ตัวบทไม่มีชื่อ — ประโยคแรก: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས་ལེའུ་གསུམ་པ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๓ · หน้า 131a

པུའམ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་སྣ་ཚོགས་ཀྱི་ངོ་བོ་ཉིད་ཅན་གྱི་རྣམ་པ་གཟུང་བ་ལ་སོགས་པ་བདེན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །བདག་དང་ཤེས་པ་དེའི་གཅིག་པ་ཉམས་པའི་ཕྱིར་རོ། །སྣ་ཚོགས་སུ་སྣང་བར་གྱུར་པས་དེའི་ཚེ་གཅིག་པ་

ཉམས་པ་ཡིན་ནོ། །གཞན་གྱིས་གཞན་ཉིད་ཉམས་ཕྱིར་དང་། །ཞེས་བྱ་བ་ནི། རྣམ་པ་བདེན་པར་ཇི་ལྟར་འགྱུར་ཏེ། གཞན་གྱིས་གཞན་ཉིད་ཅེས་བྱ་བ་ན་ཐ་དད་པར་མཐོང་བ་དེ་ཙམ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཞན་གྱིས་གཞན་ཉིད་དུ་མི་འགྱུར་རོ། །འོན་ཏེ་སྣ་ཚོགས་ཚངས་པའི་

ངོ་བོ་ཉིད་ཡིན་པའི་ཕྱིར། ཐ་དད་པ་མེད་དོ་ཞེ་ན། འདིར་སྨྲས་པ། དངོས་མ་མཐོང་ཕྱིར་ཐ་དད་ཡིན། །དངོས་པོ་ཐ་དད་མེད་མཐོང་བློས། །ཐ་དད་མེད་པར་ངེས་པ་ཡིན། །ཞེས་བྱ་བ་ལ། གཟུང་བ་ལ་སོགས་པ་ཐ་དད་པས་སྔོན་པོ་ལ་སོགས་པ་ཐ་དད་པ་ནི་ཐ་དད་པ་མ་ཡིན་པར་རིགས་

པ་མ་ཡིན་ཏེ། ཐ་མི་དད་པའི་དངོས་པོ་མ་མཐོང་བའི་ཕྱིར་རོ། །གལ་ཏེ་སྣ་ཚོགས་པ་ཐམས་ཅད་གཅིག་གི་ངོ་བོ་ཉིད་དུ་སྣང་བ་ཡིན་ན། དེའི་ཚེ་གཅིག་པ་ཉིད་དུ་ཁས་བླངས་ན་ལེགས་སོ། །གང་གི་ཕྱིར་དངོས་པོ་ཐ་དད་པ་མེད་པར་མཐོང་བའི་བློས་ནི་ཐ་དད་པ་མེད་པར་ངེས་པར་བྱེད་

པ་ཡིན་གྱི། སྔོན་པོ་ལ་སོགས་པ་རྣམས་དང་བདེ་བ་ལ་སོགས་པ་ཐ་དད་པ་རྣམས་ཐ་མི་དད་པར་སྣང་བ་ནི་མ་ཡིན་པ་དེའི་ཕྱིར་འགྲོ་བ་ཐམས་ཅད་བདག་ཡོངས་སུ་གྱུར་པ་ནི་མ་ཡིན་ནོ། །གཞན་ཡང་གལ་ཏེ་སྔོན་པོ་ལ་སོགས་པ་ཐ་དད་པ་རང་གསལ་བ་ཡིན་ན། དེ་ལྟ་ན་ནི་དེ་དག་བདེན་

པར་འགྱུར་རོ། །འོན་ཏེ་གསལ་བའི་ངོ་བོ་ཉིད་མ་ཡིན་ན་ནི་ཇི་ལྟར་གསལ་བ་མ་ཡིན་པར་གྱུར་པ་གསལ་བའི་བདག་ཉིད་ལས་ཐ་དད་པར་མི་འགྱུར། གསལ་བའི་ངོ་བོ་ཉིད་ཡིན་ན་ནི་བདག་ཉིད་བཞིན་དུ་སྔོན་པོ་ལ་སོགས་པ་ཐམས་ཅད་ཀྱང་བདེན་པར་འགྱུར་རོ། །དེ་ལྟར་གྱུར་ན་

སྔོན་པོ་ལ་སོགས་པའི་རྟོག་པའི་ངོ་བོ་ཉིད་ལས་ཐ་དད་པ་མ་ཡིན་པས་ཇི་ལྟར་གཅིག་ཡོངས་སུ་གྱུར་པ་ཡིན། འོན་ཏེ་སྣ་ཚོགས་པའི་རང་བཞིན་ཅན་ཉིད་འཁྲུལ་པ་ཡིན་པ་དེ་ལྟ་ན་ཡང་ཐ་མི་དད་པར་མི་སྣང་བའི་ཕྱིར་ཐམས་ཅད་སྟོང་པར་འགྱུར་རོ་ཞེ་ན། གང་གིས་དངོས་པོ་རྣམ་དཔྱད་ན།

เล่ม ๑๘๓ · หน้า 131b

དེ་ཉིད་དུ་དེའི་རང་བཞིན་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་དངོས་མེད་ཕྱིར། །ཞེས་བྱ་བ་ལ། དེའི་ཕྱིར་ཕྱི་རོལ་དང་ནང་གི་དངོས་པོ་རྣམས་གཅིག་གི་ངོ་བོ་ཉིད་གང་གིས་རྣམ་པར་དཔྱད་ན། དེ་ཁོ་ན་ཉིད་དུ་གཅིག་དང་དུ་མར་དེའི་དངོས་པོ་མེད་དེ་གང་གི་ཕྱིར། དེ་དག་ལ་

གཅིག་གི་ངོ་བོ་ཉིད་མེད་དེ་དུ་མ་ཉིད་དུ་སྣང་བའི་ཕྱིར་རོ། །དུ་མའི་ངོ་བོ་ཉིད་ཀྱང་མེད་དེ་རང་རིག་པས་དུ་མ་ཉིད་དུ་མི་ཤེས་པའི་ཕྱིར་རོ། །གཞན་རིག་པས་ཀྱང་སྣ་ཚོགས་པ་ཉིད་དུ་རྟོགས་པ་མ་ཡིན་ནོ་ཞེས་བསྟན་པ་དང་། གཞན་རིག་པ་ཡང་མེད་དོ་ཞེས་བསྟན་ཟིན་ཏོ། །དེ་བས་ན་ཐ་

དད་པའི་ངོ་བོ་དང་ཐ་མི་དད་པའི་ངོ་བོ་ཉིད་ཐམས་ཅད་རྗེས་སུ་མཐུན་པའི་ངོ་བོ་ཉིད་གོམས་པའི་དབང་གིས་སྣང་བ་ཡིན་ནོ། །ཕྱིན་ཅི་ལོག་ཏུ་སྣང་བ་ནི་ཡོད་པ་ལོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་བདེན་པའོ། །ཅི་སྟེ་ཆོས་མཐུན་པ་ཉིད་མཐོང་བ་ལས། དེ་བདག་མིན་ལ་དེ་བདག་ཏུ། །

ཞེན་པའི་འཇིག་རྟེན་པ་དག་ནི། །འཁྲུལ་སྐྱེ་འདི་ལ་དེ་མེད་དེ། །འཇིག་རྟེན་འདི་རུ་དེ་བདག་ཉིད། །གཅིག་ཀྱང་མཐོང་བ་མེད་ཕྱིར་རོ། །ཞེས་བྱ་བ་ནི། འཇིག་རྟེན་པ་དག་གི་ཆོས་མཐུན་པ་ཉིད་མཐོང་བ་ལས་འཁྲུལ་པ་སྐྱེ་བར་འགྱུར་རོ། །འཁྲུལ་པ་ཇི་ལྟ་བུ་ཞིག་ཅེ་ན། དེའི་བདག་ཉིད་མ་

ཡིན་པ་སྟེ་ཆུའི་བདག་ཉིད་མ་ཡིན་པ་ལ་ཆུའི་བདག་ཉིད་དུ་ཞེན་པའོ། །ཞེན་པ་ནི་རྣམ་པར་ཤེས་པར་སྨྲ་བ་འདི་ལ་ཆོས་མཐུན་པ་ཉིད་མཐོང་བ་འཁྲུལ་པའི་རྒྱུ་དེ་མེད་དེ། འཇིག་རྟེན་འདི་ན་གཟུང་བ་དང་འཛིན་པའི་བདག་ཉིད་ཕྱི་རོལ་པ་ཉིད་དུ་མཐོང་བ་མེད་པའི་ཕྱིར། དེ་ཅིའི་ཕྱིར། འཁྲུལ་

པར་སྐྱེ་བ་ཡིན་ཞེ་ན། འདི་ལ་ལན་བཏབ་པ། འདི་ཡོད་ཀྱང་ནི་ནང་ངོ་བོས། །བསླད་པ་ལས་སྐྱེས་ཅན་གང་དེ། །ཉེས་པ་ལས་སྐྱེས་ཅན་དངོས་ཀྱིས། །ཕྱིན་ཅི་ལོག་ཏུ་སྣང་བ་ཅན། །མཐོང་སོགས་ཆོས་མཐུན་ཅན་ཉིད་ལ། །ལྟོས་མེད་རབ་རིབ་ལ་སོགས་བཞིན། །ཞེས་བྱ་བ་ཡིན་ཏེ།

ཆོས་མཐུན་པ་མཐོང་བ་ཉིད་ལས་འཁྲུལ་པ་འབྱུང་བ་མ་ཡིན་ཏེ། འོན་ཀྱང་ནང་གིས་བསླད་པ་མ་རིག་པ་དང་རབ་རིབ་ལ་སོགས་པ་འདི་ལས་སྐྱེས་པ་གང་ལ་ཡོད་པ་དེ་ནི་ཡོད་པ་སྟེ། གང་ལ་ནང་གིས་བསླད་པ་ལས་སྐྱེས་པའི་འཁྲུལ་པ་ཡོད་པ་དེ་ནི་མ་རིག་པ་ལ་སོགས་པའི་ཉེས་པ་

เล่ม ๑๘๓ · หน้า 132a

ལས་སྐྱེས་པས་ངོ་བོ་ཉིད་ཀྱིས་ཡང་དག་པ་མ་ཡིན་པར་སྣང་བ་ཅན་ཡིན་གྱི་ཆོས་མཐུན་པ་མཐོང་བ་ལ་ལྟོས་པ་མེད་པ་གང་ལ་ཡོད་པ་དེ་ནི་འཁྲུལ་པ་སྟེ། སོགས་པའི་སྒྲས་འདྲ་བའི་དངོས་པོ་གཟུང་ངོ་། །དེ་ཡང་དཔེར་ན་རབ་རིབ་ཅན་ལ་སོགས་པའི་ཤེས་པ་དངོས་ཀྱིས་

སྐྲ་ཤད་ལ་སོགས་པ་མཐོང་བ་དང་ཆོས་མཐུན་པར་སྣང་བ་ལ་ལྟོས་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་ནང་གི་རབ་རིབ་ལས་ཡིན་ནོ། །རབ་རིབ་ལས་སྐྱེས་པར་གྱུར་པའི་སྐྲ་ཤད་ལ་སོགས་པའི་ཤེས་པ་དངོས་པོའི་སྟོབས་ཉིད་ལས་སྐྱེས་པ་མ་ཡིན་ནམ། ཇི་ལྟར་རབ་རིབ་ཀྱི་ཤེས་པ་

དཔེར་འཇོག་ཅེ་ན། མ་ཡིན་ཏེ། ནང་གི་རྒྱུ་ཙམ་ལས་སྣང་བར་འདོད་པའི་ཕྱིར་ཏེ། ནང་གི་རྒྱུ་ཡང་བག་ཆགས་ཁོ་ནས་ཡུལ་ཐམས་ཅད་ལ་ཁྱབ་པ་ཡིན་གྱི། རབ་རིབ་ནི་མ་ཡིན་ནོ། །བག་ཆགས་དེ་ཡང་ཤེས་པ་གཞན་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ལ་ཡང་ཤེས་པ་གཞན་སྔོན་

དུ་འགྲོ་བའི་ཕྱིར་མཐར་ཐུག་པ་མེད་པས་ཡོད་པ་མ་ཡིན་པའི་ཤེས་པའི་བག་ཆགས་བརྒྱུད་པར་འགྱུར་རོ། །རྣམ་པར་རིག་པར་སྨྲ་བའི་ཚད་མ་བསྟན་པར་བྱ་བའི་ཕྱིར། དེ་ལ་བློ་ནི་ཡོངས་གཅོད་པ། །འཛིན་པའི་རྣམ་པར་འདོད་པ་ཡིན། །དེ་བདག་ཉིད་ཕྱིར་བདག་རིག་སྟེ། །

དེ་ཕྱིར་དེ་ནི་སྒྲུབ་བྱེད་ཡིན། །ཞེས་བྱ་བ་སྨོས་ཏེ། རྣམ་པར་རིག་པར་སྨྲ་བ་དེ་ལ་སྔོན་པོ་ལ་སོགས་པ་སྣང་བའི་བློ་གང་ཞིག་ཡོངས་སུ་གཅོད་པ་ཇི་ལྟ་བུ་ཡིན་ཞེ་ན། འཛིན་པའི་རྣམ་པར་འདོད་པ་དེའི་བདག་ཉིད་ཀྱི་ཕྱིར་ཏེ། ཡོངས་སུ་གཅོད་པའི་རང་བཞིན་གྱི་ཕྱིར་བདག་རིག་པ་སྟེ།

ཉམས་སུ་མྱོང་བའོ། །དེའི་ཕྱིར་འཛིན་པའི་རྣམ་པ་དེ་བདག་རིག་པ་དེའི་སྒྲུབ་པར་བྱེད་པའི་ཚད་མ་ཡིན་ནོ། །ཕྱི་རོལ་གྱི་དོན་ལ་ཤེས་པའི་རྣམ་པ་ཚད་མ་ཡིན་ལ་ཕྱི་རོལ་གྱི་དོན་གཞལ་བར་བྱ་བ་ཡིན་པའི་ཕྱིར། གཞལ་བར་བྱ་བ་དང་འཇལ་བར་བྱེད་པར་གནས་པར་རིག་པ་མ་ཡིན་ནམ།

རྣམ་པར་རིག་པར་སྨྲ་བ་འདི་ལ་ནི་ཤེས་པ་ཉིད་དོན་གྱིས་སྟོང་པ་ཡིན་གྱི། ཕྱི་རོལ་གྱི་དོན་ལ་ཡོད་པ་མ་ཡིན་ན། དེ་ཇི་ལྟར་ཚད་མ་ལ་སོགས་པ་ཉིད་དུ་རྣམ་པར་གཞག་པར་བྱ་ཞེ་ན། སྨྲས་པ། དེ་ལ་བདག་ཡུལ་ཅན་འཇལ་བ། །དཔེར་ན་ཆགས་སོགས་རིགས་པ་བཞིན། །གཞལ་བྱ་

เล่ม ๑๘๓ · หน้า 132b

འཇལ་བྱེད་འབྲས་གཞག་པ། །འདི་ནི་ཀུན་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཕྱི་རོལ་དུ་སྨྲ་བ་དེ་ལ་ཇི་ལྟར་རང་ཉིད་ཡུལ་དུ་བྱེད་པའི་ཚད་མ་དེ་ལ་འདོད་ཆགས་ལ་སོགས་པའི་བློ་ནི་འབྲས་བུ་ཡིན་ལ། རང་གི་གཞལ་བར་བྱ་བ་ཡིན་པ་དེ་བཞིན་དུ་གཞལ་བྱ་དང་འཇལ་བྱེད་དང་འབྲས་

བུའི་རྣམ་པར་གཞག་པ་འདི་ནི་སྔོན་པོ་ལ་སོགས་པ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། སྔོན་པོའི་རྣམ་པར་གཞལ་བར་བྱ་བ་ཡིན་ལ། སྔོན་པོ་ངེས་པར་ནུས་པའི་ངོ་བོ་ཉིད་ཀྱི་ཚད་མ་ཡིན་པ་དེའི་ཕྱིར། ཁྱད་པར་གྱི་བདེ་བ་དང་སྔོན་པོ་རྟོགས་པ་རང་ཉིད་ཀྱིས་རིག་པའི་ཕྱིར། ཐམས་ཅད་རང་རིག་

པ་ཉིད་ཡིན་ནོ། །སྔོན་པོ་ལ་སོགས་པ་རྣམས་འཛིན་པའི་རྣམ་པ་ནི་བདག་ཉིད་དུ་མ་གྱུར་པ་ཡིན་ལ། བདེ་བ་ལ་སོགས་པ་བདག་ཉིད་དུ་གྱུར་པ་མ་ཡིན་ནམ། དེ་ཇི་ལྟར་བདེ་བ་ལ་སོགས་པ་དཔེར་སྦྱོར་ཞེ་ན། སྨྲས་པ། དེ་ལའང་ཉམས་མྱོང་བདག་ཉིད་ཕྱིར། །དེ་དག་རང་བདག་མྱོང་བར་

རུང་། །དེ་ལྟར་རུང་ཉིད་དེ་དཔོག་བདག །གཞལ་བྱ་རང་རིག་འབྲས་བུ་ཡིན། །ཞེས་བྱ་བ་ལ། གལ་ཏེ་བདེ་བ་ལ་སོགས་པ་རྣམས་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བདག་ཉིད་རིག་པ་ཡིན་ན་གསལ་བའི་ངོ་བོ་ཉིད་ཅེས་བྱ་བ་འདི་ཅི་ཞིག་ཡིན། ལྐོག་ཏུ་མ་གྱུར་པའི་ངོ་བོ་ཉིད་དོ་ཞེ་ན།

གལ་ཏེ་དེ་ལྟ་ན་ནི་སྔོན་པོ་ལ་སོགས་པ་ཡང་ལྐོག་ཏུ་མ་གྱུར་པའི་རང་བཞིན་ཡིན་པའི་ཕྱིར། ཉམས་སུ་མྱོང་བའི་བདག་ཉིད་ཡིན་ནོ། །དེ་ལ་ཡང་སྔོན་པོའི་དོན་ཉམས་སུ་མྱོང་བའི་རང་བཞིན་ཡིན་པའི་ཕྱིར། དེ་རང་གི་བདག་ཉིད་རིག་པར་རུང་བ་སྟེ། རྟོགས་པའི་ངོ་བོ་ཉིད་དེ་རུང་བ་

ཉིད་ནི་དཔོག་པའི་ཚད་མ་ཡིན་ལ། སྔོན་པོ་ལ་སོགས་པའི་བདག་ཉིད་གཞལ་བར་བྱ་བ་ཡིན་ཞིང་། རང་རིག་པ་ནི་འབྲས་བུ་ཡིན་ནོ། །འོ་ན་སློབ་དཔོན་གྱིས་འདོད་ཆགས་ལ་སོགས་པ་རང་རིག་པའི་ཚད་མར་གསུངས་པ་མ་ཡིན་ནམ། ཁྱེད་ཀྱིས་འཛིན་པའི་རྣམ་པ་སྒྲུབ་བྱེད་དུ་སྨྲས་

པ་དེ་ཇི་ལྟར་འགལ་བར་མི་འགྱུར་སྙམ་དུ་སེམས་ན། བདག་ལ་འཛིན་པའི་རྣམ་པ་ཞེས། །ཡོངས་སུ་གཅོད་པའི་བདག་ཉིད་དེ། །རུང་ཉིད་ཅེས་བྱ་ཚད་མ་དང་། །རང་རིག་ཅེས་ནི་བྱ་བར་བཤད། །ཅེས་བྱ་བ་ལ། འཛིན་པའི་རྣམ་པ་ཞེས་བརྗོད་པ་བདག་ཉིད་ཡོངས་སུ་གཅོད་

เล่ม ๑๘๓ · หน้า 133a

པར་རུང་བ་ཉིད་ཅེས་བྱ་བ་དེ་ལྟར་མཛད་ནས་སློབ་དཔོན་གྱིས་བདག་རིག་པའི་ཚད་མ་རྟོག་པ་མེད་པའི་རང་རིག་པའོ་ཞེས་གསུངས་ཏེ། བྱེད་པར་བསྒྲུབ་པར་བྱས་ནས་འཛིན་པའི་རྣམ་པ་ཉིད་གཞུང་དེར་བསྟན་པ་དེའི་ཕྱིར་འགལ་བ་མེད་དོ། །དེ་བས་ན་ཕྱི་རོལ་གྱི་དོན་ལ་རང་

རིག་པ་འབྲས་བུ་ཡིན་ལ། དེའི་རྣམ་པ་ནི་ཚད་མའོ། །རྣམ་པ་དང་བཅས་པའི་ཤེས་པ་མི་འཐད་པ་མ་ཡིན་ནམ། འདི་ལྟར་གལ་ཏེ་དོན་གྱི་རྣམ་པས་བསྒྱུར་བ་དང་ལྡན་པའི་ཤེས་པ་དང་བ་ཡིན་ཏེ། དཔེར་ན་མེ་ལོང་གི་ངོས་བཞིན་ནོ། །དེ་ལྟར་ན་མིག་ལ་སོགས་པ་ཡང་སྣང་

བར་འགྱུར་ཏེ། དཔེར་ན་མེ་ལོང་དང་ཉེ་བར་གྱུར་ན་ཐམས་ཅད་སྣང་བ་བཞིན་དུ་འགྱུར་ཐང་བ་ལས་མིག་ལ་སོགས་པ་སྣང་བ་ནི་མ་ཡིན་ནོ། །འོན་ཏེ་མིག་ནི་སྣང་བའི་རྒྱུ་ཡིན་ཏེ་དཔེར་ན་མེ་ལོང་བཞིན་ནོ་ཟེར་ན། འོ་ན་ནི་གཟུགས་ལ་སོགས་པ་མཐོང་བ་མིག་ལ་འཆར་བར་འགྱུར་ཏེ།

དཔེར་ན་སྣང་བ་ཐམས་ཅད་མེ་ལོང་ལ་འཆར་བ་བཞིན་ནོ། །འོན་ཏེ་མེ་ལོང་བཞིན་ཤེས་པ་དང་བ་ལ་དོན་སྣང་བ་མ་ཡིན་གྱི། འོན་ཀྱང་དོན་རུང་བའི་ཡུལ་ལ་གནས་པས་ཤེས་པ་དོན་གྱི་རྣམ་པ་ཅན་དུ་སྐྱེ་བ་སྟེ། དོན་དེ་ལས་སྐྱེས་པའི་ཕྱིར་རོ་ཟེར་ན་ནི། དེ་ལྟ་ན་ནི་ཤེས་པ་མིག་

ལས་སྐྱེས་པའི་ཕྱིར་མིག་གི་རྣམ་པ་ཅན་ཉིད་དུ་འགྱུར་བ་མ་ཡིན་ནམ། དེ་བས་ན་མིག་ཀྱང་རིག་པར་འགྱུར་རོ་ཞེ་ན། འདིར་ལན་བཏབ་པ། གང་ཕྱིར་རྣམ་པར་ཤེས་པ་ཀུན། །ཡུལ་རྣམས་ལས་ནི་འབྱུང་བའི་ཕྱིར། །དེ་ལས་གཞན་རྒྱུ་ཡོད་ན་ཡང་། །རྣམ་འགས་ཡུལ་གྱིས་བྱས་པ་ཅན། །

ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་ཐམས་ཅད་ཇི་ལྟ་བུའི་ཡུལ་རྣམས་ལས་སྐྱེས་པའི་ཕྱིར་རོ། །རྣམ་པ་ཇིས་ཀྱང་ཡུལ་གྱིས་བྱས་པ་ཡིན་ཏེ། དེ་ལྟ་བུ་ཡུལ་དེ་ལས་གཞན་པ་དབང་པོ་ལ་སོགས་པ་རྒྱུ་ཡིན་ཡང་དེའི་རྣམ་པ་ཅན་དུ་མ་ཡིན་ཞིང་། སྐྱེས་པ་ཙམ་གྱིས་དེའི་

རྣམ་པ་ཅན་དུ་མི་འགྱུར་རོ། །འདི་ལྟར། དཔེར་ན་ཟས་དང་དུས་ལ་སོགས། །བུ་སྐྱེ་བ་ཡི་རྒྱུ་ཡིན་ཡང་། །ཕ་མའི་ཆ་བྱད་འཛིན་བྱེད་ཀྱི། །གཞན་ཡང་རུང་བའི་མ་ཡིན་བཞིན། །ཞེས་བྱ་བ་ལ། བུ་སྐྱེ་བའི་རྒྱུ་ཟས་དང་དུས་ལ་སོགས་པ་ཡིན་ཡང་། ཕ་དང་མ་དེ་དག་གི་ནང་ནས་

เล่ม ๑๘๓ · หน้า 133b

གང་ཡང་རུང་བ་གཅིག་གི་འབྲེལ་པའི་ཆ་བྱད་བུ་ཡིས་འཛིན་གྱི། ཁ་ཟས་ལ་སོགས་པ་གཞན་གྱི་མ་ཡིན་ལ། ཕ་མ་གཉི་གའི་ཡང་གཟུགས་འཛིན་པ་མ་ཡིན་ནོ། །དེ་བཞིན་དུ་ཤེས་པ་ཡང་དོན་གྱི་རྣམ་པ་ཉིད་ཡིན་གྱི། གཞན་གྱི་མ་ཡིན་ནོ། །འོན་ཏེ་ཤེས་པ་ཡུལ་གྱི་རྣམ་པ་ཅན་ཡིན་མོད་

ཀྱི། མིག་གི་རྣམ་པ་ཅན་ནི་མ་ཡིན་པ་དེ་ལྟར་ན་ཡང་སྨིག་རྒྱུ་ཡིན་པའི་ཕྱིར་རིག་པར་འགྱུར་རོ་ཞེ་ན། ཡུལ་དང་དེ་ལས་གཞན་པ་དག །དེ་རྒྱུ་ཉིད་དུ་མཚུངས་ན་ཡང་། །དེའི་ཆ་ཡུལ་ཉིད་དུ་འདོད་དེ། །དེ་མེད་ན་དེ་འབྱུང་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། ཡུལ་དང་ཡུལ་དེ་ལས་གཞན་པ་ལས་

རྣམ་པར་ཤེས་པ་དེའི་རྒྱུ་ཉིད་དུ་མཚུངས་ན་ཡང་། དམིགས་པ་ཁོ་ན་ཡུལ་དུ་འདོད་དེ། དེའི་རྗེས་སུ་བྱེད་པའི་ཆ་མེད་པ་ཡུལ་ཉིད་དུ་དམིགས་པ་ལ་སོགས་པ་མི་འགྱུར་ཏེ། དེའི་རྣམ་པ་ཅན་གྱི་ཤེས་པའི་རྒྱུ་ཡུལ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་སྣང་བ་ཤེས་པ་མ་ཡིན་ཏེ། རང་རིག་

པ་མེད་པའི་ཕྱིར་རོ། །དྲན་པར་བྱེད་པ་ཡང་རང་རིག་པ་མ་ཡིན་ཏེ་དོན་གྱི་རྣམ་པ་ཉིད་དྲན་པའི་ཕྱིར་རོ། །དེའི་ཕྱིར་དོན་ཉམས་སུ་མྱོང་བ་ཡིན་པར་བརྟག་པར་བྱ་སྟེ། །དོན་སྣང་བའི་ཕྱིར་དང་དྲན་པའི་ཕྱིར་རོ། །ཤེས་པ་ནི་ཉམས་སུ་མྱོང་བ་མ་ཡིན་ཞིང་དྲན་པ་མ་ཡིན་ཏེ་དོན་ཉིད་རིག་པའི་ཕྱིར་རོ། །

དེ་བས་ན་རང་དྲན་པར་མི་འཐད་པས་རང་རིག་པར་གྱུར་པའི་ཤེས་པ་ཡོད་པ་མ་ཡིན་ཞིང་། དེའི་དོན་གྱི་རྣམ་པ་ཅན་ཡང་མེད་དེ། དེའི་ཕྱིར་ཤེས་པ་ཚུལ་གཉིས་པ་ཅན་སྒྲུབ་པའི་ཕྱོགས་ལ་མངོན་སུམ་གྱིས་གནོད་ཅིང་། རྗེས་སུ་དཔག་པས་ཀྱང་ཚུལ་གཉིས་པ་ཅན་སྒྲུབ་པར་ནུས་པ་

མ་ཡིན་ཏེ། མངོན་སུམ་གྱིས་གནོད་པ་ཉིད་ཕྱོགས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དཔེ་ལས་འབྲེལ་པ་འཛིན་པ་ལ་ལྟོས་ནས་རྗེས་སུ་དཔོག་པ་འཇུག་པ་ཡིན་ན། རྣམ་པ་དང་བཅས་པའི་ཤེས་པ་སྒྲུབ་པ་ལ་དཔེ་མེད་དེ་གང་དུ་ཡང་རྣམ་པ་གྲུབ་པ་མེད་པའི་

ཕྱིར་རོ་ཞེ་ན། དོན་དང་ལྡན་པའི་སེམས་ལ་ནི། །དོན་གྱི་རྣམ་པར་མེད་པར་དོགས། །འདས་པའི་དོན་ནི་འཛིན་པ་ན། །ཚུལ་གཉིས་རང་རིག་གྲུབ་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དོན་དང་ལྡན་པའི་མིག་གི་ཤེས་པ་ལ་དོན་གྱི་རྣམ་པ་མེད་པ་ཅན་དུ་དོགས་པར་འགྱུར་བ་སྲིད་དེ།

เล่ม ๑๘๓ · หน้า 134a

ཡོད་པར་གྱུར་པའི་རྣམ་པ་དོན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དོན་དང་མི་ལྡན་པའི་སེམས་སྐྲ་ཤད་ལ་སོགས་པ་དང་འདས་པའི་དོན་འཛིན་པ་ལ་ནི་དྲན་པ་ཡོད་པས་ཚུལ་གཉིས་པ་ཅན་དང་རང་རིག་པ་གྲུབ་པ་ཡིན་ཏེ། འདས་པའི་དོན་འཛིན་པ་ལ་སོགས་པའི་

ཤེས་པ་ནི་མི་གསལ་བར་གྱུར་པའོ་ཞེས་ཟེར་བ་ཉིད་ལ་མངོན་སུམ་གྱིས་གནོད་པ་ཡིན་ནོ། །འདས་པ་ལ་སོགས་པ་འཛིན་པ་ན་དེའི་རང་གི་ངོ་བོ་ཉིད་དུ་གྱུར་པ་སྣང་བ་ཡིན་ཏེ། དེ་ལྟ་བས་ན་ཤེས་པ་ཐམས་ཅད་ལ་རང་གི་བདག་ཉིད་དུ་གྱུར་པ་སྣང་བ་ཡིན་ནོ། །འདས་པ་ལ་སོགས་པ་

འཛིན་པ་ན་ཡང་རིགས་ཞེས་བྱ་བའི་དོན་ཉིད་ཡོད་དོ་ཞེ་ན། སྨྲས་པ། སྔོ་སོགས་སྣང་བ་ཐ་དད་ཕྱིར། །དེ་ལྡན་མེད་པའི་རིགས་དོན་མིན། །རིགས་དེའང་མི་རྟག་པ་མིན་ཞིང་། །རྟག་ན་ཇི་ལྟར་སྐྱེད་བྱེད་འགྱུར། །ཞེས་བྱ་བ་ལ། འདས་པ་ལ་སོགས་པ་འཛིན་པ་ནི་སྔོན་པོ་དང་དབྱིབས་

ལ་སོགས་པར་སྣང་བའི་ཕྱིར། དེ་དང་མི་ལྡན་པ་སྟེ་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བའི་རིགས་ཀྱི་དོན་དེ་ཡུལ་དུ་འགྱུར་བ་མ་ཡིན་ནོ། །གཞན་ཡང་རིགས་དེ་ཤེས་པའི་རྒྱུ་ཡིན་པའི་ཕྱིར་མི་རྟག་ན་རིགས་ཉིད་དུ་མི་འགྱུར་རོ། །འོན་ཏེ་རྟག་པ་དེ་ལྟ་ན་ཡང་སྐྱེད་པར་བྱེད་པ་

ཉིད་མ་ཡིན་པར་བསྟན་ཏོ། །དོན་ཏེ་འདས་པ་ལ་སོགས་པ་འཛིན་པའི་ཡུལ་རིགས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མིང་དང་རྒྱུ་མཚན་ལྡན་པ་མ་ཡིན་པའི་འདུ་བྱེད་ལ་དེའི་ཚེ་དམིགས་པ་ཡིན་ནོ་ཞེ་ན། སྨྲས་པ། མིང་སོགས་སྔར་ནི་བཀག་ཟིན་ན། །འདི་ནི་དོན་ལྡན་གོ་རིམས་

མིན། །འདོད་ཙམ་རྗེས་འབྲེལ་ཅན་ཉིད་ཕྱིར། །དོན་གྱི་ནུས་པ་གྲུབ་མི་འགྱུར། །ཞེས་བྱ་བ་ལ། འདས་པ་འཛིན་པའི་གཟུང་བར་བྱ་བ་མིང་དང་རྒྱུ་མཚན་མ་ཡིན་པར་སྔར་བཀག་ཟིན་པས་འདིར་མི་བརྗོད་དོ། །འདི་ནི་དོན་དང་ལྡན་པའི་ཤེས་པའི་གོ་རིམས་མ་ཡིན་ཏེ། གང་འདི་

འདོད་པ་ཙམ་གྱིས་སྐྱེད་པའི་ཕྱིར། །དེ་དག་ཀྱང་མི་འཐད་པ་ཡིན་ནོ། །འོན་ཏེ་འདས་པ་ལ་སོགས་པའི་ཤེས་པ་དོན་དང་འབྲེལ་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་འདས་པ་ལ་སོགས་པའི་ཤེས་པ་འདོད་པ་ཙམ་གྱི་རྗེས་སུ་འབྲེལ་པའི་ཕྱིར། དེ་ལ་དོན་གྱི་ནུས་པ་གྲུབ་

เล่ม ๑๘๓ · หน้า 134b

པ་ནི་མ་ཡིན་ནོ། །འོན་ཏེ་འདོད་པ་ལ་སོགས་པའི་ཤེས་པ་ཡུལ་གྱི་རྣམ་པ་ཅན་ཡིན་མོད་ཀྱི་ཉམས་སུ་མྱོང་བ་ནི་རྣམ་པ་མེད་པ་ཡིན་ཏེ། དེས་སྨྲས་པ། ཤེས་པ་འདི་འདྲ་དྲན་པ་ན། །དེ་ཡང་མྱོང་བ་ཡོད་ན་འབྱུང་། །དེ་ཡང་དོན་གྱི་རྣམ་པས་སྟོང་། །དེ་ཡང་དེ་ལྡན་ཇི་ལྟར་འགྱུར། །ཞེས་

བྱ་བ་ལ། འདས་པ་འཛིན་པའི་ཤེས་པ་འདི་ལྟ་བུ་ནི་དྲན་པ་སྟེ། དྲན་པ་དེ་ཡང་ཉམས་སུ་མྱོང་བ་ལས་སྐྱེ་བར་འགྱུར་ལ། ཉམས་སུ་མྱོང་བ་དེ་ཡང་དོན་གྱི་རྣམ་པས་དབེན་པ་སྟེ་ཉམས་སུ་མྱོང་བ་རྣམ་པ་མེད་པ་དེ་ལས་སྐྱེས་པར་གྱུར་པའི་དྲན་པ་དེ་དོན་མེད་ན་སྔོན་པོ་ལ་སོགས་པ་དེ་དང་

ལྡན་པ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ་མ་ཡིན་ཏོ། །དཔེར་ན་སྣམ་བུའི་རྣམ་པ་དང་བྲལ་བར་བུམ་པ་མཐོང་བ་ལས་སྐྱེས་པའི་བུམ་པ་དྲན་པ་ནི་སྣམ་བུའི་རྣམ་པ་དང་བྲལ་བ་དང་། དེ་བཞིན་དུ་བུམ་པ་དང་བྲལ་བར་སྣམ་བུ་མཐོང་བ་ལས་སྐྱེས་

པའི་སྣམ་བུ་དྲན་པ་ནི་བུམ་པའི་རྣམ་པ་བྲལ་བར་འགྱུར་རོ། །འོན་ཀྱང་བུམ་པའི་དོན་ཉིད་ལས་བུམ་པ་དྲན་པའི་བུམ་པའི་རྣམ་པ་ཅན་ཡིན་ནོ་ཞེ་ན། འདིར་སྨྲས་པ། དོན་ལས་བྱུང་མིན་དེ་མེད་ཕྱིར། །དེ་ལྟར་མྱོང་བ་ལ་ཡང་འགྱུར། །ཞེས་བྱ་བ་ལ། དོན་ལས་དྲན་

པའི་རྣམ་པ་འབྱུང་བ་མ་ཡིན་ཏེ། དེའི་ཚེ་དྲན་པའི་དུས་སུ་དོན་མེད་པའི་ཕྱིར་རོ། །འོན་ཏེ་ཆོད་པའི་དོན་ལས་དེའི་རྣམ་པ་ཅན་གྱི་དྲན་པ་འབྱུང་ངོ་ཞེ་ན། དེ་ལྟ་ན་ནི་ཉམས་སུ་མྱོང་བའི་རྣམ་པ་དེ་དོན་ལས་མ་བྱུང་བའི་ཕྱིར། ཉམས་སུ་མྱོང་བ་ཡང་དོན་གྱི་རྣམ་པ་ཅན་དུ་གྲུབ་པ་མ་ཡིན་ནོ། །

འོན་ཏེ་དྲན་པར་གྱུར་པའི་རྣམ་པ་ནི་སྔར་ཉམས་སུ་མྱོང་བའི་དོན་ཉིད་ཀྱི་ཡིན་གྱི། དྲན་པའི་བདག་ཉིད་དུ་གྱུར་པ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར། དོན་གྱི་རྣམ་པ་དེ་ཡང་མེད། །གསལ་བའི་རྣམ་པས་དབེན་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། དྲན་པར་གྱུར་པའི་རྣམ་པ་དེ་ཡང་ཕྱི་རོལ་གྱི་དོན་གྱི་ཡིན་

པར་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གསལ་བའི་རྣམ་པར་ཤེས་པ་ལས་སྣང་བའི་ཕྱིར་རོ། །དྲན་པར་གྱུར་པ་གལ་ཏེ་དོན་གྱི་རྣམ་པ་ཡིན་པ་དེ་ལྟ་ན་ནི་དེ་ཡིས་གསལ་བ་ཉིད་དུ་མི་འགྱུར་རོ། །དེ་བས་ན་གསལ་བའི་རྣམ་པས་དབེན་པའི་ཕྱིར། འདི་དོན་གྱི་རྣམ་པ་

เล่ม ๑๘๓ · หน้า 135a

ཅན་མ་ཡིན་ནོ། །གལ་ཏེ་གསོལ་བའི་རྣམ་པ་ཅན་གྱི་དོན་ཡང་གཞན་ཡིན་ལ་མི་གསལ་བའི་རྣམ་པ་ཅན་དྲན་པའི་གཟུང་བ་ཡང་གཞན་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་ནི། རྣམ་པ་གཞན་དུ་གྱུར་པ་དེ། །གཞན་དག་གིས་ནི་ཤེས་པར་འགྱུར། །

ཞེས་བྱ་བ་ལ། གལ་ཏེ་མི་གསལ་བའི་དོན་ཡིན་པ་དེའི་ཚེ་མི་གསལ་བའི་རྣམ་པ་ཅན་དེ་གསལ་བ་ལས་ཐ་དད་པར་སྐྱེས་བུ་གཞན་གྱིས་ཀྱང་དེ་བཞིན་དུ་ཤེས་པར་འགྱུར་རོ། །འོན་ཏེ་འདི་ནི་བདག་ཉིད་དང་འབྲེལ་བས་གཞན་ལ་སྣང་བར་འགྱུར་བ་མ་ཡིན་ནོ་ཞེ་ན། དེ་

ལ་ཡང་བདག་དང་འབྲེལ་པ་ཞེས་བྱ་བའི་དོན་ཅི་ཞིག་ཡིན་ཏེ། བདག་གི་འབྲས་བུ་ཡིན་ནམ། བདག་གི་ངོ་བོ་ཉིད་ཡིན་གྲང་ན། དེ་ལ་གལ་ཏེ་བདག་གི་འབྲས་བུ་ཡིན་ན་དེའི་ཚེ་གཞན་ལ་ཡང་སྣང་བར་འགྱུར་བ་ཁོ་ན་སྟེ། བདག་གི་འབྲས་བུ་ཉིད་ནི་ཐུན་མོང་བ་ལས་མི་འདའ་

བའི་ཕྱིར་རོ། །འོན་ཏེ་བདག་གི་ངོ་བོ་ཉིད་ཡིན་པ་དེ་ལྟ་ན་ཡང་ཤེས་པའི་བདག་ཉིད་ཁོ་ན་ཡིན་ནོ། །གཞན་ཡང་། བདག་དང་རྟག་ཏུ་འབྲེལ་ཡིན་ན། །བསྟན་ཀྱང་རྟོགས་པར་མི་འགྱུར་རོ། །ཞེས་བྱ་བ་ལ། མི་གསལ་བའི་རྣམ་པ་ཅན་གྱི་བདག་དང་རྟག་ཏུ་དེའི་བདག་ཉིད་

ཀྱི་འབྲེལ་པ་ཡིན་ན། བསྟན་ཀྱང་དེའི་རྣམ་པ་གཞན་གྱིས་རྟོགས་པར་མི་འགྱུར་རོ། །འོན་ཏེ་གཞན་གྱིས་རྟོགས་ན་ནི་དེའི་ཚེ་མ་བསྟན་ཡང་རྟོགས་པར་འགྱུར་ཏེ། འདི་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པ་གཞན་གྱིས་བསྟན་པའམ་མ་བསྟན་པར་ཡང་རྟོགས་པར་

འགྱུར་རོ། །འོ་ན་གང་བསྟན་པས་གཞན་གྱིས་རྟོགས་པ་ནི་དེ་གཞན་ཉིད་ཡིན་ལ་གང་རང་གིས་ཤེས་པ་ཡང་གཞན་པ་ཁོ་ནའོ་ཞེ་ན། སྨྲས་པ། རེ་རེ་དང་ནི་འབྲེལ་པ་ན། །དོན་གཅིག་མངོན་ཞེན་བདག་ཉིད་ཅན། །སྨྲ་པོ་ཉན་པའི་སེམས་དག་ནི། །མཚམས་སྦྱོར་བར་ནི་མི་

རུང་ངོ་། །ཞེས་བྱ་བ་ལ། སྐྱེས་བུ་རེ་རེ་དང་ལྷན་ཅིག་མི་གསལ་བའི་དོན་གྱི་འབྲེལ་པ་ཡིན་ན་མཚམས་སྦྱོར་བར་མི་འཐད་དོ། །མཚམས་སྦྱོར་བ་ཅི་ལྟ་བུ་ཞེ་ན། དོན་གཅིག་ལ་མངོན་པར་ཞེན་པའི་བདག་ཉིད་གང་ལ་མོད་པའི་མཚམས་སྦྱོར་བ་དེ་ལ་དེ་སྐད་ཅེས་བརྗོད་

เล่ม ๑๘๓ · หน้า 135b

དོ། །གང་དག་མཚམས་སྦྱོར་ཞེ་ན། སྨྲ་བ་པོ་དང་ཉན་པ་པོ་དེ་དག་གི་སེམས་ཏེ། དེ་དག་ཐ་དད་པའི་རྣམ་པ་འཛིན་པ་ལ་འཇུག་པའི་ཕྱིར་མཚམས་སྦྱོར་བར་མི་འགྱུར་རོ། །གཉི་ག་དེར་སྣང་ཅན་མིན་པར། །འདྲ་ཕྱིར་ཐ་སྙད་གཅིག་ཅེ་ན། །ཐ་དད་དངོས་དོན་ཇི་ལྟར་གཟུང་། །

དེ་ཚེ་བློ་དོན་ཅན་མི་འགྱུར། །ཞེས་བྱ་བ་ལ། འོན་ཏེ་བདག་དང་གཞན་གྱི་རྟོགས་པ་དག་གཅིག་པ་ཉིད་དུ་སྣང་བ་སྟེ་འདྲ་བའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། མངོན་པ་དག་ནི་ཐ་དད་པའི་དངོས་པོར་རྟོགས་པ་ཡིན་གྱི། གཞན་གྱི་མཐོང་བ་མི་མཐོང་ཞིང་རང་ཉིད་ཀྱིས་ཁོང་

དུ་ཆུད་པ་གཞན་གྱིས་མི་མཐོང་བའི་ཕྱིར། ཕན་ཚུན་ཐ་དད་པའི་དོན་འཛིན་པ་ཇི་ལྟར་འདྲ་བ་ཉིད་དུ་སྣང་བ་ཡིན། ཁས་བླངས་ནས་ཀྱང་འདྲ་བར་བརྗོད་པར་བྱ་སྟེ། སྨྲ་བ་པོ་དང་ཉན་པ་པོའི་སེམས་དེ་དག་ཐ་དད་པའི་དོན་སྣང་བ་དང་བྲལ་བ་ཅན་ཐ་དད་པའི་བདག་ཉིད་

ཀྱི་དོན་ཇི་ལྟར་གཟུང་བ་ཡིན་ཏེ་མ་ཡིན་ནོ། །རྟོགས་པར་མ་གྱུར་པ་ནི་གཟུང་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་མི་བདེན་པར་རྗོད་པར་བྱེད་པ་དེའི་ཚེ་དོན་མེད་ན་ནི་ཅི་ལྟར་ཤེས་པར་འགྱུར། འོན་ཏེ་དོན་མེད་པར་ཡང་འགྱུར་

ན། འོ་ན་ནི་དེའི་ཚེ་བློ་དོན་མེད་པ་ཅན་དུ་འགྱུར་ཏེ། འདི་ལྟར་མི་བདེན་པའི་དོན་ལ་དོན་གྱི་རྣམ་པ་ཡོད་པ་མ་ཡིན་པའི་ཕྱིར། རྣམ་པ་འདི་དག་ནི་ཤེས་པ་ཉིད་ཡིན་པས་རྣམ་པར་ཤེས་པ་རྣམ་པ་དང་བཅས་པར་གྲུབ་པ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་རྣམ་པ་དང་

བཅས་པར་ཤེས་པ་སྒྲུབ་པའི་ཕྱིར། ཡུལ་ཤེས་དེ་ཡི་ཤེས་པ་ཡིས། །ཐ་དད་ཕྱིར་ཚུལ་གཉིས་ཅན་ཉིད། །ཅེས་བྱ་བ་གསུངས་ཏེ། ཡུལ་ནི་གཟུགས་ལ་སོགས་པ་སྟེ། །ཤེས་པ་གང་ཞིག་དོན་དེ་དང་རང་སྣང་བ་ཅན་ཏེ། ཡུལ་གྱི་ཤེས་པའི་ཤེས་

པ་གང་ཡིན་པ་དེ་དོན་དང་རྗེས་སུ་མཐུན་པའི་ཤེས་པ་སྣང་བ་དང་རང་སྣང་བ་ཡིན་ནོ། །དེ་ལྟ་མ་ཡིན་ནག་ལ་ཅེ་ཡུལ་གྱི་ཤེས་པ་དོན་གྱི་རྣམ་པ་ཅན་ཉིད་དུ་གྱུར་པ་དང་། རང་གི་རྣམ་པ་ཅན་ཉིད་དུ་མ་གྱུར་ན་ནི། ཡུལ་ཤེས་ཀྱི་ཤེས་པ་ཡང་དེ་དང་ཁྱད་

เล่ม ๑๘๓ · หน้า 136a

པར་མེད་པར་འགྱུར་རོ། །ཡུལ་གྱི་ཤེས་པ་གང་ཡིན་པ་དེ་ནི་དོན་སྣང་བ་ཅན་དང་རང་སྣང་བ་ཉིད་དུ་བསྒྲུབ་པར་བྱ་བ་སྟེ། ཡུལ་གྱི་ཤེས་པ་དང་དེའི་ཤེས་པ་ཐ་དད་པའི་ཕྱིར་ཏེ་ཞེས་བྱ་བ་ནི། གཏན་ཚིགས་ཡིན་ལ། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་

སོགས་པ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ཉིད་འདིར་རྣམ་འགྲེལ་མཛད་པས་བཤད་པ། ཉམས་མྱོང་རྣམ་ཤེས་དེ་ཡང་ནི། །ཆ་གཉིས་དམིགས་པ་ཅན་གྱི་ནི། །རྣམ་པ་གཅིག་གི་ཁྱད་པར་ཅན། །ཤེས་པ་དེ་ཡིས་རྗེས་འབྲེལ་བྱེད། །ཅེས་བྱ་བ་ལ། ཉམས་

སུ་མྱོང་བའི་ཤེས་པ་སྔོན་པོ་ལ་སོགས་པའི་ཡུལ་ཅན་དེ་གཉིས་པ་ཉམས་སུ་མྱོང་བ་འཛིན་པའི་ཤེས་པ་དྲན་པའི་རང་བཞིན་ཅན་གྱིས་རྗེས་སུ་འབྲེལ་པར་བྱེད་པ་སྟེ་ཡུལ་དུ་བྱེད་ཅིང་། རྟོགས་པར་བྱེད་པའི་ཐ་ཚིག་གོ། །ཇི་ལྟ་བུར་གྱུར་པས་ཤེ་ན། སྔོན་པོ་དང་རྟོགས་པའི་ངོ་བོ་ཉིད་གཉིས་ཀྱི་ཆ་

དམིགས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུར་གྱུར་པས་སྔོན་པོར་སྣང་བ་ཡོད་པའོ་ཞེས་ཞེན་པའི་རྣམ་པས་དམིགས་པར་འགྱུར་ལ། རྣམ་པ་གཅིག་གི་ཁྱད་པར་ཅན་ནི་རྣམ་པ་གཅིག་གིས་ལྷག་པས་ཡིན་ནོ། །འོན་ཏེ་དོན་གྱིས་གོ་བས་འདས་པ་དང་ད་ལྟར་བྱུང་

བའི་ཤེས་པ་རྟོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟ་བུའི་རྟོགས་པ་མེད་པའི་ཕྱིར་རོ། །གང་གིས་དོན་གྱིས་གོ་བ་དེ་ཡིས་ཤེས་པ་རང་ལ་ཡོད་དོ་ཞེས་པ་དེ་ལྟར་འཇིག་རྟེན་ན་རྟོགས་པ་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་སྣང་བ་ལས་ཐ་དད་པའི་བློ་ལ་དོན་གྱིས་གོ་བའམ་མངོན་སུམ་

གྱིས་དཔྱད་པར་ནུས་པ་མ་ཡིན་ནོ། །འོན་ཏེ་རྟོགས་པའི་ངོ་བོ་ཉིད་སྔོན་པོ་ལ་སོགས་པ་ཐ་དད་པ་ཐ་དད་པ་ཉིད་དུ་བརྟག་པར་བྱའོ་ཞེ་ན། རྟོགས་པའི་ངོ་བོ་ཉིད་དེ་ཡང་མི་ཤེས་པ་མ་ཡིན་ནམ། ཐ་དད་པར་དེ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་

དེ་ཉིད་ལ་ཆོས་ཐ་དད་པར་སྔོན་པོའི་བློའོ། །ཞེས་བྱ་བ་དེ་ལྟར་བརྗོད་པའི་ཕྱིར་རོ། །སྔོན་པོའི་བློ་ཁོ་བོ་ལ་ཡོད་དོ་སྙམ་དུ་གང་གང་གི་ཚེ་དྲན་པ་དེའི་ཚེ་སྔོན་པོའི་དྲན་པ་ཁོ་ན་ཡིན་ནོ། །འོ་ན་གལ་ཏེ་སྔོན་པོ་ལ་སོགས་པའི་གཟུགས་དེ་ཉིད་ཉམས་སུ་མྱོང་བར་

เล่ม ๑๘๓ · หน้า 136b

འགྱུར་ཞིང་བློ་མ་ཡིན་ན། དེ་ལྟ་ན་ནི་སྔོན་པོ་ལ་སོགས་པ་ཉིད་བདེན་གྱི་བློ་མི་བདེན་པར་འགྱུར་ན། ཕྱི་རོལ་ཡང་མི་བདེན་པར་འདོད་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཅུང་ཟད་གྲུབ་པ་ལ་བརྟེན་ནས་མ་གྲུབ་པ་འགེགས་པའོ། །གལ་ཏེ་ཡང་ཚད་མས་གྲུབ་པའི་

དོན་ཡིན་པ་དེའི་ཚེ་གཞན་གྱི་བློ་སྤང་བར་འོས་པ་ཡིན་ནོ། །འོན་ཏེ་བློ་ཚད་མས་གྲུབ་པ་ཡིན་ན་དེའི་ཚེ་དོན་མི་རིགས་པར་འགྱུར་རོ། །དེ་ལ་རེ་ཞིག་ཕྱི་རོལ་དུ་སྨྲས་པས་བློ་སྤང་བར་འོས་པ་མ་ཡིན་ཏེ། བློ་མེད་པར་དོན་རྟོགས་པ་མི་རུང་བའི་ཕྱིར་རོ། །བློ་ཡང་རང་རིག་

པའི་ངོ་བོ་ཉིད་དེ་གཞན་ལ་ལྟོས་ནས་འཛིན་པ་ནི་མ་ཡིན་ནོ། །དེའི་ཕྱིར་དོན་མེད་པར་ཡང་བློ་ཡོད་པར་ཁས་བླང་བར་རིགས་པ་ཡིན་ནོ། །འོན་ཏེ་དོན་ནི་རང་རིག་པས་གྲུབ་པ་སྟེ་བློ་ལ་ལྟོས་པ་མ་ཡིན་ནོ་ཞེ་ན་དེ་ལྟ་ན་ནི་རང་རིག་པ་ཉིད་ཡིན་གྱི། དོན་ནི་མ་ཡིན་ཏེ། དོན་ལ་

ཡོངས་སུ་གསལ་བ་མེད་པའི་ཕྱིར་རོ། །དེ་ཡང་མི་དམིགས་པའི་ཕྱིར་ཡོད་པ་ཉིད་མ་ཡིན་ཏེ། བློ་ནི་དམིགས་པའི་བདག་ཉིད་ཡིན་ནོ། །གཞན་ཡང་དཀར་པོ་ལ་སོགས་པ་ལས་ཐ་དད་པའི་སྐད་ཅིག་མ་ཉིད་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་སྐད་ཅིག་མ་

ཉིད་མེད་པ་མ་ཡིན་ནོ། །དེ་བཞིན་དུ་བློ་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ཉིད་དེ། སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་དུ་ཤེས་པ་གཞན་གྱིས་རྟོགས་པའི་ཕྱིར། དཔེར་ན་བ་ལང་ཁྲ་བོ་ལ་སོགས་པའི་གཟུགས་ཅན་དེ་ལྟར་རྟོགས་པས་ཡིན་པ་བཞིན་

ནོ། །དེས་ན་ཇི་ལྟར་བློ་ཕྱི་རོལ་གྱི་རྣམ་པ་ཅན་མ་ཡིན། ཡང་ཉམས་སུ་མྱོང་བའི་ཤེས་པ་རྣམ་པ་གཅིག་གི་ཁྱད་པར་ཅན་དང་། རྗེས་སུ་འབྲེལ་པར་གྱུར་པ་ལ་ཤེས་པ་གཉིས་པ་རྣམ་པ་གཅིག་གིས་ལྷག་པ་ཅན་གྱིས་དམིགས་པར་འགྱུར་རོ་ཞེས་བྱ་བའི་

དོན་ཏོ། །ཅི་ལྟ་བུར་གྱུར་པའི་གཅིག་གི་རྣམ་པ་ཅན་གྱིས་ཤེ་ན། ཆ་གཉིས་ལ་དམིགས་པ་ཅན་གྱིས་ཏེ། རྣམ་པ་གཅིག་ཁོ་ནས་སྔོན་པོ་དང་རྟོགས་པའི་ཆ་གཉིས་སུ་རྟོག་གི། །དོན་དམ་པར་ནི་སྔོན་པོ་དང་རྟོགས་པའི་རྣམ་པ་དག་རྣམ་པ་གཅིག་

เล่ม ๑๘๓ · หน้า 137a

པ་ལ་འཇུག་པ་ཁོ་ན་ཡིན་པས་དེའི་ཁྱབ་པའོ། །འོ་ན་གལ་ཏེ་ཉམས་སུ་མྱོང་བའི་ཤེས་པ་རྣམ་པ་གཉིས་ཀྱིས་ཤེས་ཀྱང་། དེ་ལྟ་ན་ནི་ཚུལ་གཉིས་པ་ཅན་དུ་ཇི་ལྟར་ཞེ་ན། སྨྲས་པ། གཞན་དུ་དེ་ལྟར་མིན་ཚུལ་ཅན། །ཇི་ལྟར་ཤེས་

པ་སྣང་བར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་དེ་ལྟ་མ་ཡིན་པར་ཉམས་སུ་མྱོང་བའི་ཤེས་པ་རྣམ་པ་གཉིས་པ་ཅན་མ་ཡིན་ན། གང་གི་ཕྱིར་དེ་ལྟ་བུའི་རྣམ་པ་ཅན་མ་ཡིན་པས། རྣམ་པ་མེད་པའི་ཤེས་པ་ནི་རྣམ་པ་དང་བཅས་པར་དྲན་པའི་ཤེས་པ་ཇི་ལྟར་

སྣང་བར་འགྱུར་བ་དང་། རྣམ་པར་འཇོག་པར་འགྱུར། འོན་ཏེ་རྣམ་པ་དང་བཅས་པའི་ཤེས་པ་དྲན་པ་ལ་མི་སྣང་སྟེ། འདི་ལྟར་ཕྱི་མ་ཕྱི་མ་ལ་རྣམ་པའི་ཚོགས་རིག་པ་མེད་དོ་ཞེ་ན། སྨྲས་པ། དེ་ལྟར་ཕྱི་མ་ཕྱི་མ་ཡིས། །ཤེས་པ་རྣམ་པ་གཅིག་ལྷག་ཅན། །

ཞེས་བྱ་བ་ལ། རྣམ་པ་དང་བཅས་པའི་ཤེས་པས། དྲན་པ་ལ་རྣམ་པ་འཇོག་གོ་ཞེས་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། འདི་ལྟར་ཤེས་པ་ཕྱི་མ་ཕྱི་མ་རྣམ་པ་རེ་རེས་ལྷག་པ་ཡོད་དོ། །འདི་ལྟར་ཤེས་པ་སྔ་མས་སྔོན་པོ་རྟོགས་ལ། དེའི་ཕྱི་མས་སྔོན་པོའི་

ཤེས་པ་རྟོགས་སོ་སྙམ་དུ་སྐྱེ་བོས་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཉིད་དཔེ་ཡིས་སྟོན་ཏེ། དེའི་དོན་ངོ་བོས་རྣམ་པ་དང་། །བདག་ཉིད་རྣམ་པ་འགའ་ཞིག་ནི། །གཉིས་པ་དེ་ནི་གསུམ་པ་ཡིས། །ཤེས་པས་རྣམ་པར་འབྱེད་པར་འགྱུར། །ཞེས་བྱ་བ་

ལ། ཉམས་སུ་མྱོང་བ་འཛིན་པའི་ཤེས་པ་དེའི་དོན་གྱི་ངོ་བོས་བདག་ཉིད་དུ་གྱུར་པའི་རྟོགས་པ་དང་། སྔོན་པོའི་རྣམ་པ་དང་། རང་གི་རྣམ་པ་ཤེས་པ་གསུམ་པས་རྣམ་པར་འབྱེད་ཅིང་ཤེས་པར་འགྱུར་རོ། །དེ་བཞིན་དུ་བཞི་པ་དང་། ལྔ་པས་རྣམ་པ་རེ་རེས་

ལྷག་པར་རྟོགས་པར་འགྱུར་ཏེ། ཇི་སྲིད་དུ་དྲན་པར་ནུས་པའི་བར་དུའོ། །ཤེས་དྲན་དོན་གྱི་འབྲས་ཉིད་ཀྱིས། །གལ་ཏེ་དོན་ནི་དྲན་པའི་ཕྱིར། །འཁྲུལ་པས་སྲེ་ན། ཞེས་བྱ་བ་ལ། འོན་ཏེ་ཤེས་པ་རྣམ་པ་ཉིད་དྲན་པར་བྱེད་དེ། འོན་ཀྱང་ཤེས་པ་དྲན་པར་གྱུར་

เล่ม ๑๘๓ · หน้า 137b

ན་དོན་ཀྱང་དྲན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཤེས་པ་དང་པོ་དོན་གྱི་འབྲས་བུ་ཡིན་པའི་ཕྱིར། ཤེས་པ་དྲན་ན་དོན་ཀྱང་དྲན་པར་འགྱུར་ཏེ། འཁྲུལ་པས་དོན་གྱི་རྣམ་པ་ཙམ་གྱི་ཤེས་པའོ་སྙམ་དུ་སྲེ་བར་སྣང་བ་ཡིན་ནོ་ཞེ་ན། འདིར་ལན་བཏབ་པ། སྒྲོན་མ་དང་། ཡིད་ལ་

བྱེད་པར་དེ་འགྱུར་རོ། །དེ་བཞིན་འབྲས་བུ་ཐམས་ཅད་ཀྱང་། །རྒྱུ་དང་ལྷན་ཅིག་འཛིན་པར་འགྱུར། །དེ་ཕྱིར་རྫ་མཁན་ལ་སོགས་པར། །མེད་པར་བུམ་པ་མི་དྲན་བཞིན། །ཞེས་བྱ་བ་ལ། གལ་ཏེ་ཤེས་པ་དོན་གྱིས་འབྲས་བུ་ཡིན་པས། དོན་ཀྱང་ཤེས་པ་དྲན་པ་

ལས་དྲན་པ་འཁྲུལ་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི། སྒྲོན་མ་དང་ཡིད་ལ་བྱེད་པ་ཡང་རྒྱུ་ཡིན་པས། ཤེས་པ་དྲན་པ་ལས་འཁྲུལ་པས་དྲན་པར་ཡང་འགྱུར་རོ། །གཞན་ཡང་བུམ་པ་ལ་སོགས་པ་འབྲས་བུ་རྣམས་ཐམས་ཅད་རང་གི་རྒྱུ་དང་ལྷན་ཅིག་དེ་བཞིན་དུ་འཁྲུལ་

ནས་འཛིན་པ་ཡིན་ནོ། །ཡིན་མོད་སྐྱོན་ཅི་ཡོད་ཅེ་ན། །རྟོགས་པ་མེད་པའི་སྐྱོན་ཡོད་པ་མ་ཡིན་ནམ། དེ་སྨྲས་པ། རྫ་མཁན་ལ་སོགས་པ་རྣམས་མེད་པར་གྱུར་ན་བུམ་པ་དྲན་པར་མི་འགྱུར་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །འོན་ཏེ་དོན་གྱིས་ཕན་བཏགས་

པའི་ཤེས་པ་ལ་ཕུལ་དུ་བྱུང་བ་ཅུང་ཟད་ཡོད་ལ། གང་གིས་ཤེས་བ་དྲན་ན་དོན་ཀྱང་དྲན་པར་འགྱུར་ཞིང་། ཤེས་པ་གཟུང་ན་དོན་ཀྱང་འཛིན་པར་འགྱུར་གྱི། ཤེས་པ་འབའ་ཞིག་འཛིན་པ་དྲན་པ་མ་ཡིན་གྱི། བུམ་པ་ལ་སོགས་པ་དང་རྫ་མཁན་ནི་ཡན་གར་བར་འཛིན་པར་འགྱུར་རོ་ཞེ་

ན། སྨྲས་པ། ཕུལ་བྱུང་གང་ལས་ཤེས་པ་ནི། །དོན་དང་འདྲེ་བ་ལ་བརྟེན་པ། །དེ་འདྲ་ལས་གཞན་ཅིར་འགྱུར་ཏེ། །མཚེ་མ་ལ་སོགས་མཐོང་བ་བཞིན། །ཞེས་བྱ་བ་ལ། ཕུལ་དུ་བྱུང་བ་གང་ལས་དོན་དང་ལྷན་ཅིག་འདྲེ་བ་ལ་བརྟེན་པ་གྲུབ་པའི་ཤེས་པ་དང་།

དོན་དང་འདྲེ་བ་ནི་ཤེས་པ་འཛིན་པ་ན་དོན་འཛིན་པ་དང་། ཤེས་པ་དྲན་པ་ནི་དོན་དྲན་པའོ་སྙམ་པ་དེ་ལྟ་བུའི་ངོ་བོ་ཉིད་དེ། དོན་དང་འདྲ་བ་ལས་དེ་ཕུལ་དུ་བྱུང་བའི་རང་བཞིན་གཞན་པ་ཅི་ཞིག་ཏུ་འགྱུར། དེའི་རྣམ་པ་ཅན་ཉིད་ཡིན་པས་ཤེས་པ་འཛིན་པ་ནི་དོན་འཛིན་པར་

เล่ม ๑๘๓ · หน้า 138a

རིགས་པ་མ་ཡིན་ཏེ། ཤེས་པ་རྣམ་པ་མེད་པར་ཉམས་སུ་མྱོང་བའམ་དྲན་པ་ན། ཐ་དད་པའི་དོན་འཛིན་པའམ་དྲན་པ་མ་ཡིན་ནོ། །འདི་ལྟར་གཟུགས་མཚུངས་པའི་མཚེ་མ་དག་ཅིག་མཐོང་བ་ན། གཉིས་པ་ལ་འཁྲུལ་ནས་དེ་ཉིད་འདི་ཡིན་ནོ་སྙམ་དུ་ལྟ་བ་སྟེ།

དེས་ན་འདྲ་བ་ཉིད་དུ་ཤེས་པ་རིགས་སོ། །རྣམ་པ་མེད་པའི་སེམས་ལ་གནོད་པར་བྱེད་པ་སྨྲས་པ། དང་པོ་ཚུལ་གཉིས་མ་ཡིན་ལ། །ཚུལ་གཅིག་ཏུ་ནི་རྣམ་བཞག་ན། །གཉིས་པ་དང་ནི་ཐ་དད་པར། །སེམས་ཀྱིས་དཔྱོད་པར་མི་འགྱུར་རོ། །ཞེས་བྱ་བ་ལ། དང་པོ་ཉམས་སུ་མྱོང་བའི་

ཤེས་པ་དོན་རྟོགས་པ་དག་དང་བྲལ་བས་ཚུལ་གཉིས་པ་ཅན་མ་ཡིན་ན་ནི། དང་པོ་ཚུལ་གཉིས་མ་ཡིན་པ་འདི་ལ། གང་གི་ཕྱིར་ཚུལ་གཅིག་པ་རྟོགས་པ་ཙམ་དུ་རྣམ་པར་བཞག་ན། ཉམས་སུ་མྱོང་བ་འཛིན་པའི་ཤེས་པ་གཉིས་པ་ཤེས་པ་དང་པོ་དང་།

ཐ་དད་པར་རྣམ་པར་འཇོག་པར་མི་འགྱུར་ཏེ། གང་གིས་ན་གཉིས་པ་གསུམ་པའི་སེམས་ཀྱིས་རྟོགས་པར་བྱེད་དེ། ཤེས་པ་དང་པོ་དང་། གཉིས་པ་དག་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཐ་དད་པར་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་

བསྡུ་བ་སྨྲས་པ། དེ་ཕྱིར་སྔོ་སོགས་ངོ་བོ་རུ། །མདུན་ན་སྣང་བར་གྱུར་པའི་བློ། །དོན་སྲེ་བ་དང་འབྲེལ་པ་ཅན། །བློ་གཉིས་པ་ནི་དམིགས་པར་འགྱུར། །ཞེས་བྱ་བ་ལ། བློ་གཉིས་པ་དོན་གྱི་རྣམ་པ་ཅན་ཡིན་པ་དེའི་ཕྱིར། སྔར་གྱི་བློ་སྔོན་པོ་

ལ་སོགས་པའི་ངོ་བོ་ཉིད་དུ་མདུན་ན་སྣང་བར་གྱུར་པ་ལ་དམིགས་པ་ཡིན་ནོ། །ཇི་ལྟ་བུར་གྱུར་པའི་བློ་ཡིན་ཞེ་ན། གང་ལ་དོན་དང་སྲེ་བ་དང་འབྲེལ་པ་ཡོད་པའི་བློས་དེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་དུ་

མ་གྱུར་ན། སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་ཅན་གྱི་བློ་སྔ་མ་ལ་དམིགས་པ་མ་ཡིན་ནོ། །རྣམ་པ་མེད་པའི་བློ་ཡན་གར་བར་དམིགས་པ་མ་ཡིན་ནམ། འདི་ལྟར་དེའི་ཚེ་ཁོ་བོས་ཤེས་པ་ཅི་ཡིན་ཏེ། ཅི་ཡང་མི་ཤེས་སོ་སྙམ་པ་ཡིན་ནོ་ཞེ་ན།

เล่ม ๑๘๓ · หน้า 138b

དེ་ནི་རིགས་པ་མ་ཡིན་ཏེ་སྤྱིར་འཛིན་པའི་རྣམ་པ་དྲན་པ་ནི་གཟུང་བའི་སྤྱི་ཡང་དྲན་པ་ཉིད་ཡིན་ཏེ། འདི་ལྟར་ཁོ་བོས་མཐོང་བ་ཅི་ཡིན་སྙམ་པ་ནི་སྣང་དུ་རུང་བའི་སྤྱི་ཁོ་ན་དྲན་པའོ། །གང་འདི་འཛིན་པའི་ངོ་བོ་ཁོ་ན་དྲན་པར་གྱུར་པ་དེའི་ཚེ་གཟུང་བ་ཉམས་སུ་མ་མྱོང་བས་

དེའི་འཛིན་པར་གང་ལ་ལྟོས་ཏེ་བཞག །འོན་ཏེ་འཛིན་པ་ཡིན་པས་དྲན་ནོ་ཞེ་ན། དེའི་ཚེ་གཟུང་བ་ངེས་པར་བྱས་ནས་འཛིན་པར་དྲན་པར་འགྱུར་ཏེ། གཟུང་བའི་མཐར་ཐུག་པ་འཛིན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཡུལ་ལ་གནས་པ་ཉིད་ཀྱིས་ཤེས་པ་ཉམས་སུ་མྱོང་བ་དང་

དྲན་པར་འགྱུར་རོ། །འོན་ཏེ་དོན་གྱི་ངོ་བོ་ཉིད་ཁོ་ན་ཤེས་པ་དང་ལྷན་ཅིག་རྟོགས་པར་འགྱུར་ལ། ཤེས་པ་ནི་རྟོགས་པའི་ངོ་བོ་ཉིད་དོ་ཞེ་ན། འདིར་ཤེས་པ་རྟོགས་པ་ན་དོན་དྲན་པར་མི་རུང་ངོ་ཞེས་བསྟན་ཏོ། །གཞན་ཡང་། གཞན་དུ་དང་པོའི་ཤེས་པ་ཉིད། །དོན་སྔ་མ་དང་

འབྲེལ་པ་ཅན། །ཕྱི་མ་ཕྱི་མ་མཐོང་བ་མིན། །ཞེས་བྱ་བ་ལ། དེ་ལྟ་མ་ཡིན་ཏེ་གལ་ཏེ་དོན་གྱི་འབྲས་བུ་ཉིད་ཀྱིས་ཤེས་པ་འཛིན་པ་ན་དོན་འཛིན་པ་དེའི་ཚེ། དང་པོའི་ཤེས་པ་ཉིད་གཅིག་པུ་ཉམས་སུ་མྱོང་བའི་ཤེས་པ་དོན་དང་ལྷན་ཅིག་སྦྱོར་བར་བྱེད་དེ། དེ་ལ་དོན་

ཡོད་པའི་ཕྱིར་རོ། །ཤེས་པ་ཕྱི་མ་ཕྱི་མ་སྟེ་གཉིས་པ་དང་གསུམ་པ་མ་མཐོང་བ་དང་འབྲེལ་པ་ཅན་དོན་སྔ་མ་དང་ཇི་ལྟར་སྦྱོར་བ་ཡིན་གང་གི་ཚེ་ཡང་ཤེས་པ་དང་པོ་དོན་གྱི་རྣམ་པ་ཅན་ཡིན་པ་དེའི་ཚེ་གཉིས་པ་དང་པོའི་ཤེས་པས་སྐྱེད་པ་ཡང་དོན་གྱི་རྣམ་པ་ཅན་དང་མྱོང་

བའི་ངོ་བོ་ཉིད་ཅན་དུ་འགྱུར་ཏེ། དཔེར་ན་རིང་པོ་ན་གནས་པའི་ལྗོན་ཤིང་ལས་དོན་གྱི་རྣམ་པ་ཅན་དུ་སྐྱེ་བ་བཞིན་ནོ། །འོན་ཏེ་དོན་དང་བྲལ་བའི་ཤེས་པ་དྲན་པར་མི་ནུས་ཀྱི། དོན་དང་བཅས་པ་ཁོ་ན་དྲན་པར་འགྱུར་ཏེ། དེའི་རྣམ་པ་ཅན་ཉིད་ནི་དོན་ལ་བྱེད་པ་དང་

ལྡན་པའི་ཤེས་པའི་ངོ་བོ་ཉིད་ཡིན་ནོ། །དེའི་ཕྱིར་དོན་དང་བཅས་པའི་ཤེས་པ་དྲན་པ་ཡིན་གྱི། བུམ་པ་ལ་སོགས་པ་ནི་ཡན་གར་བའི་ངོ་བོ་ཉིད་ཡིན་ནོ། །དེས་ན་རྫ་མཁན་ལ་སོགས་པའི་ངོ་བོ་ཉིད་ལས་བུམ་པ་ལ་སོགས་པ་ཡན་གར་བར་དམིགས་པ་དང་དྲན་པར་

เล่ม ๑๘๓ · หน้า 139a

འགྱུར་བ་ཡིན་ན་ཡང་ཤེས་པ་ནི་ཡུལ་དང་བཅས་པ་ཉིད་དུ་སྣང་བ་ཡིན་པའི་ཕྱིར་ཡུལ་དང་བཅས་པ་ཉིད་དུ་ཤེས་པ་དྲན་པར་འགྱུར་རོ་ཞེ་ན། འདི་ལ་སྨྲས་པ། དོན་དང་ཤེས་པ་དག་ཐ་དད་པར་འཛིན་པ་གྲུབ་པ་ན་ལྷན་ཅིག་པའོ་ཞེས་བརྗོད་པར་རིགས་ཏེ། གང་གི་ཕྱིར་

སྔོན་པོ་ལ་སོགས་པའི་རྣམ་པ་ལས་ཐ་དད་པར་ཤེས་པ་སྣང་བ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཅན་གྱི་ཤེས་པ་སྔོན་པོ་ལ་སོགས་པ་ཐ་དད་པར་སྣང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཞན་དག་གིས་བདེ་བ་ལ་སོགས་པ་བེམས་པོའི་

ངོ་བོ་ཉིད་དུ་འདོད་པའི་ཕྱིར་རོ། །གཞན་དག་ནི་བདེ་བ་ལ་སོགས་པ་རྟོགས་པའི་ངོ་བོ་ཉིད་དུ་མི་འདོད་དོ། །འོན་ཏེ་མདོ་སྡེ་པ་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཅན་དུ་ཤེས་པ་འདོད་དོ་ཞེ་ན། དེ་ལྟ་ན་ནི་ཇི་ལྟར་ཤེས་པ་བདེ་བ་ལ་སོགས་པ་ལས་ཐ་དད་པ་མེད་པ་དེ་བཞིན་

དུ་སྔོན་པོ་ལ་སོགས་པ་ལས་ཐ་དད་པར་ཤེས་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་ཡུལ་ན་གནས་པའི་ཕྱིར། གཞལ་བར་བྱ་བ་ཉིད་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཉམས་སུ་མྱོང་བ་གཉིས་ལ་ཕྱི་རོལ་དང་ནང་ཡིན་ནོ་ཞེས་བྱ་བ་ཐ་དད་པར་

རིགས་པ་མ་ཡིན་ནོ། །འོན་ཏེ་སྔོན་པོ་ལ་སོགས་པའི་འཇིག་པར་བྱེད་པ་བདེ་བ་ལ་སོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བདེ་བ་ལ་སོགས་པ་མེད་ཀྱང་སྔོན་པོ་ལ་སོགས་པ་སྣང་བའི་ཕྱིར་རོ། །དེ་བས་ན་སྔོན་པོ་ལ་སོགས་པ་རྣམས་རྟོགས་པའི་ངོ་བོ་

ཉིད་ཁོ་ནས་བྱས་པས་འཛིན་པའི་ཕྱིར། རྟོགས་པ་དང་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཤེས་པ་ཚུལ་གཉིས་པ་ཅན་དུ་གྲུབ་པ་ཡིན་ནོ། །ཡང་ན་སྔོན་པོ་ལ་སོགས་པའི་འཛིན་པ་བདེ་བ་ལ་སོགས་པ་གཞན་དག་ཡིན་དུ་ཆུག་ན་དེ་ལྟ་ན་ཡང་ཤེས་

པ་རྣམ་པ་དང་བཅས་པར་འགྲུབ་པོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་དྲུག་པ། སྨྲས་པ། ཡུལ་རྣམས་བློ་དང་ལྷན་ཅིག་སྟེ། །ཅིག་ཅར་ངེས་པར་ཉམས་མྱོང་བ། །དེ་དག་ལས་ནི་གཞན་ཉིད་དུ། །རྣམ་པ་གང་གིས་གྲུབ་པར་འགྱུར། །

เล่ม ๑๘๓ · หน้า 139b

ཞེས་བྱ་བ་ལ། སྔོན་པོ་ལ་སོགས་པའི་ཡུལ་རྣམས་བློ་དང་ལྷན་ཅིག་ཏུ་གདོན་མི་ཟ་བར་ཅིག་ཅར་ཏེ། དུས་གཅིག་ཏུ་མྱོང་བར་གྱུར་པའི་བློ་དེ་ལས་གཞན་པ་ཉིད་དུ་རང་བཞིན་གང་གིས་གྲུབ་པར་འགྱུར་ཏེ། སྔོན་པོ་ལ་སོགས་པ་དང་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཅན་གྱི་ཤེས་

པ་གཅིག་པ་ཉིད་དེ་རྣམ་པར་དབྱེ་བར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཇི་ལྟར་སྔོན་པོ་དང་བདེ་བ་ལ་སོགས་པ་ཐ་དད་པར་སྣང་ཞེ་ན། འཁྲུལ་བའི་ཤེས་པས་ཐ་དད་དུ། །མཐོང་སྟེ་ཟླ་གཉིས་ལ་སོགས་བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ཟླ་བ་གཅིག་

ལ་ཐ་དད་པར་མཐོང་བ་དེ་བཞིན་དུ་ཤེས་པ་ཡང་ཕྱི་དང་ནང་གི་བྱེ་བྲག་ལས་སྣང་བ་ཡིན་ཏེ། གང་གིས་ཤེ་ན། གང་ལ་འཁྲུལ་པའི་ཤེས་པ་ཡོད་པའི་སྐྱེ་བོ་དེས་ཡིན་ནོ། །དོན་དམ་པར་ནི་སྣ་ཚོགས་པའི་རྣམ་པ་ཅན་གཅིག་པ་ཉིད་དུ་སྣང་བ་སྟེ། ཐ་དད་པར་བྱེད་མི་ནུས་པའི་

ཕྱིར་རོ་ཞེས་བསྟན་ཏོ། །དེ་ལྟ་ན་འོ་ན་ནི་སྔོན་པོ་དང་སེར་པོ་དག་སྣང་བར་གྱུར་པ་ཡང་གཅིག་པར་འགྱུར་རོ་ཞེ་ན། འདི་ནི་བདེན་ཏེ། སྔོན་པོ་ལ་སོགས་པ་ཡང་སྣ་ཚོགས་པའི་རྣམ་པ་ཅན་གྱི་རིག་པ་གཅིག་ཁོ་ན་ཡིན་ནོ། །གལ་ཏེ་ཡང་སྔོན་པོ་ལ་སོགས་པ་དག་ཐ་དད་པ་ཡིན་ན།

དེའི་ཚེ་འདི་ལྟར་བསམ་པར་བྱ་སྟེ། སྔོ་སེར་དག་གི་ཐ་དད་པ། །མྱོང་བའི་ངེས་པ་ཡོད་མ་ཡིན། །ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་དག་ཐ་དད་པ་ནི་ཅིག་ཅར་བའི་དངོས་པོའི་མྱོང་བའི་ངེས་པ་དེ་ཡོད་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་དག་ཐ་དད་པའོ། །དེ་བས་ན་

རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པས་ཐ་དད་པར་རྟོགས་སོ། །འོན་ཏེ་ཤེས་པ་མེད་ཀྱང་དོན་ཡོད་པའི་ཕྱིར། ཤེས་པ་ལས་དོན་ཐ་དད་པ་མ་ཡིན་ནོ་ཞེས་བྱར་མི་རུང་ངོ་ཞེ་ན། སྨྲས་པ། མྱོང་མིན་པ་ཅན་དོན་ཅིའང་མེད། །དོན་མེད་པ་ཡི་རིག་པའང་མེད། །སོ་སོར་

མྱོང་བ་འགའ་མེད་པ། །དེ་ཕྱིར་དེ་དག་ཐ་དད་མེད། །ཅེས་བྱ་བ་ལ། དོན་ནི་སྔོན་པོ་ལ་སོགས་སྟེ། མྱོང་བ་དང་བྲལ་བར་མི་སྣང་ལ། མྱོང་བ་ཡང་དོན་དང་བྲལ་བར་གྱུར་པར་སྣང་བ་མ་ཡིན་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དོན་དང་རིག་པ་དེ་དག་ཐ་དད་པ་ཡོད་

เล่ม ๑๘๓ · หน้า 140a

པ་མ་ཡིན་ཏེ། ཤེས་པ་མ་གཏོགས་པར་སྔོན་པོ་ལ་སོགས་པ་དེ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེའི་ཕྱིར་ཐ་དད་པར་སྣང་ཡང་ལྷན་ཅིག་པར་དམིགས་པའི་ཕྱིར་དོན་དང་ཤེས་པ་དག་གཅིག་ཉིད་ཡིན་ནོ། །ཐ་དད་པའི་ཐ་སྙད་ཀྱང་རྗེས་སུ་འགྲོ་བ་ལྡོག་པ་དག་

ལས་མེད་པ་ཁོ་ན་ཡིན་ཏེ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་སྔ་མ་དང་ཕྱི་མར་འཇུག་པའི་ཕྱིར་རོ། །སྔ་ཕྱི་ཡང་མངོན་སུམ་མ་ཡིན་ཏེ་དེ་ཉེ་བ་ཙམ་འཛིན་པའི་ཕྱིར་རོ། །དེ་མེད་པར་ཡང་རྗེས་སུ་དཔག་པ་ཡོད་པ་མ་ཡིན་པས། དུས་ལ་སོགས་པ་ཐ་དད་པ་ཡོད་པ་མ་ཡིན་པ་ཉིད་དོ། །ཉེ་

བར་བསྡུ་བ་སྨྲས་པ། དེ་ཕྱིར་ཤེས་དུས་སྣང་བ་ཅན། །དོན་ནི་ཤེས་ལས་ཐ་དད་ཉིད། །བཟློག་པར་ཤིན་ཏུ་དཀའ་བ་ཡིན། །ཞེས་བྱ་བ་ལ། ཤེས་པའི་དུས་ན་སྣང་བའི་དོན་ནི་ཐ་མི་དད་པར་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར། ཤེས་པ་ལས་ཐ་དད་པ་མེད་པ་བཟློག་པར་དཀའ་བ་སྟེ་བཟློག་བར་མི་

ནུས་པའི་ཕྱིར། ཤེས་པ་རྣམ་པ་དང་བཅས་པར་གྲུབ་པ་ཡིན་ནོ། །གལ་ཏེ་རྣམ་པ་དང་བཅས་པའི་ཤེས་པ་ཡིན་ན། འོ་ན་ནི་ཤེས་པ་ཉིད་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་དུ་སྣང་བར་འགྱུར་ཏེ་དོན་ནི་མ་ཡིན་ནོ། །དེ་མཐོང་ན་ཡང་དོན་གཞན་མཐོང་བར་འགྱུར་ལ། དོན་དེ་ཤེས་པའི་དུས་ན་སྣང་ན་

ནི་སླར་ཤེས་པ་ལས་ཐ་མི་དད་པ་ཡིན་པའི་ཕྱིར། རྣམ་པ་གཞན་ལ་ལྟོས་པ་ཡང་དོན་གཞན་ལ་ལྟོས་པར་འགྱུར་བས། ཐུག་པ་མེད་པར་འགྱུར་བས་མི་རྟོགས་པར་འགྱུར་རོ་ཞེ་ན། འདིར་ལན་སྨྲས་པ། རྒྱུ་ཡི་ཐ་དད་དཔོག་པར་འགྱུར། །ཞེས་བྱ་བ་ལ། སྔོན་པོ་ལ་སོགས་པའི་

རྣམ་པ་ཅན་གྱི་ཤེས་པ་མཐོང་བའི་ཕྱིར། རྒྱུའི་ཐ་དད་པ་སྟེ། རྒྱུའི་ཁྱད་པར་དཔོག་པར་འགྱུར་གྱི། དོན་དུ་མངོན་བར་མཐོང་བ་ནི་མ་ཡིན་ཏེ། ཇི་སྐད་བརྗོད་པའི་སྐྱོན་ཡོད་པའི་ཕྱིར་རོ། །འོ་ན་འདི་ལྟར་ཤིན་ཏུ་མི་སྣང་བའི་དོན་དཔོག་པར་བྱེད་དེ། དེས་སྨྲས་པ། རྒྱུ་གཞན་དག་ནི་

ཡོད་གྱུར་ཀྱང་། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཞེས་བྱ་བ་ལ། དོན་ལས་གཞན་པའི་རྒྱུ་མིག་དང་ཡིད་ལ་བྱེད་པ་དང་སྣང་བ་དག་ཡོད་པར་གྱུར་ཀྱང་། རེས་འགའ་ཀ་བས་སྟོང་པའི་ས་ཕྱོགས་སུ་མངོན་པར་འདོད་ཀྱང་ཀ་བ་ལ་སོགས་པའི་རྣམ་པ་ཅན་གྱི་དབང་པོའི་བློ་རྣམས་མེད་

เล่ม ๑๘๓ · หน้า 140b

པའི་ཕྱིར་དང་། གཞན་དུ་ནི་ཡོད་པའི་ཕྱིར་མིག་ལ་སོགས་པ་ལས་ཐ་དད་པའི་རྒྱུའི་ཁྱད་པར་དཔག་པར་བྱའོ། །དེའི་ཕྱིར་མཐོང་བའི་ཁྱད་པར་དང་བྲལ་བའི་དོན་ཁོ་ན་གཞལ་བར་བྱ་བའོ། །འོ་ན་ཇི་ལྟར་མངོན་སུམ་གྱིས་གཟུང་བ་ཡིན་ཞེ་ན། དེའི་རྣམ་པར་ཤེས་པ་ལ་གནས་པ་མངོན་སུམ་ཡིན་

པའི་ཕྱིར། དོན་མངོན་སུམ་གྱི་ཡུལ་ཡིན་པར་བརྗོད་དོ། །དེ་ལྟ་ན་ནི་ཕྱི་རོལ་གྱི་དོན་ཉིད་གཞལ་བར་བྱ་བ་ཡིན་གྱི། ཤེས་པ་ཙམ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་མ་ཡིན་པ་མ་ཡིན་ནམ་ཞེ་ན། སྨྲས་པ། གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་པར་མི་སྨྲ་ནའོ། །ཞེས་

པ་སྟེ། གལ་ཏེ་དབང་པོའི་བློ་རྣམས་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས། ཡུལ་དང་དུས་དང་རྣམ་པར་ངེས་པར་རྣམ་པར་ཤེས་པ་ཙམ་སྨྲ་བ་རྣམས་མི་སྨྲ་ན། དེའི་ཚེ་རྒྱུ་ཐ་དད་པར་དཔོག་པར་འགྱུར་རོ། །གང་གི་ཚེ་སྔར་མཐོང་བས་གཞག་པའི་བག་ཆགས་ཀྱི་སྟོབས་ཉིད་ལས་རྣམ་པར་

སྐྱེ་བ་དེས་ཤིན་ཏུ་མ་མཐོང་བའི་ཕྱི་རོལ་པར་རྟོགས་པ་མ་ཡིན་ཏེ། མཐོང་བའི་རྗེས་སུ་འབྲང་བའི་རྟོགས་པ་དེ་ཇི་ལྟར་མ་མཐོང་བའི་དོན་ལ་འཇུག་པར་འགྱུར། འོ་ན་ཕྱི་རོལ་གྱི་དོན་མེད་པར་རྒྱུ་དང་འབྲས་བུའི་དངོས་པོ་དང་ཤེས་པར་བྱ་བ་དང་། ཤེས་པར་བྱེད་པའི་དངོས་པོར་ཇི་ལྟར་འགྱུར་ཏེ།

འདི་ལྟར་ཕྱི་རོལ་གྱི་དོན་མེད་ན་བློ་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་གཞག་པར་བྱ་སྟེ། ས་བོན་སྣང་བ་ཅན་གྱི་ཤེས་པའི་རྗེས་ཐོགས་སུ་རེས་འགའ་མྱུ་གུར་སྣང་བ་ཅན་གྱི་ཤེས་པ་ཡོད་ཀྱང་རེས་འགའ་ས་བོན་དུ་སྣང་བ་ཅན་གྱི་ཤེས་པ་མེད་པར་ཡང་མྱུ་གུར་སྣང་བའི་ཤེས་པ་ཡོད་པ་མ་

ཡིན་ནམ། དེས་ན་ཇི་ལྟར་ས་བོན་དང་མྱུ་གུ་ལ་སོགས་པ་དག་རྒྱུ་དང་འབྲས་བུའི་དངོས་པོས་ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་ནི་མ་རྟོགས་པར་གྱུར་ཀྱང་རང་གི་རྒྱུ་ཡོད་དེ་དེ་ནི་མྱུ་གུའི་རྒྱུ་ཡིན་ནོ། །ས་བོན་ཤེས་པ་ནི་མ་རྟོགས་པར་གྱུར་ན་ཡོད་པ་མ་ཡིན་ཏེ། དེས་ན་ས་བོན་གྱི་

ཤེས་པའི་རྗེས་ཐོགས་སུ་མྱུ་གུའི་ཤེས་པ་འབྱུང་ཞིང་མྱུ་གུའི་ཤེས་པའི་རྗེས་ཐོགས་སུ་ས་བོན་གྱི་ཤེས་པ་འབྱུང་བའི་ཕྱིར། ཕན་ཚུན་རྒྱུ་ཅན་ཉིད་དུ་མི་འགྱུར་རོ། །དེས་ན་ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི་དངོས་པོ་ཡང་རིང་དུ་སྤངས་པ་ཡིན་ཏེ།

เล่ม ๑๘๓ · หน้า 141a

དུ་བ་ལས་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་པོ་ལྐོག་ཏུ་གྱུར་པ་སྟེ། ལྐོག་ཏུ་གྱུར་པའི་ཕྱི་རོལ་པ་ཡོད་པ་ནི་མ་ཡིན་ནོ། །མེར་སྣང་བ་ཡང་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། ལྐོག་ཏུ་གྱུར་པ་མ་ཡིན་པ་ཁོ་ན་ཡིན་ལ། ཕྱི་རོལ་ལ་ནི་ལྐོག་ཏུ་གྱུར་པ་ཡང་ཡོད་པ་མ་

ཡིན་ནོ། །དེ་བས་ན་དེ་རྗེས་སུ་དཔག་པར་རིགས་པའི་ཕྱིར། ཕྱི་རོལ་གྱི་དོན་དུ་སྨྲ་བ་ཉིད་རིགས་པ་ཡིན་ནོ་ཞེ་ན། སྨྲས་པ། ས་བོན་ལས་མྱུ་གུ་སྐྱེད་དང་། །དུ་བ་ལས་མེ་གྲུབ་པོ་ཞེས། །དེ་འདྲ་ཕྱི་རོལ་དོན་རྟེན་ཅན། །བྱེད་པོར་ཤེས་རབ་གནས་པ་གང་། །དེ་ཡང་དེའི་ངོ་བོར་སྣང་ཅན། །

ཡིན་ན་དེ་བཞིན་ངེས་སྐྱེ་ཅན། །བློ་རྟེན་པས་ནི་ལྡོག་བྱེད་ན། །འགལ་བ་དག་ནི་ཅི་ཞིག་ཡོད། །ཅེས་བྱ་བ་ལ། ས་བོན་ལ་མྱུ་གུ་སྐྱེ་བའོ་ཞེས་བྱ་བ་དེ་འདྲ་བ་ནི་ཕྱི་རོལ་གྱི་དོན་ལ་བརྟེན་པ་ཅན་གྱི་བྱེད་པ་པོར་གནས་པ་དང་། དུ་བ་ལས་མེ་སྒྲུབ་པོ་ཞེས་བྱ་བ་དེ་ལྟ་བུ་ཕྱི་རོལ་གྱི་དོན་ལ་བརྟེན་པ་ཅན་གྱི་

ཤེས་པར་བྱེད་པར་གནས་པ་གང་ཡིན་པ་དེ་ཡོད་དོ། །གནས་པ་དེ་གཉི་ག་ཡང་ཕྱི་རོལ་གྱི་དོན་ལ་མ་ལྟོས་པར་དེའི་ངོ་བོར་སྣང་བ་ཅན་དེ་ས་བོན་དང་མྱུ་གུ་ལ་སོགས་པར་སྣང་བའོ། །དེ་བཞིན་དུ་ས་བོན་ལ་སོགས་པར་སྣང་དུ་རུང་བའི་རྗེས་ལ་ངེས་པ་སྐྱེ་རུ་རུང་བ་གང་ལ་ཡོད་པའི་མྱུ་གུ་ལ་སོགས་

པའི་བློ་རྣམས་སོ། །དེ་ལྟ་བུར་གྱུར་པའི་བློ་ལ་བརྟེན་ནམ་གལ་ཏེ་རྟོག་པར་བྱེད་ན་ནི་འགལ་བ་ཅི་ཞིག་ཡོད་དེ། ཅི་ཡང་མེད་དོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། རྒྱུ་འབྲས་ནི་ཤེས་པ་ཉིད་ཡིན་གྱི། དོན་ནི་མ་ཡིན་ཏེ། མ་མཐོང་བའི་དོན་ཡོད་ཀྱང་མེད་པ་དང་བྱེ་བྲག་མེད་པའི་ཕྱིར་རོ། །དེ་སྐད་

དུ་ཡང་ཡོད་པ་ནི་དམིགས་པ་ལ་བརྗོད་དེ། མེད་པའི་མེད་པ་ཞེས་བྱ་བ་ནི་མ་དམིགས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །འོན་ཏེ་སྣང་བ་ཉིད་ཕྱི་རོལ་པ་མེད་པར་ཡོད་པར་ཇི་ལྟར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། དོན་མེད་ཀྱང་སྣང་བར་འགྱུར་རོ་ཞེས་བསྟན་

ཟིན་ཏོ། །དེའི་ཕྱིར་ས་བོན་མཐོང་བ་ལས་མྱུ་གུ་མཐོང་བའི་ཕྱིར། རྒྱུ་དང་འབྲས་བུ་རིགས་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་འོན་ཀྱང་ས་བོན་མཐོང་བ་འབའ་ཞིག་ལས་ནི་མི་འགྱུར་ཏེ། གལ་ཏེ་ས་བོན་དུ་སྣང་བ་མེད་པར་མྱུ་གུ་ཡང་མཐོང་བས་དེའི་ཚེ་ས་བོན་མེད་ན་

เล่ม ๑๘๓ · หน้า 141b

མྱུ་གུ་ཡང་རྒྱུ་མེད་པར་འགྱུར་རོ། །འོན་ཏེ་ས་བོན་སྣང་བ་ཅན་གཞན་དེ་ལ་ཡོད་པའི་ཕྱིར། མྱུ་གུ་རྒྱུ་མེད་པ་ཅན་མ་ཡིན་ནོ་ཟེར་ན། མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །གདོན་མི་ཟ་བར་ས་བོན་མཐོང་བ་གཞན་ཡོད་པ་མ་ཡིན་ཞིང་། གཞན་མཐོང་བའི་བདག་ཉིད་

ལས་མྱུ་གུ་མཐོང་བ་འབྱུང་བ་མ་ཡིན་ནོ། །ཕྱི་རོལ་དུ་སྨྲ་བ་རྣམས་ལ་ནི་མྱུ་གུ་རྒྱུ་མེད་པ་ཅན་མ་ཡིན་ཏེ། མ་མཐོང་བའི་ས་བོན་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར་གལ་ཏེ་ས་བོན་གང་གིས་ཀྱང་མཐོང་བའི་ཡུལ་དུ་མ་གྱུར་པ་ཡོད་དོ་སྙམ་པ་དེའི་ཚེ་དེ་ཡོད་

པ་ལ་ཚད་མ་ཅི་ཞིག་ཡོད་དེ། གང་གིས་མྱུ་གུ་ས་བོན་གྱི་རྒྱུ་ཅན་དུ་གྲུབ་པར་འགྱུར། ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཅན་ནི་དངོས་པོ་མེད་ན་ཡིན་པར་བརྗོད་དོ། །འོན་ཏེ་འབྲས་བུ་མཐོང་བ་ལས་ཡོད་པར་ངེས་པར་བྱེད་དོ་ཞེ་ན། འོ་ན་འབྲས་བུ་དེ་ཉིད་ཡོད་པར་མ་

གྲུབ་ན་ཇི་ལྟར་འབྲས་བུར་ཤེས་པར་འགྱུར་ཏེ། ས་བོན་ཡོད་པར་གྲུབ་ན་ནི་མྱུ་གུ་དེའི་འབྲས་བུར་གྲུབ་བར་འགྱུར་ཞིང་། འབྲས་བུ་ཉིད་དུ་མྱུ་གུ་གྲུབ་ན་ནི་ས་བོན་ཡོད་པར་འགྲུབ་པའི་ཕྱིར་གཅིག་ལ་གཅིག་བརྟེན་པའི་ཉེས་པར་འགྱུར་རོ། །འོན་ཏེ་སྔར་མཐོང་བའི་ས་

བོན་གཞན་གྱིས་མཐོང་བ་དང་དུས་གཞན་དང་འབྲེལ་པ་ཅན་ལ་གཅིག་ཏུ་སྒྲོ་བཏགས་ནས་གཅིག་ཏུ་མཐོང་བ་ཡིན་ནོ་ཞེ་ན། རང་དང་གཞན་གྱི་ཤེས་པ་དག་གིས་སྒྲོ་འདོགས་པར་བྱེད་ཀྱང་གང་གིས་འགོག་པར་བྱེད་དེ། སྔ་མ་དང་ཕྱི་མའི་ཤེས་པ་ལ་ཡང་

གཅིག་ཏུ་ཞེན་པ་ཡོད་པ་མ་ཡིན་ནམ། འོན་ཏེ་མྱུ་གུ་སྣང་བའི་ཚེ་ས་བོན་མཐོང་བ་མེད་ན་དེ་ཇི་ལྟར་དེ་ལ་སྒྲོ་འདོགས་པར་འགྱུར་ཞེ་ན། འོ་ན་ཕྱི་རོལ་གྱི་ས་བོན་དེའི་ཚེ། མ་མཐོང་བར་ཕྱི་རོལ་ཡང་སྒྲོ་བཏགས་ནས་ཡོད་པར་སྒྲོ་འདོགས་པ་དེ་བཞིན་དུ་ཤེས་

པ་ཡང་ཡིན་ནོ། །དེ་ལྟར་ན་གལ་ཏེ་དེ་ལ་སྐྱེས་བུ་གང་ཞིག་མེ་སྣང་དུ་རུང་བར་རྗེས་སུ་དཔོག་པ་དེའི་ཚེ། ཕྱི་རོལ་དུ་སྒྲོ་འདོགས་པར་འགྱུར་བ་དེ་བཞིན་དུ་གལ་ཏེ་འདིར་ཡང་རུང་བ་ཡོད་ན་མེར་སྣང་བར་འགྱུར་རོ། །དེ་བས་ན་སྒྲོ་བཏགས་པ་ལས་སྣང་བ་

เล่ม ๑๘๓ · หน้า 142a

ཡོད་པ་ཡིན་ནོ། །གཞན་ཡང་ཟླ་བ་གཉིས་སུ་སྣང་བ་བཞིན་དུ་ཐམས་ཅད་དུ་གཅིག་ཏུ་ཐ་སྙད་འདོགས་པ་ཙམ་ཡིན་གྱི། ཡང་དག་པར་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལ་འབད་པར་བྱ་བ་མ་ཡིན་ནོ། །དུ་བ་མེས་བསྐྱེད་མི་འགྱུར་ཏེ། །དེ་ཕྱིར་

འབྲས་ལས་རྒྱུ་རྟོགས་པར། །མི་འགྱུར་རྒྱུ་ཉིད་ཡིན་ན་ཡང་། །གང་ལས་ངེས་པར་རྟོགས་པར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་རྣམ་པར་ཤེས་པས་སྨྲ་བ་དག་སྣང་བ་ཐམས་ཅད་བག་ཆགས་དང་འབྲེལ་བ་ཉིད་ཡིན་ནོ། །དེ་ལྟ་ན་ནི་དུ་བ་མེས་བསྐྱེད་པ་

མ་ཡིན་པར་འགྱུར་ཏེ། རང་གི་བག་ཆགས་ཙམ་དང་འབྲེལ་པའི་ཕྱིར་རོ། །དེའི་ཕྱིར་དུ་བ་མེས་མ་བསྐྱེད་པའི་ཕྱིར། འབྲས་བུ་ལས་རྒྱུ་མེ་རྟོགས་པར་མི་འགྱུར་ཏེ། འོན་ཏེ་དུ་བར་སྣང་བ་སྔ་ལ་མེར་སྣང་བ་འཕྱི་བས་དུ་བ་རྒྱུ་ཡིན་ནོ་སྙམ་ན། དེ་ལྟ་ན་ནི་དུ་བ་རྒྱུར་

གྱུར་པ་ངེས་པར་མེ་རྟོགས་པར་མི་འགྱུར་རོ་ཞེ་ན། དེ་ལ་ལན་བཏབ་པ། དེ་ལའང་དུ་བར་སྣང་བའི་བློ། །བག་ཆགས་གསལ་བར་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ནི་མ་ཡིན་ནོ། །ཞེས་བྱ་བ་ལ། མེ་དུ་བས་རྗེས་སུ་

དཔོག་པ་དེ་ལ་ཡང་དུ་བར་སྣང་བའི་བློ་ཉིད་ཀྱིས་མེར་སྣང་བའི་བློ་ཉིད་རྟོགས་པར་འགྱུར་རོ། །ཇི་ལྟ་བུ་ཞིག་ཅེ་ན། བློ་གང་ལ་བག་ཆགས་གསལ་བར་སད་པ་ཡོད་པ་དེ་ཡིན་ནོ། །དེ་དག་གིས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། དུ་བར་སྣང་བའི་

བློ་ནི་མེར་སྣང་བའི་ཤེས་པ་དང་འབྲེལ་པ་ཡིན་ཏེ། བག་ཆགས་དེ་རྟོགས་པར་བྱེད་དོ། །མེའི་བག་ཆགས་དེ་ཡང་སད་པ་ལ་མངོན་དུ་ཕྱོགས་པར་གྱུར་ནས་མེར་སྣང་བ་བསྐྱེད་པའི་ཕྱིར། མེར་སྣང་བའི་ཚད་མ་ཡིན་ནོ། །དཔེར་ན་ཕྱི་རོལ་གྱི་མེ་

དཔགས་ན་མེའི་ཤེས་པ་དང་། མེ་གཞན་སྐྱེད་པའི་ཕྱིར། ཚོགས་པ་གཅིག་ལ་རག་ལས་པས་མེ་ཐོབ་པར་འགྱུར་བ་དེ་བཞིན་དུ། དུ་བ་དང་མེའི་ཤེས་པར་སྣང་བ་དག་བག་ཆགས་གཅིག་ལ་རག་ལས་པ་ཡིན་ནོ། །དོན་དུ་གཉེར་བ་ནི་མེར་

เล่ม ๑๘๓ · หน้า 142b

སྣང་བ་ཉིད་ཡིན་ཏེ། དེ་བས་ན་ཕྱི་རོལ་གྱི་དོན་མེད་པ་ལ་མེར་སྣང་བ་ལ་ལྟོས་ནས་རྗེས་སུ་དཔག་པའི་ཚད་མ་ཡིན་ནོ། །མ་འོངས་པའི་སྣང་བ་ཇི་ལྟར་རྗེས་སུ་དཔག་པ་ཞེས་བྱ་ཞེ་ན། དེ་ལྟ་བུ་ཉིད་ཀྱི་རྗེས་སུ་དཔག་པ་མཐོང་བའི་ཕྱིར་རོ། །ཕྱི་རོལ་གྱི་དོན་ལ་ནི་

རྨི་ལམ་གྱིས་མ་ངེས་པར་འགྱུར་རོ། །ཞེས་བསྟན་ཏེ་མཐོང་བ་ཉིད་མེད་པའི་ཕྱིར་རོ། །འོ་ན་གལ་ཏེ་དུ་བ་ལ་སོགས་པར་སྣང་བ་བག་ཆགས་ལས་སྐྱེས་པ་ཉིད་ཡིན་ཞིང་། དེ་ཡང་རིགས་མཚུངས་པའི་བག་ཆགས་ཀྱི་སྤྲུལ་པ་ཉིད་ཡིན་ཏེ། དེའི་ཕྱིར་

དུ་བར་སྣང་བ་ལས་དུ་བའི་བག་ཆགས་ཉིད་གོ་བར་བྱེད་ཀྱི། ཇི་ལྟར་མེའི་བག་ཆགས་གོ་བར་བྱེད་དེ། འདི་ལྟར་ངོ་བོ་གང་ཞིག་མཐོང་བས་བྱས་པའི་བག་ཆགས་ནི་ངོ་བོ་ཉིད་མཐོང་བའི་རྒྱུར་འགྱུར་གྱི། དུ་བར་སྣང་བ་ལས་མེའི་བག་ཆགས་སྐྱེས་པ་ནི་མ་

ཡིན་ནོ། །དེས་ན་ཇི་ལྟར་དུས་ཕྱིས་སྣང་བའི་དུ་བར་སྣང་བ་སྐྱེད་པར་འགྱུར། དེའི་ཕྱིར་དུ་བར་སྣང་བ་ནི་དུ་བའི་བག་ཆགས་ལས་སྐྱེས་པ་ཡིན་གྱི། མེའི་བག་ཆགས་དང་མེར་སྣང་བ་ལས་མ་སྐྱེས་པས་གོ་བར་བྱེད་པ་མ་ཡིན་ནོ་ཞེ་ན། སྨྲས་པ། དེ་རུང་

བག་ཆགས་སྙིང་པོ་ཅན། །དུ་བར་སྣང་ཅན་བློ་ཡི་ནི། །སེམས་རྒྱུད་གསལ་བར་བྱེད་པ་ཡིན། །དེ་ཕྱིར་མེ་ལས་དུ་བ་སྐྱེས། །ཞེས་བྱ་བ་ལ། མེར་སྣང་བ་སྐྱེ་བ་དེའི་རུང་བ་མེའི་བག་ཆགས་གང་ཡིན་པ་དེ་ནི་སྙིང་པོ་ཅན་ཏེ་དེ་དང་ལྡན་པ་ཉིད་དོ། །དུ་བའི་

བག་ཆགས་ཅན་གྱི་སེམས་ཀྱི་རྒྱུད་སྔོན་དུ་སོང་བའི་དུ་བར་སྣང་བ་ཅན་གྱི་བློ་གསལ་བར་བྱེད་པ་སྟེ་སྐྱེད་པར་བྱེད་དོ། །དེའི་ཕྱིར་དུ་བའི་བག་ཆགས་དུ་བར་སྣང་བའི་ཉེ་བར་ལེན་པའི་རྒྱུ་ཡིན་ལ། མེའི་བག་ཆགས་ནི་ལྷན་ཅིག་བྱེད་པའི་གྲོགས་བྱེད་པའོ། །

མ་འོངས་པའི་མེར་སྣང་བའི་ནི་མེར་སྣང་བ་ཉེ་བར་ལེན་པའི་རྒྱུ་ཡིན་ལ། དུ་བའི་བག་ཆགས་ནི་གྲོགས་བྱེད་པ་ཡིན་ནོ། །དེའི་ཕྱིར་ཚོགས་པ་གཅིག་ལ་རག་ལུས་པས་མེ་ལས་དུ་བ་སྐྱེས་སོ་ཞེས་རྣམ་པར་འཇོག་པའི་ཕྱིར་གོ་བར་བྱ་བ་དང་གོ་བར་བྱེད་པར་གནས་

เล่ม ๑๘๓ · หน้า 143a

པ་གྲུབ་པ་ཡིན་ནོ། །དེ་བས་ན་རྣམ་པར་རིག་པ་ཙམ་ཉིད་རིགས་སོ། །འོ་ན་གལ་ཏེ་རྣམ་པར་རིག་པ་ཙམ་ཡིན་ན་སློབ་དཔོན་གྱིས་ཕྱི་རོལ་གྱི་དོན་ལ་ཤེས་པ་ཚུལ་གཉིས་པ་ཅན་དུ་ཇི་སྟེ་སྟོན་ཏེ། རྣམ་པར་རིག་པར་སྨྲ་བར་རིགས་ཀྱི། དོན་ལ་བརྟེན་པར་མི་འཐད་དོ་ཞེ་ན།

སྨྲས་པ། མཁས་རྣམས་སྨྲ་བ་དེ་དག་ཡོད། །ལྷན་ཅིག་ཉམས་སུ་མྱོང་བའི་ཕྱིར། །ཚུལ་གཉིས་དེ་ནི་གྲུབ་པ་ཡིན། །ཞེས་བྱ་བ་ལ། རྣམ་པར་རིག་པར་སྨྲ་བ་དེ་དག་ནི་མཁས་པ་རྣམས་ལ་ཡོད་དེ། ཕྱི་རོལ་གྱི་དོན་ལ་བརྟེན་པ་ནི་ཕྱི་རོལ་ཁས་བླངས་ནས་བློ་ཚུལ་གཉིས་པ་ཅན་དུ་བརྗོད་པར་བྱའོ། །

ཚུལ་གཉིས་པ་ཅན་དེ་ཡང་ཕྱི་རོལ་གྱི་དོན་ལ་གྲུབ་པ་ཡིན་ཏེ། ལྷན་ཅིག་ཉམས་སུ་མྱོང་བར་ངེས་པའི་ཕྱིར། ལྷན་ཅིག་དམིགས་པ་ངེས་པར་བཤད་པའི་ཕྱིར་རོ། །མྱོང་བར་ངེས་པ་ནི་ཐ་དད་པ་དག་ལ་མི་རུང་ངོ་ཞེས་བསྟན་ཏོ། །གལ་ཏེ་ཤེས་པ་རྣམ་པ་མེད་པ་ཡིན་ན་རྟག་ཏུ་དག་པ་ཉིད་དུ་འགྱུར་གྱི།

གསལ་བ་དང་མི་གསལ་བ་དང་བར་མ་ལ་སོགས་པའི་ངོ་བོ་ཉིད་དུ་ནི་མ་ཡིན་པ་ལས་ཤེས་པ་གསལ་བ་དང་མི་གསལ་བ་ལ་སོགས་པའི་བྱེ་བྲག་སྣང་བ་ཡང་ཡིན་ནོ། །འདི་ལྟར། ཤེས་པ་དབང་པོའི་བྱེ་བྲག་གིས། །གསལ་དང་མི་གསལ་བར་མ་སོགས། །སྣང་བ་ཐ་དད་དོན་གཅིག་ལ། །

བརྟེན་པ་རུ་ནི་མཐོང་བ་ཡིན། །ཞེས་བྱ་བ་ལ། དབང་པོར་འགྱུར་བའི་མཚན་ཉིད་ཀྱི་བྱེ་བྲག་གི་རྒྱུས་ཤེས་པ་གསལ་བ་དང་མི་གསལ་བ་ལ་སོགས་པར་སྣང་བ་ཐ་དད་པ་འཛིན་པ་དོན་གཅིག་ལ་མཐོང་བ་ཡིན་ན། དེ་ཇི་ལྟར་དོན་གཅིག་ལ་ཤེས་པ་རྣམ་པ་དུ་མ་ཅན་དུ་འགྱུར། འོན་ཀྱང་དོན་ཉིད་

གསལ་བ་དང་མི་གསལ་བ་ལ་སོགས་པའི་བྱེ་བྲག་གིས་སྣ་ཚོགས་པའི་ངོ་བོ་ཉིད་ཅན་ཡིན་གྱི། ཤེས་པའི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དོན་ལས་དེ་དེར་སྣང་ཡིན་ན། །དོན་ཐ་དད་མེད་ངོ་བོའི་ཕྱིར། །དེ་ཡི་དོན་ཅན་ཡིད་ཀུན་གྱི། །ངོ་བོ་གཅིག་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། གལ་

ཏེ་དོན་ལས་སྐྱེས་པའི་ཤེས་པ་དེ་སྣང་བ་སྟེ་དོན་གྱི་སྣང་བ་ཅན་ཡིན་ན་དེའི་ཚེ་ཡིད་ཐམས་ཅད་དེའི་དོན་ཅན་དེ་ཡུལ་གཅིག་པ་ཅན་ངོ་བོ་གཅིག་པར་འགྱུར་གྱི། གསལ་བ་དང་མི་གསལ་བ་ལ་སོགས་པ་སྣ་ཚོགས་སྣང་བར་ནི་མི་འགྱུར་ཏེ། ཕྱི་རོལ་གྱི་དོན་ངོ་བོ་གཅིག་པའི་ཕྱིར་རོ། །སྣ་ཚོགས་

เล่ม ๑๘๓ · หน้า 143b

ཀྱི་རྣམ་པ་ཅན་ནི་སྐྱེས་བུ་སོ་སོ་ལ་གཞན་དང་གཞན་གྱི་རྣམ་པ་དམིགས་པའི་ཕྱིར་རྣམ་པར་ཤེས་པ་ཉིད་ཡིན་ནོ། །འོ་ན་དོན་གྱི་རྣམ་པ་ཅན་གྱི་ཤེས་པ་སྣ་ཚོགས་པའི་རྣམ་པ་ཅན་དུ་ཇི་ལྟར་འགྱུར་ཏེ། དོན་ངོ་བོ་ཉིད་གཅིག་པའི་ཕྱིར་ཤེས་པ་ཡང་དོན་གྱི་རྣམ་པ་གཅིག་པ་ཅན་དུ་འགྱུར་རོ། །དེའི་ཕྱིར་གསལ་

བ་དང་མི་གསལ་བའི་བྱེ་བྲག་མེད་པར་མཚུངས་པ་ཉིད་ཡིན་ནོ་ཞེ་ན། འདིར་སྨྲས་པ། དོན་ལ་བརྟེན་ནས་འབྱུང་འགྱུར་ཞིང་། །དེ་ཡི་ངོ་བོ་རྗེས་བྱེད་པ། །དེ་ནི་ཆ་འགའ་ཞིག་གིས་ནི། །གཞན་ལས་ཀྱང་ནི་ཐ་དད་འགྱུར། །ཞེས་བྱ་བ་ལ། དོན་གྱི་སྟོབས་ལས་སྐྱེས་པར་གྱུར་བའི་ཤེས་པ་དེ་དོན་གྱི་ངོ་བོ་ཉིད་

ཀྱི་རྗེས་སུ་བྱེད་ཀྱང་དོན་གྱི་རྣམ་པ་ཅན་ནི་ཆ་འགའ་ཞིག་དབང་པོ་ཐ་དད་པ་ལ་སོགས་པ་གཞན་ལས་ཀྱང་གསལ་བ་དང་མི་གསལ་བ་ལ་སོགས་པ་ཐ་དད་པར་འགྱུར་བ་ཡིན་གྱི་བདག་ཉིད་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། དཔེར་ན་རབ་རིབ་ཅན་ལ་ཟླ་བ་གཉིས་ཀྱི་རྣམ་པ་སྣང་བ་བཞིན་ནོ། །འོ་ན་གལ་ཏེ་འདྲ་

བ་ཡིན་ན་ཇི་ལྟར་གཞན་ལས་ཐ་དད་པར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་ཕ་ལ་བརྟེན་ནས་བུ། །ཕ་དེ་ཡི་ནི་གཟུགས་དག་ཀྱང་། །ཆ་འགའ་ཞིག་གིས་འགའ་ཞིག་ལ། །ཐ་དད་པ་ནི་དམིགས་པར་འགྱུར། །ཞེས་བྱ་བ་ལ། ཕ་ལ་བརྟེན་ནས་སྐྱེས་པའི་བུ་ཆ་འགའ་ཞིག་གིས་ཕའི་རྣམ་པ་དང་འདྲ་

བས་མའི་རྣམ་པ་དང་མི་མཐུན་པའི་ཆ་འགའ་ཞིག་ལས་ཕའི་རྣམ་པ་ཅན་ཐ་དད་པར་དམིགས་པར་འགྱུར་རོ། །དེ་བཞིན་དུ་དོན་གྱི་རྣམ་པ་ཅན་གྱི་ཤེས་པ་ཡང་མིག་ལ་སོགས་པའི་བྱེ་བྲག་ལས་གསལ་བ་དང་མི་གསལ་བ་ལ་སོགས་པའི་ཐ་དད་པ་ཡོད་པ་ཡིན་ནོ། །འོན་ཏེ་དབང་པོ་ཐ་དད་པས་

བྱས་པའི་ཤེས་པ་གསལ་བ་དང་མི་གསལ་བ་ལ་སོགས་པ་ཐ་དད་པར་འགྱུར་གྱི། སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་ཅན་ནི་དོན་གྱི་ཆོས་ཡིན་ནོ་ཞེ་ན། སྨྲས་པ། མར་མེ་ལ་སོགས་དཀྱིལ་འཁོར་ནི། །རྨ་བྱའི་མདོངས་ཀྱི་རྣམ་པ་ཅན། །སྔོ་དང་དམར་སོགས་སྣང་བ་དག །མིག་མི་གསལ་བས་

མཐོང་བར་འགྱུར། །ཞེས་བྱ་བ་ལ། རབ་རིབ་ལ་སོགས་པས་ཉམས་པའི་མིག་མི་གསལ་བའི་སྐྱེས་བུས་མར་མེའི་རྩེ་མོར་དཀྱིལ་འཁོར་གྱི་རྣམ་པ་སྔོན་པོ་དང་དམར་པོར་སྣང་བ་དག་དང་། རྨ་བྱའི་མདོངས་ཀྱི་རྣམ་པ་ཅན་མཐོང་བར་འགྱུར་བ་དེ་ཡང་ཤེས་པའི་ངོ་བོ་ཉིད་དེ། དེ་བས་ན་དབང་པོ་ཐ་

เล่ม ๑๘๓ · หน้า 144a

དད་པ་ལས་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ཐ་དད་པར་འགྱུར་བ་ཡིན་ནོ། །འོན་ཏེ་མར་མེའི་དཀྱིལ་འཁོར་བདེན་པའི་དངོས་པོ་སྣང་བ་ཡིན་གྱི། ཤེས་པའི་ངོ་བོ་ཉིད་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི། དེ་དེ་ཕྱི་རོལ་དངོས་ཡིན་ན། །དབང་པོ་གསལ་བ་ཅི་ནུས་མེད། །ཅེས་བྱ་བ་ལ།

མར་མེ་ལ་སོགས་པའི་དཀྱིལ་འཁོར་དེ་ཕྱི་རོལ་གྱི་ངོ་བོ་ཉིད་ཡིན་ན། མིག་གསལ་བ་གང་ལ་ཡོད་པའི་སྐྱེས་བུ་དེ་ལ་ནུས་པ་ཅིའི་ཕྱིར་མེད་དེ་གང་གིས་ན་དེ་མི་སྣང་བ་ཡིན། འོན་ཏེ་གང་ལ་རབ་རིབ་ཡོད་པ་དེ་ཉིད་ཀྱིས་མཐོང་གི། གཞན་གྱིས་ནི་མཐོང་བ་མ་ཡིན་ཏེ། དེའི་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། ཡང་དག་

མཐོང་ཅན་དེ་མཐོང་བ། །ཇི་ལྟར་དབང་པོ་ཉམས་པ་ཡིན། །ཞེས་བྱ་བ་ལ། ཡང་དག་པ་སྟེ་བདེན་པའི་དངོས་པོ་མར་མེའི་རྩེ་མོའི་དཀྱིལ་འཁོར་ལ་སོགས་པ་མཐོང་བའི་དབང་པོ་ཉམས་པར་ཇི་ལྟར་བརྗོད་པར་བྱ་སྟེ། བདེན་པ་མ་ཡིན་པ་མཐོང་བ་ནི་མིག་ཉམས་པ་ཞེས་བརྗོད་པའི་ཕྱིར་རོ། །གལ་ཏེ་ཡང་

བདེན་པ་མཐོང་བ་ཡང་དབང་པོ་ཉམས་པ་ཉིད་དུ་རྟོགས་ན་དེའི་ཚེ་བུམ་པ་ལ་སོགས་པ་མཐོང་བའི་ཤེས་པ་ཡང་ཉམས་པ་ཉིད་དུ་བརྟག་པར་བྱ་སྟེ། འདི་ལྟར་དབང་པོའི་རང་གི་ངོ་བོ་ཉིད་ཉམས་པ་ནི་དོན་མཐོང་བ་མ་ཡིན་ལ། དེའི་འབྲས་བུ་མཐོང་བ་ལས་མ་ཉམས་པར་གཞག་པ་མ་ཡིན་པའི་ཕྱིར་རོ། །དེའི་འབྲས་

བུ་མཐོང་བ་ནི་བདེན་པའི་དངོས་པོ་ཡིན་པའམ་ཉམས་པ་ཡིན་ཡང་རུང་སྟེ་ཐམས་ཅད་ལ་མཚུངས་པའི་ཕྱིར། ཐམས་ཅད་ཀྱི་མིག་མི་གསལ་བར་འགྱུར་རོ། །དེའི་ཕྱིར་མིག་ཉམས་པས་མཐོང་བའི་ཤེས་པ་ནི་ཡང་དག་པ་མཐོང་བ་ཅན་མ་ཡིན་ནོ། །འོན་ཏེ་བདེན་པར་གྱུར་པའི་དཀྱིལ་འཁོར་ཡང་གཞན་དག་ལྟ་

བུར་མཐོང་བའི་ཕྱིར། དབང་པོ་ཉམས་པ་ཡིན་ནོ་ཞེ་ན། འདིར་སྨྲས་པ། རབ་རིབ་ཀྱིས་ནི་མིག་སྦྱངས་པས། །དེ་ཡི་མིག་དབང་གསལ་འགྱུར་ན། །མི་གཞན་གྱིས་ནི་མཐོང་བའི་དོན། །དེ་ནི་མི་གསལ་བ་ཅི་ཉེས། །ཞེས་བྱ་བ་ལ། སྐྱེས་བུ་གང་ལ་རབ་རིབ་ཀྱིས་མིག་སྦྱངས་པ་ཡོད་པའི་མར་

མེ་ལ་སོགས་པའི་དཀྱིལ་འཁོར་མཐོང་བའི་མིག་དེས་སྐྱེ་བོ་གཞན་གྱི་དབང་པོས་མཐོང་བའི་དོན་བུམ་པ་ལ་སོགས་པ་དེ་ཡང་དུས་ཕྱིས་མིག་དེས་ཅིའི་ཕྱིར། མི་གསལ་བར་རིག་པ་ཡིན་གང་གཞན་གྱིས་མ་མཐོང་བར་གྱུར་པའི་དངོས་པོ་མཐོང་བ་དེ་ཇི་ལྟར་གཞན་གྱིས་མཐོང་བའི་དངོས་པོ་མི་མཐོང་བ་

เล่ม ๑๘๓ · หน้า 144b

གསལ་བར་འགྱུར། གལ་ཏེ་མར་མེ་ལ་སོགས་པ་ལ་དཀྱིལ་འཁོར་དུ་འཁྲུལ་པ་མ་ཡིན་ན་ཇི་ལྟར་མི་བདེན་པར་འགྱུར་ཏེ། མི་བདེན་པ་ནི་དོན་སྣང་བར་གྱུར་པ་དང་འགལ་བའི་ཕྱིར་རོ། །གང་གང་གི་རང་བཞིན་གྱིས་སྣང་བ་དེ་ནི་དེའི་རང་བཞིན་གྱིས་བདེན་པ་མ་ཡིན་ནམ། དཔེར་ན་སྔོན་པོ་བདག་

ཉིད་ཀྱི་ངོ་བོ་ཉིད་ཀྱིས་བདེན་པ་བཞིན་ནོ། །དེ་བཞིན་དུ་རབ་རིབ་ཀྱིས་བྱས་པའི་ཟླ་བ་གཉིས་སུ་མཐོང་བ་ནི་ཉམས་སུ་མྱོང་བས་གྲུབ་པ་ཡིན་ནོ། །འོན་ཀྱང་རབ་རིབ་ལ་སོགས་པའི་ཚོགས་ཀྱི་རྗེས་སུ་འགྲོ་བ་མར་མེའི་དཀྱིལ་འཁོར་ལ་སོགས་པ་ཉམས་སུ་མྱོང་བ་ཡང་མ་གྲུབ་བོ་ཞེ་ན། །

དེ་ནི་བདེན་པ་མ་ཡིན་ཏེ། གང་གི་ཕྱིར། སྣང་དབང་ཡིད་ལ་བྱེད་པ་ལ། །གཞན་གཅིག་གི་ནུས་རྟོགས་པར་འགྱུར། །དེ་ཕྱིར་གཞན་ནི་རྒྱུ་མིན་ཞིང་། །རྒྱུ་མིན་ཡུལ་དུ་ཅི་ལྟར་རུང་། །ཞེས་བྱ་བ་ལ། སྣང་བ་ལ་སོགས་པ་ལས་གཞན་པ་སྒྲོན་མ་ཉིད་ཀྱི་ནུས་པ་གཅིག་དམིགས་པ་ཡིན་གྱི། དཀྱིལ་འཁོར་ནི་མ་ཡིན་

ནོ། །དེའི་ཕྱིར་དཀྱིལ་འཁོར་ལ་སོགས་པ་གཞན་ནི་རྒྱུ་མ་ཡིན་ལ། རྒྱུ་མ་ཡིན་པ་རང་གི་ཤེས་པའི་ཡུལ་དུ་ཇི་ལྟར་འགྱུར། འོན་ཏེ་སྣང་བའི་ཕྱིར་ཡུལ་ཡིན་གྱི། རང་གི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེ་ན། སྣང་བར་གྱུར་པ་ནི་ཤེས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་ཏོ། །འོན་ཏེ་དཀྱིལ་འཁོར་གྱི་ནུས་པ་རང་རིག་

པ་ལ་ཡོད་པས་ཡུལ་ཡིན་ནོ་ཞེ་ན། གལ་ཏེ་དེ་ཉིད་བློ་རྒྱུ་ན། །ཅི་ཕྱིར་མར་མེ་ལ་ལྟོས་འགྱུར། །ཞེས་བྱ་བ་ལ། གལ་ཏེ་དཀྱིལ་འཁོར་ལ་སོགས་པ་དེ་ཉིད་དཀྱིལ་འཁོར་ལ་སོགས་པར་སྣང་བའི་བློའི་རྒྱུ་ཡིན་ན། ཅིའི་ཕྱིར་དཀྱིལ་འཁོར་ལ་སོགས་པ་མར་མེ་ལ་ལྟོས་པར་འགྱུར་ཏེ། སྒྲོན་མ་གཞན་དང་ལྷན་ཅིག་ཤེས་པ་སྐྱེད་པའི་ཕྱིར་རོ། །འོན་

ཏེ་དཀྱིལ་འཁོར་དང་སྒྲོན་མ་གཉི་ག་དཀྱིལ་འཁོར་དུ་སྣང་བ་ཅན་གྱི་ཤེས་པའི་རྒྱུ་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། མར་མེ་ཙམ་གྱིས་བློ་ཡོད་ཕྱིར། །གཉི་ག་དག་ཀྱང་རྒྱུར་མི་འགྱུར། །ཞེས་བྱ་བ་ལ། མར་མེ་ཙམ་ཉིད་ལ་དཀྱིལ་འཁོར་གྱི་ས་ཕྱོགས་བཀབ་ཀྱང་དཀྱིལ་འཁོར་གྱི་བློ་ཡོད་པས་དཀྱིལ་འཁོར་དང་མར་མེ་གཉི་

ག་རྒྱུ་མ་ཡིན་ནོ། །འོན་ཏེ་དེའི་ཚེ་དཀྱིལ་འཁོར་སྐྱེས་པ་ནི་སྣང་དུ་རུང་བའི་ཕྱིར་དེ་གསལ་བའི་ངོ་བོ་ཉིད་ཅན་དུ་འགྱུར་རོ། །འོན་ཏེ་མཐོང་བས་དེ་གསལ་བར་བྱེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་སྣང་དུ་རུང་བར་སྐྱེས་བཞིན་དུ་མཐོང་བས་ཅི་ཞིག་བྱ་སྟེ། དུས་མཚུངས་པ་ཅན་ལ་བྱེད་པ་མེད་དོ་ཞེས་བསྟན་ཏོ། །

เล่ม ๑๘๓ · หน้า 145a

དེའི་ཕྱིར་འཁྲུལ་པའི་ཤེས་པ་ནི་རྣམ་པ་དང་བཅས་པར་གྲུབ་པ་ཡིན་ནོ། །དཔེར་ན་མར་མེ་འོད་དང་བཅས་པ་དེ་བཞིན་དུ་མིག་ཀྱང་ཕྱི་རོལ་དུ་སྣང་བའི་ངོ་བོ་ཉིད་དང་བཅས་པའོ། །འོན་ཏེ་འོད་མར་མེ་ལས་ཐ་དད་པ་ཉིད་ཡིན་ནོ་ཞེ་ན། ཐ་དད་པ་ཡིན་མོད་ཀྱི་འོན་ཀྱང་འོད་དེ་མར་མེས་གསལ་

བར་བྱས་པ་ནི་མ་ཡིན་ཏེ། མར་མེ་ལྟ་བུ་ཉིད་དོ། །དེ་བཞིན་དུ་འདིར་ཡང་གཟུགས་མིག་གིས་གསལ་བར་བྱས་པ་མ་ཡིན་པའི་ཕྱིར། མིག་དང་གཟུགས་ལས་ཐ་དད་པའི་ཤེས་པ་རྣམས་ནི་མེད་དེ་ཚད་མ་མེད་པའི་ཕྱིར་རོ། །མིག་དང་གཟུགས་དེ་དག་ཉིད་རང་གི་ངོ་བོ་རིག་པས་བྱིན་གྱིས་བརླབས་པ་ཤེས་

པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་ཤེས་པ་འཛིན་པ་གཞན་དུ་ཡོངས་སུ་རྟོག་པའི་ཕྱིར། བློ་ཚུལ་གཉིས་པ་ཅན་དུ་གྲུབ་པ་ཡིན་ནོ། །འོན་ཏེ་འཁྲུལ་བའི་ཤེས་པ་རྣམ་པ་དང་བཅས་པར་གྲུབ་ཏུ་ཆུག་ན་ཡང་མ་འཁྲུལ་པའི་ཤེས་པ་ནི་རྣམ་པ་མེད་པ་སྟེ། དེ་ལ་ཡང་སྣང་བཞིན་པའི་དོན་ཡོད་པའི་ཕྱིར་རོ་ཞེ་ན།

ཉེ་རིང་ལ་སོགས་ཁྱད་པར་གྱིས། །གསལ་དང་མི་གསལ་རུང་མ་ཡིན། །དེ་སྣང་ཐ་དད་ལས་འགྱུར་ན། །དེ་ནི་བསྒྲིབས་སམ་མ་བསྒྲིབས་ནའང་། །མཐོང་བའམ་མི་མཐོང་མཚུངས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་དོན་ཉིད་རྣམ་པ་དང་ལྡན་པ་སྟེ། རྣམ་པ་མེད་པའི་ཤེས་པའི་གཟུང་

བར་བྱ་བ་མདུན་ན་གནས་པར་གྱུར་པ་ཡིན་ན། དེ་རང་གི་ངོ་བོ་ཉིད་ཀྱིས་སྣང་བར་འགྱུར་བའི་ཕྱིར། ཉེ་བ་དང་རིང་བ་ལ་སོགས་པའི་བྱེ་བྲག་གིས་ཤེས་པ་གསལ་བ་དང་མི་གསལ་བར་སྣང་བར་མི་རིགས་ན། གསལ་བ་དང་མི་གསལ་བའི་རྣམ་པ་ཅན་དུ་སྣང་བར་ཡང་ཉམས་སུ་མྱོང་བ་ཡིན་པས་གསལ་བ་

དང་མི་གསལ་བའི་རྣམ་པ་ཅན་ཐ་དད་པ་སྔོན་པོ་ལ་སོགས་པ་གཞན་སྣང་བ་ནི་མ་ཡིན་ནོ། །དེ་བས་ན་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་གསལ་བ་དང་མི་གསལ་བར་གྱུར་པའི་ཤེས་པ་ཉིད་ཡིན་གྱི་དོན་ནི་མ་ཡིན་ནོ། །འོན་ཏེ་དོན་ཉིད་ཀྱི་ཕྱིར་ཉེ་བ་དང་རིང་བའི་བྱེ་བྲག་གིས་སྣང་བ་ཐ་དད་པ་ལས་གསལ་བ་དང་།

མི་གསལ་བར་སྣང་བ་དེ་ལ་ཡང་རྟོགས་པ་གཉིས་ཏེ། སྣང་བ་དེ་ཡང་བསྒྲིབས་པའམ་མ་བསྒྲིབས་པ་ཡིན། དེ་ལ་སྣང་བ་བསྒྲིབས་པ་མ་ཡིན་པ་དེ་ལ་རིང་པོ་ན་གནས་པ་ཐམས་ཅད་དོན་མཚུངས་པར་མཐོང་བར་འགྱུར་ལ། བསྒྲིབས་པས་ནི་ཡང་མཚུངས་པར་མི་མཐོང་བར་འགྱུར་རོ། །འོན་ཏེ་སྣང་བ་

เล่ม ๑๘๓ · หน้า 145b

ཐ་དད་པས་དོན་དེ་བསྒྲིབས་པས་རང་གི་ངོ་བོ་མི་སྣང་བས་མ་མཐོང་བ་ཡིན་ཞིང་། མ་བསྒྲིབས་ན་ནི་རང་གི་ངོ་བོ་སྣང་བས་མཚུངས་པར་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་གསལ་བ་དང་མི་གསལ་བར་སྣང་བར་ཇི་ལྟར་འགྱུར། གལ་ཏེ་སྣང་བ་ཞེན་པ་ཡིས། །དེའི་ཆ་ཕྲ་བ་འགའ་ཞིག་ནི། །མི་

མཐོང་བ་ཕྱིར་ཐ་དད་ན། །ཞེས་བྱ་བ་ནི། འོན་ཏེ་དོན་རིང་བ་ན་གནས་པ་ཆ་ཕྲ་བའི་ཡན་ལག་འགའ་ཞིག་ཡོད་པ་ལ་དེ་སྣང་བ་ཞན་པས་རིང་པོ་ན་ཡོད་པའི་སྐྱེ་བོས་མི་མཐོང་བ་དེའི་ཕྱིར། སྣང་བ་དམན་པས་ཆ་ཕྲ་བ་རྣམས་མི་མཐོང་བའི་གསལ་བ་དང་མི་གསལ་བ་ཐ་དད་པ་ཡིན་ནོ་ཞེ་ན། འདིར་ལན་བཏབ་

པ། ཕྱི་རོལ་དོན་གཅིག་ཉིད་ཡིན་ལ། །མཐོང་དང་མི་མཐོང་ཅིས་ཐ་དད། །རྡུལ་ཆ་ཐ་དད་དུ་མ་ཉིད། །གང་ལས་མཐོང་མི་མཐོང་ཐ་དད། །ཅེས་བྱ་བ་ལ། ཕྱི་རོལ་གྱི་དོན་ཡན་ལག་ཅན་གཅིག་པ་ཉིད་དུ་ཁས་ལེན་པར་བྱེད་ན། མཐོང་བ་དང་མི་མཐོང་བའི་བྱེ་བྲག་ཅིས་བྱེད་དེ་མ་ཡིན་ནོ། །འོན་

ཏེ་དོན་གཅིག་པར་མ་གྱུར་ན་དེའི་ཚེ་རྡུལ་ཕྲ་རབ་སོ་སོ་བའི་ཐ་དད་པ་དུ་མ་ཉིད་ཕྲ་བའི་ཕྱིར་མཐོང་བ་ཉིད་དུ་མི་འགྱུར་རོ། །འོན་ཏེ་རྡུལ་ཕྲ་རབ་རྣམས་འཛིན་ན་ནི། འོ་ན་གསལ་བར་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་འཛིན་པས་སྣང་བར་འགྱུར་ན། ཅི་སྟེ་སྣང་བ་དང་མི་སྣང་བའི་རྡུལ་ཕྲ་རབ་རྣམས་ཐ་དད་པར་འགྱུར།

གལ་ཏེ་སྣང་བ་གསལ་མི་གསལ། །ཐ་དད་པས་བློ་ཐ་དད་ན། །གཞན་ཐ་དད་པས་ཐ་མི་དད། །ཐ་དད་སྣང་བར་གང་གིས་འགྱུར། །ཞེས་བྱ་བ་ལ། གལ་ཏེ་ཕྱི་རོལ་ན་གནས་པ་གསལ་བ་དང་མི་གསལ་བ་ཐ་དད་པས་གཅིག་པ་ཅན་གསལ་བ་དང་མི་གསལ་བར་འདོད་ན་ནི། དེའི་ཚེ་གཞན་གནས་པ་ཐ་

དད་པས་དོན་གཞན་ཐ་དད་པར་སྣང་བར་ཅི་ཡིས་ཤེས་ཏེ་མ་ཡིན་ནོ། །སྒྲོན་མ་གསལ་བ་དང་མི་གསལ་བ་དེ་ཉིད་དེ་ལྟར་སྣང་བ་ཡིན་ནོ། །གལ་ཏེ་དོན་སྣང་བར་གྱུར་པ་དེའི་ཚེ་རང་གི་ངོ་བོ་ཉིད་སྣང་བར་གྱུར་ན་ཐ་དད་པར་སྣང་བ་ནི་མ་ཡིན་ཏེ། དེ་གཅིག་པའི་ཕྱིར་རོ། །སྣང་བ་དེ་ཡང་ཅིས་མི་གསལ། །བསྒྲིབས་

ཕྱིར་དེ་འདིར་ཅིས་མི་འགྱུར། །སྲབ་པ་ཉིད་ཕྱིར་སྣང་བ་ལ་འང་། །དེ་ཡོད་གཞན་ལ་སྲབ་པ་མེད། །ཅེས་བྱ་བ་ལ། གལ་ཏེ་རིང་པོ་ན་གནས་པའི་སྐྱེས་བུ་ལ་མི་གསལ་བར་འཛིན་པའི་རྒྱུས་སྣང་བ་མི་གསལ་བར་བརྗོད་ན། དེ་ཡང་སྣང་བ་མི་གསལ་བར་གང་ལས་ཏེ་ཅིའི་ཕྱིར་འགྱུར་ཞེས་དྲི་བར་བྱའོ། །

เล่ม ๑๘๓ · หน้า 146a

འོན་ཏེ་བསྐལ་པའོ་ཞེ་ན། མི་སྣང་བར་འགྱུར་རོ། །འོན་ཏེ་བསྒྲིབས་པས་མི་གསལ་བའོ་ཞེ་ན། ཉེ་ན་ཡང་གང་གིས་རིང་བ་བཞིན་དུ་འགྱུར་ཞིང་སྣང་བ་མི་གསལ་བར་རྡུལ་གྱིས་ཅི་སྟེ་མི་བྱེད། འོན་ཏེ་ཡུལ་ཉེ་བ་ལ་རྡུལ་སྲབ་པའི་ཕྱིར་ཏེ། སྒྲིབ་པའི་རྒྱུ་སྲབ་པའི་ཕྱིར་སྣང་བ་ལ་

བསྒྲིབས་པ་དེ་བས་ན་ཉེ་བ་ལ་གསལ་བར་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་ཇི་ལྟར་ཡུལ་ཉེ་བ་ལ་སྒྲིབ་པར་བྱེད་པའི་རྡུལ་ཕྲ་རབ་པ་ཉིད་ཡིན་པ་དེ་བཞིན་དུ་སྣང་བ་ཡང་སྲབ་པ་ཡོད་པས། གང་ན་རྡུལ་སྲབ་པ་དེ་ན་སྣང་བ་སྲབ་པ་དེའི་ཕྱིར་རྡུལ་གྱིས་ཉེ་བ་ལ་བསྒྲིབ་པར་འགྱུར་རོ། །འོན་ཏེ་རིང་བ་ལ་ནི་རྡུལ་

མང་པོ་ཚོགས་པས་མཐུག་པའི་ཕྱིར་དེ་ལ་སྒྲིབ་པར་བྱེད་ཀྱི་ཉེ་བ་ལ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་གཞན་ཏེ་སྣང་བ་ལ་ཡང་སྲབ་པ་མ་ཡིན་པ་ཡོད་པའི་ཕྱིར། ཇི་ལྟར་རྡུལ་མང་བས་མཐུག་པ་དེ་བཞིན་དུ་སྣང་བ་ཡང་མཐུག་པར་འགྱུར་བས་སྒྲིབ་པར་བྱེད་པར་མི་འགྱུར་རོ། །གཞན་ཡང་། ཤིན་ཏུ་ཉེ་ན་སྣང་བ་ནི། །

དེ་ནི་ཤིན་ཏུ་གསལ་བར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་རིང་པོ་ན་སྣང་བ་རྡུལ་གྱིས་བསྒྲིབས་པ་མི་གསལ་ན་དེའི་ཚེ་ཤིན་ཏུ་ཉེ་བའི་དངོས་པོ་རབ་ཏུ་གསལ་བར་འགྱུར་ཏེ། དེའི་ཕྱིར་ཁྱོད་ཀྱི་ལུགས་ཀྱིས་མིག་གིས་ཐོག་ཤིན་ཏུ་གསལ་བར་མཐོང་བར་འགྱུར་བ་ལས་མིག་དང་ཤིན་ཏུ་ཉེ་བ་ན་གནས་པ་

མཐོང་བ་ཡང་མ་ཡིན་ན་གསལ་བ་ལྟ་སྨོས་ཀྱང་ཅི་དགོས་དེའི་ཕྱིར་ཤེས་པ་ཉིད་ཀྱིས་གསལ་བ་དང་མི་གསལ་བར་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལ་མཐོང་མེད་ལ། །བརྟེན་ནས་གཟུགས་གཞན་འབྱུང་འགྱུར་ན། །དེ་དེ་རྣམས་ནི་ཕན་ཚུན་དག །བསྒྲིབ་འགྱུར་དེ་ཕྱིར་སྣང་བ་ཉམས། །ཞེས་བྱ་བ་

ནི། འོན་ཏེ་རིང་བ་དང་ཉེ་བའི་ཁྱད་པར་གྱིས་མི་གསལ་བ་དང་གསལ་བར་སྣང་བ་ལ་མཐོང་བ་མེད་པའི་ཆོས་དང་ཆོས་མ་ཡིན་པ་ལ་བརྟེན་ནས་གསལ་བ་དང་མི་གསལ་བའི་གཟུགས་གཞན་ཁོ་ན་འབྱུང་ཞིང་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ཡུལ་གྱི་ཆོས་ཉིད་གསལ་བ་དང་མི་གསལ་བར་འགྱུར་གྱི།

ཤེས་པའི་ཆོས་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་གསལ་བ་དང་མི་གསལ་བ་ལ་སོགས་པའི་རྙོག་པ་དེ་རྣམས་དོན་གྱི་ངོ་བོ་ཉིད་ཀྱིས་སྐྱེ་བ་རྣམས་ནི་ཕན་ཚུན་དེ་གཅིག་ལ་གཅིག་བསྒྲིབས་པར་འགྱུར་ཏེ། དེའི་ཕྱིར་སྣང་བ་ལ་བསྒྲིབས་པས་གསལ་བ་ལ་སོགས་པའི་གསལ་བར་བྱེད་པའི་སྣང་བ་ཉམས་

เล่ม ๑๘๓ · หน้า 146b

པས་ཏེ། སྒྲིབ་པར་བྱེད་པ་ཉིད་དུ་འགྱུར་རོ། །ཕན་ཚུན་སྒྲིབ་བྱེད་པ་དེའི་ཕྱིར། །དེ་ལ་གཅིག་ཉིད་སྣང་འགྱུར་ན། །དེ་ནི་ཅིག་ཅར་བསྒྲིབས་པ་མིན། །གཅིག་གི་གཟུགས་གསལ་མི་གསལ་བ། །མཐོང་འགྱུར་ཞེས་བྱ་བ་ལ། གསལ་བའམ་མི་གསལ་བ་གང་ཞིག་མ་བསྒྲིབས་པའི་ངོ་བོ་ཉིད་

གཅིག་པུ་དེ་ཉིད་མཐོང་བར་འགྱུར་གྱི། བསྒྲིབས་པ་ནི་མ་ཡིན་ནོ། །དེ་མ་བསྒྲིབས་ན་ནི་ཅིག་ཅར་གསལ་བ་དང་། མི་གསལ་བའི་གཟུགས་གང་ཡང་རུང་བ་གཅིག་གིས་མཐོང་བར་འགྱུར་རོ། །འོན་ཏེ་མ་མཐོང་བས་སྐྱེད་པའི་གཟུགས་སྒྲིབ་པར་བྱེད་པ་མ་ཡིན་ཏེ། དེའི་ཚེ་གསལ་བ་ལ་སོགས་

པའི་གཟུགས་དེ་ལ་སྒྲིབ་པ་མེད་པས་རེ་རེས་མཐོང་བ་ན་གསལ་བ་དང་མི་གསལ་བའི་གཟུགས་མཐོང་བར་འགྱུར་ན། དེ་ལྟ་ན་ཡང་མ་ཡིན་ནོ། །དེའི་ཕྱིར་དོན་ལ་ཚུལ་གཉིས་མེད་དོ། །འོན་ཏེ་མ་མཐོང་བ་ལས་སྐྱེས་པའི་གཟུགས་གསལ་བ་དང་མི་གསལ་བ་ཡོད་ཀྱང་གཅིག་ལ་མ་མཐོང་བ་ནི་

བསྒྲིབས་པས་མི་སྣང་བ་ཡིན་ནོ། །དེ་ཉིད་སྨྲས་པ། མ་མཐོང་བས་བསྒྲིབས་ན་ཞེས་བྱ་བ་ལ། མ་མཐོང་བས་བསྒྲིབས་པས་ན། གསལ་བ་དང་མི་གསལ་བའི་ཚུལ་གཉིས་མཐོང་བར་མི་འགྱུར་རོ་ཞེས་བྱ་བ་ཚིག་ལྷག་མའོ་སྙམ་སེམས་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར། གང་གིས་དོན་དང་དོན་

མིན་མེད། །མ་མཐོང་དེ་ནི་ཅི་ཞིག་བྱེད། །ཅེས་བྱ་བ་ལ། ཆོས་དང་ཆོས་མ་ཡིན་པ་ནི་སྒྲིབ་པར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་གསལ་བ་དང་མི་གསལ་བ་དོན་དང་དོན་མ་ཡིན་པ་མེད་པ་སྟེ་ཉམས་པ་དེ་ལྟ་བུ་ནི་གསལ་བ་དང་མི་གསལ་བ་ལ་སོགས་པའི་དངོས་པོ་མཐོང་བར་ཅི་སྟེ་བྱེད་དེ་མ་ཡིན་ནོ་ཞེས་

བྱ་བའི་ཐ་ཚིག་གོ། །འོན་ཏེ་གསལ་བ་དང་མི་གསལ་བའི་མཐོང་བ་སྐྱེད་པར་བྱེད་ན་ནི། དེ་ལྟ་ན་ཡང་ལས་ཀྱི་བག་ཆགས་ཀྱི་སྟོབས་ལས་གསལ་བ་དང་མི་གསལ་བ་སྐྱེ་བའི་ཕྱིར་ཤེས་པ་ཉིད་ཡིན་ནོ། །ཉེ་བར་བསྡུ་བའི་ཕྱིར། དེ་ཕྱིར་དོན་རྟེན་སྐྱེས་གྱུར་པའི། །མྱོང་བ་ཇི་ལྟའི་རྒྱུ་བཞིན་དུ། །སྣང་བ་ཐ་དད་

འཇོག་པར་བྱེད། །ལྷག་མ་བློང་ན་རིག་པ་དམན། །ཞེས་བྱ་བ་ལ། རྒྱུ་ཇི་ལྟ་བ་བཞིན་དུ་ཉམས་སུ་མྱོང་བ་དོན་ལ་བརྟེན་ནས་སྐྱེས་པར་འགྱུར་བ་རིང་བ་ཉེ་བ་ཐ་དད་པ་དང་དབང་པོ་ཐ་དད་པས་གསལ་བ་དང་མི་གསལ་བར་སྣང་བ་ཐ་དད་པར་འཇོག་པར་བྱེད་པའི་ཕྱིར། ཉམས་སུ་མྱོང་བ་ནི་ཚུལ་གཉིས་པ་

เล่ม ๑๘๓ · หน้า 147a

ཅན་ནོ། །ལྷག་མ་མར་མེ་ལ་སོགས་པའི་བྱེ་བྲག་གིས་གསལ་བ་དང་མི་གསལ་བར་རྟོག་པ་ནི་བློ་ངན་པ་ཅན་ཡིན་ཏེ་རིག་པ་དམན་པའི་ཕྱིར་རོ། །གཞན་ཡང་། ཤེས་པ་སྒྲ་དང་མར་མེ་དག །མངོན་སུམ་མམ་ནི་ཅིག་ཤོས་ཀྱི། །སྐྱེད་བྱེད་ཉིད་ཀྱིས་སྔ་མ་ཡིན། །སྐད་ཅིག་རྣམས་

ནི་འཇིག་པའི་ཕྱིར། །ཤེས་ལས་མེད་གསལ་གང་གིས་ཤེས། །ཞེས་བྱ་བ་ལ། ཤེས་པ་དང་སྒྲ་དང་མར་མེ་དེ་དག་གལ་ཏེ་སྐད་ཅིག་མ་ཡིན་པ་དེའི་ཚེ་ཤེས་པ་ལ་སོགས་པ་སྐད་ཅིག་མར་གྱུར་པ་དེ་རྣམས་མངོན་སུམ་གྱི་ཤེས་པའམ། ཅིག་ཤོས་ཀྱི་ཤེས་པ་སྐྱེད་པར་བྱེད་པ་ཡིན་པས་ཤེས་པ་

སྐྱེད་པའི་དུས་ན་ཞིག་པའི་ཕྱིར་མེད་པ་ནི་ཤེས་པ་ལ་གསལ་བར་ཇི་ལྟར་ཤེས་ཏེ་མ་ཡིན་ནོ། །འོན་ཏེ་ཤེས་པའི་དུས་ན་གང་ཡོད་པའི་དོན་དེ་རྒྱུ་མིན་ཡང་འཛིན་པར་བྱེད་དོ་ཞེ་ན། དེ་ལ་སྨྲས་པ། ཕན་འདོགས་བྱེད་པ་མ་ཡིན་གཞན། །གསལ་ཡིན་དོན་ཀུན་གསལ་བར་འགྱུར། །ཞེས་བྱ་བ་ལ། ཤེས་པ་

དང་དུས་མཚུངས་པ་ཅན་དུ་གྱུར་པ་ཤེས་པ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པ་དེ་ནི། ཤེས་པ་ལ་ཕན་འདོགས་པ་བྱེད་པ་ལས་དོན་གཞན་གསལ་བ་ཡིན་ན་ནི། དོན་ཐམས་ཅད་གསལ་བར་འགྱུར་བའི་ཕྱིར་ཐམས་ཅད་མཐོང་བར་འགྱུར་རོ། །གལ་ཏེ་དེ་རྒྱུས་ངེས་ཡིན་ན། །ཞེས་བྱ་བ་ནི། དོན་ཐམས་

ཅད་དུ་འཛིན་པ་མ་ཡིན་ཏེ། ཤེས་པ་དང་དོན་དག་གི་རྒྱུ་དེ་ལས་གཟུང་བ་དང་འཛིན་པ་ངེས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་དང་དོན་དག་གི་ངོ་བོ་ཉིད་མིག་ལས་སྐྱེས་པའི་ཤེས་པ་དེ་ལྟ་བུ་གང་གིས་ཡུལ་ངེས་པའི་གཟུང་བ་འཛིན་པས་གཟུང་བ་ཡང་དེ་ལྟ་བུ་ཉིད་དེ། གང་གིས་ཤེས་པ་ངེས་པའི་གཟུང་

བ་ཡིན་པ་དེ་ནི་རང་གི་རྒྱུ་ལས་ངེས་པའི་ངོ་བོ་ཉིད་ཅན་ནོ། །དེའི་ཕྱིར་རང་གི་རྒྱུ་ལ་ངེས་པའི་ངོ་བོ་གཟུང་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ཤེས་ལ་རྟོགས་པ་དེ་ཡང་མེད། །ཅེས་བྱ་བ་ལ། ཤེས་པ་དང་གཟུགས་ལ་སོགས་པ་ལ་རྒྱུ་ངེས་པ་ཅན་དུ་རྟོགས་ཀྱང་དེ་དག་འཛིན་པར་རིགས་པ་ནི་མ་ཡིན་ཏེ། འདི་ལྟར་

རྒྱུ་ངེས་པའི་དངོས་པོ་རྣམས་རང་གི་ངོ་བོ་ཉིད་དམ་རྒྱུ་དང་འབྲས་བུ་ཡིན་གྲང་ན། དེ་ལ་རེ་ཞིག་ཤེས་པ་དང་དོན་དག་རང་གི་ངོ་བོ་ཉིད་ལ་རྒྱུ་ངེས་པ་ནི་མ་ཡིན་ཏེ། གང་དུས་མཚུངས་པར་སྣང་བ་དེ་རང་གི་ངོ་བོ་ཉིད་ལ་རྒྱུར་ངེས་པ་ཡིན་ན་ནི་དོན་དང་ཤེས་པ་དག་སྣང་དུ་རུང་བའི་ངོ་བོ་ཉིད་དུ་ཤེས་པར་འགྱུར་བ་ན། སྔོན་

เล่ม ๑๘๓ · หน้า 147b

པོ་དང་ཤེས་པ་དག་སྔོན་གྱི་རྒྱུ་ལ་ལྟོས་ནས་རང་གི་ངོ་བོ་ཉིད་དུ་སྣང་བ་ཐོབ་པར་འགྱུར་གྱི། ཕན་ཚུན་རག་ལས་པ་ནི་མ་ཡིན་པའི་ཕྱིར། ཕན་ཚུན་དུ་གཟུང་བ་དང་འཛིན་པའི་དངོས་པོ་མ་ཡིན་ཏེ། དུས་མཚུངས་པར་སྐྱེ་བའི་ཕྱིར་རོ། །གང་ལ་ལྟོས་ནས་ཤེས་པ་དང་དོན་དག་གསལ་བའི་ངོ་བོ་ཉིད་དུ་ཡོད་པ་

དེ་ཉིད་རང་གི་རྒྱུ་ལས་གཟུང་བ་དང་འཛིན་པའི་འབྲེལ་པ་ཅན་དུ་འགྱུར་ཏེ། ཉམས་སུ་མྱོང་བའི་ངོ་བོ་ཉིད་ལས་གཞན་པའི་གཟུང་བ་དང་འཛིན་པ་ཡོད་པ་མ་ཡིན་ནོ། །དོན་དང་ཤེས་པ་དག་ཉམས་སུ་མྱོང་བའི་ངོ་བོ་ཉིད་ཀྱང་རྒྱུ་ཡིས་བྱས་པ་ཡིན་པ་དེ་བས་ན་གསལ་བའི་ངོ་བོ་ཉིད་རང་གི་རྒྱུ་ཁོ་ན་ལས་

སྐྱེས་པའི་ཕྱིར་གཟུང་བ་དང་འཛིན་པའི་མ་ཡིན་ནོ། །འོན་ཏེ་རྒྱུ་དང་འབྲས་བུ་ལ་རང་གི་རྒྱུ་ངེས་པ་ཡིན་ན་ནི། དེ་ལྟ་ཡང་ཤེས་པ་དང་དོན་དག་འབྲས་བུ་ངེས་པར་བསྐྱེད་པས་གཟུང་བ་དང་འཛིན་པའི་དངོས་པོར་ཇི་ལྟར་འགྱུར་ཏེ། ཤེས་པ་དང་དོན་དག་ཕན་འདོགས་པའི་དངོས་པོར་འགྱུར་གྱི། དེ་ཙམ་གྱིས་

གཟུང་བ་འཛིན་པའི་དངོས་པོ་མ་ཡིན་ནོ། །དེའི་ཕྱིར་དོན་དང་ཤེས་པ་དག་ཏུ་དུས་མཚུངས་པ་སྔར་གྱི་རྒྱུ་ལས་སྐྱེས་པ་སྟེ། རང་གི་ངོ་བོ་ཉིད་སྣང་བ་ཅན་གྱི་རྟོགས་པ་ཡིན་ནོ། །འོ་ན་གལ་ཏེ་གཟུང་བ་དང་འཛིན་པའི་དངོས་པོ་མ་ཡིན་ན་ཤེས་པ་དོན་གྱི་གསལ་བྱེད་དུ་ཇི་ལྟར་འགྱུར་ཞེ་ན། དེ་ཚེ་མེད་ཀྱང་དེས་བྱས་

པས། །དོན་སྣང་ཕྱིར་ན་ཤེས་པ་ནི། །དེ་ཡིས་གསལ་བར་བྱེད་པ་བརྗོད། །ཅེས་བྱ་བ་སྨོས་ཏེ། དོན་དེ་ཤེས་པའི་དུས་སུ་མེད་པར་འགྱུར་ཀྱང་། དོན་དེས་ཤེས་པ་སྐྱེད་པར་བྱས་པའི་ཕྱིར་ཤེས་པ་དོན་གྱི་རྣམ་པ་སྣང་བས་དོན་དེ་གསལ་བ་ཡིན་ཞེས་བརྗོད་ཀྱི། དོན་ཉིད་ངོ་བོ་ཉིད་ཀྱིས་ཉམས་སུ་མྱོང་བ་

ནི་མ་ཡིན་ནོ། །དེ་བས་ན་དེའི་རྣམ་པ་ཅན་གྱི་ཤེས་པ་ཉིད་རང་རིག་པ་ཡིན་ནོ། །འོ་ན་གལ་ཏེ་དེའི་རྣམ་པ་ཅན་གྱི་ཤེས་པ་ཉམས་སུ་མྱོང་བ་ན་དོན་སྔ་མ་དུས་མཚུངས་པ་ཅན་ཉམས་སུ་མྱོང་བ་ཡིན་ཞེ་ན། ལྷན་ཅིག་སྐྱེས་པའི་དོན་གཞན་ནི། །མི་ཕན་ཕྱིར་རྣམ་མི་འཇོག་པས། །ཤེས་

ལ་རྣམ་པ་མ་བཞག་པ། །རང་དངོས་གསལ་བར་ཇི་ལྟར་འགྱུར། །ཞེས་བྱ་བ་སྨོས་ཏེ། སྐྱེད་པར་བྱེད་པའི་དོན་ལས་གཞན་པའི་དོན་ནི་ཤེས་པ་དོན་དུས་མཚུངས་པ་ཅན་ཏེ། དེ་ཕན་འདོགས་པ་མ་ཡིན་པའི་ཕྱིར་རྣམ་པ་མི་འཇོག་པ་སྟེ། རྣམ་པ་ཅན་དུ་སྐྱེད་པར་མི་བྱེད་ཀྱི་གང་གི་ཕྱིར་

เล่ม ๑๘๓ · หน้า 148a

ཤེས་པ་ཉིད་དང་ལྷན་ཅིག་ཉམས་སུ་མྱོང་བའི་ངོ་བོ་ཉིད་དུ་སྐྱེས་པ་ཡིན་ནོ། །བདག་ཉིད་ཀྱི་རྣམ་པ་ཤེས་པ་ལ་འཇོག་ན་ནི་གསལ་བར་རུང་གི་རྣམ་པ་མི་འཇོག་ན་ནི་རང་གི་དོན་གྱི་རྣམ་པ་ཇི་ལྟར་གསལ་བར་འགྱུར་ཏེ་མ་ཡིན་ནོ། །ལྐོག་ཏུ་གྱུར་པའི་དོན་གྱི་བདག་ཉིད་རང་གི་ངོ་བོ་

ཉིད་རང་གིས་མ་རྟོགས་ཀྱང་དེའི་རྣམ་པ་ཅན་དུ་ཤེས་པ་ཉམས་སུ་མྱོང་བའི་ཕྱིར་གསལ་བར་བརྗོད་ཀྱི། དོན་གྱི་ངོ་བོ་ཉིད་ཀྱིས་སྣང་ན་ནི་རང་གི་རྒྱུའི་སྟོབས་ལས་སྐྱེས་པའི་དོན་མཚུངས་པ་ཅན་གྱི་ཤེས་པ་དང་འབྲེལ་པ་ཅི་ཡང་མེད་པའི་ཕྱིར་འདི་ནི་གཟུང་བར་བྱ་བ་མ་ཡིན་ནོ། །ཤེས་པ་ལ་སོགས་

པ་རྣམས་ཤེས་པའི་དུས་ན་མེད་པས་དོན་ཉིད་རིག་པ་མ་ཡིན་མོད་ཀྱི། དེའི་སྟོབས་ཀྱིས་དེའི་རྣམ་པ་ཅན་གྱི་རྟོགས་པ་སྟེ། གང་ཡང་བརྟན་པར་གནས་པའི་རྡོ་རྗེའི་རྡོ་བ་ལ་སོགས་པའི་དོན་ཤེས་པའི་དུས་ན་ཡོད་ཀྱང་དེའི་རང་གི་ངོ་བོ་རིག་པ་ཡིན་ནོ་ཞེ་ན། རྡོ་རྗེའི་རྡོ་ལ་སོགས་པའི་དོན། །བརྟན་དེས་

གཞན་ལ་ལྟོས་མེད་ཕྱིར། །འགྲོ་བ་ཀུན་གྱི་ཤེས་པ་ནི། །ཅིག་ཅར་རང་ཉིད་སྐྱེ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེའི་རྡོ་བ་ལ་སོགས་པ་གང་ཡིན་པའི་བརྟན་པ་སྟེ། རྟག་པའི་དོན་དེ་ཡང་འགྲོ་བ་ཐམས་ཅད་ཀྱི་ཤེས་པ་ཅིག་ཅར་ཏེ་བདག་ཉིད་ཀྱིས་སྐྱེ་བར་འགྱུར་ཏེ། ལྷན་ཅིག་བྱེད་པ་

གཞན་ལ་རག་མ་ལུས་པའི་ཕྱིར་རོ། །དུས་ཡུན་རིང་པོར་གནས་པ་ལ་རྟག་པ་ཞེས་བརྗོད་དོ། །གལ་ཏེ་ཡང་དོན་དུས་ཡུན་རིང་པོར་གནས་པའི་ངོ་བོ་ཉིད་ཡིན་ན་དེའི་ཚེ་དང་པོ་མཐོང་བ་ན་དུས་ཐམས་ཅད་ན་གནས་པའི་དོན་ཀུན་ཡོངས་སུ་རྫོགས་པ་མ་མཐོང་བའི་ཕྱིར་རྟག་པ་ཉིད་དུ་མི་འགྱུར་རོ། །དེ་

ཉིད་ཀྱི་ཚེ་ཡོངས་སུ་མ་རྫོགས་པ་ལ་རྟག་པ་ཞེས་བརྗོད་པར་ནི་མི་རུང་ངོ་། །དུས་ཐམས་ཅད་མ་མཐོང་ན་ནི་དུས་རིང་པོར་རྟོག་པ་ཅན་མ་ཡིན་ནོ། །འོན་ཏེ་དུས་ཀྱི་ཆ་རིམ་གྱིས་འབྱུང་བ་ཡིན་པས་རིམ་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། འོ་ན་ནི་དུས་ཐམས་ཅད་ལ་ཁྱབ་པར་ཤེས་པ་མ་ཡིན་ནོ། །དེ་བས་

ན་དོན་གང་ཞིག་དུས་ཡུན་རིང་པོར་གནས་པ་དེ་ཁོ་ན་བཞིན་དུ་ཅིག་ཅར་མཐོང་བར་འགྱུར་རོ། །འོ་ན་མིག་ལ་སོགས་པའི་རྒྱུ་ལ་ལྟོས་ནས་ཤེས་པ་གཞན་དང་གཞན་དུ་བསྐྱེད་པས་རིམ་པ་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། ལྷན་ཅིག་བྱེད་པས་ཕན་འདོགས་ཕྱིར། །དེ་དག་རིམ་བཞིན་འབྱུང་བར་འགྱུར། །

เล่ม ๑๘๓ · หน้า 148b

སྐད་ཅིག་རེ་རེའི་ཐ་དད་བརྗོད། །འདི་ལ་སྐྱོན་ནི་སྔར་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། །བམ་པོ་བཅུ་བདུན་པ། མིག་ལ་སོགས་པའི་ལྷན་ཅིག་བྱེད་པས་ཕན་འདོགས་པར་བྱེད་པའི་ཕྱིར་ཤེས་པ་དེ་དག་རིམ་པ་བཞིན་དུ་འབྱུང་བར་འགྱུར་ཏེ།

རྡོ་རྗེ་དང་རྡོ་བ་ལ་སོགས་པའི་དོན་དེ་དག་སྐད་ཅིག་མ་རེ་རེ་ཐ་དད་པར་བརྗོད་པར་འགྱུར་རོ། །དེ་ལྟར་ན་ཤེས་པའི་མཐོང་བའི་ཤེས་པ་རྣམས་ཀྱང་རིམ་གྱིས་འབྱུང་བར་འགྱུར་ཏེ། དངོས་པོ་མཐོང་བ་ཉིད་ནི་ཤེས་པ་མེད་ན་མེད་པའི་ཕྱིར་རང་རིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མཐོང་བ་ཉིད་ནི་

ཤེས་པ་དང་དུས་མཚུངས་པ་ཅན་ཡིན་གྱི། སྔ་མ་དང་ཕྱི་མའི་དུས་དག་ཏུ་ཡོད་པ་མ་ཡིན་པའི་ཕྱིར། ཤེས་པ་བཞིན་དུ་སྐད་ཅིག་མ་སོ་སོར་དོན་ཐ་དད་པ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་དང་རྡོ་བ་ལ་སོགས་པ་འདི་ལ་ཡང་སྔ་མ་བཞིན་དུ་སྟེ་མར་མེ་ལ་སོགས་པ་བཞིན་དུ་གསལ་བ་དང་བྲལ་བས་

སྐྱོན་དང་བཅས་པར་འགྱུར་རོ། །དེ་བས་ན་རྒྱུ་དགྲ་ལ་སོགས་པ་རྣམ་པ་མེད་པས་གསལ་བ་དང་བྲལ་བའི་ཕྱིར་ཤེས་པ་དོན་གྱི་རྣམ་པ་ཅན་ཡིན་ཏེ། གསལ་བ་གཞན་དུ་མི་རུང་བའི་ཕྱིར་རོ། །སློབ་དཔོན་གྱིས་ཀྱང་ཤེས་པ་རྣམ་པ་དང་བཅས་པར་བསྟན་ཏེ། དྲན་པ་ཡི་ནི་དུས་ཕྱིས་ཀྱང་། །

མ་མྱོང་བ་འདི་ཡོད་མ་ཡིན། །ཞེས་བྱ་བ་གསུངས་པ་ལ། ཤེས་པ་དང་དྲན་པ་ལ་དུས་ཕྱིས་ཚུལ་གཉིས་པ་ཅན་ཡོད་པ་མ་ཡིན་ནོ་ཞེས་སྙེགས་ཏེ། གང་གི་ཕྱིར་དྲན་པ་འདི་ཉམས་སུ་མྱོང་བ་སྟེ་ཐ་དད་པར་མ་མྱོང་ན་ཤེས་པར་འཐད་པ་ནི་མ་ཡིན་ནོ། །འོན་ཏེ་རིག་པར་བྱ་བ་དང་རིག་པར་བྱེད་པའི་

ཚུལ་གྱིས་བློ་ཚུལ་གཉིས་པ་ཅན་ཡིན་གྱི། རྣམ་པས་མ་ཡིན་ནོ་ཞེས་བྱ་བ་ནི་གཞུང་གི་དོན་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་ཚུལ་གཉིས་པ་ཅན་ནི་རང་སྣང་བ་དང་ཡུལ་སྣང་བས་ཡིན་ནོ་ཞེས་སྐབས་དེར་གསུངས་སོ། །གཞན་ཡང་ཡུལ་དུ་སྣང་བ་ཉིད་ནན་ཏན་དུ་

བསྒྲུབས་ཏེ། དེ་ལ་ལོག་པར་རྟོགས་པ་མང་བའི་ཕྱིར་རོ། །དེའི་ཕྱིར། དེ་ཡི་བདག་ཉིད་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། །དེ་དོན་ངོ་བོ་ཉིད་མ་གྲུབ། །དེ་ཡང་དྲན་པ་ལས་གྲུབ་འགྱུར། །ཞེས་བྱ་བ་སྨོས་ཏེ། དེའི་བདག་ཉིད་མྱོང་བ་སྟེ་ཉམས་སུ་མྱོང་བའི་བདག་ཉིད་ལ་རྒོལ་བ་འབའ་

เล่ม ๑๘๓ · หน้า 149a

ཞིག་གིས་ཀྱང་བརྩད་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་རང་རིག་པ་མ་གྲུབ་ན་ཡང་རྟོགས་པའི་ངོ་བོ་ཉིད་ཤེས་པ་ཡིན་ནོ་ཞེས་ལེགས་པར་རབ་ཏུ་གྲུབ་པ་མ་ཡིན་ནམ། ཉམས་སུ་མྱོང་བ་དེ་དོན་གྱི་རྣམ་པ་ཅན་དུ་མ་གྲུབ་པས་དེའི་རྣམ་པ་ཅན་དེ་ཡང་ཐ་དད་པར་དྲན་པ་ལས་གྲུབ་

པར་འགྱུར་རོ། །འོན་ཏེ་ཤེས་པ་རྣམ་པ་མེད་པ་ཡིན་ན་ཡང་ཐ་དད་པ་ཅན་གྱི་དྲན་པ་དང་ལྡན་པ་ཡིན་ཏེ། ཡུལ་ཐ་དད་པའི་ཕྱིར་རོ་ཞེ་ན། རང་གི་ཡུལ་གྱི་མ་ཕྱེ་ན། །ཐ་དད་པར་འདི་མྱོང་བ་ཡིན། །དེ་ལྟ་ཡིན་གྱི་དེ་ལྟར་མིན། །དེས་ཐ་དད་པ་ཅན་མི་འགྱུར། །ཞེས་བྱ་བ་ལ། རང་གི་སྤྱོད་ཡུལ་གཟུགས་ལ་སོགས་པས་

མ་ཕྱེ་ན་ཤེས་པ་འདི་ནི་ཤེས་པ་གཞན་ལས་ཐ་དད་པར་མྱོང་བ་མ་ཡིན་ཏེ། དོན་གྱིས་བྱས་པའི་རྣམ་པ་མེད་པས། དེ་ཉིད་དེ་སྔོན་པོར་སྣང་གི་དེ་ལྟར་སེར་པོར་སྣང་བ་ནི་མ་ཡིན་པའི་ཕྱིར། དྲན་པ་དེ་ཐ་དད་པ་དང་ལྡན་པར་མི་འགྱུར་རོ། །འོན་ཏེ་མིག་ལ་སོགས་པའི་ཚོགས་པ་ཐ་དད་པས་རིག་པ་ཐ་དད་པར་གདོན་མི་ཟ་

བར་འགྱུར་ཏེ། དཔེར་ན་དོན་རྣམ་པ་ཐ་དད་པ་བཞིན་ནོ་ཞེ་ན། ཉམས་སུ་མྱོང་བ་ཙམ་གྱིས་ནི། །ཐ་དད་འབྱེད་བྱེད་གང་ཡང་མེད། །གསལ་མེད་ཐ་དད་ཅན་ལ་བློ། །མཚེ་མ་སོགས་བཞིན་ཐ་དད་མིན། །ཞེས་བྱ་བ་སྨོས་ཏེ། བྱེ་བྲག་མེད་པའི་རིག་པ་རྣམས་སུ་མྱོང་བ་ཙམ་གྱིས་རྒྱུ་ཐ་དད་པས་བསྐྱེད་པའི་བདག་ཉིད་ཅན་

དྲན་པ་ཐ་དད་པའི་རྒྱུས་འབྱེད་པར་བྱེད་པའི་ཁྱད་པར་གང་ཡང་ཡོད་པ་མ་ཡིན་ཏེ། གསལ་བ་ཐ་དད་པ་མེད་པའི་ཕྱིར་རོ། །མི་གསལ་བ་ཐ་དད་ཀྱང་རིག་པའི་ངོ་བོ་ཐ་དད་པ་དང་ལྡན་པའི་དྲན་པར་མི་འགྱུར་ཏེ། དཔེར་ན་མཚེ་མ་ལ་སོགས་པ་ལ་དྲན་པ་ཐ་དད་པ་མེད་པ་བཞིན་ནོ། །འོན་ཏེ་དེར་ཡུལ་དག་ཀྱང་དྲན་པ་ཉིད་དེ་

ཤེས་པ་དང་མི་འཁྲུལ་བའི་ཕྱིར་རོ། །དེས་ན་དོན་ཐ་དད་པས་ཤེས་པ་ཐ་མི་དད་པ་ཡང་ཐ་དད་པར་རིག་པར་འགྱུར་ཏེ། གང་གི་ཚེ་མཚེ་མ་ལ་སོགས་པ་ཡང་ཐ་དད་པའི་དབྱུག་པ་ལ་སོགས་པ་དང་ལྡན་པ་དེའི་ཚེ་ཐ་དད་པར་རྟོགས་པ་ཡོད་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ནོ། །གང་གི་ཕྱིར་དོན་གྱི་རྣམ་པ་ཅན་དུ་གྱུར་

པའི་ཤེས་པ་དོན་དྲན་པར་རིག་པ་མ་ཡིན་ཏེ། འདི་ལྟར་དོན་མི་སྣང་བར་འགྱུར་བའི་རྣམ་པ་དྲན་པ་ཡིན་ཏེ་དེ་མེད་པའི་ཕྱིར་རོ། །འོན་ཏེ་ད་ལྟར་བྱུང་བ་ཉིད་དྲན་པའི་ཡུལ་གྱི་རྣམ་པ་ཡིན་ནོ་ཞེ་ན། འོ་ན་ནི་དྲན་པར་མ་གྱུར་ཏེ། སྔོན་གྱི་དངོས་པོ་དྲན་པ་ལ་དྲན་པ་ཞེས་བརྗོད་པའི་ཕྱིར་རོ། །འོན་ཏེ་དྲན་པའི་ངོ་བོ་ཉིད་ཀྱི་རྣམ་པ་ནི་

เล่ม ๑๘๓ · หน้า 149b

དྲན་པ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་མཐོང་བ་ཉིད་ཀྱང་ཡུལ་གྱི་རྣམ་པ་ཅན་དུ་འགྱུར་ཏེ། འདི་ལྟར་མཐོང་བའི་དེའི་རྣམ་པ་ཅན་དུ་སྐྱེས་པ་ལ་དོན་གྱི་རྣམ་པ་ཅན་ཡིན་ནོ་ཞེས་བྱ་བར་རིགས་སོ། །འདི་ལྟར་གལ་ཏེ་དོན་ལས་དྲན་པ་སྐྱེ་ན་ནི། དངོས་པོ་བསྐལ་པར་གྱུར་ཀྱང་ཐམས་ཅད་ལ་དྲན་པ་འབྱུང་བར་འགྱུར་ཏེ། དེ་ལས་

ཀྱང་སྐྱེ་བའི་ཕྱིར་རོ། །འོན་ཏེ་ཉམས་སུ་མྱོང་བའི་དོན་ལ་དྲན་པ་སྐྱེའོ་ཞེ་ན། དེ་ལྟ་ན་འོ་ན་ནི་དྲན་པ་ཉམས་སུ་མྱོང་བ་ཉིད་ལས་སྐྱེ་བར་འགྱུར་ཏེ། དོན་མེད་པར་གྱུར་པས་ཀྱང་ཉམས་སུ་མྱོང་བ་ལས་ཡུལ་མེད་པར་དྲན་པ་སྐྱེ་བའི་ཕྱིར། ཤེས་པ་རྣམ་པ་བཅས་པར་གྲུབ་པ་ཡིན་ཞིང་། དྲན་པ་ལས་རང་རིག་པར་

ཡང་གྲུབ་པ་ཡིན་ནོ་ཞེས་བྱ་བར་སྙེགས་སོ། །རྣམ་འགྲེལ་མཛད་པས་དེ་བསྟན་པའི་ཕྱིར། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །ཕལ་ཆེར་རང་རིག་སྒྲུབ་པ་ཡིན། །རང་གི་ངོ་བོར་གྱུར་སྣང་བ། །དེ་ཚེ་མྱོང་བ་མཐོང་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པ་ཐ་དད་པ་དྲན་པ་ལ་སོགས་

པས་ནི། ཕལ་ཆེར་རང་རིག་པ་གྲུབ་པར་ངེས་པ་ཡིན་ནོ། །འོ་ན་ཚུལ་གཉིས་སྒྲུབ་པར་བྱེད་པ་ཐམས་ཅད་ཀྱི་རང་རིག་པ་གྲུབ་པ་ཡིན་ན། དེ་ཅིའི་ཕྱིར་ཕལ་ཆེར་ཞེས་བརྗོད་ཅེ་ན། དེ་ནི་བདེན་པ་མ་ཡིན་ཏེ། དངོས་སུ་ཚུལ་གཉིས་གྲུབ་པར་བྱེད་པས། ཚུལ་གཉིས་ཉིད་གྲུབ་ལ། རང་རིག་པར་གྲུབ་པ་ནི་

ཞར་ལ་འོངས་པ་ཡིན་ནོ། །འོ་ན་ཇི་ལྟར་ཚུལ་གཉིས་པ་ཅན་དུ་གྲུབ་པའི་ཤུགས་ཀྱིས་རང་རིག་པ་གྲུབ་པར་འགྱུར་ཞེ་ན། ཤེས་པའི་ངོ་བོ་ཉིད་དུ་གྱུར་པའི་སྔོན་པོ་ལ་སོགས་པར་སྣང་བ་དེའི་ཚེ་མྱོང་བ་མཐོང་བའི་ཕྱིར་ཤེས་པ་རང་རིག་པར་གྲུབ་པ་ཡིན་ནོ། །འོ་ན་གལ་ཏེ་སྔོན་པོ་ལ་སོགས་པ་རང་རིག་པ་ཉིད་ཡིན་

ན་ནི། ཇི་ལྟར་ངའི་སྔོན་པོ་ལ་སོགས་པ་ཡིན་ནོ་སྙམ་དུ་ཤེས་པར་མི་འགྱུར་ཏེ། དཔེར་ན་ང་བདེ་བའོ་ཞེས་བྱ་བ་ལྟར་མ་ཡིན་ཞེ་ན། ང་དཀར་པོའོ། །ང་ནི་སྔོ་བསངས་སོ་སྙམ་དུ་རྟོག་པ་མ་ཡིན་ནམ། ཁྱོད་ཀྱི་ལུགས་ཀྱིས་ལུས་ཀྱི་གཟུགས་ལ་སོགས་པ་རང་རིག་པ་ནི་མ་ཡིན་ནོ། །ང་ནི་སྔོན་པོ་སྙམ་པའི་རྟོག་པ་

ནི་མ་མཐོང་བའི་ཕྱིར་གཟུང་བར་བྱ་བ་ཉིད་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ངའོ་སྙམ་པའི་རྟོག་པ་ནི་ལུས་ལ་དཀར་པོ་ལ་སོགས་པའི་གཟུང་བ་དང་འཛིན་པར་སྣང་བ་ཉིད་ཡིན་པའི་ཕྱིར་ཏེ། ངའོ་སྙམ་པའི་ཤེས་པ་གཟུང་བའི་རྒྱུ་ཅན་ཉིད་མ་ཡིན་ཞིང་། འཛིན་པ་དང་འགལ་བ་ཅན་ཡང་མ་ཡིན་ནོ། །འོ་ན་

เล่ม ๑๘๓ · หน้า 150a

གལ་ཏེ་ངའོ་སྙམ་པའི་ཤེས་པ་ལུས་ལ་སོགས་པའི་གཟུགས་ལ་སོགས་པ་ལ་རང་རིག་པ་ལས་སྐྱེས་ན་ནི། དེ་བཞིན་དུ་རྩིག་པ་ལ་སོགས་པ་ལ་ཡང་རང་རིག་པ་ལས་ངའི་རྩིག་པའོ་སྙམ་པའི་རྟོག་པ་སྐྱེ་བར་གྱུར་པ་ཞིག་ན། རྩིག་པ་ལ་སོགས་པ་ལ་དེ་ལྟར་ནི་མི་འགྱུར་རོ། །དེ་

བས་ན་རྩིག་པ་ལ་སོགས་པ་ལ་རང་རིག་པ་ཉིད་མེད་དོ་ཞེ་ན། འདི་ལ་སྨྲས་པ། ཇི་ལྟར་ཤེས་པས་གཞན་གཟུང་བར་བྱ་བ་ཡིན་ཡང་རྩིག་པ་ལ་སོགས་པ་ལ་ངའོ་སྙམ་པ་མ་ཡིན་གྱི། འོན་ཀྱང་ལུས་ཁོ་ན་ལ་ངའོ་སྙམ་དུ་སེམས་སོ། །དེ་བཞིན་དུ་རང་རིག་པར་མཚུངས་ཀྱང་རྩིག་པ་ལ་སོགས་པ་ལ་བདག་

ཏུ་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་ལུས་ཁོ་ན་ལ་ཡིན་ནོ། །འོན་ཏེ་ལུས་ལ་ངའོ་སྙམ་དུ་རྟོག་པ་ནི་ཉེ་བར་བརྟགས་པ་སྟེ། བདག་ལུས་ཅན་མ་ཡིན་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། བདག་དེ་ཡོངས་སུ་མི་གཅོད་པའི་ཕྱིར་ཏེ། ངའོ་སྙམ་པའི་ཤེས་པ་ནི་ལུས་ཉིད་རིག་པ་ལ་སོགས་པ་དང་ལྡན་པར་རྟག་ཏུ་

སྣང་གི །མ་འཁྲུལ་པའི་རྟོག་པས་ཤེས་པར་གྱུར་པ་ལ་ཉེ་བར་བཏགས་པ་ཞེས་ནི་མི་བྱའོ་ཞེས་བརྗོད་དོ། །གཞན་ཡང་ལུས་ལ་སོགས་པ་མ་གཏོགས་པའི་འཛིན་པ་མ་ཡིན་ཏེ། འོན་ཀྱང་གཟུང་བའི་ངོ་བོ་ཉིད་ཅན་མིག་ལ་སོགས་པར་འདོད་པ་ཡིན་ནོ། །འོན་ཏེ་བདེ་བ་ལ་སོགས་པས་སྔོན་པོ་ལ་

སོགས་པ་རིག་པ་མ་ཡིན་པའི་ཕྱིར་རང་རིག་པ་ཉིད་ཡིན་ནོ། །བདག་ཏུ་རྟོག་པའི་རྒྱུ་ནི་བརྟན་པ་དང་འབྲེལ་བ་སྟེ། བརྟན་པ་དང་འབྲེལ་པ་ནི་ལུས་ཉིད་ཀྱིས་ཡིན་གྱི། རྩིག་པ་ལ་སོགས་པ་ལ་བདག་ཏུ་རྟོག་པ་ནི་མ་ཡིན་ནོ། །གཞན་ཡང་ངའོ་སྙམ་པའི་ཤེས་པ་ནི་བདག་ལ་དམིགས་པའི་

ཤེས་པ་གཞན་ཁོ་ན་སྟེ། འདི་ཡིན་ནོ་སྙམ་དུ་མདུན་ན་གནས་པའི་དངོས་པོ་ལ་འཇུག་པའི་ཤེས་པ་ཡང་གཞན་ཡིན་ནོ། །དེ་ཇི་ལྟར་ཕན་ཚུན་དུ་གཟུང་བ་དང་འཛིན་པའི་དངོས་པོར་ཤེས་པར་འགྱུར། དེའི་ཕྱིར་རང་གི་ངོ་བོ་ཉིད་ཀྱིས་ཉམས་སུ་མྱོང་བས་རང་རིག་པའོ་ཞེས་བྱ་བ་འདི་གནས་སོ། །འོ་ན་གལ་ཏེ་

གཟུགས་ལ་སོགས་པ་མ་རྟོགས་པའི་བློ་མེད་པ་དེ་ལྟ་ན་ཡང་རང་རིག་པ་མ་ཡིན་ཏེ་གཟུགས་ལ་སོགས་པའི་བློ་ལ་དེའི་རྣམ་པ་ཅན་གྱི་ཐ་དད་པའི་ཕྱིས་རིག་པའི་ཕྱིར་རོ་ཞེ་ན། སྨྲས་པ། དེའི་དངོས་ཅན་གྱི་བློ་ཡིས་ནི། །ཤེས་པ་འགགས་པ་ཇི་ལྟར་མྱོང་། །དེས་རང་ངོ་བོ་མྱོང་མེད་ཕྱིར། །ཉམས་མྱོང་མ་ལུས་

เล่ม ๑๘๓ · หน้า 150b

འཆད་པར་འགྱུར། །ཞེས་བྱ་བ་ལ། དུས་ཕྱིས་འབྱུང་བའི་བློས་བློ་སྔ་མའི་རང་བཞིན་ནམ། རྣམ་པ་མེད་པར་དོན་གྱིས་གོ་བ་ལ་སོགས་པའི་ངོ་བོས། ཤེས་པས་ཤེས་པ་འཛིན་པ་ན། ཤེས་པ་སྔ་མ་འགགས་པ་དེ་ནི་སྐད་ཅིག་མ་སྟེ། བློ་གཞན་གྱི་དུས་ན་མེད་པར་ཁས་ལེན་པའི་ཕྱིར་ཉམས་སུ་མྱོང་བར་ཇི་ལྟར་

འགྱུར་ཏེ་མ་ཡིན་ནོ། །བློ་ཕྱི་མ་དེ་བདག་གི་ངོ་བོ་མྱོང་བར་མི་འགྱུར་ཞིང་། སྔར་གྱི་ཤེས་པའི་རང་གི་ངོ་བོ་རིག་པ་མེད་པར་འགྱུར་བའི་ཕྱིར། ཉམས་སུ་མྱོང་བ་མ་ལུས་པ་ལྡོག་པར་འགྱུར་རོ། །གཞན་ཡང་། དོན་དུ་སྣང་བ་དང་ལྡན་པ། །ཤེས་ཏེ་ཕྱི་རོལ་མངོན་ཕྱོགས་དང་། །བློ་ལ་འཛིན་པར་བྱེད་པའི་བློ། །རྟག་ཏུ་

བདག་ལ་ནང་མངོན་ཕྱོགས། །ཞེས་བྱ་བ་ནི། དོན་སྣང་བ་དང་ལྡན་པའི་ཤེས་པ་ཡུལ་ལ་འཇུག་པར་འགྱུར་བ་ནི་ཕྱི་རོལ་དུ་མངོན་དུ་ཕྱོགས་པར་སྣང་བ་ཅན་ཏེ། ཤེས་པ་ཐ་དད་པས་རིག་པ་ཕྱི་རོལ་པ་མ་ཡིན་པའི་དངོས་པོར་ཤེས་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བློ་ལ་འཛིན་པར་བྱེད་པའི་བློ་ཡང་ཕྱི་

རོལ་དུ་ཕྱོགས་པའི་སྣང་བ་ཅན་དུ་འགྱུར་ན། གང་གི་ཕྱིར་ཉམས་སུ་མྱོང་བའི་བློ་ལ་འཛིན་པར་བྱེད་པའི་བློ་རིག་པ་གང་ཡིན་པའི་བློ་དེ་ནི། རྟག་ཏུ་ནང་དུ་བལྟས་པས་རྟག་ཏུ་ནང་ཉིད་ཡིན་པས་བདག་ཉིད་རྟོགས་པར་བྱས་པར་སྣང་བ་ཡིན་ནོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བློ་རིག་པ་ཡིན་ནོ། །འོན་

ཏེ་རང་གི་ཡིན་པས་བློ་ནང་དུ་བལྟས་ཏེ་སྣང་བ་ཡིན་ལ། གཟུགས་ལ་སོགས་པ་དེ་དག་ཕྱི་རོལ་པ་ཡིན་པས་ནང་དུ་བལྟས་ཏེ་སྣང་བ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་དྲན་པས་གང་གི་ཚེ་བདག་གི་བློ་འཛིན་ན་དེའི་ཚེ་ཕྱི་རོལ་དུ་སྣང་བ་ཅན་དུ་མི་འགྱུར་རོ། །འོན་ཏེ་བློ་དྲན་བཞིན་པ་དུས་ཀྱི་བྱེ་བྲག་གིས་དྲན་པ་ལས་ཐ་དད་པས་ཕྱི་རོལ་

དུ་སྣང་ངོ་ཞེ་ན། འོ་ན་ནི་ཤེས་པ་ཐ་དད་པའི་གཟུང་བའི་བློ་རང་གི་ངོ་བོ་ཐ་དད་པས་ཐ་དད་པར་སྣང་བ་ཉིད་དེ། བདག་གིས་ཉམས་སུ་མྱོང་བ་ལས་ཐ་དད་པའི་བློ་གསལ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ནང་དུ་ཉམས་སུ་མྱོང་བར་གྱུར་པའི་བློ་ནི་རང་རིག་པའི་ངོ་བོ་ཁོ་ན་ཡིན་ནོ། །གཞན་ཡང་། གང་ཞིག་གང་གི་ཡུལ་དུ་སྣང་། །དེ་དེས་

མྱོང་བ་མིན་ཐོབ་འགྱུར། །ཞེས་བྱ་བ་ལ། ཤེས་པ་གང་ཞིག་དང་འབྲེལ་པ་ཅན་གྱི་ཡུལ་དུ་སྣང་བ་གང་ཡིན་པའི་ཡུལ་དེ་ནི། ཤེས་པ་དེས་མྱོང་བ་མ་ཡིན་ནོ་ཞེས་བྱ་བ་འཐོབ་པར་འགྱུར་ཏེ། རང་གི་ངོ་བོ་ཉིད་དུ་གྱུར་པའི་དོན་སྣང་བ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །རང་རིག་པ་ཡིན་ན་ནི་ཡུལ་གྱི་རྣམ་པ་ཉམས་སུ་མྱོང་ན་དོན་

เล่ม ๑๘๓ · หน้า 151a

མྱོང་ངོ་ཞེས་བརྗོད་པར་རིགས་སོ། །གལ་ཏེ་དེ་འདྲ་ལས་མྱོང་བ། །གཞན་ཡོད་ཅེས་ནི་འདོད་ཅེ་ན། །ཞེས་བྱ་བ་ནི། འོན་ཏེ་ཡུལ་དང་འདྲ་བ་ལས་མྱོང་བ་གཞན་གང་ཞིག་ཡོད་དེ། མེད་པ་ཁོ་ནའོ། །དེའི་ཕྱིར་དོན་དང་འདྲ་བ་ཉིད་ལ་གཟུགས་ལ་སོགས་པ་མྱོང་བའོ་ཞེས་བརྗོད་དོ་ཞེ་ན།

གལ་ཏེ་དེ་ལྟ་བུར་གྱུར་ན་ནི། འདྲ་བས་ཐམས་ཅད་ཕན་ཚུན་དག །མྱོང་བ་ཉིད་དུ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། དོན་རྣམས་ལ་འདྲ་བ་ཡོད་པས་དོན་དེ་དག་ཕན་ཚུན་མྱོང་བར་འགྱུར་རོ། །འོན་ཏེ་དོན་ཡིན་པའི་ཕྱིར་འདྲ་བ་ཡོད་ཀྱང་དོན་ལ་ནི་དོན་གཞན་གྱིས་རིག་པར་འགྱུར་བའི་ཐལ་བ་མེད་དོ་ཞེ་ན། འདིར་

དོན་ཞེས་བྱ་བ་འདི་ཅི་ཞིག་ཡིན། བློ་མ་ཡིན་པའོ་ཞེ་ན། བློ་ཉིད་ཀྱང་དོན་ཉིད་ཀྱིས་གྲུབ་པ་མ་ཡིན་ནམ། དེ་མ་གྲུབ་པར་ཡང་གཉི་ག་ལ་གྲུབ་པ་ཡིན་ནོ། །དེ་བས་ན་རང་རིག་པ་ཉིད་ལ་བློ་ཉིད་ཅེས་བྱ་བ་འདི་རིགས་སོ། །དེ་འདྲའི་བློ་དེ་མྱོང་ཞེ་ན། །ཞེས་བྱ་བ་ནི། དེ་ནི་འདོད་མོད་ཀྱང་། འདྲ་བ་ཙམ་གྱི་དོན་ཉམས་སུ་མྱོང་

བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བློ་དོན་གྱི་དྲན་པ་ཅན་ནི་དོན་རྣམས་རིག་པའོ། །དེའི་ཕྱིར་བློ་ལ་གནས་པའི་འདྲ་བས་དོན་མྱོང་བ་ཡིན་གྱི། བློ་ཙམ་མམ་འདྲ་བ་ཙམ་གྱིས་ནི་མ་ཡིན་ནོ། །བློ་ཙམ་མྱོང་བ་ཡིན་ན་རིག་པ་ཉིད་དུ་འགྱུར་གྱི། དོན་རིག་པར་མི་འགྱུར་རོ། །འདྲ་བ་ཙམ་གྱིས་མྱོང་བ་ཡིན་ན་དོན་རྣམས་ཀྱང་ཕན་

ཚུན་རིག་པར་འགྱུར་རོ་ཞེ་ན། ད་ནི་རིག་པ་འདྲ་བདག་ཉིད། །ཅེས་བྱ་བ་ལ། ད་ནི་བློ་ལ་གནས་པའི་འདྲ་བ་ཁས་ལེན་ན། དོན་རྣམས་འདྲ་བས་རིག་པར་མི་འགྱུར་གྱི། འོན་ཀྱང་ཤེས་པ་རང་རིག་པའི་རང་བཞིན་གྱིས་དོན་མྱོང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་དོན་དང་ཤེས་པ་དག་བྱེ་བྲག་མེད་པར་འགྱུར་རོ། །འཛིན་པ་ཡིན་པའི་

ཕྱིར་ཤེས་པ་དོན་ལས་ཐ་དད་པའོ་ཞེ་ན། མ་ཡིན་ཏེ་དེ་ཉིད་འཛིན་པར་བྱེད་པ་སྟེ་གཟུགས་ལ་སོགས་པ་ཡང་འདྲ་བས་འཛིན་པར་བྱེད་པ་ཡོད་པའི་ཕྱིར་རོ། །འོན་ཏེ་གཟུགས་ལ་སོགས་པ་དག་འཛིན་པར་བྱེད་པ་མ་ཡིན་ན་ནི། འོ་ན་འཛིན་པར་བྱེད་པ་གྲུབ་ན་ནི་འགའ་ཞིག་འཛིན་པ་མ་ཡིན་པར་གྲུབ་པ་མ་ཡིན་ནམ། འཛིན་

པར་བྱེད་པ་དེ་ཉིད་ད་དུང་དུ་བརྟན་པ་གྲུབ་པ་མ་ཡིན་ནོ། །དེ་བས་ན་རང་རིག་པ་ཉིད་ཁྱད་པར་ཡིན་ནོ། །འོན་ཏེ་བློའི་ཉམས་སུ་མྱོང་བ་ནི་འདྲ་བའི་རྒྱུ་ཅན་ཏེ། ཉམས་སུ་མྱོང་བའི་ཕྱིར་དོན་ཉམས་སུ་མྱོང་བ་བཞིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཉམས་སུ་མྱོང་བ་དེ་རང་ཉིད། །དེ་དེ་འདྲ་བའི་རྒྱུ་ཅན་མིན། །

เล่ม ๑๘๓ · หน้า 151b

བྱ་བ་ལས་ཀྱི་རྣམ་གཞག་གི། །དེ་ནི་འཇིག་རྟེན་ན་རྒྱུར་འགྱུར། །ཞེས་བྱ་བ་ལ། བློ་དེ་རང་ཉིད་ཀྱིས་ཉམས་སུ་མྱོང་བ་སྟེ་འོན་ཀྱང་འདྲ་བའི་རྒྱུ་ཅན་ནི་མ་ཡིན་ནོ། །གང་ལ་རྒྱུ་འདྲ་བ་ཡོད་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པའི་རང་གི་ངོ་བོ་ཉམས་སུ་མྱོང་བ་ཁོང་དུ་ཆུད་བཞིན་དུ་ཤེས་པ་ལ་གནས་པའི་

འདྲ་བས་ཅི་ཞིག་བྱ། འོ་ན་གལ་ཏེ་བློ་རང་ཉིད་ཉམས་སུ་མྱོང་བ་ཡིན་ན། འདྲ་བས་ཅི་ཞིག་བྱ་ཞེ་ན། འདིར་སྨྲས་པ། རྟོགས་པའི་བྱ་བའི་ལས་ནི་སྔོན་པོ་ལ་སོགས་པ་སྟེ། རྣམ་པར་གཞག་པ་འདི་ནི་སྔོན་པོར་རྟོགས་པ་ཡིན་གྱི། སེར་པོ་ནི་མ་ཡིན་ནོ་སྙམ་དུ་ངེས་པ་ཡིན་ནོ། །དེས་ན་འདྲ་བ་དེ་ནི་འཇིག་རྟེན་ན། །རྒྱུར་

འགྱུར་བ་ཡིན་ནོ། །དོན་ཉམས་སུ་མྱོང་བ་ཉིད་ཀྱིས་འཇིག་རྟེན་ན་བྱ་བ་ལས་ཀྱི་རྣམ་པར་གཞག་པ་ཡིན་གྱི་འདྲ་བས་ནི་མ་ཡིན་ནོ་ཞེ་ན། ངོ་བོ་ཉིད་གྱུར་དེ་རང་བཞིན། །མྱོང་བའི་སྒྲོ་འདོགས་འཁྲུལ་བ་ལས། །སྔོ་སོགས་མྱོང་བར་གྲགས་པ་སྟེ། །གཞན་གྱིས་བདག་ཉིད་མྱོང་བས་མིན། །ཞེས་བྱ་བ་ལ། ཤེས་པའི་

ངོ་བོ་ཉིད་དུ་གྱུར་པ་དེ་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་དེ་དང་། རིག་པ་དེའི་འདིར་ཕྱི་རོལ་དུ་སྒྲོ་འདོགས་པའི་འཁྲུལ་པ་དེ་ལས་སྔོན་པོ་ལ་སོགས་པའི་དོན་ཉམས་སུ་མྱོང་བར་གྲགས་པ་དེ་བརྗོད་པ་ཡིན་གྱི། སྔོན་པོ་རྣམ་པ་ཅན་གྱི་ཤེས་པ་ལས་ཕྱི་རོལ་པ་ཉམས་སུ་མྱོང་བ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་དོན་དམ་པར་

ན་རང་རིག་པ་ཉིད་ཡིན་གྱི། དོན་མྱོང་བ་ནི་མ་ཡིན་ནོ། །སྔོ་སོགས་བློ་ཡི་དངོས་ཡིན་ན། །ཕྱི་རོལ་དོན་ལ་ཚད་མ་གང་། །སྔོ་སོགས་བློ་ཡི་དངོས་མིན་ན། །དེ་དེས་མྱོང་བར་ཇི་ལྟར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་ཤེས་པ་ཉིད་སྔོན་པོའི་རྣམ་པ་ཅན་ཏེ་བདག་ཉིད་གསལ་བ་ཡིན་ན། དེའི་ཚེ་ཕྱི་རོལ་གྱི་དོན་ལ་ཚད་མ་ཅི་

ཞིག་ཡོད་དེ། ཕྱི་རོལ་པ་ལ་མངོན་སུམ་འཇུག་པ་མ་ཡིན་ཏེ། དེའི་བདག་ཉིད་སྔོན་པོའི་རྣམ་པ་ཅན་དུ་ཉམས་སུ་མྱོང་བའི་ཕྱིར་དང་། ཤེས་པ་ལ་གནས་པའི་དངོས་པོའི་རྣམ་པ་ལས་སྔོན་པོ་གཞན་སྣང་བ་མ་ཡིན་ཏེ། སྔོན་པོ་རྣམ་པ་ཅན་གཉིས་མྱོང་བ་མེད་པའི་ཕྱིར་རོ། །བློ་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་

མ་ཡིན་ན་ནི། སྔོན་པོའི་རྣམ་པ་དོན་གྱི་ངོ་བོ་ཉིད་དུ་འགྱུར་ཏེ། དོན་གྱི་རྣམ་པ་དེ་མྱོང་བ་དེ་གང་གིས་མྱོང་། ཤེས་པ་གཞན་གྱིས་མྱོང་ཞེ་ན། ཤེས་པ་དེ་རིག་པ་ཡིན་ནམ་མ་ཡིན། གལ་ཏེ་རིག་པ་ཡིན་ན་ཇི་ལྟར་དོན་མྱོང་བར་འགྱུར། རང་གི་ངོ་བོ་ཉིད་ཀྱིས་ཤེས་པ་མ་ཡིན་པ་མྱོང་བར་འདོད་པས་དོན་ཉམས་སུ་

เล่ม ๑๘๓ · หน้า 152a

མྱོང་བར་ཤེས་པ་མ་ཡིན་ནོ། །འོན་ཏེ་ཤེས་པ་གཞན་གྱིས་རིག་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དུས་མཚུངས་པའམ་དུས་ཐ་དད་པར་ཤེས་པ་རང་རིག་པར་གྱུར་པ་དོན་མཐོང་བ་ཇི་ལྟར་འགྱུར་ཏེ། དེ་ཉིད་རིག་པར་འགྱུར་བས། ཕན་ཚུན་གཟུང་བ་དང་འཛིན་པའི་དངོས་པོར་འགྱུར་ལ།

ལྐོག་ཏུ་གྱུར་པའི་དངོས་པོ་ལ་ནི། དེའི་རྣམ་པ་ཅན་གྱི་ཤེས་པ་ཉམས་སུ་མྱོང་བས་བཏགས་པ་ཡིན་ནོ། །འོ་ན། གལ་ཏེ་མྱོང་བའི་བདག་ཉིད་ནི། །འདྲ་བའི་རྒྱུ་ཅན་མ་ཡིན་ན། །དེ་ནི་རང་ཉིད་ཀྱིས་གྲུབ་པས། །འདི་ལ་དོན་གྱིས་ཅི་ཞིག་འཇོག །ཅེས་བྱ་བ་ལ། གལ་ཏེ་ཤེས་པ་སྔོན་པོའི་ངོ་བོ་ཉིད་ཡིན་པས་རིག་

པའི་བདག་ཉིད་དུ་རང་ཉིད་ཀྱིས་གྲུབ་ཀྱི། དོན་དང་འདྲ་བའི་རྒྱུ་ཅན་ནི་མ་ཡིན་ནོ། །དེ་ལྟར་ན་དོན་གྱིས་ཅི་ཞིག་ཕན་ཏེ། དོན་དང་འདྲ་བས་དོན་རིག་པའོ་ཞེས་ཇི་ལྟར་རྣམ་པར་གཞག་ཅེས་བྱ་བའི་ཐ་ཚིག་གོ། །གང་གིས་ཤེས་པར་འགྱུར་བ་ནི་དོན་ཉམས་སུ་མྱོང་བ་ལ་འཇུག་པ་ནི་མ་ཡིན་ནོ། །འོན་ཀྱང་གལ་ཏེ་དོན་

མྱོང་བ་ནི་འདྲ་བའི་རྒྱུ་ཅན་ནོ་ཞེ་ན། དེའི་སྐྱོན་ཆེན་པོར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཤེས་པ་ཉིད་མིན་ཐལ་འགྱུར་ཕྱིར། །བདག་ཉིད་ཀུན་གྱིས་མཚུངས་མ་ཡིན། །ཆ་འགའ་ཞིག་གིས་མཚུངས་ན་ནི། །ཐམས་ཅད་ཐམས་ཅད་ཀྱིས་མྱོང་འགྱུར། །ཞེས་བྱ་བ་སྨོས་ཏེ། ཤེས་པ་དང་དོན་འདྲ་བ་ནི་

བདག་ཉིད་ཐམས་ཅད་ཀྱིས་ཡིན་ནམ། ཕྱོགས་འགའ་ཡིས་ཡིན་གྲང་ན། དེ་ལ་རེ་ཞིག་བདག་ཉིད་ཀྱིས་མཚུངས་པ་ནི་མ་ཡིན་ཏེ། མི་ཤས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་དོན་བེམས་པོའི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ་ཤེས་པར་ཡང་འགྱུར་ཏེ། བྱེ་བྲག་ཐམས་ཅད་དང་བྲལ་བའི་ཕྱིར་

རོ། །འོན་ཏེ་རྟོག་པའི་ངོ་བོ་ཉིད་ཀྱིས་ཤེས་པ་ལྷག་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པ་མ་ཡིན་ནོ། །འོན་ཏེ་ཆ་འགའ་ཞིག་གིས་མཚུངས་སོ་ཞེ་ན། དེའི་ཚེ་ཤེས་པ་ཐམས་ཅད་དོན་ཐམས་ཅད་ཀྱིས་རིག་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་ཉིད་ལ་སོགས་

པའི་ཆ་ཡིས་དོན་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་རོ། །འོན་ཏེ་གང་ལས་སྐྱེས་པ་དང་དེའི་རྣམ་པ་ཅན་ནི་སྔོན་པོ་ལ་སོགས་པའི་ཆ་འགའ་ཞིག་གིས་ཡིན་གྱི། ཤེས་པ་དོན་ཐམས་ཅད་ལས་སྐྱེས་པ་ནི་མ་ཡིན་ནོ། །དེ་བས་ན་ཐམས་ཅད་ཐམས་ཅད་ཀྱི་རིག་པར་བྱེད་པ་མ་ཡིན་ནོ་ཞེ་ན། ཇི་ལྟར་སྔོ་

เล่ม ๑๘๓ · หน้า 152b

སོགས་ངོ་བོའི་ཕྱིར། །སྔོ་སོགས་ཉམས་སུ་མྱོང་བར་འདོད། །དེ་ལྟར་ཉམས་མྱོང་ངོ་བོའི་ཕྱིར། །དེ་ཡང་ཉམས་སུ་མྱོང་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཤེས་པ་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང་། དེ་ལས་སྐྱེས་པའི་ཕྱིར་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་དེ་དེ་བཞིན་

དུ་རྟོགས་པའི་ངོ་བོ་ཉིད་ཀྱིས་སྔར་ཉམས་སུ་མྱོང་བའི་རྣམ་པ་ཅན་ཤེས་པ་ཕྱི་མ་ཡིན་པས་ཤེས་པ་སྔ་མ་དེ་ཤེས་པ་ཕྱི་མས་ཉམས་སུ་མྱོང་བར་འགྱུར་རོ། །ཉམས་སུ་མྱོང་བའི་མྱོང་བ་དེ། །དོན་བཞིན་རྣམ་པར་ངེས་པ་མེད། །དེ་ཕྱིར་སྐྱོན་མེད་ཅེ་ན་ཡང་། །ཞེས་བྱ་བ་ནི། འོན་ཏེ་ཉམས་སུ་མྱོང་བ་མྱོང་བའོ་ཞེས་

འཇིག་རྟེན་ན་ངེས་པ་མེད་དེ། དེ་ལྟར་ན་དོན་ཉམས་སུ་མྱོང་བར་ངེས་པ་བཞིན་དུ་མ་ཡིན་ནོ། །དེའི་ཕྱིར་ངེས་པ་མེད་པའི་ཕྱིར་ཉམས་སུ་མྱོང་བ་ནི་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། ལན་བཏབ་པ། དོན་ལའང་དེ་ནི་རྟག་ཏུ་མེད། །ཡོད་པ་ཉིད་ཀྱིས་རྒྱུ་ཡོད་པ། །ཅི་ཕྱིར་ཉམས་སུ་མྱོང་བ་མེད། །

ཅེས་བྱ་བ་ཡིན་ཏེ། ངེས་པ་འདི་ནི་དོན་ལ་ཡང་རྟག་ཏུ་ཡོད་པ་མ་ཡིན་ཏེ། འགའ་ཞིག་ཏུ་འཁྲུལ་པ་དང་རིགས་མི་མཐུན་པའི་རྟོག་པས་ངེས་པ་མི་སྐྱེ་བའི་ཕྱིར་དོན་ཉམས་སུ་མྱོང་བར་ཡང་མི་འགྱུར་རོ། །དེའི་ཕྱིར་ལྷན་ཅིག་བྱེད་པ་མ་ཚང་བས་གལ་ཏེ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་ངེས་པ་མེད་ཀྱང་ཉམས་སུ་

མྱོང་བ་ངེས་པ་མེད་པ་ནི་མ་ཡིན་ནོ། །ཡང་ན་སྔར་གྱི་ཉམས་སུ་མྱོང་བ་ལ་ངེས་པ་ཡོད་པའི་རྒྱུས་དོན་བཞིན་དུ་ཅིའི་ཕྱིར་ངེས་པ་མེད་པ་ཡིན། ལྷན་ཅིག་བྱེད་པ་མ་ཚང་བས་སོ་ཞེ་ན། འོ་ན་ནི་ངེས་པ་ལས་ཉམས་སུ་མྱོང་བ་རྣམ་པར་གཞག་སྟེ། མཐོང་བ་ཡོད་ཀྱང་ངེས་པ་མེད་པའི་ཕྱིར་རོ། །དེའི་རྣམ་པ་ཅན་གྱིས་

ཀྱང་ཉམས་སུ་མྱོང་བ་རྣམ་པར་གཞག་པ་བཀག་པ་ཡིན་ཏེ། གཞན་ཡང་དཀར་པོ་སོགས་སྣང་བ། །སྐྱེས་བུས་ཉམས་མྱོང་གསལ་བ་ནི། །དཀར་སོགས་མངོན་པར་གསལ་བ་ཅན། །གང་ཡིན་འདི་ནི་སྣང་བར་འགྱུར། །དེ་ནི་དཀར་སོགས་གསལ་བ་ལས། །གཞན་ནམ་འོན་ཏེ་རང་དངོས་ཡིན། །ཞེས་བྱ་བ་

ལ། གཞན་ཡང་གལ་ཏེ་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་ན། དེའི་ཚེ་དོན་མཐོང་བ་ནི་དོན་ཙམ་ཁོ་ན་མ་ཡིན་ནོ། །དེ་ནི་དོན་ཙམ་ལས་ཐ་དད་པས་བསྐྱེད་པ་ཡིན་ཏེ། དོན་མཐོང་བ་དེ་ཡང་སྣང་བ་ཡིན་ནོ། །གལ་ཏེ་མཐོང་བ་དེ་སྣང་བ་མ་ཡིན་ན། དོན་གྱི་ངོ་བོ་ཉིད་ཁོ་ནར་འགྱུར་རོ། །དེ་བས་ན་སྣང་བར་གྱུར་པ་དེ་

เล่ม ๑๘๓ · หน้า 153a

ཡིས་བསྐྱེད་པ་ཡིན་ནོ། །གང་ཡང་དཀར་པོ་ལ་སོགས་པ་དེ་མངོན་པར་གསལ་བའི་ངོ་བོ་ཉིད་ཡོངས་སུ་གསལ་བར་མྱོང་བ་དཀར་པོ་ལ་སོགས་པ་ལ་མཐོང་བར་གྱུར་ན་སྐྱེས་བུས་སོ་སོར་ངེས་པར་སྣང་བར་འགྱུར་རོ། །ཉམས་སུ་མྱོང་བ་དེ་དཀར་པོ་ལ་སོགས་པ་མངོན་པར་

གསལ་བ་ལས་ཐ་དད་པའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་དཀར་པོ་ལ་སོགས་པ་མངོན་པར་གསལ་བའི་བདག་ཉིད་ཀྱི་ངོ་བོ་ཡིན་གྲང་ན། དེ་ལ་གལ་ཏེ་དཀར་པོ་ལ་སོགས་པའི་མངོན་པར་གསལ་བ་ལས་ཐ་དད་པའི་ངོ་བོ་ཉམས་སུ་མྱོང་བ་ཡིན་ན་ནི། གཞན་དངོས་ཡིན་ན་གསལ་བ་རྣམས། །མི་

གསལ་ན་ཅིས་དཀར་པོ་གསལ། །ཞེས་བྱ་བ་ལ། གསལ་བར་སྣང་བ་གཞན་གྱི་ངོ་བོ་ཉིད་ཡིན་ན། དཀར་པོ་ལ་སོགས་པའི་མངོན་པར་གསལ་བ་རྣམས་མི་གསལ་བར་གྱུར་པས་དཀར་པོར་རིག་པ་གསལ་བར་ཇི་ལྟར་འགྱུར་ཏེ་མ་ཡིན་ནོ། །མི་གསལ་བས་ནི་འགའ་ཡང་གསལ་བར་བྱེད་པ་མ་ཡིན་

ནོ། །དེའི་ཕྱིར་གང་དེ་གསལ་བའི་ངོ་བོ་ཉིད་ཉམས་སུ་མྱོང་བ་དེ་ཉིད་བློ་རང་རིག་པ་ཡིན་ནོ། །གཞན་ནི་ལྐོག་ཏུ་གྱུར་པ་དེ་མིག་ལ་སོགས་པ་ལྟ་བུའི་བློ་ཡིན་ན། མིག་ལ་སོགས་པ་མ་གཏོགས་པའི་བློ་ནི་ཚད་མས་གྲུབ་པ་མ་ཡིན་ཏེ། མིག་ལ་སོགས་པ་ཙམ་གྱིས་དོན་མཐོང་བར་གྲུབ་པའི་ཕྱིར་རོ། །འོན་ཏེ་

བློ་ལྐོག་ཏུ་གྱུར་པ་ཉིད་མིག་ལ་སོགས་པ་ལས་སྐྱེས་པས་མངོན་པར་གསལ་ལོ་ཞེ་ན། བློ་དེ་ཉིད་སྐྱེ་རུ་ཆུག་ན་ཡང་ཇི་ལྟར་དོན་གསལ་བར་འགྱུར་ཏེ། གཞན་སྐྱེས་པས་གཞན་རྟོགས་པར་མི་འགྱུར་བ་མ་ཡིན་ནམ། ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་དོན་ལ་བློ་སྐྱེས་པ་དེའི་ཕྱིར་དོན་རིག་

པའོ་ཞེ་ན། དོན་གྱི་བློ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད། བློས་དོན་མཐོང་བའི་ཕྱིར་རོ་ཞེ་ན་མཐོང་བ་མི་འདོད་པ་མ་ཡིན་ནམ། ཇི་ལྟར་མཐོང་བ་ཞེས་བྱ་བར་ཤེས། འོན་ཏེ་དོན་གྱི་སྣང་དུ་རུང་བ་ཉིད་ཡིན་ནོ་ཞེ་ན། སྣང་དུ་རུང་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན། དོན་ཙམ་ཡིན་ནམ། འོན་ཏེ་གཞན་

ཞིག་ཡིན་གྲང་ན། གལ་ཏེ་དོན་ཙམ་སྣང་དུ་རུང་བ་ཡིན་ན་གཏན་དུ་དེ་ལྟར་འགྱུར་རོ། །འོན་ཏེ་སྣང་དུ་རུང་བ་གཞན་ཞིག་ཡིན་ན་ནི། དེའི་ཚེ་འདིར་ཡང་གཞན་གྱིས་ཤེས་པར་འགྱུར་ཞིང་། དེ་ལས་ཀྱང་གཞན་ཞིག་སྣང་དུ་རུང་བས་དེ་བཞིན་དུ་སྣང་དུ་རུང་བ་དེ་ཤེས་པར་འགྱུར་ལ། དེ་ལས་ཀྱང་སྣང་

เล่ม ๑๘๓ · หน้า 153b

དུ་རུང་བ་གཞན་ཡིན་པའི་ཕྱིར། ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་གསལ་བ་མྱོང་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཤེས་པ་གསལ་ཡིན་ཏེ་གསལ་མིན། །དེ་ཕྱིར་འགྲོ་ཀུན་གསལ་མི་འགྱུར། །ཞེས་བྱ་བ་ལ། ཤེས་པ་ལས་གཞན་པའི་དོན་གསལ་བ་མ་ཡིན་གྱི། འོན་

ཀྱང་ཤེས་པ་གསལ་བ་ནི་ཤེས་པའི་ངོ་བོ་ཉིད་ཡིན་ནོ། །དེ་ཡང་མངོན་སུམ་མ་ཡིན་པའི་ཕྱིར། འགྲོ་བ་མ་ལུས་པ་གསལ་བར་མི་འགྱུར་རོ། །འོན་ཏེ་གསལ་བ་དོན་གྱི་ངོ་བོ་ཉིད་ཡིན་ན་ནི། དོན་ཐམས་ཅད་གསལ་བར་འགྱུར་རོ། །འོན་ཏེ་དོན་ལ་རང་ཐ་དད་པའི་ཁྱད་པར་ཡོད་པས་གསལ་

བ་ཡིན་ནོ་ཞེ་ན། དེའི་ཚེ་ཤེས་པ་གཞན་དོན་མེད་པར་འགྱུར་རོ། །འོན་ཏེ་རང་གི་ངོ་བོ་ཉིད་ཀྱིས་གསལ་བ་མ་ཡིན་གྱི། གསལ་བ་གཞན་གྱིས་གསལ་བར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི། གསལ་བ་གསལ་གཞན་གྱིས་གསལ་ན། །ཐུག་པ་མེད་པར་ཐལ་ཕྱིར་རོ། །ཞེས་བྱ་བ་ལ། གསལ་བ་

གཞན་གྱིས་སྔ་ནས་མི་གསལ་བར་བྱེད་ན། གསལ་བ་གཞན་དེ་ཡང་གསལ་བར་བྱེད་པ་གཞན་གྱིས་ཤེས་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་གསལ་བ་ནི་རང་རིག་པའི་ངོ་བོ་ཉིད་དེ། གཞན་དུ་ན་འདི་ནི་གསལ་བ་ཞེས་བྱ་བར་རྟོགས་པར་མི་འགྱུར་རོ། །གང་གི་ཕྱིར།

མཐོང་དང་འབྲེལ་བ་ཤེས་མེད་ཅན། །དེ་ཚེ་ཇི་ལྟར་ཁྱད་པར་འགྱུར། །གང་ཕྱིར་གཉིས་ལས་གཅིག་རྟོགས་ནས། །གཉིས་པ་མཐོང་བ་ཡོད་མ་ཡིན། །ཞེས་བྱ་བ་ལ། དོན་གང་ལ་མཐོང་བ་དང་ལྷན་ཅིག་འབྲེལ་པ་ཤེས་པ་མེད་པ་ཡོད་པ་དེ་ནི་མཐོང་བ་དེ་ཡིས་དོན་མཐོང་བའོ་ཞེས་ཤེས་པས་

ཁྱད་པར་དུ་བྱེད་པར་ཇི་ལྟར་འགྱུར་ཏེ། མཐོང་བ་ཉིད་རྟོགས་པ་མ་ཡིན་ན་དེས་ཁྱད་པར་དུ་བྱས་པའི་དོན་འཛིན་པ་མེད་པར་རིག་པའི་ཕྱིར་རོ། །འོ་ན་བ་ལང་ཞེས་བྱ་བ་ཅི་བ་ལང་ཉིད་མཐོང་བའི་ཁྱད་པར་ལས་རྟོགས་པ་མ་ཡིན་ནམ། དེ་བཞིན་དུ་མཐོང་བ་རྟོགས་པ་མེད་ཀྱང་ངེས་པར་འགྱུར་བའི་ཕྱིར་རོ་

ཞེ་ན། གཉིས་ནི་འདྲེས་པ་དག་མཐོང་ན། །མཐོང་བ་ཞེས་ནི་ངེས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཡུལ་དང་ཤེས་པ་གཉིས་འབྲེལ་པ་དག་མཐོང་ན་ནི་མཐོང་ཞེས་ངེས་པར་འགྱུར་རོ། །དེས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། བ་ལང་ནི་བ་ལང་མ་ཡིན་པ་ལས་ལོག་པའི་ངོ་བོ་ཉིད་དེ་རང་གི་མཚན་

เล่ม ๑๘๓ · หน้า 154a

ཉིད་ལས་ཐ་མི་དད་པ་ཉིད་དོ། །ཁྱེད་ཀྱིས་མཐོང་བ་ནི་མ་མཐོང་བ་ལས་ལོག་པའི་ངོ་བོ་ཉིད་དུ་ཁས་མི་ལེན་ཏེ། དེ་ལྟ་ན་དོན་ལ་རང་རིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མཐོང་བ་ནི་གསལ་བ་ཡིན་ལ། དེ་ཡང་མི་ཤེས་པ་ཡིན་ན། ཇི་ལྟར་དོན་ཁྱད་པར་དུ་བྱེད་པར་

འགྱུར། དབྱུག་པ་རྟོགས་པར་མ་གྱུར་ན། སྐྱེས་བུ་དབྱུག་པ་ཅན་དུ་གཅོད་པ་ནི་མ་ཡིན་ནོ། །གལ་ཏེ་གང་གིས་འདྲ་བ་མཐོང་། །སེམས་གཞན་གྱིས་ནི་མཐོང་གྱུར་པ། །དེ་ལ་མཐོང་བ་ཞེས་བྱ་ན། །ཞེས་བྱ་བ་ནི། འོན་ཏེ་སྔོན་པོ་དང་མཐོང་བ་དག་འབྲེལ་པར་མཐོང་ན་མཐོང་བའོ་ཞེས་བྱ་

བར་ངེས་པ་མ་ཡིན་གྱི། འོན་ཀྱང་སྔོན་པོ་ལ་སོགས་པའི་དོན་གྱི་ངོ་བོ་ཉིད་གང་ཞིག་མཐོང་བ་དོན་གྱི་གཟུགས་བརྙན་འཕོས་པ་ཅན་སེམས་གཞན་གྱིས་མཐོང་བར་འགྱུར་བའི་དོན་དེ་ལ་མཐོང་བ་ཞེས་བརྗོད་ཅིང་ཞེན་པ་ཡིན་ནོ་ཞེ་ན། དེ་ལ་ལན་བཏབ་པའི་ཕྱིར། འདི་འདྲ་རང་རིག་གྲུབ་པ་ཡིན། །

ཞེས་བྱ་བ་སྨོས་ཏེ་དོན་འཛིན་པའི་ཤེས་པ་འདིའི་བདག་ཉིད་ལ་དོན་གྱིས་གཞག་པའི་འདྲ་བ་དེ་སྣང་ངམ་མི་སྣང་ཞེས་བྱ་བའི་ཕྱོགས་གཉིས་སུ་བརྟག་གྲང་ན། གལ་ཏེ་སྣང་ན་ནི། དེ་ལྟ་ན་རང་རིག་པ་གྲུབ་པར་འགྱུར་ཏེ། འདི་ལྟར་དེ་དང་འདྲ་བ་ཤེས་པའི་བདག་ཉིད་དོ། །དེ་རིག་པར་གྱུར་ན་དེའི་

བདག་ཉིད་ཀྱང་རིག་པར་འགྱུར་བའི་ཕྱིར་རང་རིག་པ་གྲུབ་པ་ཡིན་ནོ། །འོན་ཏེ་རང་དངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་ནི། །ཅེས་བྱ་བ་ལ། འོན་ཏེ་ཤེས་པ་བདག་ཉིད་ཀྱི་ངོ་བོ་ཉིད་དོན་གྱི་རྣམ་པ་ཅན་རིག་པ་མ་ཡིན་ན། དེ་ཉིད་ཀྱི་ཕྱིར་རང་རིག་པ་གྲུབ་པ་མ་ཡིན་གྱི། འོན་ཀྱང་ཤེས་པ་

གཞན་གྱིས་རིག་པར་འགྱུར་རོ་ཞེ་ན། དེའི་ཚེ་ཤེས་པ་རང་ཉིད་རིག་པ་མ་ཡིན་ན། གཞན་གྱི་ངོ་བོ་ཉིད་ཀྱི་དོན་རིག་པར་ཇི་ལྟར་འགྱུར་ཏེ་མ་ཡིན་ནོ། །དོན་གྱི་ངོ་བོ་ཉིད་ནི་རིག་པ་མ་ཡིན་ཏེ། འོན་ཀྱང་ཤེས་པ་ཡོད་ནའོ། །དེ་ཡང་མ་གྲུབ་ན་དེ་ཇི་ལྟར་དོན་གྲུབ་པར་འགྱུར་རོ། །འོན་ཏེ་ཤེས་པ་དེ་དོན་

གྱི་རྣམ་པ་ཅན་ཏེ། དེས་ན་རང་ལ་རིག་པ་མེད་ཀྱང་དོན་གྱི་རིག་པར་བྱེད་པ་རུང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ་གང་གི་ཕྱིར། འདྲ་བ་ལས་ཀྱང་མྱོང་ཞེས་པ། །སྔར་ཉིད་རབ་ཏུ་གསལ་བ་ཡིན། །ཞེས་བྱ་བ་ལ། ཤེས་པ་ལ་གནས་པའི་འདྲ་བ་ལས་ཤེས་པ་མེད་པ་ཡིན་ཡང་དོན་རིག་པར་བྱེད་པ་

เล่ม ๑๘๓ · หน้า 154b

ཞེས་ཟེར་བ་ནི་སྔ་མ་ཉིད་དུ་བཟློག་ཟིན་ཏེ། འདྲ་བ་ཐམས་ཅད་ཕན་ཚུན་དུ། །མྱོང་བ་དག་ཏུ་ཐོབ་པར་འགྱུར། །ཞེས་བྱ་བ་དེར་བསལ་ཏོ། །གཞན་ཡང་གལ་ཏེ་འདྲ་བས་གྲུབ་པ་དེའི་ཚེ་དེ་ལས་དོན་རིག་པར་རིགས་ཏེ། དེ་ཡང་མི་སྲིད་དོ། །གང་གི་ཕྱིར། མཐོང་བ་དག་ཉིད་འདྲ་

བ་འཛིན། །སྔར་ནི་དོན་མཐོང་མེད་པ་ཡིན། །ཇི་ལྟར་མཐོང་བ་འདི་ཡིས་ནི། །འདྲ་བ་དེ་ལས་ངེས་པར་འགྱུར། །ཞེས་བྱ་བ་ལ། མཚེ་མ་མཐོང་བ་དག་འདི་འདི་དང་འདྲ་བ་པོ་ཡིན་ནོ་སྙམ་དུ་འདྲ་བར་འཛིན་པར་འགྱུར་གྱི་མཐོང་བ་ལས་སྔ་བར་དོན་དེ་མཐོང་བ་དང་ལྡན་པའི་སྐྱེས་བུ་ནི་

མཐོང་བའི་དུས་ན་དོན་སྣང་བ་མ་ཡིན་ཏེ། ཤེས་པའི་རྣམ་པ་དེ་ཉིད་མཐོང་བའི་ཕྱིར་རོ། །དེ་ཇི་ལྟར་མཐོང་བ་དང་ལྷན་ཅིག་དོན་འདིའི་འདྲ་བ་སྐྱེས་བུ་དེས་ཤེས་པར་འགྱུར། འོན་ཏེ་དོན་ནི་རྣམ་པ་དང་ལྡན་པ་ཡིན་ལ། ཤེས་པ་ནི་རྣམ་པ་མེད་པ་སྟེ། དེ་ཡང་ཤེས་པ་གཞན་གྱིས་འཛིན་པ་

ན་མཐོང་བའོ་ཞེས་ངེས་པ་ཡིན་གྱི་ཤེས་པའི་འདྲ་བས་ནི་མ་ཡིན་ན། གང་གིས་ན་སྐྱོན་དུ་འགྱུར་ཞེ་ན། འདྲ་བ་ཉིད་ཀྱང་མི་འདོད་པ། །གང་ཡིན་དེ་ཡིས་གཉིས་མཐོང་མེད། །དེ་ཚེ་དོན་དམ་ཤེས་པ་ཞེས། །དེ་དག་ཤེས་པའི་གཏམ་ཟིན་ཏོ། །ཞེས་བྱ་བ་སྨོས་ཏེ། རྒོལ་བ་གང་ཞིག་ཤེས་

པའི་འདྲ་བ་མི་འདོད་པ་སྟེ། ཀྱང་གི་སྒྲས་ནི་རང་རིག་པ་ཉིད་ཀྱང་ཁས་མི་ལེན་པའི་རྒོལ་བ་དེའི་ཤེས་པ་དང་དོན་གྱི་མཐོང་བ་ཡང་མེད་པར་འགྱུར་ཏེ། འདི་ལྟར་དོན་མཐོང་བ་ནི་དེའི་རྣམ་པ་ཅན་གྱི་ཤེས་པ་སྟེ། ངོ་བོ་ཉིད་ཀྱིས་དོན་ཉམས་སུ་མྱོང་བར་མི་རུང་བའི་ཕྱིར་རོ། །ཤེས་པའི་རྣམ་

པ་ཡང་དོན་གྱི་རིག་པར་བྱེད་པ་མ་ཡིན་ཏེ། དེ་ལ་དེས་ཅི་ཡང་མི་བྱེད་པའི་ཕྱིར་རོ། །ཅུང་ཟད་ཀྱང་མི་བྱེད་པར་རིག་པ་པོར་མི་རུང་སྟེ། ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་དོན་གྱི་འབྲས་བུ་ཡིན་པས་དོན་རིག་པར་བྱེད་པ་པོ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དབང་པོ་ལ་སོགས་པ་

བཞིན་དོན་གྱི་ངོ་བོ་ཉིད་ཉམས་སུ་མྱོང་བ་མ་ཡིན་ཏེ། དེའི་འབྲས་བུ་ཞེས་བྱ་བ་ཡང་ཐ་སྙད་ཙམ་མ་ཡིན་ནམ། དཔེར་ན་དབང་པོའི་ཉམས་སུ་མྱོང་བ་ཞེས་བྱ་བ་བཞིན་ནོ། །དེའི་ཕྱིར་ཤེས་པ་ཞུགས་པ་ཉིད་ཀྱིས་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་ནོ། །དད་པའི་དོན་ལ་གལ་

เล่ม ๑๘๓ · หน้า 155a

ཏེ་རྗེས་སུ་དཔག་པ་གཙོར་འཇུག་ན་ནི། ཤེས་པའི་རྣམ་པ་ཉམས་སུ་མྱོང་བ་ལས་ཀྱང་ཤེས་པའི་འདྲ་བ་ཡོད་པ་མ་ཡིན་ཏེ། དེ་བས་ན་དོན་གྱི་རང་བཞིན་ཉམས་སུ་མྱོང་བ་ཡང་མ་ཡིན་ལ། རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་ཤེས་པ་ཡང་

རང་རིག་པ་མ་ཡིན་ན། དེ་ཡོད་པར་གྲུབ་པ་མ་ཡིན་ནོ། །འོན་ཏེ་གཞན་གྱིས་རིག་ན་ནི་དེའི་ཚེ་ཡང་མ་གྲུབ་པ་ཡིན་ན། ཇི་ལྟར་རིག་པར་བྱེད་པར་འགྱུར། །འོན་ཏེ་ཤེས་པ་གཞན་དེ་ཡང་ཤེས་པ་གཞན་གྱིས་རིག་ན་ནི། དེ་ཡང་མ་གྲུབ་པ་ཉིད་མ་ཡིན་ནམ། དེ་མ་གྲུབ་པར་ཡང་སྔ་མའི་ཉམས་སུ་

མྱོང་བར་གྲུབ་པ་མ་ཡིན་ནོ། །དེའི་ཚེ་ཡང་འདི་དོན་ཡིན་ལ་འདི་ནི་ཤེས་པའོ་ཞེས་པ་དང་། དེ་བཞིན་དུ་དོན་དང་ཤེས་པ་དེ་དག་ཤེས་པ་ཡིན་ནོ་ཞེས་བྱ་བ་འདིའི་གཏམ་ཟིན་པ་སྟེ་བཟློག་པ་ཡིན་ནོ། །དེའི་ཕྱིར་འགྲོ་བ་མ་ལུས་པ་ལོང་བའམ་ལྐུགས་པར་འགྱུར་རོ། །དེ་བས་ན་གལ་ཏེ་དཀར་པོ་ལ་སོགས་པ་

སྣང་བར་འགྱུར་ན། གང་སྣང་བ་གསལ་བར་མྱོང་བར་འགྱུར་རོ། །གལ་ཏེ་དཀར་པོ་ལ་སོགས་པ་མངོན་པར་གསལ་བ་ལས་གཞན་གྱི་རང་བཞིན་ཡིན་ན། དེའི་ཚེ་དཀར་པོ་ལ་སོགས་པ་གསལ་བར་མི་འགྱུར་རོ། །ཅི་སྟེ་རང་དངོས་ཡིན་ན་དེ། །རང་ཉིད་རབ་ཏུ་གསལ་བར་འགྱུར། །གང་ལ་དེ་མི་

གསལ་ན་ཡང་། །དོན་ཡང་མི་གསལ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། འོན་ཏེ་གང་འདི་རིག་པ་གསལ་བར་ཉམས་སུ་མྱོང་བར་སྣང་བ་དེ་དཀར་པོ་ལ་སོགས་པའི་ཤེས་པའི་ངོ་བོ་ཉིད་དེ། དཀར་པོར་དམིགས་པ་གསལ་བའི་ངོ་བོ་ཉིད་ཡིན་ན་ནི། དེ་ལ་གསལ་བར་བྱེད་པ་གཞན་མེད་པའི་ཕྱིར།

རང་ཉིད་གསལ་བར་འགྱུར་རོ། །འོན་ཏེ་རང་གི་ངོ་བོ་ཉིད་ཀྱིས་གསལ་བ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གསལ་བར་བྱེད་པ་སྟེ་གང་གི་ཕྱིར་དཀར་པོ་ལ་སོགས་པ་མངོན་པར་གསལ་བ་དེའི་གསལ་བྱེད་མི་གསལ་བར་འགྱུར་ན། དོན་མི་གསལ་བ་ཉིད་དུ་འགྱུར་རོ། །གསལ་བའི་ངོ་བོ་ཉིད་དུ་

རིག་པ་མ་ཡིན་ན། དོན་མངོན་སུམ་དུ་བྱ་བར་མི་རིགས་ཏེ། དཔེར་ན་རྗེས་སུ་དཔག་པར་བྱ་བའི་དོན་བཞིན་ནོ། །དེའི་ཕྱིར་གཟུང་བར་བྱ་བ་གསལ་བའི་རྣམ་པར་སྣང་བ་ཉིད་མངོན་སུམ་ཉིད་དེ། དེ་ཡང་བློ་ཡི་ངོ་བོ་ཉིད་དོ། །དེ་བཞིན་དུ་རྗེས་སུ་དཔོག་པ་ལ་ཡང་མི་གསལ་བར་སྣང་བ་ཉིད་དོན་གྱི་ལྐོག་ཏུ་

เล่ม ๑๘๓ · หน้า 155b

གྱུར་པའོ། །གལ་ཏེ་མི་གསལ་བར་མྱོང་བ་མེད་ན་དེ་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་མེད་དོ། །གསལ་བ་ནི་བློའི་ངོ་བོ་ཉིད་ཡིན་པའི་ཕྱིར་བློའི་ངོ་བོ་ཉིད་གསལ་བ་དང་མི་གསལ་བའི་རྣམ་པས་གལ་ཏེ་རང་ཉིད་མྱོང་བ་མ་ཡིན་ན། དོན་ཐམས་ཅད་མཐོང་བ་མེད་པ་ཉིད་ཀྱི་ཕྱིར་ཤེས་པ་རང་རིག་པའོ་

ཞེས་བྱ་བ་འདི་གནས་པ་ཡིན་ནོ། །དོན་ཀུན་མཐོང་མེད་ཚུལ་འདི་ནི། །བདག་རིག་མིན་པའི་ཕྱོགས་དག་ལ། །བློ་མངོན་སུམ་མིན་རབ་སྨྲ་བ། །གང་ཡིན་དེ་ལའང་ལན་བརྗོད་དོ། །ཞེས་བྱ་བ་ནི། རྒོལ་བ་གང་ཞིག་བློ་མངོན་སུམ་མ་ཡིན་པར་སྨྲ་བ་དེ་ལ་ཡང་དེ་ན་ཀུན་མཐོང་བ་མེད་པ་འདིས་

ལན་བརྗོད་པ་སྟེ་ལན་བཏབ་པ་ཡིན་ནོ། །ཚུལ་ནི་སྔར་བསྟན་པ་ཉིད་བཞིན་དུ། གསལ་བ་དང་མི་གསལ་བར་མྱོང་བ་མངོན་སུམ་ཉིད་མ་ཡིན་ན། དོན་རིག་པ་མེད་པར་འགྱུར་ཞེས་བྱ་བ་ཡིན་ནོ། །གཞན་ཡང་། རྟེན་དམིགས་གོམས་པའི་བྱེ་བྲག་ལས། །ཐ་དད་པར་ནི་འཇུག་པ་ཅན། །བདེ་སྡུག་

འདོད་པ་ལ་སོགས་པའི། །ཐ་དད་པ་ཡི་བློ་ཉིད་དག། །མངོན་སུམ་དེ་ལས་ཐ་དད་གཞན། །ཅུང་ཟད་གསལ་མིན་ཤེས་གང་དེ། །ཞེས་བྱ་བ་ལ། བློ་ནི་གདོན་མི་ཟ་བར་མངོན་སུམ་ཡིན་ཏེ། གང་གི་ཕྱིར། བདེ་བ་ལ་སོགས་པ་ཉིད་ཀྱི་ཐ་དད་པ་རྣམས་མིག་ལ་སོགས་པ་རྟེན་དང་དམིགས་པ་གཟུགས་ལ་སོགས་

པ་དང་། སྔར་བདེ་བ་ལ་སོགས་པ་ལ་གོམས་པའི་བྱེ་བྲག་གིས་བདེ་བ་ལ་སོགས་པའི་ངོ་བོ་ཉིད། ཐ་དད་པར་འཇུག་པ་གང་ལ་ཡང་ཡོད་པ་དེ་བདེ་བ་ལ་སོགས་པར་ཐ་དད་པར་དེ་དག་ནི་ཐམས་ཅད་ཀྱི་མངོན་སུམ་ཡིན་ནོ། །དེའི་ཕྱིར་བློ་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་ཟེར་བའི་དམ་བཅའ་བ་ལ་མངོན་སུམ་གྱིས་

གནོད་པ་ཡིན་ནོ། །འོན་ཏེ་བདེ་བ་ལ་སོགས་པ་ལ་བེམས་པོའི་ངོ་བོ་ཉིད་ཡིན་ལ། ཐ་དད་པའི་ཤེས་པས་རིག་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བདེ་བ་ལ་སོགས་པ་དེ་དག་གིས་དབེན་པ་གང་དེ་དག་ལས་ཐ་དད་པའི་ཤེས་པ་གཞན་ཅུང་ཟད་ཀྱང་ནང་ན་རིག་པ་མེད་དོ་ཞེས་མངོན་སུམ་

གྱིས་རྟོགས་པར་བྱེད་དོ། །དེའི་ཕྱིར་བདེ་བ་ལ་སོགས་པ་ཉིད་བློ་ལ་རང་གསལ་བས་མངོན་སུམ་ཡིན་ནོ་ཞེས་བྱ་བར་གནས་སོ། །གལ་ཏེ་གཞན་གྱིས་རིག་ན་ནི། །གཞན་གྱིས་ཀྱང་ནི་དེ་མྱོང་འགྱུར། །ཞེས་བྱ་བ་ལ། འོན་ཏེ་བདེ་བ་ལ་སོགས་པ་མངོན་སུམ་ཡིན་ཡང་རང་རིག་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན།

เล่ม ๑๘๓ · หน้า 156a

བདེ་བ་ལ་སོགས་པ་ཤེས་པ་གཞན་གྱིས་རིག་པ་ཡིན་ནོ་ཞེ་ན། འདི་ལ་ཡང་དེ་ལས་ཐ་དད་པའི་ཤེས་པ་མེད་དོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་བདེ་བ་ལ་སོགས་པ་བདག་ཉིད་དུ་སྐྱེས་པ་སྐྱེས་བུ་གཞན་གྱིས་མྱོང་ཞིང་ཁོང་དུ་ཆུད་པ་ཡིན་ཏེ། དཔེར་ན་བདག་

བཞིན་ནོ། །འདི་ལྟར་གང་གི་རྒྱུད་ལ་བདེ་བ་སྐྱེས་པ་དེས་འདི་ཉིད་མྱོང་བ་སྟེ། འདི་ལྟ་སྟེ་བདེ་བ་ལ་སོགས་པ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བའོ། །གཞན་གྱིས་ཀྱང་ཤེས་པ་གཞན་གྱིས་བདེ་བ་ལ་སོགས་པ་དེ་ཁོང་དུ་ཆུད་པའི་ཕྱིར། དེ་ཡང་ཉམས་སུ་མྱོང་བ་དང་ལྡན་པར་འགྱུར་

རོ། །དེས་བསྐྱེད་པའམ་དེར་སྣང་བའི། །བློས་རིག་གཞན་གྱིས་མ་ཡིན་ན། །ཞེས་བྱ་ནི། འོན་ཏེ་བདེ་བ་ལ་སོགས་པ་དེ་དག་ལས་སྐྱེས་པ་དང་བདེ་བ་ལ་སོགས་པར་སྣང་བའི་བློས་བདེ་བ་ལ་སོགས་པ་རིག་པ་ཡིན་ཏེ། རྒྱུད་སོ་སོ་བ་བཞིན་ནོ། །གཞན་གྱི་ཕ་རོལ་གྱིས་ནི་མ་ཡིན་ཏེ། ཕ་རོལ་

གྱི་བདེ་བ་ལ་སོགས་པ་རྣམས་ལས་སྐྱེས་པ་དང་། དེར་སྣང་བའི་བློས་རིག་པ་ནི་མ་ཡིན་ཏེ། དེའི་ཕྱིར་གཞན་གྱིས་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། དམིགས་པར་བྱེད་པ་གཞན་ལ་ཡང་། །འདི་གཉིས་གདོན་མི་ཟ་བར་ཡོད། །ཅེས་བྱ་བ་ནི། ཕ་རོལ་གྱི་བདེ་བ་ལ་

དམིགས་པའི་སྐྱེས་བུ་གཞན་ལ་ཡང་བདེ་བ་ལ་སོགས་པ་ལས་སྐྱེས་པ་དང་དེར་སྣང་བ་འདི་གཉིས་ཡོད་པ་ཡིན་ཏེ། དེའི་ཕྱིར་དེས་ཀྱང་ཉམས་སུ་མྱོང་བ་ཡིན་ནོ། །ཅི་སྟེ་དེ་ལས་སྐྱེས་མིན་ཞིང་། །དེར་སྣང་བ་ཅན་མ་ཡིན་ན། །བློ་ནི་ཡུལ་མེད་ཐོབ་པར་འགྱུར། །དེ་མི་འཛིན་ན་སྤྱི་དག་ཀྱང་། །མི་

འཛིན་ཞེས་ནི་སྔར་བཤད་དེ། །དེ་དངོས་ཅུང་ཟད་ཀྱང་དངོས་མིན། །ཞེས་བྱ་བ་ལ། འོན་ཏེ་སྐྱེས་བུ་གཞན་ཞིག་ཕ་རོལ་གྱི་བདེ་བ་ལས་བློ་མ་སྐྱེས་ཤིང་། དེ་ཕ་རོལ་གྱི་བདེ་བར་སྣང་བ་ཅན་ཡང་མ་ཡིན་གྱི། འོན་ཀྱང་རྟགས་ཀྱིས་སྟོབས་ཀྱིས་སྐྱེས་པའོ་ཞེ་ན། དེ་ལྟ་ན་འོ་ན་ནི་ཕ་རོལ་གྱི་བདེ་བ་

ཤེས་པའི་བློ་གཞན་དེ་ཡུལ་མེད་པར་འགྱུར་ཞིང་། གཞན་གྱི་བདེ་བ་མི་འཛིན་པར་ཐལ་བར་འགྱུར་རོ། །འོན་ཏེ་ཕ་རོལ་གྱི་བདེ་བ་ནི་མི་སྣང་གི། འོན་ཀྱང་བདེ་བ་ཉིད་ཀྱི་སྤྱི་སྐྱེས་བུ་གཞན་གྱིས་འཛིན་ཏེ། རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། ཕ་རོལ་གྱི་བདེ་བ་དེ་མི་འཛིན་

เล่ม ๑๘๓ · หน้า 156b

ན་དེ་ལ་གནས་པའི་སྤྱི་ཡང་མི་འཛིན་པ་ཡིན་ནོ། །ཞེས་སྔར། དེའི་མཚུངས་མིན་ཞིང་གསལ་བ་མིན། །ཞེས་བྱ་བར་བསྟན་ཟིན་ཏོ། །གཞན་ཡང་གང་གིས་རྗེས་སུ་དཔོག་པའི་ཡུལ་དུ་གྱུར་པའི་སྤྱི་དེ་ནི་དངོས་པོ་ཅུང་ཟད་ཀྱང་མ་ཡིན་ཏེ། འདི་ཡང་སྔར་བསྟན་ཟིན་ཏོ། །ཉེ་བར་བསྡུ་བར་བྱ་བའི་

ཕྱིར། །དེ་ཕྱིར་དོན་སྣང་བ་འདི་ནི། །བློ་དེ་ལས་ནི་གཞན་མ་ཡིན། །དེས་མངོན་སུམ་དང་བདག་རིགས་གྲུབ། །ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བློ་གཞན་གྱིས་ཕ་རོལ་གྱི་བདེ་བ་ཤེས་པའི་ངོ་བོ་ཉིད་དང་དོན་སྣང་བ་འདི་ནི་ཕ་རོལ་གྱི་བདེ་བ་ཤེས་པའི་བློ་དེ་ལས་གཞན་པ་མ་ཡིན་ཏེ། འོན་ཀྱང་

བདག་ཉིད་ཡིན་ནོ། །བློ་དེ་ལས་མངོན་སུམ་ཉིད་དང་། བདག་རིག་པ་དེ་དག་གྲུབ་པ་སྟེ། ཕ་རོལ་གྱི་བདེ་བར་སྣང་བ་ནི་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། རང་གི་ངོ་བོ་ཉིད་ཀྱིས་སྣང་བའི་ཕྱིར་རོ། །གལ་ཏེ་དེ་ལ་འཛིན་བྱེད་ཀྱང་། །མངོན་སུམ་ཉིད་ནི་མིན་ཞེ་ན། །ཞེས་བྱ་བ་ནི། འོ་ན་གལ་

ཏེ་གཞན་གྱིས་ཕ་རོལ་གྱི་བདེ་བ་ཤེས་ན་འོ་ན་ནི་གཞན་གྱི་བདེ་བ་དེ་མངོན་སུམ་གྱིས་མི་འཛིན་ཏེ། དེའི་ཕྱིར་དེས་ཉམས་སུ་མྱོང་བ་མ་ཡིན་ནོ། །གང་ཞིག་རང་གི་བདེ་བ་ལ་སོགས་པ་མངོན་སུམ་དུ་བྱེད་པ་དེས་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་ཞེ་ན། དེ་ལ་སྨྲས་པ། དོན་མཚུངས་དེ་དག་

ཅིས་ཐ་དད། །ཅེས་བྱ་བ་སྟེ། གང་བདེ་བ་ལ་སོགས་པ་འཛིན་པར་བྱེད་པ་དེ་ཉིད་ཉམས་སུ་མྱོང་བའི་ཤེས་པ་སྟེ། བདེ་བ་ལ་སོགས་པ་དེ་ཉིད་གཞན་གྱི་ཤེས་པ་ཡང་རིག་པ་ཡིན་ཏེ། དེའི་ཕྱིར་གང་ལ་དོན་དེ་ཡུལ་དང་མཚུངས་ལ་སྟེ་འདྲ་བ་རང་དང་གཞན་གྱི་ཤེས་པ་དག་ལ་ཡོད་པ་དེ་དག་གི་

ཐ་དད་པ་འདི་མངོན་སུམ་ཡིན་གྱི། ཤེས་པ་ཡིན་ལ་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ཅི་སྟེ། ཡོད་དེ་མེད་པ་ཉིད་ཀྱི་ཕྱིར་མངོན་སུམ་དང་ལྐོག་ཏུ་གྱུར་པ་ཉིད་ཀྱང་མཚུངས་པར་འགྱུར་ཏེ། གཟུང་བར་བྱེ་བྲག་མེད་པའི་ཕྱིར་རོ། །གལ་ཏེ་མཐོང་མེད་ལས་དོན་གཅིག། །ལྷན་སོགས་མྱོང་བར་ངེས་

ན་ནི། །གཞན་གྱིས་རྣམ་ཀུན་མི་འཛིན་ཅིང་། །མྱོང་བའི་ཐ་དད་དག་ཀྱང་གསལ། །ཞེས་བྱ་བ་ལ། འོན་ཏེ་རང་དང་གཞན་གྱི་ཤེས་པ་དག་དོན་གཅིག་པ་ཉིད་ཡིན་ན། གཅིག་ལ་དགའ་བ་དང་བདེ་བའི་རང་བཞིན་ཅན་དུ་མྱོང་བ་ཡིན་ལ། གཞན་ལ་ནི་གདུང་བ་ལ་སོགས་པའི་བདག་ཉིད་དུ་མི་

เล่ม ๑๘๓ · หน้า 157a

འགྱུར་ཏེ། སྤྱིར་བདེ་བ་ཙམ་ཞིག་ཤེས་པའོ། །ཉམས་སུ་མྱོང་བར་ངེས་པ་དེ་མ་མཐོང་བའི་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ལས་འགྱུར་རོ། །ཡང་ན་གང་ལ་དོན་གཅིག་ལ་འདུས་པའི་ཤེས་པས་བདེ་བ་ལ་སོགས་པ་མྱོང་བ་ཡོད་པ་དེ་ལ་དགའ་བ་ལ་སོགས་པ་སྐྱེའོ། །

གཞན་གྱི་ཤེས་པ་ནི་ཕ་རོལ་གྱི་བདེ་བ་དང་དོན་གཅིག་ལ་འཕྲོད་པ་འདུ་བ་མ་ཡིན་ཏེ། དེས་ན་གཞན་གྱི་བདེ་བ་མྱོང་བ་མ་ཡིན་ནོ། །སོགས་པའི་སྒྲས་ནི་དབང་ཕྱུག་ལ་སོགས་པའི་རྒྱུ་གཟུང་ངོ་ཞེ་ན། གལ་ཏེ་དེ་ལྟ་ན་མ་མཐོང་བ་ལ་སོགས་པའི་རྒྱུ་ལས་ངེས་པ་སྐྱེ་བ་དེའི་ཚེ་མ་མཐོང་བ་ལ་སོགས་

པའི་སྟོབས་ཀྱིས་རྣམ་པ་ཐམས་ཅད་དུ་རྣམ་པ་གང་གིས་ཀྱང་སྐྱེས་བུ་གཞན་གྱིས་ཕ་རོལ་གྱི་བདེ་བ་ལ་སོགས་པ་འཛིན་པ་མ་ཡིན་ནོ་ཞེས་བྱ་བར་འདིར་ཅི་སྟེ་མི་འགྱུར། འདི་ལྟར་ཆོས་ལ་སོགས་པ་ཉིད་ཀྱིས་བདེ་བ་ལ་སོགས་པ་མྱོང་བ་གཅིག་ལ་གསལ་ཞིང་གཞན་མི་གསལ་བར་རྩོམ་པ་

དེ་ལ་ཕན་ཚུན་དུ་འཇུག་པའི་ཕྱིར། ཤེས་པ་ཉིད་བདེ་བ་ལ་སོགས་པ་སྣང་བ་དང་ལྡན་པར་རིགས་སོ། །བདེ་བ་ལ་སོགས་པ་སྣང་བའི་ཤེས་པ་མྱོང་བའི་ཐ་དད་པ་གསལ་བ་དང་མི་གསལ་བའི་ངོ་བོ་ཉིད་ཁོ་བོ་ཅག་གིས་ཀྱང་། རིགས་ཞེས་བྱ་བ་ཕན་ཚུན་རྟེན། །ཞེས་བྱ་བར་གསལ་བ་ཡིན་ནོ། །

དེ་ལྟར་རེ་ཞིག་རང་རིག་པ་མ་ཡིན་པའི་ཕྱོགས་ལ་སྤྱིར་སྐྱོན་བརྗོད་ནས། ད་ནི་བྱེ་བྲག་པ་ལ་ཁྱད་པར་དུ་སྐྱོན་བརྗོད་པར་བྱ་བའི་ཕྱིར། གང་དག་རྣལ་འབྱོར་མངོན་སུམ་གྱིས། །གཞན་གྱི་བདེ་བ་ལ་སོགས་མྱོང་། །འདོད་ལ་ཉམས་མྱོང་མཚུངས་འགྱུར་བས། །དེ་དག་དེ་བཞིན་སྙོན་སྨོངས་

འགྱུར། །ཞེས་བྱ་བ་སྨོས་ཏེ། བྱེ་བྲག་པ་གང་དག་རྣལ་འབྱོར་པ་ཡོད་པ་དེ་དག་གིས་མངོན་སུམ་ཁོ་ནས་གཞན་གྱི་བདེ་བ་རིག་པར་འདོད་དེ། རྣལ་འབྱོར་དེ་དག་ཀྱང་སྙོན་སྨོངས་པ་སྟེ་སྡུག་བསྔལ་མཚུངས་པར་ཉམས་སུ་མྱོང་བར་འགྱུར་ཏེ། མངོན་སུམ་ཉིད་ཀྱིས་གཞན་གྱི་སྡུག་བསྔལ་ལ་

སོགས་པ་འཛིན་པའི་ཕྱིར་རོ། །དེ་བས་ན་ནད་པ་བཞིན་དེའི་ཚེ་རྣལ་འབྱོར་དེ་དག་ཀྱང་ནད་པར་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། །བམ་པོ་བཅོ་བརྒྱད་པ། ཅི་སྟེ། གལ་ཏེ་ཡུལ་དབང་འདུས་མེད་ཕྱིར། །དེ་དག་གི་ནི་སྡུག་བསྔལ་དང་། །དེ་ལས་འབྱུང་ཅན་སྐྱེ་མིན་ན། །

เล่ม ๑๘๓ · หน้า 157b

ཞེས་བྱ་བ་ནི། འོན་ཏེ་ཡུལ་ཏེ་འགྲོ་བ་བཟང་མོ་ལ་སོགས་པ་དང་། འདུས་པ་སྟེ་འབྲེལ་བ་དེ་མེད་པས་རྣལ་འབྱོར་པ་དེ་དག་ཡུལ་དང་དབང་པོ་འདུས་པ་དེ་ལས་འབྱུང་བ་གང་ལ་ཡོད་པའི་བདེ་བའམ་སྡུག་བསྔལ་དེ་སྐྱེ་བར་འགྱུར་བ་མ་ཡིན་ནོ། །འཁོར་བ་བ་གང་ཞིག་ཡུལ་དང་དབང་པོའི་འདུ་བ་

ཡོད་པ་དེ་ཉིད་ལ་དེ་ལས་འབྱུང་བའི་སྡུག་བསྔལ་ལ་སོགས་པ་སྐྱེ་བའི་རྣལ་འབྱོར་པ་ལ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར། སྡུག་བསྔལ་ཀུན་ནས་འབྱུང་བ་དག། །སྡུག་བསྔལ་མྱོང་མིན་འོན་ཀྱང་ནི། །སྡུག་བསྔལ་ཤེས་པ་འབྱུང་བ་ཡིན། །སྡུག་བསྔལ་ལ་སོགས་མ་མྱོང་བ། །

གདུང་དང་ཕན་འདོགས་རྒྱུ་མ་ཡིན། །ཞེས་བྱ་བ་ལ། སྡུག་བསྔལ་འབྱུང་བ་ཙམ་ནི་སྡུག་བསྔལ་ཉམས་སུ་མྱོང་བ་དང་ལྡན་པ་མ་ཡིན་ཏེ། འོ་ན་ཅི་ཡིན་ཞེ་ན། སྡུག་བསྔལ་མངོན་དུ་བྱེད་པའི་ཉམས་སུ་མྱོང་བས་གདུང་བ་ཡིན་ཏེ། འདི་ལྟར་མིའི་བུ་མོ་དག་ལ་ཕན་ཚུན་རེག་པའི་དབང་པོ་

འབྲེལ་པ་ལས་སྐྱེས་པའི་བདེ་བ་ཐུན་མོང་བ་སྤུ་ལྡང་བ་ལ་སོགས་པར་སྣང་བ་མ་ཡིན་ནམ། དེ་ཕྱིར་ཉམས་སུ་མྱོང་ན་བདེ་བར་འགྱུར་གྱི། བདེ་བ་སྐྱེས་པ་ཙམ་གྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་སྡུག་བསྔལ་ལ་སོགས་པར་རང་སྣང་བར་མ་གྱུར་ན། གདུང་བ་དང་ཕན་འདོགས་པའི་རྒྱུ་མ་

ཡིན་ནོ། །འོན་ཏེ་སངས་རྒྱས་པའི་རྣལ་འབྱོར་པས་ཀྱང་གཞན་གྱི་སྡུག་བསྔལ་རིག་པ་མ་ཡིན་ནམ། དེ་ཇི་ལྟར་གདུང་བར་མི་འགྱུར་ཞེ་ན། གང་ཚེ་བདག་ཉིད་སྡུག་བསྔལ་ན། །རང་ངོ་བོར་སྣང་གདུང་བ་ཡིན། །དེ་དམིགས་ཤེས་པ་དེ་ལྟར་མིན། །དེ་ཚེ་ཐལ་བར་འགྱུར་བ་མེད། །ཅེས་བྱ་བ་

སྨོས་ཏེ། གང་གི་ཚེ་སྡུག་བསྔལ་རང་གི་ངོ་བོ་ཉིད་ཀྱིས་ཉམས་སུ་མྱོང་བར་སྐྱེས་པར་གྱུར་པའི་བདག་ཉིད་ཀྱིས་གདུང་བ་དང་། གདུང་བ་མེད་པར་ཁས་ལེན་པ་དེའི་ཚེ་དེ་སྡུག་བསྔལ་བར་འགྱུར་གྱི་སྡུག་བསྔལ་གསུམ་ལ་དམིགས་པའི་ཤེས་པ་ཙམ་གྱིས་གདུང་བ་ནི་མ་ཡིན་གྱི། འདི་ལྟར་

ཁས་ལེན་པའི་ཚེ་རྣལ་འབྱོར་པ་གཞན་གྱི་སྡུག་བསྔལ་རིག་པ་ཡིན་ཡང་ནད་པར་ཐལ་འགྱུར་བ་ནི་མེད་དེ། འདི་ལྟར་སྐམ་ལ་གནས་པ་ཆུ་ལ་དམིགས་པ་ལ་སོགས་པ་བཞིན་བདེ་བ་ལ་སོགས་པ་ལ་དམིགས་པ་མ་ཡིན་ནོ། །ཁྱེད་ཀྱི་ལུགས་ཀྱིས་ན་སྐམ་ལ་གནས་པ་བཞིན་བདེ་བ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด