ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๕ · หน้า 1b
༄༅༅། །བཅོམ་ལྡན་འདས་ཀྱིས། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་དབྱེ། །ཞེས་གསུངས་
སོ། །དེ་ལ་རྣམ་པར་བརྟགས་པའི་རང་བཞིན་མཐའ་དག་གིས་དབེན་པ་རང་ཉིད་ཡོངས་སུ་གསལ་བ་ཡིན་ཡང་། ཁ་ཅིག་གིས་སྔོན་པོ་ལ་སོགས་པ་ནི་ཕྱི་རོལ་གྱི་དོན་ཡོན་ཏན་དང་བྱ་བ་ལ་སོགས་པའི་རང་
བཞིན་ཅན་བེམས་པོ་རྣམ་པ་མེད་པའི་ཤེས་པས་གཟུང་བར་བྱ་བ་ཉིད་དང་། བདག་དང་བདེ་བ་ལ་སོགས་པ་ཡང་མ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །གཞན་ནི་སྔོན་པོ་ལ་སོགས་པ་ཉིད་བེམས་པོ་རྡུལ་ཕྲ་རབ་འདུས་
པ་ཙམ་ཡིན་ལ། བདེ་བ་ལ་སོགས་པ་ནི་རིག་པ་ཉིད་དོ་ཞེས་སོ། །གཞན་དག་ན་ནི་སྔོན་པོ་ཤེས་པ་ཡང་བློ་ཉིད་དེ། དེའི་རྣམ་པ་ཅན་གྱི་བློས་རིག་པར་བྱ་བའི་ཕྱི་རོལ་དུ། གཞན་ཉིད་དེ་རྟག་ཏུ་ལྐོག་ཏུ་གྱུར་པ་ཡིན་
ནོ་ཞེས་སོ། །དེ་ལ་ཕྱི་རོལ་གཞན་ནི་མ་ཡིན་གྱི། འོན་ཀྱང་སྔོན་པོ་ལ་སོགས་པ་དེ་ཉིད་གཅིག་ཏུ་ཕྱི་རོལ་མ་ཡིན་ལ། གཅིག་ཏུ་ནང་ཁོ་ན་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའི་གོས་ཅན་ནོ། །ཤེས་པ་ཉིད་ཡིན་ཏེ་
เล่ม ๑๘๕ · หน้า 2a
རྟག་པ་ཁྱབ་པ་གཅིག་པུ་དང་། མ་རིག་པའི་ནུས་པ་དང་འབྲེལ་པ་ལས་མི་བདེན་པའི་རྣམ་པའི་ཚོགས་ཀྱིས་ཟིན་པ་ཡིན་ནོ་ཞེས་བྱ་བ་ནི་རིག་བྱེད་པའིའོ། །འདི་འདྲ་བ་ཉིད་མི་རྟག་པ་དང་མ་ཁྱབ་པ་དང་། དུ་མ་གསལ་
བ་ཙམ་གྱི་རང་བཞིན་དུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པ་མེད་པར་སྨྲ་བའིའོ། །སྣ་ཚོགས་གསལ་བ་ལས་མ་གཏོགས་པ་གང་ལ་དངོས་པོར་མངོན་པར་ཞེན་པའམ་རྟག་པ་དང་མི་རྟག་པ་ལ་སོགས་པའི་རང་བཞིན་དུ་དཔྱད་པར་བྱ་བ་
གསལ་བ་ཙམ་ཞེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །སྣ་ཚོགས་ཀྱང་མི་བདེན་པ་ཡིན་ནོ་ཞེས་བྱ་བ་ནི་དབུ་མ་པའི་ཁྱད་པར་རོ། །གཞན་ནི་ཕུང་པོ་ལྔ་ཡང་ཀུན་རྫོབ་ཏུ་ཡིན་ནོ་ཞེས་འདི་ནི་ཆེ་ལོང་ཇི་ལྟ་བ་བཞིན་ཉེ་བར་བཀོད་པ་ཡིན་ཏེ།
སྒྲོ་འདོགས་པ་དང་སྐུར་པ་འདེབས་པས་བསྡུས་པས་རང་གི་རང་བཞིན་མི་གསལ་བར་བྱེད་པའི་ལོག་པར་རྟོག་པའི་ནི་གྲངས་མེད་དོ། །དེ་དག་ལ་ནི་མངོན་པར་འདོད་པའི་རང་གི་དོན་འགྲུབ་པ་ཡོད་པ་མ་ཡིན་ཏེ། དེས་ན་སྒྲོ་འདོགས་པ་དང་སྐུར་པ་
འདེབས་པ་དགག་པའི་དོན་དུ་ཆོས་ཙམ་གྱིས་མདོར་བསྡུས་ཏེ། ཡོད་པ་དང་མེད་པའི་མཚན་ཉིད་ཀྱི་དབང་དུ་མཛད་ནས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་
เล่ม ๑๘๕ · หน้า 2b
དེ་ལ་ཡོད། །ཅེས་བྱ་བ་དང་། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་སོ། །ཡང་དག་པ་མ་ཡིན་པ་ནི་གཟུང་བ་དང་འཛིན་པ་གཉིས། རྗེས་ལ་སྐྱེས་པའི་རྣམ་པར་རྟོག་པའི་སྒོ་ནས་འདི་ལའམ་འདིས་ཡོངས་སུ་རྟོག་པའི་ཕྱིར་ན་ཡང་
དག་པ་མ་ཡིན་པའི་ཀུན་དུ་རྟོག་པའོ། །དེ་ཉིད་ནི་གཞན་དབང་གི་རང་བཞིན་དུ་མདོ་ལས་གསུངས་སོ། །ཡོད་ཅེས་བྱ་བ་འདི་ནི་དེ་ལ་སྐུར་པ་འདེབས་པ་བཀག་ཅིང་། ལོངས་སྤྱོད་རྫོགས་པའི་སྐྱེ་བར་འགྱུར་བའི་ཐ་སྙད་དུ་བྱ་བའི་ས་བོན་བསྟན་པ་ཡིན་ནོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་
བརྟགས་པའི་སྒྲས་ནི་ཀུན་ནས་ཉོན་མོངས་པའི་དུས་ལ་ལྟོས་ནས་སྣ་ཚོགས་སུ་སྣང་བའི་ཤེས་པ་ཉེ་བར་མཚོན་པ་ལྷུར་ལེན་པའོ། །གཞན་གྱི་དབང་དུ་ཞེས་བྱ་བའི་སྣང་བ་དེ་ལ་སྣང་བ་མ་ཡིན་པ་མུ་སྟེགས་པའི་ཚོགས་མ་ལུས་པ་དང་རང་གི་ཕྱོགས་པ་དག་གིས་གང་ཅུང་ཟད་སྒྲོ་བཏགས་པ་ནི་ཀུན་
བརྟགས་པའི་རང་བཞིན་དུ་བརྗོད་དོ། །སྒྲོ་བཏགས་པའི་ཚོགས་འདི་ཡང་གཟུང་བ་དང་འཛིན་པའི་མཚན་ཉིད་གཉིས་ཀྱིས་ཕལ་ཆེར་བསྡུས་སོ། །མདོར་བསྡུ་ན་སྒྲོ་བཏགས་པ་ནི་རྣམ་པ་གཉིས་ཏེ། ཆོས་ཅན་ལས་སམ་ཆོས་ཙམ་ལས་སོ། །དེ་ལ་རེ་ཞིག་གང་གི་ཚེ་གསལ་བ་མ་ཡིན་པ་རྫས་སུ་ཡོད་
པ་ཡན་ལག་ཅན་དང་བདག་ལ་ཐ་དད་པར་བཏགས་པ་དེའི་ཚེ་ནི་དེ་གཟུང་བ་དང་འཛིན་པའི་རང་བཞིན་ཉིད་དོ། །ཡང་གང་གི་ཚེ་སྣང་བཞིན་པ་ཉིད་ལ་གཟུང་བ་དང་འཛིན་པའི་ཆ་གཉིས་སུ་རྟོག་པ་དེའི་ཚེ་ཡང་ཉེ་བར་བསྟན་པ་དངོས་པོ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར། གཟུང་བ་དང་འཛིན་པ་ཉིད་དུ་རིག་པར་
བྱའོ། །ཡང་གང་གི་ཚེ་ཤེས་པ་དེས་གསལ་བ་མ་ཡིན་པ་ཉིད་རིག་པ་ཞེས་གནས་པ་དེའི་ཚེ་ན་གཟུང་བར་བྱ་བ་ལ། ཆོས་ཅན་དང་འཛིན་པར་བྱེད་པ་ལ་ཆོས་སུ་བརྟགས་པ་ཡིན་ནོ། །ཡང་གང་གི་ཚེ་ཤེས་པ་དེ་ཉིད་ཤེས་པ་གཞན་གྱིས་རིག་པ་ཡིན་ནོ་ཞེས་སྒྲོ་འདོགས་པ་དེའི་ཚེ་ཡང་། འཛིན་
པར་བྱེད་པའི་ཆོས་ཅན་དང་གཟུང་བར་བྱ་བའི་ཆོས་སོ་ཞེས་བྱ་བར་རོ། །མཐའ་གཅིག་མ་ཡིན་པར་སྨྲ་བ་ལ་ཡང་གཟུང་བ་དང་འཛིན་པའི་སྒྲོ་འདོགས་པ་ཡིན་པ་ཁོ་ནའོ། །དེས་ན་ཚིག་རྐང་གཉིས་པས་ནི་དེ་འགོག་པ་ཡིན་ནོ། །གཉིས་པོ་ནི་ཀུན་བརྟགས་པ་ཉེ་བར་མཚོན་པ་ལྷུར་ལེན་
เล่ม ๑๘๕ · หน้า 3a
པའོ། །དེས་ན་རྟག་པ་ལ་སོགས་པའི་ཆོས་དང་གཟུང་བ་འཛིན་པའི་རང་བཞིན་མ་ཡིན་པའི་བེམས་པོ་དང་། རང་གི་རྒྱུད་ལ་ཡོད་ཀྱང་ཉམས་སུ་མྱོང་བར་བྱ་བ་མ་ཡིན་པ་གསལ་བ་ཙམ་ལ་སོགས་པའི་ཐ་དད་ལྡན་པ་འགག་པ་འགྲུབ་པ་ཁོ་ནའོ། །གཉིས་པའི་སྒོ་ནས་
བརྟགས་པ་དེ་ཐམས་ཅད་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་ལ་ཡོད་པ་ཡིན་ནོ། །གཙོར་བྱས་པ་འདིས་ཀྱང་ཆོས་ཀྱི་སྐུ་རྣམ་པར་གནས་པའི་ས་བོན་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང་། མདོ་སྡེ་རྒྱན་ལས། སྒྱུ་མ་ཇི་ལྟར་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་བརྗོད། །སྒྱུ་མས་བྱས་པ་དེ་
བཞིན་དུ། །དེ་བཞིན་གཉིས་ནི་འཁྲུལ་པར་བརྗོད། །ཇི་ལྟར་དེ་ལ་དེ་མེད་པ། །དེ་བཞིན་དོན་དམ་ཡིན་པར་འདོད། །ཇི་ལྟར་དེ་དག་དམིགས་པ་བཞིན། །ཀུན་རྫོབ་ཀྱི་ནི་བདེན་པ་ཉིད། །ཅེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པ་ཡིན་ནོ། །གཉིས་པོ་སྟོང་པ་དེ་ཉིད་མདོ་དག་ལས་ཡོངས་སུ་གྲུབ་པའི་
རང་བཞིན་དུ་བཤད་དོ། །དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །ཆོས་ཀྱི་དབྱིངས་དང་སྟོང་ཉིད་དེ། །རྣམ་གྲངས་ཉིད་ནི་མདོར་བསྡུས་པའོ། །ཞེས་གསུངས་སོ། །གང་ཞིག་མངོན་སུམ་བྱས་པའི་མཚན་ཉིད་ཀྱི་ལོངས་
སྤྱོད་པ་ལས། མཚན་མ་ལ་སོགས་པའི་རྣམ་པའི་ཚོགས་དང་ལྡན་པ། རྣམ་པར་བྱང་བའི་རྣམ་པར་དག་པ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་དང་བྲལ་བ་ལ་སོགས་པར་བསྙད་པས་ལོངས་སྤྱོད་རྫོགས་པའི་སྐུར་བརྗོད་པ་ནི། རང་གི་དོན་ཕུན་སུམ་ཚོགས་པ་བརྗོད་དེ། མདོ་སྡེ་རྒྱན་ལས།
ལོངས་སྤྱོད་རྫོགས་པའི་སྐུ་ནི་རང་གི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཡང་ནི་དེ་ཡོད་དོ་སྙམ་ཞེས་བྱ་བ་ནི། ཆོས་ཅན་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཞེས་བྱ་བའི་འབད་པ་འདི་ནི་ཚད་མས་གནོད་པ་ཉིད་ཀྱིས་ན། འདི་ནི་མི་བདེན་པ་ཡིན་ནོ་སྙམ་པའི་
དོགས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །དེ་སྐད་དུ་ཡང་། མངོན་པར་རྟོགས་པའི་རྒྱན་ལས། བཏགས་པ་ཉིད་ཀྱི་ཆོས་བདག་མེད་པར་ཅི་ནས་ཀྱང་འགྱུར་བར་བྱ་བའི་དོན་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་
เล่ม ๑๘๕ · หน้า 3b
ན་རྣམ་པར་གྲོལ། །ཞེས་གསུངས་སོ། །ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ཀྱང་། སྟོང་པ་ཉིད་ཀྱི་དོན་གཞན་གསལ་ནས་ཚིགས་སུ་བཅད་པ་འདི་ཉིད་གསུངས་སོ། །འདིས་ནི་རྣམ་པའི་ཆས་དང་ཐམས་ཅད་ལ་མི་བདེན་པ་ཉིད་དུ་སྨྲ་བ་བསལ་བ་ཡིན་ནོ། །ལེའུའི་ཆ་འདིར་ཡང་མི་བདེན་པར་སྨྲ་
བ་རྣམ་པར་ཤེས་པ་རྣམ་པར་མེད་པར་སྨྲ་བ་དང་། རིག་བྱེད་ཀྱི་མཐའ་པར་སྨྲ་བའི་རྣམ་པར་ཤེས་པའི་བདག་ཉིད་དུ་བསྒྲུབ་པས་བསལ་བ་ཡིན་ནོ། །ཐམས་ཅད་མི་བདེན་པར་སྨྲ་བ་ནི། འདི་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་བྱ་བས་བསླངས་ནས་རང་རིག་པའི་སྟོབས་ལ་བརྟེན་པ་སྣ་
ཚོགས་གཉིས་མེད་ཀྱི་རྒྱས་འདེབས་པར་འགྱུར་རོ། །དེའི་ཕྱིར་གཉིས་ཀྱིས་སྟོང་གང་ཡིན། །དེ་ནི་དེའི་ཡང་མཚན་ཉིད་ཡིན། །ཞེས་བྱ་བ་འདིས་ནི། སྐུ་ཉེ་བར་མཚོན་པར་འགྱུར་རོ། །རྣམ་པ་དང་བཅས་པའི་ཤེས་པ་བསྒྲུབ་པའི་གཞུང་གིས་ནི་གཞན་གྱི་དབང་འཆད་པར་འགྱུར་རོ། །དང་པོ་
ལ་སོགས་པ་ལྷག་མ་ཐམས་ཅད་ཀྱིས་ནི་རང་དང་གཞན་གྱི་ཕྱོགས་པ་དག་གིས་ཀུན་དུ་བརྟགས་པའི་དངོས་པོའི་ཚོགས་མ་ལུས་པ་རང་གི་ངོ་བོ་ཉིད་ཡིན་པ་སེལ་བ་ཡིན་ནོ། །གཟུང་བ་དང་འཛིན་པའི་མཚན་ཉིད་དང་ལྡན་པ་ནི་སྤྱིར་བསལ་བ་ཙམ་ཡོད་པར་སྨྲ་བས་བསལ་བ་མ་ཡིན་པའི་གཉིས་མེད་པའི་
ཡང་བཀག་པ་ཡིན་ནོ་ཞེས་བྱ་བ་ནི། མདོར་བསྡུས་ནས་ལེའུའི་བསྡུས་པའི་དོན་ཏོ།། །།གལ་ཏེ་འདི་གསུང་རབ་ཀྱི་རྣམ་གྲོལ་ཡིན་ནོ་ཞེས་བརྗོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་རྒྱལ་ཚབ་ཀྱི་གསུང་དང་སྦྱར་ཞེ་ན། དེ་ནི་མ་ཡིན་ཏེ་གསུང་ཆེན་པོ་ལས་རིམ་པ་བཞིན་བཏུད་དེ་བརྗོད་པ་ནི་གསུང་རབ་
ཉིད་དོ། །སློབ་དཔོན་གཞན་གྱི་ངག་བཞིན་དུ། མདོ་སྡེའི་གསུང་ཡང་ཁུངས་ཙམ་དུ་ནི་བརྗོད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་དོན་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་རབ་ཏུ་དབྱེ་བ་གཞན་དུ་རྒྱས་པར་གནས་པ་དང་། ལུང་ལ་སོགས་པ་དང་འགལ་བར་སྣང་བ་སྤང་བ་དང་། དབུ་མ་དང་རྣམ་པ་མེད་པ་ཤེས་པ་
སྟོབས་ཆེ་ཆུང་ནི་མཐར་ཐུག་པ་ཇི་ཙམ་པ་དང་། ཞར་ལ་བྱུང་བ་གང་ཡིན་པ། དེ་ཐམས་ཅད་ནི་གསུང་དེ་དང་འཆད་པ་ན་གསལ་བར་འགྱུར་རོ། །སྐབས་སུ་བབ་པ་ཐམས་ཅད་ནི་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཚད་མ་ཡང་དག་པ་ཉིད་ཀྱི་བཅོམ་ལྡན་འདས། རབ་ཏུ་བསྒྲུབ་པར་གསལ་བ་ཡིན་ནོ། །འདིས་
เล่ม ๑๘๕ · หน้า 4a
སྤྲོས་པས་འཇིགས་པའི་ཕྱིར་ནང་དུ་ན། ལེའུ་གཉིས་པ་འཇུག་པ་བརྗོད་པ་ནི། དེ་ལྟར་སྤྱིའི་མཚན་ཉིད་བརྗོད་ནས་ཞེས་བྱ་བའོ། །ལེའུ་གཉིས་ཀྱིས་བརྗོད་པ་རྒྱུའི་གནས་སྐབས་གཉི་གའི་བདག་ཉིད་ཅན་ཡང་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་ཐུན་མོང་ཡིན་པའི་ཕྱིར་ན་སྤྱིའི་མཚན་
ཉིད་ཡིན་ནོ། །ད་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་འབྲས་བུའི་གནས་སྐབས་ཅན་ཐོས་པ་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་ན་ཁྱད་པར་གྱི་མཚན་ཉིད་དུ་གྱུར་པ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་། ཚད་མ་སླུ་བ་མེད་ཅན་གྱི། །ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་ཡིན་ལ།
མངོན་སུམ་རྟོགས་དང་བྲལ་བ་ཅན། །ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་གྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་དེས་ཀྱང་བཅོམ་ལྡན་འདས་ཀྱིས་འབྲས་བུའི་གནས་སྐབས་མཚན་ཉིད་དང་ལྡན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འོ་ན་ཆོས་བདག་མེད་པ་དེ་ཇི་ལྟར་རྟོགས་པར་བྱ་སྟེ། གཞལ་བྱ་རྟོགས་པ་ནི་ཚད་མ་ལ་
རག་ལས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གཞལ་བྱ་རྟོགས་པ་ཡང་སྒྲུབ་པ་དང་དགག་པས་རྣམ་པ་གཉིས་ཡིན་ཡང་རྗེས་སུ་དཔག་པས་དམིགས་པར་བྱས་པ་ཡིན་ནོ། །མངོན་སུམ་གྱི་དམིགས་པ་ཡང་མཚན་ཉིད་དང་སྤྱོད་ཡུལ་དང་འབྲས་བུ་དཔྱད་པས་མངོན་སུམ་གྱི་ལེའུ་བསྒྲུབ་པར་བྱ་བ་ཡིན་ནོ། །
དེ་ལ་གལ་ཏེ་ཚད་མ་གཞན་གྱི་དམིགས་པར་འགྱུར་ན་ཉེས་པ་ཅི་འདྲ་བ་ཞིག་ཡོད་སྙམ་ན། དང་པོར་རྣམ་འགྲེལ་ལ་འཇུག་པའི་དོན་དུ་ཞེ་ལ་གནས་པའི་སྐབས་འབྱེད་པ་ནི། མངོན་སུམ་དང་ནི་རྗེས་དཔག་དག །ཚད་མ་ཞེས་བྱ་བའོ། །རྒྱུ་བའི་ཕྱིར་བཅོམ་ལྡན་འདས་མངོན་སུམ་དང་རྗེས་སུ་དཔག་པའི་གནས་
སྐབས་ཉིད་བརྗོད་དེ། གཞན་གྱིས་ཀུན་དུ་བརྟགས་པའི་ཚད་མའི་གནས་སྐབས་སུ་ནི་མ་ཡིན་ནོ་ཞེ་ན། དང་པོར་རྣམ་འགྲེལ་ལ་འཇུག་པར་བྱ་བའི་ཕྱིར། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་གསུངས་སོ། །དག་ཅེས་བྱ་བ་ནི་རྣམ་གཉིས་ཁོ་ན་ཚད་མ་ཡིན་ཞེས་བསྟན་པའི་དོན་དུའོ། །དེ་ལྟ་མ་
ཡིན་པ་ནི། མངོན་སུམ་དང་ནི་རྗེས་དཔག་དག །ཚད་མ་ཞེས་མི་ལྡན་པའི་རྣམ་པར་ཡང་དོགས་པར་འགྱུར་རོ། །རྣམ་པ་གཉིས་སུ་ངེས་པར་གཟུང་བ་ཡང་། བརྡ་སྤྲོད་པ་བཞིན་དུ་མངོན་སུམ་དང་ལུང་གཉིས་ཁོ་ནས་གྲངས་ངེས་པར་མི་འགྱུར་བར་བྱ་བའི་དོན་དུ། མངོན་སུམ་དང་ནི་རྗེས་སུ་དཔག་གསུངས་
เล่ม ๑๘๕ · หน้า 4b
སོ། །གལ་ཏེ་ཇི་ལྟར་དེ་གཉིས་ཁོ་ན་ཚད་མ་ཡིན་སྙམ་ན། སྤྱིའི་མཚན་ཉིད་དྲན་པར་བྱེད་པ་ནི་ཚད་མ་དེ་ཡང་མི་སླུ་བའི་ཕྱིར་རོ་ཞེས་བྱ་བའོ། །མི་སླུ་བ་ནི་དོན་ལ་མི་འཁྲུལ་བའི་ཕྱིར་རོ། །དོན་ལ་མི་འཁྲུལ་པ་ཡང་དོན་ལ་སྐྱེས་པས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་གཉིས་ཁོ་ན་དེ་ལས་སྐྱེས་
པའི་ཕྱིར་ཚད་མའི་ཐ་སྙད་དུ་བྱ་བ་ཡིན་གྱི་གཞན་དུ་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །འདི་ལ་ཕྱིར་བཟློག་པ་ནི་གལ་ཏེ་ཞེས་བྱ་བའོ། །མངོན་སུམ་དང་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །འདི་ཉིད་འགྲེལ་པ་ནི་མངོན་སུམ་ཡིན་པའི་ཕྱིར་དང་ཞེས་བྱ་བའོ། །གལ་ཏེ་མི་འཁྲུལ་པ་
ཉིད་སྤོང་བ་ལ་ཚད་མ་ཡིན་པར་ལན་འདེབས་པ་ཇི་ལྟར་ཡིན་སྙམ་ན། དོན་དེ་ཁོ་ནར་ནི་འདི་གཉིས་གཅིག་ཡིན་པའི་ཕྱིར་ན་འདི་ནི་ཕན་ཚུན་ཉེ་བར་མཚོན་པ་ལྷུར་བྱེད་པ་ཡིན་ནོ། །དེ་ལྟ་ན་ཡང་གཏན་ཚིགས་འདི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། མངོན་སུམ་དང་ནི་རྗེས་སུ་དཔག་པ་དག་
ནི་ཚད་མ་ཡིན་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ། །སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་ལ་སོགས་པ་ནི་ཚད་མ་མ་ཡིན་ཏེ། སྒྲ་ལས་བྱུང་བ་ལ་སོགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ་ཐ་སྙད་སྒྲུབ་པར་འདོད་པའི་ཕྱིར་རོ། །འདི་ལྟར་མངོན་སུམ་ལ་ནི་དངོས་སུ་དོན་གྱི་
རང་བཞིན་སྣང་བའི་ཕྱིར་དང་། མེད་ན་མི་འབྱུང་བའི་རྟགས་ཀྱི་སྟོབས་ཀྱིས་བསྐྱེད་པའི་རྗེས་སུ་དཔག་པ་ལ་ནི། མི་སྣང་བར་དོན་དང་འབྲེལ་པའི་ཕྱིར་མི་སླུ་བ་བསྒྲུབ་པ་ཡིན་གྱི། སྒྲ་ལས་བྱུང་བ་ལ་སོགས་པ་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་ལ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་
གྱི། འདི་ལྟར་ཞེས་བྱ་བ་ལ་སོགས་པའི་གྲུབ་པའི་མཐའོ། །གཞལ་བྱ་ཡོད་ན་འཁྲུལ་པ་མེད་པས་བསམ་པར་བྱ་བ་ཡང་ཡིན་ཏེ། རི་བོང་གི་རྭ་ལ་ནི་གཞལ་བྱ་ལ་མི་འཁྲུལ་པ་བསམ་པའི་སྐབས་ཡོད་པ་མ་ཡིན་ནོ། །གང་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་གྱིས་སོ། །འོ་ན་ནི་
གཞལ་བྱ་གཉིས་པོ་གཉིས་ལ། རེས་འགའ་ནི་མངོན་སུམ་མམ་རྗེས་སུ་དཔག་པའམ། རེས་འགའ་ནི་དེ་སྐྱེ་བའི་ཚོགས་པ་དང་བྲལ་བ་ན་ཚད་མ་གཞན་དུ་འཇུག་པར་འགྱུར་རོ་སྙམ་ན། རང་གི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པའོ། །དོན་འདི་ཡིན་ཏེ། མངོན་སུམ་གྱི་དོན་ནི་རེ་ཞིག་རང་ཉིད་ཤེས་པ་
เล่ม ๑๘๕ · หน้า 5a
ལ་གསལ་བཞིན་པ་ལ་བརྗོད་དོ། །གང་ལ་དེ་ལྟར་གསལ་བ་དེ་ཉིད་ནི་མངོན་སུམ་ཡིན་ནོ། །རང་གི་ངོ་བོས་མི་གསལ་བ་ནི་གལ་ཏེ་མེད་ན་ནི་མི་འབྱུང་བའི་སྒོ་ནས་ཀྱང་མི་རྟོག་ན་ནི་མི་རྟོག་པ་ཁོ་ནར་འགྱུར་རོ། །མེད་ན་མི་འབྱུང་བ་མ་ཡིན་པ་ལས་ཀྱང་རྟོག་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །
དེས་ན་མེད་ན་མི་འབྱུང་བའི་དོན་མཐོང་བ་ལས་མེད་ན་མི་འབྱུང་བ་ཉིད་རྟོགས་པས་འགའ་ཞིག་ཏུ་ལྐོག་ཏུ་གྱུར་པ་འགའ་ཞིག་རྟོགས་པ་ཡིན་ལ། དེ་ཉིད་ནི་རྗེས་སུ་དཔག་པ་ཡིན་ནོ། །དེས་ན་གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པར་བྱ་བ་ལས་དོན་གཞན་ཡོད་པར་བསྙོན་པར་བྱ་བ་མ་ཡིན་པར་ལྟ་ཡང་ཚད་
མའི་ཡུལ་མ་ཡིན་ཏེ། དེས་ན་དེ་འདྲ་བ་ཉིད་ནི་ཐེ་ཚོམ་ཟ་བ་མ་ཡིན་ནོ། །དེས་ན་གཞལ་བྱ་མེད་ཅེས་བརྗོད་ཀྱི། དོན་གཞན་མེད་དོ་ཞེས་ནི་མི་བརྗོད་དོ། །དེ་ལ་ཡང་ཇི་སྲིད་མ་ཤེས་པ་དེ་སྲིད་དུ་ནི་ཐེ་ཚོམ་ཁོ་ནའོ། །འདི་ཡང་མདུན་དུ་རྒྱས་པར་འཆད་པར་འགྱུར་རོ། །འདི་ཉིད་ཅེས་བྱ་བ་ནི་ཁོ་བོ་ཅག་
གིས་མདོར་བསྡུས་ཏེ་བཤད་པ་ཉིད་དོ། །རིག་པར་བྱེད་པའི་ཚད་མ་གཉིས་ཏེ་ཡུལ་གཞལ་བྱ་གཉིས་ཕྱིར་རོ། །ཅི་ལྟར་གཉིས་ཡིན་ཞེ་ན། ཤེས་པའི་མཚན་ཉིད་ཀྱི་དོན་བྱེད་པར་དངོས་སུ་ནུས་པ་སྟེ། གསལ་བར་སྣང་བ་གང་ཡིན་པ་དང་། གཞན་བརྒྱུད་པས་ནུས་པ་ཉིད་ནི་མི་ནུས་པ་སྟེ། དཔེར་ན་རྗེས་
སུ་དཔག་པ་ལ་ལྟོས་ནས་ཡིན་པ་བཞིན་ནོ། །འདི་ཉིད་ནི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དོ་ཞེས་རིམ་གྱིས་འཆད་པར་འགྱུར་རོ། །འདིས་ནི་ཕུང་པོ་གཞན་མེད་པར་བསྟན་ཏོ། །དེས་ན་ཚད་མ་གཞན་གྱི་ནི་སྐབས་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །གལ་ཏེ་གསལ་བར་སྣང་བ་རང་གི་
མཚན་ཉིད་ཡིན་ན། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ཡང་རང་གི་མཚན་ཉིད་དུ་ཐལ་བར་འགྱུར་རོ་སྙམ་ན་བཤད་པ། སྐྲ་ཤད་ལ་སོགས་དོན་མེད་དོ། །རང་གི་མཚན་ཉིད་མ་ཡིན་ཏེ། །ཐ་སྙད་དུ་ནི་བྱེད་པ་རྣམས་དོན་དུ་མོས་པ་མེད་པའི་ཕྱིར་རོ། །མངོན་སུམ་དང་ཞེས་བྱ་བ་ལ་སོགས་པ་ནི་
རྣམ་པར་འགྲེལ་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་མངོན་སུམ་དང་རྗེས་སུ་དཔག་པའི་ཁྱད་པར་མེད་པ་ནིའོ། །སྟོན་པར་འགྱུར་རོ་ཞེས་བྱ་བ་ནི། དེ་ནི་རང་གཞན་ངོ་བོ་ཡིས། །ཞེས་བྱ་བའི་ནང་དུའོ། །དེ་ལ་འདི་སྙམ་དུ་གཞལ་བྱ་གཉིས་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། གཞི་དང་འབྲེལ་པར་མ་གྲུབ་
เล่ม ๑๘๕ · หน้า 5b
པ་ཡིན་ཏེ། བསྒྲུབ་པར་བྱ་བ་ནི་ཚད་མ་གཉིས་སུ་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལས་གཞན་གཞལ་བྱ་གཉིས་ནི་གཏན་ཚིགས་ཡིན་པའི་ཕྱིར་རོ་སྙམ་ན། བཤད་པ་མངོན་སུམ་ཉིད་རྗེས་སུ་དཔག་པར་བྱ་བའི་རྣམ་པ་ལས་གཞན་པའི་རྟོག་པ་ཡོད་པ་མ་ཡིན་ཏེ། རྒྱུ་དེའི་ཕྱིར་ན་གཞལ་བྱ་གཉིས་པོ་དེ་ལས་
གཞན་པའི་ཚད་མར་མངོན་པར་འདོད་པ་མཆོག་ཏུ་གྱུར་པ་ཡོད་པ་མ་ཡིན་ཏེ། ཚད་མ་ལ་སྟོན་པ་གཞན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་རྣམ་པར་འགྲེལ་པ་ནི་མངོན་སུམ་དང་ཞེས་བྱ་བ་ལ་སོགས་པའོ། །བསམ་པ་ནི་འདི་ཡིན་ཏེ། གཞལ་བྱ་ལ་གནས་པའི་ཆོས་ཉིད་བཟུང་ནས་གཏན་ཚིགས་
སུ་ལེན་པ་མ་ཡིན་གྱི། འོན་ཀྱང་མངོན་སུམ་གྱི་རྣམ་པའམ། རྗེས་སུ་དཔག་པར་བྱ་བའི་རྣམ་པར་རྟོག་པར་འཇུག་པ་ཤེས་པ་ལ་གནས་པར་ཆོས་གང་ཡིན་པའོ། །དེས་ནི་འཛིན་པ་ཁྱབ་པ་ཡིན་ནོ། །དེས་ན་ཚད་མ་གཞན་དུ་ག་ལ་འགྱུར་སྙམ་དུ་དགོངས་པའོ། །གལ་ཏེ་དེ་ལྟ་ན་ཡང་འདི་ཉམས་སུ་
མྱོང་བ་དང་འགལ་བ་མ་ཡིན་ནམ་དོན་འགའ་ཞིག་ཀྱང་མངོན་སུམ་ལ་འབའ་ཞིག་གམ། རྗེས་སུ་དཔག་པར་བྱ་བ་ཁོ་ན་ཡིན་པར་ནི་མཐོང་བ་མེད་དོ་སྙམ་ན། ཡུལ་གཅིག་ཉིད་ཀྱང་ཞེས་གསུངས་སོ། །མངོན་སུམ་ལ་སོགས་པ་རང་བཞིན་གྱི་ཡུལ་ཐ་དད་པ་ནི་མ་ཡིན་གྱི་འོན་ཀྱང་གཅིག་ཉིད་རེས་འགའ་ནི་
དངོས་སུ་སྣང་བ་ཡིན་ལ། རེས་འགའ་ནི་རྣམ་པ་གཞན་དུ་ཡིན་ཏེ། དེས་ན་ཉམས་སུ་མྱོང་བས་གྲུབ་པས་རྟོག་པའི་ཚུལ་ཐ་དད་པར་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་འདི་རྟོག་པའི་དབྱེ་བ་ཁོ་ནར་འགྱུར་མོད། ཡུལ་གྱི་དབྱེ་བར་རྣམ་པར་གཞག་པར་གོ་ཇི་ལྟར་བྱེད་སྙམ་ན། རྟོག་
པའི་དབྱེ་བ་ཡང་ཞེས་གསུངས་སོ། །གལ་ཏེ་ཡུལ་གྱི་དབྱེ་བ་བརྗོད་པར་རྩོམ་པ་མ་ཡིན་ནམ། ཚད་མའི་དབྱེ་བ་ཉེ་བར་བསྟན་པ་ཡང་ཚད་མའི་དབྱེ་བར་གྲུབ་པའི་དོན་དུ་ཡིན་ན། གལ་ཏེ་དེ་ན་གྲུབ་པར་ཡང་ཚད་མའི་དབྱེ་བ་གྲུབ་ན་ནི་གཞལ་བྱའི་དབྱེ་བ་ལ་སྟོན་པ་དོན་མེད་པར་འགྱུར་ལ། ཕན་ཚུན་དོན་
མེད་ཉེས་པས་འགྱུར་རོ་སྙམ་ན། དེ་ཉིད་ནི་ཞེས་གསུངས་སོ། །ཚད་མའི་དབྱེ་བ་ཉིད་ཡུལ་གྱི་དབྱེ་བ་ཡིན་པའི་ཕྱིར་རྩོད་པའི་དང་པོ་མེད་དོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ནི་བདེན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དོན་ནི་འདི་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཞན་ཐ་དད་པ་གཞན་གྱིའོ། །
เล่ม ๑๘๕ · หน้า 6a
གཞན་ཐ་དད་པས་ཁྱབ་པ་ནི་མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ། །ཤེས་པ་དང་ཤེས་བྱ་དག་ནི་མ་འབྲེལ་པ་མ་ཡིན་ནོ། །གཅིག་ཐ་དད་པ་ན་གཞན་ཐ་དད་པར་སྒྲུབ་པར་བྱེད་པའི་འབྲེལ་པ་དེ་ཉིད་སྟོན་པ་ནི་ཤེས་པ་དང་ཤེས་བྱ་དག་ནི་ཞེས་བྱ་བའོ། །ངེས་པ་ཞེས་བྱ་བ་ནི་དེ་ཁོ་ན་ལྟར་
ཡིན་ནོ་ཞེས་བྱ་བར་མོས་པའོ། །འདི་ག་ལས་ཡིན་སྙམ་ན་ཤེས་པ་གཞན་ལས་ཞེས་བྱ་བའོ། །གང་ལའང་ངོ་བོ་སྣང་གི་མེད་པའི་དོན་གཞན་ཉིད་དུ་སྟེ་སྤྱིའི་རྣམ་པ་ཅན་ལྐོག་ཏུ་གྱུར་པ་ཉིད་དུ་ཤེས་པར་བྱེད་དོ། །དེས་ན་ཤེས་པའི་ཚུལ་ཐ་དད་པ་ལས་ཡུལ་ཐ་དད་པ་རྣམ་པར་གཞག་གོ་ཞེས་རིགས་ཏེ།
བེམས་པོའི་བདག་ཉིད་ཅན་དོན་གྱི་རྣམ་པར་གཞག་པ་ནི་དེ་ལ་རག་ལས་པའི་ཕྱིར་རོ། །འདིས་ནི་མངོན་སུམ་ཚད་མ་གཉིས་གྲུབ་པར་བརྗོད་པ་ཡིན་ནོ། །འོན་ཀྱང་དོན་རྟོགས་པ་ཇི་སྙེད་པ་དེ་སྙེད་ནི་རྣམ་པ་གཉིས་ཀྱིས་ཡིན་ཏེ། མངོན་སུམ་སྣང་བ་དང་སྤྱིའི་རྣམ་པའོ། །ཚད་མ་འདི་ཇི་སྙེད་པ་དང་ཅི་འདྲ་བ་ཞིག་
ཡིན་པ་མ་ཡིན་ཏེ། དེས་ནི་འདི་ནི་གཞལ་བྱ་གཉིས་ཀྱིས་རྣམ་པར་གཞག་པ་ཡིན་ཏེ། དེ་གྲུབ་པ་ན་ཡང་གང་ཞིག་དངོས་སུ་བྱེད་པས་ཤེས་པ་དེ་ནི་མངོན་སུམ་ཉིད་ལ་ཡིན་ལ། གཞན་ནི་རྗེས་སུ་དཔག་པ་ཉིད་ཡིན་ནོ། །དེས་ན་ཚད་མ་ཡང་རྣམ་པ་གཉིས་ཡིན་པར་ཐ་སྙད་གྲུབ་པ་ཡིན་ནོ། །དེ་ན་མཐའ་
ཡོངས་སུ་དགག་པ་ལ་ལྟོས་ནས་ཚད་མའི་དབྱེ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཕྱིས་ཀྱི་རྩོམ་པ་ལ་ལྟོས་ཏེ་དེ་ནི་ཤེས་པ་ལ་རག་ལས་པ་ཡིན་ཏེ། དེས་རྩད་གཅོད་པ་གཉིས་པ་ཡང་མེད་དོ། །ཕན་ཚུན་བསྟན་པ་ཡང་མ་ཡིན་ཏེ། ཚད་མ་གཉིས་དང་པོར་གྲུབ་པར་བརྗོད་པར་མི་འདོད་པའི་ཕྱིར་རོ། །
ཤེས་བྱའི་དོན་རྣམས་ལ་གཉིས་ཞེས་བྱ་བ་ཙམ་གྱིས་ཡུལ་རྣམ་པ་གཉིས་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཤེས་བྱའི་དོན་རྣམ་པ་གཉིས་ཞེས་བྱ་བ་ཙམ་གྱིས་ཚད་མ་གཉིས་སུ་བརྗོད་པར་བྱའི་དེའི་སྒོ་ནས་ཡུལ་རྣམ་པ་གཉིས་ཡིན་ཞིང་དེ་ལས་ཀྱང་ཚད་མ་རྣམ་པ་གཉིས་ཡིན་ནོ་ཞེས་བྱ་བའི་བརྒྱུད་པ་
ལ་དོན་ཅི་ཡོད་སྙམ་ན། བདེན་ཏེ་ཡུལ་གྱི་དབྱེ་བ་མ་བསྟན་ན་ནི་དེ་ཉིད་རྣམ་པ་གཉིས་ཀྱིས་རིག་པར་བྱ་བ་ཡིན་པའི་ཕྱིར་ཚད་མ་གཅིག་ཉིད་དུ་འཛིན་པར་འགྱུར་རོ། །མིག་གཉིས་ཀྱིས་འཛིན་པ་བཞིན་ནོ། །འོན་ཏེ་མིག་གཉིས་ཀྱིས་བཟུང་བ་དང་ཆོས་མི་མཐུན་པར་གཅིག་ཉིད་རྣམ་པ་གཞན་དུ་སྣང་བའི་ཕྱིར་
เล่ม ๑๘๕ · หน้า 6b
ན་ཚད་མ་ཐ་དད་པ་ཡིན་ནོ་སྙམ་ན། དེ་ལྟ་ན་ནི་འོ་ན་སྣང་བཞིན་པ་ཡུལ་གྱི་རྣམ་པ་ཐ་དད་པའི་ཕྱིར་ཚད་མ་ཐ་དད་པ་ཡིན་པའི་ཕྱིར་ན། ཚད་མའི་དབྱེ་བ་ནི་ཡུལ་གྱི་དབྱེ་བ་ཉིད་ཀྱིས་བྱ་བར་འགྱུར་བ་ཡིན་ནོ་སྙམ་དུ་དགོངས་པའོ། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་བྱ་བ་བཤད་པའི་ཕྱིར་གང་གི་ཚེ་
ཞེས་པ་བསྐྱེད་པ་ལ་ཞེས་གསུངས་སོ། །གང་གིས་དོན་བྱེད་པ་ལ་ཞེས་སྤྱིར་བསྟན་པ་ཁྱད་པར་འདི་ཡང་ག་ལས་ཡིན་ཏེ། འདི་སྐད་དུ་འགྲེལ་པ་བྱེད་པས་རྣམ་པ་གང་ཞིག་གིས་དོན་བྱ་བས་འགའ་ཞིག་ལ་ནུས་པ་དེ་ནི་རང་གི་མཚན་ཉིད་ལ། ནུས་པ་ཐམས་ཅད་དང་བྲལ་བ་ནི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་
བཤད་པ་ཡིན་ནོ། །དེ་ཉིད་ནི་རིགས་པར་ཡང་མཐོང་ངོ་སྙམ་ན། འདི་བཟློག་པའི་ཕྱིར་ན་མ་ཡིན་པར་འཇུག་པས་ཞེས་གསུངས་སོ། །འདི་ལ་བསམ་པ་ནི་གང་གི་ཕྱིར་ཚད་མའི་ཡུལ་དཔྱད་པའི་སྐབས་ཡིན་ལ། ཚད་མ་ཡང་དོན་བྱ་བའི་ཡུལ་ཅན་ཉིད་དཔྱད་པར་བྱ་བ་ཡིན་ཏེ། དོན་བྱེད་ནུས་པ་མ་
ཡིན་ལ། །དེ་འདོད་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་མས་ནི་བརྟགས་ཅི་ཕན། །ཞེས་གསུངས་པའི་ཕྱིར་རོ། །མི་དམིགས་པ་ཡང་རང་བཞིན་གྱི་གཏན་ཚིགས་ཀྱི་རྣམ་པ་ཉིད་ཡིན་པས་དངོས་པོའི་ཡུལ་ཅན་ལས་འདས་པ་མ་ཡིན་ནོ། །དེ་ལ་རང་
གི་མཚན་ཉིད་ཀྱི་ཡུལ་མངོན་སུམ་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་དགོངས་ནས་ཡུལ་གཉིས་རྣམ་པར་གཞག་པ་ཡིན་ནོ། །གལ་ཏེ་སྤྱིའི་མཚན་ཉིད་དོན་བྱེད་ནུས་པ་མ་ཡིན་ན། དེའི་ཚེ་རྗེས་སུ་དཔག་པ་ཚད་མ་ལས་ཉམས་པ་ཉིད་དུ་འགྱུར་རོ། །ལྷག་པར་ཞེན་པའི་ཡུལ་
ལ་ལྟོས་ནས་ཚད་མ་ཡིན་གྱི། གཟུང་བའི་ཡུལ་ལ་ལྟོས་ནས་ནི་མ་ཡིན་ནོ། །འོན་ཏེ་དེའི་ཡུལ་ཅན་ཚད་མ་འགག་པ་ཡོད་པ་མ་ཡིན་མོད། དེ་ལྟ་ན་ཡང་སྤྱིའི་མཚན་ཉིད་བརྗོད་པ་ཡིན་ན། དེ་ལྟ་ན་ཡང་སྐབས་མ་ཡིན་པ་བརྗོད་པ་ཉིད་ཉེས་པ་ཡིན་ནོ། །གཞན་ཡང་གལ་ཏེ་དོན་བྱ་བ་མི་ནུས་པ་ཉིད་
སྤྱིའི་མཚན་ཉིད་ཡིན་པར་བརྗོད་ན། དེའི་ཚེ་སྐྲ་ལ་སོགས་པ་ཡང་སྤྱིའི་འགྱུར་རོ། །གསལ་བར་སྣང་བ་དང་འགར་ཡང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ན་སྤྱིའི་ནང་དུ་འདུ་བ་མ་ཡིན་ནོ་སྙམ་ན། དེ་ལྟ་ན་ཡང་ཁྱད་པར་གཞན་ལ་ལྟོས་ནས་མཚན་ཉིད་ཡིན་པར་ཉེ་བ་ཆེན་པོ་ཡིན་ནོ། །དེས་ན་ཡུལ་གསུམ་
เล่ม ๑๘๕ · หน้า 7a
པར་དོགས་པ་ན། སྐྲ་ཤད་ལ་སོགས་པ་དོན་མིན་ཏེ་ཞེས་བྱ་བས་འཇུག་པར་བྱེད་པ་ཡང་མི་འཐད་དེ། སྤྱི་ཉིད་ཀྱི་ནང་དུ་འདུ་བའི་ཕྱིར་རོ། །དེ་བས་ན་ཤེས་པའི་སྣང་བའི་དབྱེ་བས་ཡུལ་རྣམ་པ་གཉིས་སུ་བརྗོད་པའི་སྐབས་ཡིན་ཏེ། དེས་ན་སྐབས་ལས་སམ་ཉེ་བ་ལས་བརྒྱུད་ནས་ཤེས་པ་
སྐྱེད་པར་ནུས་པ་ཉིད་དོན་བྱེད་མི་ནུས་པར་བརྗོད་པ་ཡིན་ནོ། །གཞུང་ནི་རྟོགས་པར་སླ་བ་ཉིད་དོ། །གལ་ཏེ་གསལ་བར་སྣང་བ་དག་གིས་དངོས་སམ་བརྒྱུད་པས་ནུས་པ་ཉིད་དུ་རྣམ་པར་གཞག་ན་སྒྲ་ལ་སོགས་པར་སྣང་བ་དང་། སྒྲ་ལས་བྱུང་བ་ཡང་སོགས་པའི་སྣང་བ་ཡང་དེ་ལྟར་ཐལ་བར་འགྱུར་ཏེ། གོ་རིམས་
བཞིན་དུ་གསལ་བ་དང་མི་གསལ་བ་དག་ཡོད་པའི་ཕྱིར་རོ། །དེས་ན་དེའི་ཡུལ་ཅན་གྱི་ཤེས་པ་ཚད་མར་ཐལ་བར་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས་རབ་རིབ་ཅན་གྱིས་ཞེས་གསུངས་སོ། །དོན་འདི་ཡིན་པ་ཡང་སྟེ་གང་དང་གང་དུ་གསལ་བ་དང་མི་གསལ་བར་སྣང་བ་ཡོད་པ་དེ་དང་དེར་དེ་ལྷག་པར་ཞེས་བྱས་པ་
དངོས་སམ་བརྒྱུད་པས་ནུས་པ་ནི་མ་ཡིན་གྱི། འོན་ཀྱང་གང་ལ་དོན་བྱ་བར་ནུས་པ་ཡོད་པ་དེར། དངོས་སམ་བརྒྱུད་པས་ཡིན་ཏེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །གང་དུ་དངོས་སུ་ནུས་པ་དེར་ནི་གསལ་བར་སྣང་བ་ཡིན་ལ། གང་དུ་བརྒྱུད་ནས་ནུས་པ་ཡོད་པ་དེར་ནི་གསལ་བར་སྣང་བ་ཡིན་ནོ། །དེས་ན་
གང་གིས་དེའི་ཡུལ་ཅན་ཚད་མར་འགྱུར་བ། སྐྲ་ལ་སོགས་པ་ནུས་པར་ཇི་ལྟར་ཐལ། རབ་རིབ་ཅན་གྱིས་དམིགས་པ་ཞེས་བྱ་བ་ནི་དམིགས་པ་ཉིད་དུ་ལྷག་པར་ཞེན་པའོ། །དེ་བཞིན་དུ་སྐྲ་ལས་བྱུང་བ་ལ་སོགས་པས་དམིགས་པ་ལ་ཡང་དོན་ཉིད་ཡོད་པ་མ་ཡིན་ཏེ། གཉི་ག་ལྟར་ཡང་ནུས་པ་མ་གཏོགས་པའི་
ཕྱིར་རོ། །ཅིའི་ཕྱིར་ཞེ་ན་དོན་དུ་མོས་པའི་ཕྱིར་རོ། །ཇི་ལྟར་བདེན་པའི་སྐྲ་ལ་སོགས་པའི་སྣང་བའི་ཤེས་པའམ། མེ་ལ་སོགས་པའི་རྗེས་སུ་དཔག་པ་ལ་སྣང་བ་ལས་བླ་ལྷག་ཏུ་གྱུར་པ། འཆིང་བ་དང་བུད་ཤིང་བསྲེགས་པ་ལ་སོགས་དོན་བྱ་བ་བྱེད་པའི་སྟོབས་ཀྱིས་ལོགས་ཤིག་ཏུ་དོན་དུ་མོས་པས་དེས་ན་སྣང་
བ་འདི་ནི་དེས་བྱས་པ་ཡིན་ནོ་ཞེས་རྣམ་པར་འཇོག་པ་དེ་བཞིན་དུ་འདིར་ནི་རྣམ་པར་གཞག་པར་མི་ནུས་ཏེ། བྱེད་པ་ཐ་དད་པ་མེད་པའི་ཕྱིར་དང་། སྒྲ་ལས་བྱུང་བ་ལ་སོགས་པར་ནི་ངེས་པ་མེད་པའི་ཕྱིར་རོ། །མོས་པའི་སྒྲས་ནི་འདི་སྐད་དུ་བརྗོད་པ་ཡིན་ཏེ། ཡོད་པར་མངོན་པར་འདོད་ཀྱང་དེ་ནི་མོས་པ་ཙམ་
เล่ม ๑๘๕ · หน้า 7b
དུ་ཟད་པ་ཡིན་ལ། སྐྲ་ལ་སོགས་པ་ལ་ནི་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་ལ་ཡང་གཏན་ཚིགས་བཤད་པ་ནི་མོས་པ་མེད་པ་ཡང་ཞེས་བྱ་བའོ། །འདི་ཡང་ལྷག་པར་ཞེན་པར་བྱ་བའི་ཡུལ་ལ་ལྟོས་པ་ཁོ་ནས་སྦྱར་བ་ཡིན་ནོ། །ཡང་གང་གི་ཚེ་འབྲེལ་པ་བྱེད་པའི་དབང་གིས། སྣང་བཞིན་
པ་ཉིད་ལ་དཔྱད་པ་འདི་ཡིན་པ་དེའི་སྐྲ་ལ་སོགས་པ་དང་སྒྲ་ལས་བྱུང་བ་ལ་སོགས་པའི་སྣང་བ་དོན་མིན་ཏེ། དངོས་པོ་མ་ཡིན་ཏེ། དེར་སྣང་བའི་ཤེས་པ་ལ་རྣམ་པ་གཉིས་ཀ་ལྟར་ཡང་ནུས་པ་རྟོགས་པ་མེད་པའི་ཕྱིར་ཏེ། ཐ་མི་དད་པ་ཉིད་ཀྱི་ཕྱིར་ཏེ། རང་གི་བདག་ཉིད་ལ་ནུས་པ་ཡོད་པ་ནི་འགའ་ལའང་
མི་སྲིད་དོ། །དེ་ལྟ་ན་ཡང་ཅིའི་ཕྱིར་དངོས་པོ་མ་ཡིན་ཏེ། ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རོ་ཞེ་ན། དེ་ནི་མ་གྲུབ་བོ། །བདག་གིས་སྒྲ་ལ་སོགས་པ་དམིགས་སོ་སྙམ་དུ་ལྷག་པར་ཞེན་པ་དང་། དེས་བྱས་པ་འཇུག་པ་ངེས་པ་ལ་སོགས་པ་ལ་གོ་རིམས་བཞིན་དུ་དངོས་དང་བརྒྱུད་པས་ནུས་པ་གྲུབ་
པའི་ཕྱིར་རོ། །དེ་ལ་ནི་ལྷག་པར་ཞེན་པར་བྱས་པའི་འཆིང་བའི་ནུས་པ་ཉིད་མེད་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་དེའི་འབྲས་བུ་ལ་དེའི་ནུས་པ་མེད་པ་ནི་མ་ཡིན་ནོ། །དེས་ཇི་ལྟར་དངོས་པོ་མ་ཡིན་སྙམ་དུ་དོགས་ན། དོན་དུ་མོས་པ་མེད་པའི་ཕྱིར་ཏེ་ཞེས་གསུངས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། དེ་ཁོ་
ནར་ནི་དོན་མེད་པ་མ་ཡིན་མོད་ཀྱི་ཐ་དད་པ་རྣམས་ལྷག་པར་མོས་པ་མེད་པས་ནི་དོན་མ་ཡིན་པར་བརྗོད་པ་ཡིན་ནོ། །དེའི་དོན་བྱ་བ་དོན་དུ་གཉེར་བ་དེ་དག་ནི་དེ་ལ་འཇུག་པར་བྱ་བའི་དོན་དུ། དེར་ལྷག་པར་ཞེན་པ་ལ་ཡང་ལྟོས་པ་ཡིན་ནོ། །མངོན་པར་འདོད་པའི་དོན་བྱ་བ་མེད་ན་ནི་ལྷག་པར་ཞེན་པས་ཀྱང་དོགས་པ་ཅུང་
ཟད་མེད་དོ། །དེས་ན་དོན་མེད་པ་ཉིད་དུ་ལྷག་པར་མོས་པ་ཡིན་ནོ། །འདིས་ནི་གང་འགའ་ཞིག་ཏུ་དོན་མེད་པ་སྣང་བར་བརྗོད་པ་དེར་ནི་འཇིག་རྟེན་གྱི་ངོར་ཡིན་གྱི། དེ་ཁོ་ནས་ནི་མ་ཡིན་ནོ་ཞེས་བྱ་བའོ། །འོ་ན་ཐ་སྙད་བྱེད་པ་པོ་རྣམས་ཀྱང་དོན་མེད་པར་མོས་པར་ཇི་ལྟར་འགྱུར་ཏེ། མཐོང་བ་དང་ལྷག་པར་ཞེན་
པ་དང་འཇུག་པ་རྣམས་ནི་དེ་ལ་ཡང་ཡོད་པའི་ཕྱིར་རོ་སྙམ་ན། མོས་པ་མེད་པ་ཡང་ཞེས་གསུངས་སོ། །ཡང་ན་སྣང་བའི་རྣམ་པ་ལ་ཡང་དེ་ཁོ་ནར་དོན་མེད་པ་ཡང་མ་ཡིན་པ་ཅི་སྟེ་མེད་སྙམ་ན། མོས་པ་མེད་པ་ཡང་ཞེས་གསུངས་སོ། །སྣང་བ་ལ་ནི་གནོད་པར་བྱེད་པ་ཡོད་པ་མ་ཡིན་ནོ་སྙམ་དུ་དོགས་པའོ། །གནོད་
เล่ม ๑๘๕ · หน้า 8a
བྱེད་ནི་རྗེས་སུ་དཔག་པ་ལས་གཞན་མེད་པ་ལ། སྣང་བའི་རང་བཞིན་ནི་རང་རིག་པའི་མངོན་སུམ་དུ་འདུས་པའི་ཕྱིར་གནོད་པ་འགའ་ཡང་མེད་དོ། །གང་གི་ཚེ་དོན་གྱི་སྒྲ་ཡུལ་གྱི་དོན་ལ་འཇུག་པ་དེའི་ཚེ། ཐ་སྙད་འདོགས་པ་པོ་རྣམས་ཡུལ་ཉིད་དུ་ལྷག་པར་མོས་པ་མེད་དོ་ཞེས་བྱ་བའི་དོན་
ཏོ། །དེ་ལ་གལ་ཏེ་ཡུལ་ཙམ་ཞིག་བརྗོད་པར་འདོད་ན་དེའི་ཚེ་ནི་དེ་མོས་པ་གྲུབ་པ་ཁོ་ན་སྟེ། བདག་ལ་སྐྲ་ལ་སོགས་པ་སྣང་ངོ་ཞེས་མོས་པ་ཡོད་པའི་ཕྱིར་རོ། །བརྫུན་པའི་ཁྱད་པར་ཅན་དུ་ངེས་ཀྱང་དེའི་ཡུལ་ཙམ་ཞིག་སྙམ་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཁྱད་པར་ཅན་གྱི་ཡུལ་ཉིད་ནི་བདེན་པའི་ཁྱད་པར་ཅན་དུ་བརྗོད་པར་
བྱ་བ་ཡིན་པའི་ཕྱིར། བདེན་པ་ཉིད་ལ་རྒལ་བ་དང་། ལན་གདབ་པར་རིགས་པ་ཡིན་ནོ། །དེས་དེ་ལྟར་དངོས་སམ་བརྒྱུད་པས་ནུས་པ་ཐ་དད་པ་ན་ཡུལ་རྣམ་པ་གཉིས་སུ་རྣམ་པར་གཞག་ནས། གཞན་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པའི་ཕྱིར་བརྗོད་པ་ནི། འདི་ལས་ཀྱང་ཞེས་བྱ་བའོ། །གང་ཞིག་དཔེ་དང་
འདྲ་བའི་ངོ་བོ་ཉིད་དུ་རྟོགས་པ་དེ་ལ་ནི་སྤྱིའི་མཚན་ཉིད་ཡིན་ལ། གང་ཞིག་ཐམས་ཅད་ལས་ལྡོག་པ་ཉིད་དུ་རྟོགས་པ་དེ་ནི་རང་གི་མཚན་ཉིད་ཡིན་ནོ། །དེ་བཞིན་དུ་གང་ཞིག་སྒྲའི་ཡུལ་ཉིད་དུ་རྟོགས་པ་ད་ནི་སྤྱི་ཡིན་ལ། གཞན་ནི་རང་གི་མཚན་ཉིད་ཡིན་ནོ། །དེ་བཞིན་གང་ལ་ཡུལ་ལས་གཞན་པའི་རྒྱུ་
མཚན་རྣམས་ཡོད་པ་པོ་ཡོད་པ་དེ་ནི་སྤྱི་ཡིན་ལ་གང་ལ་མེད་པ་དེ་ནི་རང་གི་མཚན་ཉིད་དོ་ཞེས་བྱ་བ་ནི་རྣམ་འགྲེལ་གྱི་སྡེབ་སྦྱོར་ཙམ་ཡིན་ནོ། །རྣམ་པ་དང་པོ་ལ་ཧ་ཅང་ཁྱད་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱའོ། །དེ་ལས་ཀྱང་ཅིར་འགྱུར་ཞེ་ན། བརྗོད་པ་ལ་གལ་ཏེ་ཁྲ་བོ་ལ་སོགས་པ་དང་འདྲ་བ་ལ་
སེར་སྐྱ་ལ་སོགས་པར་རྟོགས་པ་སྤྱི་ཡིན་ན། དེའི་ཚེ་རང་གི་མཚན་ཉིད་ཀྱང་སྤྱིར་འགྱུར་ལ། སྤྱི་ཡང་རང་གི་མཚན་ཉིད་དུ་འགྱུར་རོ། །དེས་ན་ཚད་མ་གཉིས་ཡུལ་གཅིག་ལ་མི་འཇུག་པར་མ་ངེས་པར་འགྱུར་ལ་དེ་ལྟ་ཡིན་ཡང་ཇི་ལྟར་ཡུལ་གཅིག་ལ་གཉིས་འཇུག་པ་དེ་བཞིན་དུ་གསུམ་པ་འཇུག་པར་
འགྱུར་རོ། །ཡུལ་གྱི་རང་བཞིན་མ་འཆོལ་བ་ལ་ནི་ཉེས་པ་འདིར་མི་འགྱུར་ཏེ། ཡུལ་གཉིས་ལ་ཚད་མ་གཉིས་ཀྱིས་འཇུག་པ་ངེས་པའི་ཕྱིར་རོ། །དེ་ཡང་འཐད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེའི་ཡུལ་ཅན་འདྲ་བར་རྟོགས་པ་ཡང་ཚད་མ་གཞན་དུ་ཐལ་བར་འགྱུར་ཏེ། རྟགས་ལས་མ་
เล่ม ๑๘๕ · หน้า 8b
སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་མཚུངས་པར་བརྗོད་པ་དང་། འབྲེལ་པའི་རྟོགས་པ་ནི་ཉེ་བར་འཇལ་བ་ཡིན་ནོ་ཞེས་བྱ་བ་རིག་པ་ཅན་གྱི་ཉེ་བར་འཇལ་བ་སྟོན་པའོ། །འདི་ལྟར་བ་མེན་ནི་བ་ལང་དང་འདྲ་བ་ཡིན་ནོ་ཞེས་བྱ་བ་ཉེ་བར་སྟོན་པའི་ངག་གིས་འདུ་བྱེད་བསྐྱེད་པ་ཅན་ནི་བ་མེན་མཐོང་
བ་ལས་དེ་བསད་པ་ན་བ་མེན་གྱི་སྒྲ་བརྗོད་པར་བྱ་བ་དེ་ནི་འདི་ཡིན་ནོ་སྙམ་དུ་རྟོགས་པ་ནི་ཉེ་བར་འཇལ་བ་ཡིན་ནོ། །དེའི་ཡུལ་ཡང་སྤྱིའི་མཚན་ཉིད་ཡིན་ན་ནི། ཉེ་བར་འཇལ་བ་ཡང་རྗེས་སུ་དཔག་པའི་ཡུལ་ཉིད་དེ། སྐྱེ་བའི་ཚོགས་པ་དང་བྲལ་བ་ལ་ཚད་མ་གཞན་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་རྩོད་
པའི་དོན་ལ་ཡང་གང་ཞིག་འདྲ་བའི་རང་བཞིན་དུ་རྟོགས་པ་དེ་ནི་སྤྱིའི་མཚན་ཉིད་དོ་ཞེས་ནི་ངེས་པར་མི་འཛིན་ནོ་ཞེས་བརྗོད་པ་ནི། འདྲ་བའི་ངོ་བོ་ཉིད་དུ་ནི་ཞེས་བྱ་བའོ། །འདྲ་བའི་ངོ་བོ་ཉིད་དུ་ཞེས་བྱ་བ་ནི་ཁྱད་པར་གྱི་ངོ་བོ་ནི་མ་ཡིན་པའོ། །འདིར་ནི་ངོ་བོ་ཞེས་བྱ་བ་ནི་ཁྱད་པར་ཡང་རིག་པ་ཡོད་པ་ཡིན་ཏེ། དེས་ན་སྤྱིའི་མཚན་
ཉིད་དུ་འགྱུར་བའི་གོ་སྐབས་མེད་དོ། །འོ་ན་རང་བཞིན་གཉིས་ཀ་ཡུལ་དུ་འགྱུར་རོ་ཞེས་བྱ་བའི་རྩོད་པའང་གཞལ་བྱ་དེས་ན་ཁ་དོག་གི་རྟགས་ནི་རྟོགས་མི་འགྱུར་ཞེས་བྱ་བ་དེའི་སྐབས་སུ་སྤང་བར་བྱ་བའོ། །འོ་ན་འགྲེལ་པར་ཡང་གི་སྒྲ་ཅི་སྟེ་མི་སྟོན་སྙམ་ན། དེ་ཁོ་ན་ནི་འདྲ་བར་རྟོགས་པ་མེད་པ་ཉིད་དེ། འོན་ཀྱང་དེའི་
འདོད་པའི་རྗེས་སུ་འབྲང་ནས་གཉི་གའི་རང་བཞིན་ཡོད་ཀྱང་ཅིའི་མཚན་ཉིད་དུ་འགྱུར་བའི་གོ་སྐབས་མེད་དོ་ཞེས་བརྗོད་པ་ཡིན་ནོ། །འདི་གཞན་གྱིས་གལ་ཏེ་འདྲ་བའི་ཞེས་སྨྲ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འདྲ་བའི་ངོ་བོ་ཉིད་དུ་རྟོགས་པ་འགོག་པའོ། །མདུན་ན་གནས་པའི་རང་བཞིན་ལས་ཐ་དད་པར་འདྲ་བར་
དེའི་ངོ་བོ་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །འོ་ན་ཇི་ལྟར་ཞེས་བྱ་བའི་རྩོད་པ་ལ་བསམ་པ་ནི་འདི་ཡིན་ཏེ། འདྲ་བ་ཞེས་བྱ་བ་སྤྱི་ལས་དོན་གཞན་དུ་འགྱུར་བ་ནི་མ་ཡིན་གྱི་འོན་ཀྱང་ཆ་ཤས་མང་པོ་རྣམས་ཀྱང་སྤྱི་ཉིད་ལ་འདྲ་བ་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །སྤྱི་མེད་པར་ནི་སྤྱིའི་བློ་དང་སྒྲ་འབྱུང་བ་
མ་ཡིན་ནོ། །དེ་བས་ན་འདི་འདྲ་བའོ་སྙམ་པའི་རྟོགས་པས་ནི། རང་གི་རྒྱུ་མཚན་འདྲ་བ་ཉིད་ཉེ་བར་འཇོག་པ་ཡིན་ནོ། །ཡང་ན་འདི་འདྲའོ་སྙམ་པའི་ཞེན་པས་ནི་གོང་དུ་ལས་ཐ་དད་པའི་འདྲ་བར་རིགས་པར་ཉམས་སུ་མྱོང་བ་ཡིན་པའི་ཕྱིར་ཇི་ལྟར། འདྲ་བ་མ་རྟོགས་ཡིན་ཞེ་ན། །ལྷག་པར་ཞེན་ཀྱང་ཞེས་བྱ་བ་
เล่ม ๑๘๕ · หน้า 9a
ལ་སོགས་པ་གྲུབ་པའི་མཐའི་དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ལྷག་པར་ཞེན་པ་ཡོད་དུ་ཆུག་མོད་དེ་ལྟ་ན་ཡང་འདྲ་བ་ཞེས་བྱ་བའི་དངོས་པོ་དེའི་ཆོས་ཉིད་འདོད་པ། ཁ་དོག་དང་རྣམ་པ་དང་ཡི་གེས་སྟོང་པ་ནི་ཐ་དད་པ་དབང་པོའི་བློ་ལ་སྣང་བ་མེད་དོ། །ཐ་དད་པར་མཐོང་བ་མེད་ན་ཡང་དེ་
ཁས་བླངས་པའི་སྐབས་ཡོད་པ་མ་ཡིན་ནོ། །རང་གི་མཚན་ཉིད་ཀྱི་དངོས་པོ་དེ་ཉིད་གཉིས་མེད་ཤེས་པ་ཡིན་ཏེ། སྤྱི་དང་ཁྱད་པར་གྱི་རྣམ་པ་མེད་པའི་ཁྱད་པར་གྱི་ཤེས་པ་འདི་ལ་ཡོད་པ་སྟེ། དེས་ན་སྤྱི་ཞེས་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །དབང་པོའི་ཤེས་པས་འཛིན་པ་ལྟ་ཞོག་སྟེ། འདྲ་བར་ལྷག་
པར་ཞེན་པ་དང་ལྷན་ཅིག་པས་ཀྱང་འདྲ་བ་ཐ་དད་པར་རྟོགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཀྱི་རྣམ་པར་འགྲེལ་པ་ནི་འདི་འདྲ་བའོ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ལྷག་པར་ཞེན་པ་ཉིད་འདྲ་བ་འཛིན་པར་བྱེད་པ་ཡིན་ནོ་ཞེས་བརྗོད་ཟིན་མ་ཡིན་ནམ་ཞེ་ན། དེ་ལ་ཡང་བཞི་པོར་ལྷག་པར་ཞེན་པ་ལ་
ཡང་དངོས་པོའི་རང་བཞིན་ལས་ལོགས་ཤིག་ཏུ་ནི་འདྲ་བ་འཛིན་པ་ཡོད་པ་མ་ཡིན་ཏེ། ལྷག་པར་ཞེན་པས་ཀྱང་འདྲ་བ་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་སོ་སོར་རྟོགས་པ་ཡོད་མིན་པ། དེ་ཉིད་རང་གི་མཚན་ཉིད་འབའ་ཞིག་ཡིན་ནོ། །འགྲེལ་པར་ནི་རྟོགས་པས་ནི་ཞེས་བྱ་བ་བྱེད་པ་པོའི་གསུམ་
པར་བྱས་སོ། །འདྲ་བ་ཞེས་བྱ་བ་ནི་ཁ་དོག་དང་རྣམ་པ་དང་ཡི་གེས་སྟོང་པའོ། །འདྲ་བ་ནི་དངོས་པོའི་ཆོས་སུ་འདོད་པ་ཡིན་ལ་དབང་པོའི་རྣམ་པར་ཤེས་པ་དེ་འཛིན་པར་བྱེད་པ་ལ་ནི་སྣང་བ་ཡང་མ་ཡིན་ཏེ། དེས་ན་བག་ཆགས་ཙམ་ལས་འབྱུང་བའི་རྣམ་པར་རྟོག་པ་ལ་སྣང་བ་ཡིན་ཡང་། ཡོད་པ་ཉམས་
སུ་མྱོང་བར་ཇི་ལྟར་འགྱུར་ཏེ། ཉ་ཕྱིས་ལ་དངུལ་བཞིན་ནོ། །གང་གི་ཕྱིར་དབང་པོའི་བྱེད་པའི་རྗེས་སུ་བྱེད་པ་ཉིད་དམ། དབང་པོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་མཚུངས་པ་ཁོ་ནའོ། །གནོད་པར་བྱེད་པ་ལས་ཁྱད་པར་ཡོད་པ་མ་ཡིན་ནོ་སྙམ་ན། གལ་ཏེ་འཇུག་པ་ཚད་མ་གཞན་གྱིས་
བསལ་བའི་ཕྱིར་གནོད་པ་ཡིན་ན། དེའི་ཚེ་ཉིད་ཁྱད་པར་དང་བྲལ་བའི་དོན་རྟོགས་པར་བྱེད་པའི་དབང་པོའི་རྣམ་པར་ཤེས་པར་བྱེད་པ་ཉིད་གནོད་པར་བྱེད་པ་ཅི་སྟེ་མ་ཡིན། དངུལ་བཞིན་དུ་སླུ་བ་དང་ལྡན་པའི་ལྷག་པར་ཞེན་པ་མེད་པའི་ཕྱིར་རོ་ཞེ་ན། འོ་ན་ཇི་ལྟར་སྐྱེ་བོ་ཉ་ཕྱིས་དངོས་པོ་གཞན་དུ་རྟོག་པར་
เล่ม ๑๘๕ · หน้า 9b
རློམ་པ་དེ་བཞིན་དུ་འདི་འདྲ་བའོ་སྙམ་པར་རྟོགས་ལ། ཡང་དངོས་པོ་གཞན་འཛིན་པར་རློམ་པ་ནི་མེད་དོ། །འོན་ཀྱང་གསལ་བས་འཛིན་པ་ཁོ་ན་རློམ་པ་ཡིན་ཏེ། དེ་ན་མི་སླུ་བ་དང་ལྡན་པར་རྟོགས་པར་ག་ལ་ཐལ། དེ་ཁོ་ན་སེམས་པར་བྱེད་པ་ནི་རྣམ་པར་རྟོག་པ་ལ་དངོས་པོ་སྣང་བར་མ་མཐོང་བ་དང་།
དངོས་པོ་སྣང་བ་ལ་ཡང་བརྟག་པའི་རྣམ་པར་སྒྲོ་མི་འདོགས་པ་ན། འདི་ནི་ཤེས་པའི་རྣམ་པ་ཙམ་མམ་བརྫུན་པ་སྣང་བ་ཡིན་ནོ་ཞེས་བྱ་བའི་བློར་འགྱུར་བ་ཁོ་ནའོ། །དབང་པོའི་རྣམ་པར་ཤེས་པའི་བྱེད་པ་དེ་ཉིད་སྟོན་པ་ནི། མདུན་དུ་གནས་པའི་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཡང་ལྷག་པར་ཞེན་པའི་དབང་
གིས་སྤྱི་ངེས་པ་ཡིན་ནོ་ཞེས་བརྗོད་པ་དེ་ལ་ཡང་ལྷག་པར་ཞེན་ཀྱང་སྟེ། ལྷག་པར་ཞེན་པ་སྒྲུབ་པར་བྱེད་པ་ཡིན་ཡང་ལོགས་ཤིག་ཏུ་འདྲ་བ་སྟེ། སྤྱི་རྟོགས་པ་ངེས་པ་ཡོད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་ནི་འདྲ་བའི་རྫས་གཅིག་པུའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་དུ་བ་ཡང་མེའི་
རྒྱུ་ཅན་དུ་མི་འགྱུར་རོ། །དེས་ན། སོ་སོར་རྟོག་པ་ཡོད་མིན་པ། །ཞེས་བྱེད་པ་ལ་སོགས་པ་སྨོས་ཏེ། སྔ་མ་བཞིན་དུ་རིག་པར་བྱའོ། །གལ་ཏེ་སྤྱི་མེད་པར་མཚུངས་པའི་བློ་འགྱུར་ན་རྟ་ལ་ཡང་བ་ལང་གི་བློར་ཅི་སྟེ་མི་འགྱུར་སྙམ་ན་འོ་ན་ནི་ཆུ་ལ་ཡང་དུ་བ་ཅི་སྟེ་མེད་ཅེས་མཚུངས་སོ། །འོ་ན་དེ་ལ་ཡང་མེ་
ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ནོ་སྙམ་ན་དེ་ལྟ་ན་ནི་འོ་ན་མཐོང་བའི་མེ་ནི་བསྙོན་ལ་མ་མཐོང་བའི་མེ་ཉིད་ཀྱི་སྒྲོ་འདོགས་པའི་ཕྱིར་རྟོག་པ་དང་ལྡན་པ་ཆེན་པོ་ཡིན་ནོ། །མེ་ཡང་རྒྱུར་འགྱུར་ལ་རག་གོ་ཞེ་ན། དེ་ཉིད་ཀྱིས་འགྲུབ་པའི་ཕྱིར་གཞན་གྱིས་ཅི་བྱ། མེ་ཉིད་མེད་ན་མེར་ཇི་ལྟར་
འགྱུར་ཏེ་དེ་ལྟ་མ་ཡིན་ན་ཆུ་ཡང་མེ་ཅིའི་ཕྱིར་མ་ཡིན་སྙམ་ན་མེ་ཉིད་ཀྱང་མེ་ཉིད་མེད་པར་ཇི་ལྟར་འགྱུར་ཏེ། དེ་ལྟ་མ་ཡིན་ན་ཆུ་ཡང་མེ་ཉིད་དུ་ཐལ་བའི་ཕྱིར་རོ་ཞེས་མཚུངས་པའོ། །དེའི་ཕྱིར་རང་གི་རྒྱུ་བརྒྱུད་པས་བྱས་པའི་ནུས་པ་ཅན་གྱི་དངོས་པོ་ནི་འགའ་ཞིག་ཉིད་རྣམ་པ་དེ་ལྟ་བུའི་དོན་བྱེད་པ་ཡིན་པའི་ཕྱིར་འདྲ་བའི་
བློ་ཡང་འདྲ་བའི་རྒྱུས་བསྐྱེད་པའི་དངོས་པོའི་ཁྱད་པར་ཉམས་སུ་མྱོང་བ་ལས་བྱུང་བ་ཡིན་མོད་ཀྱི། དེས་ན་ཤུགས་ཀྱིས་འདྲ་བ་མི་འགྲུབ་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །དོན་གཞན་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདྲ་བའི་རྟོགས་པ་མེད་པའི་ཕྱིར་རོ། །རིགས་པ་ཅན་གྱི་འདྲ་བ་
เล่ม ๑๘๕ · หน้า 10a
ལས་རྟོགས་པ་གང་ཡིན་པའི་ཉེ་བར་འཇལ་བ་དེ་ནི་དམིགས་པ་མེད་པ་ཡིན་ཏེ། །ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདྲ་བ་མེད་དུ་ཆུག་མོད། །དེར་ཞེན་པ་ནི་རེ་ཞིག་ཡོད་པ་ཉིད་ཡིན་ཏེ། དེས་བྱས་པ་མིང་དང་འབྲེལ་པའི་རྟོགས་པ་གོ་ཅི་སྟེ་ཚད་མ་མ་ཡིན། འོན་ཏེ་ཚད་མ་
ཡིན་པའི་ཞེས་པས་བྱས་པ་ཚད་མར་ཇི་ལྟར་འགྱུར་ཞེས་བརྗོད་ན། ཇི་ལྟར་ཚད་མ་ཡིན་པས་སྐྱེད་པ་རྟོག་པ་མེད་པའི་མངོན་སུམ་ཚད་མ་ཡིན། དེས་ན་རྒྱུ་ཚད་མ་ཡིན་པས་ནི་ཅི་ཡང་བྱར་མེད་དོ་ཞེ་ན། གལ་ཏེ་འདྲ་བར་བརྟགས་ན་མིང་དང་མིང་ཅན་གྱི་འབྲེལ་པ་ཞེས་བྱ་བ་ནི་བརྡ་ཙམ་ལ་རག་ལས་པ་ཉིད་ཀྱི་དངོས་
པོ་པ་མ་ཡིན་པ་ཁོ་ནའོ། །དེ་བས་ན་དེའི་རྒྱུ་ཚུལ་ཅན་གྱི་རྟོག་པ་ཡང་དམིགས་པ་མེད་པ་ཉིད་དོ་ཕྱོགས་འདི་ལ་ནི་འདྲ་བའི་ཤེས་པ་ཞེས་བྱ་བ་ནི་ལྔ་པའི་བསྡུ་བར་འགྱུར་ཏེ། འདྲ་བ་ལས་རྟོགས་པ་ཞེས་བྱ་བའི་དོན་ཏོ། །སྤྱིའི་ཤེས་པ་ཞེས་དྲུག་པའི་བསྡུ་བ་ནི། བྲམ་ཟེའི་ཉེ་བར་འཇལ་བ་ཡང་བཟུང་ངོ་། །ཇི་སྐད་
དུ། གང་ཞིག་དེ་ལས་འདྲ་བ་ཡིས། །ཁྱད་པར་ཅན་ནམ་དེར་བརྟེན་པའི། །འདྲ་བ་ཉིད་དུ་དྲན་འགྱུར་ཏེ། །ཉེ་བར་འཇལ་བའི་གཞལ་བྱ་ཡིན། །ཞེས་བརྗོད་པ་ཡིན་ནོ། །འདིས་ནི་བ་ལང་མཐོང་ནས་བ་མེན་མཐོང་བ་ན། འདི་དང་འདྲ་བ་དེ་ནི་བ་ལང་གི་སྒྲས་བརྗོད་པར་བྱ་བ་ཡིན་ནོ་ཞེའམ་དེའི་འདི་དང་
འདྲ་བ་ཉིད་ནི་བ་ལང་གི་སྒྲས་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བར་ཆོས་ཅན་དང་ཆོས་ཀྱིས་རྟོགས་པའི་ཡུལ་ཉིད་ཀྱིས་རྟོགས་པའི་རྣམ་པ་གཉིས་ཉེ་བར་འཇལ་བ་ཡིན་ཡང་བརྗོད་པ་ཡིན་ནོ། །དེ་ལ་འདྲ་བར་རྟོགས་པའི་རང་བཞིན་ཡུལ་མེད་པར་བསྟན་པས་དེའི་ཁྱད་པར་ཅན་འདྲ་བ་ཅན་དུ་རྟོགས་པའི་རང་བཞིན་
ཡང་སུན་ཕྱུང་བར་བསམ་པར་བྱའོ། །གང་ཡང་བ་ལང་དང་འདྲ་བ་བ་མེན་ཡིན་ནོ་ཞེས་བརྗོད་པ་ལས་བ་མེན་གྱི་བ་ལང་དང་འདྲ་བ་ཉིད་རྟོགས་པ་ཡིན་ནོ་ཞེས་གནའ་རབས་དག་ཟེར་བ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ནོ། །གལ་ཏེ་འདྲ་བ་ཉིད་མེད་པའི་ཕྱིར་འདྲ་བར་རྟོགས་པ་དམིགས་པ་མེད་པ་ཉིད་ཡིན་ན། ཇི་
ལྟར་རྗེས་སུ་དཔག་པའི་ཚད་མ་འདྲ་བའི་ཡུལ་ཅན་དུ་འདོད་སྙམ་ན། རྗེས་སུ་དཔག་པའི་རྟོག་པ་ལ་ནི་ཞེས་གསུངས་སོ། །དབང་པོ་རྣམ་པར་ཤེས་པས་མ་མཐོང་བའི་འདྲ་བ་ཉིད་དམ་དེའི་ཁྱད་པར་ཅན་གྱི་འདྲ་བ་ངེས་པར་བྱེད་པ་ནི་རྗེས་སུ་དཔག་པ་ཚད་མ་མ་ཡིན་གྱི་འོན་ཀྱང་དཔེ་ལ་མཐོང་བའི་རང་བཞིན་ཉིད་ལྷག་པར་སྒྲོ་
เล่ม ๑๘๕ · หน้า 10b
བཏགས་ཏེ་འདྲ་བར་ཤེས་པའོ་ཞེས་བརྗོད་པ་ཡིན་ནོ། །འདི་ལྟར་རི་ཞོལ་ན་གནས་པའི་མེ་ནི་རང་གི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་མ་ཡིན་ལ་དེ་ཉིད་ནི་རྟོགས་པ་ཡང་མིན་ནོ། །དེ་ཡང་དཔེ་ལ་མཐོང་བ་མེད་པ་ནི་མ་ཡིན་ཏེ། དེས་ན་དེ་དང་འདྲ་བར་བརྗོད་པ་ཡིན་ནོ། །འདྲ་བ་གཞན་མེད་ཀྱང་དེ་ཡིན་པ་ལས་བཟློག་པས་
འདི་ནི་འདྲ་བའི་ཐ་སྙད་ཙམ་ཡིན་ནོ། །རྗེས་སུ་དཔག་པའི་ཚད་མ་ནི་དངོས་ཡུལ་ཅན་ཡིན་ཏེ། མངོན་པར་བསམ་པ་ལས་མི་སླུ་བའི་ཕྱིར་རོ། །གཞན་གྱི་ཉེ་བར་འཇལ་བ་ནི་དངོས་པོར་གྱུར་པའི་འདྲ་བའི་ཡུལ་ཅན་དང་། དེ་རྟོགས་པར་བྱས་པ་མིང་དང་མིང་ཅན་གྱི་འབྲེལ་པའི་ཡུལ་ཅན་ཡིན་པའི་ཕྱིར་ཉེས་པར་
འགྱུར་བ་ཉིད་དོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ནི་གཞན་གྱིའོ། །བརྡའི་དུས་སུ་མཐོང་བ་ཉིད་དུས་གཞན་སྒྲ་ལས་དྲན་པ་ཡིན་ནོ། །སོགས་པའི་སྒྲས་ནི་གཞན་དུ་མཐོང་བའི་མཚན་མོ་ཟ་བ་འགའ་ཞིག་ཏུ་དོན་གྱིས་གོ་བས་དྲན་པའོ། །འདི་ལ་ཞེས་པ་ནི་ལན་ནོ། །སྐྲ་ཤད་ལ་སོགས་དོན་མིན་ཏེ། །ཞེས་བྱ་བ་
འདིས་འདི་ལྟ་བུ་ཐམས་ཅད་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཞན་དུ་ཡང་ཞེས་བྱ་བ་ནི། གང་དང་གང་དུ་སླུ་བར་མོས་པའམ། བསྒྲུབ་པར་བྱ་བ་དེ་བཞིན་དུ་འབྱུང་བར་ངེས་མི་ནུས་པར་ཏེ། དཔེར་ན་གཟུགས་བརྙན་དང་གཏན་ཚིགས་ལྟར་སྣང་བས་བསྐྱེད་པའི་ཤེས་པ་ལ་སོགས་པ་རྣམས་
ལའོ། །སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །ཞེས་བྱ་བ་འཆད་པ་ནི་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། འདིར་ནི་ཚད་མའི་ཡུལ་ཉིད་གྱུར་པའི་སྤྱི་དཔྱད་པར་བྱ་བ་ཡིན་ཏེ། དེས་ན་དེའི་ཡུལ་ཅན་གྱི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་ཡང་ཚད་མར་འགྱུར་རོ་ཞེས་བྱ་བ་ཡིན་
ནོ། །འོན་ཏེ་ཤེས་པ་ཉིད་ཚད་མར་འདོད་དེ་ཞེས་བརྗོད་ན། འདི་ལ་ཞེན་པ་མེད་དོ། །སྒྲ་ལས་བྱུང་བའི་ཤེས་པ་ཉིད་ཚད་མར་འགྱུར་རོ། །དེས་ན་མི་འདོད་པ་མི་ལྡོག་གོ་ཞེ་ན། ལན་སྨྲས་པའི་བསམ་པ་ནི་གལ་ཏེ་སྒྲ་ཙམ་གྱི་དབང་དུ་བྱས་ནས་དེ་སྐད་བརྗོད་པ་ནི་དེའི་ཚེ་དེ་ལ་སྤྱིའི་ཡུལ་ཅན་ཉིད་ཡོད་པ་མ་ཡིན་
ཏེ། སྤྱིའི་མཚན་ཉིད་ནི་རང་གི་མཚན་ཉིད་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །སྒྲ་ཙམ་གྱི་བརྗོད་པར་བྱ་བ་ནི་ཡོད་པར་མ་ངེས་པས་ན་དེ་རང་གི་མཚན་ཉིད་ག་ལ་ཡིན་ཞེས་བྱ་བའོ། །གལ་ཏེ་སྒྲ་རྣམས་སྤྱིའི་ཡུལ་ཅན་དུ་འདོད་པ་ཉིད་མ་ཡིན་ནམ་སྙམ་ན། མ་ཡིན་ཏེ་སེལ་བ་ཡུལ་ཅན་དུ་འདོད་པའི་ཕྱིར་རོ། །
เล่ม ๑๘๕ · หน้า 11a
རྗེས་སུ་འགྲོ་བར་སྣང་བའི་དབང་གིས་དེ་ཉིད་ལ་སྤྱིའི་ཐ་སྙད་ཙམ་དུ་བྱས་པར་ཟད་དོ། །འདིས་ནི་གལ་ཏེ་སེལ་བ་ཐམས་ཅད་ལ་སྤྱིའི་ཐ་སྙད་ཡིན་པ་དེ་ལྟ་ན་ཡང་གང་ལ་ལྷག་པར་ཞེན་པར་བྱས་པའོ། །དངོས་པོ་ཡོད་པར་ཞེན་པ་དེར་དེ་ཁོ་ནར་སྤྱི་ཉིད་དུ་རྣམ་པར་གཞག་གོ། །གཞན་
དུ་ནི་ཐ་སྙད་ཙམ་མོ་ཞེས་རྟོགས་པར་བྱའོ། །དེས་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་བདག་ཉིད་ཀྱི་སྒྲ་ཉིད་སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་ན་ཚད་མར་རིགས་སོ། །གལ་ཏེ་སྒྲ་ནི་ཉེ་བར་བཏགས་པའི་ཚད་མ་མ་ཡིན། སྤྱིའི་ཡུལ་ཅན་ཉིད་ཡིན་ན་ནི། དངོས་ཀྱི་ཚད་མ་ཉིད་དུ་འགྱུར་རོ་སྙམ། དེ་ལྟ་མ་ཡིན་ཏེ་
གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་སྤྱིའི་ཡུལ་ཅན་ཉིད་དུ་ཉེ་བར་བཏགས་པ་ཡིན་པའི་ཕྱིར་རོ། །སྤྱིའི་ཡུལ་ཅན་ནི་སྒྲ་བརྟན་པ་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ། །གལ་ཏེ་སྒྲ་བསྒྲུབ་པར་བྱ་བའི་ཡུལ་ཅན་ཉིད་ཀྱིས་སྤྱིའི་ཡུལ་ཅན་མ་ཡིན་ནོ། །སྒྲུབ་པར་བྱེད་པ་ཚུལ་
གསུམ་པའི་ཡུལ་ཅན་ཉིད་ཀྱིས་སྤྱིའི་ཡུལ་ཅན་ཡིན་པར་འགྱུར་ཏེ། དེས་བསྟན་པར་བྱ་བ་ནི། དེ་ཡིན་པའི་ཕྱིར་རོ་སྙམ་ན། མ་ཡིན་ཏེ་དེ་ལ་ཡང་དེས་བསྟན་པ་ཙམ་བྱས་པ་ཡིན་པའི་ཕྱིར་རོ། །ཚུལ་གསུམ་ངེས་པ་ནི་ཚད་མ་གསུམ་ཁོ་ན་ལས་ཡིན་ནོ། །འོ་ན་སྤྱིའི་ལུས་ཅན་གྱི་སྒྲ་གང་ཡིན་ཞེ་ན། དེ་ཁོ་ནར་
ནི་འགལ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲ་ནི་འགའ་ཡང་ཚད་མ་ཉིད་མ་ཡིན་ནོ། །ཚད་མས་མི་སླུ་བའི་དངོས་པོ་སྟོན་པར་བྱེད་པ་ན། ཇི་ལྟར་སྒྲ་གཞན་ལ་ལྟོས་ནས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་དང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་འཕེན་པར་བྱེད་པ་སྐད་ཅིག་མ་ལ་སོགས་པ་སྟོན་པར་བྱེད་པའི་ངག་ལ་མི་
སླུ་བ་ཉིད་དུ་ལྷག་པར་ཞེན་པ་དེ་བཞིན་དུ་ཚད་མའི་ཐ་སྙད་ཀྱང་ཡིན་ནོ། །སྤྱིའི་མཚན་ཉིད་གང་ཡིན་པ་དེ་ཉིད་སྒྲའི་ཡུལ་ཡིན་གྱི། གཞན་སྒྲའི་ཡུལ་མ་ཡིན་པ་ནི་མ་ཡིན་ནོ། །མི་འདོད་པའི་ངེས་པར་གཟུང་བ་དགག་པ་བརྗོད་པ་ནི་སྒྲའི་ཡུལ་ཞེས་བྱ་བ་ལ་སོགས་པའོ། །དེས་ན་མེའི་སྦྱིན་སྲེག་མཐོ་རིས་
སྒྲུབ་པར་བྱེད་པ་ལ་སོགས་པའི་ངག་ཚད་མར་ག་ལ་འགྱུར་ཏེ། དེའི་ཡུལ་དངོས་པོ་ཉིད་ཡིན་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཚད་མ་དྲུག་སྔོན་དུ་འགྲོ་བ་ཅན་དོན་གྱིས་གོ་བའི་ཚོགས་ལ་ཡང་མདོར་ན་གང་ལ་མེད་ན་མི་འབྱུང་བའི་དངོས་པོའི་སྟོབས་ཀྱིས་འགའ་ཞིག་ཏུ་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་དེ་ནི་རྗེས་སུ་
เล่ม ๑๘๕ · หน้า 11b
དཔག་པ་ཉིད་ཚད་མ་ཡིན་ལ་གང་དུ་ཚུལ་གསུམ་ལས་གང་ཡང་རུང་བ་ཞིག་མེད་དམ་ཐེ་ཚོམ་ཟ་བ་དེ་ནི་བསྒྲུབ་བྱ་ངེས་པ་མེད་པའི་ཕྱིར་ན་སྤྱིའི་མཚན་ཉིད་རྣམ་པར་གནས་པ་མ་ཡིན་ལ། དེའི་ཡུལ་ཅན་གྱི་ཤེས་པ་ཡང་ཚད་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དངོས་པོ་མེད་པའི་ཚད་མ་ཡང་ཚད་མ་གྲུབ་པའི་ལེའུ་ཉིད་
དུ་སུན་ཕྱུང་བ་ཡིན་ནོ། །ཇི་སྐད་དུ་སྒྲའི་ཡུལ་མ་ཡིན་པ་རང་གི་མཚན་ཉིད་ཡིན་ནོ་ཞེས་བརྗོད་པ་དེར་ཡང་གང་ཞིག་སྒྲའི་ཡུལ་མ་ཡིན་པ་དེ་ཐམས་ཅད་རང་གི་མཚན་ཉིད་ཡིན་ཞེས་བརྗོད་པ་དེར་ཡང་གང་ཞིག་སྒྲའི་ཡུལ་མ་ཡིན་པ་དེ་ཐམས་ཅད་རང་གི་མཚན་ཉིད་ཡིན་ནོ་ཞེས་རྟོགས་པར་མི་འགྱུར་བར་བྱ་བའི་ཕྱིར་ན།
ཡུལ་མ་ཡིན་པར་ཡང་ཞེས་བྱ་བའི། དེས་ན་འདི་ལ་སྐྱོན་མེད་དོ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་ཏུ་ངེས་པར་བཟུང་བས་བྱས་ཏེ། སྒྲ་ཚད་མར་ཐལ་བའམ། དེས་ཉེ་བར་མཚོན་པའི་སྒྲ་ལ་སོགས་པའི་བསྲུང་བ་ཡང་རང་གི་མཚན་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བརྗོད་པ་གང་ཡིན་པ་སྟེ་དེ་གཉི་ག་ཡང་སྐྱོན་གྱི་སྒྲས་
བསྒོས་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །འགའ་ཞིག་ནི་སྤྱི་ཡིན་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཡུལ་ལོ། །འགའ་ཞིག་ནི་དོན་མེད་པ་ཞེས་བྱ་བ་ནི་སྒྲ་དང་གཏན་ཚིགས་ལྟར་སྣང་ལ་སོགས་པའི་ཡུལ་ལོ། །གཅིག་ནི་རང་གི་མཚན་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱི་ཡུལ་
ལོ། །དོན་མེད་པ་ཞེས་བྱ་བ་ནི་སྐྲ་ཤད་ལ་སོགས་པའོ། །ཇི་ལྟར་ཤེས་པའི་རང་བཞིན་གྱི་དོན་ཡིན་ཡང་དོན་མེད་པ་ཉིད་དུ་འགྱུར་བ་དེ་ལྟར་ནི་བཤད་ཟིན་ཏོ། །མཚན་ཉིད་གཞན་འཆད་པ་ནི་རྒྱུ་མཚན་གཞན་ཞེས་བྱ་བའོ། །འདིར་ཡང་སྔ་མ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་རྒྱུ་མཚན་གཞན་ཡོད་པ་ནི་གང་ལ་
བློ་ཡོད་པར་འགྱུར་བ། དེ་ནི་སྤྱི་ཉིད་དོ་ཞེས་ནི་ངེས་པར་མི་བཟུང་སྟེ། རི་བོང་གི་རྭ་ལ་སོགས་པ་ཡང་དེ་ལྟར་ཐལ་བའི་ཕྱིར་རོ། །འོན་ཀྱང་རྒྱུ་མཚན་གཞན་ཡོད་ན་རུང་བའི་ཡུལ་ན་གནས་པ་ལ་མི་ལྟོས་པར་དངོས་པོར་མངོན་པར་འདོད་གང་ལ་བློ་ཡོད་པ་དེ་ཁོ་ན་སྤྱིའི་མཚན་ཉིད་ཡིན་ནོ། །འདིས་ནི་གལ་ཏེ་
རུང་བའི་ཡུལ་ན་དེ་གནས་པར་ན་བློ་ཡོད་ན་དེའི་ཚེ་སྤྱི་ལ་མ་ཡིན་ཏེ། རང་གི་མཚན་ཉིད་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་བཤད་པ་གཞན་གསུངས་པའོ། །ཕྱོགས་སྔ་མ་ལ་ནི་རྒྱུ་མཚན་གཞན་ཞེས་བྱ་བས་ལྟ་དང་རྩོལ་བ་ལ་སོགས་བཟུང་ངོ་། །དེ་ལྟ་ན་ནི་ཡུལ་འཛིན་པར། བློའི་
เล่ม ๑๘๕ · หน้า 12a
ཡུལ་རུང་བའི་ཡུལ་ན་གནས་པ་ལ་ལྟོས་ནས་རྒྱུ་མཚན་གཞན་མིག་ལ་སོགས་པ་ཡིན་པར་འདོད་དོ། །རྒྱུ་མཚན་གཞན་ཞེས་བྱ་བ་ནི་མིག་ལ་སོགས་པ་ཡོད་ཀྱང་རུང་བའི་ཡུལ་ན་གནས་པ་མེད་པའི་ཕྱིར་ན་གང་ལ་དེ་འཛིན་པའི་བློ་སྐྱེ་བ་མེད་པ་དེ་ནིའོ། །དེ་ཉིད་བརྗོད་པ་ནི་རང་གི་ངོ་བོས་ཞེས་བྱ་བ་
ལ་སོགས་པ་ཡིན་ནོ། །དེ་ལ་རང་གི་ངོ་བོས་ཞེས་བྱ་བ་ལ་སོགས་པ་ནི་སྐབས་དོན་བསྡུས་པའོ། །འདི་ལ་གལ་ཏེ་ཞེས་བྱ་བ་ལ་སོགས་པས་རྩོད་དོ། །གལ་ཏེ་ཡང་རྟོགས་པའི་རྣམ་པ་ཐ་དད་པས་ན་ཡུལ་རྣམ་པ་གཉིས་སུ་བརྗོད་པ་དེ་ལྟ་ན་ཡང་ཚད་མའི་ཁྱད་པར་གྱི་བཤད་པ་ནི་མ་ཡིན་ནོ། །དེ་བྱེད་པ་ཡང་ནི་ཉེས་
པ་མ་མཐོང་ནས་རྩོད་པའོ། །རྣམ་པར་རྟོག་པ་ཐ་མ་ལ་ཚིགས་སུ་བཅད་པ་གཅིག་གིས་འགལ་བ་བརྗོད་པ་ཡིན་ནོ། །འདི་སྙམ་དུ་ཚད་མ་གཉིས་སུ་མེད་པའི་ཕྱིར་གཞལ་བྱ་གཉིས་སུ་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས་བརྗོད་པ་ནི་འོན་ཏེ་ཚད་མ་གཉིས་ཀྱིས་ཞེས་བྱ་བའོ། །ཡུལ་གཉིས་ཀྱིས་ཚད་མ་གཉིས་ཡིན་
ལ། ཚད་མ་གཉིས་ཀྱིས་ཀྱང་ཡུལ་གཉིས་ཡིན་པའི་ཕྱིར་ཕན་ཚུན་བསྟེན་པ་ཡིན་ནོ། །འདིས་ནི་མ་གྲུབ་པ་མ་ཡིན་ནོ། །ཅི་སྟེ་ཚད་མ་གཉིས་ལ་ལྟོས་ནས་གཞལ་བྱ་གཉིས་སུ་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་རྟོགས་པའི་གཞལ་བྱ་གཉིས་ཉིད་ཀྱིས་ཚད་མ་གཉིས་སྒྲུབ་པར་བྱེད་པ་ཡིན་པ་དེས་ན་ཕན་
ཚུན་བསྟེན་པ་མ་ཡིན་ནོ་སྙམ་ན་ཚད་མ་གསུམ་ལ་སོགས་པའི་ཞེས་བྱ་བའོ། །དོན་ནི་འདི་ཡིན་ཏེ། ཇི་ལྟར་མངོན་སུམ་གྱིས་རྟོགས་པ་ནི་མངོན་སུམ་ཡིན་ལ་རྗེས་སུ་དཔག་པས་རྟོགས་པ་ནི་རྗེས་སུ་དཔག་པར་བྱ་བ་ཡིན་པ་དེ་བཞིན་དུ་རིག་བྱེད་ཀྱིས་རྟོགས་པ་ནི་ཉེ་བར་བསྟན་པར་བྱ་བ་ཉེ་བར་འཇལ་བས་ནི་ཉེ་བར་
གཞལ་བར་བྱ་བ་དོན་གྱིས་གོ་བ་ལ་སོགས་པས་ནི་དོན་གྱིས་གོ་བའི་ཡུལ་བསྒྲུབ་པར་བྱ་བ་མིན་པའི་ཕྱིར་བླར་འགལ་བ་ཉིད་དོ། །འདི་ལྟར་གཞལ་བྱ་དེ་ཡུལ་གྱི་ཉེ་བ་གང་ཡིན་པ་དེ་ནི་ཚད་མའི་དབྱེ་བ་འཇུག་པས་གྲུབ་པར་བྱེད་པ་ཡིན་ནོ། །དེས་ན་ཇི་ལྟར་མངོན་སུམ་ལས་ཐ་དད་པའི་རྗེས་སུ་དཔག་པས་རྗེས་
སུ་དཔག་པར་བྱ་བའི་ཡུལ་ཉེ་བར་འཇོག་པ་དེ་བཞིན་དུ་སྒྲ་ལ་སོགས་པས་ཀྱང་རང་རང་གི་ཡུལ་ཉེ་བར་འཇོག་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ཏེ་བརྗོད་པ་ནི་ལྐོག་ཏུ་གྱུར་པ་ཉིད་ཀྱང་ཞེས་བྱ་བའོ། །དོན་འདི་ཡིན་ཏེ། རེ་ཞིག་རྗེས་སུ་དཔག་པས་མངོན་
เล่ม ๑๘๕ · หน้า 12b
སུམ་གྱི་ཡུལ་འགྲུབ་པ་མ་ཡིན་པ་ཁོ་ནའོ། །ཁས་བླངས་པ་ཡང་མ་ཡིན་ནོ། །གལ་ཏེ་དེས་ལྐོག་ཏུ་གྱུར་པ་ཡང་རྟོགས་པར་མི་ནུས་ན་ནི་དེའི་ཚེ་རྗེས་སུ་དཔག་པར་ཡུལ་རྣམ་པ་གཉིས་གྲུབ་པར་ཇི་ལྟར་འགྱུར་ཞེས་བྱ་བ་ཡིན་ནོ། །གཏན་ཚིགས་བརྗོད་པ་ནི་ལྐོག་ལ་འཇུག་ན་ཡང་རྗེས་སུ་དཔག་པ་དོན་
མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །མིག་མེད་མཐོང་བ་ཞེས་བྱ་བ་བཞིན་ཞེས་བྱ་བ་ལ་ཇི་ལྟར་ཞེས་བྱ་བ་བསྣན་པར་བྱའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་བསྡུ་བའི་ཐབས་ཀྱིས་རྣམ་པར་རྟོག་པ་དང་པོ་ཡང་བསལ་བར་བརྗོད་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། །མངོན་སུམ་ནི་ཡུལ་
གཅིག་ཁོ་ན་ལ་བྱེད་པ་འཇུག་པ་ཡིན་ལ། རྗེས་སུ་དཔག་པ་ནི་གཅིག་ལ་ཡང་མ་ཡིན་དེས་ན་གང་ལྟར་ཚད་མ་གཉིས་ན་གང་ལས་ཚད་མ་གཉིས་སུ་འགྱུར་བ་གཞལ་བྱ་གཉིས་སུ་ཇི་ལྟར་སྒྲུབ་ཅེས་བྱ་བ་ཡིན་ནོ། །འགལ་བ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཚེ་ཚད་མ་གཉིས་ཀྱིས་གཞལ་བྱ་གཉིས་འགྲུབ་པ་ནའོ། །མ་
ངེས་པ་ཉིད་དུ་ཡང་བརྗོད་པ་ལ་གལ་ཏེ་ཡང་ཞེས་བྱ་བའོ། །ཡུལ་གཅིག་ལ་ཡང་ཚད་མ་གཞན་འཇུག་པ་མི་འགལ་བའི་ཕྱིར་ན་གཞལ་བྱ་གཉིས་ལས་ཚད་མ་གཉིས་ཀྱིས་མ་ཁྱབ་པའོ་ཞེས་སྟོན་པ་ནི་འབྲེལ་པ་གྲུབ་པ་མེད་པར་ནི་ཞེས་བྱ་བའོ། །མངོན་སུམ་ནི་ཁྱབ་པ་གྲུབ་པར་བྱེད་པ་ཉིད་དུ་ཉེ་བར་བསྟན་པ་ཅུང་
ཟད་ཀྱང་མི་ནུས་སོ། །དེ་ནི་སྤྱིའི་ཡུལ་ཅན་དུ་མི་འཐད་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་གསལ་མ་ཐག་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་བསྡུ་བའོ། །གྲུབ་པའི་མཐའ་ནི་རྟོག་པ་དང་པོ་ཁས་བླངས་པ་ཡིན་ནོ། །གལ་ཏེ་ཡུལ་གཉིས་མངོན་སུམ་གྱིས་གྲུབ་ན།
རྗེས་སུ་དཔག་པས་ཅི་བྱ་བའི་རྩོད་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་མངོན་སུམ་གྱིས་ནི་ཡུལ་གྱི་གཉིས་ཉིད་གྲུབ་ཀྱི་ཡུལ་གཉིས་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་ཆོས་ཅན་མངོན་སུམ་གྱིས་མ་གྲུབ་ལ་ཆོས་ནི་གྲུབ་པོ་ཞེས་བྱ་བ་འདི་ཇི་ལྟར་ཡིན་ཏེ། ཆོས་རྟོགས་པ་ནི་ཆོས་ཅན་རྟོགས་པ་མེད་ན་མེད་པའི་ཕྱིར་རོ་ཞེ་ན་
བཤད་པ་འདྲ་བ་དང་མི་འདྲ་བ་ཉིད་དུ་རྟོགས་པ་ནི་བྱ་བའི་རང་བཞིན་ཡིན་ལ། དེས་ནི་རྟོགས་པར་བྱ་བ་འདྲ་བ་དང་མི་འདྲ་བ་ཉིད་མཚོན་པ་ཡིན་ནོ། །གང་གི་ཕྱིར་འདྲ་བ་ཉིད་དུ་རྟོགས་པ། རྟོགས་པར་བྱ་བ་འདྲ་བ་དང་མི་འདྲ་བ་ཉིད་མཚོན་པར་བྱེད་པ་དེ་ནི། ཤེས་པའི་རྣམ་པ་ལ་བརྟེན་པ་ཡིན་པའི་ཕྱིར་ཤེས་པ་ཉིད་
เล่ม ๑๘๕ · หน้า 13a
དེ་རྟོགས་པ་ཉིད་ཀྱི་ཆོས་ཡིན་གྱི་ཡུལ་གྱི་ནི་མ་ཡིན་ནོ་ཞེས་འདིས་ནི་ཡུལ་མ་རྟོགས་པའི་ས་བོན་བསྟན་པ་ཡིན་ནོ། །ཡུལ་མ་རེག་པར་དེ་ཇི་ལྟར་འགྲུབ་པ་དེ་སྟོན་པ་ནི། དེ་ཡང་ཞེས་བྱ་བའོ། །ཡུལ་ལ་རང་རིག་པ་མི་འཇུག་པའི་ཕྱིར་ན། རྗེས་སུ་དཔག་པ་དོན་མེད་པར་ཇི་ལྟར་འགྱུར་
ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་ཡུལ་མ་རེག་པ་དེ་བཞིན་དུ་དེའི་འདྲ་བ་དང་མི་འདྲ་བ་ཡང་མི་རྟོགས་པར་འགྱུར་ལ། རྟོག་པ་གང་ཡིན་པ་དེ་ཡང་ཤེས་པའི་རྣམ་པར་གྱུར་པ་ཁོ་ན་ཡིན་ཏེ། དེས་ན་ཡུལ་གཉིས་སུ་འགྲུབ་པར་ཇི་ལྟར་འགྱུར། འོན་ཏེ་རང་གི་རྣམ་པ་ཉིད་ལ་ཕྱི་རོལ་ཏུ་ལྷག་པར་ཞེན་པའི་ཕྱིར་ན་
དེ་ལ་གནས་པའི་རྣམ་པ་གཉིས་ཉིད་རྟོགས་པར་བརྗོད་ན། དེ་ལྟ་ན་ནི་འོ་ན་རང་གི་རྣམ་པར་རྟོག་པ་ཉིད་ཕྱི་རོལ་རྟོགས་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་དོན་མེད་པ་སོ་ན་འདུག་གོ་སྙམ་ན། དེ་ལ་ནི་སྙིང་པོ་མེད་དེ། རྗེས་སུ་དཔག་པའི་རྣམ་པར་རྟོག་པའི་རྣམ་པ་ཉིད་ལ་དེ་ལྟར་ངེས་པར་རྟོགས་པའི་ཕྱིར་རོ། །
མངོན་སུམ་གྱི་ནི་ལྐོག་ཏུ་གྱུར་པ་མངོན་དུ་བྱེད་པ་མི་སྲིད་དོ། །དེ་ལ་ཡང་གལ་ཏེ་ཡང་རྗེས་སུ་དཔག་པའི་རང་གི་རྣམ་པ་རིག་པ་ཉིད་ཀྱིས་ཕྱི་རོལ་རིག་པར་རྣམ་པར་གཞག་པ་དེ་ལྟ་ན་ཡང་ཕྱི་རོལ་ལ་ལྟོས་ནས་ནི་དེ་རྗེས་སུ་དཔག་པ་ཉིད་དུ་ཐ་སྙད་འདོགས་པ་ཡིན་གྱི་རང་རིག་པ་ནི་མ་ཡིན་ནོ། །དབང་པོའི་མངོན་སུམ་
བཞིན་དུ་རྟོགས་པ་འཆོལ་བ་བཀག་པའི་དོན་དུའོ། །རྟོགས་པར་བྱ་བའི་ཕྱི་རོལ་གྱི་དོན་དེ་ཡང་རྗེས་སུ་དཔག་པའི་དུས་ན་འདྲ་བའི་རྣམ་པ་ཉིད་དུ་རྟོགས་ལ། དེ་ཡང་རྗེས་སུ་དཔག་པ་ཉིད་ཀྱི་བྱེད་པ་པོ་ཡོད་པ་ནི་མ་ཡིན་ནོ། །མེ་བཞིན་དུ་རྣམ་པ་དེ་ཡང་ལྐོག་ཏུ་གྱུར་པ་ནི་མ་ཡིན་ནོ། །ལྐོག་ཏུ་གྱུར་པའི་
ཕྱོགས་ལ་ནི་རང་གི་སྣང་བ་ལྟར་རུང་བས་ཁྱབ་ལ་སེམས་ཀྱི་ཆོས་འགའ་ཡང་རྟོགས་པར་ནུས་པ་མ་ཡིན་ནོ། །དེ་བས་ན་རང་གིས་རིག་པའི་རང་གི་རྣམ་པའི་སྒོ་ནས་འདྲ་བ་དང་མི་འདྲ་བ་ཉིད་དུ་རྣམ་པར་འཇོག་པ་ན། ཡུལ་ལ་བརྟེན་པ་ཡང་རིག་པ་ཉིད་ཀྱིས་གྲུབ་པར་བརྗོད་པ་ཡིན་ལ་རྗེས་སུ་དཔག་པ་དོན་མེད་
པ་ཡང་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱི་ལྟར་ན་རྣམ་པར་རྟོག་པ་ཐམས་ཅད་འཁྲུལ་པ་ཉིད་མ་ཡིན་ནམ་དེས་ན། དེའི་སྣང་བ་ལ་ཡང་ཇི་ལྟར་འདྲ་བ་ཉིད་དུ་ངེས་ན། གང་ཞིག་ཕྱི་རོལ་གྱི་དོན་དུ་ལྷག་པར་ཞེན་པ་ན་ཡུལ་གཉིས་སུ་གྲུབ་པར་འགྱུར་སྙམ་ན། ཤེས་པའི་རང་གི་ངོ་བོ་ལ། །ཞེས་གསུངས་སོ། །
เล่ม ๑๘๕ · หน้า 13b
ཅི་འདི་རྒྱལ་པོའི་བཀའ་འམ་སྙམ་ན་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་གསལ་བར་བྱེད་པ་ནི་འདི་ལྟར་ཞེས་བྱ་བའོ། །བརྗོད་པར་བྱ་བའི་ཁྱད་པར་གྱི་ཡིད་ཀྱི་འགྱུར་བ་ཉམས་སུ་མྱོང་ལ། དེ་དང་རྗེས་སུ་མཐུན་པར་གནས་པ་དང་བྱེད་པ་ཕྲད་པའི་འཐད་པ་འབྱུང་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་
གཞན་གྱི་ཡིད་བཞིན་དུ་ཉམས་སུ་མ་མྱོང་ངམ། ཉམས་སུ་མྱོང་བ་ལ་ཡིད་མ་ཆེས་ན། བསྙོན་པ་ཡིན་པ་ཚིག་ཇི་ལྟར་འགྱུར། དེ་ཉིད་ཀྱི་ཕྱིར་འབྲེལ་མེད་རྟེན་ལ་ཞེས་གསུངས་སོ། །བརྗོད་པའི་རྟེན་ནི་བསམ་པ་མ་ཡིན་ལ་དེ་ཡང་རྣམ་པ་གཉི་ག་ལྟར་ཡང་འདིའི་རྒྱུ་ཉིད་དུ་འབྲེལ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །དེ་བས་ན་གཞལ་བྱ་གཉིས་ནི་རང་རིག་པར་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་གནོད་པ་ཡོད་པ་མ་ཡིན་ནོ། །འོ་ན་ཡུལ་ཉིད་ཐ་དད་པར་འགྱུར་མོད། ཚད་མ་གོ་ཇི་ལྟར་ཐ་དད་པ། བསྒྲུབ་པར་བྱ་བའི་གཙོ་བོ་ནི་དེ་ཉིད་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་ཚད་མའི་དབྱེ་བ་ནི་དེ་ཙམ་ཉིད་ཀྱིས་འགྲུབ་པ་ཡིན་ནོ་སྙམ་
དུ་དགོངས་ནས་དངོས་གཞན་དག་གི་ཞེས་གསུངས་སོ། །དངོས་གཞན་དག་གི་ནི་ཤེས་པ་ལས་ཐ་དད་པ་དག་གིའོ། །ཤེས་པ་ཐ་དད་པ་དེ་ཉིད་ཀྱི་ངོ་བོ་གང་ལ་ཡོད་པ་དེ་ནི་དེའི་ངོ་བོར་འགྱུར་བའི་ཚད་མའི་དབྱེ་བ་སྟེ་དེ་ཅིས་མི་གྲུབ། དེའི་ཕྱིར་རྟོགས་པའི་དབྱེ་བ་དང་གཞལ་བྱའི་དབྱེ་བ་འདི་གཉིས་ནི་ཕན་ཚུན་
ཁྱབ་པ་ཡིན་ཏེ། གང་གི་ཚེ་གཅིག་ལ་ཐེ་ཚོམ་ཞུགས་པ་དེའི་ཚེ་གཞན་གྱིས་ཐ་སྙད་བྱེད་པ་ཡིན་ནོ། །དེ་ལྟ་ན་ཡང་ཚད་མ་གཉིས་སུ་ཐེ་ཚོམ་ཟ་བ་ལ་གཞལ་བྱ་གཉིས་ཉེ་བར་བཀོད་པ་ཡིན་ནོ། །དེ་ལ་ཐེ་ཚོམ་ཞུགས་པ་ལ་རྟོགས་པའི་དབྱེ་བ་ལས་སྐྱབས་གཞན་མེད་དོ། །ཚད་མའི་དབྱེ་བ་གྲུབ་པ་ཡང་
དེ་ཉིད་ཡིན་ནོ། །འདི་ལ་གཞན་དག་རྨོངས་ནས་སྨྲས་པ་ནི་རྟོགས་པ་ཉིད་ནི་ཞེས་བྱ་བའོ། །གྲུབ་པའི་མཐའ་སྨྲ་བ་ནི་བཟོད་ནས་མིན་ནམ་ཞེས་གསུངས་སོ། །འདི་ལྟར་ཅིའི་ཚད་མ་རྟོགས་པ་ལས་གཞན་ཉིད་ཡིན་ནམ། འོན་ཏེ་རྟོགས་པ་ཙམ་ནི་ཚད་མ་ཡིན་གྱི་འོན་ཀྱང་ཁྱད་པར་ཅན་ཁོ་ན་ཞིག་ཡིན་ཞེས་
ཁྱེད་འདོད། དེ་ལ་ཕྱོགས་དང་པོ་ནི་མ་གྲུབ་ལ། གཉིས་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲ་ལས་བྱུང་བ་ལ་སོགས་པ་ནི་ཚད་མ་མ་ཡིན་ནོ། །འདི་ཡང་སྔར་བཤད་པའི། །ཚད་མ་སླུ་བ་མེད་ཅན་གྱི། །ཤེས་པ་ཞེས་བྱ་བ་ཉིད་ལས་འགྲུབ་སྟེ། ཤེས་པའི་སྒྲས་ཤེས་པ་མ་
เล่ม ๑๘๕ · หน้า 14a
ཡིན་པ་དང་། སླུ་བ་མེད་པའི་སྒྲས་ནི་རྟོགས་པ་ཙམ་རྣམ་པར་བཤད་པའི་ཕྱིར་རོ། །ཡང་ན། རྟོགས་པ་ཉིད་ནི་ཐ་དད་འགྱུར། །ཞེས་བྱ་བ་ནི་ཚད་མའི་རྣམ་པ་ཉིད་ཐ་དད་པར་འགྱུར་མོད། ཚད་མའི་དབྱེ་བས་ཞེས་བྱ་བ་མངོན་སུམ་དང་རྗེས་སུ་དཔག་པའི་མཚན་ཉིད་ཚད་
མ་ཁྱད་པར་ཅན་དུ་ཇི་ལྟར་ཡིན་ཏེ། ཅི་གཞན་ཡང་ཚད་མ་ཉིད་མ་ཡིན་ནམ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཐུན་མོང་མ་ཡིན་པའི་རྣམ་པ་ཅན་ལས། ཐུན་མོང་གི་རྣམ་པ་ཅན་གྱི་ཤེས་པ་ཐ་དད་པ་དེ་བཞིན་དུ་ཐུན་མོང་གི་རྣམ་པ་ལ་ཡང་སྒྲ་དང་ཉེ་བར་གཞལ་བ་ལ་སོགས་པའི་དབྱེ་བ་ཡོད་པ་ཁོ་ནའོ། །དེས་ན་
ཡུལ་ཐ་དད་པ་ཉིད་ལས་ཚད་མ་གཞན་ཡང་ཡོད་པར་འགྱུར་རོ། །འོན་ཏེ་ལྐོག་ཏུ་གྱུར་པ་ཐམས་ཅད་ནི་ཐུན་མོང་གི་རྣམ་པ་ཅན་ཉིད་ཀྱིས་གཅིག་ཉིད་ཡིན་ན་དེའི་ཚེ་མངོན་སུམ་དང་ལྐོག་ཏུ་གྱུར་པ་དག་ཀྱང་དངོས་པོ་ཉིད་དུ་གཅིག་པའི་ཕྱིར་ཚད་མ་གཉིས་སུ་ཡང་མི་འགྱུར་རོ་ཞེ་ན་འདིར་གྲུབ་པའི་མཐའ་ནི་མངོན་
སུམ་དུ་ཞེས་བྱ་བ་ལ་སོགས་པའོ། །ལྐོག་ཏུ་གྱུར་པ་ལ་ནི་རྗེས་སུ་དཔག་པ་ལས་གཞན་མི་སླུ་བ་མ་ངེས་པ་ཉིད་ལས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །དེས་ན་ཐོས་པ་ལ་སོགས་པའི་རང་བཞིན་གྱིས་རྟོགས་པ་ཐ་དད་པ་ཡིན་ཡང་གཞལ་བྱ་ཡོད་པར་ངེས་པར་མི་བྱེད་པས་ཇི་ལྟར་ཚད་མ་ཡིན་སྙམ་དུ་
དགོངས་པའོ། །གལ་ཏེ་སྔར་འདི་མཚན་ཉིད་ཀྱིས་སྤངས་ཟིན་པ་ཉིད་མ་ཡིན་ནམ། ད་ལྟར་ཅི་ཞིག་སྒྲུབ་ཅེ་ན། བཤད་པ་མངོན་སུམ་དང་རྗེས་སུ་དཔག་པ་དེ་ཉིད་ཀྱིས་ཐ་དད་དེ་རིགས་མི་འདྲ་བ་ཉིད་དོ། །དེ་ཡང་རང་རིག་པས་གྲུབ་པའི་ཕྱིར། ཐ་སྙད་ཉིད་ཙམ་པོ་འདི་ད་ལྟར་བསྒྲུབ་བྱར་བྱེད་པ་ཡིན་
ནོ། །གལ་ཏེ་འདིའི་ཐ་སྙད་ཀྱང་གྲུབ་པ་ཟིན་པ་ཉིད་མ་ཡིན་ནམ་མངོན་སུམ་དང་རྗེས་སུ་དཔག་པས་གྲུབ་པའི་མེ་གཉིས་ལ་རྗེས་སུ་དཔག་པ་དང་མངོན་སུམ་གྱིས་གྲུབ་པར་ནི་གཞན་ཡང་མི་སེམས་སོ་སྙམ་ན། བསྟན་བཅོས་བྱེད་པ་རྣམས་ཀྱིས་ཡང་འཁྲུལ་པའི་ཡུལ་ཉིད་དུ་དཔེར་བརྗོད་པ་ནི་འདི་མེ་ཞེས་བྱ་
བའོ། །འདི་ལ་ཕ་རོལ་པོ་དག །ལྟ་བའི་ཤེས་པའི་དེ་མ་ཐག་ཏུ། རིགས་ལ་སོགས་པས་ཁྱད་པར་ཅན་གྱི་དོན་གསལ་བར་སྣང་བ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་གཅིག་ཉིད་ནི། དབང་པོ་ལ་སོགས་པའི་བདག་པོས་བསྐྱེད་པའི་ཕྱིར་ན། མངོན་སུམ་གཞན་ཉིད་ཡིན་ནོ་ཞེས་འདོད་དོ། །
เล่ม ๑๘๕ · หน้า 14b
འདི་ཞེས་བྱ་བ་ནི་མངོན་སུམ་ཉིད་དུ་སྣང་བའོ། །མེ་ཞེས་བྱ་བ་ནི་མེ་ཉིད་ཀྱི་རིགས་སོ། །དེ་ལ་རིག་པ་བརྗོད་པ་ནི། གསལ་ལ་འབར་བའི་རྣམ་པ་ཅན་གྱི་ངོ་བོ་ཙམ་འཛིན་པ་དང་། གསལ་བར་སྣང་བ་རྣམ་པར་རྟོག་པ་མེད་པ་ནི་གཞན་གྱི་ཡིན་ལ། བཙོ་བ་དང་བསྲེག་པ་ལ་སོགས་པ་སྒྲུབ་པ་ལ་ཡང་
དེའི་རང་བཞིན་གྱི་རྗེས་སུ་དཔག་པ་གཞན་ཁོ་ན་ཡིན་ནོ་ཞེས་བྱ་བའོ། །འོ་ན་བཙོ་བ་ལ་སོགས་པར་ནུས་པ་སྨོས་པས་ཅི་ཞིག་བྱ་རིགས་ཙམ་རྟོགས་པ་ཉིད་ལས་ཚད་མར་འགྱུར་མོད་ཅེས་ཁ་ཅིག་ཟེར་བ་དེ་ལ་བརྗོད་པ་ནི། དེ་ལྟར། ནུས་པ་གཟུང་བ་མེད་པར་ནི། །འཇུག་པ་མེད་དོ་སུ་ཞེ་ན། དགོས་
པའི་དོན་སྒྲུབ་པའི་དོན་ཏེ། དངོས་པོ་དོན་གཉེར་བའི་ངང་ཚུལ་ཅན་རྟོགས་པར་འདོད་པ་དེ་བསྙོན་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རང་གི་ངོ་བོ་ལས་ལྷག་པར་སྔོན་མྱོང་བའི་དོན་བྱ་བ་འཇལ་བ་ན་རྣམ་པར་རྟོག་པའི་ཤེས་པ་འདི་སྟེ་རང་གི་ངོ་བོ་ཙམ་སྣང་བའི་མངོན་སུམ་ལས་ཐ་དད་པ་ཉིད་དོ། །
རིགས་ཞེས་བྱ་བ་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་བཤད་ཟིན་ཏོ། །གལ་ཏེ་ཚད་མ་སླུ་བ་མེད་ཅན་གྱི་ཤེས་པ་ཞེས་བྱ་བ་སྤྱིའི་མཚན་ཉིད་ཡིན་ན་མི་སླུ་བ་དེ་ཡང་གང་ལས་ངེས་ཤེ་ན། འདི་ལ་ཡང་སྔར་བཤད་པའི་ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་བྱ་བ་དྲན་པར་བྱེད་པ་ནི་འཇུག་པ་དང་ལྡོག་པའི་
མཚན་ཉིད་ཀྱི་ཞེས་བྱ་བའོ། །ལེའུ་དང་པོར་ཞེས་བྱ་བར་ནི་རང་གིས་བཤད་པར་བྱ་བ་ལྟོས་པའིའོ། །གང་དུ་གང་ལ་རྣམ་པ་གང་གི་སྙམ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པས་ཤེས་པའི་དུས་ལའོ། །ལྷག་མ་ནི་གོ་སླའོ། །འོ་ན་དེ་རྣམ་པ་གཉིས་
སུ་ག་ལས་འགྲུབ་སྙམ་ན་རྟོགས་པའི་རྣམ་པ་ཐ་དད་པས་ནི་ཞེས་གསུངས་སོ། །བ་ལང་མཐོང་བ་ལྟར་རྣམ་པར་རྟོག་པའི་དུས་བཞིན་དུ་གཅིག་ནི་བརྗོད་པ་མེད་པར་གསལ་བ་དང་། བརྗོད་པ་དང་འདྲེས་པ་མ་གསལ་བ་ནི་གཞན་ཉིད་ཉམས་སུ་མྱོང་བ་ཁོ་ནའོ། །རྟོག་པ་དེའི་ངོ་བོར་གྱུར་པའི་ཚད་མ་ལྟ་ཅི་
སྨོས། མངོན་སུམ་དེ་ནི་ཞེས་བྱ་བ་ནི་འབར་བའི་རྣམ་པ་ཅན་ནོ། །གང་ཞིག་འདི་འདྲ་བའི་རང་བཞིན་ཅན་དེ་ནི་འདི་འདྲ་བའི་དོན་བྱ་བ་བྱེད་པ་ཡིན་ཏེ་དཔེར་ན་སྔོན་མྱོང་བ་བཞིན་ནོ། །དེ་བཞིན་དུ་འདི་ཡང་ཡིན་ནོ་ཞེས་བྱ་བར་དོན་བྱ་བའི་ནུས་པ་འདྲ་བ་ཉིད་ནི་རྗེས་སུ་དཔག་པ་ཁོ་ནའི་ཡུལ་ཡིན་ནོ། །འོན་ཏེ་
เล่ม ๑๘๕ · หน้า 15a
ཞེས་བྱ་བ་ལ་སོགས་པས་ནི་རང་གི་ཕྱོགས་པའི་རྩོད་པ་སློང་བའོ། །བྲམ་ཟེ་ཨ་ཙ་ཊ་མ་གཏོགས་པ། གཞན་དག་ནི་དོན་བྱ་བ་གྲུབ་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་ཤེས་པ་མངོན་སུམ་ལས་གཞན་ཡིན་མོད། དེ་ཚད་མ་ནི་མ་ཡིན་ཞེས་བྱ་བར་སེམས་སོ། །དེ་ཉིད་གཞུང་
འཇུག་པ་ནི་དེ་དང་ལྷན་ཅིག་ཡོད་དོ་ཅོག་ཅེས་བྱ་བའོ། །གལ་ཏེ་ལུས་ལ་སོགས་པ་ནི་བེམས་པོ་ཡིན་པའི་ཕྱིར་རོ་ཞེས་ལན་འདེབས་པ་ནི་ཤེས་པ་ཉིད་ཡིན་པ་ལ་ནི་དགོས་པ་མེད་པའི་ཕྱིར་རོ། །དངོས་པོའི་རང་བཞིན་མངོན་སུམ་གྱིས་བཟུང་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདིར་སྨྲས་པ་ཞེས་བྱ་བ་
ནི་སུན་འབྱིན་པའོ། །གལ་ཏེ་ཉེ་བར་མཁོ་བ་ཙམ་ནི་ལུས་ལ་སོགས་པ་ཡང་ཉམས་པ་མེད། དེས་ན་ཤེས་པ་ཉིད་ཀྱི་ཁྱད་པར་དུ་བྱས་པ་ཡིན་ན། དེ་ལ་ནི་རྣམ་པར་རྟོག་པ་མེད་པའི་ཤེས་པ་ལ་ལྟོས་ཏེ། ཉེ་བར་མཁོ་བ་མེད་པ་ཉིད་བརྗོད་ཟིན་པ་ཉིད་དོ་སྙམ་ན། དེ་ཉིད་ལ་འདི་སྐད་ཅེས་བརྗོད་པར་བྱ་
སྟེ། གལ་ཏེ་མངོན་སུམ་ལ་ལྟོས་ན་རྣམ་པར་རྟོག་པ་ཉེ་བར་མཁོ་བ་མེད་པ་ཡིན་ནོ། །དེ་མེད་པར་ཡང་མངོན་སུམ་འཇུག་པར་བྱེད་པར་ཇི་ལྟར་མི་འགྱུར། ཇི་སྲིད་དོན་བྱ་བར་ནུས་པ་ཉིད་སྦྱོར་བར་མི་བྱེད་པ་དེ་སྲིད་དུ་ནི་མཐོང་བའི་དངོས་པོ་ལ་ཡང་འཇུག་པ་སུ་ཡང་མེད་དེ། འགྲོ་བ་ན་རྩ་ལོ་རག་པ་ལ་སོགས་
པ་བཞིན་ནོ་ཞེས་སོ། །ཅི་སྟེ་ཞེས་བྱ་བ་ནི་གཞན་གྱིའོ། །རྗེས་སུ་དཔག་པ་ནི་འཇུག་པར་བྱེད་པ་མ་ཡིན་ནོ་ཞེས་སྦྱར་རོ། །ཇི་ལྟ་བུ་ཞིག་ཅེ་ན་འདྲ་བ་འཛིན་པ་གང་ཡིན་ཏེ་ངེས་པར་བྱེད་པ་དེའི་རང་བཞིན་ཏེ། དེའི་རང་བཞིན་གྱི་རྗེས་སུ་དཔག་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ནུས་པའི་རྣམ་པར་རྟོག་པ་ནི་
ཡོད་ཀྱང་མངོན་སུམ་ཙམ་ལས་སྐྱེས་པ་ཡིན་གྱི་དེའི་རང་བཞིན་གྱི་རྟགས་ལ་བརྟེན་པ་ནི་མ་ཡིན་ཏེ། འདི་ལྟར་མོད་ཁོ་ནར་མངོན་སུམ་ཙམ་ལས་སྐྱེ་བར་ཉམས་སུ་མྱོང་བ་དེའི་རང་བཞིན་གྱི་ཕྱིར་འདི་ནི་དྲན་པ་ཙམ་ཡིན་གྱི་ཚད་མ་ནི་མ་ཡིན་ནོ། །དེ་ཡང་མི་བདེན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དོན་ནི་
འདི་ཡིན་ཏེ་གལ་ཏེ་ཡང་གོམས་པའི་གནས་སྐབས་ན་རྟགས་དང་རྟགས་ཅན་གྱི་དངོས་པོར་ལྷག་པར་ཞེན་པར་མ་ཚོར་བར་དེ་ལྟ་ན་ཡང་། དང་པོའི་འཇུག་པ་ལ་ནི་དེའི་རང་བཞིན་གྱིས་རྗེས་སུ་དཔག་པ་མེད་ན་མོད་ཁོ་ནར་ལྷག་པར་ཞེན་པ་དེ་ཉིད་རྣམ་པ་ཐམས་ཅད་དུ་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་
เล่ม ๑๘๕ · หน้า 15b
ནོ། །གཞན་དག་བསམ་པ་མི་རིག་ནས། རྣམ་པ་ཐམས་ཅད་དུ་མངོན་སུམ་འཇུག་པར་བྱེད་པ་ཉིད་ཡིན་པ་འགོག་པ་ཡིན་ནོ་སྙམ་པས་དང་པོ་མ་ཡིན་ཡང་ཞེས་སོ། །འདི་གླེན་པའི་གཏམ་དང་འདྲ་བར་བྱས་ནས་བཞད་གད་དུ་བྱེད་པ་ནི་འདི་ཞེས་བྱ་བའོ། །དེ་ཉིད་སྟོན་པ་ནི་གལ་ཏེ་ཞེས་བྱ་བའོ། །
གལ་ཏེ་དུས་གཉི་གར་ཡང་མངོན་སུམ་གྱིས་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ལ་འགལ་བ་ཅི་འདྲ་བ་ཞིག་ཡོད་སྙམ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་སུམ་མི་གསལ་བ་ལས་ནི་དེའི་རང་བཞིན་ལས། དམིགས་པ་མེད་པར་ཡང་དང་པོ་འཇུག་པ་ཉིད་མེད་པའི་ཕྱིར་ན་གོམས་པ་
མེད་ལ། དེ་མེད་པའི་ཕྱིར་ན་ཕྱིས་ཤིན་ཏུ་གསལ་བ་མངོན་སུམ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །འཇུག་པར་བྱེད་པ་ཉིད་དོ་ཞེས་བྱ་བ་འདིས་ནི་མི་ལྡན་པ་རྣམ་པར་གཅོད་པ་བརྗོད་པ་ཡིན་ནོ། །གོམས་པའི་གནས་སྐབས་ན་ཡང་དེའི་རང་བཞིན་ཅན་གྱི་
རྗེས་སུ་དཔག་པ་ཉིད་འཇུག་པར་བྱེད་པ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་མཁོ་བ་མེད་ཅེས་ཏེ་གཞན་ཚེའི་མཁོ་བ་མེད་པ་ཡིན་ཞེས་དེ་མ་ཐག་ཁོ་ནར་འཆད་པར་འགྱུར་རོ། །ཊཱི་ཀཱ་མཛད་པ་དེ་ནི་ཚེ་ཡང་མངོན་སུམ་ཁོ་ནར་འཇུག་པར་བྱེད་པ་ཡིན་གྱི་དེའི་རང་བཞིན་ཅན་རྗེས་སུ་དཔོག་པ་ནི་མ་
ཡིན་ནོ་སྙམ་དུ་དོགས་པ་ཡིན་ནོ། །གལ་ཏེ་ཡང་གོམས་པའི་གནས་སྐབས་ཀྱི་དབང་དུ་བྱས་པ་ཉིད་ཀྱིས་སྔོན་གྱི་རང་བཞིན་དང་ཆོས་མཚུངས་པ་ལས་དེ་ལྟར་རྟོགས་པ་རྗེས་སུ་དཔག་པ་ནི་མ་ཡིན་ཏེ་དོན་ལྐོག་ཏུ་མ་གྱུར་པའི་ཕྱིར་ནོར་བུ་དང་དངུལ་ལ་སོགས་པའི་གཟུགས་རྟོགས་པ་བཞིན་ནོ་ཞེས་གསུངས་པ་
དེ་ལྟ་ན་ཡང་ཕྱིས་ཐེ་ཚོམ་ཟ་བའི་མངོན་སུམ་པའི་སྐབས་ཡིན་པའི་ཕྱིར་རོ། །མངོན་སུམ་མེད་ན་ཡང་ཞེས་བྱ་བ་ནི། རྗེས་སུ་དཔག་པར་བྱ་བའི་མེའི་ཡུལ་ཅན་མེད་པར་རོ། །དེ་ཡང་ཞེས་བྱ་བ་ནི་མངོན་སུམ་ཡང་ངོ་། །རྗེས་སུ་དཔག་པ་ལས་འཇུག་པའི་དུས་ན་ནི་དེའི་ཡུལ་ཅན་གྱི་མངོན་སུམ་ཡོད་པ་མ་ཡིན་
ནོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །དེ་མེད་པར་ནི་རྗེས་སུ་དཔག་པ་མེད་པར་རོ། །དེ་མེད་པར་ཡང་ཞེས་བྱ་བ་ནི་རྗེས་སུ་དཔག་པ་མེད་པར་ཡང་ངོ་། །དེ་གྲུབ་པ་ནི་མངོན་སུམ་གྱིས་འགྲུབ་པའོ། །རྗེས་སུ་དཔག་པ་ནི་གདོན་མི་ཟ་བར་ཕྱོགས་ཀྱི་ཆོས་ལ་སོགས་
เล่ม ๑๘๕ · หน้า 16a
པའི་རྒྱུ་མཚན་དུ་མངོན་སུམ་ལ་ལྟོས་པ་ཡིན་གྱི། གོམས་པས་སྐྱེད་པའི་མངོན་སུམ་ནི་དེ་ལ་ལྟོས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དགོས་པའི་དོན་ཏོ། །འདིར་ཡང་རྣམ་པ་ཐམས་ཅད་དུ་རྗེས་སུ་དཔག་པ་ལ་སྐུར་པའམ། མངོན་སུམ་གཙོ་བོར་འགྲུབ་པར་འགྱུར་གྲང་། དེ་ལ་སྔར་
བརྗོད་པ་དྲན་པར་བྱེད་པས་ཕྱེད་སྔ་མས་ཕྱོགས་དང་པོ་འགོག་ལ་གཉིས་པ་ནི་ཕྱེད་ཕྱི་མས་སོ། །དེ་ཕྱིར་བྱ་བ་ནི་རྗེས་སུ་དཔག་པའི་དྲིན་གྱིས་མངོན་སུམ་གསལ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱེད་པ་ནི་གཞན་ཚེ་ཞེས་བྱ་སྟེ། གསལ་བའི་གནས་སྐབས་ཀྱི་ཚེའོ། །གཞན་ཚེ་ཞེས་བྱ་བ་ནི་མ་
གོམས་པའི་ཚེ་ནའོ། །འོན་ཏེ་དེའི་ཚེ་རྗེས་སུ་དཔག་པ་མི་དགོས་པ་ཉིད་དོ་སྙམ་ན། གོམས་པ་མེད་པར་ཞེས་གསུངས་སོ། །འོན་ཏེ་ཉེ་བར་མཁོ་བ་མེད་ཀྱང་དོན་དུ་ཉེ་བར་འགྱུར་རོ་སྙམ་ན། མཁོ་བ་མེད་ན་ཞེས་གསུངས་སོ། །འོན་ཏེ་དོན་དུ་གཉེར་བའི་ཡུལ་གྱི་རྗེས་སུ་དཔག་པ་ཡང་ཉེ་བར་མི་མཁོ་བ་ཉིད་དོ་
སྙམ་ན། དངོས་པོ་དོན་དུ་གཉེར་བའི་ཡུལ་ཞེས་གསུངས་སོ། །འདི་ནི་བྲམ་ཟེ་ཨ་ཙས་ཀྱང་དེའི་རང་བཞིན་ཅན་གྱི་རྗེས་སུ་དཔག་པ་ནི་མ་གོམས་པའི་གནས་སྐབས་ཁོ་ནར་ཡིན་ནོ་ཞེས་ཁྱད་པར་བརྗོད་པར་རིགས་སོ་ཞེས་བསྟན་ཏོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཡང་རྗེས་སུ་
དཔག་པ་ཉེ་བར་མཁོ་བ་དེ་ལྟ་ན་ཡང་དེར་མངོན་སུམ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེ་ཉིད་གཙོ་བོ་ཡིན་ནོ་ཞེས་བྱ་བའོ། །ཕྱེད་ཕྱི་མས་ནི་གྲུབ་པའི་མཐའོ། །བསྒྲུབ་པར་བྱ་བ་གཞན་གྱི་ཁྱད་པར་དུ་གྱུར་པའི་མཚན་ཉིད་ཀྱི་ཚུལ་འདི་ཉིད་ལས་ཏེ། རིམ་པ་འདི་ཉིད་ལས་འདའ་བར་མི་འགྱུར་རོ། །གང་དུ་ཞེ་ན་
ཡུལ་རྟགས་ལའོ། །ཚུལ་གསུམ་པ་ཉིད་ཀྱི་ངེས་པ་འཇུག་པའི་དོན་དུའོ་ཞེས་བྱ་བའི་དོན་དུའོ། །གལ་ཏེ་རྗེས་སུ་དཔག་པ་དེ་ཡང་མངོན་སུམ་སྐྱེ་བ་ཉིད་ཀྱི་འབྲས་བུ་དང་བཅས་པ་མ་ཡིན་ནམ་དེས་ན་གལ་ཏེ་མངོན་སུམ་འགའ་ཞིག་རྗེས་སུ་དཔག་པ་སྐྱེད་པའི་ཡན་ལག་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་། སླར་དེ་ཉིད་ཀྱི་
མཐར་ཐུག་པ་ཡིན་ཏེ། རྗེས་སུ་དཔག་པ་མངོན་སུམ་བྱས་ན་ཡང་རྗེས་སུ་དཔག་པ་དོན་དུ་གཉེར་བ་ཡོད་པ་མ་ཡིན་གྱི། རྗེས་སུ་དཔག་པ་ལ་ནི་གདོན་མི་ཟ་བར་རོ་མངོན་སུམ་དོན་དུ་གཉེར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པས་ཅི་བྱ། འོན་ཏེ་རྗེས་སུ་དཔག་པ་ཐམས་ཅད་ནི་མངོན་སུམ་དུ་བྱ་བ་མ་ཡིན་
เล่ม ๑๘๕ · หน้า 16b
ནོ་ཞེ་ན། །འོ་ན་ནི་རྗེས་སུ་དཔག་པ་སྟེ་གལ་ཏེ་འབྲས་བུ་འགའ་ཞིག་གི་དབང་དུ་བྱས་ནས་བཏོན་ན་དེའི་ཚེ་དེ་ཐོབ་པ་ཉིད་ཀྱིས་དེ་འབྲས་བུ་དང་བཅས་པར་འགྱུར་ལ། ཐོབ་པ་ཡང་མངོན་སུམ་གྱི་རང་བཞིན་ཁོ་ནའོ། །འདོད་རྒྱལ་དུ་ཐོབ་པའམ། བསྙོན་པས་འཇུག་པ་ནི་བླང་བར་བྱ་བ་མ་ཡིན་པ་ཁོ་ནའོ། །དེ་ལ་
ཇི་ལྟར་འཇུག་པར་བྱེད་པའི་མངོན་སུམ་དུ་བྱ་བ་སྣང་བའི་མངོན་སུམ་གྱི་འབྲས་བུ་དང་བཅས་པ་དེ་བཞིན་དུ་རྗེས་སུ་དཔག་པ་ཡང་མངོན་སུམ་གྱིས་ཡིན་ནོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་པས་ན་མངོན་སུམ་ནི་གཙོ་བོ་ཡིན་ལ་རྗེས་སུ་དཔག་པ་ནི་སྒྲུབ་པར་བྱེད་པ་ཉིད་ཀྱིས་ན་ཡན་ལག་ཡིན་ནོ་ཞེས་བྱ་བར་རིགས་སོ། །དེ་
ལྟ་ཡིན་དང་རྒྱུའི་གནས་སྐབས་ནི་རྗེས་སུ་དཔག་པ་ཡིན་ལ་འབྲས་བུའི་གནས་སྐབས་ནི་མངོན་སུམ་ཡིན་ནོ་ཞེས་བྱ་བ་གྲུབ་པའི་མཐའ་ཡིན་ཏེ། དེས་ན་གཉི་ག་མཚུངས་པར་ཇི་ལྟར་འགྱུར་ཞེས་དགོངས་པ་ལ་འཇུག་པ་བསྡུ་བའི་ཚུལ་གྱིས་སེལ་བ་བརྗོད་པ་ནི། དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་
ཡང་ཚད་མ་ཡིན་ནོ་ཞེས་བྱ་བའོ། །དགོས་པ་ནི་འདི་ཡིན་ཏེ། དངོས་པོ་པའི་གཙོ་བོ་དང་ཕལ་པའི་དངོས་པོ་དཔྱོད་པའི་སྐབས་ནི་མ་ཡིན་གྱི་འོན་ཀྱང་ཚད་མའོ། །དེ་ལ་ནི་གཉི་ག་ཡང་དོན་རྟོགས་པ་དང་འཇུག་པའི་རྒྱུ་ཡིན་ནོ། །གཞན་སྐྱེ་བ་ལ་ཡན་ལག་ཡིན་ནོ། །ཚད་མ་ནི་གཙོ་བོ་དང་ཕལ་པའི་དངོས་པོ་ཅུང་ཟད་ཀྱང་
མེད་དོ། །ཡན་ལག་ཉིད་དུ་མཚུངས་པ་ནི་དེ་ཙམ་ཞིག་རྟོགས་པར་བྱ་བ་ལ་བརྗོད་པ་ཡིན་ནོ། །གལ་ཏེ་ཚད་མ་ལ་ཡང་ཁྱད་པར་ཡོད་པ་ཉིད་དེ་འདི་ལྟར་རྗེས་སུ་དཔག་པ་ནི་མངོན་སུམ་ཡོད་པ་ལ་འཇུག་པ་ཡིན་ཏེ། དེ་གནོད་པའམ་བསྒྲུབ་པ་ལ་དེའི་སྐབས་མེད་པའི་ཕྱིར་རོ། །མངོན་སུམ་ནི་རྗེས་སུ་དཔག་པ་ཡོད་
པ་དང་མེད་པ་ལ་མི་ལྟོས་སོ་སྙམ་དུ་དོགས་ན་རང་གི་ཡུལ་ལ་ཞེས་གསུངས་སོ། །མངོན་སུམ་ཞུགས་པའི་ཡུལ་ལ་ནི། རྗེས་སུ་དཔག་པ་འཇུག་པ་མ་ཡིན་ཏེ། ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྗེས་སུ་དཔག་པའི་ཡུལ་ལ་ནི་མངོན་སུམ་གྱིས་གནོད་པ་མ་ཡིན་ཏེ། མངོན་སུམ་དང་ལྐོག་ཏུ་གྱུར་པའི་ཡུལ་
དབྱེ་བས་གཉི་ག་རྣམ་པར་གནས་པ་ཡིན་པའི་ཕྱིར་རོ། །མངོན་སུམ་གྱིས་གནོད་པའི་ཐ་སྙད་ཀྱི་རྗེས་སུ་དཔག་པའི་ཡུལ་མ་ཡིན་པ་ཉིད་སྟོན་པ་ཡིན་ནོ། །དེའི་ཕྱིར་གཉི་ག་ཡང་ཁྱད་པར་མེད་པ་ཡང་ཚད་མ་ཉིད་ཡིན་ནོ། །གཉིས་མེད་པ་ལ་ནི་རྗེས་སུ་དཔག་པ་ལ་སོགས་པ་ཡོད་པ་ཡིན་ཏེ། དེ་ཉིད་ཀྱི་
เล่ม ๑๘๕ · หน้า 17a
ཕྱིར་གཙོ་བོ་དང་ཅིག་ཤོས་ཡོད་པ་མ་ཡིན་ནོ། །འདི་ཉིད་བརྗོད་པ་ནི་དེ་ཁོ་ན་ལྟར་འཇིག་རྟེན་པ་ལ་གྲགས་པའི་ཕྱིར་རོ་ཞེས་བྱ་བའོ། །ཡང་དག་པའི་ཐ་སྙད་ལ་བརྟེན་པས་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ཚུ་རོལ་མཛེས་པ་པའི་དོགས་པ་བསུ་བ་དེ་ཅི་སྟེ་ཞེས་
བྱ་བའོ། །དེ་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །དབང་པོའི་མངོན་སུམ་ཚད་མར་འདོད་ན་རིགས་པ་མཚུངས་པས་ན་རྗེས་སུ་དཔག་པས་ཚད་མ་ཡིན་པར་ནན་གྱིས་འགྲུབ་པོ་ཞེས་སྟོན་པ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །མདོར་བསྡུ་ན་བརྡ་སྤྲོད་པ་ལ་
ཡང་ལན་འདི་ཉིད་ཡིན་ནོ། །ཚུ་རོལ་མཛེས་པ་ལ་ཁ་ཅིག་མ་མཐོང་བ་འཇིག་རྟེན་ཕ་རོལ་ལ་སོགས་པའི་ཡུལ་ཅན་རྗེས་སུ་དཔག་པ་ནི་འགོག་ལ། །མཐོང་བའི་ཡུལ་ཅན་དུ་བ་ལ་སོགས་པ་ལ་རྗེས་སུ་དཔག་པ་འདོད་ལ། དེ་ལ་ཡང་མཐོང་བའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་དག་འཇུག་པ་མཚུངས་པ་
ཉིད་ཡིན་ཡང་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །མཐོང་བའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་ཡང་ཚུལ་གསུམ་པ་ཡོངས་སུ་དག་པའི་དབང་ཉིད་ཀྱིས་འཇུག་པར་བྱེད་པ་ཡིན་ལ། དེ་ནི་མ་མཐོང་བའི་ཡུལ་ལ་ཡང་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །འདིར་མངོན་སུམ་དང་ཅིག་ཤོས་གཉི་ག་ཞེས་བྱ་བ་མངོན་སུམ་
སྨོས་པ་ནི་དཔེར་བརྗོད་པའི་དོན་ཏོ། །དེ་ནི་སྤང་བར་ནུས་པ་མ་ཡིན་ཏེ་མཐོང་བ་དང་འགལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མངོན་སུམ་ཚད་མར་ཇི་ལྟར་འགྱུར། འོན་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་ནི། འོ་ན་མཐོང་བའི་རྗེས་སུ་དཔག་པར་ཡོད་ཀྱང་མངོན་སུམ་ཉིད་ལ་འཇུག་པར་འགྱུར་བ་དེས་ན་
འཇུག་པ་ལ་མཚུངས་པ་ཞེས་བྱ་བ་འདི་མ་གྲུབ་པར་དོགས་པ་བསུ་བའོ། །མངོན་སུམ་མ་ཡིན་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །དེ་ཡང་མི་བདེན་ཏེ་ཞེས་བྱ་བ་ནི་སུན་འབྱིན་པའོ། །རང་གི་ཕྱོགས་ལ་རྗེས་སུ་ཆགས་པས་ཉམས་སུ་མྱོང་བས་ཁྱད་པར་དུ་བསད་ནས། རང་གི་ཕྱོགས་བསལ་བ་ཡང་རྩིས་ཁོངས་སུ་མི་
འཇུག་སྟེ། ཉམས་སུ་མྱོང་བ་ནི་མངོན་སུམ་ཡིན་པའི་ཕྱིར་རོ། །དེ་ཉིད་དེ་ལ་ཞེས་བྱ་བ་ལ་སོགས་པས་བསྟན་པར་བྱའོ། །དེའི་ཚེ་ནི་གདོན་མི་ཟ་བར་དྲན་པའི་རང་བཞིན་གྱི་ངེས་པར་འགྱུར་བ་ཡིན་ཏེ། དེ་ནི་དེ་ཙམ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །འགའ་ཡང་ཞེས་བྱ་བ་འདིས་ནི། འཇིག་རྟེན་དང་འགལ་བ་ཡང་
เล่ม ๑๘๕ · หน้า 17b
སྟོན་པར་བྱེད་པ་ཡིན་ནོ། དེ་ལྟར་རྟོགས་པའི་འགལ་བར་བསམས་པས། རྣམ་པ་གཞན་ཡང་བརྗོད་པ་ནི། །མངོན་སུམ་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་ཞེས་བྱ་བ་དེའི་ཆོས་གཞན་གྱི་རང་བཞིན་རྗེས་སུ་འགྲོ་ལྡོག་དང་བཅས་པའི་ཡོད་པ་ཉིད་ཡིན་པར་འདོད། ཕྱོགས་དང་པོར་ནི་མངོན་སུམ་
ལ་ཡང་མེད་དོ། །གཉིས་པ་ནི་རྒྱུ་ཐམས་ཅད་ཀྱི་ཐུན་མོང་བ་ནི་རྗེས་སུ་དཔག་པའི་ཡང་འཇུག་པ་ལ་ཡོད་པ་ཡིན་ནོ། །དེ་ལྟར་རྣམ་པ་ཅི་ཞིག་ལྟར་རྗེས་སུ་དཔག་པར་མ་སྐྱེས་པ་ནི། དོན་དུ་གཉེར་ཡང་རྒྱུ་ལ་མི་འཇུག་པ་ཡིན་ནོ། །གལ་ཏེ་ཡོད་པ་ལས་མ་གཏོགས་པའི་བྱེད་པ་མེད་ན། འོ་ན་རྒྱུ་འབྲས་བུ་ལ་
བྱེད་པ་དང་བཅས་པ་ཡིན་ནོ་ཞེས་ཇི་ལྟར་བརྗོད་སྙམ་ན། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྟེ། སྣ་ཚོགས་འདི་ནའོ། །སྣ་ཚོགས་ལ་སོགས་པའི་ཐ་སྙད་ནི་དེ་ཙམ་དུ་ཟད་པ་ཡིན་ནོ། །དེ་ལྟར་ནི་མི་འཐད་པ་ཡང་ཅི་ཡང་མེད་དོ། །དེ་ལྟ་མ་ཡིན་ན་བྱེད་པ་མེད་པའམ། བྱེད་པ་དང་བཅས་པ་
ལས་ཇི་ལྟར་བྱེད་པར་འགྱུར། མངོན་སུམ་གྱི་བྱེད་པས་རྗེས་སུ་དཔག་པ་ལ་བསྙོན་འདེབས་པ་རྣམ་པ་གཞན་གྱི་སྒོ་ནས་བཟློག་པའི་དོན་དུ་གཞན་ཡང་ཞེས་གསུངས་སོ། །འདིར་ཡང་ན་འཇིག་རྟེན་གཞན་ཁས་བླངས་པ་ལ་ཡང་ངོ་། །འབྲེལ་པའི་སྤྲོས་པ་ནི་གོ་བར་བླའོ། །འོ་ན་རྗེས་སུ་དཔག་པ་ཚད་མ་མ་
ཡིན་པ་ཇི་ལྟར་སྤོང་སྙམ་ན། རྗེས་དཔག་ཚད་མ་ཉིད་མིན་ན། །ཞེས་གསུངས་སོ། །རྗེས་སུ་དཔག་པ་ཚད་མར་མི་སྒྲུབ་པར་ཅིའི་ཕྱིར་སྙམ་ན། འདི་ལྟར་ཞེས་གསུངས་སོ། །གང་ཡིན་པ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལ་སོགས་པའོ། །གཞན་མངོན་སུམ་ཡིན་པའི་ཕྱིར་གཞན་ལ་མངོན་སུམ་ཡིན་པར་
ནི་འཐད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །ཇི་ལྟར་དུ་བ་མཐོང་བ་ལ་ཚད་མ་ཡིན་པ་དེ་བཞིན་དུ་ཐམས་ཅད་ལ་ཡིན་པར་འགྱུར་རོ། །དེས་ན་གལ་ཏེ་རྟགས་ཀྱི་མངོན་སུམ་གྱིས་ལྐོག་ཏུ་གྱུར་པ་ཡང་འགྲུབ་ན་ཡང་དེའི་ཚེ་ལྐོག་ཏུ་གྱུར་པ་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་ལྟ་ཡིན་
ན་ཅི་སྙམ་ན། །ཐམས་ཅད་དོན་ཀུན་རིགས་པར་འགྱུར། །ཞེས་གསུངས་སོ། །འབྲེལ་པ་མེད་ཕྱིར་ཞེས་བྱ་བ་ནི་གཞན་གྱིས་དོགས་པ་སྟེ། ཐམས་ཅད་རིགས་པར་འགྱུར་བ་མིན་ནོ། །འབྲེལ་པ་མེད་པའི་ཕྱིར་ཞེས་བྱ་བའི་གཞུང་འདིས་ནི་དྲན་པ་མེད་པ་ཡང་ཉེ་བར་མཚོན་པའོ། །ལན་ནི་འོ་ན་ཞེས་བྱ་བའོ། །
เล่ม ๑๘๕ · หน้า 18a
དེ་ལྟར་རང་རིག་པས་ཡུལ་རྣམ་པ་གཉིས་གྲུབ་པར་དམ་བཅས་ཏེ། རྣམ་པར་རྟོག་པ་དང་མི་རྟོག་པ་གཉིས་ཐ་དད་པར་བསྒྲུབ་པས་འོངས་པ་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་ལ་ལོག་པར་རྟོགས་པ་གཞན་དག་ཀྱང་བཀག་ནས་སྐབས་སུ་བབ་པ་མཇུག་སྡུད་པ་བརྗོད་པ་ནི་དེའི་ཕྱིར་
ཞེས་བྱ་བའོ། །གལ་ཏེ་ཡུལ་གྱི་དབྱེ་བ་བརྗོད་པར་བྱ་བ་ཡིན་ལ་དེ་ནི་རྣམ་པ་གཅིག་གིས་ཀྱང་འགྲུབ་པ་མ་ཡིན་ནམ། དེས་ན་ནུས་པ་ལ་སོགས་པ་རྣམ་པ་བཞི་ཉེ་བར་བཀོད་པས་ཅི་བྱ་སྙམ་དུ་བསུ་ནས་རེ་ཞིག་བརྗོད་མ་ཐག་པ་གསུམ་ནི་གཏན་ཚིགས་གསུམ་ལ་ལྟོས་ནས་ཡིན་ནོ་ཞེས་སྟོན་པ་ནི་
འདིས་ནི་ཞེས་བྱ་བ་སྟེ་འདུ་བའི་རང་བཞིན་ཉེ་བར་བཀོད་པས་སོ། །གལ་ཏེ་དཔེ་དང་འདྲ་བ་ཉིད་ཅེས་བྱ་བ་གཏན་ཚིགས་གསུམ་གའི་ཡང་ཡུལ་མ་ཡིན་ནམ། དེ་ཇི་ལྟར་ན་འདིས་ནི་འབྲས་བུའི་གཏན་ཚིགས་ཀྱི་ཡུལ་བསྟན་ཏོ་ཞེས་བརྗོད་ཅེ་ན། བདེན་ཏེ་འདྲ་བ་ནི་གཉིས་ཏེ་དངོས་པོའི་དང་ཆོས་ཙམ་གྱི་
སྟེ་ཐ་སྙད་ལས་ཡིན་ནོ། །འབྲས་བུའི་གཏན་ཚིགས་ལས་ནི་མེ་ལ་སོགས་པའི་དངོས་པོ་ཉིད་དཔེ་ལ་མཐོང་བ་དང་འདྲ་བར་རྟོག་པའི་ཕྱིར་དངོས་པོ་ལ་བརྟེན་པ་བརྗོད་ལ། རང་བཞིན་ནམ་མི་དམིགས་པ་ལ་ནི་ཆོས་ལ་བརྟེན་པ་ཉིད་དོ། །དེ་ལ་དང་པོ་ནི་ཆོས་ཅན་གྱི་རང་བཞིན་ལས་ཐ་དད་པར་རང་གི་ངོ་བོ་སྣང་
བའི་ཕྱིར་ན་དེ་ལ་བརྟེན་པའི་འདྲ་བ་ཡང་དངོས་སུ་མཐོང་བར་རྣམ་པར་གཞག་གོ། །ཆོས་ཙམ་གྱིས་ནི་དེ་ལས་བཟློག་པའི་ཕྱིར་ན་བཏགས་པ་ཙམ་ཡིན་ནོ། །གལ་ཏེ་ཡང་དེ་ཁོ་ནར་འདྲ་བ་ཐམས་ཅད་བཏགས་པ་ཁོ་ན་ཡིན་པ་དེ་ལྟ་ན་ཡང་རྟོགས་པ་དང་དངོས་པོ་ལ་བརྟེན་པར་རློམ་པའི་ཕྱིར་ན་འདྲ་བའི་བློས་ནི་
དངོས་པོ་ལ་བརྟེན་པའི་འདྲ་བ་ཉིད་དུ་ཡུལ་དུ་བྱེད་པ་ཡིན་ནོ། །དེས་ན་དེ་ཙམ་གྱི་འབྲས་བུའི་གཏན་ཚིགས་ཀྱི་དབང་དུ་བྱས་ནས་འདྲ་བའི་རྣམ་པར་བརྗོད་པར་འོས་པ་ཡིན་ནོ། །དེ་བཞིན་དུ་སྒྲའི་ཡུལ་ཉིད་ཀྱང་སྒྲ་ལས་བྱུང་བའི་ཤེས་པས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཤིང་ལ་སོགས་པའི་ཚིག་བརྗོད་པ་
ལས་ཡལ་ག་ལ་སོགས་པ་དང་ལྡན་པའི་དོན། སྒྲ་ལས་བྱུང་བའི་ཤེས་པ་ལ་རྟོག་པ་ན་དེའི་ཡུལ་དུ་རྣམ་པར་གཞག་པ་ཡིན་ནོ། །དེས་ན་དེའི་ཡུལ་ཉིད་ནི་དེའི་རྟོགས་པ་ལ་སྣང་བ་ཉིད་དེ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་པས་ན། དེའི་ཁྱབ་པར་བྱེད་པ་དང་གོ་བར་བྱ་བ་ཡང་ཡིན་ནོ། །དེ་ལ་སྒྲ་ལས་བྱུང་
เล่ม ๑๘๕ · หน้า 18b
བའི་ཤེས་པས་རྟོགས་པར་བྱ་བ་ཞེས་བྱ་བ་ནི། སྒྲ་ལས་བྱུང་བའི་རྟོགས་པ་ལས་སྡང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བརྗོད་པ་ནི་སྒྲ་ལས་བྱུང་བའི་ཤེས་པ་དེ་ཉིད་ཀྱང་ཞེས་བྱ་བ་སྟེ། ཆོས་ཅན་གྱི་ཆོས་སྣང་བ་བསྟན་པར་བལྟ་བར་བྱ་སྟེ། སྒྲ་ལས་བྱུང་བའི་རྟོགས་པ་ལ་སྣང་བ་ནི་སྣང་བ་ཅན་གྱི་དོན་སྒྲའི་
རྟོགས་པའི་ཡུལ་ཉིད་དུ་རྟོགས་པར་བྱེད་པ་ཡིན་ནོ། །དོན་གང་ཞིག་ཤེས་པ་གང་ལ་སྣང་བ་ཅན་དེ་ནི་དེའི་ཡུལ་ཡིན་ཏེ། དཔེར་ན་དབང་པོའི་ཤེས་པ་ལ་སྣང་བ་ཅན་གྱི་རང་གི་མཚན་ཉིད་དེའི་ཡུལ་ཡིན་པ་བཞིན་ནོ། །ཕྱིར་མངོན་པར་འདོད་པ་ལ་ཡང་སྒྲ་ལས་བྱུང་བའི་ཤེས་པ་ལ་སྣང་བ་ཅན་ཡིན་ནོ་ཞེས་བྱ་བ་ཐ་
སྙད་སྒྲུབ་པའོ། །གལ་ཏེ་མེའི་ཚིག་གི་དོན་འབྲས་བུའི་གཏན་ཚིགས་ཀྱི་ཡུལ་མ་ཡིན་ནམ། གང་གིས་ན་སྒྲའི་ཡུལ་ཉིད་ཀྱིས་རང་བཞིན་གྱི་གཏན་ཚིགས་ཁོ་ནའི་ཡུལ་དུ་བརྗོད་པར་ཁྱད་པར་ཡང་ཅི་ཞིག་ཡོད་སྙམ་ན། དེ་ལྟ་ནི་མ་ཡིན་ཏེ། གཏན་ཚིགས་གཞན་ལ་ལྟོས་ནས་ཁྱད་པར་ཡོད་པའི་
ཕྱིར་རོ། །དཔེར་ན་འདི་ན་མེ་ཡོད་དོ་ཞེས་བྱ་བ་འདིར་དུ་བ་ལ་སོགས་པ་ལ་ལྟོས་པ་དེ་བཞིན་དུ་ཤིང་ལ་སོགས་པའི་ཚིག་ཐོས་པ་ན་ནི་ཡལ་ག་དང་ལྡན་པ་ལ་སོགས་པའི་སྤྱི། དེའི་ཡུལ་ཅན་གྱི་ཐ་སྙད་དུ་བྱ་བ་ལ་གཏན་ཚིགས་གཞན་ལ་མི་ལྟོས་ཏེ་དེའི་རྣམ་པར་སྣང་བ་ཙམ་གྱིས་དེ་བཞིན་དུ་རྣམ་པར་འཇོག་པའི་
ཕྱིར་རོ། །ངག་གི་དོན་ལ་ནི་ཐམས་ཅད་དུ་སྒྲུབ་པ་དང་རྗེས་བརྗོད་པ་ཡོད་པའི་ཕྱིར་ན་རང་བཞིན་ཁྱད་པར་ཅན་གྱི་རྗེས་སུ་དཔག་པ་ཡང་གཞན་ལ་ལྟོས་པ་མེད་དོ། །དཔེར་ན་བ་ལང་འདི་ནི་དཀར་པོ་ཡིན་ནོ། །བ་ལང་ཁྱེར་ལ་ཤོག་ཅིག་ཅེས་བྱ་བ་འདིར་བ་ལང་རྗེས་སུ་བརྗོད་ནས་དཀར་པོའི་ཐ་སྙད་དུ་ཡུལ་དུ་རུང་
བར་སྒྲུབ་པའི་ཕྱིར་རོ། །རྟོགས་པ་བཞིན་ནོ། །ཁ་ཅིག་དུ་ནི་ཁྱད་པར་གཞན་ཡང་རྟོགས་ཏེ། དཔེར་ན་བ་མེན་ནི་བ་ལང་དང་འདྲའོ་ཞེས་བྱ་བ་འདིར་མིང་ཙམ་གྱིས་གྲུབ་པའི་བ་མེན་ལ་བ་ལང་དང་འདྲ་བར་རྟོགས་པར་བྱེད་དེ་བ་ལང་འདྲ་བའི་ཐ་སྙད་ཀྱི་ཡུལ་དུ་རུང་བར་བསྒྲུབ་པའི་ཕྱིར་རོ། །ཁྱད་པར་དེ་ཉིད་སྟོན་
པ་ནི་འདི་ལྟར་ཞེས་བྱ་བའོ། །ཧི་ཞེས་བྱ་བ་ནི་ལོགས་སུ་གསལ་བ་ཞེས་བྱ་བའི་དོན་འདི་ལ་ཡིན་ནོ། །ཉེ་བར་འཇལ་བ་ཞེས་བྱ་བ་ནི་ཇི་སྐད་བརྗོད་པ་ཉེ་བར་འཇལ་བ་དག་གིས་སོ། །དེ་ལྟར་སྤྱིར་ངེས་པ་ན་བ་མེན་མཐོང་བས་ཁྱད་པར་གྱི་མཐར་ཐུག་པར་བརྗོད་པ་ནི་འདི་ནི་ཞེས་བྱ་བའོ། །དེ་ལ་བ་མེན་གྱི་
เล่ม ๑๘๕ · หน้า 19a
རང་གི་ངོ་བོ་ལ་ཡང་རྗེས་སུ་དཔག་པ་འཇུག་པ་དང་འདྲ་བ་ལ་ཡང་མངོན་སུམ་འཇུག་པར་དོགས་པ་བཟློག་པའི་དོན་དུ་དེའི་ངོ་བོ་མངོན་སུམ་དུ་ཞེས་གསུངས་སོ། །འདི་ནི་བྲམ་ཟེའི་ལུགས་ཀྱིས་འདི་དེ་དང་འདྲ་བ་ཞེས་བྱ་བ་མི་འདྲ་བའི་ཁྱད་པར་ཅན་གྱི་བ་མེན་འཛིན་པར་བྱེད་
པ་རྣམ་པར་རྟོག་པ་དང་བཅས་པ་ནི་མངོན་སུམ་གྱི་ཚད་མ་ཉིད་ཡིན་ལ། དེ་འདི་དང་འདྲའོ་ཞེས་བྱ་བ་ནི་ཉེ་བར་འཇལ་བ་ཡིན་ཏེ། དེ་ལྐོག་ཏུ་གྱུར་པའི་ཆོས་དང་ཆོས་ཅན་རྟོགས་པའི་ཕྱིར་རོ། །དེས་ན་ཇི་ལྟར་འདྲ་བ་སྒྲ་ལས་བྱུང་བའི་ཤེས་པའི་སྤྱོད་ཡུལ་ཡིན་སྙམ་དུ་དོགས་པ་བསུ་ནས་འདི་ལྟར་
ཞེས་གསུངས་སོ། །དོན་གཅིག་པ་ཉིད་ཡིན་ལ་ཞེས་བྱ་བ་ནི་གཉིས་ཀ་ལ་བརྟེན་པའི་འདྲ་བ་སྟོན་པའི་ཕྱིར་རོ། །འོན་ཀྱང་ཚིག་ཚུལ་ཙམ་ཞིག་ཐ་དད་པ་ཡིན་ཏེ། དཔེར་ན་གཅིག་གི་སྤུན་ཟླ་ཉིད་རྟོགས་ན་གཞན་གྱི་ཡང་སྤུན་ཟླ་ཉིད་རྟོགས་པ་བཞིན་ནོ། །དེ་ལ་ཡང་གཞན་གྱི་སྤུན་ཟླ་ཉིད་དོན་གྱིས་གོ་བས་
རྟོགས་པ་ཡིན་ནོ་སྙམ་ན་མ་ཡིན་ཏེ། དོན་ཐ་དད་པའི་ཕྱིར་རོ། །རྟོགས་པའི་ཚུལ་ཐ་དད་པ་ཙམ་གྱིས་དོན་ཐ་དད་པ་ནི། ཨུ་པ་གོའི་བུ་དང་ཨུ་པ་གོ་ལས་སྐྱེས་པ་ཞེས་བྱ་བ་དང་། ཆུང་མ་དང་བཙུན་མོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་དེ་ལྟར་ཐལ་བའི་ཕྱིར་རོ། །དེ་ལ་གལ་ཏེ་འདི་དེ་དང་འདྲ་བ་ཡིན་ནོ། །
ཞེས་བྱ་བ་མངོན་སུམ་ཉིད་ཡིན་ན་དེའི་ཚེ་ཡིན་ལ་རག་ན། འོན་ཀྱང་དེ་འདི་དང་འདྲ་བ་ཞེས་བྱ་བའམ་དོན་དེ་ཉིད་ཡིན་ཏེ། དེས་ན་མངོན་སུམ་གྱིས་གྲུབ་པ་ལ་ཉེ་བར་འཇལ་བས་བརྟགས་པས་ཅི་ཞིག་བྱ། གྲུབ་པའི་མཐའ་ནི་མངོན་སུམ་ནི་རྟོགས་པ་མེད་པ་ཁོ་ན་མངོན་སུམ་ཡིན་པའི་ཕྱིར་དེས་ནི་བ་ལང་ངམ་བ་
མེན་གྱི་རང་བཞིན་ངོ་བོ་ཙམ་ཞིག་རྟོགས་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱེད་སྔ་མའི་དོན་ཏོ། །ཕྱེད་ཕྱིས་མ་འཆད་པ་ནི་དེའི་རྗེས་སུ་བྱེད་པའི་ཞེས་བྱ་བའོ། །འདི་ལྟར་དེའི་རྗེས་སུ་བྱེད་པ་ཞེས་བྱ་བའི་མིང་ཙམ་གྱི་འདྲ་བ་ནི་གཉི་ག་ལ་གནས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་གང་གིས་ཁྱེད་ཀྱང་རྗེས་སུ་དཔག་
པ་དོན་དུ་གཉེར་བ་མངོན་སུམ་གྱིས་ཅི་སྟེ་མི་འཛིན་སྙམ་ན་མངོན་སུམ་གྱིས་ནི་ཞེས་གསུངས་སོ། །གཅིག་གིས་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་ཡང་མངོན་སུམ་གཉིས་ཀྱིས་གཉི་གའི་རང་བཞིན་འཛིན་པ་དེ་ལྟ་ན་ཡང་གཉི་ག་ལ་གནས་པའི་འདྲ་བ་ནི་གཅིག་གིས་ཀྱང་རྟོགས་པར་མི་ནུས་ཏེ། གཉིས་
เล่ม ๑๘๕ · หน้า 19b
པ་མཐོང་བ་མེད་པའི་ཕྱིར་རོ། །དེས་ན་རང་བཞིན་གྱི་གཏན་ཚིགས་ཁོ་ནས་རྟོགས་པ་ཡིན་ནོ་ཞེས་གནས་སོ། །རྗེས་སུ་དཔག་པའི་རྣམ་པ་བརྗོད་པ་ནི། དེ་ནི་འདི་དང་འདྲ་བ་ཞེས་བྱ་བའོ། །གལ་ཏེ་དེའི་རྣམ་པ་ཡོད་པ་ཁོ་ན་འདྲ་བ་མ་ཡིན་ནམ། ཇི་ལྟར་རྟགས་དང་རྟགས་ཅན་གྱི་དངོས་པོ་ཡིན་སྙམ་ན།
འདྲ་བའི་ཐ་སྙད་ཙམ་ཞེས་སྨོས་སོ། །སྦྱོར་བ་ནི་གང་ཞིག་གང་གི་རྣམ་པར་འཛིན་པ་དེ་ནི་དེ་ཐམས་ཅད་ནི་དེ་དང་འདྲ་བའོ་ཞེས་ཐ་སྙད་དུ་བྱ་བ་ཡིན་ཏེ། དཔེར་ན་གཡས་པ་དང་གཡོན་པའི་མཛུབ་མོ་གཉིས་ཕན་ཚུན་བཞིན་ནོ། །བ་ལང་དང་བ་མེན་ཡང་དེ་བཞིན་དུ་བྱ་བའོ། །མ་ངེས་པ་ནི་མ་ཡིན་ཏེ་འདྲ་
བའི་ཐ་སྙད་ཀྱི་རྒྱུ་མཚན་དེ་ཙམ་དུ་ཟད་པའི་ཕྱིར་རོ། །སྒྲ་ལས་བྱུང་བའི་རྟོགས་པ་ལ་སྣང་བས་རྣམ་པ་འདྲེས་པར་འཛིན་པའི་ཕྱིར་མ་གྲུབ་པ་མ་ཡིན་ཏེ། ཕྱི་རོལ་གྱི་ཐ་སྙད་ཉམས་པ་ཡང་མ་ཡིན་ཏེ་སྣང་བ་དང་རྣམ་པར་བརྟགས་པ་ངག་གཅིག་ཏུ་བྱས་པའི་ཕྱིར་རོ། །འོ་ན་དེའི་ཚེ་རྣམ་པར་རྟོག་པ་ཉིད་ཀྱི་ཆོ་
འཕྲུལ་ཡིན་པའི་ཕྱིར་དངོས་པོ་མཐོང་བ་མེད་པ་ན་གང་དང་གཅིག་ཏུ་བྱེད་པ་ལས་ཐ་སྙད་བྱེད་ཅེ་ན། དེ་ལྟ་བུའི་ཤེས་པའི་ཞེས་བྱ་བ་ལ་སོགས་པའོ། །འདི་དེ་དང་འདྲ་བའོ། །དེ་འདི་དང་འདྲ་བའི་ཞེས་བྱ་བའི་རྟོགས་པ་གཉིས་ཀྱི་རྒྱུ་མཚན་དུ་གྱུར་པ་ཞེས་བྱ་བ་དྲུག་པའི་བསྡུ་བའོ། །གང་གི་ཕྱིར་ཉམས་
སུ་མྱོང་བའི་སྒོ་ནས་དེ་འདྲ་བའི་རྣམ་པར་རྟོག་པ་སྐྱེ་བར་འགྱུར་བ་གོང་དུ་གཉིས་ལ་དེ་ལྟ་བུའི་རང་བཞིན་གྱི་ཁྱད་པར་ཡོད་པ་ནི་རྒྱུའི་ཁྱད་པར་གྱི་ནུས་པ་ཉིད་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་འདྲ་བའི་ཐ་སྙད་ལ་ཉམས་སུ་མྱོང་བ་ཉིད་ཚད་མར་འགྱུར་མོད། འདྲ་བ་གཉིས་བདག་གིས་མཐོང་ངོ་སྙམ་
པའི་རྣམ་པར་རྟོག་པའི་རང་གི་བྱེད་པ་ནི་དེ་ཉིད་ལ་སྒྲོ་འདོགས་པའི་ཕྱིར་རོ་སྙམ་ན། བདེན་ཏེ་གསལ་བའི་གནས་སྐབས་ན་ནི་དེ་ཁོ་ནར་ཡིན་ནོ། །ལྐོག་ཤལ་ལ་སོགས་པས་བ་ལང་ཉིད་དུ་ཐ་སྙད་འདོགས་པ་ཡང་རྨོངས་པ་ཁོ་ན་མ་ཡིན་ནོ། །དེའི་ཕྱིར་བློ་གསལ་བ་ནི་མངོན་སུམ་ཁོ་ན་འདྲ་བ་འགྲུབ་
ལ་གཞན་ལ་ནི་རྗེས་སུ་དཔག་པ་ལས་ཐ་སྙད་ཙམ་སྒྲུབ་པ་ཡིན་ནོ། །དེས་ན་ཉེ་བར་འཇལ་བ་ནི་ཅི་ཡང་བྱར་མེད་དོ། །མིང་དང་མིང་ཅན་གྱི་འབྲེལ་པ་རྟོགས་པས་ནི་ཉེ་བར་བསྟན་པའི་ངག་གིས་བསྐྱེད་པ་འབྲེལ་པ་འཛིན་པའི་འདྲ་བ་ལས་ཡིན་པའི་ཕྱིར། རྗེས་སུ་དཔག་པར་གསལ་བ་ཡིན་ནོ། །དཔེ་
เล่ม ๑๘๕ · หน้า 20a
མེད་པའི་ཕྱིར་མ་ཡིན་ནོ་སྙམ་ན། དེ་ལྟ་མ་ཡིན་ཏེ་གང་ཞིག་བ་ལང་དང་འདྲ་བ་དེ་ནི་བ་མེན་གྱི་མིང་གི་བརྗོད་པར་བྱ་བ་ཡིན་ཏེ། དཔེར་ན་ཉེ་བར་བསྟན་པའི་ངག་གི་གནས་སྐབས་ཀྱི་རྣམ་པར་རྟོག་པ་ལ་སྣང་བ་བཞིན་ནོ། །འདི་ཡང་དེ་དང་འདྲ་བ་མིན་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །
རྣམ་པར་རྟོག་པའི་ཡུལ་ཐམས་ཅད་འདོད་པའི་སྒྲས་བརྗོད་པར་རུང་བ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པའི་གནོད་བྱེད་ཡིན་ནོ། །དེ་བས་ན་མ་ངེས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དཔེའི་དུས་བཞིན་དུ་རྣམ་པར་རྟོག་པའི་ཡུལ་ཉིད་ལ་སྒྲ་འཇུག་པར་འགྱུར་ལ། སྣང་བ་དང་རྣམ་པར་བརྟག་པར་བྱ་བ་གཅིག་ཏུ་
བྱེད་པ་ལས་འཇུག་པ་ནི་དེ་ལྟ་བུའི་ཡོད་པ་ན་མི་སླུ་བ་དང་ལྡན་པ་ཡང་ཡིན་ནོ། །དེས་ན་སྒྲ་རྣམས་ཕྱི་རོལ་གྱི་ཡུལ་ཅན་ནི་མ་ཡིན་ནོ་ཞེ་ན། འདི་ནི་དེ་བཞིན་དུ་ཡིན་ནོ་ཞེས་མཇུག་བསྡུ་བ་སྟེ། བརྗོད་པ་ནི་དེའི་ཕྱིར་སྒྲའི་ཡུལ་ནི་ཞེས་བྱ་བའོ། །གལ་ཏེ་གཞན་དོན་རྗེས་དཔག་གང་ཡིན་པ། །སྤྱི་ནི་དེ་ཡི་སྤྱིའི་ཡུལ་
ཡིན། །ཞེས་བརྗོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་སྒྲ་ཙམ་གྱི་ཡུལ་སྤྱོད་ཅེ་ན། དེ་ནི་ཞེན་པའི་ཡུལ་ལ་ལྟོས་ནས་བརྗོད་པ་ཡིན་ཏེ། སྒྲ་ལས་བྱུང་བའི་རྟོག་པའི་ཡུལ་སྣང་བ་ཉིད་ནི་རང་གི་རྣམ་པ་རང་གི་མཚན་ཉིད་དུ་གྱུར་པ་ཁོ་ན་ཡིན་ནོ། །དེ་ལ་ཐ་སྙད་དུ་བྱ་བའི་སྤྱི་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྤྱོད་ཡུལ་
ཡིན་པའི་ཕྱིར་འགལ་བ་མེད་དོ། །རྣམ་པར་རྟོག་པ་དངོས་པོའི་ཡུལ་ཅན་ཡིན་པ་ཉིད་ནི་དངོས་སུ་འགོག་པ་མ་ཡིན་སྙམ་དུ་བརྒྱ་ལ་ཐེ་ཚོམ་ཟའོ་སྙམ་ན། སྒྲ་སྨོས་པས་ནི་ཞེས་གསུངས་སོ། །རྒྱུ་མཚན་གཞན་ཡང་ཡོད་པ་ན་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི། དངོས་པོ་མེད་པ་སྤྱིའི་ཆོས་ནི་མི་དམིགས་
པའི་ཡུལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡོད་པའི་རྣམ་པར་ཤེས་པས་ནི་རེ་ཞིག་ཡོད་པ་ཉིད་དུ་ཐ་སྙད་དུ་བྱ་བ་མ་ཡིན་ནམ། མེད་པ་ནི་འགར་ཡང་ནུས་པ་ཡོད་པ་མ་ཡིན་ནམ། དེས་ན་གང་ལ་བློ་མེད་པ་ཇི་ལྟར་ཡིན་ཞེ་ན། དེ་ལ་ཞེས་གསུངས་ཏེ། བློ་མེད་པའི་ཡུལ་ལའོ། །མ་ཡིན་འཇུག་
པས་ཟླ་བའི་ཤེས་པ་ལ་མི་དམིགས་པར་བསྟན་པས་ལན་བཏབ་པ་ཡིན་ནོ། །ས་ཕྱོགས་ལ་སོགས་པའི་རང་བཞིན་གྱིས་ངེས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི་དེས་ཞེས་བྱ་བའོ། །ངེས་པའི་རྣམ་པ་ཅན་གྱི་དོན་གྱིས་བསྐྱེད་པའི་ཤེས་པ་ནི་བདག་ཉིད་ངེས་པའི་རྣམ་པ་ཅན་ཁོ་ནར་
เล่ม ๑๘๕ · หน้า 20b
རང་རིག་པས་ཉམས་སུ་མྱོང་བ་ཡིན་པའི་ཕྱིར། འདི་ཙམ་གྱིས་འདི་མི་དམིགས་ལ་གཞན་ནི་མ་ཡིན་ནོ། །འདི་ལ་བདག་ཞུགས་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བར་སྒྲུབ་པ་དང་འགོག་པའི་རྣམ་པར་རྟོག་པ་གཉིས་འཕངས་པ་ཡིན་ནོ་ཞེས་རིགས་སོ། །འབྲས་བུ་བརྗོད་པ་ནི་དེས་ཞེས་བྱ་བའོ། །དངོས་
པོའི་རྟོགས་པ་ནི་རྣམ་པ་གཉིས་ཏེ། གཅིག་གི་རང་བཞིན་སྒྲུབ་པ་དང་། གཞན་འགོག་པའོ། །སྐབས་སུ་བབ་པའི་རྣམ་པ་གཉིས་ལ་ཡང་རྣམ་པ་གཉིས་ཏེ། ཡིན་ནོ་ཞེས་བྱ་བ་རྣམ་པ་གཞན་མེད་པར་སྟོན་པའི་དོན་དུ་ཡིན་ནོ། །འདི་སྐད་དུ་རྣམ་པ་གཞན་མེད་པར་ཡང་སྟོན་པ་ཡིན་ནོ་ཞེས་བཤད་
པ་བཞིན་ནོ། །མངོན་སུམ་ཉིད་ཀྱིས་ཞེས་བྱ་བ་ནི་སྒྲུབ་པའི་རྣམ་པར་རྟོག་པའི་མངོན་སུམ་གཞན་མ་ཡིན་ལ། དགག་པའི་རྣམ་པར་རྟོག་པ་ཡང་དངོས་པོ་མེད་པའི་ཚད་མའི་འབྲས་བུ་འམ། མངོན་སུམ་གཞན་ཉིད་མ་ཡིན་ཏེ། ལྡན་པར་འགྱུར་བའི་ཁྱད་
པར་ཅན་གྱི་དངོས་པོའི་ཉེ་བས་དངོས་པོ་མེད་པའི་གཞལ་བྱ་འཛིན་པར་བྱེད་པ་ཞེས་པའི་དོན་ཏེ། ཐ་དད་པར་སྨྲ་བའི་ཞེས་བྱ་བ་ནི་ཕྱི་རོལ་སྨྲ་བ་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་སྨྲ་བ་ལ་ཐ་དད་པར་སྨྲ་བར་བརྗོད་པ་ནི། ཕྱི་རོལ་དུ་སྨྲ་བ་མེད་ན་མི་འབྱུང་བ་ཉིད་དུ་བསྟན་པའི་དོན་དུའོ། །
ཡང་ན་བློ་ལ་ལྟོས་ནས་ཐ་དད་པའི་ཕྱིར་དེ་ལྟར་བརྗོད་དེ། བློའི་རང་བཞིན་ལ་ནི་ཁྱད་པར་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཉིས་སུ་རྟོགས་པའི་གཏན་ཚིགས་བརྗོད་པ་ནི། རྟོག་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྒྲུབ་པ་དང་དགག་པའི་རྟོགས་པ་སྤངས་ནས་བློའི་
རྣམ་པ་གཞན་ནི་ཡོད་པ་མ་ཡིན་ནོ། །ཡང་མངོན་སུམ་ཉིད་ཀྱིས་ཞེས་བྱ་བ་འདི་ལ་གཏན་ཚིགས་སུ་བརྗོད་པ་ཡིན་ཏེ། འདི་འདྲ་བའི་ཡུལ་རྟོགས་པའི་ཞེས་བྱ་བ་ངེས་པའི་ཐབས་ནི་མངོན་ལས་གཞན་ཡོད་མ་ཡིན་ཏེ། གཞན་མེད་པའི་ཕྱིར་དང་དེ་ཉིད་ཀྱིས་ནུས་པའི་ཕྱིར་རོ། །དེ་ལྟར་གང་ལ་བློ་མེད་པ་དེ་
ནི་བལྟར་རུང་བའི་ཁྱད་པར་ཅན་དུ་གྱུར་པ་ན་དངོས་པོ་མེད་པའི་སྒྲུབ་པར་བྱེད་པ་མི་དམིགས་པའི་ཡུལ་ཡིན་ལ་ཁྱད་པར་དང་བྲལ་བ་ནི་ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ཡང་ན་སྒྲའི་རྟོགས་པའི་ཡུལ་ནི་ཉེ་བར་མཚོན་པའི་ཕྱིར་ན་རྣམ་པ་ཐམས་ཅད་དུ་ཐ་སྙད་དུ་རུང་བ་ཉིད་
เล่ม ๑๘๕ · หน้า 21a
ནི་རང་བཞིན་གྱི་གཏན་ཚིགས་ཁོ་ན་ལས་ཡིན་ནོ། །འདི་སྐད་བརྗོད་པའི་གཙོ་བོར་གྱུར་པའི་འདྲ་བ་ཉིད་ནི་འབྲས་བུའི་གཏན་ཚིགས་ཁོ་ནའི་ཡུལ་ཏེ། དེས་ན་ཡུལ་ངེས་པ་རྣམ་པ་གསུམ་བརྗོད་པ་ཡིན་ནོ། །ཡང་ན་རྣམ་པ་གསུམ་པ་འདི་ཡང་སྒྲོ་འདོགས་པ་འགོག་པ་ལྷུར་བྱེད་
པའི་གཏན་ཚིགས་ཉིད་ཀྱི་ངེས་པ་ཡིན་ནོ། །འདི་ལྟར་འདྲ་བ་ཉིད་འབྲས་བུའི་ཡུལ་ཡིན་ནོ་ཞེས་བྱ་བ་ནི། དབང་ཕྱུག་ལ་སོགས་པ་མི་འདྲ་བ་དཔོག་པ་བཀག་པའི་ཕྱིར་ན་དངོས་པོ་ལ་སྒྲོ་འདོགས་པ་བཀག་པ་བསྟན་པ་ཡིན་ནོ། །ཐ་སྙད་ཉིད་ནི་རང་བཞིན་གྱི་གཏན་ཚིགས་ལས་ཡིན་ནོ་ཞེས་བྱ་བས་ནི་དངོས་
པོའི་ཆོས་སུ་སྒྲོ་འདོགས་པ་འགོག་པ་བསྟན་ཏེ། །གལ་ཏེ་སྐད་ཅིག་མ་ལ་སོགས་པ་དངོས་སུ་མ་ཡིན་ཡང་རྣམ་པར་རྟོག་པ་མེད་པའི་ཕྱིར་ན་ཐ་སྙད་སྒྲུབ་པར་བྱེད་པར་རྣམ་པར་གཞག་པ་མ་ཡིན་པ་དེ་ལྟ་ན་ཡང་རི་ལ་མེའི་རྣམ་པ་སྤངས་པ་ལྟར། དེའི་མངོན་སུམ་ནི་སྐད་ཅིག་མའི་རྣམ་པ་དང་བྲལ་བར་སྐྱེ་བ་མ་
ཡིན་ཏེ། དེས་ན་དེ་ཁོ་ན་སྐད་ཅིག་མ་ལ་སོགས་པ་སྒྲུབ་པར་བྱེད་པར་ཐ་སྙད་སྒྲུབ་པར་བྱེད་པ་ཁོ་ནའོ། །འདིས་ནི་གང་ཞིག་མངོན་སུམ་ལ་སྣང་བའི་དངོས་པོའི་རང་བཞིན་དེ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་སྤྱི་ལ་སོགས་པའི་གཟུང་བ་ནི་མི་དམིགས་པས་ཟིན་པའི་ཕྱིར་མི་སྣང་བ་དགག་པར་བརྗོད་པ་ཡིན་ནོ། །
སྣང་བ་ཉིད་ཀྱང་དེས་ཟིན་པར་མ་གྱུར་ཅིག་ཅེས། གང་ལ་བློ་མེད་པ་ཉིད་མི་དམིགས་པའི་ཡུལ་ཡིན་ནོ་ཞེས་བརྗོད་པ་ཡིན་ཏེ་དེས་ན་སྐུར་པ་འདེབས་པ་བཀག་པ་བསྟན་ཏོ། །མི་དམིགས་པ་མེད་པར་ནི་དགག་པ་འགྲུབ་པ་མ་ཡིན་ནོ། །གང་ལ་མངོན་སུམ་གྱི་བཀག་པ་དེ་ལ་ནི་གཞན་མངོན་སུམ་ཡིན་པའི་
ཕྱིར་དེ་ནི་མ་ཡིན་ནོ། །དེ་ལ་ནི་དེ་ཉིད་མི་དམིགས་པ་ཡིན་ནོ། །རྨོངས་པ་ལ་ནི་དེ་ཉིད་རྟགས་སུ་ཉེ་བར་བཀོད་པ་ཡིན་ནོ། །འོ་ན་ནུས་དང་མི་ཕྱས་ཕྱིར། །ཞེས་བྱ་བ་ཅིའི་དོན་དུ་བརྗོད་ཅེ་ན། སྐབས་སུ་བབ་པ་ཉིད་དྲན་པར་བྱེད་པ་ནི་འདྲ་བ་ཞེས་གསུངས་སོ། །འདྲ་བ་ཉིད་ལ་སོགས་པ་ཆོས་སུ་
བསྟན་པ་ཡིན་ཡང་ཆོས་ཅན་ཉིད་ལ་རྟོགས་པར་བྱའོ། །དེས་ན་འདྲ་བ་ཉིད་ནི་ལྐོག་ཏུ་གྱུར་པའི་རྟོགས་པ་རྗེས་སུ་དཔག་པའི་ཡུལ་ཡིན་ལ། མི་འདྲ་བ་རང་གི་མཚན་ཉིད་ནི་ཅིག་ཤོས་མངོན་སུམ་གྱི་ཡུལ་ཡིན་ནོ། །དེ་བཞིན་དུ་སྒྲའི་ཡུལ་དང་ཡུལ་མ་ཡིན་པ་དང་རྒྱུ་མཚན་གཞན་ཡོད་ན་གང་ལ་བློ་ཡོད་
เล่ม ๑๘๕ · หน้า 21b
པ་དང་མེད་ཅེས་བྱ་བ་ལ་ཡང་སྦྱར་བར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། བརྗོད་པ་དེ་ཡང་དོན་བྱེད་པར་ཞེས་བྱ་བའོ། །དངོས་སུ་ནུས་པ་ནི་རང་གི་མཚན་ཉིད་ཡིན་ལ་བརྒྱུད་པའི་ནུས་པ་ནི་སྤྱིའི་མཚན་ཉིད་དོ། །ཤེས་པ་ཡིན་ནོ་ཞེས་བྱ་བ་འདིས་ནི་ནུས་པ་མ་ངེས་པའི་རྒྱུ་མཚན་ལ་བྱའི་སྐྱེ་བ་ལ་ནི་མ་ཡིན་ནོ་
ཞེས་བྱ་བའི་དོན་ཏོ། །འདྲ་བ་དང་མི་འདྲ་བ་ཉིད་ནི་ནུས་པ་ལས་བྱུང་བ་མ་ཡིན་གྱི་འོན་ཀྱང་ཤེས་པ་ཡིན་ནོ། །དེ་ཡང་མངོན་སུམ་མམ་རྗེས་སུ་དཔག་པ་དེ་ལས་སྐྱེས་པ་ཡིན་ནོ། །རེ་ཞིག་རང་བཞིན་གྱི་གཏན་ཚིགས་ཀྱང་གཞན་ལ་མངོན་སུམ་གྱིས་དངོས་སུ་སྐྱེད་པར་བྱེད་པའི་ཡུལ་མིན་མོད། གང་གི་ཚེ་
རྣམ་པར་རྟོག་པའི་རྣམ་པ་ལ་ཐ་དད་སྒྲུབ་པར་བྱེད་པ་དེའི་ཚེ་ཚུལ་ཇི་ལྟར་ཡིན། དེའི་ཚེ་ནི་རང་རིག་པའི་མངོན་སུམ་ཉིད་ཡིན་ནོ་ཞེ་ན། དེའི་ཚེ་བྱེད་པ་དང་བཅས་པ་ཉིད་དུ་རྟོགས་པ་ཉེ་བར་གཟུང་བས་ཚད་མ་དང་འབྲས་བུ་ལ་བརྟེན་པས་སམ། རྗེས་ལས་སྐྱེས་པའི་རྣམ་པར་རྟོག་པ་ལ་ལྟོས་ནས་ཐ་སྙད་
བྱེད་པ་ལ་ཡིན་ནོ། །དེའི་སྟོབས་ཀྱིས་མངོན་སུམ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་ན་དེ་ཉིད་ལ་མངོན་སུམ་དུ་ཉེ་བར་འདོགས་པ་ཡིན་ནོ། །དེའི་དངོས་སུ་སྐྱེད་པར་བྱེད་པ་ཡིན་ལ། དེའི་དེ་མ་ཐག་པའི་ནི་བརྒྱུད་ནས་སྐྱེད་པར་བྱེད་པ་ཡིན་ནོ། །འདིས་ནི་ཤེས་པ་ཡང་དོན་བྱ་བར་ནུས་པ་ཉིད་ཀྱིས་ཡོད་པ་
ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེས་ན་ནུས་དང་མ་ནུས་དང་། །ཞེས་བྱ་བ་འདི་ནི་སྤྱིའི་མཚན་ཉིད་ཡིན་ལ། གཞན་མ་དག་ནི་དེའི་དབྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་བསལ་ན་ཚད་མའི་རྣམ་པར་གཞག་ནས་དེ་རྩོད་པའི་འདི་ནི་གཞལ་བྱ་གཉིས་ཀྱིས་ཚད་མ་གཉིས་གྲུབ་པ་ལ། རྒྱས་པར་རྩོད་པ་གང་
ཡིན་པ་སྤངས་པའི་ཞར་ལ་འོངས་པ་ཡིན་ཏེ་བར་དུ་གཏན་ཚིགས་གསུམ་གྱི་ཡུལ་ངེས་པ་རྣམ་པར་གཞག་ནས་དེ་རྩོད་པའི་ལྷག་མ་བསལ་བར་རྩོམ་པ་ནི་དེ་ལ་ཞེས་བྱ་བའོ། །གང་ལ་མངོན་སུམ་ནི་མེད་པ་དེ་ཞེས་སྐབས་ལས་ཡིན་ནོ། །མངོན་སུམ་ལས་གཞན་ནི་གཞལ་བྱ་ལས་ཏེ་ལྐོག་ཏུ་གྱུར་པ་ཞེས་བྱ་བའི་
དོན་ཏོ། །མངོན་སུམ་གྱི་ཚད་མའི་རྣམ་པ་བརྗོད་པ་ནི་ངས་གསལ་ཞེས་བྱ་བ་སྟེ། མྱོང་བའི་བདག་ཉིད་མངོན་སུམ་ནི། དེ་ལྟར་བདག་ཉིད་རིགས་པ་ཉིད་ཅེས་བྱ་བར་སྦྱར་རོ། །འདི་ཙམ་ཉིད་ཀྱི་ཞེས་བྱ་བར་འདི་ཉིད་ཀྱི་དོན་བརྗོད་པ་ནི། ངེས་པ་ཉིད་དུ་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ།
เล่ม ๑๘๕ · หน้า 22a
ལྐོག་ཏུ་གྱུར་པ་ཞེས་བྱ་བ་ཤ་ཟ་དང་འདྲ་བར་རིགས་ངེས་པ་ནི་ཅི་ཡང་མེད་ཀྱི་འོན་ཀྱང་གང་ཞིག་གང་གི་ཚེ་མ་དམིགས་པ་དེའི་ཚེ་ན་ལྐོག་ཏུ་གྱུར་པར་བརྗོད་པ་ཡིན་ནོ། །གཅིག་ལ་ཞུགས་པའི་མངོན་སུམ་འདི་ནི་མི་དམིགས་པ་གཞན་ནི་མ་ཡིན་ནོ་ཞེས་རྣམ་པར་རྟོག་པ་སྐྱེད་པ་ཁོ་ན་
མངོན་སུམ་དང་ལྐོག་ཏུ་གྱུར་པའི་ཡུལ་རྣམ་པར་གཞག་པ་ཡིན་ནོ། །འདི་མ་དམིགས་སོ་སྙམ་པ་ནི་རེས་འགའ་མཐོང་བ་ལ་ཡང་འགྱུར་ཏེ། མེ་ལ་སོགས་པ་ལ་འགྱུར་བ་བཞིན་ནོ། །དེ་ལ་ལྟོས་ནས་ཁྱབ་པ་འཛིན་པར་འཐད་པའི་ཕྱིར་ཇི་ལྟར་རྗེས་སུ་དཔག་པ་མི་འཇུག་པ་ཡིན། དེས་ན་མངོན་སུམ་
ཁོ་ནས་ལྐོག་ཏུ་གྱུར་པ་ཉིད་རྟོགས་སོ་ཞེས་པར་རིགས་སོ། །འོ་ན་ཇི་ལྟར་ན་ལྐོག་ཏུ་གྱུར་པ་ཉིད་ཀྱི་ཆོས་མངོན་སུམ་གྱིས་རྟོགས་པ་དེ་བཞིན་དུ་ཆོས་དེ་དང་ལྡན་པའི་དོན་ཡང་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོགས་པ་བཟློག་པའི་ཕྱིར་བཤད་པ་དོན་གྱི་ངོ་བོ་ནི་ལྐོག་ཏུ་གྱུར་པ་ཉིད་དེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་
དོན་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་འཇུག་ན་ནི་འདི་མ་དམིགས་སོ་ཞེས་བྱ་བ་ཉིད་དུ་མི་འགྱུར་རོ། །མངོན་སུམ་མངོན་ཤེས་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །འོ་ན་ཇི་ལྟར་དེ་རིག་སྙམ་ན། དེ་རིག་ན་ནི་ཞེས་གསུངས་སོ། །ཁ་ཅིག་གི་ལྟར་ན་ཆོས་དང་ཆོས་ཅན་གྱི་དངོས་པོ་ཐ་དད་པ་ཉིད་ཡིན་
པས་དེའི་དོགས་པ་བསུ་ནས་བརྗོད་པ་ནི་ངོ་བོ་ཉིད་འགྱུར་ཞེས་བྱ་བའོ། །གང་ཞིག་གང་ལས་དོན་གཞན་ཡིན་པ་དེ་ནི་དེའི་ཆོས་མ་ཡིན་ཏེ། དཔེར་ན་གངས་ཅན་ལ་ས་མ་ལ་ཡ་བཞིན་ནོ། །ལྐོག་ཏུ་གྱུར་པ་ལས་ཀྱང་ལྐོག་ཉིད་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཐལ་བར་
འགྱུར་རོ། །བཟློག་པ་ནི་གང་ཞིག་གང་གི་ཆོས་ཡིན་པ་དེ་ནི་དེའི་རིག་གི་ངོ་བོ་ཁོ་ན་ཡིན་ཏེ། དཔེར་ན་སྤྱིའི་ཕྱིར་རང་བཞིན་ཉིད་བཞིན་ནོ། །ལྐོག་ཉིད་ཀྱང་ལྐོག་ཏུ་གྱུར་པའི་ཆོས་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཆོས་དང་ཆོས་ཅན་གྱི་དངོས་པོ་ལ་ནི་འདི་འདིའི་ཡིན་ནོ་ཞེས་སྦྱོར་བས་
ཁྱབ་པ་ཡིན་ལ། དེའི་བདག་ཉིད་དང་བྲལ་བའི་ཡུལ་ལ་ནི་རྒྱུ་མཚན་མེད་པའི་ཕྱིར་ན་སྦྱོར་བ་ལོག་པ་ན་རིགས་ཁྱབ་པར་བྱ་བའི་ཆོས་ཆོས་ཅན་གྱི་དངོས་པོ་ལྡོག་པ་ཡིན་ཏེ། །དེས་ན་དེའི་བདག་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །དེས་ན་མ་ངེས་པ་མ་ཡིན་ནོ། །དེས་ན་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་
เล่ม ๑๘๕ · หน้า 22b
དོགས་པ་བསུ་བའོ། །ཐ་དད་ཀྱང་འབྲེལ་པ་འགའ་ཞིག་ལ་བརྟེན་ནས་སྦྱོར་བར་འགྱུར་བའི་ཕྱིར་ན་ལྡོག་པ་ལ་རྒྱུ་མཚན་མེད་པ་མ་གྲུབ་པས་ན་ལྡོག་པ་མ་ཡིན་ཏེ། དེས་ན་དེའི་བདག་ཉིད་ཀྱི་ཁྱབ་པ་ག་ལ་ཡོད་དེ་དེའི་ཕྱིར་མ་ངེས་པ་ཉིད་དོ་སྙམ་ན། འདི་ལ་ལན་དུ་འོ་ན་ནི་ཞེས་བྱ་བའི་ཆོས་ཅན་གྱི་རང་བཞིན་ཅན་གྱི་
རང་བཞིན་ལས་ཐ་དད་པར་ཞེས་བྱ་བ་ནི་ངག་གི་ལྷག་མའོ། །དེའི་བདག་ཉིད་མ་ཡིན་པའི་འབྲེལ་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་འབྲེལ་པ་ཅན་གྱི་རང་བཞིན་གཉིས་མཐོང་བ་མེད་པར་རྟོགས་པར་ནུས་པ་མ་ཡིན་ནོ། །རྣམ་པར་རྟོགས་པས་ནི་གཅིག་རྟོགས་པར་འགྱུར་བའི་ཞེས་བྱ་བ་བཟློག་པའི་མངོན་
སུམ་གྱིས་ཞེས་གསུངས་སོ། །མཐོང་བ་གཉིས་ཉིད་ལ་དངོས་པོ་པའི་འབྲེལ་པ་རྟོགས་པར་ནུས་ཀྱི་རྣམ་པར་རྟོག་པ་ནི་བག་ཆགས་ཙམ་གྱི་དབང་གིས་འབྲེལ་པ་རྟོགས་པའི་ཕྱིར་འགའ་ཡང་ཆོས་དང་ཆོས་ཅན་གྱི་རང་བཞིན་ཐ་དད་པར་རྟོག་པ་མ་ཡིན་ནོ་ཞེས་དོན་གྱིས་འཕངས་པ་ཡིན་ནོ། །དུ་བ་ཡང་རྟེན་
དང་བརྟེན་པར་གྱུར་པའི་དངོས་པོ་རྣམ་ཉིད་ལ་རྟོག་པ་ཡིན་གྱི། ཕན་ཚུན་རང་བཞིན་དབེན་པར་རྟོགས་པ་མེད་པ་ལ་ནི་འདི་ལའོ་སྙམ་པའི་བློ་སུ་ལ་ཡང་མེད་དོ། །དེའི་ཕྱིར་འགྲེལ་པ་གཞན་མི་སྲིད་པ་ཉིད་དེ། དེས་ན་བཟློག་པ་ལ་རྒྱུ་མཚན་མེད་པ་གྲུབ་བོ། །འོན་ཏེ་དེའི་བདག་ཉིད་ལ་ཡང་འདི་ནི་ཆོས་འདི་ནི་ཆོས་
ཅན་ནོ་ཞེས་རྣམ་པར་དབྱེ་བ་མེད་པའི་ཕྱིར། འདིའི་ནས་སྦྱོར་བ་མི་འཐད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ་རྟོགས་པས་སྦྱར་བ་ནི་དག་པར་མི་ནུས་པའི་ཕྱིར་རོ། །གཅིག་ཡིན་ཡང་ལྡོག་པའི་དབྱེ་བ་ཡོད་པའི་སྐྱོན་མེད་དོ། །ཡང་འབྲེལ་པ་ཞེས་བྱ་བ་ནི་གཞན་གྱི་དབང་ཡིན་ལ། དེ་ཡང་རེ་ཞིག་སྐྱེ་བར་ནི་མ་ཡིན་ཏེ་
ཁས་མི་ལེན་པའི་ཕྱིར་དང་། མངོན་སུམ་དང་མི་དམིགས་པ་གསུམ་མི་འཇུག་པའི་ཕྱིར་རོ། །གནས་པས་ཀྱང་མ་ཡིན་ཏེ་ལྟུང་བའི་མེད་པའི་ཕྱིར་རོ། །དེ་མེད་ན་ནི་ལྟོས་པ་ཡང་འགའི་ཡང་མེད་དོ། །དེའི་ཕྱིར་གལ་ཏེ་རྟོགས་པའི་གཞན་གྱི་དབང་ཡང་མ་ཡིན་ན་འདི་འདིའི་ཞེས་བྱ་བ་འདི་ཞེས་བྱས་པ་ཡིན། དེ་
ཉིད་ཀྱི་ཕྱིར་འོ་ན་ནི་མངོན་སུམ་གྱིས་ཞེས་གསུངས་ཏེ། ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་ལྷག་མའོ། །དེ་མེད་ཀྱང་རེས་འགའ་མཐོང་བ་དེའི་རང་བཞིན་གྱི་དབང་དུ་རྟོགས་པར་ཇི་ལྟར་འགྱུར་སྙམ་དུ་དགོངས་པའོ། །དེའི་ཕྱིར་ཁོ་བོ་ཅག་ལ་གཅིག་ཏུ་བསྒྲུབས་པས་ཅི་ཞིག་བྱ་སྟེ། ཐ་དད་ཀྱང་འགྲུབ་བྱ་འགྲུབ་པའི་
เล่ม ๑๘๕ · หน้า 23a
ཕྱིར་རོ་ཞེས་སྟོན་པ་ནི་དངོས་པོ་དེ་དང་འབྲེལ་པའི་ཞེས་བྱ་བའོ། །ཡང་ན་གཞན་དང་འབྲེལ་པ་ཉིད་དུ་རྟོགས་ན་ཆོས་རྟོགས་པར་འགྱུར་ལ། གཞན་དང་འབྲེལ་པར་འགྱུར་བའི་རང་བཞིན་ནི། གཞན་རྟོགས་པ་མེད་པར་མི་རྟོགས་པ་ཁོ་ནའོ། །དེས་ནི་ཆོས་མངོན་སུམ་དུ་གྱུར་པས་ཆོས་
ཅན་ཡང་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་རྟོགས་པར་བླའོ། །འདིར་སྨྲས་པས་ཞེས་བྱ་བའི་གྲུབ་པའི་མཐའི་ནི་འདི་ཡིན་ཏེ། ཆོས་དང་ཆོས་ཅན་གྱི་དངོས་པོ་འདི་ནི་རྟག་པ་ཉིད་ཡིན་ལ། ཆོས་གཅིག་ཉིད་ལ་ཡང་རྣམ་པར་རྟོག་པ་ཉིད་དེ། དཔེར་ན་སྔོན་པོའི་སྔོན་པོ་ཉིད་དོ་ཞེས་
རྣམ་པར་རྟོག་པ་ན་ཐ་དད་པ་ལྟ་བུ་དང་གཅིག་པ་ལྟ་བུར་སྣང་ངོ་། །དེ་བཞིན་དུ་རྣམ་པར་དཔྱོད་པས་ན་སྔོན་པོའི་རང་བཞིན་དེ་ཉིད་སྔོན་པོ་ཉིད་ཡིན་ནོ་ཞེས་རྣམ་པར་རྟོག་ན་ཐ་དད་པ་མེད་པ་ལྟ་བུ་དང་། དུ་མ་ལྟ་བུར་སྣང་ངོ་། །དེ་ལ་གལ་ཏེ་དེ་མ་ཐག་པའི་རྟོགས་པ་ལ་ལྟོས་ནས་བརྗོད་ན་ནི། དེའི་ཚེ་ཐམས་
ཅད་གྲུབ་པ་ལ་སྒྲུབ་པ་ཁོ་ནའོ། །རྟོགས་པ་དང་པོ་ལ་ལྟོས་ནས་ནི་ཐ་སྙད་དུ་བྱ་བ་གཅིག་གི་རང་བཞིན་མེད་པ་ཁོ་ན་སྟེ། མ་རིག་པའི་དབང་གིས་བསལ་བ་ལ་དངོས་པོའི་ཆར་ལྷག་པར་ཞེན་ཀྱང་དངོས་པོར་རྟོགས་པ་ལ་ལྟོས་པ་ཉིད་ནི་མ་ཡིན་ནོ། །སྔོན་པོ་ཉིད་དུ་རྟོགས་པ་ལ་ཡང་སྔོན་པོའི་དངོས་པོ་ཉིད་
རྟོགས་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་སྔོན་པོ་ཉིད་དུ་རྟོགས་པ་ན་སྤྱིར་རྣམ་པར་རྟོག་པ་ཅན་འཕངས་པ་ཉིད་ཡིན་ནོ། །འོ་ན་ནི་དེ་དེ་བཞིན་དུ་ལྐོག་ཏུ་གྱུར་པ་ཉིད་རྟོགས་པ་ལ་ཡང་འཕངས་པ་ཡོད་པ་ཉིད་དོ། །དེ་བས་ན་ཁྱད་པར་ལ་སྦྱར་བའི་དོན་དེ་ཉིད་ལ་གཞན་དུ་ཚད་མ་གཞན་འཇུག་པར་རིགས་པ་ཡིན་ནོ་
ཞེས་སྟོན་པ་ནི། རང་རིག་པའི་ཞེས་བྱ་བའོ། །གཞན་མི་དམིགས་སོ་ཞེས་སྤྱིར་རྣམ་པར་རྟོག་ཅེས་པ་ནི་ལྐོག་གྱུར་ཉིད་རྟོགས་པ་ཡིན་པར་བརྗོད་པ་ཡིན་ནོ། །ཕྱིས་ནི་སེར་པོ་ལ་སོགས་པ་མཐོང་བ་ནི་སྔོན་ལྐོག་ཏུ་གྱུར་པ་ནི་འདི་ཡིན་ནོ་ཞེས་ཁྱད་པར་སྦྱོར་བར་བྱེད་དོ། །དེས་ན་འབྲེལ་པ་རྟོགས་པ་
ཡང་འཐད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་གཅིག་གིས་གཉིས་མི་རྟོགས་པའི་ཕྱིར་ཇི་ལྟར་འབྲེལ་པ་རྟོགས་སྙམ་ན། གཉིས་རྟོགས་ན་ཞེས་གསུངས་སོ། །མ་ཡིན་ནོ་ཞེས་བྱ་བ་ནི་གདོན་མི་ཟ་བར་ཞེས་བྱ་བ་ལ་ལྟོས་པའོ། །གཟུགས་དང་རོ་དག་རྟོགས་པ་ཡང་ཐ་དད་པ་ལ་འབྲེལ་པ་འཛིན་པ་
เล่ม ๑๘๕ · หน้า 23b
མེད་པ་ནི་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་སྐབས་ལ་སྦྱོར་བའོ། །ཇི་ལྟར་འབྲེལ་པ་འཛིན་པའི་མངོན་སུམ་གྱི་གོ་སྐབས་ཡོད་པ་དེ་བཞིན་དུ་རྗེས་སུ་དཔག་པའི་ཡང་ཡིན་ནོ། །འདིས་ནི་བསྒྲུབ་པའི་རང་བཞིན་ཉིད་ལྐོག་ཉིད་དུ་ཉེ་བར་བཟུང་ནས་ཀླན་ཀ་སྤངས་པ་ཡིན་ནོ་ད་ནི་མངོན་སུམ་གྱི་རྟོགས་པ་
བཀག་པ་ཙམ་ལ་བརྟེན་ནས་ཀླན་ཀ་སྤང་བ་བརྗོད་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །བཟློག་པ་མིན་ཞེས་བྱ་བ་ནི་དགག་པ་ཙམ་མངོན་སུམ་གྱི་རྟོགས་པ་ལས་དངོས་པོར་རིགས་པ་མ་ཡིན་པའོ། །འགྲེལ་པའི་ཐ་མི་དད་པར་ཞེས་བྱ་བ་ནི་སོ་སོར་སྣང་བ་ཡང་རྣམ་པར་རྟོག་པ་ལ་ཞིབ་མོར་རྟོགས་པ་
མེད་པས་ན་ལྷག་པར་ཞེན་པས་ཐ་དད་པ་མི་རྟོགས་པའི་ཕྱིར་རོ། །མངོན་རྩོལ་གྱི་རྟོགས་པ་དང་བྲལ་བ་ཙམ་ལྐོག་ཏུ་གྱུར་པ་ཡིན་ན་ཆོས་ཅན་འཛིན་པ་ལྟོས་པར་ག་ལ་འགྱུར། གལ་ཏེ་དངོས་པོ་མེད་པ་ཙམ་རང་རིག་པའི་མངོན་སུམ་གྱི་ཡུལ་དུ་ཇི་ལྟར་འགྱུར། རང་རིག་པ་ནི་དངོས་པོའི་ཆོས་ཡིན་པས་དེ་ཉིད་ཡུལ་དུ་
བྱེད་པར་འགྱུར་རོ་ཞེ་ན་གཞན་དུ་ཡང་མངོན་སུམ་གྱི་དངོས་པོ་མེད་པ་འཛིན་པ་ནི་ཟླའོ་རང་བཞིན་ངེས་པ་ཉམས་སུ་མྱོང་བ་ལས་གཞན་མ་ཡིན་ནོ། །འདིས་ནི་གཉིས་མེད་པའི་དངོས་པོ་ནི། དངོས་པོ་སྟོང་པའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པར་ཆོས་ཀྱི་དབྱིངས་དངོས་པོ་མེད་པ་ཙམ་དུ་བཤད་པ་ལ་མངོན་སུམ་
ཉིད་ཉམས་པ་མེད་པར་འགྲུབ་པ་སྟེ། ཐ་སྙད་པ་ལ་ནི་གཞན་མེད་པའི་རྣམ་པར་རྟོག་པ་སྐྱེ་བར་ངེས་པས་དེ་ལྟར་རྣམ་པར་གཞག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་དོན་མེད་པ་ཉིད་སྤངས་པ་ན་འབྲེལ་པ་འཛིན་པ་མེད་པའི་ཕྱིར་རྗེས་སུ་དཔག་པར་མི་ནུས་པར་སྔར་བརྗོད་པ་ཉིད་དྲན་པར་བྱེད་པ་ནི་ཅི་སྟེ་ཞེས་བྱ་
བ་ལ་སོགས་པའོ། །འདི་ནི་ཅུང་ཟད་ཀྱང་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །འདི་ལ་ཆོས་ལྐོག་ཉིད་ལ་འབྲེལ་པ་འཛིན་པའི་མངོན་སུམ་འཇུག་གམ། དེ་སྟེ་དེ་དང་འབྲེལ་པར་རུང་བའི་དངོས་པོ་ལ་འཇུག་ཅེ་ན་རྣམ་པར་རྟོག་པ་གཉིས་སོ། །རེ་ཞིག་དང་པོ་ནི་རྗེས་སུ་དཔག་པས་ལྐོག་ཉིད་སྒྲུབ་པར་མི་འདོད་པ་དེས་
ན་དེ་ལ་འབྲེལ་པར་རུང་བའི་དངོས་པོ་ལ་འཇུག་ཅེ་ན་རྣམ་པར་རྟོག་པ་གཉིས་སོ། །རེ་ཞིག་དང་པོ་ནི་རྗེས་སུ་དཔག་པས་ལྐོག་ཉིད་སྒྲུབ་པར་མི་འདོད་པ་དེས་ན་དེ་ལ་འབྲེལ་པ་འཛིན་པའི་མངོན་སུམ་གྱིས་ཅི་ཞིག་བྱ། དབང་པོ་ལས་འདས་པ་ཉིད་ཡིན་ཡང་ཞེས་བྱ་བ་འདིས་ནི་ཕྱོགས་གཉིས་པ་མ་གྲུབ་པར་
เล่ม ๑๘๕ · หน้า 24a
བརྗོད་པ་ཡིན་མོད། གང་གི་ཚེ་མངོན་སུམ་ཉིད་གྱུར་པ་ཡང་ཞེས་འདོན་པ་དེའི་ཚེ་ནི་ལྐོག་ཉིད་ནི་རང་རིག་པ་ཡིན་ན་ཡང་ཞེས་བྱ་བའི་དོན་ཏོ། །ཡང་ན་སྔ་མ་བཞིན་ལ་སོགས་པའི་ཆོས་ཅན་མངོན་སུམ་དུ་གྱུར་པ་གང་ཡིན་པ་དེ་ལའོ། །ཆོས་ཅན་གྱི་རང་བཞིན་ཡང་རྗེས་སུ་དཔག་པར་ཅིའི་ཕྱིར་
འདོད་སྙམ་ན་དོན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་ལྐོག་ཉིད་ལ་སྔར་ཞུགས་པ་ལ་ལྟོས་པས་ནི་ཅི་ཡང་བྱར་མེད་དོ། །ཡང་དེ་ཉིད་ཀྱང་རྣམ་པ་གཞན་གྱིས་གྲུབ་པོ་ཞེས་སྟོན་པ་ནི་གཞན་ཡང་ཞེས་བྱ་བའོ། །ཤུགས་ཀྱིས་རྣམ་པར་གནས་པ་ཞེས་བྱ་བ་ནི་རང་ཉིད་ཐ་དད་ཀྱི་ཡུལ་དུ་འགྱུར་
གྱི་ཚད་མ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ལ་རྗེས་སུ་དཔག་པ་མི་ནུས་པ་ཉིད་ཅེས་བྱ་བ་ནི་མེ་ལ་སོགས་པ་བསྒྲུབ་པར་བྱ་བ་དེའི་རང་གི་ངོ་བོ་དེ་ལ་འཇུག་པ་དེ་ནི་ཞུགས་པ་སྟེ། དེ་ཡུལ་དུ་བྱེད་པའོ། །དེ་ལ་ནུས་པ་མེད་པའོ། །མེད་ཀྱི་བྱ་བ་ནི་ཆོས་ཙམ་ལ་འབྲས་བུ་མེད་པའི་
ཕྱིར་རོ། །འོ་ན་ཇི་ལྟར་དེ་ལ་ལྟོས་སྙམ་ན་དེ་ནི་མི་འདོད་ཀྱང་ཞེས་བྱ་བའོ། །རྗེས་སུ་དཔག་པ་གྲུབ་མོད། ཚད་མ་ནི་མ་ཡིན་ནོ་སྙམ་ན། འདིས་ནི་ཞེས་གསུངས་སོ། །རྗེས་སུ་དཔོག་པ་ལས་ལྐོག་ཏུ་གྱུར་པའི་དངོས་པོ་གྲུབ་མོད་ཚད་མ་ལ་ཅི་འབྱུང་སྙམ་ན། ལྐོག་གྱུར་ཞེས་གསུངས་སོ། །འདིའི་
ཞེས་བྱ་བ་ནི་རྗེས་སུ་དཔག་པའིའོ། །དེ་དང་འབྲེལ་པར་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་དངོས་པོ་དང་འབྲེལ་བའོ། །དངོས་པོ་དང་འབྲེལ་བ་ལས་འཐོབ་པར་བྱེད་པའི་ཤེས་པ་ནི་ཚད་མ་ཡིན་ནོ། །དེ་ཡང་དངོས་པོ་དང་འབྲེལ་པའི་རྟགས་ལས་སྐྱེས་པ་ཉིད་ཀྱི་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་ཉིད་འཆད་པ་ནི་
དངོས་དང་འབྲེལ་བ་ཙམ་གྱིས་ནི། །ཞེས་བྱ་བའོ། །དེའི་ཕྱིར་གང་ཞིག་དངོས་པོ་དང་འབྲེལ་བ་གྲུབ་པ་དེ་ཉིད་ཚད་མ་ཡིན་ནོ། །ཚད་མ་ཡིན་པས་ན་རྟགས་ལས་རིག་པ་ཡིན་ཏེ། ཚད་མ་ཉིད་དུ་རྣམ་པར་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་དག་ཅེས་བྱ་བ་ནི་བརྒལ་བ་དང་ལྡན་ནོ། །སྔར་ཉིད་
ཞེས་བྱ་བ་ནི། ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་བྱ་བ་དེར་བསྟན་ཟིན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཡང་མ་ངེས་པ་ཉིད་བརྗོད་པའི་དངོས་པོ་ཡིན་པ་ཙམ་གྱིས་ནི་འདྲ་བ་དང་མི་འདྲ་བའི་དངོས་པོ་རྩོམ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའི་དོན་ནི་འདི་ཡིན་ཏེ་རྣམ་པ་ཐམས་ཅད་དུ་
เล่ม ๑๘๕ · หน้า 24b
དེ་ལྟར་མ་ཡིན་མོད་ཚོགས་པ་ཡོད་ན་འགྱུར་བ་ཡིན་ནོ། །རྣམ་པ་གཉིས་གྲུབ་པ་སྟེ་དེ་ཙམ་གྱིས་ཀྱང་ཉམས་པ་མེད་པ་ཡིན་ནོ། །ཕྱིར་བསྟན་པར་བྱའོ་ཞེས་བྱ་བ་ནི། དེ་བཞིན་བརྡ་ལ་ལྟོས་མེད་པར། །དངོས་ནུས་ཉིད་ལ་མིག་བློར་འགྱུར། །ཞེས་བྱ་བ་དང་། འབྲེལ་པ་ཅན་གྱི་ཆོས་ལ་ནི། །ཆོས་ཅན་
ལས་ནི་རྟོགས་སྐྱེས་གང་། །ཞེས་བྱ་བར་རོ། །གཞན་ཡང་འདྲ་བ་དང་མི་འདྲ་བ་དང་ཉམས་སུ་མྱོང་བའི་རྣམ་པར་གཞག་པ་ནི་ཚད་མ་གཉིས་མེད་པར་འགྱུར་བ་མི་འོངས་སོ་ཞེས་སྟོན་པ་ནི་གཞལ་བྱ་གཉིས་གྲུབ་པས་ནི་ཞེས་བྱ་བའོ། །དེ་ལྟར་གཉི་ག་ཚད་མ་ཡིན་ནོ་ཞེས་མ་འབྲེལ་བ་རྣམ་པར་བཅད་
པ་གྲུབ་པ་ཡིན་ནོ་ཞེས་གཞན་དང་ལྡན་པ་རྣམ་པར་བཅད་པའི་དབང་དུ་བྱས་ཏེ་བཅད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །གང་ཡུལ་དང་མི་ལྡན་པའི་ཤེས་པ་དེ་ནི་ཚད་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭའི་ཤེས་པ་བཞིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པ་ལས་ཐ་དད་པའི་ཤེས་པའི་ཡུལ་དང་ལྡན་
པ་མ་ཡིན་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མེད་པའོ། །མ་ངེས་པ་ཉིད་སྤང་བའི་དོན་དུ་ཁྱབ་པ་བརྗོད་པ་ནི་གཞལ་བར་བྱ་བ་དང་བྲལ་བའི་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོའམ་སྟེ་ཐུན་མོང་མ་ཡིན་པ་དང་གཞན་གྱི་ངོ་བོ་ཞེས་བྱ་བ་དེ་དང་ཐུན་མོང་དུ་གྱུར་པ་དེ་བཞིན་དུ་གཞལ་བྱ་ཡང་
རྣམ་པ་གཉིས་ཀྱིས་ཁྱབ་པ་ཡིན་ནོ་ཞེས་བརྗོད་ཟིན་པ་ཉིད་དོ། །སྒྲ་ལས་བྱུང་བ་ལ་སོགས་པ་ལ་ནི་འབྲེལ་པ་མེད་པའི་ཕྱིར་ན་དོན་འགའ་ཡང་ཡོངས་སུ་གཅོད་པར་བྱེད་པ་མ་ཡིན་ཏེ། དེས་ན་ཐེ་ཚོམ་ལ་སོགས་པ་དང་། ཐུན་མོང་པ་སེམས་པ་ཅན་ཙམ་ཡོད་ཀྱང་འདིས་ཤེས་པར་བྱེད་པའི་
ཞེས་བྱ་བའི་ཤེས་པ་ནི་ཡོད་པ་མ་ཡིན་ནོ། །གཟུང་བ་དང་འཛིན་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ན་དེའི་ཁྱད་པར་ནི་ཚད་མ་ཡིན་ནོ། །དེས་ན་ཤེས་པ་མེད་པའི་ཕྱིར་ན་ཚད་མའི་ཐ་སྙད་ག་ལ་ཡོད། འདིས་ནི་ཚད་མའི་ཐ་སྙད་ལ་ནི་ཡོངས་སུ་གཅོད་པའི་སྒྲུབ་པར་བྱེད་པའི་དམ་པ་ཉིད་ཀྱིས་
ཁྱབ་ལ་ཡོངས་སུ་གཅོད་པ་ཡུལ་ཡོད་པས་ཁྱབ་པ་དེས་ན་གཞལ་བྱ་མེད་ན་ཡོངས་སུ་གཅོད་པར་བྱེད་པ་ཉིད་མེད་པས་ན་ཁྱབ་པར་བྱ་བ་ཚད་མ་ཉིད་ཀྱང་ཟློག་པར་བྱེད་དོ། །དེས་ཁྱབ་པ་གྲུག་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །མ་གྲུབ་པ་ནི་གཉིས་ཀྱིས་ཁྱབ་པའི་གཞལ་བྱའི་ཁྱབ་པར་བྱེད་
เล่ม ๑๘๕ · หน้า 25a
པ་མེད་པ་ཉིད་ཀྱིས་སྤངས་པ་ཡིན་ནོ། །ཇི་སྐད་དུ་ཤེས་པ་ཉིད་མེད་པའི་ཕྱིར་གང་ཞིག་ཚད་མར་འགྱུར་ཞེས་བརྗོད་པ་དེ་ལ་ཤེས་པ་ཡོངས་སུ་གཅོད་པར་བྱེད་པ་མེད་མོད་སྙམ་དུ་བསམས་ནས་གཞན་དག་བརྗོད་པ་ནི། བདག་ཡོད་དོ་ཞེ་ན་ཞེས་བྱ་བའོ། །འཇལ་བར་བྱེད་པ་པོ་དེ་ཉིད་ཚད་མ་
ཡང་མ་ཡིན་མོད་དེས་ན་བཟློག་པ་ལ་ཚད་མ་མེད་པ་ཉིད་མ་ཡིན་ནོ་སྙམ་དུ་སེམས་པའོ། །ལན་དུ་དེ་ཉིད་ཅེས་བྱ་བ་སྟེ་བདག་གི་གལ་ཏེ་དེ་ཚད་མའི་རང་བཞིན་ཉིད་དུ་འདོད་ན་དེའི་ཚེ་འདི་ལྟར་འགྱུར་རོ། །འོན་ཏེ་རྣམ་པ་གཞན་དུ་ཡིན་ན་དེའི་ཚེ་བཟློག་པ་ལ་ཚད་མ་མེད་པ་ཉིད་དོ་ཞེས་བྱ་བ་མ་ངེས་པ་ཉིད་མ་ཡིན་ནོ། །
དེའི་ཕྱིར་ཞེས་བྱ་བ་ནི་སྐབས་ཀྱི་དོན་ཉེ་བར་སྡུད་པའོ། །རང་གི་ངོ་བོས་ཞེས་བྱ་བར་ཐུན་མོང་མ་ཡིན་གྱིས་ཏེ། གང་ལ་དངོས་སུ་བསྐྱེད་པའི་ནུས་པ་ཡོད་པའོ། །དེ་ལས་གཞན་དུ་ཞེས་བྱ་བ་ནི་ཐུན་མོང་ཉིད་དུ་སྟེ། གང་ལ་བརྒྱུད་པས་སྐྱེད་པའི་ནུས་པ་ཡོད་པའོ། །དངོས་དང་བརྒྱུད་པས་ནུས་པའི་སྒོ་ནས་ཡུལ་
རྣམ་པར་གཞག་པས་ཅི་ཞིག་བྱ་སྟེ། འདྲ་བ་དང་མི་འདྲ་བ་ཉིད་ཀྱིས་སྣང་བ་ཙམ་གྱི་འགྱུར་ལ་རག་མོད། དེ་ལ་ཡོད་པའི་ཡུལ་ཅན་ནི་མ་ཡིན་ལ། ཡོད་པ་མ་ཡིན་པའི་ཡུལ་ཅན་ནི་ཚད་མ་མ་ཡིན་པའི་ཕྱིར་སྐབས་ཉམས་པ་ཡང་མ་ཡིན་ནོ། །དེ་ལྟ་ན་འོ་ན་ཅི་དེ་ཉིད་ཡོད་པ་དང་མེད་པའི་མཚན་ཉིད་ཡིན་ནམ་
ཞེ་ན། ཁྱེད་ཀྱི་མཚན་ཉིད་ཀྱང་ཅི་ཞིག་ཡིན་ནམ་ཞེ་ན། དོགས་པ་བསུ་ནས་ཡོད་པ་དང་ལྡན་པ་ལ་སོགས་པ་གསལ་བ་གསུངས་པ་ནི་དོན་དམ་དོན་བྱེད་ཅེས་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། གང་གི་ཚེ་ཤེས་པ་ལ་དགོངས་སམ་བརྒྱུད་པས་ནུས་པ་ཡོད་པ་དེའི་ཚེ་དེ་ཙམ་ཉིད་ཀྱིས་ཡོད་པ་མ་ཡིན་ལ་
དོན་བྱེད་པ་གཞན་ཡོད་ན་ནི་ང་འཇུག་པར་ཡང་འགྱུར་རོ། །གང་ཞིག་ཤེས་པ་ཙམ་གྱི་དོན་བྱེད་པར་ཡང་མི་རུང་བ་དེ་ནི་མེད་པ་ཡིན་ནོ། །དོན་དམ་པའི་སྒྲའི་རྣམ་པར་བཅད་པ་བརྗོད་པ་ནི། གཞན་ནི་ཀུན་རྫོབ་ཡོད་པ་ཡིན་ཞེས་བྱ་བའོ། །འདིར་གཞན་གྱི་སྒྲ་ནི་ཟླ་བོ་རྗོད་པར་བྱེད་པའོ། །དེས་ན་རི་བོང་གི་རྭ་དང་
ཤད་ལ་སོགས་པ་ཡང་ཀུན་རྫོབ་ཏུ་བརྗོད་པ་ནི་མ་ཡིན་ནོ། །མེད་པ་ནི་ཡིན་པ་ཁོ་ནའོ། །གཞན་ཡང་གང་ལ་འཇིག་རྟེན་རྣམ་པར་དབྱེ་བ་ཡོད་པའི་ཐ་སྙད་དུ་བྱེད་པ་དང་། དོན་དམ་པར་ནི་ཤེས་པ་ཡིན་གྱི་དོན་བྱེད་པར་ནི་ནུས་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ལ། དེ་ཡང་གང་ཟག་དང་ཡན་ལག་ཅན་དང་སྤྱི་ལ་
เล่ม ๑๘๕ · หน้า 25b
སོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཞར་ལ་ཐ་ཤལ་གྱི་རྣམ་པར་གཞག་པ་ལ་ལྟོས་ནས་བདེན་པ་གཉིས་རྣམ་པར་གནས་པ་ཡང་སྦྱར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་བར་སྐབས་ཏེ་སྐབས་ལས་སྤྲོས་པའི་ཚིགས་སུ་བཅད་པ་ཡིན་ནོ། །དེ་དག་རང་དང་སྤྱི་མཚན་བཤད། །ཅེས་བྱ་བ་ནི།
སྐབས་སུ་བབ་པ་རང་དང་སྤྱིའི་མཚན་ཉིད་བརྗོད་པ་གང་ཡིན་པ་དེ་དག་ནི་ཞེས་འདི་ནི་སྐབས་ཡོངས་སུ་རྫོགས་པར་བསྟན་པ་ཙམ་ཡིན་ནོ། །མཆོག་གི་རྣམ་པར་གཞག་པ་ལ་རྣམ་པར་གཞག་པ་བཟློག་པར་བསམས་ནས། ཇི་སྐད་བརྗོད་པའི་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བ་མི་བཟོད་པའི་དབུ་
མའི་རྩོད་པ་བླང་བ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་དངོས་སུ་ཞེས་བྱ་བ་ལ་ཉེ་བར་བརྗོད་པའོ། །དེའི་སྒོ་ནས་ཚད་མ་ལ་ཡང་ཤུགས་ཀྱིས་ཉེས་པ་འགྲུབ་བོ། །དེས་ན་སྐབས་སུ་བབ་པ་ཚད་མའི་མཚན་ཉིད་བསྟན་པ་ལ་གནོད་པ་ཡིན་ནོ། །དེ་ཉིད་འདི་ལྟར་ཞེས་བྱ་བ་ལ་
སོགས་པས་རྒྱས་པར་བསྟན་པར་བྱེད་དོ། །ཚད་མ་དང་གཞལ་བྱ་སྨོས་པ་ནི་དེ་གཉིས་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་བརྗོད་པ་ནི། བསྟན་པའམ་མི་བསྟན་པ་ཡང་རུང་སྟེ། ནུས་པ་སྲིད་པ་པ་ཡིན་ནོ་ཞེས་ཆོས་ཀྱི་སྒོ་ནས་མ་ལུས་པར་བསྟན་པའི་དོན་དུའོ། །ཤེས་པ་
དང་ཤེས་བྱ་སྨོས་པས་ནི་དངོས་པོའི་སྒོ་ནས་མ་ལུས་པར་རྟོགས་པར་བྱ་བའི་དོན་དེ་བེམས་པོ་དང་བེམས་པོ་མ་ཡིན་པའི་ཕུང་པོ་བརྗོད་པར་འདོད་པའི་ཕྱིར་རོ། །ཚད་མ་དང་གཞལ་བྱ་ནི་དེའི་ཁྱད་པར་ཡིན་ཏེ། མ་ལུས་པ་ཉིད་མ་ཡིན་ཡང་སྐབས་སུ་བབ་པ་ཡིན་པའི་ཕྱིར་བརྗོད་པ་ཡིན་ནོ། །དེ་ལྟར་གནོད་པར་
བྱེད་པའི་དམ་བཅས་པ་བྱས་ནས་སྒྲུབ་པར་བྱེད་པ་མེད་པ་ཡང་བརྗོད་པ་ནི། དོན་དུ་བྱ་བ་ཉིད་དུ་ཡང་ཞེས་བྱ་བའོ། །རེ་ཞིག་རྟག་པ་དང་མི་རྟག་པའི་རྣམ་པར་རྟོག་པ་ཉེ་བར་བཟུང་ནས་དེ་ཉིད་འདི་ལྟར་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །རྗེས་འགྲོ་ལྡོག་པ་དག་གིས་ནི། །ཞེས་བྱ་བའི་འབྲས་བུ་
ལ་གནས་པའི་རྗེས་སུ་འགྲོ་བ་དང་ལྡོག་པར་རབ་ཏུ་སྦྱོར་བར་བྱེད་པ་རྒྱུ་ལ་གནས་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་གང་ཡིན་པ་དེ་དག་གིས་ཁྱབ་པ་ནི་ནུས་པ་ཡིན་ནོ། །དེ་ལ་ལྷག་པའི་སྔར་ཡང་ཡོད་པའི་ཕྱིར་ན་དེ་མེད་པས་རབ་ཏུ་སྦྱར་བ་འབྲས་བུ་མེད་པ་རྟོགས་པར་མི་ནུས་སོ། །དེ་བས་ན་རྟག་པ་ལ་ལྡོག་པ་
เล่ม ๑๘๕ · หน้า 26a
མེད་པ་ཡིན་ནོ། །མི་རྟག་པ་ལ་ཡང་དེ་མེད་ན་འབྲས་བུ་མེད་པ་ཡིན་མོད་ཀྱི། དེ་ཡོད་ཀྱང་རེས་འགའ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་མ་ཡིན་ནོ། །འདིར་ནི་ཇི་ལྟར་གང་གི་ཚེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་རྟོགས་པའི་ཕྱིར་ན་ནུས་པར་ཐ་སྙད་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཚུལ་ཡིན་པ་དེའི་
ཚེ་སྒྲུབ་པར་བྱེད་པ་མེད་པ་ཡིན་ལ། གང་གི་ཚེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མེད་པ་ཁོ་ན་ཡིན་ཏེ། དངོས་པོའི་ཆོས་ནི་རྟག་པ་དང་གཞན་ལས་མི་འདའ་བའི་ཕྱིར་རོ་ཞེས་བརྗོད་པར་འདོད་པ་དེའི་ཚེ་ནི་གནོད་པར་བྱེད་པ་ཉེ་བར་བཀོད་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ཏུ་ཡང་ཅི་རིགས་པར་རྟོགས་པར་བྱའོ། །
དེ་ལྟ་ཡིན་ཡང་གང་ཞིག་གང་དང་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པ་དེ་དག་ནི་དེ་དང་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ནོ། །དཔེར་ན་རྔ་མོ་དང་བོང་བུ་བཞིན་ནོ། །རྟག་པ་དང་མི་རྟག་པའི་ཆོས་དག་ལ་ཡང་གང་ཡང་གང་དང་དེ་དག་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཡང་གང་གི་ཚེ་
གང་ཞིག་གང་དང་རྗེས་སུ་འགྲོ་བ་རྟོགས་པ་མེད་པ་དེ་ནི་དེ་དང་རྒྱུ་དང་འབྲས་བུའི་དངོས་པོར་རྣམ་པར་མི་གཞག་སྟེ། དཔེར་ན་རྔ་མོ་དང་བོང་བུ་བཞིན་ནོ། །རྟག་པ་དང་མི་རྟག་པའི་ཆོས་དག་ལ་ཡང་གང་ཡང་གང་དང་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེས་གང་གི་ཚེ་སྦྱར་བར་བྱས་པ་
དེའི་ཚེ་ནི་རྒྱུ་མི་དམིགས་པའོ། །གལ་ཏེ་རྒྱུ་ལ་བསྙོན་པ་ལ་རྒྱུ་མི་དམིགས་པའོ་ཞེས་བྱ་བ་འདི་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ལ། ཁྱབ་པར་བྱེད་པ་མི་དམིགས་པ་ཡང་ཁྱབ་པར་བྱ་བ་མེད་པར་རྟོགས་པའི་རྒྱུ་ཉིད་ཡིན་ན་རྟག་པ་ཉིད་དུ་གྱུར་པ་ཡིན་པའི་ཕྱིར། ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་
རྣམས་ལ་བསྙོན་པར་འགྱུར་ལ། རྗེས་སུ་འགྲོ་བ་དང་ལྡོག་པས་ཁྱབ་པར་མཐོང་བའི་ནུས་པ་དེ་ཡང་གང་ཞིག་ཡིན། དེ་ལྟ་ཡིན་ན་ནི་རྣམ་པ་ཐམས་ཅད་དུ་རྒྱུ་དང་འབྲས་བུའི་དངོས་པོའི་འཇིག་པ་མ་ཡིན་ནོ་ཞེ་ན། འདི་ནི་མདུན་དུ་བཤད་པར་བྱའོ། །ལྡོག་པ་མེད་པར་བརྗོད་པ་གང་ཡིན་པ་དེ་ལ་གལ་ཏེ་
རྟག་པ་ལས་དུས་ཀྱི་ཁྱད་པར་གྱིས་ལྡོག་པ་མེད་པ་དེ་ལྟ་ན་ཡང་ཡུལ་གྱི་ཁྱད་པར་འགྱུར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་མངོན་སུམ་དང་མི་དམིགས་པ་རྣམ་པ་གསུམ་གྱིས་ངེས་པར་བྱེད་ལ། དེ་ནི་ཇི་ལྟར་དུས་ལ་ལྟོས་ནས་འགྱུར་བ་དེ་བཞིན་དུ་ཡུལ་ལ་ལྟོས་ནས་ཀྱང་ཡིན་ཏེ། ཤིང་ལ་སོགས་
เล่ม ๑๘๕ · หน้า 26b
པའི་ཚོགས་ཇི་སྙེད་པ་མེད་པ་གཅིག་ལ་མཐོང་བའི་དུ་བ་གང་གི་ཚེ་དེ་ཉིད་ཀྱི་ཚེ་ཕྱོགས་གཞན་དུ་མེ་དང་བྲལ་བའི་ཚོགས་པ་དེ་སྙེད་ཉིད་ལ་མ་དམིགས་པ་དེའི་ཚེ་ཇི་ལྟར་ཡུལ་ལ་ལྟོས་ནས་ཇི་ལྟར་ལྡོག་པ་མི་འགྲུབ་པ་སྙམ་པའི་དོགས་པ་བསུ་ནས་རྟག་པ་ནི་རྒྱུ་མེད་པ་ཉིད་ཀྱིས་ཏེ། ཡུལ་མ་ཁྱབ་པར་མི་སྲིད་
པར་སྟོན་པ་ནི་རྟག་པ་ཞེས་བྱ་བའོ། །རྒྱུ་ལ་རིག་པ་ནི་སོ་སོར་ངེས་པའི་རྒྱུས་ཡུལ་འགའ་ཞིག་ཏུ་ངེས་པར་བྱེད་པར་འགྱུར་གྱི། དེ་མེད་པའི་ཕྱིར་ན་གཏན་དུ་ཐམས་ཅད་ན་ཡོད་པར་འགྱུར་བའི་ཕྱིར་རེས་འགའ་ཡང་གང་དུ་ཡང་འབྲས་བུ་འཆད་པ་མ་ཡིན་ཏེ་ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ཉིད་
བརྗོད་པ་ལ་ནི་འབྲས་བུ་འགའ་ལ་ཡང་བྱེད་པ་མེད་པ་ནི་ཞེས་བྱ་བའོ། །གཞན་བསམ་པ་མ་རིག་ན་ཁྱབ་པ་དང་རྟག་པ་ཉིད་སུན་ཕྱུང་བ་ཉིད་ཀྱིས་ན་བཏང་སྙོམས་སུ་བཞག་སྟེ། ཉེས་པ་གཞན་བརྗོད་པ་ནི། དེའི་ཡུལ་ཁྱབ་མེད་ག་ལས་ཡིན། །ཞེས་བྱ་བའོ། །རྟོག་མེད་ལས་ཡིན་ཞེས་བྱ་བས་ནི་གཞན་
གྱིའོ། །འདི་ལྟར་སྣམ་བུ་ལ་སོགས་པའི་ཡུལ་ངེས་པ་ཉིད་དུ་ཡོངས་སུ་བཅད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ག་ལ་རྟག་ཅེས་བྱ་བ་ནི་རྒོལ་བའོ། །གལ་ཏེ་ཡུལ་གཞན་མ་ཁྱབ་པ་ལ་མ་རྟོགས་པ་ལན་ཡིན་ན། དེའི་ཚེ་དུས་གཞན་དུ་ཁྱབ་པར་ཡང་ཇི་ལྟར་བརྗོད། །དེ་ལ་ཡང་མི་རྟོགས་པ་ནི་ཡོད་
པའི་ཕྱིར་རོ། །དབང་པོའི་རྣམ་པར་ཤེས་པ་ནི་སྐད་ཅིག་མ་ཡིན་པས་ན་དེའི་དུས་ན་ཉེ་བར་གནས་པའི་དངོས་པོ་ཉིད་འཛིན་པས་ན་སྐད་ཅིག་གཞན་དང་བྲལ་བ་ཁོ་ན་འཛིན་པ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །དེ་བརྗོད་པ་ནི་ཇི་ལྟར་ཁྱབ་བྱེད་ཅེས་བྱ་བའོ། །ད་ལྟར་རྟག་པའི་ཕྱོགས་མི་བཟོད་པར་བྱས་ནས། །
སྟོབས་དང་ལྡན་པའི་རྟག་པའི་ཕྱོགས་ལ་བརྟེན་ནས་སུན་འབྱིན་པར་རྩོམ་པ་ནི་སྐད་ཅིག་ཡིན་ཕྱིར་ཞེས་བྱ་བའོ། །མི་རྟག་པ་ཉིད་ནི་སྐད་ཅིག་མ་ཁོ་ནའི་མཐར་ཐུག་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་མཐར་ཡང་འཇིག་པ་མི་འཐད་པའི་ཕྱིར་རོ། །སྐད་ཅིག་མ་བྱ་བ་བྱེད་པའི་དུས་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། སྐད་
ཅིག་མའི་ཞེས་བྱ་བའི་དངོས་པོ་ཙམ་ནི་སྐྱེ་བ་ཙམ་སྟེ་སྐད་ཅིག་མ་རྣམ་པར་གནས་པ་ཡིན་ཏེ། བྱེད་པའི་དུས་ལ་རེག་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་སྐྱེས་པའི་དུས་ཉིད་བྱེད་པའི་དུས་མ་ཡིན་ནམ་ཇི་ལྟར་འགའ་ཞིག་སྐྱེ་བའི་དེ་མ་ཐག་པར་དེ་སྐྱེ་བ་དེ་བཞིན་དུ་དེ་སྐྱེ་བ་དེ་མ་ཐག་ཏུ་གཞན་སྐྱེ་ཞེས་བྱ་བ་འདི་ཉིད་
เล่ม ๑๘๕ · หน้า 27a
རྗེས་སུ་འགྲོ་བ་ཡིན་ལ། གཞན་གྱི་ཚེ་ནི་ལྡོག་པ་ཡིན་ནོ། །ནུས་པ་ཡང་དེ་ཙམ་གྱིས་གྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི་གལ་ཏེ་དེའི་དེ་མ་ཐག་ཅེས་བྱ་བའོ། །རྒོལ་བས་བརྗོད་པ་ནི་དེ་ནི་གཞན་གྱི་ཡང་དེ་མ་ཐག་པ་ཡིན་ཕྱིར། དེས་ན་འདི་ནི་བོང་བུ་ལ་སོགས་པ་གཞན་དེའི་ཡང་
འབྲས་བུར་འགྱུར་རོ། །མངོན་པར་འདོད་པས་ལས་གཞན་ཡང་རྒྱུར་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་བྱེད་པ་ནི་དངོས་པོ་ཞེས་བྱ་བའོ། །གཞན་གྱིས་བརྗོད་པ་བོང་བུ་ལ་སོགས་པའི་སྐད་ཅིག་དེ་མེད་པར་ཡང་དུ་བ་ལ་སོགས་པ་དེ་ཡོད་པ་ཞེས་དགོངས་པས་སྐད་ཅིག་ལ་ཇི་ལྟར་ཞེས་གསུངས་
སོ། །འགྲེལ་པ་ནི་གོ་བླའོ། །ཅི་སྟེ་ཞེས་བྱ་བ་ནི་གཞན་གྱི་མ་ཡིན་ཞེས་བྱ་བ་ནི་དེ་ལྟ་མ་ཡིན་པའོ། །དེ་ལས་ཐ་དད་པའི་ཞེས་གསུངས་སོ། །ཡོད་པར་ཁས་བླངས་ནས་ཀྱང་སུན་དབྱུང་བར་བརྗོད་པ་ནི་ཡོད་ན་ཡང་ཞེས་བྱ་བའོ། །རྒྱུན་དེ་ཉིད་ཀྱི་ཡིན་གྱི་སྐད་ཅིག་རྣམས་ཀྱི་ནི་མ་ཡིན་ནོ། །དེ་ལྟ་ཡིན་མོད་ཅི་
སྐྱོན་སྙམ་ན་སྐད་ཅིག་རྣམས་ནི་ཞེས་གསུངས་སོ། །གཞན་གྱི་དེ་དང་འབྲེལ་པ་ཅན་ཞེས་སྨྲས་ཏེ། དེ་དག་གི་ཡང་ཞེས་བྱ་བ་ནི་སྐད་ཅིག་རྣམས་ཀྱིའོ། །དེས་ན་མེད་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལྟ་མ་ཡིན་པའོ། །ཐ་དད་པའི་ནི་ཞེས་བྱ་བ་ནི་སྐད་ཅིག་དང་གཞན་དག་ལའོ། །
དེ་ལ་ཡང་ཞེས་བྱ་བ་ནི་རྒྱུན་ལའོ། །ཡང་བཤད་པ་ཞེས་བྱ་བ་ནི་སྐབས་ཀྱི་དོན་སྡུད་པའི་ཚིགས་སུ་བཅད་པའོ། །དེ་ལས་ཞེས་བྱ་བ་ནི་སྐད་ཅིག་རྣམས་ལས་སོ། །དེ་ཉིད་ཅེས་བྱ་བ་ནི། རྒྱུན་དེ་ཉིད་ཡིན་འགྱུར་ན་སྟེ། སྐད་ཅིག་རྣམས་ནི་མ་ཡིན་ནའོ། །སྐད་ཅིག་དེ་དང་འབྲེལ་པ་རྒྱུན་གྱིས་ནུས་པའི་
ཕྱིར་རོ། །གལ་ཏེ་ནུས་པར་རྟོག་བྱེད་ན། །ཞེས་བྱ་བ་ནི་སྐབས་ཀྱི་སྐད་ཅིག་མ་རྣམས་སོ། །འོན་ཏེ་ཡང་རྒྱུན་རྟག་པ་ནི་ལྡོག་པ་མེད་པའི་ཕྱིར་དོན་བྱེད་ནུས་པ་མ་ཡིན་གྱི། མི་རྟག་པ་ཉིད་ཀྱི་རྒྱུན་གཞན་ལ་ལྟོས་ནས་ནུས་པར་འགྱུར་རོ་སྙམ་ན། གལ་ཏེ་རྒྱུན་གཞན་དག་ཏུ་ནི་ཞེས་སྨོས་སོ། །སྐད་
ཅིག་མ་ཉིད་ཀྱི་ཕྱོགས་ལ་ནི་རྒྱུན་ལ་ཡང་གཞན་ཁས་བླངས་ལ་དེ་བཞིན་དུ་དེ་ལ་ཡང་གཞན་ཡིན་པའི་ཕྱིར་ཐུག་པ་མེད་དོ། །དེས་ན་ནུས་པ་ངེས་པ་མ་ཡིན་ནོ། །འབྲས་བུ་ཉིད་དུ་ཡང་ངེས་པར་མི་ཟིན་ཏེ། ཐུག་པ་མེད་པའི་ཉེས་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་པ་ནི། རྒྱུན་ནི་འབྲས་བུ་ཉིད་ཅེས་བྱ་བའོ། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด