལས་པ་ཉིད་འཆད་པ་ནི་ནུས་པ་ཞུགས་པ་གེགས་བྱར་མེད་པ་གང་ལ་ཡོད་པ་སྟེ། དེ་ལྟ་བུར་གྱུར་པ་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུའོ། །གཟུགས་ཀྱི་སྐད་ཅིག་གང་ལས་གཟུགས་ཀྱི་སྐད་ཅིག་ཕྱི་མ་ལྷན་ཅིག་བྱེད་པ་ཉེ་བས་བསྒྲུབ་པའི་ཁྱད་པར་ཅན་དུ་སྐྱེ་བ་དེ་

ནི་ཉེ་བར་ལེན་པ་ཡིན་ནོ། །རོའི་རྒྱུ་ནི་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་དེའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ། དེ་ལྟར་རོའི་ཉེ་བར་ལེན་པའི་རྒྱུ་རོ་སྐྱེད་པར་བྱེད་དོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏེ་གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་འདིར་གཟུགས་སྐྱེད་པའི་ནུས་པ་གེགས་བྱར་མེད་པ་ཅན་

གཟུགས་ཀྱི་སྐད་ཅིག་སྔ་མའི་ལྷན་ཅིག་བྱེད་པར་གྱུར་པ་གང་ཡིན་པ་དེ་ལྟ་བུའི་རྒྱུ་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །འདི་ཉིད་ལ་དཔེར་ན་བུད་ཤིང་གི་འགྱུར་བའི་སོལ་བ་ལ་སོགས་པའི་མཚན་ཉིད་ཀྱི་ཉེ་བར་ལེན་པ་དེ་ཉིད་ཡིན་ནོ། །དེ་ཡང་འབའ་ཞིག་ནི་དེའི་རྒྱུ་མ་ཡིན་གྱི་འོན་ཀྱང་མེ་ལྷན་

ཅིག་བྱེད་པ་ཡིན་ནོ། །མེ་ཡང་དུ་བ་སྐྱེད་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་དེ་ལྟ་བུའི་བུད་ཤིང་གི་ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་པའི་མེ་ལས་དུ་བ་སྐྱེ་བ་ཡིན་ནོ། །དུ་བ་ལས་དེ་ལྟ་བུའི་མེ་རྗེས་སུ་དཔག་པ་ན་བུད་ཤིང་གི་འགྱུར་བ་ཡང་རྗེས་སུ་དཔག་པར་འགྱུར་བ་ཡིན་ནོ། །དཔེར་ན་ཇི་སྐད་

བརྗོད་པའི་ཁྱད་པར་གྱིས་ཁྱད་པར་དུ་གྱུར་པའི་མེའི་དུ་བ་སྐྱེད་པ་རྗེས་སུ་དཔོག་པ་དེ་བཞིན་དུ་རྒྱུ་དེ་ལྟ་བུ་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་གཟུགས་ཀྱི་སྐྱེད་པར་བྱེད་པའི་ཚོགས་པ་གཟུགས་དང་རོ་དག་རོའི་ཡིན་པར་བརྗོད་པར་མི་འགྱུར་ཏེ། རོ་སྐྱེད་པ་ན་རོ་གཟུགས་

ལ་ལྟོས་པར་མ་བརྗོད་པའི་ཕྱིར་རོ། །དེས་ན་གཟུགས་དང་རོ་དག་ཚོགས་པ་གཅིག་ལ་རག་ལས་པར་ཇི་ལྟར་འགྱུར། རོ་ལས་ནི་རྒྱུར་གྱུར་པའི་རོ་རྗེས་སུ་དཔོག་པར་འཐད་པ་ཡིན་ཏེ། རྒྱུ་མེད་པར་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་རྗེས་སུ་དཔག་པ་ལས་གཟུགས་ཀྱི་རྒྱུར་གྱུར་པའི་

เล่ม ๑๘๒ · หน้า 57a

གཟུགས་རྗེས་སུ་དཔག་པ་ན། གལ་ཏེ་ཁྱད་པར་རྟོགས་པ་མེད་པར་ཁྱད་པར་ཅན་མི་རྟོགས་པའི་ཕྱིར་འབྲས་བུར་གྱུར་པའི་གཟུགས་ལ་རྟོགས་པ་ཙམ་འདོད་ན། དེར་ནི་འགྱུར་ལ་རག་སྟེ་དེ་ཙམ་གྱི་ཚད་མའི་ཡུལ་ཉིད་ནི་མ་ཡིན་ནོ། །འོན་ཏེ་དེ་ལྟར་རྟོགས་པ་

དེར་ཡོད་པར་མི་འཁྲུལ་པའི་ཕྱིར་ཚད་མའི་ཡུལ་ཉིད་ཡིན་ནོ། །དེ་ནི་མི་ནུས་ཏེ་རྒྱུ་འབྲས་བུ་ལ་ངེས་པ་མེད་པའི་ཕྱིར་དང་ཡོད་ཀྱང་ཤེས་པར་མི་ནུས་པའི་ཕྱིར་རོ། །དེས་ན་ཇི་ལྟར་རྒྱུའི་ཆོས་རྗེས་སུ་དཔག་པས་གཟུགས་རྗེས་སུ་དཔག་གོ། །དོགས་པ་འདི་བསུ་ནས་རེ་ཞིག་གཟུགས་

ལ་འཁྲུལ་པ་མེད་པ་བཤད་པ་ནི། འདི་ལྟར་ཞེས་བྱ་བའོ། །རང་གི་འབྲས་བུ་སྐྱེད་པའི་མཚན་ཉིད་ནི་ནུས་པ་ནི་གགས་བྱར་མེད་པ་ཉིད་དེ་ནུས་པ་འཇུག་པ་དེའོ། །འགྲེལ་པ་ནི་རང་གི་རྒྱུའི་ཞེས་བྱ་བས་ནི་ནུས་པའི་དོན་བཤད་དོ། །འབྲས་བུ་སྐྱེད་པ་ལ་མངོན་སུམ་ཕྱོགས་པ་ཞེས་བྱ་བས་

ནི་འཇུག་པའི་རང་བཞིན་གགས་བྱར་མེད་པ་ཉིད་ཡོད་པར་ངེས་པ་མེད་པར་བཤད་དོ། །ནུས་པ་འཇུག་པ་དེ་ཅི་ཞེ་ན་མེད་པར་ནི་རོ་མེད་ཅེས་བརྗོད་དོ། །ཇི་སྲིད་རོའི་རྒྱུ་སྐྱེད་པ་ལ་ནུས་པ་གགས་བྱར་མེད་པ་མ་ཡིན་པ་དེ་སྲིད་དུ་རོ་མི་འབྱུང་བའོ། །འདི་སྐད་བརྗོད་དེ་གལ་ཏེ་རྒྱུ་འབྲས་བུ་

ལ་ངེས་པ་མ་ཡིན་ན་རོ་ཉིད་ཡོད་པར་ངེས་པ་མེད་པར་འགྱུར་རོ། །འོན་ཏེ་འབྲས་བུ་སྐྱེད་པ་ལ་མངོན་དུ་ཕྱོགས་པའི་རྒྱུ་ལས་འབྲས་བུ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འདི་ཡོད་ན། གཟུགས་ཀྱི་རྒྱུ་ཡང་གཟུགས་སྐྱེད་པར་ངེས་པ་ཁོ་ན་བས་གཟུགས་ཀྱང་གདོན་མི་ཟ་བར་ཡོད་པ་ཉིད་དོ། །གལ་ཏེ་

རོའི་ཉེ་བར་ལེན་པ་ནི་ཉེ་བར་ལེན་པ་ཅན་གྱི་རོའི་སྐད་ཅིག་དམིགས་པ་ལས་ངེས་པར་གྲུབ་ཀྱི། གཟུགས་ཀྱི་ནི་མ་ཡིན་ཏེ། དེའི་ཉེ་བར་ལེན་པ་ལས་བྱུང་བ་མ་གྲུབ་པའི་ཕྱིར་རོ་ཞེ་ན། དེ་ཉིད་གཞན་གྱི་རྒྱུ་ཞེས་སྨོས་སོ། །རོའི་ཉེ་བར་ལེན་པའི་རང་གི་ཉེ་བར་ལེན་པ་ལས་བྱུང་བའི་སྐད་ཅིག་བསྐྱེད་

པར་བྱ་བ་ལ་ནུས་པ་འཇུག་པ་གང་ཡིན་པ་དེ་ཉིད་གཞན་གྱིས་ཞེས་བྱ་བ་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུའི་ནུས་པ་འཇུག་པ་ཡིན་ནོ། །འདིར་ནུས་པ་ཐོགས་པ་མེད་པ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་གང་གི་ནུས་པ་འཇུག་པའི་ཕྱིར་དེར་རྒྱུར་ངེས་པར་འགྱུར་བ་རྒྱུར་གྱུར་པའི་གཟུགས་ཉིད་

เล่ม ๑๘๒ · หน้า 57b

གཞན་གྱི་སྒྲའི་དོན་ཡིན་གྱི་འབྲས་བུའི་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་ནུས་པ་འཇུག་པ་འདི་གཟུགས་ཀྱི་ཉེ་བར་ལེན་པའི་རང་གི་ངོ་བོའི་རྒྱུ་མ་ཡིན་ཏེ་ལྷན་ཅིག་འབྱུང་བའི་ཕྱིར་རོ་ཞེ་ན་བདེན་ཏེ་འདིར་ནུས་པ་འཇུག་པ་ཞེས་བྱ་བ་འབྲེལ་པ་ཡིན་ནོ། །དེས་ན་རོའི་ཉེ་བར་ལེན་པའི་རྒྱུ་དང་འབྲེལ་པའི་

ནུས་པ་འཇུག་པ་ནི་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུའི་ནུས་པ་འཇུག་པའི་རྒྱུ་ཡིན་ནོ། །ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་དེ་ལས་འདི་འབྱུང་བ་ཡང་མ་ཡིན་ནོ། །དེས་ན་ཤུགས་ཀྱིས་ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེས་ན་དོན་འདི་ཡིན་ཏེ། རོའི་རྒྱུ་རང་གི་འབྲས་

བུ་རོ་སྐྱེད་པ་ན་གཟུགས་གཟུགས་སྐྱེད་པར་ཡང་ལྷན་ཅིག་བྱེད་པ་ཉིད་དུ་རྟོགས་པ་ཡིན་ནོ། །དེས་ན་རོའི་རང་གི་འབྲས་བུ་སྐྱེད་པ་ལ་མངོན་དུ་ཕྱོགས་པ་གང་ཡིན་པ་དེ་ཉིད་གཟུགས་གཟུགས་སྐྱེད་པའི་ཡང་འཇུག་པའི་རྒྱུ་ཡིན་ནོ། །དེས་ན་ཇི་ལྟར་མངོན་དུ་ཕྱོགས་པ་ལས་རོ་སྐྱེ་བ་དེ་

བཞིན་དུ་གཟུགས་ཀྱང་ཡིན་ཏེ། དེས་ན་རོ་རྟོགས་པ་ཉིད་ལས་དེའི་ཚེ་རོའི་ཉེ་བར་ལེན་པའི་རང་གི་འབྲས་བུ་ལ་མངོན་དུ་ཕྱོགས་པ་རྟོགས་ན་གཟུགས་ཀྱི་རང་གི་འབྲས་བུ་སྐྱེད་པ་ལ་བར་ཆད་བྱར་མེད་པ་ཡང་རྟོགས་པར་བྱེད་པའི་ཕྱིར་དུས་མཚུངས་པར་ཡོད་པའི་གཟུགས་ཡོད་པར་

རྟོགས་པར་འགྱུར་རོ། །རང་གི་འབྲས་བུ་སྐྱེད་པར་བྱེད་པ་དེ་རང་གི་འབྲས་བུའི་སྐྱེད་པར་བྱེད་པ་ཡིན་པ་བཞིན་དུ། གཟུགས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་པ་ཡིན་པའི་ཕྱིར་ཇི་ལྟར་རང་གི་འབྲས་བུ་ལས་རོ་ཉིད་དུ་རྟོགས་པ་དེ་བཞིན་དུ་དེ་ལྟ་བུར་གྱུར་པའི་གཟུགས་ཀྱི་ལྷན་ཅིག་བྱེད་པར་

ཡང་ཡིན་ནོ། །དེས་ན་དེའི་འབྲས་བུ་དུས་མཚུངས་པར་ཡོད་པའི་གཟུགས་མེད་ན་དེའི་འབྲས་བུ་ཉིད་མེད་པར་རོ། །དེ་དེའི་ལྷན་ཅིག་བྱེད་པ་ཡིན་ན་ནི་དེའི་ཡང་རྒྱུར་འགྱུར་བ་ཡིན་ནོ། །ལྷན་ཅིག་བྱེད་པའི་རང་གི་ངོ་བོ་ནི་ལྷན་ཅིག་ཏུ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་རྒྱུ་གཅིག་ཉིད་

འབྲས་བུ་གཉིས་སྐྱེད་ནུས་པ་ཁྱད་པར་མེད་པས་ན་དེའི་འབྲས་བུ་གཅིག་ཡོད་པ་བཞིན་དུ་འབྲས་བུ་གཞན་ཡང་ཡོད་པ་ཁོ་ནའོ། །ནུས་པ་གཅིག་འབྲས་བུ་གཉིས་ཀྱི་དོན་དུ་འགྱུར་རོ་ཞེས་བྱ་བ་འདི་ག་ལས་ཤེ་ན། མ་དུ་ལུང་ག་ལ་སོགས་པ་ལ་གཟུགས་དང་རོ་དག་ཕན་ཚུན་གྱི་རང་བཞིན་

เล่ม ๑๘๒ · หน้า 58a

རྗེས་སུ་བྱེད་པར་མཐོང་བའི་ཕྱིར་དང་སྨིན་པ་ལ་སོགས་པའི་གནས་སྐབས་སུ་རོའི་ཁྱད་པར་བཞིན་གཟུགས་ཀྱང་མཐོང་བའི་ཕྱིར་རོ། །གང་གིས་འདིའི་རང་གི་བདག་ཉིད་ཀྱི་ཁྱད་པར་གང་ཡིན་པ་དེ་རོ་ལ་ཡང་ཡོད་པར་འགྱུར་བ་གཟུགས་ཉིད་ནི་རོ་མ་ཡིན་ནོ། །

དེས་ན་དེའི་ཉེ་བར་ལེན་པ་དག་ཕན་ཚུན་ཉེ་བར་ལེན་པ་ལས་བྱུང་བའི་སྐད་ཅིག་ལ་བརྟེན་པའི་ཁྱད་པར་གྱི་རྒྱུ་མ་ཡིན་པར་གཟུགས་དང་རོ་དག་གི་ཁྱད་པར་ཕན་ཚུན་རྗེས་སུ་བྱེད་པར་ངེས་པ་འདི་མི་འགྲུབ་པའོ། །ཉེ་བར་ལེན་པ་དག་གི་ལྷན་ཅིག་བྱེད་པ་ཡང་དེ་ཉིད་ཡིན་ལ། དེ་ཡང་

ཚོགས་པ་གཅིག་ལ་རག་ལས་པ་ཉིད་དོ། །མདོ་འདི་ཉིད་རྣམ་པར་འགྲེལ་པ་ནི་རང་གི་རྒྱུའི་ཞེས་བྱ་བ་ཡིན་ནོ། །འདིར་ཇི་ལྟར་གཟུགས་ཀྱི་ཉེ་བར་ལེན་པ་རྣམས་གཞན་གྱི་སྒྲའི་དོན་ཡིན་པ་དང་། ཇི་ལྟར་འཇུག་པའི་རྒྱུ་ཉིད་ཡིན་པར་རྟོགས་པ་དེ་ནི་བཤད་ཟིན་ཏོ། །ཚོགས་པ་

གཅིག་ལ་རག་ལས་པ་ཉིད་གྲུབ་པར་བྱ་བའི་དོན་དུ། གཟུགས་ཀྱང་རོའི་ལྷན་ཅིག་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་བརྗོད་པ་ནི་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་རང་གི་འབྲས་བུ་སྐྱེད་པ་ལ་མངོན་དུ་ཕྱོགས་པའི་མཚན་ཉིད་ཀྱི་འཇུག་པའི་ལྷན་ཅིག་བྱེད་པ་གང་ལ་ཡོད་པ་དེ་ནི་དེ་སྐད་ཅེས་བྱའོ། །དེ་ཡང་

གང་ཞེ་ན་བཤད་པ་སྔར་བརྗོད་པའི་གཟུགས་ཀྱིས་ཉེ་བར་ལེན་པའི་ལྷན་ཅིག་བྱེད་པ་རོའི་ཉེ་བར་ལེན་པའི་རྒྱུ་འཇུག་པ་གང་ཡིན་པ་དེ་ཡང་ངོ་། །དེས་ན་དེ་ལྟར་འདི་གཉིས་ཕན་ཚུན་ལྷན་ཅིག་བྱེད་པ་ཉིད་དུ་བཤད་པ་ཡིན་ནོ། །དེ་ལྟར་མི་འཁྲུལ་པ་བསྒྲུབས་ནས་ཇི་ལྟར་མི་འཁྲུལ་པ་དེ་ཁོ་ན་

ལྟར་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བཤད་པ་ནི་དེའི་ཕྱིར་ཞེས་བྱ་བ་ཡིན་ནོ། །གཟུགས་སྐྱེད་པར་བྱེད་པའི་མཚན་ཉིད་ཀྱི་རྒྱུ་ཇི་ལྟ་བུ་ལས་རོ་འབྱུང་བའི་རྒྱུ་དེ་ལྟ་བུའི་རོས་རྗེས་སུ་དཔོག་པར་བྱེད་པ་ན་གཟུགས་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རོ་ལས་གཟུགས་བར་ཆད་མེད་པར་

རྟོགས་པར་མི་ནུས་ཏེ། རོ་དམིགས་པ་ལས་གཟུགས་ཀྱི་རྒྱུ་ནུས་པ་འཇུག་པ་ཡོད་པ་མ་རྟོགས་པར་གཟུགས་ཡོད་པ་མི་རྟོགས་པའི་ཕྱིར་དང་། རོའི་རྣམ་པ་དེ་ལྟ་བུ་ལས་གཟུགས་ཀྱི་རྒྱུ་ནུས་པ་ཞུགས་པ་ཡོད་པར་རྟོགས་པའི་ཕྱིར་རོ། །དེ་ན་གཟུགས་རྟོགས་པ་ནི་གཟུགས་ཀྱི་རྒྱུར་གྱུར་

เล่ม ๑๘๒ · หน้า 58b

པའི་རོའི་རྒྱུ་ཡོད་པར་རྟོགས་པར་བྱ་བ་གཟུགས་སྐྱེད་པ་ལ་གེགས་བྱར་མེད་པའི་ནུས་པ་དང་ལྡན་པ་རྟོགས་པའི་ནང་དུ་འདུས་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་རྒྱུ་ཡོད་པར་རྗེས་སུ་དཔག་པ་ན་རྒྱུ་ལས་འབྲས་བུ་རྗེས་སུ་དཔོག་པ་ཡིན་ནོ་ཞེས་ནུས་པ་མ་ཡིན་ཏེ་རྒྱུ་ཉིད་རྗེས་སུ་དཔག་པ་ན་འབྲས་

བུ་ཡོད་པར་རྟོགས་པ་གྲུབ་པའི་ཕྱིར་ཡང་རྗེས་སུ་དཔོག་པ་དོན་མེད་པའི་ཕྱིར་རོ། །འཇིག་རྟེན་དེ་ལྟར་རོ་ལས་གཟུགས་རྟོགས་པ་མེད་དོ་ཞེ་ན། འཇིག་རྟེན་དེ་ལྟར་མི་རྟོགས་ན་ནི་མི་འཁྲུལ་པ་དེ་ལྟར་རྟོགས་པ་མེད་པ་ཉིད་དུ་བརྗོད་པར་འགྱུར་རོ། །དེ་ལྟ་བུ་ནི་དེ་རྟོགས་པ་ཡིན་ཡང་

ཚད་མ་མ་ཡིན་ནོ། །མི་འཁྲུལ་བ་རྟོགས་ན་ཡང་ཇི་སྐད་བཤད་པའི་ཚུལ་ལས་མི་འདའ་བར་འགྲུབ་བོ། །གལ་ཏེ་གང་ལས་ཁྱད་པར་ཉིད་ཀྱི་རྟོགས་པ་སྐྱེས་པ་དེ་རྗེས་སུ་དཔག་པར་བྱ་བ་ཡིན་ན་ཚོགས་པ་ལས་འབྲས་བུ་འགྲུབ་པར་རུང་བ་རྗེས་སུ་དཔོག་པ་ན་ཡང་འབྲས་བུ་རྗེས་

སུ་དཔག་པར་བྱ་བར་འགྱུར་ཏེ། དེ་ཡང་དེར་རྟོགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ནོ་ཞེས་བཤད་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཇི་སྐད་བཤད་པའི་རྣམ་པ་དེས་ན་འདས་པ་རྣམས་རྟོགས་པ་ཡིན་ཏེ། དཔེར་ན་རོའི་གཟུགས་ཀྱི་ལྷན་ཅིག་བྱེད་པར་རྗེས་སུ་དཔོག་

པ་ན་གཟུགས་དང་རོ་དག་བཞིན་ནོ། །གེགས་བྱར་མེད་པའི་ནུས་པ་རྟོགས་པས་འཕངས་པ་ནི་ལྷན་ཅིག་འབྱུང་བར་རྟོགས་སོ། །དེ་ཕན་ཆད་ནི་གཟུགས་ཀྱི་རྒྱུ་གཟུགས་སྐྱེད་པ་ལ་ནུས་པ་ཆོད་པ་མེད་པར་འགྱུར་བའི་ཚད་མ་མེད་དོ། །དེས་ན་མ་འོངས་པ་རྣམས་ནི་རྟོགས་པ་མ་ཡིན་

ཏེ། ཇི་ལྟར་རོ་འབྲས་བུ་དམིགས་པ་ལས་འོག་རོལ་དུ་ཡང་གཟུགས་ཡོད་པ་བཞིན་ནོ། །འཁྲུལ་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལྟ་བས་ནི་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེའི་ཕྱིར་ཞེས་བྱ་བས་ནི་རྣམ་གསུམ་ཉིད་ཅེས་བྱ་བའི་དོན་འདི་གྲུབ་པར་བསྟན་པ་ཡིན་

ནོ། །རང་བཞིན་མ་འབྲེལ་བ་ནི་ཞེས་བྱ་བ་ནི་གཏན་ཚིགས་སོ། །རྒྱུའི་ཆོས་རྗེས་སུ་དཔོག་པ་འདི་ནི་གྲོག་མ་འཕོ་བ་ལ་སོགས་པ་ལས་ཆར་པ་བབ་པ་ལ་སོགས་པ་རྗེས་སུ་དཔོག་པ་ཡང་རྒྱུའི་ཆོས་རྗེས་སུ་དཔག་པའི་རང་བཞིན་དུ་བཤད་པ་ཡིན་ནོ། །དེ་ལ་ཡང་འབྱུང་བར་འགྱུར་བའི་ཆར་པའི་རྒྱུ་ཁོ་ན་

เล่ม ๑๘๒ · หน้า 59a

གྲོག་མ་ལ་སོགས་པ་འཁྲུལ་པའི་རྒྱུ་ཡིན་ནོ། །འབྱུང་བར་འགྱུར་བ་གང་ལས་ཆར་པ་སྐྱེད་པ་དེ་ཉིད་ལས་གྲོག་མ་ལ་སོགས་པ་འཁྲུལ་པ་ཡིན་ཏེ། ཆར་གྱི་རྒྱུའི་འབྱུང་བ་རྣམས་ཉིད་འགྱུར་བ་ན་གྲོག་མ་ལ་སོགས་པ་ཅུང་ཟད་འཁྲུལ་པར་བྱེད་པ་དེ་འཕེལ་བར་འགྱུར་བ་ན་ཇི་སྲིད་

ཆར་འབབ་པ་དེ་སྲིད་དུ་དེ་ཡང་འཕེལ་བར་འགྱུར་རོ། །དེ་ཡང་ཆར་མི་མཐོང་བ་ལ་ནི་དེའི་རྒྱུ་རུང་བ་ཉིད་རྗེས་སུ་དཔག་པར་བྱ་བ་ཡིན་ལ། ཕྱིས་ནི་ཆར་པ་མངོན་དུ་འགྱུར་ལ་འཁྲུལ་པ་ལ་སོགས་པ་ཡང་ཁྱད་པར་དུ་གྱུར་ན་ནི་ད་ལྟར་བའི་ཆར་རྗེས་སུ་དཔོག་གོ། །འདི་ལ་འདི་ནི་མངོན་

པར་ཞེན་པའི་ཡུལ་མ་གྱི། འོན་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་པ་ཚོགས་པ་གཅིག་ལ་རག་ལས་པ་མེད་པར་དེ་ལྟར་མི་འཐད་དོ་ཞེས་བྱ་བ་འདི་ཙམ་ཞིག་བརྗོད་དོ། །རྣམ་པ་འདི་ལྟ་བུ་ལ་སོགས་པ་དག་ཏུ་ནི་རིགས་པ་ཙམ་ཞིག་བསྟན་པར་བྱ་བ་ཡིན་ཏེ་རྣམ་པ་ལ་མངོན་པར་ཞེན་

པས་ཅི་བྱ། དེས་ན་དེ་ལྟར་ཚུལ་གསུམ་དང་ལྡན་པའི་གཏན་ཚིགས་རྣམ་པ་གསུམ་ཡིན་པའི་ཕྱིར་དེ་ནི་རྣམ་གསུམ་ཉིད་ཅེས་བྱ་བའི་མཐར་ཐུག་པ་བཤད་ནས་གཏན་ཚིགས་ལྟར་སྣང་དེ་ལས་གཞན་ཞེས་བྱ་བ་བཤད་པའི་ཕྱིར། རྒྱུ་མ་ཚོགས་པས་ཞེས་སྨོས་སོ། །མ་ཚོགས་པ་ནི་མ་ཚང་

བའོ། །ལྷན་ཅིག་བྱེད་པ་ཇི་སྙེད་པས་འབྲས་བུ་བསྒྲུབ་པར་བྱ་བ་དེ་སྙེད་པ་དེ་ནི་རྒྱུ་ཚོགས་པ་ཡིན་ནོ། །དེ་ལ་གང་གི་ཚེ་ལྷན་ཅིག་བྱེད་པ་མ་ཚང་བ་དེའི་རྒྱུ་མ་ཚོགས་པ་ཡིན་ནོ། །དེ་ལྟ་བུར་གྱུར་པས་རྗེས་སུ་དཔོག་པའི་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་ལྷག་མ་དང་ལྡན་པ་ཡིན་ཏེ། མ་མཐོང་

བ་ཙམ་གྱིས་ལྡོག་པར་གྲུབ་པ་གཏན་ཚིགས་སུ་སྦྱར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་། གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །ཞེས་ལྷག་མ་དང་ལྡན་པའི་མཚན་ཉིད་འཆད་པར་འགྱུར་རོ། །དེས་ན་རྗེས་སུ་དཔག་པ་འདི་ལྷག་མ་དང་ལྡན་པར་བརྗོད་

པས་ལྡོག་པ་མ་མཐོང་བ་ཙམ་གྱིས་གྲུབ་པ་ཉིད་དུ་བརྗོད་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། འབྲེལ་པས་བསྒྲུབ་པར་བྱ་བའི་མེད་ན་མི་འབྱུང་བ་འགྲུབ་པར་བྱ་བའི་ཕྱིར་ཚུལ་གསུམ་ལས་བསྡུ་བ་བྱས་པ་དེས་ན་དེ་ལས་གཞན་གཏན་ཚིགས་སུ་བརྗོད་པ་ནི་མ་མཐོང་བས་འགྲུབ་པའི་ལྡོག་

เล่ม ๑๘๒ · หน้า 59b

པ་ལ་བརྟེན་ནས་ཡིན་པས་དེར་ནི་མེད་ན་མི་འབྱུང་བ་དེའི་ཚད་མ་ཅན་དུ་བརྗོད་པར་བྱ་བ་ཡིན་ནོ། །དེ་ཡང་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། མ་མཐོང་བ་ལྡོག་པ་འགྲུབ་ན་མང་པོ་མ་ངེས་པ་ཉིད་མི་ལྡོག་པའི་ཕྱིར་རོ། །ལྷག་མ་དང་ལྡན་པ་དེ་ཉིད་སྟོན་པ་ནི་ལུས་ལས་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་

འདོད་ཆགས་དང་བྲལ་བར་འདོད་པའི་སྐྱེས་བུའི་ཁྱད་པར་ལ་ཁྱད་པར་དུ་གྱུར་པ་འགའ་ཞིག་ལུས་ལས་འདོད་ཆགས་དང་ལྡན་པ་ཡིན་ནོ་ཞེས་ཁ་ཅིག་ཟེར་བ་ནི་འདོད་ཆགས་མེད་པ་རྡོ་ལ་སོགས་པ་ལ་མ་མཐོང་བའི་ཕྱིར་དང་། སོ་སོའི་སྐྱེ་བོ་བདག་ཉིད་ལ་ལུས་ཡོད་ན་འདོད་ཆགས་ཡོད་པར་

མཐོང་བའི་ཕྱིར་མ་མཐོང་བ་ལས་ལྡོག་པ་གྲུབ་པའི་ཕྱིར་ཉིད་ཀྱིས་ལྷག་མ་དང་ལྡན་པ་ཡིན་པ་བཞིན་ནོ། །ཇི་ལྟར་འདི་ལྷག་མ་དང་ལྡན་པ་ཡིན་གྱི་རྣམ་པ་གསུམ་ཉིད་དུ་ཇི་ལྟར་མི་འདུ་ཞེ་ན། ནུས་མེད་ཕྱིར་ཞེས་སྨོས་སོ། །གལ་ཏེ་ལུས་ལ་སོགས་པ་འདོད་ཆགས་སྐྱེད་པར་ནུས་ན་ནི་དེ་

སྙེད་པ་དེ་དག་ཉིད་ལས་འདོད་ཆགས་སྐྱེ་བའི་ཕྱིར་འབྲས་བུ་ཡལ་བར་དོར་ནས་རུང་བ་ཉིད་རྗེས་སུ་དཔོག་པས་རང་བཞིན་གྱི་ནང་དུ་བསྡུས་ཏེ་རང་བཞིན་གྱི་གཏན་ཚིགས་སུ་བརྗོད་པ་ཞིག་ན། གང་གི་ཕྱིར་དེ་དག་ནུས་པ་མེད་པ་ཉིད་ཡིན་པ་དེའི་ཕྱིར་རྒྱུ་འབྲས་བུ་ཉིད་ཡོད་ཀྱང་སྦྱོར་བར་བྱེད་པ་མ་ཡིན་

པར་བྱས་ཏེ། མཐོང་བ་དང་མ་མཐོང་བ་ཙམ་ལ་བརྟེན་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་ནས་གཏན་ཚིགས་ཉིད་དུ་བརྗོད་པར་བྱ་བ་ཡིན་ནོ། །དེ་ལྟ་ཡིན་དང་མ་ངེས་པ་ཉིད་མི་ལྡོག་གོ། །རུང་བ་ཉིད་ཀྱང་ཞེས་བྱ་བ་ནི་འགྲེལ་པའོ། །རུང་བ་ཉིད་ཀྱང་ཚོགས་པ་དག་ཁོ་ནས་རྗེས་སུ་དཔོག་

པར་བྱེད་དེ། མ་ཚོགས་པས་ནི་མ་ཡིན་ནོ་ཞེས་བྱ་བས་ནི་ངེས་པར་བཟུང་བའི་དོན་ཏོ། །ཅིའི་ཕྱིར་མ་ཚོགས་པས་མ་ཡིན་ཞེ་ན་མ་ཚོགས་པ་རྣམས་ལ་ནི་ཞེས་སྨོས་སོ། །འབྲས་བུ་རྩོམ་པར་བྱེད་པའི་ཁྱད་པར་ཡང་མི་འགྲུབ་པའི་ཕྱིར་ཤིན་ཏུ་ནུས་པ་མེད་པའི་ཕྱིར་རོ། །འདི་སྐད་བརྗོད་

པ་ཡིན་ཏེ་འདིར་འབྲས་བུ་རུང་བ་ཉིད་རྗེས་སུ་དཔོག་པ་ནི་འབྲས་བུ་རྗེས་སུ་དཔག་པ་ཉིད་ཡིན་པར་བརྗོད་དེ་དེ་ལྟར་ན་རྗེས་སུ་དཔག་པར་བྱ་བ་ཉིད་མ་ཡིན་ཡང་ཁྱད་པར་དུ་གྱུར་པའི་འབྲས་བུ་རྟོགས་པའི་ཕྱིར་རོ། །འདི་ནི་མེད་དོ། །ནུས་པ་ཡོད་ན་མཆོད་པའི་ཕྱིར་དེ་རུང་བའི་ཞེས་བྱ་བར་འགྱུར་

เล่ม ๑๘๒ · หน้า 60a

ན་མ་ཚོགས་པ་ལ་ནི་མེད་དོ། །དེས་ན་འདིས་ནི་གཏན་ཚིགས་གསུམ་ལས་ཕྱི་རོལ་ཏུ་གྱུར་པར་བརྗོད་དོ། །ལུས་ལས་འདོད་ཆགས་རྗེས་དཔོག་བཞིན། །ཞེས་བྱ་བ་རྣམ་པར་འགྲེལ་པས། དཔེར་ན་ཞེས་སྨོས་སོ། །བཞིན་གྱི་དོན་ནི་དཔེར་ནའི་སྒྲའི་དོན་ཡིན་

ལ་ལུས་ཀྱི་སྒྲ་ཡང་དབང་པོ་ལ་སོགས་པའི་མཚན་ཉིད་ལ་ཡིན་པས། ལུས་ལ་འདོད་ཆགས་རྗེས་དཔོག་བཞིན། །ཞེས་བྱ་བ་ནི་དཔེར་ན་ལུས་དང་དབང་པོ་དང་བློ་དག་ལས་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་པ་བཞིན་ནོ་ཞེས་བྱ་བར་འགྱུར་རོ། །འདི་ནི་རྒྱུ་མ་ཚོགས་པ་ལས་

རྗེས་སུ་དཔོག་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་སྒྲུབ་པས་འདོད་ཆགས་ཀྱི་རྒྱུ་བཤད་པ་ནི་འདོད་ཆགས་ལ་སོགས་པ་ནི་ཞེས་བྱ་བ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ཁོང་ཁྲོ་བ་དང་ང་རྒྱལ་ལ་སོགས་པ་གང་དག་ཡིན་པ་སྟེ། དེ་དག་ནི་བདག་དང་བདག་གིར་མངོན་པར་ཞེན་པ་སྔོན་

དུ་འགྲོ་བ་ཅན་ཡིན་ནོ། །འོ་ཞེས་བྱ་བར་རྟོགས་པ་ནི་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་མང་པོ་ལས་ཐ་དད་པ་ཡིན་ཏེ། ངའི་རྣམ་པར་ཤེས་པ་ཞེས་རྟོགས་པའི་ཕྱིར་རོ། །དེ་ནི་རྣམ་པར་མ་བརྟགས་པ་ཡིན་པའི་ཕྱིར་བདག་གོ་སྙམ་དུ་འདུ་ཤེས་པ་ཡིན་ནོ། །དེ་ལ་ཡང་རྟོགས་པ་

གཞན་གྱི་ཡུལ་ཡིན་པ་དགག་པའི་དོན་དུ་རྟོགས་པ་དེ་ཉིད་རྟོགས་པའི་རང་བཞིན་གྱིས་མངོན་པར་ཞེན་པ་ཞེས་བརྗོད་པ་ཡིན་ཏེ། དེ་ངེས་པའི་རང་བཞིན་ཡིན་པའི་ཕྱིར་དང་། དེའི་ཚུལ་ཉིད་ཀྱང་དེ་ཡིན་པའི་ཕྱིར་རོ། །བདག་ནི་མེད་པའི་ཕྱིར་དེ་ནི་འགའི་ཡང་སྔོན་དུ་འགྲོ་བ་མ་ཡིན་གྱི་འོན་

ཀྱང་དེ་རྟོགས་པ་ཡིན་པ་དེས་ན་དེ་ལྟར་བཀོད་དོ། །དེ་ལ་ཕན་འདོགས་པ་ལ་དེའི་ཡིན་པར་རྟོགས་པ་ནི་བདག་གིར་མངོན་པར་ཞེན་པའོ། །དེ་ཡང་འགའ་ཞིག་གིས་ཅུང་ཞིག་སྐྱེད་པ་མེད་པར་འགས་ཀྱང་ཅུང་ཟད་ཀྱང་ཕན་འདོགས་པ་མེད་པའི་ཕྱིར་བདག་གི་བ་མེད་པས་དེ་སྔོན་དུ་འགྲོ་

བ་ཅི་ཡང་མེད་པའི་ཕྱིར་རྟོགས་པ་ཉིད་སྔོན་དུ་འགྲོ་བ་ཡིན་ནོ། །གལ་ཏེ་ཡང་འདོད་ཆགས་ལ་སོགས་པ་དང་བདག་ཏུ་ལྟ་བ་འཇུག་པ་འདིའོ་ཞེས་ཐོག་མ་མེད་པ་ཅན་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་འདི་རྟོགས་པར་ནུས་པ་མ་ཡིན་པ་དེ་ལྟ་ན་ཡང་རིགས་པས་རྟོགས་པར་

เล่ม ๑๘๒ · หน้า 60b

ནུས་པ་ཡིན་ནོ་ཞེས་བཤད་པ་ནི་ཉེས་པ་ཐམས་ཅད་ཅེས་བྱ་བ་ཡིན་ནོ། །བདག་ཏུ་ལྟ་བ་དང་དེས་སྐྱེད་པའི་བདག་གིར་ལྟ་བ་ནི་ཕྱིན་ཅི་ལོག་པའི་ཡིད་ལ་བྱེད་པ་ཡིན་ལ་དེ་གཉིས་ལས་ནི་འདོད་ཆགས་ལ་སོགས་པ་སྐྱེད་པ་ཡིན་ནོ། །འདི་ནི་ལེའུ་གཉིས་པར་བསྟན་པ་ཡིན་ཏེ། འདི་ནི་

རིགས་པ་ཙམ་གྱིས་གྲུབ་པར་བརྗོད་པའི་ཕྱིར་རྒྱུར་བསྟན་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་དེ་ཙམ་ལས་སྐྱེ་བའི་ཕྱིར་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་པ་ཁོ་ནའོ། །མ་ཚང་བ་ཡང་མ་ཡིན་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དག་ན་དེ་མེད་ཀྱང་ཡོད་པའི་ཕྱིར་རོ་ཞེ་ན།

ལུས་ལ་སོགས་པ་ཞེས་སྨོས་སོ། །སྔར་བརྗོད་པ་ནི་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏེ། དེས་ན་དེའི་ཕྱིར་ཞེས་བྱ་བ་འཕེན་པ་ཡིན་ནོ། །དེས་ན་འདི་ལྟར་འབྲེལ་ཏེ་གང་གི་ཕྱིར་ནི་འདོད་ཆགས་ལ་སོགས་པ་བདག་དང་བདག་གིར་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་པ་དེའི་ཕྱིར་

ལུས་ལ་སོགས་པ་རྒྱུའི་དངོས་པོར་མི་འཐད་པ་དག་ཀྱང་རྒྱུ་ཉིད་དུ་ཁས་བླངས་ནས་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་བདག་དང་བདག་གིར་མངོན་པར་ཞེན་པས་སྟོང་པ་འབའ་ཞིག་པ་རྣམས་ལ་ནི་ནུས་པ་མེད་དོ། །ཀྱང་གི་སྒྲ་ནི་སྡུད་པའི་དོན་ཡིན་ལ། པས་ཀྱི་སྒྲ་ནི་གཏན་ཚིགས་ཡིན་ནོ། །དེས་

ན་དོན་འདི་ཡིན་ཏེ། འདི་ལྟར་བཤད་པ་ལས་འབའ་ཞིག་པ་རྣམས་རྒྱུ་མ་ཡིན་པའི་ཕྱིར་དང་། རྗེས་སུ་དཔག་པ་ལྷག་མ་དང་ལྡན་པའི་ཕྱིར་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ཙམ་ཉིད་དུ་རྒྱུ་ཡིན་ན་ནི་རུང་བ་ཉིད་དུ་ངེས་པར་འགྱུར་རོ། །དེས་ན་འདོད་ཆགས་དང་བྲལ་བར་འདོད་པ་ལ་ལུས་

ལ་སོགས་པ་ལས་འདོད་ཆགས་རྗེས་སུ་དཔག་གམ་འདོད་ཆགས་སྐྱེད་པར་རུང་བ་རྗེས་སུ་དཔོག་ཀྱང་རུང་ཁྱད་པར་འགའ་ཡང་མེད་དེ་གཉིས་ཀ་ལྟར་ཡང་སྐྱོན་ཡོད་པའི་ཕྱིར་རོ། །རྒྱུ་མ་ཚང་བ་ལས་ནི་མི་རྟོགས་པར་འགྱུར་གྱི་འབྲས་བུ་ལ་ཐེ་ཚོམ་ཟ་བ་ནི་མ་ཡིན་ཏེ། སྦྱང་ན་གནས་པའི་ས་

བོན་ལས་མྱུ་གུ་བཞིན་ནོ། །རྟོགས་པ་ཡོད་ན་ཡང་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པའི་ཕྱིར་ཐེ་ཚོམ་ཟ་བ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་བས་ནི་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་ཡིན་ལ་དེ་ལྟ་ན་ཡང་ཐེ་ཚོམ་ཟ་བ་ཡིན་ནོ། །འདོད་ཆགས་ལ་སོགས་པས་སྟོང་

เล่ม ๑๘๒ · หน้า 61a

པའི་རྡོ་བ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཡིན་ལ། །དེ་དག་ལ་ཡང་ལུས་ལ་སོགས་པ་མ་མཐོང་བ་དེས་ན་གང་གི་ཚེ་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་བ་ལ་བརྟེན་ནས་འདོད་ཆགས་སྒྲུབ་པའི་ཕྱིར་ལུས་ལ་སོགས་པ་འགོད་པ་དེའི་ཚེ་མི་མཐུན་པའི་ཕྱོགས་

ལས་ལྡོག་པའི་ངེས་པར་བྱེད་པ་མ་ཡིན་པའི་ཕྱིར་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་དག་འདོད་ཆགས་མེད་པ་ལ་མ་མཐོང་ཡང་དེ་ཙམ་གྱིས་དེ་མེད་པ་ལ་མེད་པ་ཁོ་ན་ནི་མ་ཡིན་ཏེ། བདག་ལ་སོགས་པར་མངོན་པར་ཞེན་པ་ཡང་དེ་ལ་མེད་པའི་ཕྱིར་དེ་མེད་པས་འདོད་ཆགས་མེད་དམ་

ལུས་མེད་པས་མེད་པ་ཡིན་ཞེས་ལྡོག་པ་མི་ངེས་པའི་ཕྱིར་རོ། །གལ་ཏེ་གང་གིས་བདག་ལ་སོགས་པར་མངོན་པར་ཞེན་པ་ལ་ཡང་རྒྱུ་ཡིན་པའི་ཕྱིར་ལུས་ལ་སོགས་པ་མ་ཚོགས་པ་ཡིན་པར་བརྗོད་པ་ལུས་ལ་སོགས་པ་རྒྱུ་ཉིད་ཀྱིས་ནི་རྗེས་སུ་དཔོག་པར་བྱེད་པ་མ་ཡིན་གྱི། འོན་

ཀྱང་རྗེས་སུ་འགྲོ་ལྡོག་གྲུབ་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདི་དག་མཐུན་པའི་ཕྱོགས་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་གྲུབ་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་ལ་ཡང་ལྡོག་པ་ངེས་པ་མེད་པའི་ཕྱིར་ཏེ་སེམས་མེད་པ་དག་ལུས་མེད་པ་བཞིན་དུ་བདག་ལ་སོགས་པར་མངོན་པར་ཞེན་

པ་ཡང་མ་གྲུབ་པའི་ཕྱིར་རོ། །དེས་ན་བདག་ལ་སོགས་པ་མངོན་པར་ཞེན་པ་མེད་པས་སེམས་མེད་པ་རྣམས་ལ་འདོད་ཆགས་ལ་སོགས་པ་མེད་པ་ཡིན་ནམ་འོན་ཏེ་ལུས་མེད་པ་ཡིན་ཞེས་ངེས་པ་མེད་པ་ཁོ་ནའོ། །གསུམ་དུ་མ་འདུས་པའི་གཏན་ཚིགས་ལྟར་སྣང་གཞན་ཡང་བསྟན་པའི་

ཕྱིར་དེ་བཞིན་དུ་ཞེས་སྨོས་སོ། །འདི་གཉི་ག་ལྷག་མ་དང་ལྡན་པ་ཉིད་བརྗོད་པས་རྟོགས་པའི་ཕྱིར་ཇི་ལྟར་རྒྱུ་མ་ཚོགས་པ་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་འབྲས་བུ་རྗེས་སུ་དཔོག་པ་ཚད་མ་ལྟར་སྣང་བ་ཡིན་པ་དེ་བཞིན་དུ་འབྲས་བུ་ཙམ་ལ་མ་མཐོང་བ་ཐུན་མོང་གི་འབྲས་བུ་

དམིགས་པ་ལས་གཏན་ཚིགས་ཤེས་པ་ཡང་ཚད་མ་ལྟར་སྣང་བ་ཡིན་ནོ། །དཔེ་ཇི་ལྟ་བུ་ཞེ་ན། ཚིག་ལས་ཞེས་སྨོས་སོ། །དོན་འདི་ཡིན་ཏེ། །གཞན་དག་ཚིག་ལས་ལ་ལར་འདོད་ཆགས་རྗེས་སུ་དཔོག་པ་དེ་ནི་གཏན་ཚིགས་གསུམ་དུ་གཏོགས་པ་མ་ཡིན་ནོ། །གལ་ཏེ་ཡང་

เล่ม ๑๘๒ · หน้า 61b

སེམས་མེད་པ་དག་ལ་འདོད་ཆགས་མེད་ན་ཚིག་མ་མཐོང་བའི་ཕྱིར་འདི་ལ་འབྲས་བུའི་གཏན་ཚིགས་འཁྲུལ་པ་ཡིན་པ་དེ་ལྟ་ན་ཡང་ཚིག་ཐུན་མོང་གི་འབྲས་བུ་ཡིན་པས་འདི་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཡིན་ནོ། །ཚིག་ནི། བརྗོད་པར་འདོད་པ་ཙམ་ཁྱད་པར་མེད་པས་བསྐྱེད་པ་ཡིན་ཏེ།

འདོད་ཆགས་དང་བཅས་པ་འམ་འདོད་ཆགས་ཀྱིས་སྟོང་པ་ཡང་བླངས་ཏེ། འདི་ནི་དེས་སྐྱེད་པའི་ཕྱིར་རོ། །དེས་ན་མི་མཐུན་པའི་ཕྱོགས་ལ་བརྗོད་པར་འདོད་པ་ཙམ་མེད་པས་ཚིག་མ་མཐོང་བ་ཡིན་ནམ་འདོད་ཆགས་མེད་པས་ཡིན་ཞེ་ན། འབྲས་བུའི་གཏན་ཚིགས་སྲིད་པ་མ་ཡིན་ནོ། །

དེའི་ཕྱིར་འབྲས་བུ་མ་ཡིན་པ་ཉིད་ལས་རྒྱུ་མ་ཡིན་པ་རྗེས་སུ་དཔོག་པ་བཞིན་དུ་ལྡོག་པ་མ་ངེས་པས་ན་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་བཞིན་དུ་ངེས་པ་མེད་པ་ལས་ཀྱང་མ་ངེས་པ་ཉིད་དུ་གྱུར་པའི་ཕྱིར་རོ། །འབྲས་བུའི་སྤྱི་ཉིད་གཞུང་

གཟུགས་པའི་ཕྱིར་གཡོ་བ་དང་ཞེས་སྨོས་སོ། །གང་གི་ཕྱིར་བྱ་བ་དང་ཚིག་ལ་སོགས་པ་ནི་འདོད་ཆགས་ཁོ་ནའི་འབྲས་བུ་མ་ཡིན་ནོ། །སོགས་པ་སྨོས་པས་ནི་ཁོང་ཁྲོ་བ་ལ་སོགས་པ་བཟུང་ངོ་། །འདོད་ཆགས་ལ་སོགས་པ་ཡོད་པ་ཉིད་ན་ཚིག་གི་རང་བཞིན་སྔོན་མེད་མཐོང་བ་ནི་མ་

ཡིན་ཏེ། འདོད་ཆགས་མེད་པར་ཡང་ཡོད་པ་སྲིད་པའི་ཕྱིར་རོ། །གལ་ཏེ་ཚིག་འདོད་ཆགས་ཀྱི་འབྲས་བུ་མ་ཡིན་ན། འོ་ན་དེ་ལན་ཅིག་ཀྱང་འབྱུང་བར་མི་འགྱུར་ཏེ། རྒྱུ་མ་ཡིན་པ་ལས་ལན་ཅིག་ཀྱང་མི་འབྱུང་བའི་ཕྱིར་རོ་ཞེ་ན། བརྗོད་པར་འདོད་པ་སྤྱིའི་ཞེས་སྨོས་སོ། །འདོད་

ཆགས་ནི་བརྗོད་པར་འདོད་པ་ཙམ་གྱི་རྒྱུ་རྐྱེན་ཡིན་ལ། བརྗོད་པར་འདོད་པ་དེ་ཡང་རྣམ་པར་ཤེས་པ་ཡིན་ནོ། །དེ་ཡང་སྐད་ཅིག་སོ་སོར་འདོད་ཆགས་ལ་སོགས་པ་ཡོད་པ་དང་མེད་པའི་བདག་ཉིད་ཁྱད་པར་དུ་མའི་རང་བཞིན་ཡིན་ནོ། །དེ་ནས་རང་བཞིན་འདོད་ཆགས་དང་བཅས་པའི་

རྣམ་པར་ཤེས་པ་ལས་འབྱུང་ཞིང་རེས་འགའ་ནི་ཞེ་སྡང་དང་ལྡན་པ་ལས་རེས་འགའ་དེ་གཉི་ག་དང་བྲལ་བ་ལས་ཡིན་པས་ཁྱད་པར་ལས་ཚིག་འཁྲུལ་པ་ཡིན་ཡང་འཁྲུལ་པ་མེད་པའི་ཕྱིར་འདོད་པ་ཙམ་རྒྱུ་ཡིན་པར་རྟོགས་པར་འགྱུར་ཏེ། དུ་བ་ལས་མེ་ཙམ་ཉིད་བཞིན་ནོ། །འདོད་ཆགས་

เล่ม ๑๘๒ · หน้า 62a

ཙམ་ནི་མ་ཡིན་ནོ། །དེས་ན་ཇི་ལྟར་དུ་བ་མཐོང་བ་ལས་ལོ་མ་ལས་བྱུང་བའི་མེ་ཉིད་རྗེས་སུ་དཔོག་པ་མ་ཡིན་པ་དེ་བཞིན་དུ་ཚིག་ལས་ཀྱང་འདོད་ཆགས་ཉིད་ནི་མ་ཡིན་གྱི་འོན་ཀྱང་བརྗོད་པར་འདོད་པ་ཙམ་ཡིན་ནོ། །ཅི་སྟེ་ཡང་འདོད་ཆགས་བརྗོད་པར་འདོད་པའི་ཁྱད་

པར་ནི་མ་ཡིན་གྱི་འོན་ཀྱང་བརྗོད་པར་འདོད་པ་ཉིད་འདོད་ཆགས་ཡིན་ནོ། །དེས་ན་འདོད་ཆགས་རྗེས་སུ་དཔོག་པ་ཉིད་ལས་འདོད་ཆགས་རྗེས་སུ་དཔོག་པར་འགྲུབ་བོ་ཞེ་ན། དོགས་པ་འདི་གལ་ཏེ་དེ་ཉིད་ཅེས་བྱ་བས་བསུ་ནས་འདོད་པ་ཡིན་པའི་ཕྱིར་ཞེས་བྱ་བས་དོགས་པ་སེལ་བར་བྱེད་དོ། །

བརྗོད་པར་འདོད་པ་ཙམ་ཡིན་ན་འདོད་ཆགས་ཡིན། དོན་དམ་པར་འདོད་ཆགས་དེའི་རང་བཞིན་ཅན་ཡིན་པའམ་བརྗོད་པར་འདོད་པ་དོན་དམ་པར་འདོད་ཆགས་ཀྱི་རང་བཞིན་ཅན་ཡིན་པར་འགྱུར། རྟོགས་པ་སྔ་མ་ནི་རེ་ཞིག་མི་འཐད་དོ་ཞེས་བརྗོད་པ་ནི་འདོད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ཡིན་

ནོ། །བརྗོད་པར་འདོད་པ་ཙམ་ཚིག་ལས་རྗེས་སུ་དཔོག་པ་ན་འདོད་ཆགས་དང་བྲལ་བ་ལ་དེ་དང་འགལ་བའི་རང་བཞིན་སྡུད་པས་ནི་ཅུང་ཟད་ཀྱང་གནོད་པར་མི་འགྱུར་རོ། །མི་འདོད་པ་གྲུབ་ན་ནི་གནོད་པར་འགྱུར་གྱི་འདོད་པ་ཐོབ་ཀྱང་གནོད་པའི་དོན་དུ་འགྱུར་བ་ནི་འགའ་ཡང་མེད་དོ། །འོན་

ཏེ་ཡང་འདོད་ཆགས་ཀྱི་རང་བཞིན་གང་ཡིན་པ་དེ་ཙམ་གྱི་རང་གི་ངོ་བོ་བརྗོད་པར་འདོད་པ་ཡིན་པར་འདོད་ན། དེ་བསལ་བའི་ཕྱིར་འདོད་ཆགས་ཀྱི་རང་བཞིན་བསྟན་ནས་འདོད་པའི་རང་བཞིན་དེ་ལས་བཟློག་པར་བརྗོད་པ་ནི་འདོད་ཆགས་ནི་ཞེས་བྱ་བ་ནས་སྙིང་རྗེ་ལ་སོགས་པ་ནི་ཞེས་བྱ་བའི་

མཐར་ཐུག་པའོ། །ཟག་པ་དང་བཅས་པའི་ཆོས་ནི་ཉོན་མོངས་པ་དང་བཅས་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་བརྗོད་དོ། །དེ་དག་ཀྱང་འཆད་པར་འགྱུར་བའི་སྡུག་བསྔལ་ཉིད་ཀྱི་སྡུག་བསྔལ་གཅིག་པུའི་རང་བཞིན་ཉིད་དོ། །དེ་དག་ལ་སེམས་ཀྱི་མངོན་པར་ཞེན་པ་ཆགས་པ་ནི་འདོད་

ཆགས་ཡིན་པར་སྨྲའོ། །དེ་ལ་སེམས་ཀྱི་ཆགས་པ་བྲལ་བར་མི་འདོད་པ་དེ་དང་གཅིག་ཏུ་མི་འབྲལ་བར་དགའ་བ་དེ་ནི་ཆགས་པར་འགྱུར་རོ། །གལ་ཏེ་སྡུག་བསྔལ་བའི་ལེན་པའི་ཕུང་པོ་རྣམས་ལ་ཆགས་པར་མི་འགྱུར་བ་མ་ཡིན་ནམ། སྡུག་བསྔལ་ནི་མངོན་པར་དགའ་བའི་གནས་མ་ཡིན་པའི་ཕྱིར་

เล่ม ๑๘๒ · หน้า 62b

རོ་ཞེས་དོགས་ན། རྒྱུའི་ཁྱད་པར་སྟོན་པར་བྱེད་དོ། །ལྟ་བའི་སྒྲ་ནི་རྟག་པ་ལ་སོགས་པ་སོ་སོར་འབྲེལ་ཏོ། །ཟག་པ་དང་བཅས་པའི་ཕུང་པོ་རྣམས་ལ་ཡང་བདེ་བར་ལྟ་བས་འཕངས་པ་མི་འབྲལ་བར་འདོད་པ་ཉིད་དོ། །དེས་ན་སྡུག་བསྔལ་ཇི་ལྟ་བ་བཞིན་རྟོགས་པ་ཉིད་ཀྱིས་ནི་མངོན་པར་

ཆགས་པ་མ་ཡིན་ཏེ། འོན་ཀྱང་བདེ་བ་ཉིད་དུ་ཕྱིན་ཅི་ལོག་པ་ལས་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འདི་ནི་རྟག་པར་ལྟ་བས་འཕངས་པ་ཡང་ཡིན་ཏེ་མཐོང་བའི་དངོས་པོ་འབྲེལ་པར་རྟོགས་པ་མེད་པར་བདེ་བ་ཉིད་མེད་པའི་ཕྱིར་དེ་སྲིད་གཅིག་པ་ཉིད་དུ་རྟོགས་པས་མངོན་པར་ཞེན་པ་ཡིན་

ནོ། །དེ་བཞིན་དུ་རང་གི་བདག་ཉིད་ལ་འབྲས་བུ་རྩོམ་པ་པོ་དང་འབྲས་བུའི་ལོངས་སྤྱོད་པ་པོའི་གནས་སྐབས་གཉིས་གཅིག་པ་ཉིད་དུ་མི་བཟུང་བར་འབྲས་བུ་སྒྲུབ་བྱེད་ལ་མངོན་པར་ཞེན་པ་མེད་ལ། དེ་ལྟ་བུ་ཡང་བདག་ཅེས་བརྗོད་དེ་བྱེད་པ་པོ་དང་ཟ་བ་པོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །

དེ་ཡང་ངའོ་ཞེས་ཕུང་པོ་ལྔ་ལས་ཐ་དད་པར་རྟོགས་པ་ཡིན་ནོ། །མདོ་ལས་ཕུང་པོ་ལྔ་པོ་དག་ལས་བདག་དང་བདག་གིར་མངོན་པར་ཞེན་པ་ཞེས་ཐ་སྙད་དུ་བྱེད་པ་ནི་སྒྲོ་བཏགས་པའི་ཡུལ་ཡིན་པའི་ཕྱིར་ཏེ་ཉ་ཕྱིས་ལ་དངུལ་དུ་སྒྲོ་བཏགས་སོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །འདོད་

ཆགས་ནི་བདག་གིར་ལྟ་བས་ཞུགས་པ་ཡང་ཡིན་ཏེ་ངའོ་ཞེས་བྱ་བས་དེ་འཇུག་པའི་ཕྱིར་རོ། །བདག་ལ་བརྟེན་པའི་ཕན་པ་སྒྲུབ་པར་བྱེད་པ་བདག་གི་དོན་གྱི་དངོས་པོ་གཞན་ཉིད་བདག་གི་ཡིན་པར་བརྗོད་ཀྱི་བདག་པོའི་དབང་དུ་གྱུར་པ་ཉིད་ནི་མ་ཡིན་ཏེ། དེས་ན་བདག་པོ་གཞན་དང་ལྡན་པ་

ཡིན་ནོ། །དེས་ན་དེ་ལྟར་དོན་མི་རྟག་པ་དང་བདག་ཀྱང་སྟོང་པ་ཉིད་དང་། ཕུང་པོ་རྣམས་ཀྱང་རྒྱུ་དང་འབྲས་བུའི་རྒྱུན་ཙམ་གྱི་རང་བཞིན་ཡིན་པས་ན་རང་གི་བདག་ཉིད་ལ་གནས་པ་རྟོགས་པ་མེད་པ་ནི་འབྲས་བུ་སྒྲུབ་པ་ལ་བཏང་སྙོམས་ཉིད་དུ་འགྱུར་བ་ཡིན་ནོ། །དེས་ན་འདོད་ཆགས་ནི་བདག་

གིར་མངོན་པར་ཞེན་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ཉིད་དོ། །གལ་ཏེ་མ་རིག་པས་འཕངས་པ་མ་ཡིན་པའི་ཡོན་ཏན་ལ་མངོན་པར་ཞེན་པ་ཡིན་གྱི་བདག་ཏུ་ལྟ་བས་འཇུག་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་འོ་ན་ཟླ་བ་གཉིས་ལ་སོགས་པ་ཤེས་པ་ཡང་འདོད་ཆགས་སུ་འགྱུར་བ་སྟེ། དེ་མ་

เล่ม ๑๘๒ · หน้า 63a

རིག་པ་ལ་བརྟེན་པའི་ཕྱིར་དང་། གནོད་པར་བྱེད་པ་སྐྱེས་པའི་སྔ་རོལ་དུ་བདེན་པའི་མཚན་ཉིད་ཀྱིས་ཡང་དག་པ་མ་ཡིན་པའི་ཡོན་ཏན་ལ་མངོན་པར་ཞེན་པའི་ཕྱིར་རོ། །རང་གི་བདག་ཉིད་ལ་གནས་པའི་འབྲས་བུ་ལོངས་སྤྱོད་པའི་བསམ་པས་ནི་ཟག་པ་དང་བཅས་པའི་

དངོས་པོ་ལ་འཇུག་པ་བཞིན་དུ་གང་དུ་ཡང་འདོད་ཆགས་ཀྱི་རྒྱུ་མཚན་ཉིད་ལས་མི་འདའོ། །དེ་ནས་དེ་ལྟར་འདོད་ཆགས་ཀྱི་རང་གི་ངོ་བོ་བསྟན་ནས་བརྗོད་པར་འདོད་པ་ཉིད་དེ་ལས་བཟློག་པར་བརྗོད་པ་ནི། སྙིང་རྗེ་ལ་སོགས་པ་ནི་ཞེས་བྱ་བ་ཡིན་ནོ། །སྙིང་རྗེ་ལ་སོགས་པ་ནི་བདག་ལ་སོགས་

པར་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནོ། །སོགས་པའི་སྒྲས་ནི་བྱམས་པ་ལ་སོགས་པའོ། །གལ་ཏེ་བརྗོད་པར་འདོད་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་ཇི་སྐད་བརྗོད་པའི་ཚུལ་གྱིས་བརྗོད་པར་བྱ་བ་མ་ཡིན་ནམ་སྙིང་རྗེ་ལ་སོགས་པ་ཅི་སྟེ་བརྗོད་ཅེ་ན། བདེན་ཏེ་འོན་ཀྱང་འདོད་ཆགས་དང་བྲལ་

བ་ལ་སྨྲ་བའི་རྒྱུ་མཚན་ཉིད་ནི་མེད་པ་མ་ཡིན་ལ་སྨྲ་བ་གཞན་གྱི་དོན་ཡིན་པའི་ཕྱིར་དེའི་དོན་འགྲུབ་པའི་བསམ་པས་དེ་བརྗོད་པར་འཐད་པའི་ཕྱིར་རོ། །དེས་ན་འདི་བརྗོད་པར་འདོད་པ་ཉིད་ནི་སྙིང་རྗེའི་བདག་ཉིད་ཁོ་ན་ཡིན་པ་དེས་ན་སྙིང་རྗེའི་རང་བཞིན་ཉིད་ཀྱིས་བསྟན་ཏོ། །དེ་ལྟ་ན་འོ་ན་གཞན་

ལ་ཕན་པར་སེམས་པའི་རང་བཞིན་ཉིད་ཀྱིས་སྙིང་རྗེ་ཉིད་ཚིག་གི་རྒྱུ་ཡིན་གྱི་བྱམས་པ་ལ་སོགས་པ་ནི་མ་ཡིན་ཏེ། དེ་དག་ནི་བསམ་པའི་ཁྱད་པར་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་སོགས་པའི་སྒྲས་ཅི་བྱ་ཞེ་ན། བདེན་མོད་ཀྱི་འདོད་ཆགས་དང་བྲལ་བ་ལ་ཡོད་པའི་བྱམས་

པ་ལ་སོགས་པའི་སེམས་ཀྱི་ཆོས་ཀྱང་འདོད་ཆགས་ཀྱི་བདག་ཉིད་མ་ཡིན་ནོ་ཞེས་བརྗོད་པའི་དོན་དུ་དེ་སྐད་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་རིམ་པ་ལས་བརྒལ་ཏེ་སྙིང་རྗེ་སྨོས་སོ། །ཅིའི་ཕྱིར་དེ་ལྟ་བུ་མ་ཡིན་ཞེ་ན་གཞན་དུ་ཡང་ཞེས་སྨོས་སོ། །བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་

སྙོམས་རྣམས་ནི་བདག་དང་བདག་གིར་ལྟ་བ་ལ་མི་ལྟོས་པར་གོམས་པ་ཙམ་ལས་འབྱུང་བའི་ཕྱིར་རོ་ཞེས་ལེའུ་གཉིས་པར་བསྟན་པར་བྱའོ། །གོམས་པའི་རྩ་བ་ཅན་ཡིན་ཡང་བདག་ལ་སོགས་པར་ལྟ་བས་མ་འཕངས་པ་ཇི་ལྟར་ཞེ་ན། དེའི་རྩ་བ་ཅན་ཡིན་ཡང་འདོད་ཆགས་ལ་སོགས་

เล่ม ๑๘๒ · หน้า 63b

པ་བཞིན་དུ་རང་གི་ངང་གིས་འཇུག་པའི་ཕྱིར་འབད་པས་སྒྲུབ་པ་ལ་མི་ལྟོས་པར་ཐལ་བའི་ཕྱིར་རོ། །དེ་ལྟར་གནས་པ་ཇི་ལྟར་ཆགས་པ་སྨྲ་བ་ལྟར་འདོད་ཆགས་དང་བྲལ་བ་ཡང་དེ་དང་འདྲ་སྟེ། འདི་གཉིས་ཀ་བརྗོད་པར་འདོད་པ་འདོད་པ་ཉིད་དུ་རྟོགས་པས་ན་བརྗོད་པར་འདོད་པ་ཆགས་པ་

དང་ཆགས་པ་དང་བྲལ་བའི་ཁྱད་པར་དུ་གནས་པ་ནི་མ་ཡིན་ནོ། །དེས་ན་ཁྱད་པར་ནི་འབྲས་བུའི་སྤྱི་ལས་མི་རྟོགས་ཞེས་འཆད་པ་ནི་ཚིག་ཙམ་ལས་ནི་སྟེ་ཚིག་གི་སྤྱི་ལས་ནི་མི་རྟོགས་སོ། །འོན་ཏེ་འདོད་ཆགས་ཀྱི་རང་བཞིན་གྱི་བརྗོད་པར་འདོད་པས་འཁྲུལ་པའི་ཕྱིར་རོ། །གང་

ལས་འཆོལ་བར་འགྱུར་བ་ཅིའི་ཆེད་དུ་དེ་ལྟ་བུ་མ་ཡིན་པ་དེ་ལྟར་ཐ་སྙད་བྱེད་ཅེ་ན། བསམ་པ་ནི་ཞེས་སྨོས་སོ། །འདོད་ཆགས་དང་བྲལ་བ་ཆགས་པ་ཅན་ལྟ་བུའམ། ཆགས་པ་ཅན་འདོད་ཆགས་དང་བྲལ་བ་ལྟ་བུར་ཐ་སྙད་བྱེད་པའི་བསམ་པ་མི་ཤེས་སོ། །དེ་ལྟར་ན་སྒྲ་འཆོལ་

བའི་རྒྱུ་ནི་འདོད་པ་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པར་བརྗོད་པ་ཡིན་ནོ། །དེ་ཡང་མི་ཤེས་པས་དེ་ལྟ་བུའི་འདོད་པ་རྟོགས་པ་སྔོན་དུ་འགྲོ་བ་ཅན་གྱིས་རྟོགས་པ་བསལ་བ་ཡིན་ནོ། །གལ་ཏེ་ཡང་འདོད་པ་ཙམ་རྒྱུ་ཡིན་པའི་ཕྱིར་སྒྲའི་ཁྱད་པར་སེམས་ཀྱི་ཁྱད་པར་ལ་ངེས་པ་མེད་པ་དེ་ལྟ་ན་ཡང་འདོད་

ཆགས་དང་བྲལ་བ་ལ་སྨྲ་བ་མེད་པ་ཚད་མ་གཞན་གྱིས་རྟོགས་ནས་ཚིག་གིས་འདོད་ཆགས་རྗེས་སུ་དཔོག་པར་བྱེད་པ་ཁོ་ནའོ། །གང་གི་ཕྱིར་འདི་ལ་རྟག་པར་རྟོགས་པ་མེད་པའི་ཕྱིར་སྒྲུབ་པར་བྱེད་པ་དང་དེའི་འབྲས་བུ་མཚམས་མི་སྦྱོར་བས་ན་སྨྲ་བ་ལ་དགོས་པ་མེད་དོ། །མཚམས་སྦྱོར་ན་

ཡང་རྟག་པ་ཉིད་དུ་རྟོགས་པ་ཡིན་ནོ་ཞེ་ན། དོགས་པ་འདི་གལ་ཏེ་དགོས་པ་མེད་པའི་ཕྱིར་ཞེས་བྱ་བས་བསུ་ན་མ་ཡིན་ཏེ་ཞེས་སྨོས་སོ། །དགོས་པ་མེད་པ་མ་ཡིན་ཏེ་འདོད་ཆགས་དང་བྲལ་བ་ནི་གཞན་གྱི་དོན་དུ་སྨྲ་བ་ལ་འཇུག་པའི་ཕྱིར་རོ། །རང་གི་དགོས་པ་དོན་དུ་གཉེར་ན་ནི་རྟག་པ་

ཉིད་དུ་རྟོགས་པར་འགྱུར་ཞིང་འབྲས་བུའི་དོན་དུ་གཟུང་བའི་སྒྲུབ་པ་ལ་འཇུག་པས་ན་བྱེད་པ་པོ་དང་སྤྱོད་པ་པོ་དང་དེ་སྡོམ་པར་ཡང་ངེས་པ་ཡིན་ནོ། །བདག་ཐ་དད་པ་མཐོང་བ་མེད་པ་ནི་ངར་འཛིན་པ་དང་བྲལ་ཞིང་དོན་དམ་པར་གྱུར་པའི་ཕུང་པོ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་

เล่ม ๑๘๒ · หน้า 64a

ཙམ་གྱི་རང་བཞིན་ཡིན་པས་ན་འབྲས་བུའི་རྒྱུ་ཕུང་པོའི་ཚོགས་རྒྱུ་གཞན་གྱིས་ཉེ་བར་བསྒྲུབས་པ་གང་ཡིན་པ་འདི་སྐད་ཅིག་མ་ཉིད་ཀྱིས་འབྲས་བུ་བདག་གིར་བྱེད་པར་ནུས་པ་མ་ཡིན་པའི་ཕྱིར་ན་འཕགས་པའི་བདེན་པ་བཞི་མཐོང་བ་རང་གི་དོན་དུ་འཇུག་པ་མེད་དོ། །

གཞན་དག་ཀྱང་བདག་བཞིན་དུ་སྔར་འབྲས་བུ་དང་འབྲེལ་པས་སྟོང་པ་ཕྱིས་འབྲས་བུའི་བདག་ཉིད་དུ་བྱ་བར་མི་ནུས་སོ་ཞེ་ན་མ་ཡིན་ཏེ་དངོས་པོ་ལ་དེ་ལྟར་ཡིན་ཡང་གཞན་དག་ཡོད་པ་ཉིད་དུ་རྟོགས་པའི་ཕྱིར་བརྩམས་ཤིང་རྫོགས། བདག་གིར་ཡང་བྱས་སོ་སྙམ་དུ་རྟོགས་པའི་ཕྱིར་དང་།

སྙིང་རྗེ་ཅན་ཡང་དེའི་དོན་ཉིད་འཇུག་པའི་ཕྱིར་རོ། །ཐར་པའི་དོན་ལ་ནི་གཞན་ཡང་བདག་ཉིད་བཞིན་དུ་འཇུག་པར་བྱེད་དོ། །གལ་ཏེ་གཞན་ལ་ཕན་བཏགས་པས་ཀྱང་བདག་གི་དོན་དུ་འགྱུར་བར་མི་སེམས་པ་ནི་དགོས་པ་མེད་པར་འཇུག་པ་རིགས་པ་མ་ཡིན་ལ། སེམས་ན་ཡང་བདག་

ཏུ་རྟོགས་པ་འཇུག་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་དོགས་ན་མ་ཡིན་ནོ་ཞེས་སྨོས་སོ། །རྣམ་པ་ཐམས་ཅད་དུ་བདག་གི་འབྲས་བུ་སེམས་པས་སྟོང་པ་གཞན་ལ་གནས་པ་ཉིད་ཀྱི་དགོས་པ་འདོད་པའི་སྙིང་རྗེ་ཅན་འཇུག་པར་འཐད་པའི་ཕྱིར་རོ། །གལ་ཏེ་ཕན་གདགས་པར་བྱ་བ་ཉིད་ཀྱིས་གཞན་

དག་ཆགས་པའི་གནས་སུ་གྱུར་པས་ན་འདིའི་སྙིང་རྗེ་གང་ཡིན་པ་དེ་ཉིད་འདོད་ཆགས་སུ་འགྱུར་བ་མ་ཡིན་ནམ། འདོད་ཆགས་ནི་ཆགས་པ་ཡིན་ལ། བཅོམ་ལྡན་འདས་གཞན་གྱི་དོན་གཙོ་བོར་མཛད་པས་ཐར་པ་ཞལ་གྱིས་བཞེས་པ་ཡང་ཆགས་པ་ཡིན་ཏེ། དེས་ན་རང་གི་གཉེན་ལ་ཆགས་

པ་དང་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆགས་པ་ལ་ཁྱད་པར་ཅི་ཡོད་ཅེས་དོགས་པ་ལ་འདོད་པ་ཡིན་ཏེ་ཞེས་སྨོས་སོ། །སྙིང་རྗེ་ལ་འདོད་ཆགས་ཞེས་ཟེར་ན་འདོད་པ་ཉིད་དོ། །གལ་ཏེ་འདོད་ན་འོ་ན་རྩོད་པ་མེད་དོ་ཞེ་ན། རྩོད་པ་མེད་པ་མ་ཡིན་ཏེ་རང་བཞིན་མི་འདྲ་བའི་ཕྱིར་རོ། །འདི་

ལྟར་སྙིང་རྗེ་ནི་ཉེས་པ་མེད་པ་ཡིན་ཏེ། འདོད་ཆགས་བཞིན་དུ་འཁོར་བའི་སྡུག་བསྔལ་འཕེན་པས་སེམས་ཀྱི་རྒྱུན་ཉེས་པར་བྱེད་པ་མ་ཡིན་ནོ། །གཏན་ཚིགས་སྨྲས་པ་ནི་ཕྱིན་ཅི་མ་ལོག་པ་ལས་བྱུང་བའི་ཕྱིར་རོ། །ཕྱིན་ཅི་ལོག་ནི་བདག་ཏུ་འཛིན་པ་སྟེ་དེ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེས་ན་དེ་

เล่ม ๑๘๒ · หน้า 64b

ལྟར་སྙིང་རྗེ་འདོད་ཆགས་དང་རང་བཞིན་མི་འདྲ་བར་བརྗོད་པ་ན་སྙིང་རྗེ་ནི་འདོད་ཆགས་ཡིན་ནོ་ཞེས་སྙིང་རྗེ་ལ་འདོད་ཆགས་ཀྱི་སྒྲ་འཇུག་པ་ཙམ་ཞིག་ལུས་པ་ཡིན་ནོ། །དེ་ལ་ཡང་འདི་འདོད་པར་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་ངེས་པར་མིང་ནི་མི་དགག་གོ་ཞེས་བཤད་དོ། །དེའི་དོན་

ནི་འདི་ཡིན་ཏེ། བདག་ཏུ་མངོན་པར་ཞེན་པའི་རྩ་བ་ཅན་མ་ཡིན་པའི་ཕྱིར་སྙིང་རྗེ་ནི་འཁོར་བ་འཕེན་པའི་རྒྱུ་མ་ཡིན་ནོ། །འཆད་པར་འགྱུར་བའི་ཚུལ་གྱིས་རང་དབང་ཉིད་དུ་འཇུག་པའི་ལས་ཀྱི་རྣམ་པར་སྨིན་པ་སྐྱེ་བ་ན་སྲིད་པ་དང་ལས་སྲིད་པ་འཕེན་པའི་རྒྱུ་ཡིན་ནོ། །བདག་ཏུ་ལྟ་བ་ཟད་ན་ནི་

འབྲས་བུ་སེམས་པ་མེད་པའི་ཕྱིར་མི་འཇུག་པའི་ལས་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ནོ། །དེས་ན་འདོད་ཆགས་བཞིན་དུ་སྙིང་རྗེ་ཉེས་པ་བྱེད་པ་མ་ཡིན་པས་ཉེས་པ་བྱེད་པ་མེད་དོ། །ཇི་ལྟར་སྙིང་རྗེ་ཕྱིན་ཅི་ལོག་ལས་མ་བྱུང་། གང་གི་ཕྱིར་གཞན་གྱི་སྡུག་བསྔལ་མི་བཟོད་པའི་རྣམ་པ་ཅན་གྱིས་

སེམས་ཀྱི་ཁྱད་པར་དེ་གསལ་བར་འདོད་པའི་རྣམ་པའི་བདག་ཉིད་ནི་སྙིང་རྗེར་འདོད་དོ། །དེས་ན་བདག་གིས་འདི་དག་སྡུག་བསྔལ་ལས་བསྒྲལ་བར་བྱའོ་ཞེས་འདི་ལ་བདག་ཏུ་མངོན་པར་ཞེན་པར་འགྱུར་བ་ཡིན་ནོ། །སྡུག་བསྔལ་བའི་སེམས་ཅན་ལ་དམིགས་པའི་རྣམ་པ་ཅན་གྱི་སྙིང་རྗེ་

ཉིད་ཀྱིས་ནི་སྡུག་བསྔལ་བཟློག་པ་ཉིད་མ་ཡིན་ཏེ། འོན་ཀྱང་འདི་འཇུག་པ་གང་ཡིན་པའོ། །དེ་ཡང་ངའོ་སྙམ་པར་རྟོགས་པ་ཡིན་ནོ། །དེས་ན་འདོད་པ་དང་བཅས་པ་བར་དུ་ཞུགས་ཤིང་མཐར་འབྲས་བུ་དམིགས་པ་གཅིག་ཏུ་རྟོགས་ཤིང་སྡུག་བསྔལ་བཟློག་པ་ལ་འཇུག་པ་ཡིན་ཏེ། གཞན་

དུ་མི་འཐད་པའི་ཕྱིར་རོ། །དམིགས་པ་འཇུག་པའམ་འཇུག་པ་འབྲས་བུ་དང་མ་འབྲེལ་པར་མ་ཡིན་ནོ། །དེས་ན་གསུམ་པོ་འདི་གཅིག་ཏུ་རྟོགས་པར་འགྱུར་བ་ཡིན་ནོ། །དེས་ན་གལ་ཏེ་འདི་མི་རྟག་པ་ཡིན་ཡང་རྟག་པ་གཞན་དང་འབྲེལ་པས་རྟག་པར་རྟོགས་པ་ན་བདག་གཞན་རྟོགས་པར་

འགྱུར་བ་ཡིན་ནོ། །བདག་ཏུ་རྟོགས་པ་དང་བྲལ་བ་ལ་ཡང་གནས་སྐབས་འདི་གསུམ་རྟོགས་པས་གཅིག་ཏུ་མཚམས་སྦྱོར་བ་ནི་འདི་བདག་ཏུ་རྟོགས་པ་ཉིད་གཞན་དུ་བརྗོད་པར་འགྱུར་རོ། །རྣམ་པ་ཐམས་ཅད་དུ་གཅིག་ཏུ་སེམས་པ་མེད་པར་ནི་སྙིང་རྗེ་ཅན་འཇུག་པར་མི་འཐད་དོ་ཞེ་ན། དོགས་

เล่ม ๑๘๒ · หน้า 65a

པ་འདི་བསུ་ནས་སྙིང་རྗེ་ཞེས་སྨོས་སོ། །བདག་ཏུ་འཛིན་པ་མེད་ཀྱང་སེམས་ཅན་སྡུག་བསྔལ་བ་མཐོང་བས་དེ་མི་བཟོད་པའི་རྣམ་པ་ཅན་སྡུག་བསྔལ་དེ་བསལ་བའི་བསམ་པ་སྐྱེ་བ་ཡིན་ནོ། །འདི་ལྟར་སེམས་དང་པོ་བསྐྱེད་པ་ནས་བརྩམས་ཏེ་སྙིང་རྗེ་བཞིན་དུ་བདག་མེད་པ་

ཡང་གོམས་པར་བྱེད་པ་དེ་གཉི་གའི་བདག་ཏུ་གྱུར་པ་ན་རྒྱུ་འབྲས་ཀྱི་རྒྱུན་ཙམ་གྱི་རང་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་མཐོང་བ་ལ་བརྩེ་བའི་བདག་ཉིད་ཀྱི་རིགས་ཡང་འཇུག་སྟེ། གཉི་ག་ཡང་སྒོམ་པའི་ཕྱིར་རོ། །དེས་ན་གོམས་པ་ལས་བདག་མེད་པ་མཐོང་བ་ལ་བརྩེ་བའི་རང་

བཞིན་ཉིད་ཀྱང་ཡོད་པ་ཁོ་ནའོ། །དེས་ན་སེམས་ཅན་གྱི་སྡུག་བསྔལ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་ཁྱད་པར་སེམས་ཅན་མཐོང་བ་ཙམ་གྱིས་སྙིང་རྗེ་འཇུག་པ་ཡིན་ནོ། །སེམས་ཅན་མཐོང་བ་ཉིད་གོམས་པ་ལས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཡིན་ནོ། །གང་ལས་དམིགས་

པ་ཙམ་གྱི་རང་བཞིན་སྙིང་རྗེ་འཇུག་པ་ན་རྟག་པར་རྟོགས་པར་འགྱུར་བ་བདག་ཉིད་གཞན་གྱི་སྡུག་བསྔལ་བཟློག་པའི་བྱེད་པ་པོར་རྟོགས་པ་ནི་མ་ཡིན་གྱི། འོན་ཀྱང་སྡུག་བསྔལ་བཟློག་པའི་བསམ་པས་དེ་ཟློག་པར་བྱེད་པའི་རྒྱུ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་ཆོས་ཀྱི་དེ་ཁོ་ན་འཆད་

པའི་རང་བཞིན་འཕགས་པའི་བདེན་པ་བཞི་སྟོན་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་སེམས་ཀྱི་སྐད་ཅིག་དེ་ཉིད་ལ་རྟོགས་པ་ཡིན་ཏེ། དེ་ནི་འདས་པ་དང་མ་འོངས་པའི་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །སྔོན་མ་བྱུང་བ་གཞན་དག་གཞན་ཉེ་བར་གནས་ན་གསལ་བའི་ཕྱིར་རོ། །དེས་ན་

འདོད་པའི་བདག་ཉིད་ཀྱི་སེམས་དེ་ཉིད་རྒྱུ་དང་འབྲས་བུའི་རྟོགས་པའི་རང་བཞིན་ཡིན་པའམ་ཤེས་ནས་རྒྱུ་རྟོགས་ཏེ་སྐད་ཅིག་གསུམ་པ་ལ་བརྗོད་པར་འདོད་པར་འགྱུར་ཡང་རུང་སྟེ་རྣམ་པ་ཐམས་ཅད་དུ་གང་གིས་འདི་མཐོང་བའི་དེས་རྒྱུ་བཙལ་ཏེ་དེ་རྟོགས་པར་བྱའོ་སྙམ་དུ་སེམས་པ་ནི་མེད་ཀྱི་འོན་ཀྱང་

མཐོང་བ་ལས་རྒྱུ་རྟོགས་པ་སྐྱེ་ལ། དེ་ལས་ནི་བརྗོད་པར་འདོད་པ་ཉིད་ཡིན་ནོ། །རྒྱུ་རྟོགས་པ་མཐོང་བ་བྱེད་པ་མཚམས་སྦྱོར་བའམ། བརྗོད་པར་འདོད་པ་ལ་རྒྱུ་རྟོགས་པ་མཚམས་སྦྱོར་བ་ཡོད་པ་ནི་མ་ཡིན་ནོ། །དོན་ཐམས་ཅད་དམིགས་པ་ལ་དབང་འབྱོར་པ་རྟོགས་པ་དོན་དུ་གཉེར་ཡང་རྟོགས་

เล่ม ๑๘๒ · หน้า 65b

པ་མི་སྐྱེ་ན། དེ་ལ་དབང་འབྱོར་པ་ཉམས་པར་འགྱུར་བའི་ཕྱིར་དྲན་པར་བྱ་བ་འདས་པ་ལ་མཐོང་བ་ཉིད་སྔོན་དུ་བྱེད་པའི་བདག་ཉིད་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །དེ་བས་བརྗོད་པར་འདོད་པ་ཉིད་ཡིན་ཡང་གཉེན་པོ་དང་བཅས་པའི་སྡུག་བསྔལ་རིག་པའི་བདག་ཉིད་ཡིན་ནོ། །འདིས་ནི་ཁ་

ཅིག་ན་རེ་བཅོམ་ལྡན་འདས་གསུང་བར་ཁས་ལེན་ན་རྣམ་པར་རྟོག་པ་ཁས་བླངས་པར་འགྱུར་ལ། དེ་ཡང་ལོག་པའི་ཤེས་པ་ཡིན་ནོ་ཞེས་འཛེར་བ་དེ་སྤངས་པ་ཡིན་ནོ། །དེ་སྐད་དུ་ཡང་སྙན་དངགས་པ་གང་དག་བདེ་བར་གཤེགས་པ་གསུང་བར་རྟོགས་པ་ཞེས་རྒྱས་པར་བརྗོད་པ་ཡིན་ནོ། །

གང་གི་ཕྱིར་རྟོགས་པར་མི་ནུས་པ་ནི་སྔར་རྟོགས་པའི་འདུ་བྱེད་སད་པ་ལས་རྟོགས་པ་དོན་དུ་གཉེར་བའི་རྣམ་པར་བརྟག་པར་བྱ་བར་འགྱུར་བར་བྱ་བ་ཡིན་ན། ཐམས་ཅད་མཁྱེན་པ་དམིགས་པ་ལ་དབང་འབྱོར་པ་ནི་དེ་ལྟར་འགྱུར་བར་ནུས་པ་མ་ཡིན་ནོ། །དེས་ན་དྲན་པར་བྱ་བ་འདས་པ་དང་བརྟག་པར་བྱ་

བ་མ་འོངས་པ་ལ་མངོན་སུམ་ཉིད་འཇུག་པ་ཡིན་ཏེ། དེས་ན་འདི་ལ་རྣམ་པར་རྟོག་པའི་ཆ་འགའ་ཡང་ཡོད་པ་མ་ཡིན་ནོ། །མི་བདེན་པ་རྟོགས་པ་ཡང་ཡོད་པ་མ་ཡིན་ཏེ་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པར་སྒྲ་མི་སྦྱོར་རོ་ཞེ་ན་མ་ཡིན་ཏེ། བརྗོད་བྱ་རྗོད་བྱེད་ཀྱི་རྟོག་པ་

མེད་ཀྱང་འདི་ལ་སྒྲ་འདིས་རྣམ་པར་རྟོག་པ་འདི་སྐྱེད་དོ་ཞེས་གཞན་གྱི་རྒྱུད་ལ་བརྟེན་པའི་རྒྱུ་དང་འབྲས་བུའི་དངོས་པོ་མངོན་དུ་བྱེད་པ་ནི་གཞན་གྱི་བསམ་པ་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །ལོག་པའི་ཤེས་པ་མངོན་དུ་བྱེད་ཀྱང་ལོག་པའི་ཤེས་པ་ཉིད་ནི་མ་ཡིན་ནོ། །གང་གིས་འདི་ཉིད་མི་འགྲུབ་པར་འགྱུར་

བ་ཇི་ལྟར་ཁ་ཅིག་སེམས་པ་ལྟར་དོན་དམིགས་པ་རྟོགས་པ་ལ་ལྟོས་པ་ཡང་མ་ཡིན་ཏེ། ཕྱིར་ལ་རྣམ་པར་རྟོག་པ་ཉིད་དོན་དམིགས་པ་ལ་ལྟོས་པ་ཡིན་ཏེ་དེའི་འདུ་བྱེད་པ་ལ་བརྟེན་པའི་ཕྱིར་དང་། དེའི་བྱེད་པ་མ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །འོ་ན་ཇི་ལྟར་འབྲས་བུ་ཉིད་དང་སྐད་ཅིག་མ་ཉིད་

ལ་སོགས་པ་རྟོགས་ཤེ་ན། དེ་ཡོད་ན་གཞན་ཡོད་པར་དམིགས་པ་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་ཡིན་ཏེ་སྐད་ཅིག་གཅིག་རྟོགས་པར་བྱ་བ་ཉིད་ན་འདས་པ་དང་མ་འོངས་པ་རིག་པའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་གཅིག་སྡོད་པ་དང་སྐད་ཅིག་གཞན་སྐྱེ་བ་ཡང་དེ་ཁོ་ན་བཞིན་གསལ་བ་ཡིན་

เล่ม ๑๘๒ · หน้า 66a

ཏེ། དེར་རྣམ་པར་རྟོག་པས་ནི་དགོས་པ་ཅི་ཡང་མེད་དོ། །རྣམ་པར་རྟོག་པ་མེད་ན་འདི་ནི་སྔོན་པོ་ཞེས་རང་བཞིན་ངེས་པར་མ་བརྟགས་པར་འགྱུར་རོ་ཞེ་ན། ངེས་པར་བརྟགས་ཀྱང་མྱོང་བའི་ཁྱད་པར་འགའ་ཡང་མེད་པའི་ཕྱིར་མྱོང་བའི་རང་བཞིན་ལ་ངེས་པར་

བརྟགས་པས་ཅི་བྱ། གཞན་ཡང་ལྷག་པར་ཞེན་པ་འཁྲུལ་པའི་ཕྱིར་རྣམ་པར་རྟོག་པ་འཁྲུལ་པར་བརྗོད་དེ། རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ལྷག་པར་ཞེན་ནས་འཇུག་པའི་ཕྱིར་རོ། །དོན་མི་སྣང་བ་ཡང་ཚུ་རོལ་མཐོང་བ་རྣམས་ལ་དབང་པོ་བྱེད་པ་མེད་པར་དོན་སྣང་བ་མེད་པའི་ཕྱིར་

རོ། །དེ་ལྟ་བུའི་རང་བཞིན་མ་ཡིན་པ་ལ་དེ་ལྟ་བུའི་ལྷག་པར་ཞེན་པ་ཡང་དོན་ཉམས་སུ་མྱོང་བའི་བག་ཆགས་ཀྱི་དབང་གིས་འབྱུང་བ་ཡིན་ནོ། །མངོན་པར་རློམ་པའི་རང་བཞིན་ལྷག་པར་ཞེན་པ་ཞེས་བྱ་བ་ཡང་བདེ་བ་ལ་སོགས་པ་བཞིན་དུ་རྣམ་པར་ཤེས་པའི་རང་གི་ངོ་བོ་ཡིན་ནོ་ཞེས་བསྟན་པར་

བྱའོ། །དེས་ན་དབང་པོ་ལ་སོགས་པའི་བྱེད་པ་མེད་པར་དོན་རྟོགས་པར་ནུས་པ་དོན་སྣང་བ་ལ་དོན་དུ་ལྷག་པར་ཞེན་པ་ནི་དོན་ཉིད་ལ་ཡིན་གྱི་འཁྲུལ་པའི་རྒྱུ་ནི་མ་ཡིན་ནོ། །དོན་ལས་བཟློག་པའི་རྣམ་པ་ནི་མི་སྣང་བའི་ཕྱིར་གསལ་བའི་དོན་ལ་དོན་དུ་ལྷག་པར་ཞེན་པ་ནི་དོན་ལ་བརྟེན་པ་ཉིད་

ཡིན་པར་འགྱུར་གྱི་ཚུ་རོལ་མཐོང་བའི་ལྟར་སྣང་བ་ལ་བརྟེན་པ་ནི་མ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་ཀྱིས་སྔོན་པོ་ལ་སྔོན་པོར་ལྷག་པར་ཞེན་པ་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཡིན་ཏེ། དེ་སྔོན་པོ་ཉིད་ཡིན་པའི་ཕྱིར་དང་། རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་མེད་པའི་ཕྱིར་རོ། །

དེས་ན་རྣམ་པར་རྟོག་པའི་ཆོས་འདི་ཙམ་ཞིག་དང་འདོད་པའི་རང་བཞིན་ནི་རྣམ་པར་མི་རྟོག་པ་ལ་ཡང་མི་འགལ་ལོ། །འདི་ཉིད་ལུང་གིས་ཟིན་པ་ཡིན་ནོ་ཞེས་སྟོན་པ་ནི་འདི་ལྟར་ཞེས་བྱ་བ་ཡིན་ནོ། །སོགས་པའི་སྒྲ་གཅིག་གིས་ནི་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བཟུང་ལ།

སོགས་པའི་སྒྲ་ཕྱི་མས་ནི་དམིགས་པ་མེད་པ་བཟུང་བ་ཡིན་ནོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཇི་སྲིད་སློབ་པའི་གནས་སྐབས་ཡོངས་སུ་རྫོགས་པའི་བར་རོ། །ཆོས་ལ་དམིགས་པ་ནི་དགྲ་བཅོམ་པ་ཡིན་ནོ། །ཆོས་ནི་གཟུགས་ལ་

เล่ม ๑๘๒ · หน้า 66b

སོགས་པ་ཕུང་པོ་ལྔ་སྟེ་དེ་དག་ལ་ངའི་གཟུགས་ཞེས་བྱ་བ་ལ་སོགས་པར་ཐ་དད་པར་བདག་གི་ཆོས་ཉིད་དུ་ཞེན་པའི་ཕྱིར་རོ། །དེས་ན་བདག་མེད་ན་ཆོས་ཁོ་ན་ལུས་པར་འགྱུར་རོ། །དེས་ན་བདག་མེད་པ་རིག་པའི་བྱམས་པ་ལ་སོགས་པ་ནི་ཆོས་ལ་དམིགས་པའོ། །དམིགས་པ་མེད་པ་ནི་

ཆོས་བདག་མེད་པ་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །འདི་ལྟར་ཤེས་རབ་དང་ཐུགས་རྗེ་གཉི་ག་གོམས་པས་ན་ཤེས་རབ་ཀྱི་སྟོབས་ཀྱིས་ནི་ཞུགས་ཀྱང་མེད་པའི་གཟུང་བ་མི་སྣང་ལ། ཐུགས་རྗེའི་སྟོབས་ཀྱིས་ནི་བདག་ཉིད་དུ་གྱུར་

པ་མི་ལྡོག་གོ། །སྡུག་བསྔལ་མཐོང་བ་མེད་པར་སྙིང་རྗེ་མེད་དོ་ཞེ་ན། གཉིས་ཀྱི་བག་ཆགས་དང་བྲལ་བས་གཉིས་མེད་པ་མངོན་དུ་བྱས་པ་ན་ལོག་པའི་ཤེས་པ་དང་བྲལ་བ་བག་ཆགས་ལ་བརྟེན་པ་རང་དབང་མི་བདེན་པ་སྔོན་པོ་ལ་སོགས་པ་དང་བྲལ་བ་ཡིན་ཡང་། ཐམས་ཅད་མཁྱེན་

པ་ཐོབ་པའི་ཕྱིར་ཡོད་པའི་དོན་མངོན་དུ་བྱེད་པ་ལ་དབང་འབྱོར་པ་ནི་ལྡོག་པ་མ་ཡིན་ནོ། །གཞན་གྱི་རྒྱུད་ཀྱང་མི་བདེན་པ་ཉིད་མ་ཡིན་པའི་ཕྱིར་དོན་དམ་པར་ཡོད་པ་མངོན་དུ་བྱེད་པར་ནུས་པའི་ཉམས་སུ་མྱོང་བ་སྐྱེད་པའི་ཉེ་བར་ལེན་པའི་དབང་གིས་དེ་འབྱུང་བ་མི་ལྡོག་གོ། །དེ་ཉིད་ཀྱི་ཕྱིར་ཕྱིའི་

དོན་མེད་པར་གྲུབ་པ་ཡིན་ནོ། །དེ་བདེན་ན་གཉིས་མེད་པར་གོམས་ཀྱང་དངོས་པོའི་རང་བཞིན་གྱིས་གྲུབ་པ་མིག་ལ་སོགས་པ་ལས་དོན་སྣང་བ་ཇི་ལྟར་ལྡོག་པར་འགྱུར། དེས་ན་ཡོད་པའི་དོན་མངོན་དུ་བྱེད་པ་ཉམས་པར་བྱེད་པ་དང་འགལ་བ་ཐམས་ཅད་མཁྱེན་པའི་ས་བོན་ཐོབ་པ་ན་ཕྱིའི་

དོན་དུ་སྣང་བ་བཞིན་གཞན་གྱི་རྒྱུད་དུ་སྣང་བ་སྐྱེ་བ་ནི་དགག་པར་མི་ནུས་སོ། །རྣམ་པར་ཤེས་པ་རང་བཞིན་གཉིས་སུ་མི་འགྱུར་རམ། བྱམས་པ་ལ་སོགས་པ་དམིགས་པ་མེད་པ་ཉིད་འདི་ནི་རྣམ་པར་ཤེས་པ་གཉིས་མེད་པའི་ཕྱོགས་ལ་ཉེ་བར་བཀོད་པ་ཡིན་ནོ་ཞེ་ན། འགྱུར་མོད། འགལ་

བ་འགའ་ཡང་མེད་དོ། །དེ་ཁོ་ན་མཐོང་བ་ལོག་པའི་ཤེས་པ་དང་འགལ་བ་ཡིན་ནོ། །སྔོན་པོ་ལ་སོགས་པ་ཕྲ་མོ་དང་རགས་པའི་རྣམ་པར་རྟོག་པ་མི་བཟོད་པ་ཉིད་ཀྱི་རང་དབང་དུ་ཡོད་པས་མི་སྲིད་པས་དོན་དེ་ལྟ་བུ་མ་ཡིན་ལ་ཤེས་པ་ཡང་དེ་ཙམ་གྱི་རང་བཞིན་མ་ཡིན་ནོ། །དེས་ན་འགལ་

เล่ม ๑๘๒ · หน้า 67a

བའི་རང་བཞིན་གཞན་དང་མི་ལྡན་པའི་རྣམ་པར་ཤེས་པ་དེ་ལྟ་བུའི་རང་བཞིན་ལོག་པར་ཤེས་པ་ཉིད་ནི་བག་ཆགས་ཀྱི་རྒྱུ་ཅན་དུ་ཉེ་བར་བསྟན་ཏོ་དེ་ལྟ་བུར་གྱུར་པའི་དངོས་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལ་མེད་ཀྱི་རྣམ་པ་དེ་ལྟ་བུའི་རྒྱུད་གཞན་གྱི་ཤེས་པ་མངོན་དུ་བྱེད་

པ་ཉིད་ནི་མི་འགལ་ཏེ། དེ་ལྟ་བུར་གྱུར་པའི་ཤེས་པ་ཡོད་པར་མི་འགལ་བའི་ཕྱིར་རོ། །ལོག་པའི་ཤེས་པ་འཛིན་པ་ནི་ལོག་པའི་རང་གི་བདག་ཉིད་ཡོད་པའི་ཕྱིར་དང་ཇི་ལྟར་སྣང་བཞིན་པའི་དངོས་པོ་མ་བཀག་པ་ལོག་པའི་ཤེས་པ་ཉིད་མི་འཐད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་

རྣམ་པ་དང་ལྡན་པའི་ཕྱིར་གཞན་གྱི་རྒྱུད་ལ་ཡོད་པའི་ཤེས་པ་དེ་ལྟ་བུར་གྱུར་པའི་དོན་གསལ་བར་འགྱུར་བ་ནི་དེ་ལྟ་བུར་གྱུར་པའི་དོན་མེད་པའི་ཕྱིར་ལོག་པའི་ཤེས་པ་ཉིད་ཡིན་གྱི། བཅོམ་ལྡན་འདས་ཀྱི་མཁྱེན་པ་ནི་མ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་ཤེས་པ་ཡོད་པར་མི་འགལ་བའི་ཕྱིར་

དང་། དེ་ཡང་དེའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལོག་པའི་ཤེས་པ་བདག་རིག་པ་ལ་སོགས་པའི་ཤེས་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རིག་པ་མངོན་སུམ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་ཕྱིའི་དོན་ཁས་བླངས་པ་དང་འདྲ་བར་དོན་དམ་པར་ཡོད་པའི་གཞན་གྱི་

རྒྱུད་སྣང་བ་ཡིན་ན་གཉིས་སུ་མེད་པ་གཟིགས་པ་ཉིད་དུ་མི་འགྱུར་རོ་ཞེ་ན། ཇི་ལྟར་མི་འགྱུར་གང་གི་ཕྱིར་གཉི་ག་ལ་རང་དབང་བརྙེས་པས་ན་དོན་ཐམས་ཅད་གཟིགས་པ་ལ་ཡང་གནས་པས་ནི་ཐམས་ཅད་གཟིགས་པ་ཉིད་ཡིན་ལ་གཉིས་སུ་མེད་པའི་གཟིགས་པ་ལ་ཡང་གནས་པས་ནི་གཉིས་

སུ་མེད་པའི་གཟིགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་གཟུགས་བརྙན་གྱིས་ཤེས་བྱ་མཐའ་དག་ལ་སྤྱི་བོར་འཛིན་པ་ཞེས་བྱ་བ་ནས་བཟུང་སྟེ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་མངའ་བརྙེས་པ་ཞེས་བྱ་བས་བསྟོད་པ་ཡིན་ནོ། །དེ་ཇི་ལྟར་དམིགས་པ་མེད་པའི་ཐུགས་

རྗེར་བརྗོད་ཅེ་ན། རྒྱུ་དང་འབྲས་བུ་བཞིན་དུ་ཤེས་པ་དང་ཤེས་བྱ་དག་འབྲེལ་པ་མེད་པའི་ཕྱིར་རོ། །གཉི་ག་ཡང་རང་གི་མཐར་ཐུག་པའི་ཕྱིར་རྣམ་པར་རྟོག་པ་འབའ་ཞིག་གི་སྤྱོད་ཡུལ་དུ་གྱུར་པའི་ཤེས་པ་དང་ཤེས་བྱ་བཅོམ་ལྡན་འདས་ལ་མི་མངའ་བས་ན་གཞན་གྱི་སེམས་དམིགས་པ་མ་ཡིན་ལ་དེ་

เล่ม ๑๘๒ · หน้า 67b

ཤེས་པ་ཡང་འགལ་བ་ཡང་མ་ཡིན་ནོ། །ཇི་ལྟར་ཚད་མ་དང་བྱ་བ་ཕན་ཚུན་འབྲེལ་པར་མི་འཐད་པ་ཞེས་བྱ་བ་དེ་ལྟར་ཡང་རྗེས་སུ་དཔག་པ་ཚད་མ་ཉིད་ཡིན་པར་བསྟན་པར་བྱའོ། །གལ་ཏེ་སྙིང་རྗེ་གོམས་པའི་སྟོབས་ལས་སྐྱེས་པ་མ་ཡིན་ནམ། དེས་ན་འདིར་ཅི་ཞིག་གོམས་པར་བྱེད་སྙིང་

རྗེ་ཉིད་དམ་འོན་ཏེ་གཞན་ཉིད་གཞན་གོམས་པས་གཞན་སྐྱེ་བ་ཡང་ཡོད་པ་ཁོ་ན་སྟེ། བདག་མེད་པ་གོམས་པས་འདོད་ཆགས་དང་བྲལ་བར་འགྱུར་བ་བཞིན་ནོ་ཞེ་ན། དེ་དག་ཀྱང་ཞེས་སོ། །བྱམས་པ་དང་སྙིང་རྗེ་ལ་སོགས་པ་དག་ཀྱང་རིགས་མཐུན་པ་གོམས་པ་ལས་བྱུང་བ་ཡིན་

ཏེ། བྱམས་པ་ལ་སོགས་པའི་སེམས་ཡང་ནས་ཡང་དུ་བསྐྱེད་པ་ལས་བྱུང་བ་ཡིན་གྱི་འདོད་ཆགས་ལ་ལྟོས་པ་ཅན་ནི་མ་ཡིན་ནོ། །རང་གི་ངང་གིས་འཇུག་པ་ནི་མ་ཡིན་གྱི་འོན་ཀྱང་རྩོལ་བས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ནི་བདག་ཏུ་ལྟ་བ་ཡིན་ཏེ།

བདག་ཏུ་ཞེན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ལྟོས་པ་ཡིན་ན་ནི་འདོད་ཆགས་ལ་སོགས་པ་བཞིན་དུ་རང་གི་ངང་གིས་འཇུག་པའི་ཕྱིར་རིགས་མཐུན་པ་གོམས་པ་ལ་མི་ལྟོས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་འདོད་ཆགས་ལ་སོགས་པ་ཡང་སེམས་ཅན་དང་ཆོས་དང་

དམིགས་པ་མེད་པ་ཅན་དུ་ཅི་སྟེ་མི་འདོད། དེས་ན་དེ་དག་ཀྱང་སྙིང་རྗེ་ལ་སོགས་པ་ལྟར་འགྱུར་རོ། །འདི་ལྟར་འདོད་ཆགས་ཉིད་གོམས་པ་ལས་བདག་མེད་པར་འགྱུར་ལ། སྟོང་པ་ཉིད་གོམས་པས་ཀྱང་དེར་འགྱུར་བས་བདག་ཏུ་འཛིན་པ་དང་། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་

ཀྱང་འགྱུར་རོ་ཞེ་ན་མི་འགྱུར་ཞེས་བརྗོད་པ་ནི་འདོད་ཆགས་ལ་སོགས་པ་ནི་ཞེས་བྱ་བ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ནི་སྙིང་རྗེ་ལ་སོགས་པ་ལྟར་ཆོས་ལ་དམིགས་པའམ་དམིགས་པ་མེད་པ་མ་ཡིན་ཏེ་བདག་ལ་སོགས་པར་འཛིན་པ་ཕྱིན་ཅི་ལོག་མེད་ན་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་

རྒྱུན་གྱི་རང་བཞིན་ཚོར་བ་ལ་སོགས་པ་རྣམས་ལ་བདག་ཏུ་མཐོང་བ་མེད་པར་གང་གིས་དེ་བསྒྲུབ་པ་ཆགས་པར་འགྱུར་བའམ་དེ་དང་མི་མཐུན་པ་ལ་སྡང་བར་འགྱུར་བ་རང་གི་བདག་ཉིད་ལ་གནས་པའི་འབྲས་བུ་ཉེ་བར་སྤྱོད་པར་ཇི་ལྟར་འགྱུར། དེའི་འབྲས་བུ་སྤྱོད་པ་པོ་ཉིད་མེད་ན་ནི་ཡུལ་དེ་ལ་བཏང་

เล่ม ๑๘๒ · หน้า 68a

སྙོམས་ཉིད་ཀུན་དུ་སྤྱོད་པར་རིགས་ཀྱི་འདོད་ཆགས་ལ་སོགས་པ་ནི་མ་ཡིན་ནོ། །གལ་ཏེ་འདོད་ཆགས་དང་བྲལ་བས་དོན་ཐམས་ཅད་ལ་མི་སྡུག་པའི་འདུ་ཤེས་ཅན་བཏང་སྙོམས་འབའ་ཞིག་གི་ཆོས་ཅན་ཡིན་པའི་ཕྱིར་སྙིང་རྗེ་ཅན་ཡང་རྩོམ་པ་མེད་པ་ཉིད་མ་ཡིན་ནམ།

རྩོམ་ན་ནི་མི་སྡུག་པ་ལ་སོགས་པ་ལས་བཟློག་པར་ཐལ་བའི་ཕྱིར་དང་། དེ་ཡང་དེ་ལ་མེད་པའི་ཕྱིར་དང་། ཇི་སྐད་དུ། བླང་དང་དོར་བ་བཅོམ་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ཡིན་ནོ་ཞེ་ན། གལ་ཏེ་སྙིང་རྗེ་ཅན་གྱི་ཞེས་བྱ་བས་དོགས་པ་དེ་བསུ་ནས་མ་ཡིན་ནོ་ཞེས་

བྱ་བ་ལ་སོགས་པས་ལན་འདེབས་སོ། །འདི་སྐད་བརྗོད་པ་ཡིན་ཏེ་འདོད་ཆགས་དང་བྲལ་བའི་ཕྱིར་བཅོམ་ལྡན་འདས་རང་གི་དོན་ལ་བཏང་སྙོམས་པ་ཡིན་གྱི། གཞན་གྱི་དོན་ལ་ནི་མ་ཡིན་ཏེ། ཐུགས་རྗེ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་ནི་བླང་བར་བྱ་བ་འགའ་ཡང་མི་མངའོ། །རེ་ཞིག་

ཆོས་ནི་མ་ཡིན་ཏེ། བཏང་སྙོམས་དོན་དམ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །སེམས་ཅན་མ་ཡིན་ཏེ་དེ་དག་ཀྱང་སྤང་བྱ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་དག་ཀྱང་རང་གི་བདག་ཉིད་ཀྱི་མཐར་ཐུག་པའི་དངོས་པོ་མཐའ་དག་ལ་བཏང་སྙོམས་སྐྱེད་པའི་ཕྱིར་རྩོལ་བ་ཡིན་ནོ། །དེ་དག་ལ་

ཕན་པ་ཡང་དེ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྙིང་རྗེ་ཆགས་པའི་རང་བཞིན་མ་ཡིན་པའི་ཕྱིར་དང་། དེ་ཉིད་འབྲས་བུ་ཡིན་པའི་ཕྱིར་བཏང་སྙོམས་པ་འབྲས་བུ་ལ་མི་ལྟོས་པའི་ཕྱིར་འབྲས་བུ་མེད་པའི་རྩོམ་པ་འདོར་བ་ཡོད་པ་མ་ཡིན་པ་ཉིད་དོ། །གཞན་གྱི་དོན་འབྲས་བུ་མ་ཡིན་པ་ཡང་

མ་ཡིན་ཏེ་འབྲས་བུའི་མཚན་ཉིད་ནི་འདོད་པ་ཡིན་པའི་ཕྱིར་རོ། །གང་ལ་འདོད་པ་ཡོད་པ་དེ་ནི་འབྲས་བུ་ཡིན་ནོ་ཞེས་འབྲས་བུ་འདོད་པས་མཚོན་པ་ཡིན་ན་དེ་ལྟ་ན་ཡང་བརྗོད་པར་འདོད་པ་དང་། དགོས་པ་འདོད་པ་དང་། རྩོམ་པ་ཡང་རུང་སྟེ་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་ཡང་དག་པ་མ་

ཡིན་པའི་སྒྲོ་འདོགས་པ་འགའ་ཡང་གྲུབ་པ་མེད་པའི་ཕྱིར་སྨྲ་བ་ནི་ཉེས་པ་མེད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ཡིན་ནོ། །ཉེས་པ་ནི་ཉོན་མོངས་པ་སྟེ། ཉེས་པར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་དེ་ལྟར་རྣམ་པ་འགས་ཀྱང་ཉེས་པ་དང་འབྲེལ་པ་མ་ཡིན་ནོ། །

เล่ม ๑๘๒ · หน้า 68b

དེ་ལས་གཞན་པས་ཞེས་བྱ་བ་ནི་གལ་ཏེ་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པ་ལས་གཞན་བརྗོད་པར་འདོད་པ་ཉིད་ལ་སོགས་པ་ཉེས་པ་དང་ལྡན་པ་ཉིད་དུ་བརྗོད་ན་ནི་དེས་ན་མི་འདོད་པ་ཅུང་ཟད་མེད་དོ། །ཉེས་པར་བྱེད་པའི་རང་བཞིན་མ་ཡིན་པ་ཡང་སྲིད་པ་འཕེན་པའི་ནུས་པས་སྟོང་པས་ཉེས་

པ་དང་ལྡན་པ་ཉིད་དུ་བསྒྲུབས་ན་ནི་མི་འདོད་པ་ཅུང་ཟད་ཀྱང་མེད་དོ། །ཉེས་པ་མ་ཡིན་པ་ལ་ཡང་ཉེས་པའོ་ཞེས་མིང་དུ་འདོགས་པ་ཉེས་པ་ཅན་དུ་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེའི་ཕྱིར་དེ་ལྟར་ཚད་མ་གཞན་གྱིས་བརྗོད་པར་འདོད་པ་ཉིད་ཁྱད་པར་གྱི་མཐར་ཐུག་པ་

ཡིན་པར་བསྒྲུབ་པ་གསལ་བ་ཡིན་ནོ། །ད་ནི་རྒྱུ་དང་འབྲས་བུས་དངོས་པོ་ལ་བརྟེན་ནས་བརྗོད་པར་འདོད་པ་ཙམ་རྒྱུ་ཡིན་པར་གྲུབ་པའི་ཕྱིར་ཚིག་ལས་འདོད་ཆགས་རྗེས་སུ་དཔོག་པ་མི་འཐད་པ་ཞེས་བྱ་བ་ཡིན་མོད། སྨྲ་བ་པོ་ལ་འདོད་ཆགས་མཐོང་བས་ཁྱབ་པའི་ཕྱིར་རྒྱུ་དང་འབྲས་

བུ་སྤངས་ཏེ་ཚིག་ལས་འདོད་ཆགས་རྗེས་སུ་དཔོག་གོ་ཞེས་གཞན་འདོད་པའི་དོགས་པ་བསུ་ནས་ལན་འདེབས་པ་ནི་སྨྲ་བ་པོ་བདག་ལ་ཞེས་བྱ་བ་ཡིན་ནོ། །གང་གི་ཕྱིར་སྨྲ་བ་པོ་བདག་ལ་འདོད་ཆགས་ལ་སོགས་པ་མཐོང་བ་དེའི་ཕྱིར་ཚིག་ཡོད་ན་འདོད་ཆགས་ལ་སོགས་པ་ཡོད་པས་

གཞན་ལ་ཚིག་མཐོང་བས་འདོད་ཆགས་ལ་སོགས་པ་རྗེས་སུ་དཔོག་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །སྔོ་བསངས་ཉིད་ལ་སོགས་པ་བདག་ཉིད་ལ་ཚིག་ཡོད་ན་མཐོང་ཞིང་སེམས་མེད་པ་དག་ལ་ཚིག་མེད་ན་མ་མཐོང་བའི་ཆོས་མཐའ་དག་སྨྲ་བ་པོ་མཐའ་དག་ལ་རྗེས་སུ་དཔོག་པར་

འགྱུར་རོ། །འཁྲུལ་པའི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་ཚིག་ལས་གཞན་རྗེས་སུ་མི་དཔོགས་ཏེ་གང་གི་ཕྱིར་དེ་དེ་ལ་འཁྲུལ་པ་ཡིན་པའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ནི་ལན་འདེབས་པའོ། །རིགས་པ་མཚུངས་པ་ལས་གལ་ཏེ་དེར་འཁྲུལ་ན་འདི་ལ་དེ་མེད་དོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད།

འོན་ཏེ་ཆོས་གཞན་རྗེས་སུ་དཔོག་པ་ལ་ནི་འཁྲུལ་པ་མཐོང་ལ་འདི་ལ་ནི་མ་མཐོང་ངོ་ཞེས་བརྗོད་ན། དེ་ཡང་མི་འཐད་དེ། མ་མཐོང་ཡང་ཐེ་ཚོམ་མི་ལྡོག་པས་ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་དུ་འགྱུར་གྱི་ཐུན་མོང་ཉིད་ནི་མ་ཡིན་ནོ། །ངེས་པ་མེད་པ་ཉིད་བསྟན་པར་བྱ་བའི་ཕྱིར་ཚིག་གིས་

เล่ม ๑๘๒ · หน้า 69a

ནི་ཞེས་སྨོས་སོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། ཚིག་གིས་བྱེད་པའི་ཡོན་ཏན་བྱ་བ་ལས་སུ་རུང་བ་དང་། བརྗོད་པར་འདོད་པ་ཉིད་དག་རྗེས་སུ་དཔོག་པར་བྱེད་དོ། །རྒྱུ་དང་འབྲས་བུའི་དངོས་པོའི་ཕྱིར་དེར་མི་འཁྲུལ་པ་ཡོད་པའི་ཕྱིར་རོ། །འདོད་ཆགས་

ལ་ནི་དེ་ལས་བཟློག་པའི་ཕྱིར་མི་འཁྲུལ་པར་ངེས་པ་མེད་དོ། །གལ་ཏེ་གང་ལ་བརྗོད་པར་འདོད་པ་ཉིད་སྤྱིར་རྗེས་སུ་དཔོག་པར་འགྱུར་བ་ཤེས་པར་འདོད་པ་རྗེས་སུ་དཔག་པར་བྱ་བ་ཡིན་ན་ཡང་འདིའི་རང་བཞིན་འདི་འདོད་ཆགས་ལ་སོགས་པའི་ཐུན་མོང་བ་རྗེས་སུ་དཔག་པར་བྱ་བ་མ་

ཡིན་ནམ། གལ་ཏེ་འདོད་ཆགས་མེད་ཀྱང་ཁྱད་པར་གཞན་དང་ལྡན་པའི་བརྗོད་པར་འདོད་པའི་ཚིག་གི་རྒྱུ་དམིགས་ན་དེའི་ཕྱིར་འདིར་འགྱུར་བ་ཡིན་ནོ། །དེས་ན་གལ་ཏེ་ཡང་འདོད་ཆགས་ལ་སོགས་པས་སྟོང་པའི་སེམས་ཀྱི་གནས་སྐབས་ཀྱིས་བསྐྱེད་པའི་ཚིག་ཡོད་པ་དེ་ལྟ་ན་

ཡང་དེ་ཙམ་གྱི་སེམས་འདོད་ཆགས་དང་བྲལ་བ་ནི་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་མ་སྐྱེས་ཀྱང་སྐྱེ་བོའི་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཅན་དུ་ཁས་བླངས་པའི་ཕྱིར་རོ། །དེས་ན་དེ་ནི་ཉོན་མོངས་པ་སྐྱེད་པར་རུང་བ་ཉིད་ཀྱིས་ཉོན་མོངས་པ་ཅན་དུ་བརྗོད་དོ། །དེས་ན་ཇི་

ལྟར་བརྗོད་པར་འདོད་པ་ཙམ་རྒྱུ་ཡིན་ཏེ་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱི་གནས་སྐབས་མ་དམིགས་པའི་ཕྱིར་རོ་ཞེ་ན། འདོད་ཆགས་སྐྱེད་པར་རུང་བ་ཉིད་དང་བྲལ་བ་ལ་ཞེས་སྨོས་སོ། །ཚིག་ནི་མཐོང་ན་འདོད་ཆགས་སྐྱེད་པར་རུང་བ་ཉིད་དང་བྲལ་བ་ལ་ནི་མ་ཡིན་ཏེ། དེས་

ན་ཚིག་འདོད་ཆགས་སྐྱེད་པར་རུང་བ་ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་བརྗོད་དོ། །དེས་ན་ཚིག་ལས་འདོད་ཆགས་རྗེས་སུ་དཔོག་ན་ཧ་ཅང་ཐལ་བར་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་དོན་ཇི་སྙེད་ཉེ་བར་གནས་པ་ན་འབྲས་བུ་སྔར་མེད་པ་དམིགས་

པ་དེ་སྙེད་རྒྱུ་ཡིན་པར་བརྗོད་ན། སྔོ་བསངས་ལ་སོགས་པ་ཡང་རྒྱུ་ཡིན་པའི་ཕྱིར་ཉོན་མོངས་པ་བཞིན་དུ་སྔོ་བསངས་ལ་སོགས་པ་ཡང་སྨྲ་བ་པོ་ལ་རྗེས་སུ་དཔོག་ལ་རག་ན། འོན་ཀྱང་དུ་བ་ལ་ཡང་ཡུལ་དེ་ན་ཉེ་བར་གནས་པ་གཅིག་ལ་སོགས་པ་རྒྱུ་ཡིན་པར་འགྱུར་རོ། །འོ་ན་

เล่ม ๑๘๒ · หน้า 69b

ཏེ་དེ་ལས་གཅིག་མེད་ན་ཡང་མ་དམིགས་པ་ཞེས་བྱ་བའི་ཚུལ་འདིས་རྒྱུ་དེ་ཙམ་ཉིད་ཡིན་པར་ངེས་པར་བྱ་བའི་ཕྱིར་ཡང་ལྡོག་པ་ཚོལ་བ་ཡིན་ནོ་ཞེ་ན། རུང་བ་ཉིད་དང་ལྡོག་པ་མ་གྲུབ་སྟེ་རྡོ་བ་ལ་སོགས་པ་དག་ལ་རུང་བ་བཞིན་དུ་སེམས་ཀྱང་མེད་པའི་ཕྱིར་རོ། །གལ་ཏེ་སེམས་ཡོད་ཀྱང་རུང་

བ་མེད་ན་ཚིག་མེད་པར་གྲུབ་ན་དེའི་ཕྱིར་དེར་འགྱུར་བ་ཡིན་ཏེ། དཔེར་ན་བུད་ཤིང་མེད་ན་ཤིང་ཡོད་ཀྱང་དུ་བ་མེད་པའི་ཕྱིར་བུད་ཤིང་དང་བཅས་པའི་མེ་རྒྱུ་ཡིན་པར་རྟོགས་པ་བཞིན་ནོ། །དེས་ན་གལ་ཏེ་ལྡོག་པ་ཚོལ་ན་འདི་རྗེས་སུ་དཔག་པ་མ་ཡིན་ནོ། །འོན་ཏེ་སྔ་མ་བཞིན་དུ་ཡོད་པ་

ཙམ་ལ་རྟོགས་ན་ནི་དེས་ན་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་འདིར་ནི་ཧ་ཅང་ཐལ་བར་འགྱུར་བར་བརྗོད་ལ། རྣམ་པར་ངེས་པ་ནི་རྒྱུ་ཉིད་མ་གྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་ཁྱད་པར་རོ། །དེར་རུང་བ་དང་བྲལ་བའི་སེམས་ཀྱི་གནས་སྐབས་མ་དམིགས་པར་བརྗོད་པར་འདོད་པ་ཙམ་རྒྱུ་ཡིན་

པར་ཡང་ཇི་ལྟར་རྟོགས་ཤེ་ན། འདོད་ཆགས་ཀྱིས་ཞེས་སྨོས་སོ། །རུང་བ་ཉིད་རྒྱུ་ཡིན་ནོ་ཞེས་སྨྲ་བ་ནི་ཚིག་ཉོན་མོངས་པ་ཅན་གྱི་སེམས་ཀྱི་རྒྱུན་ཅན་ཡིན་ནོ་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་སེམས་མ་གཏོགས་པར་རུང་བ་ཉིད་ཅེས་བྱ་བ་གཞན་ནི་འགའ་ཡང་

མེད་དོ། །སེམས་ནི་ཉོན་མོངས་པ་རྣམ་པ་གཉིས་ཀྱིས་ཉོན་མོངས་པ་ཡིན་ཏེ། བག་ལ་ཉལ་དང་ཀུན་ནས་ལྡང་བས་སོ། །དེ་ལ་མ་སད་པའི་ཉོན་མོངས་པ་ནི་བག་ལ་ཉལ་ཡིན་ལ་སད་པའི་ནི་ཀུན་ནས་ལྡང་བ་ཡིན་ནོ་ཞེས་བྱ་བར་ཁས་བླངས་པའི་ཕྱིར་རུང་བ་ཉིད་ནི་བག་ལ་ཉལ་གྱི་

དངོས་པོ་ལ་བརྗོད་དོ། །དེ་སྐྱེས་ན་ནི་དེ་ཀུན་ནས་ལྡང་བ་ཡིན་ནོ། །དེས་ན་གལ་ཏེ་འདིར་འདོད་ཆགས་ཉིད་ཀྱིས་ཕན་འདོགས་པར་གྲུབ་ན་དེའི་ཚེ་རྣམ་པ་གཉིས་ཀྱིས་ཉེ་བར་སྦྱོར་བ་ཡིན་པར་འགྱུར་བ་ན། དེས་ན་ཕན་འདོགས་པ་ཉིད་ནི་བཀག་པ་ཡིན་ཏེ། གཉེན་པོ་བསྒོམས་པས་

སེམས་ཀྱི་རྒྱུན་ཉོན་མོངས་པ་མེད་པར་བྱས་ཀྱང་སྙིང་རྗེས་ཀྱང་འཇུག་པའི་ཕྱིར་རོ། །བྱེད་པ་ངེས་པར་སྦྱོར་བ་ན་འདོད་པ་ལ་བརྟེན་པ་ཡིན་ནོ། །དེས་ན་འདོད་ཆགས་མེད་ཀྱང་སྙིང་རྗེ་ཅན་གྱི་འདོད་པ་ལ་ནི་འགལ་བ་མེད་དོ། །དེས་ན་ཉོན་མོངས་པས་ཕན་མི་འདོགས་ན་ཉོན་མོངས་པའི་

เล่ม ๑๘๒ · หน้า 70a

ནུས་པས་ཕན་འདོགས་པ་མ་ཡིན་ནོ། །གལ་ཏེ་ནུས་པ་ལས་ཉོན་མོངས་པ་གཞན་ཉིད་མ་ཡིན་ནམ། དེ་ཇི་ལྟར་ཉོན་མོངས་པ་ནུས་པའི་ཕྱིར་ནུས་པ་ནུས་པར་བརྗོད་ཅེ་ན། ནུས་པས་ཕན་འདོགས་ན་ནི་ཞེས་སྨོས་སོ། །གལ་ཏེ་ནུས་པ་ཉེ་བར་སྦྱོར་བ་ཡིན་ན་

ནི་འདོད་ཆགས་ཉིད་ཀྱིས་ཉེ་བར་སྦྱོར་བར་འགྱུར་བ་ཞིག་ན། འདོད་ཆགས་ནི་ཉེ་བར་སྦྱོར་བ་མ་ཡིན་པ་དེས་ན་ནུས་པས་ཕན་འདོགས་པ་ཉིད་མ་ཡིན་ནོ། །གལ་ཏེ་ནུས་པ་རང་གི་ངོ་བོས་ཕན་འདོགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ་སྙིང་རྗེས་ཀྱང་འཇུག་པར་བརྗོད་པའི་

ཕྱིར་རོ། །འོ་ན་ཅིའི་ཕྱིར་འདི་ཉེ་བར་བཀོད་ཅེ་ན་འདོད་ཆགས་ཀྱིས་ཕན་འདོགས་པ་ཡོད་པའི་རྒྱུ་ཁྱད་པར་མེད་པར་བསྟན་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདོད་ཆགས་མེད་ཀྱང་འདོད་ཆགས་དང་ལྡན་པའི་ཐ་སྙད་དུ་གྲུབ་པ་དེས་ན། གནས་སྐབས་དེ་ཉིད་བག་ལ་ཉལ་ཡིན་གྱི།

མ་སད་པའི་དོན་གཞན་ནི་འགའ་ཡང་མེད་དོ་ཞེས་བསྒྲུབས་པ་ཡིན་ནོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་མཇུག་སྡུད་པའོ། །གལ་ཏེ་ཡང་འབྲས་བུ་མེད་ན་མི་འབྱུང་བ་མ་ཡིན་པ་མི་སྲིད་པ་དེ་ལྟ་ན་ཡང་འབྲས་བུའི་སྤྱི་རྒྱུའི་ཁྱད་པར་དག་དང་མེད་ན་མི་འབྱུང་བ་མ་ཡིན་པའི་ཕྱིར་རོ། །

ཁྱད་པར་དེ་དག་རྒྱུ་ཡིན་ནོ་ཞེས་དེ་ལ་ལྟོས་ནས་འབྲས་བུ་ཉིད་དུ་བརྗོད་པ་ཡིན་ན་ཁྱད་པར་མེད་ན་མི་འབྱུང་བ་ནི་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེས་ན་མེད་ན་མི་འབྱུང་བ་ཁོ་ནས་རྒྱུ་རྗེས་སུ་དཔོག་པར་བྱེད་ཀྱི། མེད་ན་མི་འབྱུང་བ་མ་ཡིན་པས་ནི་མ་ཡིན་ཏེ་ཚིག་གི་འདོད་

ཆགས་བཞིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ་ཞེས་སྨོས་སོ། །འདི་གང་མེད་ན་མི་འབྱུང་བ་དེ་ཉིད་ལ་འབྲེལ་པ་ཡིན་ཏེ། འབྲས་བུའི་སྤྱི་རྒྱུའི་སྤྱི་ཉིད་ལ་བཞིན་ནོ། །ཁྱད་པར་ལ་ནི་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེ་བཤད་པ་ནི་གཞན་

ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཁྱད་པར་དང་མེད་ན་མི་འབྱུང་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་གཏན་ཚིགས་ཚུལ་གསུམ་པར་བརྗོད་པ་མ་ཡིན་ནམ་ཚུལ་གསུམ་པོ་དེ་ཡང་ཚད་མས་གྲུབ་པར་འགྱུར་བ་ཡིན་ཏེ། གཞལ་

เล่ม ๑๘๒ · หน้า 70b

བྱ་གྲུབ་པ་ནི་ཚད་མ་ལ་རག་ལས་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཚུལ་རྣམས་ལ་ནི་མཐར་ཡང་མངོན་སུམ་གདོན་མི་ཟ་བར་ཚད་མར་འགྱུར་བ་ཡིན་ཏེ། གཞན་དུ་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་ཚིག་གི་མཚན་ཉིད་ཀྱི་གཏན་ཚིགས་ཀྱི་ཁྱབ་པ་མངོན་སུམ་ཉིད་ཀྱིས་

རྟོགས་པས་ན་ཇི་ལྟར་གཏན་ཚིགས་མ་ཡིན་པ་ཉིད་ཡིན། དེ་ལྟར་ཡང་བདག་རང་ཉིད་ལ་ཚིག་དོན་ཡོད་ན་འདོད་ཆགས་དམིགས་ལ་སེམས་མེད་པ་དག་ལ་འདོད་ཆགས་མེད་ན་ཚིག་མེད་པ་ཡིན་ནོ། །ཇི་སྟེ་དེ་ལྟ་ན་ཧ་ཅང་ཐལ་བར་བརྗོད་ན་དེ་ནི་དུ་བ་ལས་མེ་རྗེས་སུ་དཔོག་པ་ལ་

ཡང་ཧ་ཅང་ཐལ་བར་ཇི་ལྟར་མི་འགྱུར་ཚང་བང་གི་ཆོས་རྣམས་རི་ལ་ཡང་འགྱུར་བའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་པའམ། ཡང་ན་སྨྲ་བ་པོ་འདོད་ཆགས་ཅན་དུ་ཐལ་བ་ཡང་སྤང་དཀའོ་ཞེས་བྱ་བའི་དོགས་པ་བསུ་ནས་ཁྱབ་པ་མངོན་སུམ་གྱིས་གྲུབ་ཀྱང་གཏན་

ཚིགས་ཉིད་མ་ཡིན་པར་བརྗོད་པ་ནི། མི་མཐུན་པའི་ཕྱོགས་ལ་མ་མཐོང་ཡང་མ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་ཡང་འདི་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་མཐོང་བ་ཡིན་པ་དེ་ལྟ་ན་ཡང་ཚིག་ནི་བརྗོད་པར་འདོད་པ་ཙམ་གྱི་རྒྱུ་ཅན་ཡིན་པའི་ཕྱིར་དེ་ཡལ་བར་དོར་ནས་མ་མཐོང་བས་

གྲུབ་པའི་ལྡོག་པ་ལ་བརྟེན་ཏེ་བརྗོད་པར་འདོད་པའི་ཁྱད་པར་རྗེས་སུ་དཔོག་པར་བྱེད་པར་མི་ནུས་སོ། །ཇི་ལྟར་མི་ནུས་གང་གི་ཕྱིར་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་མེད་པ་ནི་ལྡོག་པ་ཡིན་ལ། དེ་ཡང་མ་མཐོང་བའི་མཚན་ཉིད་ཀྱི་ཚད་མས་གྲུབ་པ་ཡིན་ནོ་ཞེ་ན་ཐམས་ཅད་གཟིགས་པའི་

ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ་གལ་ཏེ་མ་མཐོང་བས་མི་མཐུན་པའི་ཕྱོགས་ལ་མེད་པ་རྟོགས་པར་བྱེད་ན་སུ་ཞིག་དེ་ལ་མ་མཐོང་ཡང་གཏན་ཚིགས་ཉིད་ཡིན་པ་སྤོང་། དེ་ལྟར་ནི་མ་ཡིན་ཏེ། གང་གི་ཕྱིར་གང་འགའ་ཞིག་ལ་བསྒྲུབ་པར་བྱ་བ་མེད་པ་དེ་མཐའ་དག་མི་མཐུན་པའི་

ཕྱོགས་ཡིན་པ་ལ་དེ་མེད་པའི་ཆོས་ཅན་ངེས་པ་འགའ་ཞིག་ནི་ཡིན་པར་མི་འཐད་དོ། །དེ་ལ་ཡང་ཐམས་ཅད་ཉིད་ལ་མེད་པར་རྟོགས་པར་བྱ་བ་ཡིན་གྱི་འགའ་ཞིག་ཁོ་ན་ལ་ནི་མ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་མེད་པ་དང་ལྡན་པ་མཐའ་དག་པ་ཉིད་མི་མཐུན་པའི་ཕྱོགས་ཡིན་པར་མ་

เล่ม ๑๘๒ · หน้า 71a

གྱུར་རམ། དེ་ལ་གཏན་ཚིགས་མེད་པར་ངེས་པར་བྱ་བ་མ་ཡིན་ན། དེའི་ཚེ་ལ་ལར་མེད་པ་གྲུབ་ཀྱང་ཐམས་ཅད་ལ་དེ་མེད་པར་ཐེ་ཚོམ་ཟ་བས་ན་ཡུལ་ལ་སོགས་པས་ཆོད་པའི་ཆོས་ཅན་སྔར་མ་མྱོང་བ་བཞིན་དུ་བསྒྲུབ་བྱ་ཡོད་པ་དང་མེད་པར་མ་མཐོང་བ་ཉམས་སུ་

མྱོང་བའི་ཆོས་ཅན་དག་ལ་ཡང་དེ་མེད་ན་གཏན་ཚིགས་མེད་པར་ཐེ་ཚོམ་ཟ་བར་འགྱུར་བ་ཁོ་ནའོ། །དེས་ན་མེ་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ལ་དུ་བ་དམིགས་པ་ན་འདིར་མེ་མེད་ཀྱང་ཡོད་དམ་ཡོད་པ་ན་ཡོད་པ་ཡིན་ཞེས་ཐེ་ཚོམ་མི་ཟ་ཞེས་སུ་སྨྲ་མཐུན་

པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་མཐོང་བ་དང་མ་མཐོང་བས་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཐེ་ཚོམ་ཟ་བའི་བསྒྲུབ་བྱ་ངེས་པར་བྱེད་དོ་ཞེ་ན། ཇི་ལྟར་བྱེད་གང་གི་ཕྱིར་དེ་ལྟར་བསྒྲུབ་བྱ་མེད་ན་མེད་པ་ཉིད་ཀྱིས་བསྒྲུབ་བྱའི་ཆོས་ཅན་ལ་ཡང་མེད་པར་འགྱུར་རོ་ཞེས་ངེས་པར་མི་

ནུས་སོ། །ཆོས་ཅན་གཞན་ལ་འདི་བསྒྲུབ་བྱ་མེད་ན་མེད་པར་འཛིན་པའི་ཚད་མ་གང་ཡིན་པ་དེ་ཉིད་ཀྱིས་དེ་གཞན་དུ་ཡང་དེ་ལྟ་ཡིན་པར་འཛིན་པ་ནི་མ་ཡིན་ཏེ། ཚད་མ་རྣམས་ནི་ཡུལ་ངེས་པ་ཅན་ཡིན་པའི་ཕྱིར་རོ། །གང་ལ་དེ་དག་ཞུགས་པ་དེ་ཉིད་དུ་དེ་ལྟར་ངེས་པར་བྱེད་པ་ཡིན་ནོ། །ཞུགས་

པ་དེས་གཞན་དུ་དེ་ལྟར་རྣམ་པར་འཇོག་པར་བྱེད་པར་མི་འཐད་དོ། །དུ་བ་འམ་ཆོས་ཅན་གཅིག་ཏུ་ཇི་ལྟ་བ་དེ་བཞིན་དུ་གཞན་དུ་ཡང་ཡིན་ནོ་ཞེས་ནི་ངེས་པར་ནུས་པ་མ་ཡིན་ནོ། །དེ་ལ་གནས་པ་དེ་ལྟ་བུའི་རང་བཞིན་གྱི་ཁྱད་པར་འགའ་ཞིག་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་དུ་བསྒྲུབ་

པར་བྱ་བ་མེད་ན་མེད་དོ་ཞེས་ངེས་ན་དུ་བ་མི་དམིགས་པ་ལས་མེ་ངེས་པར་ནུས་པ་ཡིན་ནོ། །དེའི་ཕྱིར་གང་ལ་ལར་བསྒྲུབ་པར་བྱ་བ་མེད་པ་དེ་མཐའ་དག་མི་མཐུན་པའི་ཕྱོགས་ཡིན་ལ་དེ་ལ་མེད་པར་ངེས་པར་བྱ་བ་ཡང་ཡིན་ནོ། །ཐམས་ཅད་གཟིགས་པ་མ་ཡིན་པའི་མཐོང་བ་ལོག་པས་ནི་མི་མཐུན་པའི་

ཕྱོགས་ཐམས་ཅད་ལ་མེད་པ་གོ་བར་བྱེད་པ་མ་ཡིན་གྱི་འོན་ཀྱང་ཐམས་ཅད་གཟིགས་པ་ཉིད་ཀྱིའོ། །ཚུ་རོལ་མཐོང་བས་ནི་ཡུལ་དང་དུས་ཀྱིས་ཆོད་པའི་ཆོས་ཅན་བསྒྲུབ་བྱས་སྟོང་པ་རྟོགས་པའི་སྤྱོད་ཡུལ་དུ་བྱེད་པར་ནུས་པ་མ་ཡིན་ནོ། །དེས་ན་ཇི་ལྟར་དེ་དག་ལ་གཏན་ཚིགས་མེད་པར་ངེས་

เล่ม ๑๘๒ · หน้า 71b

པར་བྱེད། ཇི་ལྟར་གཅིག་ལ་ཡོད་པ་དེ་བཞིན་དུ་འདི་ཐམས་ཅད་དུ་ཡོད་པར་ནི་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། ལ་ལ་ན་ཞེས་སྨོས་སོ། །དེ་ལྟར་རང་བཞིན་འགའ་ཞིག་གིས་མཐོང་བ་རྣམས་ཀྱང་ཡུལ་ལ་སོགས་པའི་ཁྱད་པར་ལས་གཞན་དུ་སྣང་བའི་ཕྱིར་ཏེ། དཔེར་ན་འབྲས་བུ་

སྐྱུར་པོ་ཅན་སྐྱུ་རུ་རའི་ཤིང་དག་ཀྱང་འདུ་བྱེད་པའི་ཁྱད་པར་ལས་འབྲས་བུ་མངར་པོ་ཆགས་པར་འགྱུར་ལ། ལན་མང་དུ་དེ་ལྟར་མ་མཐོང་ཡང་ཡིན་པ་བཞིན་ནོ། །གལ་ཏེ་འགའ་ཞིག་ཏུ་དེ་ལྟར་མཐོང་བ་ནི་རྣམ་པ་དེར་ངེས་པ་མ་ཡིན་ནམ་དུ་བ་དུ་བའི་རྣམ་པར་ངེས་པ་བཞིན་ནོ་ཞེ་ན། རང་

བཞིན་ངེས་པ་མེད་པར་ནི་སུ་ཡང་མི་སྨྲའོ། །བསྒྲུབ་བྱ་མེད་ན་དུ་བ་མེད་པ་ནི་དུ་བ་ཉིད་བཞིན་དུ་རང་བཞིན་མ་ཡིན་ནོ། །དུ་བའི་རང་བཞིན་དེ་མེད་ན་མེད་པའི་ཆོས་ཉིད་མཐོང་བས་ངེས་པར་བྱས་པ་ཡིན་ནོ་ཞེ་ན། དེ་མེད་ན་མེད་པ་ཙམ་ལས་ནི་མེད་པའི་ཆོས་རང་བཞིན་ཡིན་པར་ནི་མི་འགྱུར་ཏེ། བུམ་

པ་ལ་སོགས་པ་མེད་པ་འགའ་ཞིག་ཏུ་ཡང་ལན་དུ་མར་ཡང་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འབྲེལ་པ་ཁས་བླང་བར་བྱ་བ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །དེ་བས་ན་འབྲེལ་པ་བཞག་ནས་མ་མཐོང་བས་གྲུབ་པའི་ཁྱབ་པ་ལ་ཚིག་གིས་འདོད་ཆགས་དཔོག་པར་བྱེད་ནུས་པ་ནི་མ་ཡིན་ནོ། །

དེས་ན་ཞེས་བྱ་བ་ནི་གཏན་ཚིགས་དེས་ནའོ། །འདི་སྐད་དུ་བདག་ལྟ་བུའི་སྨྲ་བ་པོ་ནི་འདོད་ཆགས་ཅན་ཡིན་ནོ་ཞེས་བརྗོད་པར་རིགས་པར་འགྱུར་ཏེ། བདག་ལྟ་བུ་ཡིན་པའི་ཕྱིར་ཆོས་ཅན་སྨྲ་བ་པོ་ལ་འདོད་ཆགས་བསྒྲུབ་པར་བྱ་བ་དེས་ན་དེ་ལྟར་འཐད་པ་ཡིན་ནོ། །ཇི་སྐད་བཤད་པའི་རྣམ་

པ་ཅན་གྱི་འདོད་ཆགས་ལ་བདག་ལྟ་བུ་ཉིད་འབྲེལ་པའི་ཕྱིར་རོ། །འབྲེལ་པ་ཉིད་སྟོན་པ་ནི་འདོད་ཆགས་སྐྱེ་བའི་རྐྱེན་གྱི་ཁྱད་པར་ཞེས་བྱ་བའོ། །བདག་ཏུ་ལྟ་བའི་མཚན་ཉིད་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལོག་པའི་ཤེས་པ་ཡིན་ལ། དེ་ཡང་འདོད་ཆགས་སྐྱེ་བའི་རྐྱེན་ཁྱད་པར་

ཅན་ཡིན་ནོ། །རྐྱེན་གཞན་ཡོད་ཀྱང་འདི་རྒྱུ་ཁྱད་པར་ཅན་ཡིན་ཏེ་གཞན་རྣམས་འདིའི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་དང་ལྡན་པའི་ཕྱིར་ཏེ། གཏན་ཚིགས་དེའི་ཕྱིར་ན་བདག་དང་འདྲ་བ་ཉིད་ཀྱིས་ཚུལ་བཞིན་མ་ཡིན་པ་དང་ལྡན་པ་ནི། འདོད་ཆགས་ཅན་ཡིན་ནོ། །བདག་ལྟ་བུ་ཉིད་ནི་ཚུལ་བཞིན་མ་

เล่ม ๑๘๒ · หน้า 72a

ཡིན་པ་ཡིད་ལ་བྱེད་པའི་བདག་ཉིད་ཅན་ཡིན་པ་དེས་ན་འདོད་ཆགས་དང་ལྷན་ཅིག་དེའི་བདག་ཉིད་དུ་བསྒྲུབ་པོ། །དེའི་ཚེ་ཡང་སྨྲ་བ་དཔེར་བརྗོད་པ་ནི་དོན་མེད་དེ། སྨྲ་བ་པོ་སྨོས་པ་ནི་དོན་དང་མི་ལྡན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། བདག་ལྟ་བུ་གང་ཡིན་པ་དེ་འདོད་ཆགས་

ཅན་ཡིན་ནོ་ཞེས་བྱ་བ་ཉིད་ཀྱིས་བསྒྲུབ་པའི་ཕྱིར་རོ། །དེས་ན་དེ་ལྟར་ལུས་དང་ཚིག་དག་གཏན་ཚིགས་རྣམ་པ་གསུམ་ལས་གཞན་ཡིན་པ་ན་འབྲེལ་པ་དང་མི་ལྡན་པའི་ཕྱིར་གཏན་ཚིགས་ལྟར་སྣང་བ་ཉིད་དུ་བསྒྲུབས་ནས། དེའི་ཕྱིར་ཞེས་མཇུག་སྡུད་པར་བྱེད་དོ། །མི་མཐུན་པའི་ཕྱོགས་ལ་མ་

མཐོང་བ་གང་ཡིན་པ་དེ་གཏན་ཚིགས་མ་ཡིན་པ་དེ་བས་ན་གཏན་ཚིགས་རྣམ་པ་གསུམ་ཁོ་ནའོ་ཞེས་གཞུང་བཙུགས་པ་ཡིན་ནོ། །ཡང་ཅིའི་ཕྱིར་མངོན་སུམ་གྱིས་གྲུབ་པའི་ཁྱབ་པ་ཉིད་གཞན་ནས་འབྲེལ་པ་ལ་བརྟེན་པ་ཉིད་གཏན་ཚིགས་ཡིན་པ་ན། གཏན་ཚིགས་རྣམ་པ་གསུམ་ཁོ་ནར་བསྟན་གྱི་རྣམ་པ་

འདི་ལྟ་བུ་དག་ཀྱང་གཏན་ཚིགས་མིན་པར་མི་འགྱུར་ཞེས་བྱ་བར་དོགས་པ་བསུ་ནས་སུན་དབྱུང་ཞིང་འབྲེལ་པ་བསྒྲུབ་པའི་ཕྱིར། མི་མཐུན་པའི་ཕྱོགས་ལ་ཞེས་སྨོས་སོ། །མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མཐུན་པའི་ཕྱོགས་ལ་མཐོང་བ་ལ་ནི་འཁྲུལ་པ་མེད་པ་རྗེས་སུ་འགྲོ་བ་དང་ལྡོག་

པ་དང་ལྡན་པ་ཉིད་མ་ཡིན་ནོ། །གཏན་ཚིགས་མཐོང་ལ་མི་མཐུན་པའི་ཕྱོགས་ལ་མ་མཐོང་བའི་ཕྱིར་མཐུན་པའི་ཕྱོགས་ལ་མཐོང་བར་ཡང་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་མང་པོ་ཞིག་ཚོགས་པར་མཐོང་དུ་ཟིན་ཀྱང་ཞེས་འཆད་པར་འགྱུར་རོ། །ཇི་ལྟར་ཚད་མས་དེ་ལྟར་རྟོགས་ཀྱང་མི་འཐད་ཅེ་ན།

བཤད་པ། གལ་ཏེ་ཡང་འདིར་མི་མཐུན་པའི་ཕྱོགས་ལ་མཐོང་བ་མེད་པ་དེ་ལྟ་ན་ཡང་འཁྲུལ་པ་སྲིད་པ་ཅན་ཉིད་དོ། །མི་མཐུན་པའི་ཕྱོགས་ལ་མཐོང་ན་ནི་གྲུབ་པ་ཁོ་ནར་འགྱུར་རོ། །མ་མཐོང་ན་ནི་གྲུབ་པ་མ་ཡིན་ལ་བསལ་བ་ཡང་མ་ཡིན་པའི་ཕྱིར་འཁྲུལ་པ་སྲིད་པ་ཡིན་ནོ། །གལ་ཏེ་ཡང་རྟག་པ་

ལ་འགར་ཡང་བྱས་པ་ཉིད་མ་མཐོང་བ་དེ་ལྟ་ན་ཡང་རྣམ་པ་དེ་ལྟ་བུའི་བྱས་པ་འགའ་ཞིག་རྟག་པར་ཡང་འགྱུར་བ་གང་ཡིན་པ་དེ་ནི་ཡོད་སྲིད་དོ་ཞེས་བྱ་བར་འགྱུར་རོ། །མི་མཐུན་ཕྱོགས་ལ་འཇུག་པ་མ་མཐོང་ཡང་འཁྲུལ་པ་མཐོང་བ་ཡང་ཡོད་པ་ཡིན་ནོ་ཞེས་བཤད་པ་ནི་ཕྲུ་བའི་འབྲས་ནི་ཚོས་པ་

เล่ม ๑๘๒ · หน้า 72b

བཞིན་ཞེས་བྱའོ། །ཇི་ལྟར་ཕྲུ་བའི་ནང་དུ་ཆུད་པའི་གཏན་ཚིགས་ཀྱིས་འབྲས་ཚོས་པར་སྒྲུབ་པ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ། །ཕྲུ་བའི་ནང་དུ་ཆུད་པ་ཉིད་ནི་མ་ཚོས་པ་ལ་མཐོང་བ་མེད་དེ། ཕྱི་རོལ་ན་གནས་པའི་མ་ཚོས་པ་རྣམས་ཕྲུ་བར་ཚུད་པ་མེད་པའི་ཕྱིར་དང་། ཕྲུ་བ་ན་གནས་པ་

འགའ་ཞིག་ཀྱང་ཚོས་པར་མཐོང་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དེའི་ནང་དུ་ཆུད་པ་མཐའ་དག་བསལ་ན། དེ་ལ་འགའ་ཞིག་མ་ཚོས་པར་ཡང་དེ་ཉིད་ཀྱི་ཚེ་མཐོང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་མཐོང་བ་ཙམ་གྱིས་ཚོས་པ་པོ་མི་ལྡོག་གོ། །དེའི་དོན་ནི་འདི་ཡིན་ཏེ། རང་གི་ཡུལ་ཙམ་གྱི་མཐར་

ཐུག་པའི་ཚད་མས་མཐོང་བ་ལས་ཐ་དད་པ་གཞན་དུ་འབྱུང་བ་མི་སྤོང་བའི་ཕྱིར་མ་མཐོང་དུ་ཟིན་ཀྱང་ཐེ་ཚོམ་དུ་འགྱུར་བར་རིགས་པ་འབའ་ཞིག་ཏུ་ནི་མ་ཟད་དེ་རྣམ་པ་འདི་ལྟ་བུ་ལ་ནི་འཁྲུལ་པ་དམིགས་པ་ཡང་ཡོད་པ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །མང་པོ་ཞིག་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་

པའོ། །འདིས་ནི་མཐུན་པའི་ཕྱོགས་ལ་ཡོད་པར་དམིགས་པ་ཉིད་བརྗོད་དོ། །མདོར་སྨོས་ཀྱང་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ནི་མ་བཤད་དེ། འདིས་དེ་འཕངས་པར་བསྟན་པའི་དོན་དུའོ། །འཕེན་པར་བྱེད་པ་དང་འཕང་བར་བྱ་བའི་དངོས་པོས་ན་མདོའི་མི་མཐུན་པའི་ཕྱོགས་

ལ་མ་མཐོང་བས་མཐུན་པའི་ཕྱོགས་ལ་ཡོད་པ་འཕངས་པ་ཅི་ནས་ཀྱང་རྟོགས་པར་བྱ་བའི་ཕྱིར་རོ། །ཕྲུ་བའི་ནང་ན་འདུག་པ་རྣམས་ལས་མང་པོ་ཞིག་ཚོས་པར་མཐོང་བས་ན་ཕྲུ་བའི་ནང་དུ་ཚུད་པ་ཞེས་བྱ་བ་ཁོ་ནས་ནི་ཚོས་པར་མི་འགྲུབ་སྟེ། ཚོས་པ་མེད་ན་ཕྲུ་བའི་ནང་དུ་ཆུད་པ་ཉིད་དུ་མི་འགྱུར་བའི་

ཕྱིར་དེ་ཡོད་ན་ཚོས་པར་འགྱུར་བ་ཡིན་ནོ་ཞེས་མི་འགྲུབ་བོ། །ཇི་ལྟར་མི་འགྲུབ་ཅེ་ན། འཁྲུལ་པ་མཐོང་བའི་ཕྱིར་རོ་ཞེས་སྨོས་སོ། །གལ་ཏེ་ཕྲུ་བའི་ནང་དུ་ཆུད་པ་ཉིད་ཀྱང་ཚོས་པ་སྐྱེད་པའི་ཚོགས་པ་ཚང་བར་རྟོགས་པར་བྱེད་པ་ན་ཚོས་པ་སྒྲུབ་པར་བྱེད་པ་མ་ཡིན་ནམ། གལ་ཏེ་འདི་རྒྱུ་ཚང་བ་

མ་ཡིན་ན་འགའ་ཡང་ཚོས་པར་མི་འགྱུར་ཏེ། དེ་དག་ཚོས་པ་ཡང་རྒྱུ་མེད་པར་མི་འགྲུབ་པའི་ཕྱིར་རོ། །དེ་རྒྱུ་ཚོགས་པ་ཡིན་ན་ཇི་ལྟར་གཞན་ཡང་མ་ཚོགས་དེས་ན་འདི་ལ་འཁྲུལ་པ་མཐོང་བ་ཇི་ལྟར་འཐད་ཅེ་ན། དོགས་པ་འདི་བསུ་ནས་སྨྲས་པ་ནི་འདི་ལྟར་འདི་ལྟ་བུའི་ཞེས་བྱ་བ་ཡིན་ནོ། །

เล่ม ๑๘๒ · หน้า 73a

བསམ་པ་འདི་ཡིན་ཏེ། ཕྲུ་བ་ལ་སོགས་པའི་ཚོགས་པ་ཡོངས་སུ་འགྱུར་བ་ལ་ལྟོས་ནས་འབྲས་རྣམས་འབྲས་ཅན་དུ་འགྱུར་བ་ཡིན་ལ། དེ་ཡང་དུས་གནས་པ་ཉིད་དོ། །དེ་ལ་འབྲས་འགའ་ཞིག་ནི་དུས་ཅུང་ཟད་གནས་པ་ལ་ལྟོས་ནས་དེ་ལྟར་འགྱུར་ལ་གཞན་དག་ལ་

ནི་གཞན་དུའོ། །དེས་ན་དེ་ལྟ་བུའི་དངོས་པོར་མཐོང་བ་དག་དང་མཚུངས་པར་གནས་པ་ལ་ལྟོས་པ་དག་ནི་ཚོས་པ་ཁོ་ནར་འགྱུར་ལ་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་གང་དག་དྲོད་དང་ཉེ་བར་འབྲེལ་པ་དེ་དག་ནི་མྱུར་བར་ཚོས་པར་འགྱུར་ལ་གཞན་ནི་མ་ཡིན་པ་དེས་ན་འཁྲུལ་པ་དམིགས་པར་

འཐད་པ་ཡིན་ནོ། །དེས་ན་འདི་བསྟན་པའི་ཕྱིར་དེ་ལྟར་འབྲེལ་པ་རྗེས་སུ་དཔྱོད་པས་རྟོགས་པར་སྟོན་ཏོ། །འདི་ལྟ་བུའི་རང་བཞིན་ཅན་ཡིན་ལ་ཞེས་བྱ་བ་ནི་གནས་པ་ལ་ལྟོས་པ་ཡིན་ནོ། །འདི་དང་ཚོས་པའི་རྒྱུ་འདྲ་བ་ཅན་ཞེས་བྱ་བ་ནི་དྲོད་ཉེ་རིང་ངོ་། །དེས་ན་དེ་ལྟར་འདི་དག་ཚོགས་པ་གཅིག་

ལ་རག་ལས་པར་འགྱུར་རོ། །གང་གི་ཚེ་རྣམ་པ་འདི་ལྟ་བུའི་རིགས་པ་ལ་མི་ལྟོས་པར་དེ་ལྟར་དམིགས་པ་ཙམ་ལ་བརྟེན་པ་དེའི་ཚེ་འདི་རྗེས་སུ་དཔག་པ་མ་ཡིན་པ་ཁོ་ནའོ་ཞེས་བཤད་པ་ནི་དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བ་ཡིན་ནོ། །མ་མཐོང་བ་ཙམ་ལ་བརྟེན་ན་ནི་རྗེས་སུ་དཔག་པ་འདི་ལྷག་མ་དང་

ལྡན་པ་ཡིན་ལ་དེས་ན་འཁྲུལ་པ་ཅན་ཡིན་ནོ། །ལྷག་མ་དང་ལྡན་པའི་རང་གི་ངོ་བོ་ནི། ཡང་ལྷག་མ་དང་ལྡན་པ་ཞེས་བྱ་བ་འདི་ཅི་ཞིག་ཅེས་དྲི་བ་སྔོན་དུ་བཏང་བ་ཅན་གྱིས་སྟོན་པར་བྱེད་པ་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །མ་མཐོང་བ་ཙམ་གྱིས་གང་ཞིག་མ་མཐོང་བ་ཁོ་ནས་

ལྡོག་པ་རབ་ཏུ་སྟོན་པར་བྱེད་པ། དེ་ནི་ལྷག་མ་དང་ལྡན་པ་ཡིན་ནོ་ཞེས་འདྲི་བ་དང་ངག་གཅིག་ཉིད་བསྟན་ཏོ། །ཇི་སྐད་བཤད་མ་ཐག་པ་དེའི་ལྡོག་པ་དེ་ནི་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་མ་ངེས་པའི་གཏན་ཚིགས་ཀྱིས་ན་མི་མཐུན་པའི་ཕྱོགས་ལ་འཇུག་པར་ཐེ་ཚོམ་ཟ་བར་

འགྱུར་རོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་མི་མཐུན་པའི་ཕྱོགས་ལ་འཇུག་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ལྷག་མ་དང་ལྡན་པ་ཉིད་དུ་བཤད་དོ། །དེ་ཡང་འདི་ལ་ཡོད་པའི་ཕྱིར་འདི་ཡང་རྣམ་པ་དེ་ལྟ་བུ་ཁོ་ནའོ། །ཕྱོགས་དང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཅན་རྣམ་པ་

เล่ม ๑๘๒ · หน้า 73b

གསུམ་ལས། གཅིག་ནི་གཏན་ཚིགས་ཡོད་པ་ཡིན་པས་དེ་ལས་མི་མཐུན་པའི་ཕྱོགས་གཅིག་ཏུ་ལྷག་མ་ཡིན་ནོ། །གཉིས་པ་དེ་ནི་གཏན་ཚིགས་དང་འབྲེལ་པ་ཡིན་ཏེ། དེ་དག་ལས་ལྡོག་པ་མ་ཡིན་པའི་ཕྱིར་རོ། །ལྷག་མ་ནི་ལྡོག་མཚམས་ཡིན་པའི་ཕྱིར་འབྲེལ་པའི་ཡུལ་

མ་ཡིན་ནོ། །དེ་ལས་མི་ལྡོག་པའི་ཕྱིར་འདི་ལ་ནི་དེ་ཡང་ཡོད་པས་ན་ལྷག་མ་དང་ལྡན་པ་ཞེས་བརྗོད་དོ། །ཡང་ཇི་ལྟར་གང་ཞིག་མ་མཐོང་བ་ཙམ་གྱིས་ལྡོག་པ་བརྗོད་པ་དེ་དེ་ལྟར་བརྗོད་ཅེ་ན། བཤད་པ་ལྡོག་པ་སྒྲུབ་པ་མ་མཐོང་བ་ཙམ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །གལ་

ཏེ་མ་མཐོང་བ་ནི་སྣང་བ་མི་དམིགས་པ་མ་ཡིན་ནམ། བསྒྲུབ་པར་བྱ་བ་མེད་པ་ལ་མེད་པའི་ལྡོག་པ་ཡང་དེས་རྟོགས་པ་ཡིན་པ་དེས་ན་ཇི་ལྟར་འདི་ཐེ་ཚོམ་གྱི་རྒྱུ་ཡིན་ཞེ་ན། འདི་ལ་བཤད་པ་ནི་མི་དམིགས་པ་ཐམས་ཅད་ནི་ཞེས་བྱ་བའོ། །འདི་ལ་ལན་མང་དུ་མ་མཐོང་ཡང་དངོས་པོ་

ཉུང་ཟད་ལ་བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པར་བྱེད་པ་མ་མཐོང་བ་བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ལ། བསྒྲུབ་བྱ་མེད་ན་གཏན་ཚིགས་ཡོད་པ་མ་ཡིན་ནོ་ཞེས་མངོན་སུམ་གྱིས་ནི་ངེས་པར་མི་ནུས་ཏེ། རང་གི་ཡུལ་ཙམ་གྱིས་མཐར་ཐུག་པའི་བྱེད་པ་ཅན་ཉིད་ཀྱི་ཡུལ་དུ་མ་བྱས་པའི་དངོས་པོའི་

རང་བཞིན་ངེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །སྣང་བ་མི་དམིགས་པ་ནི་མི་དམིགས་པ་ལས་གཞན་ནི་མ་ཡིན་ནོ། །དེས་ན་འདི་བསྒྲུབ་པར་བྱ་བ་མེད་ན་མེད་པ་ཉིད་ཡིན་ལ་དེ་ཡོད་ན་ཡང་བསྒྲུབ་པར་བྱ་བ་ཡོད་པ་ཉིད་དོ་ཞེས་ངེས་པ་སྐྱེས་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་སྒྲུབ་པར་བྱེད་པ་

རྟོགས་པས་བསྒྲུབ་པར་བྱ་བའི་ཆོས་རྟོགས་པར་འགྱུར་རོ། །ཆོས་ཅན་ཐམས་ཅད་ཀྱང་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པ་དེས་འདི་དེ་ལ་མི་སྣང་བ་མི་དམིགས་པ་ཉིད་དུ་འགྱུར་རོ། །དེ་ཡང་དངོས་པོ་མེད་པ་རྟོགས་པར་བྱེད་པ་མ་ཡིན་ནོ། །དེས་ན་མི་དམིགས་པ་ཐམས་

ཅད་ནི་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བཤད་དོ། །གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བསྒྲུབ་པར་བྱ་བ་མེད་པའི་ཆོས་ཡོད་པར་དོགས་པ། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མཐོང་བ་དང་མ་མཐོང་བ་དག་ཁོ་ནས་བཟློག་པར་བྱ་བ་མ་ཡིན་ནམ། མ་མཐོང་བ་དེ་

เล่ม ๑๘๒ · หน้า 74a

ཡང་ཚད་མ་ཁོ་ན་ཡིན་པ་དེས་ན་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་མངོན་སུམ་གྱིས་གྲུབ་པས་ཇི་ལྟར་ཆོས་ཅན་ལ་དེ་ལྟར་ངེས་པར་མི་འགྱུར་ཞེ་ན་འདི་ལ་བཤད་ཟིན་ཏེ། མངོན་སུམ་ནི་རང་གི་རྟེན་ཉིད་ལ་དེ་ལྟ་བུའི་ངོ་བོར་གཅོད་པར་བྱེད་ཀྱི་ཆོས་ཅན་གཞན་ལ་ནི་མ་

ཡིན་ནོ། །དེའི་ཡུལ་འདི་ཇི་ལྟ་བ་བཞིན་དུ་གཞན་ཡང་དེ་ལྟར་འགྱུར་རོ་ཞེས་བྱ་བའི་ངེས་པ་ཡང་མེད་དོ། །དེས་ན་གང་གི་ཕྱིར་འདིར་འདི་བསྒྲུབ་པར་བྱ་བ་མེད་ན་མེད་པར་མངོན་སུམ་གྱིས་མཐོང་བ་དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡང་དེ་ལྟ་ཡིན་ནོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད།

གལ་ཏེ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་དེ་ལྟར་མཐོང་བའི་ཕྱིར་དེ་དང་མཐུན་པའི་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་རྟོགས་པའི་རྗེས་སུ་དཔག་པ་ཉིད་ངེས་པ་ཉིད་མ་ཡིན་ནམ། དེས་ན་བསྒྲུབ་བྱའི་ཆོས་ཅན་ལ་དེ་ལྟར་འགྱུར་བར་བྱ་བའི་ཕྱིར་ངེས་པ་གཞན་དགོས་པ་མ་ཡིན་

ནོ། །རྗེས་སུ་དཔག་པ་ལ་ཞུགས་པའི་སྔོན་རོལ་དུ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བསྒྲུབ་པའི་ཆོས་ཡོད་པ་དང་མེད་པར་ཐེ་ཚོམ་འཇུག་ཀྱང་སྐྱོན་ཡོད་པ་མ་ཡིན་ཏེ་ཁྱབ་པ་མ་དྲན་པ་ན་ཐེ་ཚོམ་འཇུག་ཀྱང་དེ་རྗེས་སུ་དཔྱོད་པས་ཆོས་མཐུན་པ་དང་མི་མཐུན་པའི་དཔེ་དག་ལ་མཐོང་བ་དང་མ་མཐོང་བ་

དྲན་པ་ལས་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པར་ངེས་པའི་མཚན་ཉིད་ཅན་གྱི་རྗེས་སུ་དཔག་པ་སྐྱེ་བའི་ཕྱིར་རོ་ཞེ་ན། དེ་ནི་མི་རུང་སྟེ་དེ་བཞིན་དུ་མཐོང་བའི་འདུ་བྱེད་སྐྱེས་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་སྒྲུབ་པར་བྱེད་པའི་རྟོགས་པ་སྐྱེས་པ་ཁོ་ན་ལས་དངོས་པོའི་ངོ་བོས་བསྒྲུབ་པར་བྱ་བའི་རྟོགས་

པ་དབང་མེད་དུ་འཇུག་པའི་ཕྱིར་དེར་རྗེས་སུ་དཔག་པ་ཉིད་ངེས་པ་ཡིན་པར་བརྗོད་དམ། ཡང་རྒྱུའི་ཚོགས་པ་ལ་རག་ལས་པ་མེད་པར་འཇུག་པ་རང་དབང་དུ་གྱུར་པའི་རྟོགས་པ་པོ་གཉིས་ལ་དེ་ལྟར་དམིགས་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡང་དེ་དེ་ལྟར་འགྱུར་བ་ཡིན་ནོ་ཞེས་རིགས་པ་

ལ་ལྟོས་ནས་རྟོགས་པ་ཡིན་ནོ། །དེ་ལ་རེ་ཞིག་རྟོགས་པ་སྔ་མ་ནི་མི་འཐད་དེ་སྒྲུབ་པར་བྱེད་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་ཡོད་པར་སོ་སོར་ངེས་པ་མ་ཡིན་ན་དངོས་པོའི་མཐུ་ལ་རྟོགས་པ་སྐྱེས་ཀྱང་དངོས་པོའི་རྟེན་དང་ལྡན་པ་ཉིད་དུ་འགྱུར་བ་མ་ཡིན་པའི་ཕྱིར་ཚད་

เล่ม ๑๘๒ · หน้า 74b

མ་མ་ཡིན་པ་ཁོ་ནའོ། །དུ་བ་དང་བཅས་པའི་ཆོས་ཅན་གཅིག་མེ་དང་ལྡན་པ་ཡིན་པས་གཞན་ཡང་དེ་ལྟར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དངོས་པོ་ཡོད་པའི་ངེས་པ་ནི་མ་གྲུབ་བོ། །མངོན་སུམ་བཞིན་དུ་རྗེས་སུ་དཔག་པའི་ཤེས་པ་སྐྱེས་པ་ཡང་གང་གི་ཚེ་དོན་ཡོད་པ་དེའི་ཚེ་ནི་ཚད་མ་ཡིན་ནོ་ཞེས་དེ་ལྟར་

རྗེས་སུ་དཔག་པ་ཚད་མ་མེད་པར་ནུས་པ་མ་ཡིན་ནོ། །དཔེར་ན་འདིར་ཡང་དངོས་པོ་ཡོད་པའི་ངེས་པ་བསྒྲུབ་པ་ལ་ལྟོས་པར་བྱ་བ་ཡིན་ནོ། །དེ་ཡང་དེ་ལྟར་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རིགས་པ་ལས་ཀྱང་རྟོགས་པ་མ་ཡིན་ནོ། །དོན་ཡང་ནས་ཡང་མཐོང་བའི་ཕྱིར་དོན་ངེས་པ་རྟོགས་སོ་

ཞེ་ན་གལ་ཏེ་ངེས་པ་ཉིད་རང་བཞིན་གྱི་ཁྱད་པར་གྱི་བདག་ཉིད་ཡིན་ན་ལན་ཅིག་མཐོང་བས་ཀྱང་རྟོགས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་ཡང་ནས་ཡང་དམིགས་པ་ཡང་སྒྲུབ་པར་བྱེད་པ་མ་ཡིན་ནོ། །མེད་ན་མི་འབྱུང་བ་ནི་ལྷན་ཅིག་ཡོད་པར་ངེས་པ་ཡིན་ལ་དེ་ཡང་ལན་མང་པོར་ལྷན་ཅིག་མཐོང་

བས་རྟོགས་པ་ཡིན་ནོ་ཞེ་ན། གལ་ཏེ་འདི་ཡང་རྒྱུ་དང་བཅས་པ་ཡིན་ན་ལན་ཅིག་ཉིད་རྟོགས་པས་རྟོགས་པར་འགྱུར་རོ། །གཞན་དུ་ན་ནི་མང་དུ་དེ་ལྟར་ཡིན་ཡང་ཇི་སྙེད་དམིགས་པ་དེ་ལྟ་བུའི་ངོ་བོར་དམིགས་པར་གྱུར་གྱི་མ་དམིགས་པ་གཞན་ལ་ནི་དེ་ལྟར་འགྱུར་བ་མ་ཡིན་པའི་ཕྱིར་ངེས་པ་མ་

འགྲུབ་བོ། །འབྲས་བུ་ལ་སོགས་པ་བཞིན་དུ་གང་ངེས་པས་རྗེས་སུ་དཔག་པར་བྱ་བ་རྟོགས་པར་འགྱུར་བ་མི་འཁྲུལ་པ་ཉིད་ཀྱང་དངོས་པོའི་ཆོས་ཡིན་ནོ་ཞེ་ན། མི་འཁྲུལ་བ་དེ་ཅི་ཞིག་དེ་ཡོད་ན་གཞན་ཡོད་ལ་གཞན་མེད་ན་ནི་མེད་པའོ་ཞེ་ན། གལ་ཏེ་དེ་ཉི་ཚེ་བ་ཡིན་ན་ནི་རེས་འགའ་འཁྲུལ་པར་

ཡང་འགྱུར་རོ། །འོན་ཏེ་ཐམས་ཅད་པ་ཡིན་ན་དེ་ལྟར་ན་དེ་ལྟར་འཐད་པ་ཡིན་ན་འདི་རྟོགས་པ་གོ་ཇི་ལྟར་ཡིན་གལ་ཏེ་ཐམས་ཅད་དུ་དེ་ལྟར་རྟོགས་པའི་ཕྱིར་ན། དེ་ནི་དེ་ལྟར་འཐད་མོད་ཀྱི་འོན་ཀྱང་ཐམས་ཅད་དུ་དེ་ལྟར་རྟོགས་པ་ཐམས་ཅད་གཟིགས་པ་མ་ཡིན་པའི་མཐོང་བ་མེད་པའི་ངེས་པ་ནི་མ་ཡིན་

ནོ། །འོན་ཏེ་ཉི་ཚེ་བའི་རྟོགས་པས་ཡིན་ན་དེ་ལྟ་ན་ལ་ལར་འགྱུར་བ་འཁྲུལ་པར་ཡང་མི་འགལ་ཏེ། ལན་མང་དུ་དེ་ལྟར་གྱུར་པ་གང་ཡིན་པ་གཞན་གྱི་ཚེ་དེ་ལྟར་མ་ཡིན་པར་མི་འགྱུར་རོ་ཞེས་ངེས་པར་མི་ནུས་པའི་ཕྱིར་དང་། དེ་ལྟར་མ་ཡིན་ན་འབྲས་བུ་མ་ཡིན་པ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །

เล่ม ๑๘๒ · หน้า 75a

འབྲས་བུ་མ་ཡིན་པ་ཉིད་ན་དེ་མེད་ཀྱང་ཡོད་པས་མི་འཁྲུལ་བ་ཉིད་མེད་པའི་ཕྱིར་རོ། །མི་འཁྲུལ་ན་ཡང་འབྲས་བུ་ཉིད་དོ། །ཐ་དད་པ་མེད་པ་བྱས་པ་དང་། མི་རྟོགས་པ་དག་ནི་གཅིག་ལ་ལྟོས་ནས་གཞན་གྱི་ངོ་བོ་རྣམ་པར་འཇིག་པ་མ་ཡིན་པའི་ཕྱིར་གང་ཞིག་གང་དང་མི་

འཁྲུལ་བའི་རང་བཞིན་ཡིན། དེས་ན་མི་འཁྲུལ་བ་ནི་མ་མཐོང་བ་རྟོགས་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ན་དེ་ནི་ཐེ་ཚོམ་སྒྲུབ་པར་བྱེད་པ་ཁོ་ནའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་གཅིག་ཅེས་བྱ་བ་བསྒྲུབ་པར་བྱ་བ་ལོག་པས་དེ་མེད་པས་གཞན་ཞེས་བྱ་བ་སྒྲུབ་པར་བྱེད་པ་ལྡོག་པར་འདོད་པས་

ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེ་གཉིས་རང་བཞིན་འབྲེལ་པ་ཡང་འདོད་པར་བྱ་དགོས་སོ། །སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བར་འབྲེལ་པ་ཞེས་བྱ་བ་དེ་ལྟ་བུའི་བདག་ཉིད་ཅན་ཡིན་གྱི་གཉིས་ཀ་ཡང་ཕན་ཚུན་རག་ལས་པའི་རང་བཞིན་ནི་མ་ཡིན་ནོ། །དེ་ལྟར་ཁས་མི་ལེན་ན་གཏན་ཚིགས་

གོ་བར་བྱེད་པ་མ་ཡིན་པར་འགྱུར་རོ། །གཞན་ལོག་པས་གཞན་ལྡོག་པར་ཁས་བླངས་ནས་དེ་ཡོད་ན་བསྒྲུབ་བྱ་ཡོད་པ་ཡང་གྲུབ་པ་ཉིད་པས་ལོགས་སུ་མ་བསྟན་ཏེ། འཕེན་པར་བྱེད་པ་དང་འཕང་བར་བྱ་བའི་དངོས་པོས་ན་འདི་གཉིས་ཐ་མི་དད་པར་བསྙད་པའི་ཕྱིར་རོ། །དེ་བས་ན་སྒྲུབ་པར་

བྱེད་པ་ཡོད་པས་བསྒྲུབ་པར་བྱ་བ་ཡོད་པར་འདོད་པས་རང་བཞིན་འབྲེལ་བར་འགྱུར་དགོས་སོ་ཞེས་བྱ་བ་ཡང་བརྗོད་པ་ཉིད་དུ་ངེས་པར་བྱའོ། །མ་མཐོང་བ་ཙམ་གྱིས་གྲུབ་པ་ཉིད་བསལ་བ་འདི་ནི་འདི་ལས་ཕྱི་རོལ་པ་དག་བཞིན་དུ་འདི་པ་དེ་ལྟར་སྨྲ་བ་དག་ལ་ཡང་མཚུངས་པ་ཡིན་ནོ། །འདི་པ་ཉིད་ཀྱི་

དབང་དུ་བྱས་ནས་བཤད་པ་ནི་དེ་ཡིས་ཏེ་རྒྱུ་དེས་ན་གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་ཕྱོགས་ཀྱི་ཆོས་ཙམ་ལ་ནི་མ་ཡིན་གྱི་འོན་ཀྱང་རྗེས་སུ་འགྲོ་ལྡོག་གཉིས་ལའང་ངེས་པ་བརྗོད་པར་མཛད་པ་ཡིན་ནོ་ཞེས་བྱ་བ་ནི་འང་གི་སྒྲའི་དོན་ཏོ། །ཉེ་བར་གནས་པའི་ཆོས་ཅན་ཙམ་ལ་བརྟེན་པ་ཕྱོགས་ཀྱི་ཆོས་

ཉིད་ནི་མངོན་སུམ་ཁོ་ནས་ངེས་པར་ནུས་པ་དེ་ལ་ངེས་པར་བརྗོད་པར་རིགས་ཀྱི། རྗེས་སུ་འགྲོ་ལྡོག་ནི་མངོན་སུམ་དང་མངོན་སུམ་མ་ཡིན་པ་ལ་བརྟེན་པ་ཉིད་དུ་ཤེས་པར་བྱ་བ་ཡིན་པའི་ཕྱིར་མཐོང་བ་དང་མ་མཐོང་བ་དག་ལས་ག་ལ་ངེས། དེས་ན་འདི་དེའི་ཡུལ་ཅན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་

เล่ม ๑๘๒ · หน้า 75b

འགྱུར་རོ། །དེས་ན་ཇི་ལྟར་གང་དག་གི་ཕྱོགས་བསྟན་པ་ཡན་ལག་ཏུ་འདོད་པ་ནི་མ་ངེས་པ་ཉིད་ཡན་ལག་ཡིན་པ་དེ་བཞིན་དུ་རྗེས་སུ་འགྲོ་ལྡོག་དག་ཀྱང་ཡིན་པས་ཚུལ་གསུམ་ཀ་ལ་ངེས་པ་མི་བརྗོད་པར་འགྱུར་རོ། །གང་གི་ཕྱིར་རང་བཞིན་གྱི་འབྲེལ་པར་བཞེད་པ་དེའི་ངེས་པ་བརྗོད་པ་མཛད་དོ། །

འདི་ཡང་བརྗོད་པར་མི་བྱའམ། དོན་གཞན་གྱིས་བསྟན་པ་ནི་མ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་སློབ་དཔོན་བཞེད་པ་དེ་ཉེ་བར་བསྟན་པའི་དགོས་པ་སྟོན་ཏོ། །མ་གྲུབ་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་དང་འབྲེལ་པར་མ་ཤེས་པའོ། །ལྡོག་དོན་ནི་འགལ་བའོ། །འཁྲུལ་པ་ཅན་ནི་མ་ངེས་

པའོ། །དེ་དག་གི་གཉེན་པོར་ཏེ། དེ་དག་བསལ་བའི་དོན་དུ་ཚུལ་གསུམ་ལ་ངེས་པ་གསུངས་པ་ཡིན་ནོ། །འདི་ལྟར་འདིར་ངེས་པ་ཁས་མི་ལེན་ན། འདི་དག་ཀྱང་མ་བསལ་བའི་ཕྱིར་གཏན་ཚིགས་ཉིད་དུ་འགྱུར་རོ། །དེས་ན་ངེས་པར་གདོན་མི་ཟ་བར་འདོད་པར་བྱའོ། །དེ་ཡང་འབྲེལ་

པའི་རྩ་བ་ཅན་ཉིད་ཀྱིས་དེ་ཁས་མ་བླངས་པར་བརྗོད་པར་མི་ནུས་པས་ན་འབྲེལ་པ་ཡང་གྲུབ་བོ། །འབྲེལ་པ་མེད་པ་ཞེས་བྱ་བ་ནི་རྣམ་པར་འགྲེལ་པའོ། །གང་གི་ཕྱིར་འབྲེལ་པ་མེད་ན་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མ་ཡིན་གྱི་འོན་ཀྱང་ཇི་སྐད་སྔར་བརྗོད་པ་བཞིན་ཐེ་ཚོམ་ཉིད་དུ་འགྱུར་བ་དེས་ན་

མ་མཐོང་བས་གྲུབ་པ་ཉིད་དུ་ཁས་ལེན་ན་དེའི་འབྲས་བུ་ཉིད་ཁས་བླང་བར་རིགས་ཀྱི་གཞན་གྱི་འབྲས་བུ་གཞན་སྟོན་པ་ནི་མ་ཡིན་ནོ། །དེས་འབྲེལ་པའི་འབྲས་བུ་ཞལ་གྱིས་བཞེས་པས་ན་འབྲེལ་པ་ཉིད་སྟོན་པར་མཛད་པ་ན་ངེས་པར་བཤད་པ་ཡིན་ནོ། །གཟུགས་རྟོགས་པའི་འབྲས་བུར་གྱུར་པ་ལ་

བརྟེན་ནས་ཉན་པའི་རྣམ་པར་ཤེས་པ་བསྒྲུབ་པར་ཁས་བླང་བར་ནི་མི་ནུས། མ་གྲུབ་ཅེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི་དེ་ལ་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་ངེས་པས་ནི་འགལ་བ་བསལ་ཏེ་བྱས་པ་ཉིད་རྟག་པར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེས་ན་རྗེས་སུ་འགྲོ་བ་ངེས་པ་གོ་བར་བྱེད་

པར་སྟོན་པར་མཛད་པས་བྱས་པ་ཉིད་རྟག་པའི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བ་ཡིན་ཡང་འགལ་བ་གཏན་ཚིགས་མ་ཡིན་པ་ཉིད་མ་ཡིན་ནམ། དེས་ན་འགལ་བ་ནི་ངེས་པར་བརྗོད་པ་སྤང་བར་བྱ་བ་མ་ཡིན་ཏེ། བྱས་པ་ཉིད་ནི་བཟློག་པས་

เล่ม ๑๘๒ · หน้า 76a

ཁྱབ་པར་ངེས་པའི་ཕྱིར་རོ། །གལ་ཏེ་འདི་མི་རྟག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ན། དེའི་ཚེ་རྟག་པའམ་འོན་ཏེ་མི་རྟག་པ་ལ་ཡོད་པ་ཡིན་ཞེས་དེ་རྟག་པ་ལ་ཡང་འགྱུར་བ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་ངེས་པ་གཏན་ཚིགས་ཡིན་ན་བྱས་པ་ཉིད་རྟག་པ་ལ་ཐེ་ཚོམ་ཟ་བ་

གཏན་ཚིགས་མ་ཡིན་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་འདི་བཟློག་པར་ནུས་པ་དེའི་ཚེ་འདི་རྟག་པ་ལ་ཡང་ཐེ་ཚོམ་མེད་དོ། །དེས་ན་ཐེ་ཚོམ་ཟ་བ་གཏན་ཚིགས་ཡིན་ཡང་འགལ་བ་གཏན་ཚིགས་མ་ཡིན་ནོ། །དེས་ན་ཇི་ལྟར་འདི་ངེས་པ་བརྗོད་པས་གསལ་བར་བྱ་བ་ཡིན། འགལ་

བ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་ངེས་པས་སྤོང་བ་ཡིན་ནོ་ཞེ་ན། དེར་ཡང་ངེས་པ་སྨོས་པ་དོན་མེད་དེ་ཐེ་ཚོམ་ཟ་བ་ལ་ཡང་རྗེས་སུ་འགྲོ་བ་མེད་པས་རྗེས་སུ་འགྲོ་བ་སྨོས་པ་ཉིད་ཀྱིས་གསལ་བར་གྲུབ་པའི་ཕྱིར་རོ། །བརྗོད་པ་བཟློག་པས་ཁྱབ་པ་ཡང་མང་དུ་མཐོང་བ་

ལ་བརྟེན་ནས་ངེས་པར་མི་ནུས་པ་ཁོ་ན་སྟེ། དེས་ན་བྱས་པ་མི་རྟག་པ་ལ་ཡང་མ་ངེས་པ་ཁོ་ནའོ། །དེས་ན་ཐེ་ཚོམ་ཟ་བ་གཏན་ཚིགས་ཡིན་ན་འདི་གཏན་ཚིགས་སུ་འགྱུར་བ་ཁོ་ནའོ། །དེ་ལྟར་ན་ངེས་པར་བརྗོད་པར་བཟློག་པར་བྱ་བ་རིགས་པ་ཉིད་དོ། །འགལ་བའི་ཕྱོགས་དང་མཐུན་

པ་ནི་རྗེས་སུ་འགྲོ་བ་མ་ངེས་པ་སྟེ། བཟློག་པ་རྗེས་སུ་འགྲོ་བ་ངེས་པ་མེད་པའི་ཕྱིར་འགལ་བ་ཉིད་མ་ཡིན་ནམ། རྗེས་སུ་འགྲོ་བ་མ་ངེས་པས་བསལ་བར་བྱ་བ་ཡིན་པའི་ཕྱིར་ནི་འགལ་བའི་ཕྱོགས་དང་མཐུན་པ་ཞེས་བརྗོད་དོ། །ལྡོག་པ་ངེས་པས་ནི་མ་ངེས་པ་མི་མཐུན་པའི་ཕྱོགས་ལ་

འཇུག་པ་བསལ་ཏེ། དེ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པར་ངེས་པར་བསལ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟར་གཉི་ག་ལ་འཇུག་པར་ངེས་པ་ཉིད་བསལ་གྱི་ཐུན་མོང་མ་ཡིན་པ་ནི་མ་ཡིན་ནོ། །དེའི་ཕྱོགས་དང་མཐུན་པ་ལྷག་མ་དང་ལྡན་པ་ལ་སོགས་པ་ཡང་སྤངས་

ཏེ། ལྡོག་པ་ངེས་པས་དགག་པར་བྱ་བ་ཉིད་ཀྱིས་དེའི་ཕྱོགས་དང་མཐུན་པའི་ཕྱིར་དང་མི་མཐུན་པའི་ཕྱོགས་དང་འཇུག་པར་ཐེ་ཚོམ་ཟ་བ་ཡང་ལྷག་མ་དང་ལྡན་པ་ཡིན་པའི་ཕྱིར་རོ། །གཉི་ག་ལ་ཡང་རབ་ཏུ་གྲུབ་པ་ནི་ཞེས་བྱ་བས་གང་ཡང་རུང་བ་ལ་མ་གྲུབ་པ་བསལ་བ་ཡིན་ནོ་ཞེས་

เล่ม ๑๘๒ · หน้า 76b

བརྗོད་པ་ནི་གཉི་ག་ལ་ཞེས་བྱ་བའོ། །དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པར་རྟོགས་པ་ངེས་པར་བརྗོད་པས་གསལ་བར་བྱ་བ་གང་ཡིན་པ་དེ་བསྟན་ནས་རབ་ཏུ་གྲུབ་པ་སྨོས་པའི་བསལ་བར་བྱ་བ་ཡང་བཤད་པ་ནི། རབ་ཏུ་གྲུབ་པ་ཞེས་སྨོས་པས་ནི་ཐེ་ཚོམ་ཟ་བ་དག་ཀྱང་བསལ་ཏོ། །

དེ་དག་ཀྱང་གང་ཞེ་ན་ལྷག་མ་དང་ལྡན་པ་དང་ཐུན་མོང་མ་ཡིན་པ་ཞེས་སྨོས་སོ། །གང་ལ་ཐེ་ཚོམ་ཟ་ཞེ་ན་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཞེས་བྱ་བས་སྟོན་ཏོ། །ལྷག་མ་དང་ལྡན་པ་ནི་མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་ལ་ཐུན་མོང་མ་ཡིན་པ་མཉན་བྱ་ཉིད་ལ་སོགས་

པ་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ཀ་ལ་ཡང་ངོ་། །ཡང་ན་གཉི་ག་ཡང་གཉི་ག་ལ་ཐེ་ཚོམ་ཟ་བ་ཡིན་ཏེ་ཕྲུ་བའི་ནང་ན་འདུག་པ་ཉིད་ནི་མཐུན་པའི་ཕྱོགས་ལ་ཡང་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ནི་མཐོང་བའི་ཚོས་པ་འགའ་དག་ལ་མཐུན་པའི་ཕྱོགས་ལ་མཐོང་བ་ལྟར་

མི་མཐུན་པའི་ཕྱོགས་ལ་ཡང་མ་མཐོང་བ་ཉིད་དོ། །དེ་ཇི་ལྟར་མ་ངེས་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་མཐུན་པའི་ཕྱོགས་ལ་མཐོང་བ་ཡང་ཡིན་ནོ། །དེ་བཞིན་དུ་ཐུན་མོང་མ་ཡིན་པ་ལ་ཡང་མི་མཐུན་པའི་ཕྱོགས་ལ་ཡང་མ་མཐོང་བ་ཡང་ཡོད་པ་ཡིན་ནོ། །དེས་ན་གཉི་ག་གཉི་ག་

ལ་ཡང་ཡིན་པར་རིགས་སོ། །དེའི་ཕྱིར་ཇི་སྐད་བཤད་པའི་སེལ་བའི་འབྲས་བུ་ཅན་ཉིད་ཀྱི་ངེས་པར་བརྗོད་པ་ནི་འབྲེལ་པ་རྟོག་པར་བྱེད་པའི་འབྲས་བུ་ཅན་ཉིད་རྟོགས་པ་ཡིན་ནོ། །སློབ་དཔོན་འབྲེལ་པ་ཞལ་གྱིས་བཞེས་པར་བསྒྲུབ་པར་བྱ་བའི་ཕྱིར་ཤེས་པར་བྱེད་པ་གཞན་ཡང་

བཤད་པ་ནི་དེ་ལྟར་མ་ཡིན་ཏེ་ཞེས་བྱ་བའོ། །འབྲེལ་པ་སྟོན་པར་བྱེད་པ་ན་ངེས་པ་བཤད་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ལྟར་མ་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་ནི་འབྲེལ་པ་མེད་པར་ཡང་མ་མཐོང་བ་ཙམ་གྱིས་ལྡོག་པར་གྲུབ་པ་ཡིན་པར་འགྱུར་རོ། །དེ་བརྗོད་པ་ནི་

འབྲེལ་པ་མེད་ཀྱང་ཞེས་བྱ་བའོ། །དེ་ལྟ་ཡིན་ཡང་ཉེས་པ་གང་ཡོད་པ་དེ་བཤད་པ་ནི་འཁྲུལ་པ་ཅན་གྱི་གཉེན་པོར་ནི་ཞེས་བྱ་བའོ། །མ་མཐོང་བ་ཙམ་གྱི་ལྡོག་པ་ཡིན་ན་འདིས་གང་ཡིན་པ་ཞེས་བྱ་བས་མི་མཐུན་པའི་ཆོས་བརྗོད་པ་བཟུང་ནས་གལ་ཏེ་ཞེས་བྱ་བས་དེའི་དགོས་པ་རྟོགས་པར་བྱ་

เล่ม ๑๘๒ · หน้า 77a

སྟེ། དེ་ཞེས་བྱ་བས་བསྟན་པ་དེ་མ་སྨོས་ཀྱང་རྟོགས་པར་འགྱུར་ཞེས་དོགས་པ་བཀག་པའི་མཐར་ཐུག་པ་ཉིད་ཀྱིས་ངག་མཐར་ཕྱིན་པར་ཉེ་བར་བསྟན་པར་འགྱུར་རོ། །འབྲེལ་པ་ཡང་མདོའི་མདོ་སྦྱོར་བཞིན་ཁོ་ནར་འབྲེལ་ཏོ། །འཁྲུལ་པ་ཅན་མ་ངེས་པ་སྤོང་བར་མི་མཐུན་

ཆོས་བརྗོད་པ་གང་ཡིན་པའོ། །འདི་ཉིད་རྣམ་པར་འགྲེལ་པ་ནི་རེ་ཞིག་ཅེས་བྱ་བའོ། །ཆོས་མཐུན་པ་དང་མི་མཐུན་པ་གཉི་ག་བརྗོད་པར་བྱ་བ་གང་ཡིན་པའི་དེ་ནི་རིགས་སོ། །རིགས་པ་ཉིད་སྟོན་པས་གཉི་ག་སྒྲུབ་པ་ལ་ཉེ་བར་མཁོ་བ་སྟོན་པ་ནི་འགལ་བ་དང་མ་ངེས་པའི་གཉེན་པོར་

ཞེས་བྱ་བ་ཡིན་ནོ། །བརྗོད་པ་འདི་ནི་འགལ་བ་དང་མ་ངེས་པའི་གཉེན་པོར་གྱུར་པ་ཡིན་ནོ། །ཆོས་མཐུན་པས་རྗེས་སུ་འགྲོ་བ་བསྟན་པས་ན་འགལ་བ་སེལ་བར་བྱེད་དོ། །བསྒྲུབ་བྱ་ཉིད་དང་རྗེས་སུ་འགྲོ་བ་ཡིན་གྱི་བསྒྲུབ་བྱ་ལས་བཟློག་པ་དང་ནི་མ་ཡིན་པའི་ཕྱིར་རོ། །ཆོས་མི་མཐུན་

པས་ནི་ལྡོག་པ་རྟོག་པའི་ཕྱིར་མི་མཐུན་ཕྱོགས་ལ་འཇུག་པའི་མཚན་ཉིད་མ་ངེས་པ་སེལ་བ་ཡིན་ནོ། །ཆོས་མི་མཐུན་པ་སྨོས་པས་ནི་མ་ངེས་པའི་གཉེན་པོར་རོ་ཞེས་བྱ་བ་ནི་ཚིག་ལེའུ་བྱས་པའི་དོན་སྟོན་པའོ། །སྔར་ནི་དོན་འདི་ཁས་བླངས་པའི་རང་བཞིན་སློབ་དཔོན་གྱི་ཚིག་བརྗོད་དོ། །གང་

ཡིན་པ་ཞེས་བྱ་བས་བཟུང་བ་མི་མཐུན་པའི་ཆོས་བརྗོད་པ་དེ་ཞེས་འབྲེལ་པར་འགྱུར་བ་ཡིན་ནོ། །གལ་ཏེ་ཞེས་བྱ་བས་ནི་དེའི་དགོས་པ་དགོས་པར་བྱེད་དོ། །གལ་ཏེ་མི་མཐུན་པའི་ཆོས་བརྗོད་པ་དེས་མ་མཐོང་བའི་འབྲས་བུ་ཅན་ཡིན་ནའོ། །འདི་ཉིད་གལ་ཏེ་མི་མཐུན་པའི་ཆོས་བརྗོད་པ་གང་

ཡིན་པ་དེས་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་སྟོན་པར་བྱེད་ན་ཞེས་བྱ་བས་རྣམ་པར་བཀྲལ་ནས་དེ་མེད་ཀྱང་དགོས་པ་དེ་གྲུབ་པར་མདོས་རྗོད་པར་བྱེད་པ་ནི་དེ་མ་སྨོས་ཀྱང་རྟོགས་པར་འགྱུར་ཞེས་བྱ་བའོ། །མ་མཐོང་བ་དེ་ནི་མི་མཐུན་པའི་ཆོས་བརྗོད་བྱ་རྟོགས་པ་ཁོ་ནའོ། །འདི་སྐད་བརྗོད་པ་

ཡིན་ཏེ་ཇི་སྲིད་དུ་མི་མཐུན་པའི་ཕྱོགས་ལ་མེད་པ་རབ་ཏུ་སྟོན་པར་བྱེད་པའི་ཚད་མ་བསྟན་པ་མ་བྱས་ཀྱི་བར་དུ་མི་མཐུན་པའི་ཕྱོགས་ལ་མེད་པ་ཙམ་ལ་བསྟན་པས་ནི་མི་མཐུན་པའི་ཕྱོགས་ལ་མེད་པར་མི་རྟོགས་སོ། །དེས་ན་ཆོས་མི་མཐུན་པ་བསྟན་པ་ནི་དེ་འཛིན་པར་བྱེད་པའི་ཚད་མའི་ཡུལ་ཅན་

เล่ม ๑๘๒ · หน้า 77b

གྱི་དྲན་པ་སད་པར་བྱེད་པ་ཉིད་དོ། །དྲན་པའི་ཚད་མ་དེས་ཀྱང་ཚད་མ་དང་ལྡན་པའི་ཆོས་མི་མཐུན་པ་ལ་ཡང་དག་པ་ཁོ་ནར་མ་ངེས་པ་བསལ་བར་འགྱུར་རོ། །ལྡོག་པ་ངེས་པར་བྱེད་པའི་ཚད་མ་ཡང་མཐོང་བ་ཁོ་ན་ཡིན་ལ་དེ་ནི་ཆོས་མི་མཐུན་པ་མ་བརྗོད་ཀྱང་རྟོགས་པ་ཁོ་ནའོ། །འདི་

ལྟར་ཆོས་མཐུན་པ་ཉིད་བརྗོད་པར་བྱ་བ་ཡིན་ཏེ་བསྒྲུབ་པར་བྱ་བ་རྟོགས་པའི་དུས་ན་དེ་ལ་རྗེས་སུ་འགྲོ་བ་འཛིན་པའི་མཐོང་བ་ནི་མེད་དོ། །དེ་མེད་པར་རྗེས་སུ་འགྲོ་བ་མ་མཐོང་བ་གཏན་ཚིགས་ལས་དོན་རྟོགས་པ་མེད་དོ། །དེ་བརྗོད་ན་ནི་ཡུལ་དེ་ལ་སྔོན་ཞུགས་པ་ཁྱབ་པ་འཛིན་པའི་དུས་ན་

ཡོད་པ་མཐོང་བའི་ཡུལ་ཅན་གྱི་དྲན་པ་སྐྱེའོ། །ཆོས་མི་མཐུན་པ་བརྗོད་པས་རྟོགས་པར་བྱ་བ་མཐོང་བ་མེད་པ་ནི་དེ་ཉིད་ཀྱི་ཚེ་ཡོད་པ་ཉིད་དེ་དེས་ན་ཆོས་མི་མཐུན་པ་བསྟན་པས་དོན་ཅི་ཡོད། འདི་ལྟར་བསྒྲུབ་བྱ་རྟོགས་པའི་དུས་ན་ཡང་འདིས་མེ་མེད་པ་འགའ་ཞིག་ཏུ་དུ་བ་མཐོང་བ་ནི་

མེད་ལ། སྔར་གྱི་མ་མཐོང་བ་ཡང་རང་བཞིན་འདི་ཉིད་དུ་ཟད་དོ། །དུ་བ་ཡོད་ན་མེ་ཡོད་པ་ནི་དེའི་ཚེ་མ་དམིགས་ཏེ། དེའི་ཕྱིར་ཆོས་མཐུན་པ་བརྗོད་པར་རིགས་ཏེ། དེ་དེའི་ཚེ་མ་རྟོགས་པའི་ཕྱིར་རོ། །ལྡོག་པ་ནི་དེ་ཉིད་ཀྱི་ཚེ་རྟོགས་པ་ཁོ་ནའོ། །འདི་ཉིད་བཤད་པ་ནི་དེ་ལ་ལྡོག་པ་

བརྗོད་པའི་སྔོན་རོལ་ན་བརྗོད་པས་ལྡོག་པར་འགྱུར་བ་མི་མཐུན་པའི་ཕྱོགས་ལ་མཐོང་བའི་རང་བཞིན་དུ་འཁྲུལ་པ་གང་ཡིན་པ་དེ་ནི་མེད་དོ། །དེའི་ཚེ་ཡང་མ་མཐོང་བ་ཡོད་པ་ཁོ་ན་བས་བརྗོད་པ་དོན་མེད་དོ། །གལ་ཏེ་དེའི་ཚེ་མི་མཐུན་པའི་ཕྱོགས་ལ་མཐོང་བའི་རང་བཞིན་འཁྲུལ་པར་གྱུར་ན་

ནི་དེའི་ཚེ་སྔོན་རྟོགས་པའི་མ་མཐོང་བ་ཉེ་བར་སྟོན་པའི་ཚིག་དེ་གསལ་བའི་ཕྱིར་བརྗོད་པར་ཡང་འགྱུར་བ་ཞིག་ན་གང་གི་ཚེ་འཁྲུལ་པ་ཡང་མེད་པ་དེའི་ཚེ་ཡོད་བཞིན་པ་ཉིད་ཀྱི་མ་མཐོང་བ་ཁྱད་དུ་བསད་དེ་འབྲས་བུའི་མེད་པའི་ཚིག་ཙམ་ཉེ་བར་བཀོད་པ་འདིས་ཅི་ཞིག་བྱ། འདི་ཉིད་རྒྱ་ཆེར་

རྣམ་པར་ཕྱེ་ནས་བསྟན་པའི་ཕྱིར་གལ་ཏེ་ཚིག་གིས་མ་མཐོང་བ་ལས་ཞེས་དོགས་པ་བསུ་ནས། མཐོང་བ་མ་རྟོགས་པ་ནི་ཞེས་བྱ་བས་ལན་འདེབས་སོ། །མཐོང་བ་ནི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཡོད་པའི་ཡན་ལག་ཡིན་ན་དེ་བསྒྲུབ་པར་བྱ་བ་རྟོགས་པའི་དུས་ན་མེད་དོ་ཞེས་

เล่ม ๑๘๒ · หน้า 78a

སྔོན་ཞུགས་པའི་མཐོང་བ་དྲན་པ་ལ་གནས་པས་རྟོགས་པར་གྱུར་ན་ཡན་ལག་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་རྟོགས་པའི་དུས་ན་མཐོང་བ་བཞིན་དུ་མ་མཐོང་བ་ཡང་མེད་དོ་ཞེས་བྱ་བར་འདོད་ན་ནི། དེའི་ཚེ་མི་མཐུན་པའི་ཕྱོགས་ལ་མཐོང་བ་མེད་པས་མཐོང་

བར་འགྱུར་རོ། །དེ་མེད་དོ་ཞེ་ན་ནི་མ་མཐོང་བ་གྲུབ་པའི་ཕྱོགས་བརྗོད་པས་ཅི་བྱ་དེ་བཤད་པ་ནི་མཐོང་བ་ནི་ཞེས་བྱ་བའོ། །གལ་ཏེ་མ་མཐོང་བ་ཡོད་ཀྱང་འདི་མ་བརྟགས་པའི་ཕྱིར་མ་འཕྲིགས་པས་ན་དེའི་དོན་དུ་བརྗོད་དོ་ཞེ་ན་མ་ཡིན་ཏེ། སྒྲུབ་པར་བྱེད་པའི་སྐབས་ཉིད་ཀྱིས་ཡོངས་སུ་རྟོགས་པ་

ཡོད་པའི་ཕྱིར་རོ། །གང་གི་ཚེ་འདི་རང་ཉིད་རྗེས་སུ་དཔག་པ་ལ་འཇུག་གམ་གཞན་གྱིས་བཅུག་པ་དེའི་ཚེ་ཇི་ལྟར་ཕྱོགས་ཀྱི་ཆོས་མཐོང་བ་ན་བཟུང་བའི་རྗེས་སུ་འགྲོ་བ་དྲན་པ་ལ་ལྟོས་པ་དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ལ་ནི་མ་ཡིན་ནོ། །དེའི་མཐུན་པའི་ཕྱོགས་ལ་ཡོད་དམ་མེད་ཅེས་

ཐེ་ཚོམ་ཟ་བ་ནི་རང་ཉིད་དེ་ལྟར་དམིགས་པ་དྲན་པའམ་ཆོས་མཐུན་པ་བརྗོད་པས་བཅུག་པ་ལས་ལྡོག་པ་ཡིན་གྱི། མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་དེ་ལ་མ་མཐོང་བས་བཟློག་པར་བྱ་བ་ནི་དེའི་དུས་དུས་ངེས་པའི་མ་མཐོང་བ་ཉིད་ཀྱིས་བཟློག་པ་ཡིན་ནོ། །དེ་ལ་ནི་དྲན་

པའམ་དེ་སད་པར་བྱེད་པའི་ཚིག་གིས་ཅི་ཡང་བྱར་མེད་དོ། །དེའི་ཚེ་མ་དམིགས་ཀྱང་སྔར་ཡང་དམིགས་པར་དོགས་པ་བསལ་བའི་ཕྱིར་མ་དམིགས་པ་དྲན་པའི་དོན་དུ་བརྗོད་དོ་ཞེ་ན། འདི་ལ་སྔོན་བརྗོད་པས་ལྡོག་པར་འགྱུར་བ་མཐོང་བའི་འཁྲུལ་པ་གང་ཡིན་པ་ནི་མེད་དོ་ཞེས་བཤད་ཟིན་ཏོ། །གལ་

ཏེ་ད་ལྟར་ཡོད་ན་སྔོན་གྱི་མ་མཐོང་བ་དྲན་པ་ལ་ལྟོས་པ་ཡིན་ཏེ། ཟླ་བ་གཉིས་ལ་སོགས་པར་ཤེས་བཞིན་དུ་འཁྲུལ་པ་ལ་འཁྲུལ་པར་རྟོགས་ཀྱང་མི་ལྡོག་པའི་ཆོས་ཅན་ཉིད་ཀྱིས་དེའི་ཚེ་མ་མཐོང་བས་མ་ངེས་པ་ཡིན་ཡང་སྔོན་གྱི་མ་མཐོང་བ་ལ་ལྟོས་ནས་ངེས་པའི་ཕྱིར་རོ། །སྔར་མ་མཐོང་

བ་ལ་འཁྲུལ་པར་ཡང་ད་ལྟར་གྱི་ལ་ལྟོས་ནས་ཡིན་ནོ། །འོན་ཏེ་སྔར་མཐོང་བར་ཐེ་ཚོམ་ཟ་བ་ཉིད་འཁྲུལ་པར་བརྗོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ་དེ་ཡང་མེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་མི་མཐུན་པའི་ཕྱོགས་སམ་མཐུན་པའི་ཕྱོགས་ལ་མཐོང་ངམ་མ་མཐོང་སྙམ་དུ་ཐེ་ཚོམ་ཟ་བ་ནི་མ་ཡིན་

เล่ม ๑๘๒ · หน้า 78b

གྱི་འོན་ཀྱང་བསྒྲུབ་པར་བྱ་བ་རྟོགས་པའི་དུས་ན་ཐེ་ཚོམ་མེད་པ་ཉིད་ཀྱིས་མཐོང་བ་དང་། མ་མཐོང་བ་གཉིས་མ་རྟོགས་པས་ཁོ་ན་སྟེ། དེ་སྔོན་བརྗོད་པ་ལྡོག་པར་འགྱུར་བ་མཐོང་བའི་འཁྲུལ་པ་གང་ཡིན་པ་ནི་མེད་དོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་འདིར་བརྗོད་པ་མཐོང་བ་ནི་དེའི་དུས་ན་མེད་པའི་ཕྱིར་

དྲན་པར་བྱ་བ་ཉིད་ཀྱིས་ལྟོས་པར་བྱ་བ་ཉིད་དུ་རིགས་པ་ཡིན་ནོ། །མ་མཐོང་བ་ནི་དེའི་ཚེ་ཡང་ཡོད་པ་ཁོ་ན་བས་དེ་ལ་དྲན་པས་ཅི་ཞིག་བྱ། ཅི་སྟེ་ཡང་སྔོན་གྱི་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ལ་ཐེ་ཚོམ་ཟ་ན་དེ་ལྟ་ན་འོ་ན་ནི་བརྗོད་ཀྱང་དེ་མི་ལྡོག་སྟེ་ཚད་མ་མ་ཡིན་པའི་ཕྱིར་རོ། །ཚིག་ནི་མ་མཐོང་

བ་ངེས་པར་རྟོགས་པའི་འདུ་བྱེད་སད་པར་བྱེད་པ་ཉིད་ཀྱིས་དྲན་པར་བྱེད་པ་ན་ལྡོག་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་འབད་པ་མེད་པར་དྲན་བཞིན་དུ་ཐེ་ཚོམ་ཡང་མེད་པའི་ཕྱིར་རོ། །འབད་རྩོལ་ལས་ནི་དྲན་པའི་ས་བོན་ཡོད་ན་དྲན་པ་ཉིད་ཀྱིས་ཐེ་ཚོམ་མེད་པར་འགྱུར་རོ། །འབད་རྩོལ་ལས་ཀྱང་མི་དྲན་

པའི་ཐེ་ཚོམ་ཟ་བ་གང་ཡིན་པ་དེ་ལ་ནི་ཚིག་གིས་ཕན་པ་མ་ཡིན་ནོ། །དེས་ན་དེའི་དུས་ཀྱི་ཐེ་ཚོམ་མེད་པའི་མ་མཐོང་བ་ཉིད་ལ་བརྟེན་ནས་མི་མཐུན་པའི་ཕྱོགས་ལ་མེད་པ་ངེས་པར་བྱ་བ་ཁོ་ན་ཡིན་ནོ། །ཡང་ནས་ཡང་དུ་མ་མཐོང་བས་ཁྱབ་པ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དེ་ཡང་ནས་ཡང་

དུ་ཡིན་པར་སྒྲུབ་པའི་རྒྱུར་སྔོན་མ་མཐོང་བ་ཡང་དྲན་པར་བྱ་བ་ཡིན་ནོ་ཞེ་ན། མ་མཐོང་བ་ལ་ནི་ཡང་ནས་ཡང་གི་རང་བཞིན་ཡོད་པ་མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་རོ། །རྟེན་དེ་དང་དེ་དག་ལ་དེས་དབེན་པར་དམིགས་པ་དེ་ཡང་ནས་ཡང་ཉིད་དོ་ཞེ་ན། འདི་ལ་ཡང་ཡོད་པ་ཉིད་དེ་དེའི་ཚེ་ཡང་

རྟེན་དཔག་ཏུ་མེད་པ་ལ་མ་དམིགས་པའི་ཕྱིར་རོ། །སྨྲས་པ་གལ་ཏེ་འདིས་དེའི་ཚེ་ཡང་མི་མཐུན་པའི་ཕྱོགས་ལ་ཡོད་པ་མ་དམིགས་པ་དེ་ལྟ་ན་ཡང་མ་དམིགས་པའི་མི་དམིགས་པ་ཙམ་གྱིས་མེད་དོ་ཞེས་བྱ་བ་མ་ཡིན་པ་ཉིད་པས་དེའི་དོན་དུ་བརྗོད་དོ། །དེས་ནི་འདིའི་འདི་ནི་རྣམ་པ་འགའ་ཞིག་ལྟར་

མ་དམིགས་པ་ཡིན་ནོ་སྙམ་དུ་འདི་ནི་ཐམས་ཅད་དུ་མི་མཐུན་པའི་ཕྱོགས་ལ་མ་དམིགས་པ་ཡིན་ནོ་ཞེས་བྱ་བ་ལ་ལོག་པར་རྟོག་པ་ལྡོག་གོ་ཞེ་ན། གལ་ཏེ་མ་དམིགས་པའི་ཞེས་བྱ་བས་དོགས་པ་དེ་བསུ་ནས། མེད་ཅེས་བྱ་བའི་ཞེས་བྱ་བས་སེལ་བར་བྱེད་དོ། །བསྒྲུབ་པར་བྱ་བ་མེད་པ་ལ་མེད་ཅེས་

เล่ม ๑๘๒ · หน้า 79a

བྱ་བའི་ཚིག་གང་གིས་བསྒྲུབ་བྱ་མེད་ན་མེད་པར་བརྗོད་པ་སྟེ། དེ་ནི་ཆོས་མི་མཐུན་པའི་ངག་ཉིད་དོ། །ཆོས་མི་མཐུན་པའི་ངག་གིས་ཀྱང་དེ་མེད་པ་ཁོ་ན་ཡིན་ནོ། །འོ་ན་ཇི་ལྟར་མེད་པར་འགྱུར་ཞེ་ན། བཤད་པ་གལ་ཏེ་ཇི་ལྟར་དེ་རྣམ་པ་གང་གིས་མེད་རིགས་བརྗོད་ན།

དེ་ཚེ་མེད་ཅེས་བྱ་བར་རྟོགས། །རྣམ་པ་གང་གིས་མེད་པའི་རིགས་པ་ཞེས་བྱ་བ་ནི་རྣམ་པ་ཉིད་རིགས་པའི་རང་བཞིན་དུ་བཤད་པ་ཡིན་ནོ། །ཚིག་གིས་ནི་མི་མཐུན་པའི་ཕྱོགས་ལ་མེད་པར་སྟོན་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ཀྱང་གང་ལ་བསྒྲུབ་པར་བྱ་བ་མེད་པ་དེ་ཡིན་ནོ། །

བསྒྲུབ་པར་བྱ་བས་སྟོང་པའི་རྟེན་གྱི་ཁྱད་པར་ནི་དེའི་ཚེ་ཡང་དམིགས་པ་ཁོ་ན་ཡིན་ནོ། དེ་དག་ལ་ཡང་སྒྲུབ་པར་བྱེད་པ་མི་དམིགས་པ་ནི་མ་ཡིན་ནོ། །དེས་ན་གང་དུ་མ་དམིགས་པ་ལ་ཡང་ཡིད་མི་ཆེས་པ་དེར་ཚིག་ཀྱང་དེ་སྟོན་པ་ཉིད་ཀྱི་འབྲས་བུ་དང་ལྡན་པ་ཡིན་གྱི་མེད་པ་སྟོན་པ་ནི་མ་

ཡིན་ནོ། །དེ་ལྟར་དེས་ན་དེའི་ཚེ་ཚད་མས་གྲུབ་པ་ཉིད་སྟོན་པའི་ཕྱིར་རོ། །དེའི་ཕྱིར་ཆོས་མི་མཐུན་པ་བརྗོད་པ་ནི་ཚད་མ་སྟོན་པ་གཙོར་བྱེད་པ་ཉིད་དོ། །ཚད་མ་ད་ནི་དེའི་ཚེ་ན་ཡོད་པ་མ་ཡིན་ཡང་ཡིད་བརྟན་དུ་ནུས་པ་མེད་པའི་ཕྱིར། བརྗོད་ཀྱང་དོན་མེད་པ་ཁོ་ནའོ། །དེའི་ཕྱིར་ཚིག་གིས་ཀྱང་

མེད་དོ་ཞེས་མི་རྟོགས་སོ། །འདི་ཉིད་རྣམ་པར་འགྲེལ་པས་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །འདིས་ནི་མི་དམིགས་པ་ལ་ཡིད་མི་ཆེས་པ་ཉིད་དོ་ཞེས་བཤད་དོ། །དེ་བཞིན་དུ་ཆོས་མི་མཐུན་པ་བརྗོད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་བརྗོད་པས་ཀྱང་ཞེས་བྱ་བའོ། །དེ་ཡང་མི་དམིགས་པ་

རྗོད་པར་བྱེད་པ་ཉིད་དོ། །གལ་ཏེ་བསྒྲུབ་པར་བྱ་བས་གཏན་ཚིགས་ལ་ཁྱབ་པས་ཁྱབ་པར་བྱེད་པ་མེད་པ་ལ་ཁྱབ་པར་བྱ་བ་མེད་པ་ཡིན་ནམ། འདི་དག་གིས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་དངོས་པོ་དེ་ཡང་སྒྲུབ་པར་བྱེད་པ་རྟོགས་པའི་དུས་ཉིད་ན་རྟོགས་པར་བྱ་བ་མ་ཡིན་གྱི།

འོན་ཀྱང་ཁྱབ་པ་འཛིན་པའི་དུས་སུ་རྟོགས་པ་ཡིན་ནོ། །ཁྱབ་པ་ཡང་དང་ཡང་ཞུགས་པའི་མཐོང་བ་དང་མ་མཐོང་བ་དག་གིས་རྟོགས་པ་ཡིན་ནོ། །དེས་ན་འདི་དག་གིས་ངེས་པའི་བདག་ཉིད་ཀྱི་ཁྱད་པར་ཁྱབ་པ་འཛིན་པའི་དུས་ན་རྟོགས་པ་གང་ཡིན་པ་དེ་བསྒྲུབ་བྱ་རྟོགས་པའི་དུས་ན་ཚིག་

เล่ม ๑๘๒ · หน้า 79b

གིས་དྲན་པའི་རྟེན་དུ་ཉེ་བར་བསྒྲུབ་པའི་ཕྱིར་བསྒྲུབ་བྱ་རྟོགས་པའི་དུས་ན་མ་མཐོང་བ་ཡོད་ཀྱང་དེར་ཡན་ལག་མ་ཡིན་ནོ། །དེའི་བསྒྲུབ་བྱ་མེད་ན་སྒྲུབ་པར་བྱེད་པ་མེད་པའི་མཚན་ཉིད་ཅན་གྱི་ཁྱད་པར་ནི་ཆོས་མཐུན་པ་བརྗོད་པས་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་སོ་ཞེས་བྱ་བའི་དོགས་པ་

འདི་བསུ་ནས་བཤད་པ་ནི། བསྒྲུབ་པར་བྱ་བ་གཅིག་མི་དམིགས་པས་གཞན་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་བུམ་པ་ལོག་པས་ཀྱང་སྣམ་བུ་ལྡོག་པར་འགྱུར་རོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་

འབྲེལ་པ་མེད་པར་ནི་གང་ལས་དངོས་པོའི་མཐུ་ཉིད་ཀྱིས་གཅིག་ཡོད་ན་གཞན་ཡོད་པར་འགྲུབ་པ་ཁྱབ་པ་དང་ཁྱབ་པར་བྱེད་པའི་དངོས་པོ་ཡང་མི་འགྲུབ་བོ། །གལ་ཏེ་འབྲེལ་པ་མེད་ཀྱང་གཅིག་མེད་པའི་ཕྱིར་གཞན་མེད་དོ་ཞེས་བྱ་བར་འདོད་པ་ནི་ཧ་ཅང་ཐལ་བར་འགྱུར་རོ། །ཚིག་ནི་

མི་དམིགས་པར་རྗོད་པར་བྱེད་པ་ཉིད་སྤངས་ནས་ཚིག་གི་རང་བཞིན་ཉིད་ཀྱིས་ཡན་ལག་མ་ཡིན་ནོ་ཞེས་བཤད་པ་ནི་མེད་དོ་ཞེས་བརྗོད་པས་ཀྱང་ཞེས་བྱ་བ་ཡིན་ནོ། །ཚིག་གི་རང་བཞིན་ཙམ་ཉིད་ཀྱིས་ནི་ཚིག་གིས་མེད་པར་གོ་བར་བྱེད་པ་མ་ཡིན་གྱི་འོན་ཀྱང་སྔོན་ཞུགས་པའི་ཚད་

མ་སྟོན་པར་བྱེད་པ་ཉིད་ཀྱིས་སོ། །དེས་ན་ཇི་ལྟར་ཞེས་ཇི་ལྟར་ཡང་ཆོས་མི་མཐུན་པ་བརྗོད་པས། མ་ངེས་པ་སྤངས་པ་མ་ཡིན་ཏེ། ཚིག་ཙམ་གྱི་རང་བཞིན་གྱིས་མ་ཡིན། གཞན་མེད་ན་གཞན་མེད་པ་གོ་བར་བྱེད་པ་ཉིད་ཀྱིས་མ་ཡིན། སྔར་ཞུགས་པའི་ཚད་མ་སྟོན་པར་

བྱེད་པ་ཉིད་ཀྱིས་མ་ཡིན་ཏེ་མ་མཐོང་བ་ཙམ་གྱིས་ལུས་ཅན་དེ་ནི་དེའི་ཚེ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་བསྒྲུབ་པར་བྱ་བ་མེད་པ་ལ་སྒྲུབ་པར་བྱེད་པ་ལྡོག་པར་ཏེ། མེད་པར་འདོད་པས་མ་མཐོང་བ་ཙམ་གྱིས་གྲུབ་པ་སྤངས་ཏེ། གང་གིས་ན་རྟོགས་པ་པོ་དེ་ལ་ལྡོག་པ་ཞེས་བྱ་བར་

རྟོགས་པར་འགྱུར་བའི་རིགས་པ་བརྗོད་དགོས་སོ། །ཉེས་པ་གཞན་ཡང་བསྟན་པའི་ཕྱིར་སྤངས་ཟིན་པ་ཉིད་ཡིན་ཡང་རྩོད་པར་བྱེད་པ་དེས་མེད་པ་ལ་ཞེས་བྱ་བའོ། །བསྒྲུབ་པར་བྱ་བ་དེ་མེད་པ་ལ་སྒྲུབ་པར་བྱེད་པ་དེ་མི་དམིགས་པས་ན་བསྒྲུབ་པར་བྱ་བ་ལ་མེད་པའི་མཚན་ཉིད་ཀྱིས་ལྡོག་

เล่ม ๑๘๒ · หน้า 80a

པ་གྲུབ་བོ་ཞེ་ན། འདི་དགག་པའི་ཕྱིར་གལ་ཏེ་ཞེས་སྨོས་སོ། །གལ་ཏེ་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མ་མཐོང་བའི་ཕྱིར་བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པར་འགྱུར་ན་ཇི་ལྟར་ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པ་འཁྲུལ་པ་ཅན་ཡིན། དེ་ལ་ཡང་

མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཡོད་པའི་ཕྱིར་རོ། །འཁྲུལ་པ་ཅན་དུ་ཡང་སློབ་དཔོན་གྱིས་གསུངས་སོ། །དེས་ན་གཏན་ཚིགས་ཐམས་ཅད་དེ་དང་མཚུངས་པའི་འཁྲུལ་པ་ཅན་དུ་བརྗོད་པར་འགྱུར་རོ། །ལྷག་མ་དང་ལྡན་པ་དེ་ཡང་གང་ཡིན་ཞེ་ན་དེའི་རང་བཞིན་ངོ་བོ་བཤད་

པ་ནི། དཔེར་ན་ཞེས་བྱ་བའོ། །འབྲས་བུ་འདི་དག་ནི་ཆོས་ཅན་སྨིན་པའམ་རོ་བྲོ་བ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཟུགས་ཁྱད་པར་མེད་པའི་ཕྱིར་རམ། གཅིག་ལས་སྐྱེས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཟོས་པ་དང་འདྲའོ་ཞེས་བྱ་བ་ནི་དཔེའོ། །ད་ནི་འདི་ཇི་ལྟར་མི་

མཐུན་པའི་ཕྱོགས་ལ་མ་མཐོང་བ་དེ་འཆད་དོ། །ལྷག་མ་དང་ལྡན་པ་འདི་ལ་ཡང་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མི་དམིགས་པ་ཡོད་པ་ཡིན་ཏེ། དེ་བས་ན་ཇི་ལྟར་འཁྲུལ་པ་ཡིན་འཁྲུལ་པ་ཅན་ནི་ལྡོག་པ་མ་ངེས་པ་ཉིད་ཡིན་ལ། ལྡོག་པ་ངེས་པར་བྱེད་པ་མི་དམིགས་

པ་ཙམ་ཡང་ཡོད་པ་ཉིད་དེས་ན་འཁྲུལ་པ་དང་ལྡན་པར་འགྱུར། ཡལ་ག་དེ་ལས་སྐྱེས་པ་ཉིད་ནི་རོ་དེ་མེད་པ་ལ་དམིགས་པ་མེད་དོ། །འོན་ཏེ་ཡང་གལ་ཏེ་ཟོས་པའི་འབྲས་བུ་ལ་ཡལ་ག་དེ་ལས་སྐྱེས་པ་ཉིད་ཡོད་ན་དེའི་རང་བཞིན་དུ་དམིགས་པ་དེ་ལྟ་ན་ཡང་འབྲས་བུ་གཞན་ལ་དེ་ལས་

སྐྱེས་པ་ཉིད་དེ་མེད་པར་ཡང་འགྱུར་རོ། །གང་གིས་དེ་ལ་རོ་དེར་རྟོགས་པར་འགྱུར་བ་འབྲས་བུ་གཞན་ཡང་ཟོས་པ་ནི་མ་ཡིན་ཏེ། དེས་ན་ལྡོག་པ་ལ་ཐེ་ཚོམ་ཟའོ། །འབྲས་བུ་གཞན་དག་ལ་ནི་དེ་ལས་སྐྱེས་པ་ཉིད་བསྒྲུབ་པར་བྱ་བའི་རོ་དང་ལྡན་པ་ཉིད་ལ་འཇུག་གམ་རོ་གཞན་དང་ལྡན་

པ་ལ་འཇུག་པ་ཡིན་ཞེས་དེ་རྟོགས་པར་བྱེད་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་འདི་ལྷག་མ་དང་ལྡན་པ་ཞེས་བརྗོད་དེ། བསྒྲུབ་པར་བྱ་བ་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བ་འཁྲུལ་པའི་ཡུལ་ངེས་པ་མེད་པའི་འབྲས་བུ་གཞན་ཡོད་པའི་ཕྱིར་རོ་ཞེ་ན། དོགས་པ་འདི་བསུ་ནས་བཤད་པ་ནི། བརྗོད་

เล่ม ๑๘๒ · หน้า 80b

པར་འདོད་པ་མ་ལུས་པ་ཕྱོགས་སུ་བྱས་ན་ཞེས་བྱ་བའོ། །འདིར་གཏན་ལ་མ་ཕེབས་པས་གཅིག་ཟོས་ཀྱང་ལྷག་མ་འཁྲུལ་པའི་ཡུལ་ཉིད་དུ་བརྗོད་པར་འདོད་པ་གང་ཡིན་པའི་བརྗོད་པར་འདོད་པ་དེ་དག་མ་ལུས་པར་ཕྱོགས་སུ་བྱས་པར་གྱུར་ནའོ། །འདི་སྐད་བརྗོད་པ་ཡིན་ཏེ། འཁྲུལ་

པའི་ཡུལ་ཉིད་དུ་དོགས་པ་ཐམས་ཅད་ཕྱོགས་སུ་བྱས་པ་ལ་ནི་རོ་དེ་དང་དེ་མ་ཡིན་པར་ཐེ་ཚོམ་ཟ་བ་རྗེས་སུ་དཔག་པ་ཉིད་ཀྱིས་བཟློག་པར་བྱ་བ་ཡིན་གྱི་ཕྱོགས་ལས་བསྒྲུབ་པར་བྱ་བའི་ཆོས་ཐེ་ཚོམ་ཟ་བས་ནི་གཏན་ཚིགས་ཀྱི་ལྡོག་པ་མ་ངེས་པ་ཉིད་ཀྱིས་འཁྲུལ་པར་འགྱུར་བ་མ་ཡིན་ནོ། །

ཕྱོགས་ཉིད་ནི་འཁྲུལ་པའི་ཡུལ་མ་ཡིན་ཏེ་དེའི་ཕྱིར་ཟོས་པའི་འབྲས་བུ་ལ་དེ་ལས་སྐྱེས་པ་ཉིད་ཡོད་ན་རོ་དེ་མཐོང་བའི་ཕྱིར་རྗེས་སུ་འགྲོ་བ་རྟོགས་ལ་རོ་དེ་མེད་པར་ནི་འགར་ཡང་དེ་ལས་སྐྱེས་པ་ཉིད་མ་མཐོང་བས་བསྒྲུབ་པར་བྱ་བ་མེད་པ་ལ་དེ་མ་དམིགས་པའི་ཕྱིར་ལྡོག་པར་རྟོགས་

སོ། །གལ་ཏེ་ཁྱབ་པ་འཛིན་པའི་དུས་ན་མཐུན་པའི་ཕྱོགས་དང་ཅིག་ཤོས་ལ་ཡོད་པ་དང་མེད་པར་རྟོགས་པའི་གཏན་ཚིགས་བསྒྲུབ་པར་བྱ་བ་རྟོགས་པའི་དུས་ན་ཡན་ལག་མ་ཡིན་ནམ། འབྲས་བུ་དེ་ཟོས་པའི་དུས་ཉིད་ཁྱབ་པ་འཛིན་པའི་དུས་ཡིན་ནོ་ཞེ་ན། དེའི་ཚེ་ཡང་བསྒྲུབ་པར་བྱ་

བ་མེད་པ་ལ་གཏན་ཚིགས་མེད་པ་མི་མཐུན་པ་ཕྱོགས་ལ་བལྟར་རུང་བ་མཐོང་བས་རྟོགས་པར་བྱ་བ་ཡིན་ན་ལྕེའི་དབང་པོ་བྱེད་པ་མེད་པ་ནི་རོ་བལྟར་རུང་བ་མ་ཡིན་ནོ། །ཡལ་ག་ལ་སོགས་པ་འབྲས་བུ་དེ་ཙམ་ཞིག་སྐྱེད་པ་ཡིན་པའི་ཕྱིར་དེ་ལས་སྐྱེད་པ་ཉིད་གཞན་ལ་མེད་པ་ཡིན་ནམ།

འོན་ཏེ་རོ་དེ་མེད་པས་ཡིན་ཞེས་མ་མཐོང་ཡང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་དོ་ཞེ་ན། བརྗོད་པ་རོ་གཞན་ཉམས་སུ་མྱོང་བ་ལ་ཡང་རོ་དེ་མེད་པར་དེ་ལས་སྐྱེས་པ་དམིགས་པ་ནི་མེད་དོ། །དེ་ལ་ནི་དེ་ལས་སྐྱེས་པ་ཉིད་དམིགས་པའི་མཚན་ཉིད་དུ་གྱུར་པ་ཁོ་ན་ཡིན་ཏེ། འབྲས་བུ་གཞན་ལས་སྐྱེ་བར་

དམིགས་པའི་ཕྱིར་རོ། །རོ་གཞན་དམིགས་པའི་ཕྱིར་ཡང་དམིགས་པར་རུང་བའི་རོ་དེ་མེད་པ་ཡིན་ནོ། །དེ་ལྟར་སྨྲ་བ་ལ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་སྣང་བ་མི་དམིགས་པས་ཅི་ཡང་བྱར་མེད་དེ་མཐོང་བའི་རྟེན་ཙམ་དངོས་པོ་མེད་པར་སྒྲུབ་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །ཐམས་

เล่ม ๑๘๒ · หน้า 81a

ཅད་དུ་དེ་ལྟར་མེད་པ་ནི་ལྡོག་པ་ཡིན་ནོ་ཞེས་བཤད་ཟིན་ཏེ། དེས་ན་འགའ་ཞིག་ཏུ་ཁས་བླངས་ནས་དམིགས་པར་རུང་བ་མི་དམིགས་པ་ཉིད་ཡིན་ཡང་། ཐམས་ཅད་དུ་དེ་ལྟ་བུ་ཡིན་པ་ལ་ནི་དམིགས་པ་ལོག་པ་ཙམ་ཉིད་ཚད་མར་བྱ་བ་ཡིན་ནོ། །དེས་ན་རོ་གཞན་དང་སྐྱེ་བ་

གཞན་མ་དམིགས་ཀྱང་རོ་དེ་མེད་པ་ཉིད་ལ་དེ་ལས་སྐྱེས་པ་ཉིད་དམིགས་པ་མེད་པ་ནི་གྲུབ་པ་ཁོ་ནའོ། །སློབ་དཔོན་གྱི་གཞུང་འཆད་པར་བྱེད་པ་ཁ་ཅིག་ན་རེ་ནི་འདི་ལྟ་སྟེ་མངོན་སུམ་གྱིས་གནོད་པར་དོགས་པའི་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །གཏན་ཚིགས་ཀྱིས་ཡུལ་ལ་ཞུགས་སུ་

ཟིན་ཀྱང་འདི་ལ་མངོན་སུམ་གྱིས་གནོད་པར་དོགས་པ་ཡིན་ནོ། །འདི་ལྟར་དེ་ལས་རྗེས་སུ་དཔག་པའི་དོན་ལ་ཞུགས་པ་རེས་འགའ་དེ་ལ་རོ་གཞན་དམིགས་པ་སྲིད་པ་ཡིན་ནོ། །དེ་ལྟར་ཡིན་ཡང་དེའི་འབྲས་བུ་ཉིད་ཀྱི་གཏན་ཚིགས་ཀྱིས་སྔོ་བསངས་ཞེས་རྗེས་སུ་དཔག་པ་ན་དེ་སྔོ་བསངས་

མ་ཡིན་པར་ཡང་མངོན་སུམ་གྱིས་མཐོང་བ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གཏན་ཚིགས་ལ་ཚུལ་གསུམ་ཡོད་ཀྱང་གནོད་པ་མེད་པའི་ཡུལ་ཅན་ཉིད་ཀྱང་མཚན་ཉིད་དུ་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་པས་དེ་འགོག་པར་བྱེད་དོ། །རྗེས་སུ་དཔོག་པའི་དུས་

ན་ཕྱོགས་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་ཕྱོགས་སུ་བྱས་པའི་ཡུལ་ལ་མངོན་སུམ་གྱིས་གནོད་པ་མེད་པ་ཁོ་ནའོ། །དེའི་ཕྱིར་རྗེས་སུ་དཔག་པར་བྱ་བའི་ཆོས་ནི་རྗེས་སུ་དཔག་པས་གྲུབ་པ་ཉིད་དོ། །བདེན་ཏེ་རྗེས་སུ་དཔག་པ་འཇུག་པའི་གནས་སྐབས་ན་ཕྱོགས་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་

དེ་ལ་ཆོས་མངོན་སུམ་གྱིས་གནོད་པ་མེད་པ་དེ་ལྟ་ན་ཡང་འདིར་ཡོད་པ་ཉིད་ཀྱིས་གནོད་པ་ནི་མ་ཡིན་ཏེ་འོན་ཀྱང་གནོད་པར་དོགས་པ་ཉིད་དོ་ཞེ་ན་ཅི་སྟེ་ཞེས་བྱ་བས་དོགས་པ་འདི་བསུ་ནས་དེ་ལྟ་བུར་དོགས་ན་ཞེས་བྱ་བས་ཟློག་པར་བྱེད་དོ། །གལ་ཏེ་ཡོངས་སུ་དག་པའི་ཚུལ་གསུམ་པ་ཅན་གྱི་རྗེས་

སུ་དཔག་པ་ཡོད་ཀྱང་གནོད་པར་དོགས་པ་འཁྲུལ་པ་ཉིད་ཡིན་ན། ཁྱེད་ཀྱི་ཕྱོགས་ལ་རྗེས་སུ་དཔག་པ་མཐའ་དག་དེ་བཞིན་དུ་འགྱུར་ཏེ་རྗེས་སུ་དཔག་པ་མངོན་སུམ་གྱི་རྩ་བ་ཅན་ཡིན་པའི་ཕྱིར་གྱི་དངོས་པོའི་རྩ་བ་ཅན་ནི་མ་ཡིན་པའི་ཕྱིར་དང་འབྱུང་བར་འགྱུར་བའི་གནོད་པ་ཡང་དེའི་ཚེ་ཉིད་རྟོགས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด