ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๔ · หน้า 1b
༄༅༅། །བཅོམ་ལྡན་འདས་ལ་གཞན་དབང་ཕྱུག་ལ་སོགས་པ་ནི་མ་ཡིན་པའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སོ། །སྨོས་ཏེ་ཞེས་བྱ་བ་ནི་འབྲས་བུ་ཞེས་བྱ་བའོ། །
གང་གི་ཕྱིར་བཅོམ་ལྡན་འདས་ལ་ཡང་དག་པ་ཉིད་གསུང་བའི་རྒྱུ་དེའི་ཕྱིར་སྒྲུབ་བྱེད་དེ། ཡང་དག་པ་གསུང་བའི་རྟགས་ལ་ལྟོས་པ་ཚད་མ་སྟེ་ཚད་མའི་ཐ་སྙད་བྱ་བར་བཅོམ་ལྡན་འདས་ཁོ་ན་རིགས་ཏེ།
དེའི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་ཐམས་ཅད་གསུངས་པའི་འབྲས་བུའི་རྟགས་ཀྱིས་བཅོམ་ལྡན་འདས་ཀྱིས་དེའི་ཡུལ་ཅན་གྱི་མཁྱེན་པ་ཉིད་རྗེས་སུ་དཔོག་གི་ཞེས་བྱ་བའི་དོན་ཏོ། །
ལྡོག་པ་བརྗོད་པ་ནི་རིག་བྱེད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་དབང་ཕྱུག་ལ་སོགས་པ་སྲིད་པ་དེའི་ཚེ། ཚད་མས་གནོད་པ་ཡང་དག་པ་མ་ཡིན་པ་བརྗོད་པའི་ཕྱིར་དེ་ཐམས་ཅད་ཤེས་པ་ཉིད་དུ་ངེས་
པ་ཐབས་མེད་དོ། །བྱེད་པ་པོ་མེད་པའི་ཕྱོགས་ལ་ཡང་གདོན་མི་ཟ་བར་སྒྲ་རྣམས་དོན་དང་འབྲེལ་བར་འདོད་དགོས་ན། དེ་ཡང་མེད་དོ་ཞེས་བསྟན་པ་ནི་རིག་བྱེད་ནི་འགའ་ཡང་ཞེས་བྱ་བའོ། །འདི་ནི་ཞེས་
เล่ม ๑๘๔ · หน้า 2a
བྱ་བ་ནི་བཅོམ་ལྡན་འདས་སོ། །གཞན་ལ་ནི་ཞེས་བྱ་བ་ནི་ཚད་མའི་སྤྱོད་ཡུལ་མ་ཡིན་པ་ལའོ། །བཤད་པར་བྱའོ་ཞེས་བྱ་བ་ནི་ལེའུ་འདི་ཉིད་དུའོ། །དེ་ལྟར་ཐ་སྙད་དུ་བཅོམ་ལྡན་འདས་ཚད་མར་
བསྒྲུབས་ནས་དོན་དམ་པ་ལ་ལྟོས་ནས་སྦྱོར་བ་ནི། ཡང་ན་ཞེས་བྱ་བའོ། །དེ་ལྡན་ཏེ། བཅོམ་ལྡན་འདས་ཀྱང་གཉིས་སུ་མེད་པ་རྟོགས་པ་ཉིད་ཀྱི་ཞེས་བྱ་བ་ནི། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་བྱ་བའི་སྐབས་ཀྱི། དེ་འདི་ལ་མངའ་
ཞེས་བཤད་པའི་སྒོ་ནས་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པས་མ་རྟོགས་པ་གཉིས་སུ་མེད་པའི་དེ་ཁོ་ན་གསལ་བར་མཛད་པ་དང་། བཅོམ་ལྡན་འདས་ཀྱང་ཚད་མ་ཡིན་ཏེ། མངོན་སུམ་ལ་སོགས་པ་རང་གི་ཡུལ་ལ་ཚད་མ་ཡིན་
པར་ནི་མི་ཟད་དོ། །ཞེས་དོན་གྱིས་འཕངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཅི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བརྗོད་ཅེ་ན། དོན་ཐམས་ཅད་ཡོངས་སུ་ཤེས་པ་ནི་ཞེས་གསུངས་སོ། །དེ་ལྟར་
རྟག་པ་དང་མི་རྟག་པའི་རྣམ་པར་དབྱེ་བ་ལ་མ་ལྟོས་པ་སྤྱི་དབང་ཕྱུག་ལ་སོགས་པ་དོན་ཇི་ལྟ་བ་བཞིན་ཤེས་པའམ་རིག་བྱེད་དང་འབྲེལ་བར་སྒྲུབ་པར་བྱེད་པ་ཚད་མའི་ཐ་སྙད་ཀྱི་རྒྱུ་མཚན་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་ནས། རྟག་པ་དང་མི་
เล่ม ๑๘๔ · หน้า 2b
རྟག་པའི་ཁྱད་པར་གྱི་རང་བཞིན་གྱིས་ཀྱང་ཚད་མར་མི་འཐད་དོ་ཞེས་བསྟན་པའི་དོན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཕྱོགས་སྔ་མ་འགོད་དོ། །རྟག་པའི་དུས་ཐམས་ཅད་དུ་གནས་པ་ཡིན་གྱི་སྐད་ཅིག་ལས་གཞན་དུས་ཅུང་ཟད་གནས་པ་ནི་མ་ཡིན་ནོ། །སོགས་པའི་སྒྲས་ནི་འདོད་པའི་སྐྱེས་བུ་
ལ་སོགས་པ་བཟུང་ངོ་། །དབང་ཕྱུག་ལ་སོགས་པ་ལས་གཞན་དེ་བཞིན་གཤེགས་པ་བསལ་བས་སོ། །ཚད་མ་རྟག་པ་ཉིད་མིན་ཞེས་བྱ་བ་ལ་ཡོད་པའི་སྒྲས་ནི་ཡོད་པའི་ཐ་སྙད་དུ་རུང་བ་བརྗོད་དོ། །ཡོད་པའི་ཐ་སྙད་དུ་རུང་བའི་ཚད་མ་རྟག་པ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་
མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕྱོགས་དང་པོ་ལ་གཏན་ཚིགས་སུ་བསམས་པ་ནི་འགྲེལ་པར་ཚད་མ་མེད་པའི་ཕྱིར་རོ་ཞེས་འཆད་པར་འགྱུར་རོ། །འབྲས་བུ་ཉིད་ལ་སོགས་གཏན་ཚིགས་ལྟར་སྣང་བ་ནི་བཀོད་ནས་སུན་འབྱིན་པར་འགྱུར་རོ། །ཕྱོགས་གཉིས་པ་ལ་ནི་གཏན་ཚིགས་
གཉིས་ཡིད་དངོས་ཡོད་རྟོགས་པ་ཚད་ཕྱིར་དང་ཞེས་བྱ་བ་དེ་དངོས་པོ་ཡོད་པའི་རྟོགས་པ་གང་ཡིན་པ་དེ་ཚད་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཤེས་པ་ཙམ་མམ་དབང་ཕྱུག་དང་རིག་བྱེད་རྟག་པ་ཚད་མ་ཡིན་ཞེས་པའི་དོན་ཏོ། །མི་རྟག་པ་ཡང་ཚད་མ་མ་ཡིན་པར་ནི་མི་རྟག་ན་ཡང་ཚད་མ་མེད་ཅེ་ན་ཞེས་བྱ་བ་
འདིས་བསྟན་ཏོ། །གལ་ཏེ་འབྱུང་བ་དང་འཇིག་པའི་བར་དུ་དབང་ཕྱུག་གི་བློ་ཡུལ་ཐམས་ཅད་ལ་ཁྱབ་པ་གཅིག་ཡིན་ལ། ཚད་མར་འགྱུར་བ་དེ་དབང་ཕྱུག་ལ་འདུ་བའི་ཕྱིར་ཚད་མའི་ཐ་སྙད་དུ་བྱེད་ཀྱི་རང་གི་ནི་མ་ཡིན་ནོ་སྙམ་དུ་དོགས་ན། ཤེས་བྱ་མི་རྟག་པ་ཉིད་ཀྱིས་དེ་ནི་མི་རྟག་པ་ཉིད་ཕྱིར་
རོ་ཞེས་གསུངས་སོ། །འོ་ན་དངོས་པོ་ཡོད་པའི་རྟོག་པའི་མི་རྟག་པ་དང་འདུ་བ་ཅན་གྱི་རྒྱུ་ཉིད་ཀྱིས་ན་འབྲེལ་བའི་ཕྱིར་དབང་ཕྱུག་ཚད་མ་ཡིན་ནོ། །རིག་བྱེད་ཀྱང་རྒྱུ་མཚན་གྱི་རྒྱུ་ཡིན་པ་ཉིད་ཀྱི་ཚད་མར་བརྗོད་དོ་ཞེ་ན། འདི་ཡང་མ་འབྲེལ་པའི་ཕྱིར་མི་རིགས་སོ་ཞེས་སྟོན་པ་ནི། རིམ་བཞིན་སྐྱེ་
བ་ཅན་དག་ནི། །ཞེས་གསུངས་སོ། །གཞན་ཡང་ཞེས་བྱ་བ་ནི་ཕྱོགས་གཉིས་པ་བསྟན་པ་ཙམ་མོ། །གང་ཡང་རུང་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྟོགས་པ་ཚད་མ་མ་ཡིན་ནོ་ཞེས་འབྲེལ་ཏོ། །དངོས་པོས་སྟོང་པའི་སྣང་ཙམ་ནི་ཚད་མ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གལ་ཏེ་མི་སླུ་བ་
เล่ม ๑๘๔ · หน้า 3a
དང་ལྡན་པ་ཚད་མ་ཡིན་གྱི་དངོས་པོའི་རྟོག་པ་ནི་མ་ཡིན་གྱི་རྗེས་སུ་དཔག་པ་ཡང་ཚད་མ་ཡིན་པའི་ཕྱིར་རོ་ཞེ་ན། མི་སླུ་བའི་དེ་ཉིད་ནི་ལྷག་པར་ཞེན་པའི་བྱས་པའི་དོན་དང་འབྲེལ་པ་ལས་ཡིན་ཏེ། དེས་ན་གལ་ཏེ་འདི་འདྲ་བ་རྣམ་པར་དཔྱད་ནས། དེའི་དངོས་པོ་ཡོད་
པར་རྟོགས་པ་ནི་དེ་དང་འབྲེལ་པའི་ལྷག་པར་ཞེན་པ་ལ་བརྗོད་པར་འདོད་པ་ཡིན་ནོ། །དེས་ན་ཤེས་པ་ཡུལ་ལ་རག་ལས་པར་གྲུབ་པོ། །དེ་ལས་ཅིར་འགྱུར་ཞེ་ན། གང་གིས་ཞེས་སོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིས་ཏེ། གཞན་གྱིས་མི་རྟག་པས་གཞན་མི་རྟག་པ་ཉིད་ནི་འཐད་པ་
མ་ཡིན་ནོ་སྙམ་དུ་བསམས་པའོ། །ཤེས་བྱའི་རང་བཞིན་ལ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །བྱེད་པ་ལ་སོགས་པའི་རྣམ་པར་རྟོག་པ་གསུམ་ལས་ཤེས་བྱ་ལས་སྐྱེས་པའམ། དེའི་རང་བཞིན་དུ་ཁས་བླངས་ན་ནི་དེ་མི་རྟག་པས་ཤེས་པ་མི་རྟག་པ་ཉིད་དུ་གསལ་ལོ། །ཕྱོགས་
གཞན་ཡང་མི་སྲིད་པས་བྱེད་པའི་ཕྱོགས་རྟོགས་པར་བྱེད་དོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དོན་ཉིད་ཅེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ལྟ་བུར་གྱུར་པ་ནི་གསལ་བའི་རང་བཞིན་དུ་གྱུར་པའོ། །ཤེས་པ་པོའི་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་པའི་སྐབས་ཡིན་པའི་ཕྱིར་རོ། །རང་བཞིན་
ཐ་དད་པ་མེད་པའི་ཕྱིར་དང་། ཐ་དད་ན་ཡང་དེ་ཉིད་མི་རྟོག་པ་ཉིད་དོ་སྙམ་དུ་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་བཞིན་དུ་འདི་ཡང་ཞེས་བྱ་བ་ནི་ཤེས་པ་པོ་ཡང་སྟེ། དེ་བཞིན་དུ་བྱེད་པ་མི་འདྲ་བ་དང་ལྡན་པའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་བཤད་པ་
ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གལ་ཏེ་མིག་ལ་རང་བཞིན་གྱིས་བྱས་པའི་བྱེད་པ་མི་འདྲ་བ་མེད་པ་དེ་ལྟ་ན་ཡང་ནུས་པས་བྱས་པ་ནི་ལྡོག་ཏུ་མེད་པ་ཁོ་ནའོ། །གང་གི་ཕྱིར་དེར་ཞེས་བྱ་བ་གཟུགས་འཛིན་པ་ལ་དབང་ཕྱུག་གི་བྱེད་པ་ཐ་དད་པ་ཙམ་གྱིས་ཡིན་པ་ལྟར་མིག་གི་ཡང་དེ་ལྟར་ནི་མ་ཡིན་ཏེ།
འོན་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་བྱེད་པ་པོའི་ཕྱིར་རོ། །དེ་ལྟར་འགྱུར་བ་ཞེས་བྱ་བ་ནི་གསལ་བའི་རང་བཞིན་ནོ། །འདི་ལ་ཞེས་བྱ་བའི་དོན་ལ། འཛིན་པའི་བྱེད་པ་འགའ་ཞིག་ཡང་མེད་དོ། །དེའི་ཕྱིར་ཤེས་པ་རྟག་པའི་སྒོ་ནས་དབང་ཕྱུག་ཚད་མར་ཇི་
เล่ม ๑๘๔ · หน้า 3b
ལྟར་འགྱུར། འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གཞལ་བྱ་ཡིན་ཡང་དོན་དེ་ཉིད་ཚད་མར་འགྱུར་ལ་རག་ལས་ཏེ། རང་ཉིད་གསལ་བའི་ཕྱིར་རོ། །འདི་ཡང་གཞན་གྱིས་ཁས་བླངས་པ་ལ་མ་ལྟོས་པར་ཇི་སྙེད་སྲིད་པའི་ཚད་དཔྱད་པ་ཡིན་ཏེ། རྩོད་པའི་གནས་ཡིན་པའི་ཕྱིར་རོ། །དེ་དང་
འབྲེལ་པ་ནི་ཤེས་པ་པོ་དང་འབྲེལ་པ་སྟེ། ཡུལ་དང་ཡུལ་ཅན་གྱིས་སོ་ཞེས་བསམས་པའོ། །གྲུབ་པའི་མཐའ་ནི་འདི་ལྟར་བསམས་པ་ཡིན་ཏེ། འགའ་ཞིག་ལ་འགའ་ཞིག་ཉེ་བར་སྦྱོར་བ་དང་ཡུལ་དང་ཡུལ་ཅན་ཉིད་ཀྱིས་འབྲེལ་པ་ཡིན་ཏེ། གཟུགས་ལ་མིག་བཞིན་ནོ། །ཉེ་
བར་སྦྱོར་བ་དེ་ཡང་རྟག་པ་ལས་བསམས་པ་ཡིན་ཏེ། ལོག་པ་མེད་པའི་ཕྱིར་རོ། །འོན་ཏེ་དེས་ཞེས་བྱ་བ་ནི་དོན་ཞེས་ལྷག་མའོ། །འདི་ཡང་གྱི་ན་ཡིན་ནོ་ཞེས་སྟོན་པ་ནི་ཅི་ལྟར་ན་ཞེས་བྱའོ། །དོན་རང་ཉིད་གསལ་བའི་ཕྱིར་དེས་མཐོང་ངོ་ཞེས་བྱ་བ་གསུམ་པའི་དོན་འཁྲུལ་པའི་ཕྱིར་རོ། །
གཞན་དག་རྗེས་སུ་འགྲོ་བ་ཙམ་གྱིས་དེས་མཐོང་བར་གྲུབ་པ་ནི། དེ་ལྟར་དེ་ཡོད་ན་ཞེས་བྱ་བ་སྟེ། དབང་ཕྱུག་ནི་ཤེས་པ་ཡོད་ན་ཞེས་དེ་ལྟར་དེ་དོན་གསལ་བའི་རང་བཞིན་དུ་འགྱུར་བའི་ཕྱིར་དབང་ཕྱུག་དེས་མཐོང་ཞེས་བྱ་བར་བརྗོད་ན་ནི་ནམ་མཁའ་ལ་སོགས་པ་ཡོད་ན་ཡང་མཐོང་བ་དེ་ཡོད་པའི་ཕྱིར།
ཇི་ལྟར་དབང་ཕྱུག་དེ་ཉིད་ལྟ་བ་པོ་ཡིན། ཡོད་ནའི་འདུན་པས་ནམ་མཁའ་ལ་སོགས་པ་ལ་ཡང་འགྱུར་བའི་ཕྱིར་དེ་དག་ཀྱང་ལྟ་བ་པོར་འགྱུར་རོ། །མཁའ་ལ་ཞེས་བྱ་བ་ནི་གཞན་གྱིའོ། །དུས་དང་ཕྱོགས་ལ་སོགས་པ་ལ་ཡང་ཉེ་བར་མཚོན་པར་བྱའོ། །དོན་དེ་ནི་མཐོང་བའི་དེའོ། །དེ་བསྟན་
པ་ནི་མིང་ངོ་། །གྲུབ་པའི་མཐའ་ནི་བསྟན་པའི་ཚིག་ལ་བརྗོད་ལ་དེ་ཡང་དབང་ཕྱུག་དེ་ལས་ཡིན་གྱི་ནམ་མཁའ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་གང་ལས་འདོད། གལ་ཏེ་ནམ་མཁའ་ལ་ཤེས་པ་མེད་པའི་ཕྱིར་དེ་ལས་ཚིག་མ་ཡིན་ནོ་སྙམ་ན། དབང་ཕྱུག་བཞིན་དུ་འདུ་བ་སྲིད་པའི་ཕྱིར་ནམ་
མཁའ་ལ་སོགས་པ་ལ་ཤེས་པ་ཅི་སྟེ་མི་འདོད། དེ་ལྟ་ན་འོ་ན་དེ་ཉིད་དབང་ཕྱུག་ཏུ་འགྱུར་ཏེ། མི་འཐད་པས་ནི་དོན་ཐ་དད་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་དབང་ཕྱུག་ལས་ཐ་དད་པར་འཇོག་པ་མེད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་གཞན་གྱི་རྣམ་པར་གནས་
เล่ม ๑๘๔ · หน้า 4a
པའི་སུན་འབྱིན་པ་བསྟན་ནས། དབང་ཕྱུག་བཞིན་དུ་ནམ་མཁའ་ལ་སོགས་པ་ལ་ཡང་ཚིག་གི་རྒྱུ་ཉིད་དངོས་པོ་ལ་རྟོག་པར་མི་ནུས་ཏེ། རྟག་པ་ཉིད་ཀྱིས་ལྡོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དངོས་པོ་ཉེ་བར་སྡུད་པ་ནི། རྣམ་པར་ཀུན་དུ་ཞེས་བྱའོ། །འདི་ནི་
ཐམས་ཅད་མཁྱེན་པ་ལ་ཡང་དད་པས་རྟོགས་པར་བྱ་བ་ཡིན་ནོ་ཞེས་སྟོན་པ་ནི་དོན་གང་ཞེས་བྱ་བའོ། །འདི་ནི་འདས་པ་ཡང་མ་ཡིན་ཏེ། ཕྱོགས་གཅིག་འདས་པའི་ཕྱིར་རོ། །དེ་བཞིན་དུ་མ་འོངས་པ་ཡང་ཡིན་ནོ། །སྤྱིའི་དོན་གང་ཡིན་པ་དེ་ཅི་ལྟར་གསལ་བར་འགྱུར། ཅིའི་ཕྱིར་འདས་
པ་ལ་སོགས་པ་སྣང་བར་མི་འགྱུར་ཞེ་ན། འདས་པ་ཉིད་ན་ཞེས་གསུངས་སོ། །ཉེ་བར་མཚོན་པ་ཙམ་སྟེ། མ་འོངས་པ་ཉིད་ཡིན་ན་ཞེས་བྱ་བར་ཡང་བལྟའོ། །དོན་འདས་པ་དང་མ་འོངས་པ་ཡིན་ནམ་ཤེས་ཏེ། མི་གསལ་བ་དེའི་ཕྱིར། འདས་པ་དང་མ་འོངས་པ་རང་གི་ངོ་བོས་སྣང་བ་ཇི་ལྟར་
འགྱུར། མེད་པ་གསལ་ན་ནི་འཁྲུལ་པ་ཁོ་ནར་འགྱུར་ལ། རང་གི་ངོ་བོ་གསལ་ན་ཡང་ད་ལྟར་བ་ཁོ་ནར་འགྱུར་རོ། །དེ་ལྟ་ཡིན་དང་འདས་པ་ལ་སོགས་པར་མི་འཐད་དོ། །འོན་ཏེ་ཡང་མེ་ལོང་བཞིན་དབང་ཕྱུག་གི་ཤེས་པར་འཕོ་བའི་དོན་དམིགས་པའི་ཕྱིར་ཅི་ལྟར་འདས་པ་ལ་སོགས་
པར་མི་ཉམས་ཤེ་ན། འདས་པ་ལ་སོགས་པ་ཅི་ལྟར་ཞེས་གསུངས་སོ། །གལ་ཏེ་མེ་ལོང་གི་དཔེ་ལ་བརྟེན་ནས་ལན་འདེབས་པར་འདོད་ན་དེའི་ཚེ་མེ་ལོང་བཞིན་དུ་ཤེས་པ་ལ་ཡང་འདས་པ་དང་། མ་འོངས་པ་དག་མི་འཕོ་བའི་ཕྱིར་དེ་ག་ལ་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། །ད་ལྟར་བ་
ཡང་མེ་ལོང་དུ་འཕོ་བར་མི་རིགས་ཏེ། ཕྱིན་ཅི་ལོག་གི་རང་བཞིན་གྱི་དོན་མཐོང་བའི་ཕྱིར་དང་། ཐོགས་པ་དང་བཅས་པ་དེར་མི་འཇུག་པའི་ཕྱིར་རོ། །དེས་ན་དཔེ་དེས་དབང་ཕྱུག་ཀྱང་འཁྲུལ་པ་ཉིད་དུ་ཐལ་བ་ཟློག་དཀའོ་སྙམ་དུ་དགོངས་པའོ། །འོ་ན་གང་ཞིག་ད་ལྟར་བ་མེ་ལོང་དུ་འཕོ་བ་
བརྗོད་པ་དེར་ཡང་འཕོ་བའི་དོན་ཡིན། བཅོམ་ལྡན་འདས་ཀྱིས་འདས་པ་དང་མ་འོངས་པ་རྟོགས་པ་ཡང་ཅི་ལྟར་རྟོགས་ན་ཡང་ད་ལྟར་བ་ཉིད་དུ་ཐལ་ལོ་ཞེས་དོགས་ན། དེ་ལྟ་བུའི་སྣང་བ་ནི་ཞེས་གསུངས་སོ། །མེ་ལོང་ཡོད་ན་ཞེས་བྱ་བ་ནི་མཚོན་པ་སྟེ། བཞིན་ལ་སོགས་པ་ཡོད་ནའོ། །
เล่ม ๑๘๔ · หน้า 4b
བཞིན་དང་མེ་ལོང་ལ་སོགས་པའི་མཐུ་དེའི་རྣམ་པ་ཅན་གྱི་ཤེས་པ་ཉིད་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ནི་འཕྲོས་པའི་དོན་ཏེ། དེ་སྐྱོན་མེད་དོ། །དེ་བཞིན་དུ་རིམ་གྱིས་སྐྱེ་བའི་ཆོས་ཅན་གྱི་ཆོས་དང་ཕྲད་ནས་བཅོམ་ལྡན་འདས་ཀྱིས་ཤེས་པ་ཡང་དེ་དང་དེའི་རྣམ་པ་ཅན་གྱི་ཤེས་པ་ཉིད་སྐྱེ་བ་ཡིན་གྱི།
དེའི་ཚེ་འདས་པ་ལ་སོགས་པའི་དངོས་པོ་ཉེ་བར་གནས་པ་ནི་མ་ཡིན་པས་གང་གིས་ཧ་ཅང་ཐལ་བར་འགྱུར། རྣམ་པ་དང་ད་ལྟར་བ་ནི་ད་ལྟར་བ་ཉིད་དུ་འདོད་པ་ཁོ་ནའོ། །དེའི་རྣམ་པར་རིག་པ་ལས་གཞན་པའི་གཞན་རིག་པ་ཡང་མེད་པའི་ཕྱིར་འཁྲུལ་པ་ཉིད་ཀྱང་མ་ཡིན་ཏེ། རྣམ་པ་གཞན་མེད་
པའི་ཕྱིར་རོ། །དེའི་རྣམ་པ་ཅན་ཡང་གསལ་བའི་ཚུལ་གྱི་བྱེ་བྲག་ལས་འདས་པ་ལ་སོགས་པའི་དངོས་པོ་མཐོང་བར་རྣམ་པར་གཞག་སྟེ། ཇི་ལྟར་དེ་ནི་དོན་སོགས་དུས་ལྡན་པར་ཞེས་འཆད་པར་འགྱུར་རོ། །དེས་ན་ཉེས་པའི་དོགས་པ་མེད་དོ་ཞེས་བསྟན་པར་འགྱུར་རོ། །གཞན་ལ་ནི་ཤེས་པ་
རྣམ་པར་མེད་པ་ཉིད་ཀྱི་དངོས་པོ་ཉིད་གསལ་བའི་ཕྱིར་ད་ལྟར་བ་ཉིད་དུ་ཐལ་བར་བཟློག་པར་དཀའོ། །དངོས་པོ་མི་གསལ་ན་ནི་སྣང་བ་ཙམ་ལ་རྟོགས་པར་རྣམ་པར་གཞག་པའི་ཕྱིར་འཁྲུལ་བར་འགྱུར་བས་བཟློག་དཀའོ། །འོན་ཏེ་དབང་ཕྱུག་ལ་ཡང་འདས་པ་དང་མ་འོངས་པ་དག་གི་དངོས་པོ་
དང་ཕྲད་ནས། དེ་ལྟ་བུར་གྱུར་པའི་སྣང་བ་སྐྱེ་བ་ཉིད་འདས་པ་ལ་སོགས་པ་རིག་པར་འགྱུར་ཏེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ་སྙམ་དུ་དོགས་ནས། སྣང་བ་རྟག་པའི་འབྲས་བུ་ནི་ཞེས་གསུངས་སོ། །སྔར་བརྗོད་ཅེས་བྱ་བ་ནི་རྟག་པ་ཟློག་པ་མེད་པ་ནི་འགར་ཡང་ཉེ་བར་སྦྱོར་བ་
མ་ཡིན་ནོ་ཞེས་བྱ་བ་འདིས་སོ། །དེ་ལྟ་ཡིན་དང་དབང་ཕྱུག་ལ་ཡང་འབྲས་བུ་མ་ཡིན་པའི་སྣང་བ་ཙམ་ཡོད་པའི་ཕྱིར་འདས་པ་ལ་སོགས་པ་འཛིན་པ་ཡིན་ན། ནམ་མཁའ་ལ་སོགས་པ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི་ཕྱེད་ཕྱི་མའི་དོན་ཏོ། །དེ་ལྟར་དབང་ཕྱུག་གི་འདས་པ་དང་མ་འོངས་
པ་རྟོགས་པ་སུན་ཕྱུང་ནས། ད་ལྟར་བ་ཡི་དོན་ཐམས་ཅད་རྟོགས་པ་སུན་འབྱིན་པ་གལ་ཏེ་དོན་དེ་དོན་དེའི་ཞེས་བྱ་བའོ། །དོན་འདི་ཡིན་ཏེ་ཤེས་པ་དང་ལྡན་པ་ཚོལ་བ་ཞེས་བྱ་བ་དེས་བཤད་པའི་དོན་ནན་ཏན་བྱ་བའི་ཕྱིར་ཡང་ཡིན་ལ་ངེས་པ་མཐོང་ན་ནི་དེའི་སྟོབས་ལས་བྱུང་བའི་སྒྲ་ངེས་པའི་དོན་
เล่ม ๑๘๔ · หน้า 5a
རྟོགས་པར་བྱེད་པར་འགྱུར་བས་ནན་ཏན་གྱི་རྒྱུར་རུང་བར་འགྱུར་བ་ཡིན་ནོ། །གང་གི་ཚེ་དོན་མཐོང་བའི་དེ་མ་ཐག་པ་ཉིད་དུ་ངེས་པར་མ་རྟོགས་ན་ནི་དེའི་ཚེ། དོན་ཐམས་ཅད་མཐོང་བས་ན། དབང་ཕྱུག་དེའི་ཚེ་ཚིག་གང་ཡིན་པ་དེའི་དོན་གང་ཞིག་ཡིན་པར་བརྗོད་དེ།
གང་ཞིག་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཀུན་མཐོང་བ་ལས་བྱུང་བའི་སྒྲ་ནི་དོན་ཐམས་ཅད་ཀྱི་རྗོད་བྱེད་ཡིན་པར་འགྱུར་རོ། །དེས་ན་དབང་ཕྱུག་མཉེས་པར་བྱ་བས་ཐར་པ་ཐོབ་པོ་ཞེས་བྱ་བའི་ངག་ལ་ཚིག་རྣམས་དོན་ངེས་པ་མེད་པའི་ཕྱིར་འགའ་ཞིག་དུ་ཡང་རྗེས་སུ་སྒྲུབ་པར་མི་
འགྱུར་རོ། །དེས་ན་དོན་ཐམས་ཅད་མཐོང་བ་དོན་མེད་དོ་ཞེས་བྱ་བའོ། །གལ་ཏེ་དོན་ཐམས་ཅད་མཐོང་ཡང་ངེས་པའི་ཡུལ་ཅན་གྱི་བརྗོད་འདོད་པས་སྒྲ་བརྗོད་པའི་ཕྱིར་སྒྲ་དོན་ཐམས་ཅད་ཀྱི་རྗོད་བྱེད་དུ་མི་འགྱུར་རོ། །དེ་ལྟ་མ་ཡིན་ན། ཁྱེད་ལ་ཡང་ཉེས་པ་འདིར་ཅི་ལྟར་མི་འགྱུར་ཞེས་དོགས་ན་
བརྗོད་འདོད་ངེས་པ་ཞེས་བྱ་བ་གསུངས་སོ། །བསམ་པ་ནི་འདི་ཡིན་ཏེ། བརྗོད་པར་འདོད་པ་ནི་སྐྱེས་བུ་ལས་ཐ་དད་པར་རྟོགས་པ་གཅིག་པུ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་ལུགས་ཡིན་ནོ། །དེས་ན་སྔོན་པོ་བརྗོད་པར་འདོད་པ་གང་ཡིན་པ་དེ་ཉིད་སེར་པོ་ལ་སོགས་པ་ཡང་ཡིན་ནོ། །དེས་ན་དོན་
ཐམས་ཅད་བརྗོད་པར་འདོད་པས་སྦྱར་བ་རི་རབ་ཀྱི་དོན་ཐམས་ཅད་ཀྱི་རྗོད་བྱེད་དུ་འགྱུར་རོ་ཞེས་སྟོན་པ་ནི་བརྗོད་འདོད་ངེས་པ་ཞེས་བྱ་བ་ནི་རྟག་པ་ལ་འཐད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེས་ན་ཚིག་དེ་ལས་དོན་ངེས་པ་རྟོགས་པ་ངེས་པར་མི་འགྱུར་རོ་ཞེས་བྱ་བའོ། །ངེད་ཀྱི་ལྟར་ན་ནི་སྐད་ཅིག་མ་ཉིད་ཀྱི་དོན་
སོ་སོ་ལ་ཐ་དད་པར་ཁས་བླངས་པའི་སྐྱོན་མེད་དོ། །འོན་ཏེ་ཡང་བརྗོད་པར་འདོད་པ་ནི་དོན་སོ་སོ་ལ་ཐ་དད་པ་ཁོ་ནའོ། །གྲུབ་པའི་མཐའ་གནོད་པ་ནི་ཡང་གནོད་པ་མ་ཡིན་པ་ཉིད་དེ། ཚད་མས་གནོད་པ་ཉིད་གནོད་པར་འདོད་པའི་ཕྱིར་རོ་ཞེ་ན། དེ་ལྟར་ན་འོ་ན་སྐྱེས་བུ་ལས་མ་ཡིན་ནོ་ཞེས་བྱ་
བ་བརྗོད་པར་འདོད་པ་ངེས་པ་ནི་རྟག་པ་ལ་མི་འཐད་དེ། དེ་དག་ནི་རང་གི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དཔེར་ན་མཐོང་བ་བཞིན་དུ་དེས་ཀྱང་དོན་འགའ་ཞིག་ཡོངས་སུ་བཟུང་བའམ་དོར་བ་མེད་པའི་ཕྱིར་ཉེ་བར་མ་བཀོད་པ་ཟད་དོ། །འོན་ཏེ་ཁོ་བོ་ཅག་སྐྱེས་བུའི་རང་བཞིན་དུ་མི་འདོད་དེ།
เล่ม ๑๘๔ · หน้า 5b
ཡོན་ཏན་གཞན་ཡིན་པའི་ཕྱིར་རོ་སྙམ་ན། དེ་ལྟ་ཡང་དེ་དེའི་འབྲས་བུའམ་འབྲས་བུ་མ་ཡིན། འབྲས་བུ་ཡིན་ན་དེ་ལྟ་ན་འདི་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བ་བརྗོད་འདོད་པ་ངེས་པ་ཞེས་བྱ་བ་ནི་རྟག་པ་ལ་འཐད་པ་མ་ཡིན་ནོ། །དེ་ལྟར་བྱས་པས་བརྗོད་འདོད་མཐའ་དག་གིས་སྦྱར་བའི་
སྔོན་པོ་སྒྲའི་དོན་ཐམས་ཅད་ཀྱི་རྗོད་བྱེད་དུ་འགྱུར་རོ། །འབྲས་བུ་མ་ཡིན་པ་ཉིད་ཡིན་ན་ནི་དེ་རྟག་པ་ཡིན་ལ། དེ་ལྟ་ན་དབང་ཕྱུག་རྟག་པ་ཉིད་ཀྱི་བརྗོད་འདོད་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་བརྗོད་འདོད་ངེས་པ་ཞེས་བྱ་བ་ནི་རྟག་པ་ལ་འཐད་པ་མ་ཡིན་ནོ། །གཉི་ག་རྟག་པས་ན་ཕན་གདགས་
བྱ་དང་འདོགས་བྱེད་ཀྱི་དངོས་པོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི། བརྗོད་འདོད་དེ་དག་ཅེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཡོན་ཏན་ཡིན་པའི་ཕྱིར་བརྗོད་པར་འདོད་པ་ཐ་དད་པ་ཡིན་གྱི། སྐྱེས་བུའི་རང་བཞིན་མ་ཡིན་ཞིང་དེ་བཞིན་
མཐོང་བ་ཡང་ཐ་དད་པ་ཡིན་ན། དེའི་བརྗོད་པར་འདོད་པ་པོ་དང་ལྟ་བ་པོ་ལྷན་ཅིག་གཅིག་ཏུ་ཇི་ལྟར་འགྱུར། གཅིག་ཉིད་ཡིན་ན་ནི་དོན་གཅིག་པའི་རང་བཞིན་ཡིན་པའི་ཕྱིར་མཐོང་བ་ཉིད་ལ་ལྟ་བ་པོ་ཡིན་ལ་འདོད་པའི་རང་བཞིན་ཡིན་པའི་ཕྱིར་བརྗོད་འདོད་ཉིད་བརྗོད་པར་འདོད་པ་པོ་ཡིན་པར་
འགྱུར་གྱི། དེ་དག་གི་རང་བཞིན་ལ་དབང་ཕྱུག་གིས་ནི་རེག་པ་མེད་དེ་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །དེ་དག་ཀྱང་དབང་ཕྱུག་གིས་རང་བཞིན་མ་ཡིན་པས་ན་དེའི་སྒོ་ནས་དབང་ཕྱུག་ལྟ་བ་པོ་དང་བརྗོད་པར་འདོད་པ་པོར་ཡང་མི་འགྱུར་རོ། །དེས་ན་ལྟ་བ་པོ་ཉིད་བརྗོད་པར་འདོད་པ་པོ་མ་
ཡིན་པའི་ཕྱིར། ཁྱེད་ཀྱི་དེ་ཅི་ལྟར་ཚད་མ་ཡིན། མཐོང་ནས་བརྗོད་པར་འདོད་པས་སྟོན་པའམ། མཐོང་བའི་རང་བཞིན་ཚད་མར་འགྱུར་གྲང་ན། དེ་གཉི་ག་ཡང་མེད་པ་ཁོ་ནའོ། །གཞན་གྱི་དོགས་པ་ནི་གལ་ཏེ་ཞེས་བྱ་བའི་དོན་འདི་ཡིན་ཏེ། གལ་ཏེ་བརྗོད་པར་འདོད་པའི་དོན་འཛིན་
པ་མཐོང་བ་ཡང་བལྟ་བར་བྱ་བའི་དོན་འཛིན་ན་དེའི་ཚེ་ཉེས་པ་འདིར་འགྱུར་བ་ཞིག་ན། གང་གི་ཚེ་དབང་ཕྱུག་ཉིད་བརྗོད་པར་འདོད་པ་དང་། བལྟ་བར་བྱ་བའི་དོན་འཛིན་པར་བྱེད་པ་ཡིན་པ་དེའི་མཐོང་ནས་བརྗོད་པར་འདོད་པས་སྟོན་པ་ཚད་མ་མ་ཡིན་པར་ཇི་ལྟར་འགྱུར་ཞེས་བྱ་བའོ། །ལན་
เล่ม ๑๘๔ · หน้า 6a
དུ་བརྗོད་པར་འདོད་དང་ཞེས་བྱ་བའོ། །བརྗོད་པར་འདོད་པ་དང་གཞན་མཐོང་བར་གྱུར་པ་སྟེ། དེ་དག་གི་ངོ་བོར་ནི་བརྗོད་པར་འདོད་དང་གཞན་པ་ཉིད་དོ། །གསལ་བ་དང་མི་གསལ་བས་ན་འགལ་བའི་བདག་ཉིད་དེ་ཅི་ལྟར་དབང་ཕྱུག་གཅིག་གིས་འཛིན་པ་ཡིན། གཟུང་
བར་བྱ་བ་ཐ་དད་པའི་ཕྱིར་འཛིན་པར་བྱེད་པ་ཡང་ཐ་དད་པ་ཁོ་ནར་རིགས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་འདིར་གཟུང་བ་ཐ་དད་ཀྱང་འཛིན་པ་ཐ་དད་པར་ཁས་མི་ལེན་ན་འོ་ན་ནི་མངོན་སུམ་དང་རྗེས་སུ་དཔག་པར་ཡང་ཐ་དད་པར་མི་འགྱུར་རོ་ཞེས་ཐལ་བར་སྟོན་པ་ནི་དེ་ལྟ་ན་ཡིན་ན་ཞེས་བྱ་བའོ། །
གཉེན་མི་མཚུངས་པ་ཉིད་དུ་འགྱུར་ཏེ། གང་ཞིག་གཞན་དེ་བཞིན་པ་ཉིད་ཅེས་བྱ་བའི་ཚུལ་གྱིས་གཞན་གྲངས་ཅན་གྱི་ཕྱོགས་ལ་བརྟེན་ནས་དོགས་པར་བྱེད་པ་ནི། གལ་ཏེ་དེ་ཡང་ཞེས་བྱའོ། །ཡང་དག་ཏུ་ཞེས་བྱ་བ་ནི་རང་བཞིན་གྱི་ངོ་བོས་སོ། །ཡང་དག་ཏུ་ཞེས་བྱ་བས་ནི་མངོན་སུམ་དང་
རྗེས་སུ་དཔག་པའོ། །གལ་ཏེ་དུ་བ་ལ་སོགས་པ་མཐོང་བའི་དེ་མ་ཐག་ཏུ་མེ་རྗེས་སུ་འགྱུར་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་རིམ་གྱིས་ཡིན་ལ། རྗེས་སུ་དཔག་པའི་དུས་སུ་ཡང་དུ་བ་ལ་སོགས་པ་མཐོང་བའི་ཕྱིར་ལྷན་ཅིག་ཏུ་འབྱུང་བ་མ་ཡིན་ནམ། དེས་ན་ཅི་ལྟར་འབྱུང་བ་དང་འབྱུང་བ་
དག་གཅིག་ཉིད་ཡིན་སྙམ་ན། དེ་ག་ལས་ཞེས་སྨྲས་སོ། །འདི་ལ་ལན་རང་བཞིན་གཅིག་ཉིད་ཅེས་བྱ་བ་སྟེ། ཅིག་ཅར་ཡང་ཉེ་བར་མཚོན་པར་བྱ་བའོ། །ཚད་མ་ཡིས་ནི་རྟོགས་པ་མིན། །ཞེས་བྱ་བ་ནི་གཅིག་ཉིད་སྒྲུབ་པར་བྱེད་པའི་མངོན་སུམ་དང་རྗེས་སུ་དཔག་པ་མེད་པ་སྟེ་ཇི་སྐད་བཤད་པའི་
རང་བཞིན་མ་གྲུབ་པའི་ཕྱིར་དང་། ཆོས་རྗེས་སུ་འགྲོ་བ་ཡང་བཀག་པའི་ཕྱིར་རོ། །ཡང་ན་ཚད་མས་གནོད་པ་ཉིད་དེ་ཞེས་བྱ་བའི་དོན་ཏེ། སོ་སོར་ངེས་པའི་གཟུང་བའི་རང་བཞིན་ངེས་པར་རྟོགས་པའི་ཕྱིར་དང་། རྣམ་པར་རྟོག་པ་དང་གཞན་པ་ཉིད་ཀྱིས་འགལ་བའི་ཕྱིར་རོ། །དེ་ལྟར་ན་
བཟུང་བ་ཐ་དད་པའི་ཕྱིར་ན་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་དག་བཞིན་དུ་ཐ་དད་པའི་ཕྱིར་དབང་ཕྱུག་བརྗོད་པར་འདོད་པ་དང་ཅིག་ཤོས་དག་གི་འཛིན་བྱེད་མ་ཡིན་ཏེ། དེས་ན་སྔར་གྱི་ཉེས་པ་ལས་མི་གྲོལ་ལོ། །དེས་ན་ཤེས་པའམ་བརྗོད་པར་འདོད་པ་ཐ་དད་པས་ནི་དབང་ཕྱུག་ཐམས་
เล่ม ๑๘๔ · หน้า 6b
ཅད་མཁྱེན་པ་ཉིད་དམ་ཉེ་བར་སྟོན་པ་ཉིད་དུ་འཐད་པ་མ་ཡིན་ནོ་སྙམ་དུ་བསྟན་ནས། འདི་རྟག་པ་ཉིད་ལ་ཚད་མ་ཡང་མེད་དོ་ཞེས་སྟོན་པ་ནི། རྟོགས་པ་དེའམ་གཞན་གྱིས་ནི་ཞེས་བྱ་བའོ། །རྟོགས་པར་བྱེད་པ་དེའམ་གཞན་གྱི་དུས་ཐ་དད་པར་ཉེ་བར་མཚོན་པའི་དངོས་པོ་གང་ཞིག་ཅིག་གིས་
བྱ་བར་རྟོགས་པ་དེ་གཅིག་ཁོ་ནའོ་ཞེས་བྱ་བར་བདེན་ནམ་ཅི་མི་བདེན་པ་ཉིད་སྟོན་པ་ཉིད་ཀྱིས་སྒྲུབ་བྱེད་ངོ་ཤེས་པ་སུན་ཕྱུང་བའི་ཕྱིར་རོ། །བདེན་པ་མིན་ནོ་ཞེ་ན་ནི་དེའི་ཚེ་རྟག་པ་ཉིད་དོ་ཞེས་བྱ་བའི་ཚིག་དོན་མེད་དོ། །དེའམ་གཞན་གྱིས་ཞེས་བྱ་བ་ནི་ཕལ་མོ་ཆེས་རྟོགས་པ་ཡིན་ཡང་ཞེས་བྱ་བའི་ཐ་
ཚིག་གོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱི་དོགས་པ་སྟེ། དེ་གཞན་གྱིས་མ་ཤེས་མོད། རྟོགས་པ་པོ་དེ་རང་ཉིད་ཀྱིས་ནི་བདག །དེ་རྣམ་ཀུན་ཞེས་བྱ་བ་རྟག་པ་དང་ཐམས་ཅད་ཤེས་པ་ཉིད་ལ་སོགས་པའི་རང་བཞིན་དུ་ཤེས་པར་བྱེད་དེ་ཡང་དག་པར་ངེས་པར་བྱེད་དོ་ཞེ་ན། སུན་འབྱིན་པ་ནི།
དེ་ནི་དེ་ལྟ་ཞེས་བྱ་སྟེ། འདི་ལ་ཚད་མ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དེ་ཁོ་ནའམ་ཀུན་བརྗོད་པར་ཐམས་ཅད་རིག་པར་མ་ཡིན་ནོ་ཞེས་སྟོན་པ་ནི། རང་རིག་ཉིད་ལས་གཞན་པ་ནི་ཞེས་བྱ་བའོ། །རང་རིག་པ་ཙམ་ལ་རྟག་པ་འམ་ཐམས་ཅད་རིག་པ་ཉིད་ག་ལ་ཡོད་དེ། སྔ་མ་
དང་ཕྱི་མ་ཡང་གཞན་རིག་པ་མེད་པའི་ཕྱིར་རོ། །དེས་ན་དོན་དམ་པ་མ་ཡིན་ནོ། །ཀུན་རྫོབ་པ་ཡང་མ་ཡིན་ཏེ། རྟག་པ་ཉིད་དང་ཐམས་ཅད་རིག་པ་ཉིད་ནི་དམ་པའི་ལྟོས་ནས་ནོད་པའི་ཕྱིར་རོ། །དེས་ནི་ཞུགས་པ་ཟིན་པའི་རྣམ་འགྲེལ་གྱི་ཆ་ཉིད་བཤད་པའི་ཕྱིར་སྐབས་རྩོམ་པ་ནི་ཅི་སྟེ་ཡང་ཞེས་
བྱ་བའོ། །ཤེས་བྱ་མི་རྟག་པ་ཉིད་ཅེས་བྱ་བ་ནི་རིམ་གྱིས་སྐྱེ་བའི་གཏན་ཚིགས་སོ། །ཤེས་པར་བྱེད་པ་པོ་གང་ཡིན་པ་ཞེས་བྱ་བ་ནི་སྐབས་ཀྱི་དབང་ཕྱུག་གོ། །བཤད་པ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །རྟོགས་པ་སྐྱེ་བ་དང་ཅི་སྟེ་འབྲེལ་སྙམ་ན། ནམ་མཁའ་དང་ཞེས་སྨོས་སོ། །ཡུལ་འབའ་
ཞིག་ནི་སྐྱེད་བྱེད་མ་ཡིན་གྱི་འོན་ཀྱང་དབང་ཕྱུག་ཀྱང་ཡིན་ནོ། །རྟག་པ་དང་ཁྱབ་པ་ཡིན་ན་དེ་ཡང་སྐྱེད་བྱེད་མ་ཡིན་ཏེ། ལྡོག་པ་མེད་པ་སྤྱོད་པའི་སྐབས་སུ་བསྟན་ཟིན་པ་བཞིན་ནོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་རྟག་པ་སྒྱུ་མ་ཡིན་པར་བསྟན་པའི་དོན་དུ་གལ་ཏེ་རང་བཞིན་དེ་ཉིད་ཀྱིས་ཞེས་སྨོས་སོ། །
เล่ม ๑๘๔ · หน้า 7a
ཅི་སྟེ་རྟག་པ་གཞན་ལ་མི་ལྟོས་མོད། ལྷན་ཅིག་བྱེད་པའི་རིམ་པས་འབྲས་བུ་རིམ་པ་ཅན་དུ་འགྱུར་བ་ལ་ནི་ཉེས་པ་མེད་དོ་སྙམ་ན། གལ་ཏེ་ལྷན་ཅིག་བྱེད་པ་དག་ཉིད་ཅེས་གསུངས་སོ། །དེ་དང་ཅིག་ཤོས་ཀྱི་གནས་སྐབས་ཅེས་བྱ་བ་ནི་ལྷན་ཅིག་བྱེད་པ་ཉེ་བ་དང་མི་ཉེ་བའི་
གནས་སྐབས་སོ། །རང་ངམ་གཞན་གྱིས་ཞེས་བྱ་བ་ལ་ནི་རྟོགས་པ་པོ་འམ་གཟུ་བོས་ཞེས་བྱ་བའི་དོན་ཏོ། །ཚིག་ཙམ་ཞེས་བྱ་བ་ནི་དབང་ཕྱུག་དུ་སྨྲ་བ་དོན་དུ་གཉེར་བ་ཙམ་གྱིས་སྦྱར་བའི་ཕྱིར་རོ། །གལ་ཏེ་རྟག་པ་ལ་ཕན་གདགས་སུ་མེད་ཀྱང་། དེས་ལྷན་ཅིག་བྱེད་པ་ལ་ཅི་སྟེ་མ་ལྟོས་སྙམ་ན།
དེ་ལ་ཞེས་སྨོས་ཏེ་རྟག་པ་ལའོ། །དེས་ཞེས་བྱ་བ་ནི་རྟག་པས་སོ། །དེ་ལྟ་ན་ཞེས་བྱ་བ་ནི་གཞན་གྱིའོ། །བཅོམ་ལྡན་འདས་གྲུབ་པ་ལ་སྒྲུབ་པར་མ་གྱུར་ཅིག་སྙམ་པས། སྦྱིན་པ་ལ་སོགས་པས་ཞེས་སྨྲས་སོ། །འོ་ན་ཅི་ལྟར་ཞེ་ན། ཆགས་པ་དང་བྲལ་བ་དང་ཞེས་སྨྲས་སོ། །དེ་ནམ་ཡང་
ཞེས་བྱ་བ་ནི་སྔར་འཁོར་བ་ཉིད་ཡིན་པ་ལས་ཕྱིས་ཚད་མའི་རང་བཞིན་ཉིད་དུ་སྐྱེ་བར་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕན་གདགས་པས་ནི་རང་བཞིན་འགྱུར་བ་མཚོན་པར་བྱེད་པ་པོ་ཞེས་སྟོན་པ་ནི་གནོད་པར་བྱེད་པ་ཞེས་སྨོས་སོ། །དེ་ནི་ཞེས་བྱ་བ་ནི་ཕན་གདགས་པའམ་གནོད་པར་བྱས་པའི་
རྟོགས་པ་ལ་སོགས་པའི་སྒྲས་ནི་གོམས་པ་ལ་སོགས་པ་གཟུང་ངོ་། །དེ་སྟོན་པ་ནི་འདོད་ཆགས་ལ་སོགས་པའི་གཉེན་པོ་སྟོན་པའོ། །སེམས་ཅན་ལ་བྱམས་པ་ནི་བྱམས་པའོ། །དེ་ལ་ནི་འདི་འདྲ་བའི་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདོད་ཆགས་ལ་སོགས་པས་གདུངས་པས་ཉམས་སུ་མ་མྱོང་
བ་ནི་དེའི་རྒྱུ་མཚན་ཚོལ་བ་མ་ཡིན་ལ། དེ་མེད་པས་ན་གཉེན་པོ་གོམས་པ་མེད་ཅིང་དེ་མེད་པའི་ཕྱིར་ནི་རབ་ཏུ་ཞི་བ་རིག་པ་མེད་དོ། །དེས་གཞན་ལ་ཅི་ཞིག་ཉེ་བར་སྟོན་ཞེས་བྱ་བའི་ཐ་ཚིག་གོ། །འདིས་འཁོར་བ་སྤྲོ་བར་བྱེད་པས་ན་འཁོར་བའི་སྤྲོས་པ་སྟེ་ཆགས་པ་དང་སྡང་བ་དང་བདེ་བ་དང་སྡུག་
བསྔལ་ལ་སོགས་པའོ། །དེའི་རང་གི་མཚན་ཉིད་དེ་རྟོགས་པ་དེ་མངོན་སུམ་དུ་བྱེད་པའོ། །དེས་ན་ཐམས་ཅད་ཡོངས་སུ་ཤེས་པ་མ་ཡིན་ནོ། །འོན་ཏེ་རང་གི་ངོ་བོས་སྡུག་བསྔལ་བ་ལ་སོགས་པ་མངོན་སུམ་དུ་བྱེད་པ་ཡིན་ན་དེའི་ཚེ་འདི་འཁོར་བ་ཉིད་དོ། །འཁོར་བའི་རང་བཞིན་ནི་དེ་ཙམ་དུ་ཟད་པའི་
เล่ม ๑๘๔ · หน้า 7b
ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཉམས་སུ་མྱོང་ན་ནི་འཁོར་བ་ཉིད་དུ་ཞེས་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། ཅི་ལྟར་ཁྱེད་སྡུག་བསྔལ་ལ་སོགས་པ་དམིགས་པའི་དངོས་པོར་རྟོགས་པ་གཞན་འཁོར་བར་འདོད་པ་དེ་བཞིན་དུ་དབང་ཕྱུག་ཀྱང་འགྱུར་ཏེ། དམིགས་པའི་རང་བཞིན་དུ་ཁྱད་པར་མེད་པའི་
ཕྱིར་དང་། འདུ་བ་ཡང་མཚུངས་པའི་ཕྱིར་རོ། །བདག་གི་རྣལ་འབྱོར་པ་ནི་གཞན་གྱི་སྡུག་བསྔལ་ལ་སོགས་པ་དམིགས་པའི་དངོས་པོ་ཉིད་དུ་རྟོགས་ལ་གཞན་ནི་རང་གི་ཤེས་པའི་བདག་ཉིད་དུ་རྟོགས་པས་ཉེས་པ་མེད་དོ་ཞེས་བྱ་བའོ། །གཞན་འདོད་ཆགས་ལ་སོགས་པའི་རང་
བཞིན་ཡིན་ཡང་ཚད་མར་མི་འགལ་ལོ་ཞེས་སྟོན་པ་ནི། འོན་ཏེ་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པ་དང་ལྡན་པ་ལ་ནི་འདི་མི་སྲིད་དོ་སྙམ་ན། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་ཅེས་སྨྲས་སོ། །མི་ཉམས་པ་ཞེས་བྱ་བ་ནི་རྒྱུན་དུ་གནས་པའི་ཕྱིར་རོ། །གང་ལ་དབང་
ཕྱུག་དང་འདོད་ཆགས་མི་འགལ་བ་དེ་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་ནི་རྟོགས་པར་སླའོ། །ཚུལ་འདི་དེ་གཅིག་པུའི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དད་པས་བྲུན་པ་ཡིན་ནོ། །འོན་ཏེ་འདི་ནི་ཞེས་བྱ་བ་ནི་གཞན་གྱིའོ། །དེས་ན་ཞེས་བྱ་བ་ནི་དབང་ཕྱུག་མི་
སྲིད་པས་སོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །དོན་ནི་འདི་ཡིན་ཏེ། གལ་ཏེ་དབང་ཕྱུག་ལ་སོགས་པའི་ཆེད་དུ་གཉེན་པོ་སྟོན་ན་དེའི་ཚེ་གཉེན་པོ་གོམས་པ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་ལ་སོགས་པར་བྱེད་པ་དེའི་ཕྱིར་གཉེན་པོ་གོམས་པ་མེད་པའི་ཕྱིར་ངེས་
པར་ཆགས་པ་ལ་སོགས་པར་མི་འགྱུར་རོ་ཞེས་གྲུབ་བོ། །དེས་ན་དེའི་དབང་ཕྱུག་ལ་སོགས་པ་གློ་བུར་དེར་ཅི་ལྟར་འགྱུར། །འདི་ཉིད་འཆད་པ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཞེས་བྱ་སྟེ། བྱེད་པ་པོའི་ཚིག་གོ། །དེ་ལྟར་དབང་ཕྱུག་གི་དབང་ཕྱུག་ལ་སོགས་པ་མི་འཐད་དོ་ཞེས་
བསྒྲུབས་ནས། གཞན་དུ་མེད་པའི་ནུས་པ་དང་ལྡན་པ་ཉིད་རྣམ་པར་བརྟག་པར་བྱས་ནས་སེལ་བར་འདོད་པས། གཞན་ཡང་ཞེས་གསུངས་སོ། །ཚིགས་སུ་བཅད་པ་གཅིག་གི་མཐར་བྱ་རོག་གི་དྲི་བས་ཅི་ཞེས་རྟོགས་པར་བྱ་བའི་ཕྱིར་རྣམ་པར་རྟོག་པ་གཅིག་གོ། །གང་གི་ཞེས་བྱ་བ་ནི་ནུས་
เล่ม ๑๘๔ · หน้า 8a
པ་དང་ལྡན་པས་སོ། །དོན་དུ་གཉེར་བ་ལ་མཆོག་སྦྱིན་ལ་ཞེས་བྱ་བ་ནི་བརྗོད་པར་འདོད་པས་བྱེད་པ་པོ་ཡིན་ཏེ། བདག་གིས་བྲམ་ཟེ་ལ་བྱིན་ཏེ། དེས་ནི་ཅི་བཞིན་རྟོགས་ཞེས་བྱ་བ་བཞིན་ནོ། །འོན་ཏེ་མཆོག་སྦྱིན་པའི་ནུས་པ་ནི། དེ་ལ་ནུས་པ་དེ་མེད་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་
གཉིས་པའོ། །རེ་ཞིག་འདི་ཉིད་ལ་སུན་འབྱིན་པ་གཞན་ཡང་ཅི་ལྟར་ཡོད་ཅེས་བྱ་བའོ། །གལ་ཏེ་རྒྱུ་མེད་པའི་ཕྱིར་དབང་ཕྱུག་ལ། དབང་ཕྱུག་བུ་སྦྱིན་པའི་ནུས་པ་མེད་པ་དེའི་ཚེ་དེ་ལ་མཐོ་རིས་ཐོབ་པར་བྱེད་པ་ལ་སོགས་པ་གཞན་ཡང་ཇི་ལྟར་བརྗོད་དེ། རྒྱུ་མེད་པའི་ཕྱིར་རོ། །དབང་ཕྱུག་གི་ནུས་པའི་རྒྱུ་
ནི་འགལ་བ་ཡོད་པ་མ་ཡིན་ནོ། །དེས་ན་གཉི་གའི་ནུས་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་དང་པོ་ལ་བརྗོད་པ་ནི་དེ་འདྲ་བའི་དབང་ཕྱུག་བྱིན་པས་རྗེས་སུ་འཛིན་པའི་ནུས་པ་ནི་དབང་ཕྱུག་དེ་ལ་ཡོད་པ་ནི་གསལ་བར་ཚད་མ་ཅན་མ་ཡིན་པར་འགྱུར་ཏེ། སེར་སྣ་ལ་སོགས་པས་ཟིན་པས་ཕྱིན་ཅི་ལོག་གི་
ཉེས་པར་སྟོན་པ་ཡང་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་འགའ་ཞིག་ལ་འགོར་འགོར་ནས་དབང་ཕྱུག་བྱོན་ནམ་དེ་ལྟ་མ་ཡིན་པས་ཀྱང་རུང་སྟེ་ཉེས་པའི་དབང་དུ་གྱུར་པ་སྟོན་ཏེ། ནུས་པ་ཡོད་ན་མ་ཉེས་པར་བྱས་པ་ལ་སོགས་པ་ལ་མི་ལྟོས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཉིད་ཀྱིས་ཐུགས་སུ་ཆུད་པའི་
ལམ་ཉེ་བར་སྟོན་པའི་སྒོ་ནས། རྟོགས་པ་པོ་རྣམས་ཀྱི་རྗེས་སུ་སྒྲུབ་པ་མེད་པ་དང་། འཕྱོས་པ་དག་གིས་མངོན་པར་འདོད་པ་སྒྲུབ་པ་མེད་པ་དང་འཕྱོས་པ་མི་འགལ་ཏེ། དེས་བཅོམ་ལྡན་འདས་ཁོ་ན་ཚད་མ་ཡིན་ནོ། །དོན་འདི་ཡང་ཡིན་ཏེ་ཞེས་བྱ་བ་ནི་མཆོད་སྦྱིན་པ་ཉིད་དོ། །བཤད་པ།
འདི་ལ། རྣམ་འགས་ཕན་འདོགས་མེད་ཕྱིར་རོ། །ཞེས་བྱ་བ་ནི་སྔ་མ་དང་འབྲེལ་པར་བྱའོ། །མི་རྟག་ན་ཡང་ཞེས་བྱ་བ་ནི་རྟག་པ་ལ་ཡང་སྟེ། ཚད་མ་མེད་པར་བརྗོད་པ་ནི་ཐུན་མོང་ཡིན་པའི་ཕྱིར་རོ། །དེ་ལྟར་སྤྲོས་ནས་འཇུག་པ་ལ་སོགས་པ། གཞན་གྱི་ཚད་མ་བཀོད་ན་སུན་འབྱིན་པར་འདོད་པ། རྗེས་སུ་
འཛིན་པའི་ནུས་པ་ནི། །དེ་ལ་ཚད་མ་མེད་པར་འགྱུར། །ཞེས་བྱ་བ་འདི་ལ་བརྗོད་པར་བྱ་བའི་ལྷག་མ་སུན་དབྱུང་བའི་ཕྱིར། འོན་ཏེ་མཉེས་པར་ཞེས་ཕྱོགས་སྔ་མ་བསླང་བའོ། །མཉེས་པའི་རིམ་གྱིས་ཆོས་སྟོན་པ་དེས་འདོད་ཆགས་ལ་སོགས་པ་ཉེ་བར་ཞི་བའི་རྣམ་པ་དེའི་རྗེས་སུ་འབྱིན་པར་བྱེད་པ་སྟེ།
เล่ม ๑๘๔ · หน้า 8b
དེས་ན་ཚད་མ་ཡིན་ནོ། །དབང་ཕྱུག་མཉེས་པར་བྱས་པ་ལས་འདོད་པ་མཐའ་དག་གྲུབ་པོ་ཞེས་བྱ་བ་ནི་དབང་ཕྱུག་ཉིད་ཀྱིས་ཉེ་བར་བསྟན་པ་ཡིན་ནོ། །གྲུབ་པའི་མཐར་ནི་དོན་འདི་ཡིན་ཏེ། གལ་ཏེ་འཇིག་རྟེན་གྱི་ཉེ་བར་བཟུང་བ་ཇི་སྙེད་པ་དེ་ཐམས་ཅད་དེས་བཤད་པ་ནན་ཏན་དུ་བྱས་པ་ལས་གྱུར་པར་
ངེས་ན་དེའི་ཚེ་འདི་རིགས་པ་ཞིག་ན། འདི་ལ་ནི་ཚད་མ་འགའ་ཡང་མེད་དོ། །དེས་ན་རྟོགས་པར་བྱེད་པ་ན། དེས་བཤད་པ། རྗེས་སུ་སྒྲུབ་པ་ཡིས་ཞེས་བྱ་བའོ། །དེས་བཤད་པའི་ལུང་ནི་བླང་བའི་རང་བཞིན་ཉིད་ཀྱིས་ཁྱད་པར་ཅན་དུ་འདོད་དོ། །ལུང་ཙམ་གྱི་སྒྲས་ནི་ཚད་མ་ལྷན་ཅིག་མེད་
པར་བྱ་བ་མེད་པར་སྟོན་པའོ། །ལན་དུ་དེ་ལྟར་ཕན་ཚུན་ཞེས་བྱ་བའོ། །དེ་ཉིད་བཤད་པ་ནི་དེས་བཤད་པ་ཉིད་ཀྱི་ཕྱིར་ལུང་སྟེ་ལུང་གི་ཁྱད་པར་ཡིན་ལ་ཁྱད་པར་ཅན་གྱི་ལུང་ལས་ཀྱང་དེ་བཤད་པ་ཉིད་དོ། །གལ་ཏེ་འདི་ནི་དབང་ཕྱུག་གིས་བཤད་པ་ཡིན་ནོ་ཞེས་ཁྱད་པར་ལ་ལྟོས་པ་མ་ཡིན་ཏེ།
གྲགས་པ་ཉིད་ལས་གྲུབ་པའི་ཕྱིར་ཁྱབ་མཇུག་ལ་སོགས་པའི་ལུང་བཞིན་ནོ། །དེས་ཕན་ཚུན་བརྟེན་པར་ཇི་ལྟར་འགྱུར་ཞེ་ན། བརྗོད་པ་གལ་ཏེ་ཁྱབ་འཇུག་ལ་སོགས་པ་ལྟར། དབང་ཕྱུག་གི་མིང་ཙམ་གྱིས་ལྷ་ཙམ་གྱི་ལུང་བྱེད་པ་སྲིད་པ་ཡིན་ན། དེའི་ཚེ་ལུང་ཁྱད་པར་དེ་འདྲ་བ་ཅི་ལྟར་འགྱུར།
དེས་ན་ཇི་སྐད་བརྗོད་པའི་ཐམས་ཅད་པ་ཉིད་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་ལུང་བྱེད་པ་པོ་ཡིན་པར་བརྗོད་དགོས་པས་བྱེད་པ་པོ་དེ་ཡང་ཁྱད་པར་ཅན་གྱི་ལུང་ཉིད་ལམ་ཡིན་ནོ་ཞེས་བྱ་བ་མི་སྤོང་ངོ་། །གང་གིས་ཐམས་ཅད་ལ་ལྟ་བའི་ཐམས་ཅད་མཐོང་བ་དང་། གང་གིས་མངོན་པར་འདོད་པ་སྒྲུབ་
པའི་རྗེས་སུ་འཛིན་པར་བྱེད་པ་དེའི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱེད་སྔ་མ་བཤད་ནས་ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི། གལ་ཏེ་འདིར་ཞེས་བྱ་བའོ། །འདི་ལྟར་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཉིད་གཞུང་འཛུགས་པའོ། །མངོན་སུམ་དུ་མ་གྲུབ་པའི་དབང་ཕྱུག་ལ་ནི་ལན་འདི་
བརྗོད་པར་མི་བྱའོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །བརྒལ་ཞིང་བརྟག་པའི་རྣམ་པ་བརྗོད་པ་ནི། འདི་ཅི་ལྟར་ཞེས་བྱ་བའོ་གལ་ཏེ་འབྱུང་བ་ཉིད་ཀྱིས་ཞེས་བྱ་བ་ནས། མཚུངས་པ་ཞེས་བྱ་བའི་བར་ནི་གཞན་གྱིའོ། །གལ་ཏེ་འབྱུང་བ་ཉིད་ཀྱིས་མེ་
เล่ม ๑๘๔ · หน้า 9a
བསྲེག་བྱ་སྲེག་ན། དེའི་ཚེ་ནམ་མཁས་ཀྱང་སྲེག་པར་འགྱུར་རོ། །འོན་ཏེ་རང་བཞིན་སོ་སོར་ངེས་པའི་ཕྱིར་མེ་ཁོ་ནས་སྲེག་གི། ནམ་མཁས་མ་ཡིན་ན་དེའི་ཚེ་ཡོན་ཏན་ཐམས་ཅད་ག་ལ་ཡོད་པའི་རྒྱུ་དེ་དང་བྲལ་ཡང་དབང་ཕྱུག་ཡོན་ཏན་དང་ལྡན་བས་ན་དེ་འདྲ་བའི་
ནུས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའོ། །མི་མཚུངས་ཏེ་ཞེས་བྱ་བ་ནི་ལན་ནོ། །གཞན་ནི་ཞེས་བྱ་བ་ནི་དབང་ཕྱུག་གོ། །གཏན་ཚིགས་དེས་ན་རང་བཞིན་ཁོ་ནས་དབང་ཕྱུག་ནི་ནུས་པ་མཚུངས་པ་མེད་པ་དང་ལྡན་ནོ་ཞེས་བྱ་བ་འདི་ལན་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ལན་འདི་ཡིན་
ནའོ། །དེའི་ཚེ་བདག་ཉིད་མངོན་འདོད་ཅེས་བྱ་བ་ལ་སོགས་པ་གོ་སླའོ། །དངོས་པོ་རང་བཞིན་ཉིད་བརྗོད་དོ་ཞེས་བྱ་བའི་རྣམ་པ་དེ་ལྟས་གཞན་གྱིས་བརྗོད་པའི་རྣམ་པ་བསལ་བས་ཐམས་ཅད་རྒྱལ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་ཏུ་ལན་བརྗོད་པས་ཞེས་འདོན་པ་དེར་ཡང་དེ་ལྟར་
ཞེས་བྱ་བ་རྣམ་པ་འདིས་གལ་ཏེ་རྩོད་པའི་རྣམ་པ་དེ་འདྲ་བའི་ལན་ཐེབས་ན་དེའི་ཐམས་ཅད་རྒྱལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །དེ་ལྟར་སྔ་མའི་བརྗོད་བྱ་ལྷག་མའི་ལན་བཏབ་ནས། བརྩམ་པའི་དོན་གྱི་གཞི་འདིངས་པ་ནི། གལ་ཏེ་ཚད་མ་ཡོད་པ་ཡིན་
ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་འདི་ནི་དེ་ལྟར་སྦྱར་བ་ཡིན་ནོ། །རྟོགས་པ་ནི་དེ་ལྟར་ཡིན་ཏེ་ལེགས་པར་བརྗོད་དོ་ཞེས་བྱ་བ་འདི་དེ་མ་ཐག་ཏུ་དོན་འདི་ཡང་ཡིན་ཏེ་ཞེས་བྱ་བ་ནས། ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བའི་བར་གྱི་གཞུང་གི་དུམ་བུ་ཡིན་ལ། ཆད་གཞུག་ཉེས་
ཀྱིས་འཁྲུལ་པ་སྐྱེད་པ་ཕྱིས་འདྲི་མཁན་གྱིས་གཞན་དུ་དྲིས་པ་ཡིན་ཏེ། མི་མཐུན་པའི་ཕྱིར་རོ། །བཤད་པར་ནི་གཞན་དག་གིས་མ་དཔྱད་པས་དེ་ཁོ་ན་ལྟར་དར་བ་ཡིན་ནོ། །སྡོད་འཇུག་ཅེས་བྱ་བ་ལ་སོགས་པ་ནི་བསྡད་ཅིང་འཇུག་པ་ཞེས་བཟློག་པ་གཙོར་བསྟན་པའོ། །དབྱིབས་ཀྱི་ཁྱད་
པར་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ལ་ཡང་དབྱིབས་ཟླུམ་པོ་སྲིད་པས། རྩོད་པ་བྱེད་པ་ནི་ཆ་ཤས་ལྡན་པ་བཟུང་བའི་དོན་དུ་ཁྱད་པར་ཞེས་སྨོས་སོ། །དོན་བྱེད་ཅེས་བྱ་བ་ནི། དོན་བྱ་བ་མེད་པའོ། །སོགས་པའི་སྒྲས་ནི་སེམས་པའི་ཉེ་བར་ལེན་པ་ཅན་མ་ཡིན་པ་འདི་དང་། འབྲས་བུ་ཉིད་དང་སྐྱེ་བ་
เล่ม ๑๘๔ · หน้า 9b
དང་ལྡན་པ་ལ་སོགས་པ་བཟུང་ངོ་། །དེ་ལ་སྡོད་ནས་འཇུག་པ་དང་དོན་བྱེད་པ་ནི་ཆོས་ཉིད་འབྲས་བུའི་གཏན་ཚིགས་ཡིན་ལ། ལྷག་མ་ནི་ཆོས་ཅན་ཉིད་དོ། །དབྱིབས་ནི་གཉི་ག་ཡང་འབྲས་བུ་ཡིན་ཏེ། དབྱིབས་ནི་ཆོས་ཅན་ཡིན་ལ། དེ་དང་ལྡན་པ་ནི་ཆོས་ཅན་ཡིན་ནོ། །ཉེ་བར་འགོད་པ་ཡང་ཆོས་
ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་ཀྱང་བྱ་སྟེ། ཐམས་ཅད་ཚད་མའི་དབང་དུ་བྱས་པའི་ཕྱིར་རོ། །གལ་ཏེ་འདི་དག་འབྲས་བུའི་བདག་ཉིད་ཡིན་མོད། དེ་དེ་ལྟ་ན་ཡང་དབང་ཕྱུག་ཅི་ལྟར་འགྲུབ་སྙམ་ནས་འབྲས་བུ་ལས་ཞེས་སྨོས་སོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི་གལ་ཏེ་འབྲས་བུ་ལས་རྒྱུ་མི་འགྲུབ་
ན་དེའི་ཚེ་མིག་ལ་སོགས་པ་རྒྱུ་གཞན་ལས་རྗེས་སུ་དཔོག་པར་མི་འགྱུར་ན། འགྱུར་བ་ཡང་ཡིན་ནོ། །དེས་ན་འབྲས་བུ་ལས་རྒྱུ་མི་འགྲུབ་པ་མ་ཡིན་ནོ། །འབྲས་བུ་གཏན་ཚིགས་དེ་དག་ཉིད་སྟོན་པ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །མདོར་བསྡུས་པ་ཡིན་པའི་ཕྱིར་ཡན་ལག་གཉིས་
ཀྱང་ཉེ་བར་མཚོན་པ་ཙམ་ཡིན་ནོ། །དེས་ན་ཕྱོགས་ཀྱི་ཆོས་ནི་དཔག་པར་བྱ་བ་ཉིད་དུ་བྱས་སོ། །ཆོས་མི་མཐུན་པའི་དཔེ་ནི་རྡུལ་ཕྲ་རབ་བལྟའོ། །དེ་ལྟར་འབྲས་བུའི་གཏན་ཚིགས་ཐམས་ཅད་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པར་འདོད་པ་ཡིན་ནོ། །བློ་དང་ལྡན་པའི་རྒྱུས་བྱིན་གྱིས་
བརླབས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བསྒྲུབ་བྱ་འཕངས་པ་སྟེ། རིགས་པ་ཅན་གནའ་མའི་ལུགས་ཀྱི་རྗེས་སུ་འབྲངས་ནས་རྣམ་འགྲེལ་འཇུག་པ་སྟོན་པའོ། །འམ་གྱི་སྒྲས་ནི་དབང་ཕྱུག་བྱེད་པ་པོ་ཉིད་དཔྱད་པར་འོས་པ་དང་། དབྱིབས་ཀྱི་ཁྱད་པར་མ་གྲུབ་པར་ཡང་སྡུད་པའོ། །དེས་
ན་བཤད་པ་ཡང་དེ་ཁོ་ན་ལྟར་ཡིན་ནོ། །ལྷག་མའི་དཔྱད་ནི་མདུན་དུ་སེམས་པར་འགྱུར་རོ། །མ་གྲུབ་པའི་ཕྱོགས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འདིས་ནི་གཏན་ཚིགས་ཕྱོགས་ཀྱི་ཆོས་མ་ཡིན་པ་ཞེས་བྱ་བ་ནི་གྲུབ་པ་ལ་སྒྲུབ་པའི་ནང་དུ་འདུས་སོ་ཞེས་བརྗོད་པ་ཡིན་ནོ། །ཡང་དོན་མེད་པ་ཉིད་དེ།
འཆད་པར་འགྱུར་བ་དང་བསྒྲུབ་པར་འགྱུར་བའི་ཕྱིར་རོ། །མ་ངེས་པ་བཞིན་དུ་མ་གྲུབ་པ་ནི་ཉེ་བར་སྡུད་པར་མི་འགྱུར་རོ། །ཐམས་ཅད་དུ་ཡང་དོན་མེད་པ་དང་མི་ནུས་པའི་ཉེས་པ་གཉིས་ཁོ་ན་བརྗོད་པར་འགྱུར་རོ། །དེས་ན་མཐའ་དག་པས་དེ་ཉིད་ཡིན་ཡང་གཞན་གྱི་ནང་དུ་བསྡུ་བ་བསམས་པ་ཅི་བྱ་སྟེ།
เล่ม ๑๘๔ · หน้า 10a
དོན་མེད་པ་ཁོ་ནས་དངོས་སུ་གསལ་བའི་ཕྱིར་རོ། །དཔེར་ན་གནོད་པར་འགྱུར་བའི་ཕྱོགས་ལ་གཏན་ཚིགས་ཀྱི་སྐྱོན་ཡོད་ཀྱང་མི་བརྩི་བ་དེ་བཞིན་དུ་ཡང་བསྡུ་བ་ལ་ཡང་གུས་པར་མི་བྱའོ། །ནུས་པ་མེད་པ་ཡང་དབྱེ་བ་རྣམ་པ་གསུམ་ཡོད་པའི་ཕྱིར་དེའི་རྣམ་པ་གཉིས་ཀྱི་ནང་དུ་
མ་གྲུབ་པ་ལ་སོགས་པ་གསུམ་གདོན་མི་ཟ་བར་བསུ་དགོས་སོ། །དེས་ན་དོན་མེད་པའི་ཉེས་པ་ནི་གཞན་ཁོ་ནའོ་སྙམ་དུ་དགོངས་པའོ། །གཞན་ཇི་ལྟར་ཕྱོགས་འགྲུབ་ན་གང་གི་སྒྲུབ་པ་ལ་གྲུབ་པའི་ཉེས་པར་འགྱུར་ཞེ་ན། ཐམས་ཅད་ལས་ཀྱི་མཚན་ཉིད་ཞེས་གསུངས་སོ། །དེ་ག་ལས་ཞེ་ན། འདི་
ལྟར་ཞེས་བྱ་བ་ལ་སོགས་པའོ། །ལས་དེ་ཡང་ཡིད་ཡིན་གྱི་ལུས་ལ་སོགས་པ་ནི་མ་ཡིན་ཏེ། དེས་ན་དེ་ནི་སེམས་པ་ཉིད་དོ། །དེས་ན་ཆོས་མངོན་པ་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་པར་བརྗོད་པའི་ཕྱིར། སེམས་ཅན་ཁོ་ནར་བྱེད་པར་བསྟན་ཏོ། །དེ་བས་ན་བློ་དང་ལྡན་པའི་རྒྱུས་བྱིན་
གྱིས་བརླབས་པར་བསྒྲུབ་པ་ནི་གྲུབ་པ་ལ་སྒྲུབ་པ་ཁོ་ནའོ། །གལ་ཏེ་ལས་ལས་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ལས་ལས་སྐྱེས་པ་ཉིད་ནི་མི་འདོད་པ་མ་ཡིན་ནོ། །གལ་ཏེ་དེའི་སྒོ་ནས་འཁོར་བ་ཐམས་ཅད་རྒྱུ་ཡིན་པར་བརྗོད་ན་དེའི་འགལ་བ་ཅི་ཡོད། ཐམས་ཅད་དབང་ཕྱུག་གིས་བྱིན་
གྱིས་བརླབས་པ་ཁོ་ན་རྒྱུ་ཡིན་ནོ་ཞེས་གྲུབ་པ་ན་གྲུབ་པ་ལ་སྒྲུབ་པ་ཅི་འདྲ་བ་ཞིག་ཅེས་བྱ་བའོ། །དེ་ཉིད་གཞན་གྱི་ལུགས་ཀྱིས་ཁུངས་འབྱིན་པ་ནི། དེ་སྐད་དུ་ཡང་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་འགྲོ་བའོ། །དབང་ཕྱུག་གིས་བསྐུལ་བ་ནི་བཅུག་པའོ། །དེས་མངོན་
པར་གསལ་བ་ནི་བྱིན་གྱིས་བརླབས་པ་སེམས་པའི་མཚན་ཉིད་ལས་ཀྱི་མིང་ཅན་ཆོས་ཉིད་ལས་ཡིན་ནོ། །གཞན་གྱི་ལྟར་ན་ཆོས་ཡོན་ཏན་གཞན་ཡིན་པས་དེ་ལྟ་ན་ཡང་། སངས་རྒྱས་པ་ལ་གྲུབ་པ་སེམས་པའི་རང་བཞིན་ཁས་བླངས་ནས་ཁྱད་པར་བསྒྲུབ་པར་འདོད་པ་ཡིན་ནོ། །གལ་ཏེ་
དེ་ལྟར་གྲུབ་ཀྱང་གྲུབ་པ་ལ་སྒྲུབ་པ་ཉིད་དོ་སྙམ་པ་དབང་ཕྱུག་གི་སེམས་པས་ཞེས་བྱ་བའོ། །དེ་ནི་མེད་དེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །སེམས་པ་གཞན་དེ་ནི་དབང་ཕྱུག་གི་སེམས་པའོ། །སྒྲུབ་པར་བྱེད་པ་དོན་མེད་པས་སྨྲས་པ་ནི་དབང་ཕྱུག་ལ་ལྟོས་པ་ལ་གཞན་གྱིས་བསམ་པ་མེད་པ་ནི་ཞེས་བྱ་བ་ལ་སོགས་
เล่ม ๑๘๔ · หน้า 10b
པས་བསྟན་ནས། དེ་ལ་ཞེས་བྱ་བ་ལ་སོགས་པས་དོན་མེད་པ་ཉིད་གཞུང་འཛུགས་པར་བྱེད་དོ། །དོན་འདི་ཡིན་ཏེ། གལ་ཏེ་འབྲས་བུ་ལ་རྒྱུ་འཇུག་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་རྒྱུར་འདོད་ཅིང་དེ་དག་ཀྱང་སེམས་པའི་རང་བཞིན་ཡིན་ལ་ངེས་པར་རྟོགས་པའི་སྒྲའི་དོན་ཡང་དེ་ཉིད་ཡིན་ན་དེའི་
ཚེ། ངེས་པར་རྟོགས་པར་གཞན་གྱི་བྱ་བ་ཅི་ཡོད་ཅེས་བྱ་བ་ཡིན་ནོ། །གལ་ཏེ་སེམས་པ་ཙམ་ངེས་པར་རྟོགས་པའི་དོན་ཡིན་ན། འཁོར་བ་ཡང་ངེས་པར་རྟོགས་པ་ཅན་དུ་ཐལ་ལོ། །འདི་ནི་དེའི་ཞེས་བྱ་བའི་སེམས་པ་ཙམ་གྱི་མཐར་ཐུག་པ་ཡིན་གྱི་དབང་ཕྱུག་གི་ཇི་ལྟ་བ་བཞིན་མ་ཡིན་ནོ། །དབང་ཕྱུག་གི་
འདི་ལ་ནི་འདི་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་ནི་འདིའི་ཉེ་བར་ལེན་པ་ལ་སོགས་པའོ། །འདིས་ནི་འདི་བསྒྲུབ་པར་བྱའོ་ཞེས་བྱ་བའི་རྣམ་པར་ངེས་པ་རྟོག་པར་བྱེད་པ་ཡིན་ནོ། །དེས་ན་སེམས་པ་དང་ལྡན་པར་གནས་པར་མཚུངས་ཀྱང་། ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་དབང་ཕྱུག་སྒྲུབ་
པར་བརྩོན་པ་ཡིན་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་དོན་མེད་པར་ཇི་ལྟར་འགྱུར། སྒྲུབ་པར་བྱེད་པའི་སྟོབས་ཀྱིས་གྲུབ་པ་ཡོད་ཀྱང་དོན་མེད་པར་རྩོད་པའི་སྐབས་ནི་ཡོད་པ་མ་ཡིན་ནོ་སྙམ་དུ་དོགས་པ་ན། དཔེ་མ་གྲུབ་ཅེས་བརྗོད་པ་ཉིད་གསལ་བར་བྱེད་པ་ནི་དེ་ལྟ་ན་ཡང་དཔེ་མ་གྲུབ་བོ་ཞེས་བྱ་བའོ། །
དེ་ལྟ་ན་ཡང་ཞེས་བྱ་བ་ནི་བློ་དང་ལྡན་པ་ཙམ་དོར་ནས། དབང་ཕྱུག་ཁས་ལེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེ་མ་གྲུབ་པ་ཉིད་སྟོན་པ་ནི་བུམ་པ་ལ་སོགས་པའི་སེམས་པ་དང་ལྡན་པས་ཞེས་བྱ་བ་ནས་ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བའི་བར་རོ། །འདིས་ནི་མཐུན་པའི་ཕྱོགས་མེད་པའི་ཕྱིར་དེ་ལ་
གཏན་ཚིགས་མེད་པའི་ཕྱིར་འགལ་བ་ཡིན་ནོ་ཞེས་བསྟན་ཏོ། །ཡང་ན་ལྡོག་པ་ཁྱབ་པར་མ་བསྟན་པའི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་ལ་ལྟོས་ནས་ལྡོག་པའི་ཕྱིར་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན་ནོ། །དེས་ན་སྒྲུབ་པར་བྱེད་པའི་སྟོབས་ལས་རྟེན་པ་གསལ་བ་ཡིན་
ནོ། །འོན་ཏེ་ཞེས་བྱ་བ་ནི་གཞན་མཐུན་ཕྱོགས་སྒྲུབ་པའོ། །བཅུག་ནས་ཞེས་བྱ་བ་ནི་དབང་ཕྱུག་གིས་སོ། །ཅིའི་ཕྱིར་ཞེ་ན་ཐམས་ཅད་ཤེས་པའི་ཕྱིར་ནའོ། །དབང་ཕྱུག་གི་ཐམས་ཅད་ཤེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པའི་དོན་ཉིད་འཆད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །
เล่ม ๑๘๔ · หน้า 11a
ངེས་པར་རྟོགས་མི་ནུས་པ་ནི་ཡུལ་ཐམས་ཅད་དོ། །གལ་ཏེ་ཡང་རྫ་མཁན་རང་གི་བྱ་བའི་ཉེ་བར་ལེན་པ་ལ་སོགས་པ། དོན་ཅུང་ཟད་ཤེས་པ་ཡིན་པ་དེ་ལྟ་ན་ཡང་མ་ལུས་པར་ཤེས་པ་ནི་མ་ཡིན་ནོ། །འདིས་ཡང་དག་པར་སྦྱིན་པ་རང་གི་མཚན་ཉིད་ཀྱི་ཤེས་པ་ནི་མ་ཡིན་
ནོ། །ཕན་འདོགས་བྱེད་མ་ལུས་པར་ཤེས་པ་ཡང་མ་ཡིན་ཏེ། ཆོས་ལ་སོགས་པ་མ་རྟོགས་པའི་ཕྱིར་རོ། །དབང་ཕྱུག་གིས་ནི་ཐམས་ཅད་ཤེས་པའི་ཕྱིར་བུམ་པ་ལ་སོགས་པ་ལ་རྫ་མཁན་སྐུལ་བར་བྱེད་པ་པོ་ཞེས་རྣམ་པར་འཇོག་པ་ཡིན་ནོ་ཞེས་བྱ་བའོ། །དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །བྱེད་པ་
པོ་སྒྲུབ་པས་ཞེས་བྱ་བ་ནི་ཐམས་ཅད་གྲུབ་པ་པོར་ཐམས་ཅད་ཤེས་པ་ཉིད་འགྲུབ་པར་འགྱུར་བ་ཐབས་གཞན་མེད་པའི་ཐམས་ཅད་བྱེད་པ་པོ་ཉིད་ཀྱང་ཐམས་ཅད་ཤེས་པ་དེ་ཉིད་ལས་ཡིན་ནོ་ཞེས་རྣམ་པར་གནས་པ་ན་ཐམས་ཅད་བྱེད་པ་པོ་ཉིད་དང་། ཀུན་ཤེས་པ་ཉིད་གཉིས་ཕན་ཚུན་རྟེན་པ་ཆེན་པོར་འགྱུར་
རོ། །དེས་ན་གཅིག་ཀྱང་འགྲུབ་པར་མི་འགྱུར་རོ་སྙམ་དུ་དགོངས་པའོ། །གལ་ཏེ་དབང་ཕྱུག་དམ་པ་ཞེས་བྱ་བའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་བྱེད་པ་པོ་མ་ཡིན་པར་འགྱུར་རོ། །སྐུལ་བར་བྱེད་པ་ཞེས་བྱ་བ་ནི་རྫ་མཁན་ལ་སོགས་པ་བསྐུལ་བའི་སྒོ་ནས་བུམ་པ་ལ་སོགས་པ་
བྱེད་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ཐམས་ཅད་ཤེས་པ་ཉིད་དང་བྲལ་བ་ནའོ། །དེའི་ཕྱིར་ཕན་ཚུན་རྟེན་པའི་ཉེས་པ་གཅིག་ཀྱང་མི་འགྲུབ་པའི་ཕྱིར་དཔེ་བསྒྲུབ་བྱས་སྟོང་ངོ་། །འདིའི་ཐམས་ཅད་མཁྱེན་པ་ཉིད་ནི་སྲིད་པ་ཙམ་གྱི་ཡུལ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ཡང་
ཞེས་གསུངས་སོ། །ཅིའི་ཕྱིར་འཇུག་པར་ནི་མི་བྱེད་ཅེ་ན། སྤྱོད་པ་དང་ལྡན་པ་ནི་ཞེས་གསུངས་ཏེ། དམ་པ་མ་ཡིན་པའི་སྤྱོད་པ་ལ་ནི་འཇུག་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་དབང་ཕྱུག་གོ། །ལོག་པར་འཇུག་པ་ཞེས་བྱ་བ་ནི་ཆོས་མ་ཡིན་པ་བྱེད་པའོ། །དོན་འདི་ཡིན་
ཏེ་ཐམས་ཅད་ཤེས་པ་ཡིན་ན་ཐམས་ཅད་གྲུབ་པ་བཟོད་པར་དཀའ་བའི་འཁོར་བའི་སྡུག་བསྔལ་དུ་ལྟ་བའི་སྐྱེ་བོ་ལ་བརྩེ་བ་ཁོ་ནར་རིགས་ཀྱི། དམ་པ་མ་ཡིན་པའི་སྤྱོད་པ་ལ་བསྐུལ་བར་ནི་མི་འགྱུར་རོ་ཞེས་བྱ་བའོ། །འོན་ཏེ་དེའི་བསམ་པ་རྟོགས་པར་སུས་ནུས་ཤེ་ན། ཀྱེ་མ་དད་པ་འདི་ནི་ཤིན་དུ་
เล่ม ๑๘๔ · หน้า 11b
ཆེ་སྟེ། ཤན་པ་ལ་སོགས་པ་ཡང་ཡུལ་དུ་གྱིས་ཤིག །ཐམས་ཅད་ཤེས་པ་ཉིད་ལ་སོགས་པའི་ཡོན་ཏན་ལ་ཐེ་ཚོམ་ཟ་ཡང་འདི་དབང་ཕྱུག་དམ་པ་ཉིད་ཡིན་པར་ཅི་ལྟར་འགྱུར། བསམ་པ་མ་རྟོགས་པར་ནི་ཐམས་ཅད་ཤེས་པ་ཐེ་ཚོམ་ཟ་བ་ཡང་མི་ལྡོག་གོ། །དེས་ན་བུམ་པ་ལ་སོགས་པར་
བྱེད་པར་ནུས་པ་མ་ཡིན་པས་སྐབས་ཉམས་སོ། །དེས་ན་རྩ་བ་ཉིད་ཤོར་རོ་ཞེས་བརྗོད་པ་ན་དེ་ཅི་ལྟར་ཚད་མ་ཡིན་ཞེས་བྱ་སྟེ། དེ་འདྲ་བའི་རྣམ་པར་དཔྱོད་པ་མེད་པའི་ཕྱིར་རོ། །ཡོངས་སུ་རྫོགས་པའི་རྣམ་པར་དཔྱོད་པ་མེད་པས་ཐེ་ཚོམ་ཡང་གྲུབ་པའི་ཕྱིར་དེ་སྲིད་པའི་ཐ་སྙད་དུ་ནུས་པ་མ་ཡིན་ནོ། །འོན་
ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེས་ན་ཞེས་བྱ་བ་ནི་དམ་པའི་ཉེ་བར་བསྟན་པ་བྱེད་པས་སོ། །དེ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཆོས་མ་ཡིན་པ་ཡང་ཞེས་པ་ནི་ཆོས་འབའ་ཞིག་ལ་མ་ཡིན་པའོ། །རེ་ཞིག་དང་པོར་ཞེས་བྱ་བར་ནི་འཆད་པར་འགྱུར་རོ། །འོན་ཏེ་ཞེས་བྱ་བ་ནི་གཞན་
གྱིས་ཏེ་དེས་ན་སྡིག་པ་ལ་རང་དབང་དུ་འཇུག་པ་མི་བྱེད་དེ་སྙམ་དུ་བསམས་པའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ལན་ནོ། །དེའི་ལས་ཀྱིས་བྱིན་གྱིས་བརླབས་ནས་དབང་ཕྱུག་རྟོགས་པར་བྱེད་པ་ཉམས་པའོ། །རྟོགས་པ་དང་ལྡན་པ་ནི་གཞན་གྱིས་བྱིན་གྱིས་བརླབས་ཀྱང་མི་འོས་པ་མི་བྱེད་དོ། །དེས་
ན་འདི་ནི་དེའི་ལས་ཀྱིས་བྱིན་གྱིས་བརླབས་ཀྱང་སྐྱེ་བོའི་སྡིག་པ་ལ་མི་འཇུག་པར་མི་འགྱུར་རོ། །ལས་གང་གིས་ཁྱོད་ཀྱིས་བརླབས་ནས་སྡིག་པ་ལ་འཇུག་པར་བྱེད་པའི་ལས་དེ་ཡང་ཞེས་གོ་སླའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་སྐྱེ་བོ་ནི་རང་ཉིད་ཆོས་མ་ཡིན་པ་
བྱེད་པ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལས་གཞན་པའི་དབང་ཕྱུག་བཞིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་དབང་ཕྱུག་བཞིན་ནོ། །དེ་ཡང་སྙིང་པོ་མེད་དེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གང་གིས་སྐྱེ་བོ་རྣམས་སྡིག་པ་བྱེད་པ་འགོག་པར་བྱེད་པར་དབང་ཕྱུག་གཞན་ལ་རྣམ་པ་འདྲ་བའི་ནུས་པ་ཡོད་
པ་མ་ཡིན་ནོ། །དེས་ན་དེ་དག་གིས་ཆོས་མ་ཡིན་པའི་བྱེད་པ་དེའི་འབྲས་བུ་མྱོང་དུ་འཇུག་པ་ཡིན་ནོ། །དབང་ཕྱུག་ནི་འཇིག་རྟེན་ཐམས་ཅད་ལས་འདས་པའི་བློ་དང་ལྡན་པར་འདོད་དོ། །དེས་ན་དེ་ནི་སྡིག་པ་བྱེད་པ་དགག་པར་ནུས་པ་ཉིད་དོ། །དེ་ལྟར་ཡིན་ཡང་ཆོས་མ་ཡིན་པ་བྱེད་པ་མེད་པའི་ཕྱིར་དེའི་
เล่ม ๑๘๔ · หน้า 12a
འབྲས་བུ་མྱོང་བར་བྱེད་པ་མ་ཡིན་སྙམ་དུ་དགོངས་པའོ། །འོན་ཏེ་འདི་ནུས་པ་མེད་པ་ཉིད་ཡིན་ན་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ནི་སྡིག་པ་བྱེད་པའི་ཟློག་པ་ལ་ནུས་པ་མེད་པ་ཁོ་ནའོ་ཞེས་བལྟ་བར་བྱའོ། །སྡིག་པའི་དབང་ཕྱུག་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་
མ་ཡིན་པ་ཁོ་ནའོ་ཞེས་བསམ་པའོ། །ལན་དུ་དེ་ལྟ་ཡིན་ན་ཞེས་བྱ་བ་སྟེ་ནུས་པ་མེད་པ་ཡིན་ནའོ། །ཅི་དང་འདྲ་བར་མ་བྱས་ཤེ་ན། སྡིག་བཞིན་ཞེས་གསུངས་སོ། །དཔེར་ན་དམ་པའི་དོན་དང་ལྡན་པ་ཉིད་མེད་པར་ཁས་བླངས་པའི་ཕྱིར་སྐྱེ་བོ་རྣམས་ཀྱི་སྡིག་པ་ཉིད་དེས་མ་བྱས་པ་བཞིན་དུ་འབྲས་བུ་
གཞན་ལ་ཡང་དེས་བྱས་པར་ཡིད་ཆེས་པ་ཅི་ཡོད། དེས་ན་སྡིག་པས་འཁྲུལ་པའི་ཕྱིར་འདིས་འབྲས་བུ་ལ་མ་ཁྱབ་པས་ན་དམ་པའི་དོན་དང་ལྡན་པ་ཆོས་ལ་སོགས་པ་ཡང་དེ་ལས་ཡིན་པ་ཅི་སྟེ་ཁས་ལེན། སོགས་པའི་སྒྲས་ནི་ཐར་པ་དང་ཡོན་ཏན་གཞན་དུ་གཟུང་ངོ་། །འདི་ལ་ཞེས་བྱ་བ་ནི་གཞན་
ལ་ཆོས་མ་ཡིན་པའི་འབྲས་བུ་སྟེར་བ་ལའོ། །དེའི་ཚེ་བདེན་པ་དང་བདེན་པ་མ་ཡིན་པ་ཉེ་བར་སྟོན་པ་ཚད་མར་ཅི་ལྟར་ཁས་ལེན་ཏེ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཁྱེད་ཚད་མ་དང་ལྡན་པ་ཆེན་པོ་ཡིན་ནོ་ཞེས་འབྲེལ་ཏོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ཆོས་དང་ཆོས་མ་ཡིན་པས་སྐུལ་བར་བྱེད་པ་པོ་
ཡིན་ན་ཡང་ངོ་། །བདག་ཉིད་ནི་རྟག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །གཞན་གྱི་དོགས་པ་བསུ་ནས་འགོག་པ་ནི་གལ་ཏེ་སྲོག་ཆགས་ཐམས་ཅད་ཀྱི་བདག་ཀུན་འབྲས་བུ་ཐམས་ཅད་ཀྱི་བྱེད་པ་པོ་མ་ཡིན་ཏེ། རི་ལ་སོགས་པའི་འབྲས་བུ་ལ་སེམས་ཅན་འགའ་ཞིག་གི་ཆེད་དུ་བསམ་པའི་
བྱ་བ་མ་དམིགས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་རྟོགས་ན་དེའི་ཚེ་ཡང་དབང་ཕྱུག་དེའི་ཐམས་ཅད་ཀྱི་བྱེད་པ་པོ་སྟེ། བྱེད་པ་པོར་སྨྲ་བ་གང་དུ་དགོས་ཏེ། དེ་ལྟར་མ་དམིགས་པ་ནི་ཐུན་མོང་ཡིན་པའི་ཕྱིར་རོ། །ལག་པའི་རྩོམ་པ་ལ་སོགས་པ་ནི་ཕ་རོལ་པོ་རང་ཉིད་ཀྱིས་འདོད་པ་མ་ཡིན་པས་
འདོད་པ་ཙམ་ཡོད་དོ་ཞེས་བརྗོད་པར་བྱ་བ་ཡིན་ན། དེ་ཡང་སུན་ཕྱུང་བ་ཡིན་ཏེ། མི་རིགས་པའི་བྱ་བ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་དེ་བྱིན་གྱིས་བརླབས་པ་ཙམ་གྱིས་འབྲས་བུ་ཐམས་ཅད་སྐྱེ་བ་ཡིན་ཏེ། དངོས་པོའི་ནུས་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ་ཞེས་བྱ་བ་ཙམ་ཞིག་ལུས་པ་ཡིན་
เล่ม ๑๘๔ · หน้า 12b
ནོ། །དེ་ལྟ་ན་ནི་འོ་ན་ལྟ་བའི་དྲ་བས་བཅིངས་པའི་བདག་ཐམས་ཅད་ཉིད་ཀྱིས་ཐམས་ཅད་བྱེད་པ་ལ་ཆད་པ་ཅི་ཡོད་དེ། འདིར་ཡང་དངོས་པོའི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ་ཞེས་ནི་བརྗོད་པར་ནུས་པའི་ཕྱིར་རོ། །ནུས་པ་གཞི་ངེས་པ་ཅན་དུ་དམིགས་པ་ན་གཞན་དུ་དོགས་པ་ན་མི་
འཐད་དོ། །འདི་ནི་མུན་པར་ལག་པ་ནོམས་པ་ཡིན་པའི་ཕྱིར། གནོད་བྱེད་མེད་པ་ལས་གཞན་དུ་རྣམ་པར་རྟོག་པ་ལ་ཡང་དགག་པ་ཅི་ཡོད། དེ་ལྟ་ཡིན་ཡང་བདག་མང་པོས་རི་ལ་སོགས་པ་གཅིག་བྱེད་པར་འགྱུར་ཏེ། ཐུན་མོང་གི་ལས་ཀྱི་སྐྱེད་པའི་ཕྱིར་ཞེས་བྱ་བའི་རྟོག་པར་ཡང་འགྱུར་བ་
ཁོ་ནའོ། །དེ་ལྟ་ན་རྟོག་པ་འདི་མཐའ་ཞིག་ཏུ་འགྱུར་རོ་ཞེ་ན་རི་ལ་སོགས་པ་མང་པོ་རྣམས་ཀྱང་བདག་གཅིག་གིས་བྱེད་དོ་ཞེས་བྱ་བའི་རྣམ་པར་རྟོག་པ་ཁོ་ནར་ཡང་འགྱུར་བ་ཁོ་ན་སྟེ། གཉི་ག་ལ་ཡང་གནོད་པའི་ཚད་མ་མེད་པའི་ཕྱིར་རོ། །རི་ལ་སོགས་པ་གཅིག་ཁོ་ནས་བྱས་སོ་ཞེས་ངེས་པ་ནི་མ་ཡིན་ནོ། །གཞན་
དག་རྣམ་པ་ཅི་ཞིག་ལྟར་བྱེད་པ་པོ་གཅིག་ཡོད་པར་ངེས་པའི་དོགས་པ་བསུ་ནས་སེལ་བ་ནི། འོན་ཏེ་གཞན་དང་ཞེས་བྱ་བའོ། །གལ་ཏེ་ཐམས་ཅད་ལ་བྱེད་པ་པོ་གཅིག་སྒྲུབ་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། བྱེད་པ་པོ་འདི་ཞེས་སྨོས་སོ། །དེ་ལས་མངོན་པར་འདོད་པའི་དོན་འགྲུབ་པའི་ཕྱིར།
བསྙེན་ཅིང་བཀུར་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐམས་ཅད་མཁྱེན་པ་ཙམ་གྱིས་བསྙེན་པར་འོས་པ་མ་ཡིན་ནམ་སྙམ་ན། ཀུན་ཤེས་པ་ཙམ་གྱིས་ཞེས་སྨྲས་སོ། །ཐམས་ཅད་བྱེད་པ་པོ་མ་ཡིན་པའི་ཕྱིར་མཆོག་སྦྱིན་ལ་སོགས་པའི་ནུས་པ་མེད་པའོ། །ཀུན་མཁྱེན་ཡིན་ཡང་
ཞེས་བྱ་བ་ནི་ཐམས་ཅད་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཡང་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ཞེ་ན། དགོས་པ་མེད་པའི་ཕྱིར་ཏེ། དགོས་པ་ཆུང་བའི་ཕྱིར་རོ། །ཇི་ལྟར་དགོས་པ་ཆུང་སྙམ་ན། བུ་རམ་དར་བ་བྱེད་པ་པོ། །ཞེས་གསུངས་ཏེ། འདི་རིགས་པ་དང་མི་རིགས་པ་
འདྲེས་པ་ལ་གྲགས་པ་ཡིན་ནོ། །དེ་ཉིད་གསུངས་པ་ནི། དོན་དང་དོན་བྱེད་ལ་འཆེལ་ཞེས་བྱ་བའོ། །རྟོག་པ་ཡིན་ན་ནི་གཞན་ལ་ཕན་པ་ཁོ་ན་རིགས་ན། དེ་ནི་ཕན་པ་འགའ་ཞིག་རེས་འགའ་བྱེད་ལ་དོན་མ་ཡིན་པ་ནི་སྣ་ཚོགས་པ་བྱེད་པས་འདྲེས་པའི་བྱ་བ་ཅན་ཡིན་ཏེ། དེས་
เล่ม ๑๘๔ · หน้า 13a
འདི་ལ་ཕན་པ་ཆུང་བ་ཁོ་ནའོ། །དེའི་ཕྱིར་མཆོག་སྦྱིན་པའི་འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་ཐམས་ཅད་བྱེད་པ་པོ་གཅིག་དོན་དུ་གཉེར་བ་ནི་དོན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱེད་པ་པོ་འདི་གཙོ་བོ་སྟེ་ཞེས་བྱ་བ་ལ་སོགས་པ་བསལ་ནས་ཚིག་ལེའུར་བྱས་
པ་སྔ་མའི་དོན་བརྗོད་པའི་ཕྱིར་བཤད་པ། ཀུན་ཤེས་ཉིད་དུ་གྲུབ་ན། ཐམས་ཅད་བྱེད་པར་ནུས་པ་ཡིན་ཞིང་ཐམས་ཅད་བྱེད་པར་ནུས་པ་ཡིན་ན་ནི། ཐམས་ཅད་བྱེད་པ་པོ་ཡིན་ལ། ཐམས་ཅད་བྱེད་པ་པོ་ཡིན་ན་ཡང་ཐམས་ཅད་ཤེས་པ་ཉིད་ཡིན་པའི་ཕྱིར་འཁོར་ལོར་འགྱུར་རོ། །སྔར་
ནི་གོ་རིམས་ཀྱི་ཁྱད་པར་ལ་ངེས་པ་ལ་ལྟོས་པ་ཁོ་ནས་ཕན་ཚུན་རྟེན་པར་བརྗོད་ལ། དེ་ལྟ་ན་དངོས་པོ་ལ་ལྟོས་ནས་ཀྱང་གཞན་གྱིས་སྨྲས་པ་ཉིད་ལས་འཁོར་ལོར་འགྱུར་བ་ཡིན་ནོ། །ཐམས་ཅད་ཀྱི་བྱེད་པ་པོ་གཅིག་འདོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐམས་ཅད་མཁྱེན་པར་མི་འགྱུར་རོ་ཞེས་
སྨྲས་པས་ནི། ཐམས་ཅད་ཤེས་པ་ཡོད་པས་ཐམས་ཅད་བྱེད་པ་པོའི་བྱ་བ་བསྟན་པའི་ཕྱིར་རོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་རྫ་མཁན་ལ་སོགས་པ་ཐམས་ཅད་ཤེས་པ་མ་ཡིན་པ་ཡང་བུམ་པ་ལ་སོགས་པའི་བྱེད་པ་པོར་མཐོང་ན། བུམ་པ་ལ་སོགས་པའི་རང་བཞིན་གྱི་དཔེ་དེ་ཉིད་ལས་
རོ་ལ་སོགས་པ་ལ་ཡང་ཐམས་ཅད་རིག་པའི་བྱེད་པ་པོ་ཅི་ལྟར་འགྲུབ་སྟེ། ཐམས་ཅད་རིག་པ་མ་ཡིན་པ་ཁོ་ནར་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་འདྲ་བའི་ཁྱད་པར་དང་འགལ་བ་ནི་རྗེས་སུ་དཔག་པ་ཐམས་ཅད་ལ་རྙེད་པར་སླ་བ་ཡིན་ནམ། བྱེད་པ་པོ་ཐམས་ཅད་རིག་པ་ཉིད་དུ་འགྱུར་
དགོས་སོ་ཞེས་ཀྱང་མི་བརྗོད་པས། གང་གིས་ཁྱད་པར་དང་འགལ་བར་དོགས་པར་འགྱུར་སྙམ་དུ་དོགས་ན། དེ་ལྟ་ཞེ་ན་ཞེས་སྨོས་སོ། །དོན་འདི་ཡིན་ཏེ། འཆད་པར་འགྱུར་བའི་ཚུལ་གྱིས་འབྲས་བུ་ཙམ་ལ་བློ་དང་ལྡན་པ་མ་ཁྱབ་པའི་ཕྱིར་དཔེ་ལ་མཐོང་བ་ཙམ་གྱིས་ཁྱབ་པར་གྲུབ་པར་འདོད་པ་
ཡིན་ནོ། །མཐོང་བ་དེ་ནི་ཐམས་ཅད་རིག་པ་མ་ཡིན་པ་ལ་ཡང་ཡོད་དོ། །དེས་དཔེའི་རྗེས་སུ་འབྲངས་ནས་བརྟགས་པ་ནི། གལ་ཏེ་ཐམས་ཅད་རིག་པ་མ་གྲུབ་པ་ན་དེའི་ཚེ་གཉུག་མའི་དབང་ཕྱུག་གྲུབ་པ་ཉམས་སོ། །དཔེ་ལ་མཐོང་བ་ཙམ་སྒྲུབ་བམ། དེ་ལྟ་མ་ཡིན་འབྲས་བུ་ལ་སོགས་
เล่ม ๑๘๔ · หน้า 13b
པ་ལ་ཐམས་ཅད་ཤེས་པས་ཁྱབ་པ་མ་གྲུབ་པ་གང་ཡིན་པ་དེ་གཉི་ག་ནི་བློ་དང་ལྡན་པ་ལ་ཡང་མཚུངས་སོ། །གཞན་ཡང་དབང་ཕྱུག་འདི་བྱེད་པ་པོ་མེད་པ་ནམ་མཁའ་ལ་སོགས་པ་ལ་ནི་དོགས་པར་བྱ་བ་མ་ཡིན་ནོ། །འབྲས་བུ་བྱེད་པ་པོ་མཐོང་བ་རྣམས་ལ་ཡང་རྫ་མཁན་ལ་སོགས་པ་ཡིན་པ་པོ་དགེའོ། །
རི་ལ་སོགས་པ་གཞན་ལ་ཡང་ལས་ཉིད་ནུས་པའི་ཕྱིར་དབང་ཕྱུག་ནི་དགོས་པ་མེད་དོ། །ལས་ཀྱི་ནུས་པ་ནི་གདོན་མི་ཟ་བར་ཁས་བླང་དགོས་ཏེ། དེ་ལྟ་མ་ཡིན་ན་ཕན་འདོགས་བྱེད་ཉིད་མི་འགྱུར་རོ་ཞེས་སྟོན་པ་ནི་རང་གི་བྱ་བ་ཞེས་བྱ་བ་ལ་སོགས་པའོ། །ཅི་ལྟར་བྱེད་པ་པོ་ཡིན་ཞེས་བྱ་བ་ནི་སྐབས་
ཀྱི་ཐམས་ཅད་དབང་ཕྱུག་གིས་ཞེས་བྱ་བའོ། །གལ་ཏེ་ལས་ཀྱི་ནུས་པ་ཁས་བླངས་པས་རི་ལ་སོགས་པ་ལ་དབང་ཕྱུག་སྤོང་ན་དེའི་ཚེ་རྫ་མ་ལ་ཡང་རྫ་མཁན་དོན་མེད་དོ། །དེ་ལ་མ་མཐོང་བ་ཞེས་བྱ་བས་ནི་ནུས་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་འབྲས་བུ་དེ་ལྟ་བུ་ལ་ནི་བྱེད་པ་པོའི་ནུས་པ་མངོན་སུམ་
གྱིས་གྲུབ་པའི་ཕྱིར་ན་སྤང་བར་མི་ནུས་པའི་ཕྱིར་རོ། །རི་ལ་སོགས་པ་ལ་ནི་དེ་ལྟར་མ་མཐོང་ངོ་། །དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔོག་གོ་ཞེ་ན། འདི་ལ་སྒྲུབ་པར་བྱེད་པའི་ནུས་པ། ཕྱིས་སེམས་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །རྣམ་པར་གཞག་པའི་ཉེས་པ་འདི་ནི་ཞར་ལས་བྱུང་བ་ཡིན་
ཏེ། འདི་ཡང་བསྟན་བཅོས་སུ་ནི་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་བུམ་པ་ལ་སོགས་པ་ལ་དབང་ཕྱུག་དོན་མེད་པར་བརྗོད་པར་མི་བཟོད་ནས། གལ་ཏེ་ཤེས་ཀྱང་ཞེས་སྨྲས་སོ། །ཁྱད་པར་མེད་ཕྱིར་ཞེས་བྱ་བ་ནི་སུན་འབྱིན་པའོ། །དེ་བཞིན་ཞེས་བྱ་བ་ནི་ཤེས་ཀྱང་ངོ་། །གཞན་
གྱི་བསམས་པས་བསྐུལ་བར་མི་རིགས་པ་ཉིད་དུ་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ཀུན་དུ་ཞེས་བྱ་བ་ནི། རྫ་མཁན་ལ་སོགས་པ་འབྲས་བུ་ལ་མཁས་པ་གང་ཡིན་པའི་ཡང་ངོ་། །བསྐུལ་བའི་སྒོ་ནས་ཐམས་ཅད་བྱེད་པ་པོ་ཉིད་ཀྱིས་བདག་ཐམས་ཅད་ཤེས་པ་ཉིད་དུ་ཅི་འགྲུབ་
བྱ་བའི་སྙམ་པའི་འབྲས་བུའི་བློས། དོན་མེད་ཀྱང་སྐུལ་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་དུ་དེ་ནི་དེ་ལྟར་གང་གིས་ཤེས་ཞེས་བྱ་བའོ། །རང་གི་ཚིག་ཏུ་བརྗོད་པ་ཙམ་མོ་སྙམ་དུ་དགོངས་པའོ། །གཞན་ཡང་ཞེས་བྱ་བ་ནི། སུན་འབྱིན་པ་བཞིན་ནོ། །འོན་ཏེ་གང་ཞིག་རང་ཉིད་ངེས་
เล่ม ๑๘๔ · หน้า 14a
པར་བརྟགས་ནས་འཇུག་པ་དེའོ། །བློ་ཡང་དབང་ཕྱུག་གི་མཐུ་ལས་དེ་འདྲ་བར་གྱུར་པ་ཡིན་ནོ་སྙམ་ན། ཀུན་གྱི་བློ་ཉིད་ཅེས་གསུངས་སོ། །རྫ་མཁན་མཁས་པར་མཐོང་བ་ནི་དགག་པར་བྱ་བ་མ་ཡིན་ནོ། །འོན་ཀྱང་དེའི་དབང་ཕྱུག་ཉིད་ལས་ཡིན་ནོ་ཞེས་གཞན་
བསྐུལ་ཡང་སླར་གསོ་བར་བྱེད་དེ་སྔ་མ་བཞིན་ཚད་མ་མ་ཡིན་པ་ཁོ་ནའོ། །འོན་ཏེ་རེ་ཞིག་རྫ་མཁན་ལ་ལྷན་ཅིག་སྐྱེས་པའི་མངོན་ཤེས་ནི་ཡོད་པ་མ་ཡིན་ཏེ། བྱིས་པ་ལ་སོགས་པའི་ཚེ་ཡང་ཡོད་པར་ཐལ་བའི་ཕྱིར་རོ། །དེས་ན་དེའི་རེས་འགའ་བ་དེ་ཡང་མ་མཐོང་བ་འགའ་ཞིག་གི་ནུས་པ་ལས་ཡིན་
པའི་ཕྱིར། དེ་ཉིད་དབང་ཕྱུག་ཡིན་ནོ་སྙམ་ན། རྒྱུ་ནི་ཞེས་གསུངས་སོ། །བྱེད་མཁས་པའོ་ཞེས་བྱ་བའི་དོན་བྱེད་པ་པོ་ཉིད་གང་ཡིན་པ་དེ་ནི་འཇིམ་པ་དང་། དབྱིག་པ་དང་འཁོར་ལོ་ལ་སོགས་པ་དེ་ལྟར་ཚོགས་པ་ཡིན་ནོ་ཞེས་རྒན་པོ་རྣམས་ཀྱིས་ཉེ་བར་བསྟན་པ་ལས་ཡིན་ནོ། །སོགས་པའི་སྒྲས་
ནི་བསྟན་པ་མེད་ཀྱང་བྱ་བའི་རིམ་པ་མཐོང་བ་ལས་དེ་འཛིན་པ་ཡིན་ནོ། །ཉེ་བར་སྟོན་པ་པོ་ཉིད་ལ་ཉེ་བར་བསྟན་པ་ག་ལས་ཡིན་ཞེ་ན། དེ་ལས་གཞན་པའི་ཉེ་བར་སྟོན་པའི་ཐད་ལས་སོ། །དེ་བཞིན་ཐོག་མ་མེད་པའི་ཕྱིར་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བ་ཡོངས་སུ་རྫོགས་པའི་ཕྱིར་དབང་ཕྱུག་
རྟག་པས་ཅི་བྱ་སྙམ་དུ་དགོངས་པའོ། །དེས་ན་འཇུག་པ་ཐམས་ཅད་ནི་ཞེས་བྱ་བ་ནི་མཇུག་སྡུད་པའོ། །རྫ་མཁན་ལ་སོགས་པ་ནི་རང་བསྡད་ཅིང་བསྡད་ཅིང་འདུག་པ་ཡིན་ལ། སྟེའུ་ལ་སོགས་པ་ཡང་བཟོ་བྱ་བར་འདོད་པས་ཡིན་ཞིང་། རྡུལ་ཕྲ་རབ་ལ་སོགས་པ་ནི་ལས་ཀྱི་མཐུ་ལས་ཡིན་
ནོ། །དེ་བཞིན་དུ་དོན་བྱ་བ་བྱེད་པ་ལ་སོགས་པ་ཡང་དབང་ཕྱུག་གིས་བསྐུལ་བ་ལས་མ་ཡིན་ནོ་ཞེས་བཤད་པར་རིག་པར་བྱའོ། །དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་མ་ཡིན་མོད། གཙོ་བོ་ལ་སོགས་པ་ནི་མ་ཡིན་ནོ་སྙམ་ན། དེའི་ཕྱིར་ཞེས་གསུངས་སོ། །རིག་པ་དེ་ཉིད་ཀྱི་ཕྱིར་རོ། །
གཙོ་བོ་ཡོན་ཏན་གསུམ་གྱི་རང་བཞིན་དུ་སྐྱེས་བུ་གདོད་མ་ནས་ཡོད་པ་དང་། དབྱིག་གི་སྙིང་པོ་ལ་སོགས་པ་ལུང་ལས་ཇི་ལྟར་བརྟགས་པ་རྣམས་ནི་བྱེད་པ་པོར་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་སུ་བརྗོད་པའི་གཏན་ཚིགས་གསུམ་སུན་ཕྱུང་ཟིན་ཀྱང་ད་ཡང་དབྱིབས་ཀྱི་ཁྱད་པར་ལ་
เล่ม ๑๘๔ · หน้า 14b
བརྗོད་པ་ནི། དབྱིགས་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ཡང་ཞེས་བྱ་བའོ། །རྩ་བར་དབྱིབས་ཀྱི་ཁྱད་པར་ལྡན་པའི་སྒྲ་བྱས་པའི་ཕྱིར། ཆོས་ཙམ་གཏན་ཚིགས་སུ་ངེས་པར་གཟུང་དུ་འོས་པས་ན། དབྱིབས་དང་ལྡན་པ་ཞེས་སྨོས་སོ། །དེ་ཡིན་དང་གང་དང་གང་དབྱིབས་ཡིན་པའམ།
དབྱིབས་དང་ལྡན་པ་གང་ཡིན་པ་དེ་དང་དེ་ནི་བློ་དང་ལྡན་པས་སྔོན་དུ་སོང་བ་ཡིན་ཏེ་ཞེས་གཉི་ག་ཡང་སྐྱེས་བུའི་འབྲས་བུའི་འབྲས་བུར་འདོད་པ་ཡིན་ནོ། །འབྲས་བུ་ཡིན་ཡང་གཏན་ཚིགས་མ་ཡིན་པར་ཅི་ལྟར་འགྱུར་ཞེ་ན། དབྱིབས་ཐམས་ཅད་ཅེས་གསུངས་སོ། །བར་འདིར་དབང་ཕྱུག་
དུ་སྨྲ་བ་ལ་གླག་ཐོད་པའི་གྲངས་ཅན་སུན་དབྱུང་བའི་ཕྱིར་ཉེ་བར་དགོད་པ་ནི། དེ་ལ་ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ། །སེམས་པའི་རྒྱུ་དང་རྗེས་སུ་འབྲེལ་པ་མ་ཡིན་ཞེས་བྱ་བ་ནི་སེམས་པ་ཅན་གྱི་རྒྱུ་དང་ལྡན་པ་མ་ཡིན་པའོ། །དེ་ལྟར་ཞེས་བྱ་བ་ནི་སེམས་པ་མ་ཡིན་པའི་རྒྱུ་དང་ལྡན་པའོ། །
གལ་ཏེ་གཅིག་སེམས་པ་མེད་པའི་རྒྱུ་དང་ལྡན་པ་ཡིན་པས་བུམ་པ་ལ་སོགས་པ་ཡང་དེ་བཞིན་དུ་ཡིན་ནོ་ཞེས་བྱ་བ་གོ་ག་ལས་ཤེ་ན། གཙོ་བོ་ཞེས་བྱ་བས་ཞེས་སྨོས་སོ། །གང་གི་ཕྱིར་གསལ་བ་མཐའ་དག་སེམས་པ་མེད་པའི་རང་བཞིན་ཅན་གཙོ་བོས་བཅུག་པ་ཡིན་པ་དེའི་ཕྱིར་བུམ་
པ་ལ་སོགས་པ་ཡང་དེ་བཞིན་དུ་ཡིན་ནོ་སྙམ་དུ་དགོངས་པའོ། །གལ་ཏེ་བུམ་པ་ལ་སོགས་པ་རྫ་མཁན་ལ་སོགས་པས་བྱེད་པར་མ་དམིགས་སམ། དེས་དེ་སྐད་ཅི་སྟེ་བརྗོད་སྙམ་དུ་དོགས་ན། ཇི་ལྟར་ཤིང་ལས་ཞེས་གསུངས་སོ། །འདི་ནི་ཤིང་སེམས་པ་མེད་པའི་རྒྱུ་ཅན་དུ་བསྟན་ཏོ། །
བུམ་པ་ལ་སོགས་པ་ཡང་མཚུངས་པ་ཉིད་དུ་སྟོན་པ་ནི་དེ་བཞིན་ཞེས་བྱ་བ་ལ་སོགས་པའོ། །འཇིམ་གོང་ལ་ཡང་བུམ་པའི་རང་བཞིན་དུ་བུམ་པ་ཉིད་ཡོད་པའི་ཕྱིར་རོ། །འོ་ན་རྫ་མཁན་ཅི་དགོས་སྙམ་ན། རྫ་མཁན་དག་ལ་སོགས་པ་ནི་ཞེས་སྨྲས་སོ། །དཔེར་ན་རང་གི་བུ་ལོན་ཁྱེར་མཁན་ལ་
གཏད་པའི་རྫས་ནོར་བདག་གིས་བླང་བར་བྱ་བ་ཡིན་ལ། དབང་པོའི་ཚོགས་ཙམ་གྱི་ཉེ་བར་མཁོ་བ་ཡིན་པ་དེ་བཞིན་དུ་གནས་པའི་བུམ་པ་ཉིད་མངོན་པར་གསལ་བ་ལ་ཡང་རྫ་མཁན་ལ་སོགས་པ་ཡང་ཉེ་བར་མཁོ་བ་ཁོ་ནའོ། །དེ་བཞིན་དུ་ལུས་དང་ཁ་དོག་དབྱིབས་དག་ནི་ཞེས་བྱ་བ་ཡང་ཉེ་བར་
เล่ม ๑๘๔ · หน้า 15a
མཚོན་པ་ཙམ་སྟེ། བློ་ལ་སོགས་པའི་རྣམ་པ་མ་ལུས་པ་ཡང་ཡིན་ནོ། །སྐྱེད་དེ་དང་འདྲ་བ་ལས་ཞེས་བྱ་བ་ནི་རྒྱུ་དེ་དང་འདྲ་བ་ཁོ་ན་ལས་སོ། །རྣམ་པར་དཔྱད་པར་བྱ་བ་བརྗོད་པ་ནི། རྫ་མཁན་གྱི་ཞེས་བྱ་བ་ལ་སོགས་པའོ། །གནས་པ་ཉིད་མངོན་པར་གསལ་
བ་ཡིན་ནོ་སྙམ་དུ་བསམ་པའོ། །གལ་ཏེ་གནས་པ་ཉིད་མངོན་པར་གསལ་བ་ཞེས་བྱ་བ་འདི་ལ་ངེས་པ་ཅི་ཡོད་དེ། མི་མཁས་པ་གལ་ཏེ་སྔ་ན་མེད་པ་སྐྱེད་པར་བྱེད་ན་ཅི་སྐྱོན་སྙམ་ན། ཤིང་གི་ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ས་བོན་རིགས་མི་མཐུན་པ་ཞེས་བྱ་བ་ནི་གང་ཞིག་ས་
བོན་ལ་ནུས་པའི་རང་བཞིན་དུ་རྣམ་པར་གནས་པའི་ཤིང་གི་དབྱིབས་དེ་དང་རིགས་མི་མཐུན་པའོ། །གལ་ཏེ་སྐྱེས་བུས་སྔ་ན་མེད་པ་སྐྱེད་པར་བྱེད་ན་དེའི་ཚེ་ཝ་དའི་ས་བོན་གྱིས་ཀྱང་ཤིང་ཤ་པའི་དབྱིབས་ཅི་སྟེ་མི་སྐྱེད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་དབང་ཕྱུག་ཏུ་སྨྲ་བའིའོ། །དབྱིབས་
ཞེས་བྱ་བ་ནི་བུམ་པའི་ཆ་བྱད་དོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གྲངས་ཅན་གྱིའོ། །དེ་འདྲ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བུམ་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་སྨྲས་པ་ནི་འཇིམ་གོང་གི་ཞེས་བྱ་བའོ། །དཔེར་ན་ཞེས་བྱ་བ་འདི་མ་གྲུབ་པར་དོགས་པ་ནི་དེ་ཡང་ཅི་ལྟར་ཞེས་བྱ་བ་སྟེ་ནུས་
པ་ཡོད་དོ་ཞེས་བྱ་བ་དེའོ། །ཡོད་པ་དེ་ཉིད་གསལ་བར་བྱེད་པ་ནི་འདིར་ཞེས་བྱ་བའོ། །རྒྱུའི་ས་བོན་མེད་པའི་ཕྱིར་ཞེས་བྱ་བ་ནི་ས་བོན་གྱི་རྒྱུ་ཤིང་ནུས་པའི་རང་བཞིན་དུ་མེད་པའི་ཕྱིར་རོ། །དེ་ལ་ཚིག་ལེའུར་བྱས་པ་དང་པོ་རྣམ་པར་འགྲེལ་པ་ནི་ས་བོན་གྱི་རྒྱུའི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ས་
བོན་ནོ། །གཉིས་པ་རྣམ་པར་འགྲེལ་པ་ནི། དབང་ཕྱུག་མ་ཡིན་ཞེས་བྱ་བ་སྟེ། དབྱིབས་ཀྱི་རྒྱུ་མ་ཡིན་ནོ་ཞེས་འགྲེལ་ཏོ། །འདི་ལ་བཤད་ཟིན་པའི་སུན་འབྱིན་པ་ཉིད་ཤེས་བྱེད་དུ་དྲན་པར་བྱེད་པ་ནི་རིགས་མི་མཐུན་པའི་ཤིང་གི་རྒྱུའི་ས་བོན་གང་ཡིན་པ་དེ་ལས་མི་འབྱུང་བའི་ཕྱིར་རོ། །འདི་
ཉིད་སྒྲུབ་པ་ནི་དབང་ཕྱུག་དེའི་རྒྱུ་ཡིན་ན་ཞེས་བྱ་བའོ། །རྫ་མཁན་གྱིས་ཞེས་བྱ་བ་ནི་རྫ་མཁན་ལ་བརྟེན་ནས་སོ། །འཇིམ་གོང་ལས་ཞེས་བྱ་བ་ནི་ཉེ་བར་ལེན་པར་འགྱུར་བས་སོ། །རྫ་མཁན་ལ་ཡང་བུམ་པ་ལ་སོགས་པ་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། ཡང་ན་རྫ་མཁན་བུམ་པ་མ་ཡིན་
เล่ม ๑๘๔ · หน้า 15b
མོད། དེ་ལྟར་ན་ཡང་བུམ་པ་དེ་ལ་ནུས་པའི་རང་བཞིན་དུ་རྣམ་པར་གནས་པའི་བུམ་པ་ལ་སོགས་པའི་དབྱིབས་ལས་བུམ་པ་ལ་སོགས་པའི་དབྱིབས་བྱུང་བ་ཡིན་ཏེ། རྒྱུའི་གཅིག་དེ་ལ་ནི་ནུས་པའི་རང་བཞིན་གྱི་འབྲས་བུ་ཡོད་པ་ཡིན་ནོ་ཞེས་བྱ་བས་ནི་ཁོ་བོ་ཅག་གི་ཕྱོགས་ཡིན་ནོ་ཞེས་བྱ་བའོ། །མཇུག་
སྡུད་པས་ནི་དེས་ན་ཞེས་བྱ་བའོ། །དེ་ལ་བྱེད་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་ནི་མེད་པའི་སྐྱེད་པ་བྱེད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ལོངས་སྤྱོད་པར་འདོད་པས་ཞེས་བྱ་བ་ནི་རྫ་མཁན་ལ་སོགས་པ་སྐྱེས་བུའི་ལོངས་སྤྱོད་པར་འདོད་པས་ཞེས་བྱ་བའི་དོན་ཏོ། །འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པའི་
ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དབང་ཕྱུག་དུ་སྨྲ་བ་དག་གི་དོགས་པ་བསུ་བ་ནི། འོན་ཏེ་སྐྱེས་བུའི་ཞེས་བྱ་སྟེ་བློ་དང་དབང་པོ་ལ་སོགས་པའི་རང་བཞིན་ཅན་ཐ་སྙད་པའི་སྐྱེས་བུ་དག་གོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ནི་གལ་ཏེ་འདོད་ཆགས་ལ་སོགས་པ་དང་བྲལ་བ་གཅིག་མེད་ན་དེའི་ཚེ་དབྱིབས་དང་
མདོག་ལ་སོགས་པ་སུས་བསྟན་ཅེས་སྦྱར་རོ། །བསམ་པ་ནི་འདི་ཡིན་ཏེ། གང་ཞིག་དབྱིབས་དང་མདོག་ལ་སོགས་པ་ཅི་འདྲ་བ་འདོད་པ་དེ་ལ་གཙོ་བོས་དེ་བསྟན་པར་བྱ་བ་ཡིན་ལ། འདོད་པ་དེ་ཡང་འགའ་ཞིག་གིས་སོ་སོར་ངེས་པ་ལ་བསྟན་པས་ན་ཉེ་བར་གནས་ཀྱང་གོམས་པ་ལས་དེ་ཁོ་ནར་འགྱུར་རོ། །མ་བསྟན་ན་ནི་གོམས་པ་མེད་པའི་ཕྱིར་གཙོ་བོས་ཅི་
ཞིག་བསྟན་ཅེས་བྱ་བའོ། །གྲངས་ཅན་གྱི་བསམ་པ་ནི་དབང་ཕྱུག་གིས་བསྟན་པ་ལས་སོ་སོར་ངེས་པ་ལས་འདོད་པ་མ་ཡིན་མོད་གོམས་པ་ལས་གྱུར་པ་ཡིན་ཏེ། དཔེར་ན་ལྟད་མོ་པ་རྣམས་ཀྱི་འདོད་པ་ཐོག་མ་མེད་པའི་ཉེ་བར་བསྟན་པ་ལས། དེ་ལྟར་སྒེག་པ་ལ་སོགས་པའི་ཉམས་ཀྱིས་གར་ནི་དགའ་བར་བྱ་བ་ཡིན་ནོ་ཞེས་བྱ་བར་
འགྱུར་བ་དང་། རེས་འགའ་རེས་འགའ་མཐོང་བ་ལས་ནི་ཡང་དང་ཡང་དུ་བལྟ་འདོད་པར་འགྱུར་བ་དེ་བཞིན་དུ་འཁོར་བའི་སྐྱེས་བུ་རྣམས་ཀྱི་ཡང་བལྟ་འདོད་པ་བཟློག་པའི་དོན་དུ་བློ་ལ་སོགས་པ་རྣམ་པར་འགྱུར་བའི་ཁྱད་པར་དེ་དང་དེ་དག་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །སྐྱེས་བུ་རྣམས་ཀྱིས་
འདོད་པ་དེ་ལྟར་འགྱུར་མོད། དེའི་བསམ་པའི་དབང་གིས་གཙོ་བོ་སེམས་དཔའ་མེད་པ་གོ་ཅི་ལྟར་འཇུག་སྙམ་ན། མི་ཤེས་ཕྱིར་ནའོ་མེ་ནི་ཞེས་སྨྲས་སོ། །བཤད་ཟིན་པའི་སེམས་པ་མེད་པ་རྒྱུ་ཡིན་པ་ཉིད་གསལ་བར་བྱེད་པ་ནི། འདི་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བའོ། །དེ་རྒྱུ་ཞེས་
เล่ม ๑๘๔ · หน้า 16a
བྱ་བ་ནི་དོན་རྣམས་ཀྱི་རྒྱུའོ། །འོན་ཏེ་གཅིག་གི་རྒྱུ་སེམས་པའི་རང་བཞིན་མ་ཡིན་པར་དམིགས་མོད། ཐམས་ཅད་ཀྱང་དེ་ཁོ་ན་ལྟར་ཡིན་ནོ་ཞེས་བྱ་བ་གོ་ག་ལས་སྙམ་ན། དོན་རྣམས་རྒྱུ་ནི་ཞེས་སྨྲས་སོ། །སེམས་པ་མེད་པའི་རྒྱུ་ནི་མི་རིགས་པ་མ་ཡིན་ནོ། །
གལ་ཏེ་ཐམས་ཅད་ཀྱི་རྒྱུ་རྟོགས་པ་དང་ལྡན་པ་ཡིན་ན། དེའི་ཚེ་ར་ལ་སོགས་པའི་རིལ་མ་ལ་སོགས་པ་ཟླུམ་པོར་བྱས་པ་ལ་དགོས་པ་ཅི་ཡོད། དགོས་པ་མེད་པར་ནི་རྟོགས་པ་མེད་པ་དང་ལྡན་པ་འཇུག་པ་མ་ཡིན་ནོ། །དེས་ན་རྒྱུ་ནི་སེམས་པ་ཁོ་ནར་འཐད་དོ། །དེ་ལྟར་གྲངས་ཅན་གྱི་ལུགས་ལ་
བརྟེན་ནས་དབང་ཕྱུག་བཀག་ན་གྲངས་ཅན་རང་གི་ལུགས་བཟང་པོ་ཡིན་པར་རློམ་ན་དེ་ལྟར་ན་གཙོ་བོ་ཉིད་རྒྱུར་འགྱུར་རོ་ཞེས་སྨྲས་སོ། །གཙོ་བོ་སེམས་པ་མེད་ཀྱང་རྒྱུ་ཡིན་པ་ནི་མི་འཐད་དོ་ཞེས་སྟོན་པ་ནི། དེ་ལ་འདི་སྐད་བརྗོད་དེ་ཞེས་བྱ་བའོ། །གལ་ཏེ་རྗེས་འགྲོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་
བར་ཁས་ལེན་ཞེས་བྱ་བའི་དོན། དེ་སྐབས་ཀྱིས་དེའི་རང་བཞིན་ཅན་གྱི་རྒྱུ་གྲུབ་པར་བྱ་བའི་དོན་དུ་ཞེས་བྱ་བ་ཡིན་ནོ། །བདེ་བ་ལ་སོགས་པ་རྣམས་དངོས་པོ་ཡིན་པ་དེའི་ཕྱིར། དེ་ཉིད་དེའི་དངོས་པོའི་རང་བཞིན་ཉིད་རྒྱུར་ཅི་སྟེ་མི་འདོད། སྐྱེས་བུ་རྣམས་ཀྱང་སེམས་པ་ཅན་དང་དངོས་པོ་
ཉིད་ཡིན་པའི་ཕྱིར་སེམས་པའི་རང་བཞིན་ནམ་དངོས་པོའི་རང་བཞིན་གྱི་རྒྱུ་ཡང་དེ་དག་ལ་ཅི་མི་འདོད། དེ་ལྟར་གཙོ་བོའི་རྒྱུར་ཁས་བླངས་ནས་ཧ་ཅང་ཐལ་བ་བརྗོད་པ་ཡིན་ནོ། །ད་ནི་དེའི་རྒྱུ་ཉིད་མ་ཡིན་ནོ་ཞེས་སྟོན་པ་ནི་ཡང་དག་པར་ན་ཞེས་སྨྲས་སོ། །དབྱིབས་ལ་སོགས་པ་ཐམས་ཅད་
གཙོ་བོ་དེར་འདུས་པའོ། །དེ་ག་ལས་ཤེ་ན། ནུས་ཀུན་རང་བཞིན་ཅན་གྱིས་ནི་ཞེས་གསུངས་སོ། །འདི་ནི་རྟག་པ་ཉིད་ལ་སོགས་པ་ཉེ་བར་མཚོན་པ་ཙམ་ཡིན་ནོ། །ལན་དུ་མཐོང་མིན་ཞེས་བྱ་བ་ལ་སོགས་པའོ། །དབང་པོ་ལས་འདས་པའི་གཙོ་བོ་དེ་ནི་དེ་འདྲ་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་
ཚད་མས་འཐད་པ་མ་ཡིན་ནོ། །དེ་འདྲ་བའི་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་རང་བཞིན་ཅན་ནོ། །དེ་ལ་རེ་ཞིག་རྟག་པ་མ་ཡིན་ཞེས་སྟོན་པ་ནི་འབྲས་བུ་འབྲས་བུ་གཞན་ལས་ཏེ་ཞེས་བྱ་བའོ། །གང་འབྲས་བུ་ཡིན་པ་དེ་ནི་འབྲས་བུ་གཞན་སྔོན་དུ་སོང་བ་ཅན་ཡིན་ཏེ། དཔེར་ན་འབྲས་བུ་གཞན་བཞིན་ནོ། །འདི་
เล่ม ๑๘๔ · หน้า 16b
ཐམས་ཅད་ཀྱང་འབྲས་བུ་ཉིད་ཡིན་ནོ། །དེས་ན་གཙོ་བོ་རྟག་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །རྒྱུ་མེད་པའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །གང་གི་ཕྱིར་རྒྱུ་མེད་པའི་རྒྱུ་མ་དམིགས་པ་དེས་ན་དམིགས་པའི་རང་བཞིན་གྱི་རྗེས་སུ་འབྲངས་པ་ཉིད་ཀྱིས་གཙོ་བོ་རྒྱུ་ཉིད་དུ་རྣམ་པར་འཇོག་པ་ཡིན་
ནོ། །གཞན་ལ་རབ་ཏུ་གྲུབ་པའི་ཚུལ་གྱིས་འདི་གྲུབ་པ་ཡིན་ནོ་ཞེས་བསྟན་བའི་ཕྱིར་རྟོག་པའི་སྒྲ་བྱས་སོ། །དམིགས་པའི་རང་བཞིན་གྱི་རྗེས་སུ་འབྲངས་པ་ཁོ་ནས་རྒྱུ་མེད་པའི་གཙོ་བོས་རྒྱུ་ཉིད་དུ་རྣམ་པར་འཇོག་པར་དོགས་པ་ནི་འོན་ཏེ་ཐ་དད་པ་རྣམས་ཞེས་བྱ་བའོ། །གང་གིས་དེ་སྐད་བརྗོད་པ་དེ་ལྟར་མཐོང་
བས་ཡོད་དམ་ཞེ་ན། བུམ་པ་ཁམ་ཕོར་ལ་སོགས་པ་ཞེས་སྨྲས་སོ། །ལན་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །སྙིང་སྟོབས་ལ་སོགས་པ་དང་ཞེས་བྱ་བ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་སོ། །སྐྱེས་བུ་རྣམས་ཞེས་བྱ་བ་ནི་བདག་རྣམས་སོ། །རྣམ་པ་ཅི་ཡང་རུང་བར་གཞུང་གཟུགས་
པར་འདོད་ནས་འོ་ན་ཞེས་སྨྲས་སོ། །སྙིང་སྟོབས་ལ་སོགས་པ་དང་སྐྱེས་བུ་རྣམས་དང་རི་ལ་སོགས་པ་རྣམས་དངོས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་དངོས་པོའི་རང་བཞིན་གྱི་རྒྱུ་ཁོ་ནར་ཡོད་པ་ཡིན་ལ། དེ་ཉིད་ནི་དབང་ཕྱུག་དུ་འདོད་དོ་ཞེས་བྱ་བར་བསམས་པའོ། །ཡོན་ཏན་གསུམ་སོགས་རང་བཞིན་ཞེས་
བྱ་བ་ནི་བདེ་བ་ལ་སོགས་པའི་རང་བཞིན་ཉིད་ལ་སོགས་པའོ། །ཅིའི་ཕྱིར་མ་གྲུབ་ཅེ་ན། དངོས་པོ་ཉིད་ཀྱིས་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའོ། །དངོས་པོ་དངོས་པོ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །སུན་འབྱིན་པ་གཞན་བརྗོད་པ་ནི། འཇི་བ་ལ་སོགས་པའི་རང་བཞིན་ལས་ཞེས་
བྱ་བ་ལ་སོགས་པའོ། །འཇི་བ་ལ་སོགས་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་སྡུད་པའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ། །འབྲས་བུ་དེ་དང་དེ་ལ་ལྟོས་ནས་རྒྱུའི་རང་བཞིན་དེ་དང་དེར་རྗེས་སུ་འཇུག་པ་ན་ཡོན་ཏན་གསུམ་གྱི་རང་བཞིན་དུ་འདོད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ལན་དུ་
དེ་ནི་མེད་དེ་ཞེས་སྨྲས་སོ། །འབྲས་བུ་ངོ་བོས་ཞེས་བྱ་བ་ནི་རང་གི་ངོ་བོ་རྒྱུ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པ་ཡིན་གྱི་རྣམ་པ་ཀུན་གྱིས་མིན་ཏེ། རྣམ་པ་དང་ནུས་པ་ལ་སོགས་པས་ནི་མ་ཡིན་ནོ། །འདི་ནི་མངོན་སུམ་གྱིས་གྲུབ་པ་ཁོ་ནའོ་ཞེས་སྟོན་པ་ནི་མེ་སོགས་གཞན་དུ་གྱུར་པ་ལས་གཞན་
เล่ม ๑๘๔ · หน้า 17a
དུ་ཞེས་བྱ་བ་ལ་སོགས་པའོ། །བཤད་པ་ནི་གང་ཞིག་གང་གིས་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་ཅེས་བྱ་བ་ནི་འབྲས་བུ་སྟེ་དེའི་རྒྱུ་ནི་དེ་ཡིན་ནོ། །རྒྱུ་གང་གིས་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་པ་ནི་གང་གིས་རྗེས་སུ་འགྲོ་བ་དང་ལྡོག་
པའི་རྗེས་སུ་བྱེད་པའོ། །དེའི་རང་བཞིན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུའི་རྣམ་པ་དང་ནུས་པའི་རྗེས་སུ་འཇུག་པའི་བདག་ཉིད་དེའི་འབྲས་བུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་ཉེས་པ་ཅི་ཡོད་སྙམ་ན། དེ་ལྟ་ཡིན་དང་ཞེས་གསུངས་སོ། །རྒྱུའི་རང་བཞིན་གྱི་རྗེས་སུ་འཇུག་པས་འབྲས་
བུ་ཉིད་ཡིན་ན་ནི་རྒྱུ་དང་འབྲས་བུའི་དངོས་པོར་མི་འགྱུར་རོ་ཞེས་འབྲེལ་ལོ། །གང་ཞིག་མི་འགྱུར་ཞེ་ན། མེ་ལས་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་མི་འགྱུར་ཞེ་ན། དེ་ལ་འདྲ་བ་མེད་པའི་ཕྱིར་ཞེས་སྨོས་སོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །མེ་ལ་སོགས་པ་
དེར་ཡང་ངོ་། །ལན་ནི་གལ་ཏེ་ཞེས་བྱ་བའི་ཁྱབ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མེ་དང་དུ་བ་ལ་སོགས་པ་ཉིད་ལ་འཁྲུལ་པ་མཐོང་བའི་ཕྱིར་རོ། །གང་གི་འཁྲུལ་པ་དེ་ཡང་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ལྟ་ན་ཞེས་བྱ་བ་ནི་ལན་ནོ། །དེས་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་
གནས་པ་མེད་པར་ཐལ་བའོ། །ཅི་སྟེ་གཞལ་བྱ་ཡིན་པའི་ཕྱིར་རྟག་གོ་ཞེས་བྱ་བ་འདི་ལ། གློག་ལ་སོགས་པའི་འཁྲུལ་པ་ཚད་མས་མཐོང་བའི་ཕྱིར་མ་ངེས་པར་རྣམ་པར་གནས་པ་མེད་པར་ཅི་ལྟར་ཐལ་ཞེ་ན། མ་ཡིན་ཏེ། སྐབས་སུ་བབ་པ་ལ་ཡང་ཚད་མས་གནོད་པ་སྤང་བར་དཀའ་བའི་ཕྱིར་
རོ། །དེ་ལྟར་གཙོ་བོའི་རྒྱུ་ཡིན་པར་གསལ་བར་སྒྲུབ་པ་ན། གྲངས་ཅན་ལ་བརྟེན་གཞན་མེད་པའི་ཕྱིར་ལས་རྒྱུ་ཉིད་ཁས་ལེན་པའི་དོགས་པ་ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པས་བསྡུ་ནས་ཟློག་པར་བྱེད་པ་ནི། དེ་ནི་གང་ལས་གྲུབ་ཅེས་བྱ་བའོ། །འོ་ན་ཁྱེད་ཀྱིས་ཀྱང་ལས་ལས་འཇིག་རྟེན་སྣ་ཚོགས་
བསྒྲུབས་པ་ཡིན་ནོ་ཞེས་ཁས་བླང་བར་མི་བྱའོ་སྙམ་ན། འདི་ནི་རེ་ཞིག་བཞག་གོ་ཞེས་གསུངས་སོ། །ཚུ་རོལ་མཛེས་པ་ལ་གཅིག་པུ་མ་གཏོགས་པའི་རྒོལ་བ་ཐམས་ཅད་ལས་སྨྲ་བ་ནི་ཐུན་མོང་ཡིན་པའི་ཕྱིར་ན་བདག་གཅིག་པུ་ལ་དྲི་བར་བྱ་བ་མ་ཡིན་ནོ། །དེ་ལ་རྗེས་སུ་འགྲོ་བ་ཚོལ་བའམ།
เล่ม ๑๘๔ · หน้า 17b
ལུང་གི་རྗེས་སུ་འགྲོ་བ་ནི་བདག་ལ་ཡང་རིང་བ་མ་ཡིན་ནོ། །དེ་ལས་ལྷག་པར་ཁས་ལེན་ན་ནི་ཚད་མའི་སྟོབས་ལ་ལྟོས་པ་ཡིན་ནོ། །དེ་ནི་དཔྱད་ཟིན་པའི་ཕྱིར་འདི་ནི་བཞག་གོ། །དེ་ལྟར་གྲངས་ཅན་ཞར་ལས་བསལ་ནས་རྩ་བ་དབང་ཕྱུག་དུ་སྨྲ་བ་ཉིད་སེལ་བ་ནི། གཞན་བརྗོད་དོ་ཞེས་བྱ་བའོ། །
ཡ་རབས་གཞན་ནི་ཞེས་བྱ་བ་ནི་དབང་ཕྱུག་ལས་སོ། །གལ་ཏེ་ཞེས་བྱ་བ་ནི་སུན་འབྱིན་པའོ། །དེ་མེད་ཅེས་བྱ་བ་ནི་སྡུག་བསྔལ་ལམ་སྡུག་བསྔལ་གྱིས་འཇིགས་པ་སྟེ། འདོད་ཆགས་ལ་སོགས་པ་ཡིན་ཀྱང་སྙམ་དུ་ཞེ་བཞག་པའོ། །འོ་ན་ཇི་ལྟར་འདོད་ཆགས་དང་བྲལ་བ་ལ་ཡང་སྡུག་བསྔལ་
དང་སྡུག་བསྔལ་གྱི་འཇིགས་པ་མེད་ཅེ་ན་བསྒོམས་པའི་ཞེས་གསུངས་ཏེ། བདག་མེད་པའི་བསྒོམས་པ་རབ་ཀྱིས་མཐར་ཐུག་པར་འགྱུར། ཙན་དན་དང་སྟེའུ་མཉམ་པ་ལ་ནི་དམྱལ་བ་ལ་སོགས་པའི་མེས་རེག་ཀྱང་གདུང་བ་མེད་ན་བསམ་པ་ཙམ་གྱིས་ལྟ་ཅི་སྨོས་དེས་ན་འདོད་ཆགས་དང་བྲལ་བ་ལ་
ནི་སྡུག་བསྔལ་ལམ་སྡུག་བསྔལ་གྱིས་འཇིགས་པ་མེད་དོ། །རྩེད་མོ་ལ་སོགས་པའི་དོན་དུ་འཇུག་པའི་རྣམ་པར་དཔྱོད་པའི་སྟོབས་ཀྱིས་བསལ་ཏོ། །དེ་ནི་དེ་ལྟར་ཉིད་འགྱུར་བ་ཞེས་བྱ་བ་ནི་བསྒོམས་པ་མེད་པར་རང་གི་ངོ་བོ་ཉིད་ཀྱིས་དེ་ཁྱད་པར་ཅན་དུ་འཕགས་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་ཡང་མི་
རིགས་སོ། །ཅིའི་ཕྱིར་ཞེ་ན། འདི་དེ་ཁྱད་པར་དུ་འཕགས་པ་དང་ལྡན་པ་འདི་དེའི་རང་བཞིན་ཡིན་ན་འགྲོའི་རང་བཞིན་དུ་ཡང་འགྱུར་བས་དབང་ཕྱུག་གིས་ཅི་བྱ། ཕ་རོལ་པོས་སྨྲས་པ། རང་བཞིན་འདི་ནི་དབང་ཕྱུག་དེ་གཅིག་པུའི་ཡིན་ནོ་ཞེ་ན། ལན་དུ་འདི་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་
ཉིད་རྣམ་པ་གཞན་གྱི་སྒོ་ནས་སུན་ཕྱུང་བའི་ཕྱིར་གཞན་ཡང་ཞེས་གསུངས་སོ། །ཐ་མལ་པའི་དབང་ཕྱུག་དབང་ཕྱུག་ཁྱད་པར་ཅན་གྱིས་རྗེས་སུ་གཟུང་བས་དབང་ཕྱུག་ཐོབ་པ་འདི་ནི་རེ་ཞིག་མཐོང་བ་ཡིན་ནོ། །དེ་ཡང་དེ་བས་ལྷག་པའི་དབང་ཕྱུག་ལས་ཡིན་ཞིང་དེ་བཞིན་དུ་མི་དང་ལྷན་ཅིག་གཅིག་ནས་
གཅིག་ཏུ་བརྒྱུད་པ་ཡིན་ན་ཡང་རང་བཞིན་གྱིས་གྲུབ་པའི་དབང་ཕྱུག་ག་ལ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ན་འོ་ན་ཐ་མ་དབང་ཕྱུག་གང་ཡིན་པ་དེ་ནི་གཞན་ལ་ཕན་འདོགས་པར་བྱེད་པ་ཉིད་ཡིན་གྱི། ཕན་གདགས་པར་བྱ་བ་ནི་མ་ཡིན་པའི་ཕྱིར་རྟག་ཏུ་གནས་པར་འགྱུར་རོ་སྙམ་ན། བརྒྱ་བྱིན་ཚངས་
เล่ม ๑๘๔ · หน้า 18a
པ་ཞེས་སྨོས་སོ། །དོན་འདི་ཡིན་ཏེ། གང་དག་མི་ལ་བརྟེན་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ཁྱད་པར་ཅན་གྱི་ཆོས་དང་ལྡན་པའི་ཐ་སྙད་ལ་བརྟེན་པ་དེ་དག་ཀྱང་བསོད་ནམས་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་དུ་བྱུང་བ་གོང་ནས་གོང་དུ་འཕེལ་
བར་བསྒྲུབ་པ་ཁོ་ན་ཡིན་གྱི་དབང་ཕྱུག་བཞིན་དུ་རྟག་པ་ནི་མ་ཡིན་ནོ། །དེས་ན་བརྒྱ་བྱིན་དང་ཚངས་པ་ལ་ཡོན་ཏན་ཁྱད་འབྱུང་སྲིད་ན་སྟེ། ཤུགས་ཀྱིས་འཕངས་པས་དེའི་རྒྱུ་སྲིད་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་དབང་ཕྱུག་ཉིད་ཀྱང་དེ་བཞིན་དུ་ཡོན་ཏན་ཁྱད་པར་དུ་བྱུང་བ་ཕུལ་དུ་ཕྱིན་བས་ཐོབ་པ་ཡིན་
པའི་ཕྱིར། རྟག་པ་མ་ཡིན་གྱིས་སླར་ལ་གཞན་བཞིན་དུ་འཁོར་བ་ཉིད་དུ་འགྱུར་སྲིད་དོ། །གཞན་གྱིས་འོན་ཏེ་དེ་ཡང་མེད་ཉིད་ན་ཞེས་སྨྲས་ཏེ། ཡོན་ཏན་ཕུལ་དུ་བྱུང་བ་དེ་ཡང་མེད་ནའོ། །དབང་ཕྱུག་ཐོབ་པ་ཞེས་བྱ་བ་ལ་སོགས་པས་སྔ་མའི་ཚུལ་ལ་ལྟོས་ནས་ཡང་གི་སྒྲ་བྱས་སོ། །ལན་དུ་ཡོན་ཏན་
ཁྱད་པར་ཅན་གྲུབ་པ་མེད་པ་དེས་ན་འདི་འཁོར་བ་ཉིད་དུ་འགྱུར་གྱིས་དབང་ཕྱུག་ནི་མ་ཡིན་ཏེ་ཇི་སྐད་བརྗོད་པའི་ཡོན་ཏན་དང་ལྡན་པ་མ་ཡིན་ནོ། །འདི་ནི་བཞད་གད་དང་བཅས་པས་བསལ་བར་བྱེད་པ་ནི། གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །གང་ཞིག་དཔེ་མཐོང་བ་ཡོན་ཏན་ཕུལ་དུ་བྱུང་བས་འདི་ལ་
དབང་ཕྱུག་ཡིན་པ་བསྙོན་པ་དེས་དཔེ་མ་མཐོང་བ་ངོ་བོ་ཉིད་ཀྱིས་གྲུབ་པ་གཞན་དུའང་བཟོད་དམ་ཅི་སྟེ་མི་བཟོད་པ་ཉིད་དོ། །འདི་ཉིད་དཔེ་སྔོན་དུ་སོང་བས་སྟོན་པ་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །གོང་ནས་གོང་དུ་འགྱུར་བའི་ཞེས་བྱ་བ་ནི་དབང་ཕྱུག་གིའོ། །རང་བཞིན་ལ་ཞེས་བྱ་བ་ནི་
གནས་སྐབས་གཞན་དང་གཞན་ལའོ། །དེའི་རྗེས་སུ་འབྲང་བ་ནི་ཡོན་ཏན་འཕེལ་བར་བྱས་པའི་རྗེས་སུ་འགྲོ་བ་གང་ཡིན་པ་སྟེ་དཔེ་ཡོད་པའི་ཕྱིར་རོ། །འབྲངས་ནས་ཞེས་བྱ་བ་ནི་དེའི་དབང་གིས་རབ་ཏུ་འགྱུར་བ་ལ་བསྙོན་པའོ། །དཔེ་མེད་བའི་ཕྱིར་མངོན་པར་འདོད་པའི་དབང་ཕྱུག་གིས་རང་བཞིན་གྱིས་
གྲུབ་པ་རྗེས་སུ་འགྲོ་བ་མེད་པའི་དངོས་པོ་ལ་ཡིད་ཆེས་པ་ཅི་ཡོད། ཇི་ལྟར་གང་དབང་ཕྱུག་ཡིན་པ་དེ་ནི་ཡོན་ཏན་འཕེལ་བས་བྱས་པ་ཡིན་ཏེ། དཔེར་ན་དབང་པོ་ལ་སོགས་པ་བཞིན་ནོ། །རབ་ཀྱིས་མཐར་ཕྱིན་བར་གནས་པ་ཡང་དབང་ཕྱུག་ཡིན་ནོ་ཞེས་བྱ་བའི་བསྒྲུབ་པར་བྱ་བ་འདིས་དམ་པའི་སྐྱེ་
เล่ม ๑๘๔ · หน้า 18b
བོའི་ཚོགས་ཀྱི་རྗེས་སུ་འཇུག་པར་བྱས་པ་དང་། རང་བཞིན་གྱིས་གྲུབ་པ་ནི་གང་དུ་མ་མཐོང་བས་ན་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཚད་མ་མེད་པ་ཅན་དུ་བསྟན་པ་ཡིན་ནོ། སྒྲུབ་པར་བྱེད་པ་འདི་ལ་གཞི་མ་གྲུབ་པར་ནི་མི་བརྩད་དེ། གཞན་གྱི་ལུགས་ལས་ཕན་ཚུན་འགལ་བ་ཙམ་བརྗོད་པར་འདོད་པའི་ཕྱིར་
རོ། །གལ་ཏེ་དབང་ཕྱུག་དུ་འདོད་ན་ཡོན་ཏན་འཕེལ་བས་བྱས་པར་འདོད་དགོས་པས་རྟགས་མ་ཡིན་ནོ། །འོན་ཏེ་ཡོན་ཏན་འཕེལ་བས་བྱས་པར་མི་འདོད་ན་ནི་དེའི་ཚེ་དབང་ཕྱུག་ཉིད་དུ་འགྱུར་རོ་ཞེས་བྱ་བས་སོ། །དེས་ན་འབྲས་བུའི་གཏན་ཚིགས་དང་རྒྱུ་མ་དམིགས་པ་ཁས་བླངས་པ་ལ་ལྟོས་ནས་
ཐལ་བར་གྲུབ་པའི་རང་བཞིན་ཅན་འདི་གཉིས་ནི་འདི་འདྲ་བའི་དོན་ཁས་བླང་བར་མི་ནུས་སོ་ཞེས་བྱ་བ་འདི་གཙོར་བྱེད་པ་ཡིན་ནོ། །ཁྱབ་པ་ཅི་ལྟར་ཞེ་ན། ཡོན་ཏན་འཕེལ་བ་གཅིག་མེད་ན་ཡང་དབང་ཕྱུག་མེད་པའི་ཕྱིར་དང་། དེ་ཡོད་ན་ཡང་ཡོད་པའི་ཕྱིར་དང་། རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་
པའི་ཕྱིར་རོ་ཐམས་ཅད་དུ་དེ་ལྟར་འགྱུར་བ་ལ་ལྟོས་པས་ཀྱང་ཅི་ཞིག་བྱ། དེ་ལྟ་ཡིན་ན་ཡང་གང་ཞིག་མི་མཐུན་པའི་ཕྱོགས་ཀྱིས་ཐེ་ཚོམ་གྱིས་དཀྲུགས་པས་བསྒྲུབ་བྱ་སྤོང་བ་དེ་ཐམས་ཅད་མཐོང་བ་མེད་པར་རང་བཞིན་གྱིས་གྲུབ་པ་བཟོད་པ་ཅི་ལྟར་འགྱུར་ཏེ། དེས་ན་ཉེས་པ་སྔ་མ་ལས་མི་འགྲོལ་
ལོ་སྙམ་དུ་དགོངས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །བྱེད་པ་པོས་ཞེས་བྱ་བ་ནི་ཡོན་ཏན་འཕེལ་བའི་མཐུ་ལས་སྐྱེས་པའོ། །ཁས་བླངས་ནས་དགག་པ་སྨྲས་པ་ནི་གང་ཞིག་རྒྱུའི་ཡོན་ཏན་དང་ལྡན་པ་མ་ཡིན་པ་ཏེ། གང་ལ་རྒྱུའི་བྱེད་པ་མེད་པའི་སྐྱེས་བུ་དེ་ཞེས་བྱ་བའི་དོན་ཏོ། །
རྣམ་པར་འགྲེལ་པ་ནི་ཁྱད་པར་ལས་ཁྱད་པར་དུ་མཐོང་བའི་ཕྱིར། གང་ཞིག་དེ་བསྐྱེད་པ་ལ་མངོན་པར་བརྩོན་པའི་ཁྱད་པར་དེ་ལས་སོ། །ཤིན་ཏུ་མཚན་ཉིད་མི་མཐུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཕྱེད་ཕྱི་མ་འཆད་པའོ། །འདིས་ནི་དབྱིབས་ཁས་བླངས་ནས་འདོད་པའི་ཁྱད་པར་མ་གྲུབ་པར་
བརྗོད་པ་ཡིན་ནོ། །དེ་ཉིད་ནི་མེད་དོ་ཞེས་སྟོན་པ་ནི་གཞན་ཡང་ཞེས་བྱ་བའོ། །དེ་ལ་དབྱིབས་མེད་པ་ནི་རྡུལ་ཕྲ་རབ་བྱེད་པ་ཁོ་ན་ཡིན་པའི་ཕྱིར་རྡུལ་ཕྲ་རབ་དག་ནི་ཆོས་མི་མཐུན་པའི་དཔེ་མ་ཡིན་ནོ་ཞེས་བྱ་བའི་སྐྱོན་གཉིས་པ་ནི་མ་གྲུབ་པས་བསྡུས་པ་ཡིན་ནོ། །ཇི་ལྟར་བརྗོད་ཅེས་བྱ་བས་ནི་རྡུལ་ཕྲ་རབ་
เล่ม ๑๘๔ · หน้า 19a
རྣམས་འབྲས་བུ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྡུལ་ཕྲ་རབ་རྣམས་འབྲས་བུ་ཡིན་པ་དང་། གཏན་ཚིགས་མ་གྲུབ་པ་ཉིད་སྤོང་བའོ། །གྲུབ་པའི་མཐའི་དོན་ནི་མ་གྲུབ་པ་ཉིད་གཙོ་བོའི་སྐྱོན་ཡིན་ནོ་ཞེས་བྱ་བ་
ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་མ་གྲུབ་པ་སྤོང་བའོ། །རང་བཞིན་དེ་ཞེས་བྱ་བ་ནི་ཡུལ་དེ་དང་དེ་ནོན་པར་སྐྱེས་པས་སོ། །དེ་ལྟར་བརྗོད་དེ་ཞེས་བྱ་བ་ནི་དབྱིབས་སུ་བརྗོད་པའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ལན་ནོ། །འདི་ནི་ཉེས་པ་གཞན་བཀལ་བ་ཡིན་ཏེ། མི་མཐུན་པའི་དཔེ་མེད་པ་ནི་གནས་པ་
ཁོ་ནའོ། །འོན་ཏེ་ཞེས་བྱ་བ་ནི་གཉི་ག་སྤོང་བའོ། །དེ་ལྟ་བུར་འཁྲུལ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་དབྱིབས་སུ་བརྗོད་ཀྱིས་འབྲས་བུ་ཉིད་ཀྱིས་ནི་མ་ཡིན་པས་དེ་ཁོ་ན་ལྟར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སུན་འབྱིན་པ་ནི་དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །འདི་དབྱིབས་འདི་འདྲ་བར་བྱས་སོ་ཞེས་
འཇིག་རྟེན་འཁྲུལ་པར་འགྱུར་མོད། དབང་ཕྱུག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དག་གིས་ཁས་བླངས་པར་ནི་རྟོག་ཅེ་ན་ཞེས་པའི་དོགས་པ་འདི་ནི་འདི་ཡིན་ནོ། །དབང་ཕྱུག་གི་དབྱིབས་ལོགས་ཤིག་པར་མི་མཐོང་ཡང་འདི་ལ་འཇིག་རྟེན་དབྱིབས་སུ་རྟོགས་པར་འགྱུར་རོ་ཞེས་ངེས་
པར་བརྟགས་ནས་འཇུག་པ་ཡིན་ནོ་ཞེས་བྱ་བའོ། །ཕྱེད་ཕྱི་མས་ནི་སུན་འབྱིན་པའོ། །དེ་ལ་དོན་ནི་འདི་ཡིན་ཏེ། རང་གིས་ནམ་ཡང་མ་རྟོགས་པའི་དབྱིབས་ཅི་ལྟར་བྱེད་ཅེས་རྩོད་པ་ན། གཞན་གྱིས་བླངས་པའི་ཞེས་བྱ་བའི་ལན་ཅི་ཡིན། རང་གིས་མ་དམིགས་པས་ནི་གཞན་གྱིས་ཁས་བླངས་པ་ཙམ་
གྱིས་བྱེད་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །དུམ་བུའི་ཡན་ལག་ཅན་གྱི་སྒོ་ནས་རྡུལ་ཕྲ་རབ་ཀྱིས་བརྩམས་པའི་ཡན་ལག་ཅན་ནི་རེ་ཞིག་ཡོད་པ་ཡིན་ནོ། །དེ་ཡང་དུམ་བུའི་ཡན་ལག་ཅན་རྣམས་ལྡན་པ་མེད་པར་མི་འགྲུབ་བོ། །རྩོམ་པར་བྱེད་པ་དེ་དག་ཉིད་
ཀྱི་ལྡན་པ་དེ་ནི་བརྗོད་པ་དེས་ན་དབྱིབས་ནི་གྲུབ་པ་ཁོ་ནའོ། །དེའི་ཕྱིར་བརྗོད་པའི་སྐྱོན་གྱིས་གོ་སྐབས་མེད་དོ་སྙམ་ན། ལན་དུ་འདི་ནི་ཕྱི་ནས་བརྟག་བྱ་སྟེ་ཞེས་བྱ་བ་ནི་ཚུ་རོལ་མཛེས་པ་པའི་སྐབས་སུའོ། །ད་ནི་ཡང་ན་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་རྣམ་འགྲེལ་གྱི་ལྷག་མ་བཤད་པའི་ཕྱིར། དཔེའི་
เล่ม ๑๘๔ · หน้า 19b
ཚིག་བསྣན་ནས་སྐབས་འབྱེད་པ་ནི། ཡང་ན་ཞེས་བྱ་བའོ། །དཔེ་ལ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ལའོ། །ཐེ་ཚོམ་ཟ་བ་ནི་གཏན་ཚིགས་ངེས་པ་མ་ཡིན་པ་སྟེ། མི་མཐུན་པའི་དཔེ་ལ་ཡང་ཡོད་པའི་ཕྱིར་རོ། །འདི་ནི་བསྒྲུབ་པར་བྱ་བ་ལ་ཐེ་ཚོམ་ཟ་བའི་རྒྱུ་མཚན་བསྒྲུབ་པའི་དོན་དུ་ཐེ་ཚོམ་གྱིས་
སྒྲས་བརྗོད་པ་ཡིན་ནོ། །རྣམ་པར་འགྲེལ་པ་ནི་དེ་ཉིད་ཀྱིས་ཞེས་བྱ་བའོ། །མ་ངེས་པ་ཉིད་དོ་ཞེས་བྱ་བ་ནི་གཏན་ཚིགས་མ་ངེས་པ་སྟེ། མི་མཐུན་པའི་དཔེ་དབང་ཕྱུག་ལ་ཡང་ཡོད་པའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་གསུམ་དངོས་སུ་བཤད་པ་ཡིན་ལ། སྐབས་སུ་བབ་པ་ནི་དབྱིབས་ཡིན་
ན། དེ་ནི་ལུས་མེད་པའི་དབང་ཕྱུག་ལ་ཡོད་པ་མ་ཡིན་པ་མ་ཡིན་ནམ། དེས་ན་དེ་ཅི་ལྟར་དེ་མ་ངེས་པ་ཡིན་ཞེས་དོགས་པ་སེལ་བས། དེ་ལས་གཞན་གྱིས་མ་ཡིན་ནོ་ཞེས་བསྟན་པའི་དོན་དང་དབྱིབས་མ་གྲུབ་པའི་ཕྱིར་ཞེས་གསུངས་སོ། །དོན་བྱ་བ་བྱེད་པའི་རང་བཞིན་ཞེས་བྱ་བ་ནི་ཉེ་བར་
མཚོན་པ་སྟེ། བསྡད་ནས་འཇུག་པ་ཡང་ངོ་། །འོན་ཏེ་དབང་ཕྱུག་དེ་ལ་དོན་བྱ་བ་བྱེད་པ་ཉིད་མེད་པ་ཁོ་ན་བ་དེས་ན་འདི་ཡང་ཅི་ལྟར་མ་ངེས་པ་ཡིན་སྙམ་ན། དེ་ལྟ་བུའི་རང་བཞིན་དེ་ནི་ཞེས་གསུངས་ཏེ་དོན་བྱ་བ་བྱེད་པའི་རང་བཞིན་ནོ། །གལ་ཏེ་དབང་ཕྱུག་ཀྱང་གཞན་ཁོ་ནས་བསྐུལ་བར་
བྱ་བ་མ་ཡིན་ནམ། དེས་ན་ཅི་ལྟར་དོན་བྱ་བ་བྱེད་པའི་ཕྱིར་མ་ངེས་པ་ཡིན་ཞེ་ན། དབང་ཕྱུག་དེ་ནི་ཞེས་གསུངས་སོ། །འདི་ཡང་ཁས་བླངས་པ་དང་འགལ་བའི་རྣམ་པ་ཉིད་དུ་རིག་པར་བྱའོ། །འོན་ཏེ་འདི་ནི་རང་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྔར་བརྗོད་པ་ཉིད་དོ། །འོན་ཀྱང་ཁྱད་པར་བསྒྲུབ་པའི་དོན་
དུ་རྗེས་སུ་བརྗོད་པ་ཡིན་ནོ། །ལན་དུ་རྫ་མཁན་ལ་སོགས་པ་ཞེས་གསུངས་སོ། །གཞན་གྱིས་དོགས་པ་ནི་དེ་དག་གིས་ཞེས་བྱ་བ་སྟེ། རྫ་མཁན་ལ་སོགས་པས་སོ། །ལན་དུ་ནུས་པ་ཉིད་དུ་མཐོང་བ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་རྒོལ་བ་སྟེ། དབང་ཕྱུག་རྗེས་སུ་དཔག་པས་མཐོང་བ་
ནི་ནུས་པ་ཡོད་པ་ཡིན་ནོ། །དེས་ནི་རྗེས་སུ་དཔག་པས་དབང་ཕྱུག་གཞན་རྗེས་སུ་དཔོག་ན་ནུས་པ་ཡིན་གྱི་རྫ་མཁན་གྱི་ནུས་པ་མ་ཡིན་ནོ་སྙམ་ན། སུན་འབྱིན་པ་བརྗོད་པ་ནི་དབང་ཕྱུག་ལ་ཡང་དབང་ཕྱུག་གཞན་རྗེས་སུ་མ་དཔགས་ན་ནུས་པ་མེད་པར་ཐུག་པ་མེད་དེ་དབང་ཕྱུག་གཞན་དང་གཞན་རྗེས་སུ་
เล่ม ๑๘๔ · หน้า 20a
དཔག་པས་སོ། །དེ་ལྟར་དབང་ཕྱུག་གཞན་དང་གཞན་དཔོག་པ་ནི་གཅིག་ཀྱང་དབང་ཕྱུག་མ་ཡིན་ཏེ། གཞན་ལ་རག་ལས་པས་འཇུག་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་ཡང་ན་དཔེ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་དེ་
བཤད་པའི་དོན་དུ་གཞན་ཡང་ཞེས་གསུངས་སོ། །དབྱིབས་ཡོད་མེད་དེ་ལྟ་ན་ཡང་དེ་ལ་ལྟོས་ནས་རྡུལ་ཕྲ་རབ་ཆོས་མི་མཐུན་པའི་དཔེ་མ་ཡིན་ནོ་ཞེས་ཚིགས་སུ་བཅད་པ་ཕྱེད་ཀྱིས་དོན་ཏོ། །འདི་ནི་དཔེ་རྡུལ་ཕྲ་རབ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་ཡིན་ཏེ། སྒྲུབ་པར་བྱེད་པའི་ཚད་མ་མེད་དོ་
ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ན་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཉིད་ཀྱི་ཕྱིར་རོ་ཞེའོ། །རྣམ་པ་དེ་ལྟ་ཞེས་བྱ་བ་ནི་མེད་པའི་རང་བཞིན་དུའོ། །ཆ་མེད་པའི་རང་བཞིན་གྱི་རྡུལ་ཕྲ་རབ་ནི་ཚད་མ་འགས་ཀྱང་རྟོགས་པ་མེད་དོ། །གཞན་གྱི་བསམ་པས་རྡུལ་ཕྲ་རབ་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པའི་
དོགས་པ་བསུ་བ་ནི། འོན་ཏེ་འདི་སྐད་དུ་ཞེས་བྱ་བའོ། །ལན་ནི་རྡུལ་བརྒྱད་པ་ལས་ཞེས་བྱ་བའིའོ། །དེ་ལྟར་རགས་པ་ཉིད་ཀྱིས་མཐོང་བཞིན་པའི་རགས་པའི་སྔ་མ་རྗེས་སུ་དཔོག་པར་འགྱུར་མོད། གཞན་གྱི་བལྟ་བྱའི་མཐར་འདོད་པ་དགུ་པ་བརྒྱད་པས་ཕ་རོལ་རྡུལ་བདུན་པ་ལ་སོགས་པ་
ཡོད་དོ་ཞེས་ག་ལས་རྟོགས། གཞན་གྱི་ལས་ནི་གལ་ཏེ་རྗེས་དཔག་ལས་ཞེས་བྱ་བ་སྟེ་བཤད་ཟིན་པ་ལས་སོ། །དེ་ལས་གཞན་ཡང་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །རྡུལ་ཕྲ་རབ་རྟོགས་པ་ལས། ཕ་རོལ་མ་རྟོགས་པ་ག་ལས། དེ་ལྟར་ན་ནི་རྗེས་སུ་དཔག་པ་བརྒྱུད་པས་ན་རྡུལ་ཕྲ་རབ་མི་གྲུབ་བོ་
སྙམ་དུ་དགོངས་པའོ། །གལ་ཏེ་འབྲས་བུ་རགས་པ་ལས་ཕྲ་མོ་དཔག་པར་བྱ་བ་མ་ཡིན་ནམ། དེས་ན་གལ་ཏེ་རྡུལ་བརྒྱད་ཀྱི་བརྩམས་པ་རགས་པ་ཡང་ཡིན་ན། དེའི་ཚེ་དེས་ཕྲ་མོ་རྟོགས་པར་བྱེད་དོ། །དེ་ལྟ་ཡིན་དང་ཇི་སྲིད་དེ་དང་དེས་རྡུལ་ཕྲ་རབ་ཀྱི་བར་དུ་རྟོགས་པར་བྱེད་པའི་ཕྱིར། གང་གིས་
རྗེས་སུ་དཔག་པ་གཞན་དང་འཇུག་པས་རྡུལ་ཕྲ་རབ་མི་འགྲུབ་པར་འགྱུར་བ་རྡུལ་ཕྲ་རབ་ལས་གཞན་པའི་རྗེས་སུ་དཔག་པ་འཇུག་པའི་སྐབས་གང་ལ་ཡོད་སྙམ་དུ་དོགས་ན། འདི་རྡུལ་བརྒྱད་པོའི་ཞེས་གསུངས་སོ། །གཞན་དུ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དང་རྡུལ་ཕྲ་རབ་གཉིས་པའོ། །ཅིའི་ཕྱིར་
เล่ม ๑๘๔ · หน้า 20b
གྲངས་ཡོངས་སུ་མ་ཆད་ཅེ་ན། རྡུལ་ཕྲ་རབ་མཐོང་བ་ཡིན་ན་ནི་ཞེས་གསུངས་སོ། །འོན་ཏེ་རྒྱུ་རྡུལ་བརྒྱད་པ་དེ་རགས་པ་ཡིན་པ་དེས་ན་དེ་ནི་རྡུལ་གཉིས་པར་ཡང་མི་འགྱུར་ན། རྡུལ་ཕྲ་རབ་ཏུ་ལྟ་ཅི་སྨོས། དེས་ན་གོ་བར་བྱེད་པ་ནི་རགས་པ་ཡིན་གྱི་གཞན་གྱི་ནི་མ་ཡིན་ལ། དེ་ཡང་གྲུབ་པ་
ཁོ་ན་བས། མ་གྲུབ་པའི་ཉེས་པ་མེད་དོ་སྙམ་དུ་བསམས་པའོ། །སུན་འབྱིན་པ་ནི་གང་གི་ཚེ་ཞེས་བྱ་བའོ། །གང་གི་ཚེ་རྡུལ་གཉིས་པ་ལ་སོགས་པ་མ་མཐོང་བ་དེའི་ཚེ་གང་ལ་ལྟོས་ན་རྡུལ་བརྒྱད་པར་རགས་པ་ཡིན་རྗེས་སུ་དཔག་བྱ་ལ་ལྟོས་ན་ནི་ཞེས་བྱ་བ་ནི་དོགས་པའོ། །ཐུག་པ་མེད་པར་
ཞེས་བྱ་བ་ནི་ལན་ནོ། །དོན་འདི་ཡིན་ཏེ་རག་ལས་པ་ཉིད་ཀྱིས་གཞན་རྗེས་སུ་དཔོག་ལ་རྗེས་སུ་དཔག་པས་གཞན་གྲུབ་པ་ལས་ཀྱང་རིགས་པ་ཉིད་ཡིན་པས་ན། ཇི་སྲིད་གཞན་རྗེས་སུ་དཔག་པ་དེ་སྲིད་རགས་པ་མ་ཡིན་ལ། ཇི་སྲིད་རགས་པ་མ་ཡིན་པ་དེ་སྲིད་ཀྱང་གཞན་རྗེས་སུ་དཔག་པ་
མེད་དོ། །དེས་ན་ཕན་ཚུན་རྟེན་པའི་ཕྱིར། རགས་པ་ཉིད་མ་ངེས་པས་ན། དེས་དངོས་པོ་ཉིད་ཙམ་གཞན་རྗེས་སུ་དཔོག་པ་ཡིན་གྱི་འབྲས་བུ་ཉིད་དུ་ནི་མ་ཡིན་ནོ། །དེས་ན་རྡུལ་ཕྲ་རབ་ཏུ་འདོད་པ་ལས་ཀྱང་གཞན་རྗེས་སུ་དཔོག་པ་དེ་ལས་གཞན་རྗེས་སུ་དཔོག་པའི་ཕྱིར་ཐུག་པ་མེད་པར་ཐལ་
ལོ། །དེ་ཉིད་བཤད་པ་ནི། རྗེས་དཔག་ལ་ནི་ལྟོས་བཅས་པས། །ཞེས་བྱ་བའོ། །དེས་ན་གང་དང་གང་དུ་རྡུལ་ཕྲ་རབ་རྣམ་པར་གཞག་ཏུ་འདོད་པ་དེ་དང་དེར་རྗེས་སུ་དཔག་པ་གཞན་དང་གཞན་གྱིས་འགོག་པའི་ཕྱིར་རྡུལ་ཕྲ་རབ་གནས་པ་མེད་དོ། །འོན་ཏེ་ཞེས་བྱ་བ་ནི་གཞན་དག་རྣམ་པ་གཞན་དུ་རྡུལ་ཕྲ་
རབ་རྣམ་པར་གཞག་པའི་ཕྱིར་སྨྲས་པའོ། །ལྟ་བར་བྱ་བའི་རང་བཞིན་ཉིད་རྡུལ་ཕྲ་རབ་ཡིན་ནོ། །གང་གི་ཚེ་ཞེ་ན་མཐར་ཐུག་པར་འགྱུར་བ་ནི་སྟེ་གང་ལས་ཆུང་བའི་བལྟ་བྱ་གཞན་མེད་པ་སྟེ། རྡུལ་བརྒྱད་པ་ཞེས་བསྙད་པ་གང་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །འོ་ན་ནི་དེ་ཆོས་མི་མཐུན་པའི་དཔེ་མ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆོས་མཐུན་པའི་བསྒྲུབ་པ་དང་། ཆོས་མི་མཐུན་པའི་དཔེ་ལ་ཐེ་ཚོམ་ཟ་བའི་རྣམ་པ་གཉིས་བཤད་ནས། ད་ནི་རྣམ་པ་ཐམས་ཅད་དུ་གཞན་གྱིས་འདོད་པའི་འབྲས་བུ་ཉིད་ནི་མི་སྲིད་དོ་ཞེས་བྱ་བ་སྐབས་སུ་བབ་པའི་སུན་འབྱིན་པ་ཅི་སྟེ་བཏང་སྙོམས་སུ་དགོངས་ནས།
เล่ม ๑๘๔ · หน้า 21a
ཡང་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བའི་རྩ་བ་རྣམ་པར་འགྲེལ་པས་གལ་ཏེ་རྡུལ་ཕྲ་རབ་ཞེས་གསུངས་སོ། །གཅིག་ནས་གཅིག་ཏུ་བརྒྱུད་ནས་རྡུལ་ཕྲ་རབ་དེ་དག་ཉིད་ཀྱིས་བརྩམས་པའི་ཕྱིར་རོ། །རྡུལ་ཕྲན་རྣམས་ནི་གྲུབ་ཅེ་ན་ཡང་དེའི་བསྒྲུབ་པར་བྱ་བ་བལྟ་བར་བྱ་བ་ལ་སོགས་
པ་ནི་དེ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ་ཞེས་གནས་དང་གནས་སུ་སྤྲོ་བར་འགྱུར་རོ། །དེའི་ཕྱིར་འདི་ཁས་བླངས་པས་ཅི་བྱ། རྡུལ་ཕྲ་རབ་རྣམས་ཀྱིས་བརྩམས་པའི་ཡན་ལག་ཅན་ནི་འཐད་པ་ཡང་མ་ཡིན་ནོ་ཞེས་སྟོན་ཏོ། །ཕྱོགས་གཅིག་གིས་ཞེས་བྱ་བ་ལ་སོགས་པའོ། །དགོངས་པ་ནི་འདི་ཡིན་ཏེ།
རྡུལ་ཕྲ་རབ་ཕན་ཚུན་འདྲེས་པ་དག་གིས་བརྩམས་པའི་རྡུལ་བུམ་པའི་ཚོགས་ཀྱིས་ལྡན་པས་ཡན་ལག་ཅན་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལ་དེ་དག་རྣམས་བདག་ཉིད་ཐམས་ཅད་དམ་ཕྱོགས་གཅིག་གིས་རེག་པར་འགྱུར་གྲང་ན། ཕྱོགས་དང་པོ་ལ་ནི་རྡུལ་ཕྲ་རབ་ཐམས་ཅད་གཅིག་གི་འདུ་བར་འགྱུར་
བའི་ཕྱིར་རྣམ་པ་དེ་ལྟ་བུ་ཡན་ལག་ཅན་མི་སྲིད་དོ། །འོན་ཏེ་གཉིས་པ་ཡིན་ན་དེའི་ཚེ། ཕྱོགས་གཅིག་གིས་ནི་རེག་ན་དེ། དེ་ཅི་ལྟར་རྡུལ་ཕྲན་ཡིན་པར་འགྱུར། ཅི་སྟེ་རྡུལ་ཕྲན་མ་ཡིན་ཞེ་ན། ཐམས་ཅད་ཕྱོགས་ནི་ཞེས་གསུངས་སོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་དེ་ཡང་
མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་མ་རེག་པར་ཡང་ལྡན་པ་དེ་སྐྱེས་ན། དེའི་ཚེ་ལྡན་པ་དེ་ཉིད་ཡིན་མོད་ཅེས་བལྟ་བར་བྱ་སྟེ། རྡུལ་ཕྲ་རབ་རྣམས་ནི་གཞན་དུ་འགྱུར་བ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །ཡང་ན་དེ་ཉིད་ཅེས་བྱ་བ་ནི་རྡུལ་ཕྲ་རབ་ཉིད་དེ་གཞན་དུ་གྱུར་པ་ནི་མ་
ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ཡིན་མོད་མི་འཐད་པ་ཅི་ཡོད་སྙམ་ན། ཇི་ལྟར་ཞེས་གསུངས་སོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །རྡུལ་ཕྲ་རབ་དེར་ཡན་ལག་ཅན་གཞན་ཡོད་པ་དེས་རྡུལ་ཕྲ་རབ་དེ་ལ་རྣམ་པ་གཅིག་པ་ཅན་གྱི་བློར་འགྱུར་རོ་སྙམ་ན། ལན་དུ་བརྟགས་པའི་ཕྱིར་ཞེས་བྱ་བའོ། །
གལ་ཏེ་ཞིག་ན་ནི་ཐལ་བ་འདིར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཁོ་བོ་ཅག་ལ་སོགས་པ་དག་གིས་རྡུལ་ཕྲ་རབ་མཐོང་བར་མི་ནུས་པ་ཁོ་ན་མ་ཡིན་ནམ། དེས་ན་དེ་སྐད་ཅི་སྟེ་བརྗོད་ཅེས་དོགས་པ་བསུ་ནས་བཤད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་དེ་དག་གཉི་ག་ནི་ཞེས་བྱ་བ་
เล่ม ๑๘๔ · หน้า 21b
ནི་རྡུལ་ཕྲ་རབ་དང་ཡན་ལག་ཅན་གྱི་རང་བཞིན་ནོ། །ལན་དུ་འཕྲོ་འདུ་ཞེས་གསུངས་ཏེ། ཡན་ལག་རྣམས་ལ་ཡན་ལག་ཅན་གྱིའོ། །ཅི་ལྟར་ཡིན་ཞེས་བྱ་བ་ནི་གཉིས་པོ་སོ་སོར་རྟོགས་པའི་ཕྱིར་རོ། །སུན་འབྱིན་པ་གཞན་ནི་དེ་ལྟ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཡན་ལག་ཅན་
དང་རྡུལ་ཕྲ་རབ་དག་དབང་ཕྱུག་གིས་སོ་སོར་མཐོང་ནའོ། །གཞན་དུ་ནི་མཐོང་བ་ཞེས་བྱ་བ་ནི་ཐ་མི་དད་པར་མཐོང་བའོ། །འོན་ཏེ་བདག་ཅག་ལ་ལྟོས་ན་ནི་འཕྲོད་པ་འདུ་བ་ཅན་ཡིན་ལ། དབང་ཕྱུག་ལ་ལྟོས་ནས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་དེའི་ཚེ་ཡང་སྐྱེས་བུ་སོ་སོ་ལ་དངོས་པོ་ཐ་དད་པ་ཡིན་ནོ་ཞེས་
བྱ་བ་འདི་ཤིན་ཏུ་ལེགས་པ་ཞིག་གོ། །གཞན་དུ་མཐོང་བ་གཅིག་པོ་འཁྲུལ་བ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་པ་མེད་དོ། །གལ་ཏེ་རྡུལ་ཕྲ་རབ་གནས་པ་ཉིད་ལ་ཚད་མར་གྲུབ་པར་རྩོལ་བ་མ་ཡིན་ནམ། དེས་ན་རྡུལ་ཕྲ་རབ་སུན་འབྱིན་པའི་གོ་སྐབས་ག་ལ་ཡོད་ཅེ་ན་བདེན་ཏེ། རྣམ་འགྲེལ་
མཛད་པས་འདི་གཞན་དུ་མ་གསུངས་པའི་ཕྱིར། འགའ་ཞིག་གི་ཚེ་རྣམ་པ་འདི་ཡང་རིག་པ་ཙམ་དུ་འགྲུབ་པའི་རྒྱུ་མཚན་དུ་འགྱུར་རོ་སྙམ་དུ་དོགས་ཏེ། འདིའི་དོན་དུ་བསམས་ནས་སྐབས་སུ་བརྗོད་པ་ཡིན་ནོ། །དངོས་པོ་ཉིད་དུ་ནི་ཕྱི་རོལ་རིག་པ་མ་ཡིན་པས་ཉིད་ཀྱིས་རྣམ་པར་རིག་པ་
ཙམ་དུ་གྲུབ་པར་འགྱུར་རོ། །དེ་ལྟར་ཡིན་དང་དབང་ཕྱུག་རེ་བ་ན་ཤིན་དུ་རྒྱང་རིང་བའི་ཕྱིར་སྐབས་མ་ཤོར་ལ། ཆོས་མི་མཐུན་པའི་དཔེ་འཆད་པ་ནི་འབྲས་བུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡན་ལག་ལྡན་པས་ཡན་ལག་ཅན་བརྩམས་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཡང་མ་འབྲེལ་ལོ་ཞེས་
སྟོན་པ་ནི། རགས་པ་ཆ་ཤས་ལྡན་པ་ཞེས་བྱ་བ་སྟེ། གང་དང་གང་རགས་པ་དེ་ཐམས་ཅད་ཆ་ཤས་ལྡན་པ་སྔོན་དུ་སོང་བ་ཡིན་ནོ་ཞེས་བྱ་བའི་ཁྱབ་པ་མ་གྲུབ་པའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འཇིམ་གོང་ལ་སོགས་པ་ལ་དམིགས་པར་ཇི་ལྟར་མ་གྲུབ་ཅེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་
པའོ། །དཔེར་ན་ལག་པས་འཇིམ་པ་བླངས་ནས་གོང་བུར་སྦྱོར་བར་མཐོང་བ་དེ་བཞིན་དུ་མྱུ་གུ་ལ་སོགས་པ་བསྐྱེད་པར་བྱ་བ་ལ་ནི་དེའི་ཆ་ཤས་གཞན་གྱིས་བསྡུས་པའམ་རང་ཉིད་འདུས་པ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་བྱེད་པ་ནི་འདི་ལྟར་ཞེས་བྱ་བའོ། །ཤིང་ཝ་དཱ་
เล่ม ๑๘๔ · หน้า 22a
དེ་ལ་ཡན་ལག་ལྡན་པ་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །གང་གི་ཚེ་མི་འགྱུར་སྙམ་ན། ཡན་ལག་རྣམས་སྔོན་ཡོད་མིན་ན་སྟེ་མེད་པའི་ཚེའོ། །གལ་ཏེ་སྔར་ཡན་ལག་རྣམས་མེད་ཀྱང་ལྡན་པ་ནི་ཡོད་པར་འགྱུར་རོ་སྙམ་ན། ཡན་ལག་ཡོད་པ་རྣམས་ཞེས་
གསུངས་སོ། །ཡན་ལག་ཅན་ཡང་ག་ལ་ཡིན་ཏེ་ཞེས་བྱ་བ་ནི་རྩོམ་པར་བྱེད་པའི་ལྡན་པ་མེད་པའི་ཕྱིར་རོ། །མུན་ཁུང་གི་བར་ནི་གཏི་མུག་ཆེན་པོས་བསྒྲིབས་བ་རྣམས་སོ། །བདག་ཅག་གིས་དེ་ཁོ་ན་བསྟན་པའི་རྒྱུ་དེ་ལས་ནི་ཞེས་བྱ་བ་ནི་མ་མཐོང་བ་ལྷན་ཅིག་བྱེད་པ་ཅན་གྱི་ཉེ་བར་ལེན་པའི་
རྒྱུ་ཆུང་ངུ་ལས་སོ། །ཁོ་བོ་ཅག་ཐམས་ཅད་ཅེས་སྦྱར་བར་བྱ་སྟེ། རིགས་པ་སྨྲ་བ་ཁོ་བོ་ཅག་ཅེས་བྱ་བར་བསམ་པའི་ཕྱིར་རོ། །དེ་ལྟ་ན་ཅི་ལྟར་ངེས་པར་འགྲུབ། འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །རྡུལ་ཕྲ་རབ་ཀྱི་ཚོགས་འདུས་པར་མ་མཐོང་ཡང་འཇིམ་གོང་ལ་འཇིམ་པ་འདུས་པ་མཐོང་
བའི་དཔེས་ཡོད་པར་འགྲུབ་པོ་ཞེ་ན། སུན་འབྱིན་པ་ནི་སྒྲོན་མའི་དཔེ་ཞེས་གསུངས་སོ། །དཔེར་ན་མུན་ཁུང་ན་གནས་པའི་བྱིས་པ་སྒྲོན་མས་གསལ་བར་བྱེད་པ་ཞེས་བྱ་བའི་ཚུལ་གྱིས་སོ། །གྲངས་ཅན་ལྟ་བ་ཞེས་བྱ་བ་ནི་གལ་ཏེ་དཔེ་ཙམ་གྱི་བསྒྲུབ་བྱ་འགྲུབ་ནའོ། །དེ་ལྟ་ཡིན་ན་སྐྱོན་ཅི་
ཡོད་སྙམ་ན། དེའི་ཕྱིར་ཞེས་སྨོས་ཏེ། གྲངས་ཅན་གྱི་ལྟ་བ་འོངས་པའི་ཕྱིར་རོ། །ཅིའི་ཕྱིར་འདི་ཐག་རིང་པོར་འགྱུར་སྙམ་ན། སྒྲོན་མ་ལ་སོགས་ཞེས་གསུངས་སོ། །དེས་ན་སེམས་པ་མེད་པས་གསལ་བའི་ཕྱིར་ཅི་ལྟར་དབང་ཕྱུག་སྒྲུབ་བྱེད་ཡིན། འོན་ཏེ་སྒྲོན་མ་ལ་ཡང་སེམས་པ་
ཅན་གྱིས་བྱིན་གྱིས་བརླབས་པ་ཁོ་ན་མངོན་པར་གསལ་བར་བྱེད་པ་ཡིན་པས་དེས་ཇི་ལྟར་དབང་ཕྱུག་སྒྲུབ་བྱེད་མ་ཡིན་པར་འགྱུར་སྙམ་ན། དེ་ཡང་ཞེས་གསུངས་སོ། །ལན་ནི་སྔར་བཏབ་པོ་ཞེས་བྱ་བ་ནི་ནུས་པ་ཉིད་དུ་མཐོང་བ་ཇི་ལྟར་ནུས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པས་སོ། །གང་གི་ཕྱིར་
དེ་ལྟར་བློ་ཙམ་སྒྲུབ་ན་གཏན་ཚིགས་ཐམས་ཅད་གྲུབ་པ་ལ་སྒྲུབ་པ་དང་། ཁྱད་པར་ཅན་དབང་ཕྱུག་ལ་ཡང་དཔེ་མ་གྲུབ་པས་ན་ཁྱབ་པ་མེད་པའི་ཕྱིར་མ་ངེས་པ་དང་། ཅི་ལྟར་མཐོང་བ་བཞིན་རྟོགས་པ་ན་ཡང་འདོད་པ་ལ་གནོད་པའི་འགལ་བར་འགྱུར་བ་དང་། དབང་ཕྱུག་དེ་ཉིད་ཀྱིས་
เล่ม ๑๘๔ · หน้า 22b
ཀྱང་མ་ངེས་པ་དང་། དབྱིབས་ཀྱང་མེད་པས་མ་གྲུབ་པ་དང་། ཤིང་ལ་སོགས་པས་འཁྲུལ་པའི་ཕྱིར་མ་ངེས་པ་དང་། དབང་ཕྱུག་བྱེད་པ་པོ་ཡིན་པ་ལ་ཡང་དཔྱད་མི་བཟོད་པ་དེས་ན་ཞེས་མཇུག་སྡུད་པའོ། །དེ་དེ་དེ་དང་དེ་ལས་ཡིན། །ཞེས་བྱ་བ་ནི་དེ་དང་དེ་ལས་དེ་དང་དེ་སྐྱེས་སོ་ཞེས་ཐ་སྙད་ཀྱིས་
ཏེ། འབྲས་བུའི་ཚོགས་རྣམས་སེམས་པ་ཅན་གཅིག་ལ་ངེས་པ་ཉིད་མ་ཡིན་ན་དབང་ཕྱུག་གི་གཏམ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མིན་ན་ཞེས་བྱ་བ་ནི་གལ་ཏེ་གཅིག་ལ་བྱེད་པ་པོ་སེམས་པ་ཅན་མཐོང་བ་ཙམ་གྱིས་ཐམས་ཅད་ལ། འབྲས་བུ་ཉིད་ལ་སོགས་པ་ཙམ་མཐོང་བའི་ཕྱིར་བྱེད་
པ་པོ་སེམས་པ་ཅན། རྗེས་སུ་དཔོག་ན་དེའི་ཚེ་སེར་པོ་ཡང་དཀར་པོ་ཡིན་ཏེ། དངོས་པོ་ཉིད་ཡིན་པའི་ཕྱིར་དཀར་པོ་གཞན་བཞིན་ནོ་ཞེས་བྱ་བར་འགྱུར་རོ། །ཐལ་བ་འདི་སྤང་བའི་དོན་དུ་གཞན་གྱིས། མངོན་སུམ་གནོད་པས་མིན་ཞེ་ན་ཞེས་སྨྲས་སོ། །དངོས་པོ་ཉིད་ཡིན་པ་ལ་ནི་སེར་པོ་
དཀར་པོ་ཉིད་དུ་དཔོག་པར་མི་འགྱུར་རོ། །མངོན་སུམ་གྱིས་གནོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འདིར་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ། མངོན་སུམ་གྱིས་གནོད་པ་དེ་དབང་ཕྱུག་རྗེས་སུ་དཔག་པ་འདིར་མེད་ཅེས་ཚད་མ་གང་ལ་རྟོགས་ཏེ། མཚན་ཉིད་དང་ལྡན་པ་ལ་གནོད་པ་
མཐོང་ན་དེའི་མཚན་ཉིད་ཅན་གཞན་ལ་ཡང་གནོད་པ་དོགས་པ་མི་ལྡོག་པའི་ཕྱིར་དང་། རྩྭ་ལ་སོགས་པ་ལ་སྐྱེས་བུ་མེད་པར་མཐོང་བའི་ཕྱིར་རོ། །འོན་ཏེ་དེ་ལས་མ་མཐོང་བའི་བྱེད་པ་པོ་ཡོད་པ་ཡིན་ནོ་ཞེ་ན། མངོན་སུམ་དང་མི་དམིགས་པ་གཉིས་ཀྱིས་མེད་ན་མི་འབྱུང་བ་གྲུབ་པ་ཁས་
བླངས་པས་ན། རང་བཞིན་གྱིས་བསྐལ་བས་ལྟར་བཏུང་བ་དང་ཅིག་ཤོས་ཁས་བླངས་བར་མི་འཐད་པའི་ཕྱིར་དང་། ཁས་ལེན་ན་ཡང་ལྡོག་པ་མི་འགྲུབ་པའི་ཕྱིར་མེད་ན་མི་འབྱུང་པར་མེད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་ཁྱབ་པ་འཛིན་པའི་དུས་ན་སྐྱེས་བུར་བལྟར་རུང་བ་ལས་ལྡོག་
པ་གྲུབ་པ་ཉིད་ཀྱིས་མ་མཐོང་བ་སེམས་པ་མེད་པ་ལ་ལྡོག་པ་འགྲུབ་བོ་ཞེ་ན། དེ་ལྟ་ན་ནི་འོ་ན་རྩྭ་ལ་སོགས་པ་ལ་ནི་གནོད་པ་ལ་སོགས་པར་གནས་སོ། །འདིར་ཡང་མཐོང་བའི་སེམས་པ་ཅན་ལྡོག་པ་གྲུབ་པ་ཉིད་མ་མཐོང་བའི་སེམས་པ་ཅན་ལྡོག་པའི་ཕྱིར་རོ། །རྙེད་ན་ནི་འཇུག་ལ་གོང་
เล่ม ๑๘๔ · หน้า 23a
ན་ནི་ལྡོག་པ་ཞེས་བྱ་བར་ནི་མི་རིགས་སོ། །དེའི་ཕྱིར་གཉི་ག་ལ་ཡང་མངོན་སུམ་གྱིས་གནོད་པ་མེད་པའི་ཕྱིར་གནོད་པ་ཚད་མས་མ་གྲུབ་པའོ། །འདི་ཙམ་གྱིས་གསལ་བར་ཡིན་ཡང་གཞན་གྱིས་སྨྲས་པ་ནི་རིགས་པ་ཅན་ངའི་དབང་ཕྱུག་རྗེས་སུ་དཔོག་པ་
ལ་གནོད་པ་དམིགས་པ་མེད་པའི་ཕྱིར་ན་དེའི་གནོད་པ་ཉིད་མ་ཡིན་ནའོ། །བདག་གིས་གནོད་པ་མ་མཐོང་བ་དེ་ཙམ་གྱིས་གནོད་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་དུ་རིགས་པ་ཅན་ཁྱོད་ཀྱིས་གནོད་པ་མི་དམིགས་པའི་མཚན་ཉིད་ཀྱིས་མ་མཐོང་བ་ནི་ཚད་མ་མ་ཡིན་པ་ཁོ་
ནའོ། །ཚད་མས་ཁས་བླངས་ན་ཅི་སྐྱོན་ཞེ་ན། གལ་ཏེ་ཁྱོད་ཀྱིས་མ་དམིགས་པའི་མ་མཐོང་བ་ཚད་མ་ཡིན་ན་དེའི་ཚེ་དབང་ཕྱུག་ཀྱང་མ་དམིགས་པའི་ཕྱིར་དེ་ཡང་འགོག་པར་འགྱུར་རོ། །དེ་ནི་རྗེས་སུ་དཔག་པ་ལས་གྲུབ་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འདི་ནི་སྙིང་པོ་མེད་དེ་མ་
དམིགས་པ་ཙམ་ལས་ཐེ་ཚོམ་དུ་འགྱུར་ན་རྗེས་སུ་དཔག་པའི་གོ་སྐབས་ཡོད་ཀྱི་དེ་ལས་ཁྱད་པར་གཅིག་ཏུ་ངེས་པར་གྲུབ་ན་ནི་མ་ཡིན་ནོ། །འོན་ཏེ་དབང་ཕྱུག་མེད་པར་གྲུབ་པ་ལ་ནི་མ་མཐོང་བ་ཚད་མ་མ་ཡིན་ཏེ་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པ་ལ་འཇུག་གོ་སྙམ་ན། འོ་ན་
ནི་གནོད་པ་མེད་པ་ལས་ཀྱང་མ་མཐོང་བ་ཚད་མ་མ་ཡིན་པ་ཁོ་ནའོ། །དེ་ལྟ་ན་ཡང་དབང་ཕྱུག་ཅི་ལྟར་འགྲུབ། དེས་ན་གནོད་པ་དང་གནོད་པ་མེད་པས་བྱས་པའི་ཁྱད་པར་ནི་ཡོད་པ་མ་ཡིན་ནོ། །དེས་ན་ལྷན་ཅིག་འབྱུང་པ་ཙམ་མཐོང་བ་ལས་ཐམས་ཅད་ཐམས་ཅད་ལ་རྗེས་སུ་དཔོག་པ་
ཞེས་བྱ་བ་ནི་ལེགས་པར་གནས་པ་ཡིན་ནོ། །དུ་བ་ལ་མེ་བཞིན་དུ་སེམས་པ་ཙམ་སེམས་པ་ཅན་གྱི་ཁྱད་པར་གྱིས་ནི་འབྲས་བུ་ཉིད་ལ་སོགས་པ་ལ་ཁྱབ་པ་ཚད་མས་མ་གྲུབ་པོ་ཞེས་སྟོན་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཞེས་བྱ་བ་ནི་དོན་བྱ་བ་བྱེད་པའོ། །དེ་
བཞིན་དུ་སྒྲུབ་པར་བྱེད་པ་གཞན་དག་ཀྱང་ཉེ་བར་མཚོན་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་རྗེས་སུ་དཔོག་པར་བྱེད་པ་མ་ཡིན་ཞེ་ན། སྐྱེས་བུའི་འདོད་པས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་འདོད་པས་གཏན་ཚིགས་བསྒྲུབ་བྱ་བསྒྲུབ་པར་བྱ་བའི་ཕྱིར་འཇུག་
เล่ม ๑๘๔ · หน้า 23b
ན། དེའི་ཚེ་དབང་ཕྱུག་ལས་བཟློག་པ་ཡང་འགྲུབ་པར་འགྱུར་རོ། །ཇི་ལྟར་དབང་ཕྱུག་མེད་པར་ཐལ་ཞེ་ན། དེ་ཡང་ཞེས་སྨོས་ཏེ། དབང་ཕྱུག་མེད་པ་ཡང་ངོ་། །དེའི་ཕྱིར་གདོན་མི་ཟ་བར་ཁྱད་པར་འཛིན་པ་ཁས་བླང་བ་བྱ་དགོས་སོ། །ཁྱབ་པ་རྟོག་པ་དེ་ཡང་རྣམ་པ་གཉིས་ཏེ།
མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་སམ། བཟློག་ན་གནོད་པ་ཅན་གྱིས་ཚད་མས་སོ། །དེ་ལ་མངོན་སུམ་དང་མི་དམིགས་པའི་དབང་དུ་བྱས་ནས་བཤད་པ་ནི་འོན་ཀྱང་ཞེས་བྱ་བའོ། །གང་ཇི་ལྟར་ཞེས་བྱ་བ་ནི་གང་ཅི་འདྲ་བ་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བ་ཉིད་ཅེས་བྱ་བ་ནི་འདས་
པ་ན་བྱེད་པ་པོ་དང་བྱ་བའི་ཚིག་གོ། །འདིས་ནི་ངེས་པའི་འབྲས་བུ་ནི་གོ་བར་བྱེད་པ་ཡིན་ལ། ངེས་པའི་རྒྱུ་ནི་གོ་བར་བྱ་བ་ཉིད་ཡིན་ནོ་ཞེས་སྤྱི་ཆེན་པོ་སྤངས་པ་ཡིན་ནོ། །འདི་ཉིད་རྣམ་འགྲེལ་ལ་སྦྱོར་བ་ནི་ཞེས་བཤད་པ་ནི་ཞེས་བྱ་བའོ། །དབྱིབས་ལ་སོགས་པ་ཅི་འདྲ་བར་གྱུར་པའོ། །
དབྱིབས་ལ་སོགས་པ་དེ་ལས་བྱིན་གྱིས་རློབ་པ་པོ་སེམས་པ་དང་ལྡན་པ་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ནོ། །ཅི་འདྲ་བ་ཡང་ཡིན་ལ། བྱིན་གྱིས་རློབ་པ་པོ་ཡང་དེ་ཡིན་པ་དེ་ཡོད་པ་དང་། མེད་པའི་རྗེས་སུ་འཇུག་པར་དབྱིབས་ལ་སོགས་པ་གྲུབ་ན་ནི་དབྱིབས་ལ་སོགས་
པ་དེ་ལས། བྱིན་གྱིས་རློབ་པ་པོ་དེ་འདྲ་བ་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ནོ། །འདིར་ནི་བུམ་པ་ལ་སོགས་པ་རྣམ་པ་གཞན་ལ་ནི་ཁྱབ་པ་ཡིན་ལ། རི་ལ་སོགས་པ་རྣམ་པ་གཞན་དུ་འགྱུར་བ་ལས་ནི་རྗེས་སུ་དཔག་པར་རྩོམ་པའི་ཕྱིར་ཚད་མའི་རྗེས་སུ་འབྲངས་པ་
ག་ལ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ན་འོ་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བ་འདི་ཡང་རྗེས་སུ་དཔག་པ་མ་ཡིན་ཏེ། རིགས་ཤིན་ཏུ་མི་འདྲ་བ་ཡོད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། གང་གི་ཕྱིར་བུམ་པ་ཉེ་བར་མཚོན་བྱར་བྱས་ནས་མངོན་སུམ་གྱི་རྗེས་ལས་བྱུང་བའི་
རྣམ་པར་རྟོག་པས་ཡུལ་དུ་བྱས་པ་འབྲས་བུ་མ་ཡིན་པ་ལས་ལྡོག་པ་ཙམ་ཁྱད་པར་གྱིས་རྣམ་པར་མ་བཅད་པའི་སྤྱི་ནི་མི་རྟག་པ་ཙམ་གྱིས་ཁྱབ་པར་ཤེས་པར་འདོད་པ་ན། གལ་ཏེ་བཟློག་པ་ལ་གནོད་པའི་རྗེས་སུ་དཔག་པ་སྦྱར་བར་ནུས་ན་དེའི་ཚེ་མི་རྟག་པ་ཉིད་ཀྱང་རྗེས་སུ་དཔོག་གི་གཞན་
เล่ม ๑๘๔ · หน้า 24a
དུ་ནི་མ་ཡིན་ནོ། །སྐབས་སུ་ནི་ཅི་ལྟར་མེའི་མཚན་ཉིད་ཀྱི་དངོས་པོ་འདི་མེད་ན་སྔར་མ་དམིགས་པའི་དུ་བའི་དངོས་པོ་གཞན་གྱི་ཚེ་འདི་དམིགས་པ་ན་དམིགས་པ་དེས་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཁྱད་པར་ཅན་གྱིས་སྤྱི་ལ་བརྟེན་པ་ཡིན་ནོ། །དེ་བཞིན་དུ་དེ་
འདྲ་བའི་སྐྱེས་བུའི་མཚན་ཉིད་ཀྱི་དངོས་པོའིའམ། སེམས་པ་ཅན་ཙམ་མེད་ན། ཅི་ལྟར་ཡོངས་སུ་མཐོང་བའི་བུམ་པ་ལ་སོགས་པ་མེད་ལ། དེ་ཡོད་ན་ནི་ཡོད་པ་དེའི་འབྲས་བུ་ཡིན་པའི་ཕྱིར་འབྲས་བུའི་ཁྱད་པར་ལ་ཁྱབ་པ་གྲུབ་ཀྱི་འབྲས་བུ་ཙམ་ལ་ནི་མ་ཡིན་ཏེ། སེམས་པ་ཅན་གྱི་བྱེད་
པའི་སྔོན་རོལ་དུ་འབྲས་བུ་ཙམ་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །མེའི་བྱ་བའི་སྔ་རོལ་དུ་ནི་དུ་བ་ཙམ་ལོག་པ་གྲུབ་པ་ཉིད་དོ། །དེས་ན་འབྲས་བུའི་ཁྱད་པར་གྱི་རང་བཞིན་ཉིད་སྒྲུབ་པར་བྱེད་པ་ཡིན་གྱི་འབྲས་བུ་ཙམ་ནི་མ་ཡིན་ནོ། །དུ་བ་ལ་ཡང་ལོ་མ་ལས་བྱུང་བ་ལ་སོགས་པ་ནང་གི་དབྱེ་བ་ཡོད་
དོ་ཞེ་ན། ཡོད་མོད་གལ་ཏེ་དེ་དག་ཀྱང་མངོན་སུམ་གྱི་རྗེས་ལ་བྱུང་བའི་རྣམ་པར་རྟོག་པས་གཞན་ལས་ལྡོག་པ་ཉིད་ཀྱི་སྒོ་ནས་འཛིན་ན་དེའི་ཚེ་ཉེས་པ་ཅི་ཡོད་དེ། སྔར་བཤད་པའི་ཚུལ་གྱིས་དུ་བ་ཙམ་ལ་ཁྱབ་པར་རྟོགས་པའི་མི་ལྡོག་པའི་ཕྱིར་རོ། །སྐབས་སུ་བབ་པ་ནི་ཁྱབ་པ་རྟོགས་པ་མེད་
ཅེས་བསྟན་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་ཚོང་དུས་སུ་ཕྱིན་པའི་བུམ་པས་ཀྱང་དེ་འདྲ་བའི་བཟོ་བ་རྗེས་སུ་དཔག་པ་ཁོ་ནའོ། །རི་ལ་སོགས་པའི་རྣམ་པས་ནི་མ་ཡིན་ནོ། །ཤིན་དུ་རིགས་མི་མཐུན་པའི་ལྷ་ཁང་ལ་སོགས་པའི་གོ་བར་བྱེད་པ་ནི་ཁྱབ་པ་སོ་སོར་བཟུང་བའི་འབྲས་
བུ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དེའི་ཚེ་བཟོ་རིག་པ་ཁྱད་པར་ཅན་རྗེས་སུ་དཔོག་གི་བུམ་པ་བྱེད་པའི་བཟོ་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་རི་ལ་སོགས་པ་ལ་ཡང་ཁྱད་པར་དང་ལྡན་པ་ཉིད་རྗེས་སུ་དཔོག་པར་འགྱུར་ཞེ་ན། གལ་ཏེ་ལྷའི་ཁང་པ་གཞན་བཞིན་དུ་རི་གཞན་ལ་བྱེད་
པ་མཐོང་ན་ནི་འགྱུར་བ་ཁོ་ནའོ། །དེའི་ཕྱིར་མངོན་སུམ་གྱི་ཁྱབ་པ་བཟུང་ན་ནི་འབྲས་བུའི་རིགས་ཁྱད་པར་ཅན་སེམས་པ་ཅན་དང་འབྲེལ་པ་འགྲུབ་པའི་ཕྱིར་འབྲས་བུ་ཙམ་ལས་ནི་རྗེས་སུ་དཔོག་པ་མ་ཡིན་ནོ། །རྩྭ་ལ་སོགས་པས་འཁྲུལ་པ་ཡང་སྤང་བར་མི་ནུས་སོ། །འདི་ལྟར་མངོན་
เล่ม ๑๘๔ · หน้า 24b
སུམ་དང་མི་དམིགས་པའི་བྱེད་པ་ནི་བལྟར་རུང་བའི་རང་བཞིན་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར། བལྟར་རུང་བའི་ལུས་ཅན་སེམས་པ་ཅན་གྱི་ཁྱད་པར་ཁོ་ན་དང་། ཁྱབ་པ་རྟོགས་པར་བྱ་བ་ཡིན་ལ། བལྟར་རུང་བ་ནི་རྩྭ་ལ་སོགས་པ་སྐྱེ་བོ་ལ་མ་དམིགས་པ་གྲུབ་པ་ཁོ་ནའོ། །འོན་ཏེ་
བལྟར་རུང་བའི་ཁྱད་པར་དང་བྲལ་བའི་རྟོག་པ་དང་ལྡན་པ་ཙམ་དང་ཁྱབ་པ་འཛིན་པར་འདོད་པ་ཡིན་ནོ། །དེའི་ཚེ་མངོན་སུམ་ལ་བརྟེན་པ་མ་ཡིན་ནོ། །གལ་ཏེ་མི་མཐོང་བའི་སེམས་པ་ཅན་སྲིད་པར་བྱས་ནས་འཁྲུལ་པ་སྤང་ན་དེའི་སེམས་པ་ཅན་མེད་པ་ལ་འབྲས་བུ་མེད་པར་སེམས་པ་ན་སྲིད་
པ་འདི་གར་སོང་ན། གང་གིས་ལྡོག་པ་འགྲུབ་པར་འགྱུར། །རྒྱུ་དང་འབྲས་བུའི་ངོ་བོ་ནི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རང་བཞིན་ཡིན་ནོ། །གལ་ཏེ་དེ་རྫ་མཁན་ལྡོག་པ་ཉིད་ལ་སེམས་པ་ཅན་ལྡོག་པར་བརྗོད་ན། རྩྭ་ལ་སོགས་པ་སྐྱེས་པ་ལ་ཡང་དེ་བཞིན་དུ་ཐལ་བར་འགྱུར་
བས་འཁྲུལ་པ་ག་ལ་སྤོང་། དེས་ན་སེམས་པ་ཅན་གྱི་བྱེད་པ་ནི་བུམ་པ་ལ་སོགས་པ་བསྒྲུབ་པ་ཉིད་ལ་བརྗོད་པར་བྱའོ། །གལ་ཏེ་མངོན་སུམ་གྱི་ཁྱབ་པ་འཛིན་པའི་བྱེད་པ་བལྟར་རུང་བའི་རང་བཞིན་ཁོ་ན་ལ་ལྟོས་པ་ཡིན་ལ། བལྟར་རུང་བ་ཡང་རང་བཞིན་གྱིས་བསྐལ་པ་སྤངས་
པ་ཁོ་ནས་ཡིན་གྱི། ཁྱབ་པ་མེད་པར་ཐལ་བའི་ཕྱིར། །ཡུལ་དང་དུས་ཀྱིས་བསྐལ་པ་སྤངས་པས་ནི་མ་ཡིན་པ་དེའི་ཚེ། རྒོད་པ་ལ་སོགས་པ་ལ་བློས་ཁྱབ་པར་ཇི་ལྟར་རྟོགས་ཏེ། གཞན་གྱི་རྒྱུད་ནི་རང་བཞིན་གྱིས་བསྐལ་བའི་ཕྱིར་རོ། །གང་ལས་ལྡོག་པ་འགྲུབ་པར་འགྱུར་
བ་འདོད་པའི་སེམས་ལོག་པ་ན་རྒོད་པའི་སེམས་ལྡོག་པའི་ཚེ་སེམས་གཞན་ལྡོག་པར་ཡང་ཇི་ལྟར་རྟོགས་ཤེ་ན་མ་ཡིན་ཏེ། རང་རིག་པའི་སྤྱོད་ཡུལ་ཉིད་ཀྱིས་བློ་གཞན་ལ་ཡང་བལྟར་རུང་བ་ཉིད་མི་ལྡོག་པའི་ཕྱིར་རོ། །གང་ཞིག་ཁྱབ་པ་འཛིན་པ་ལ་ཞུགས་པའི་རང་རིག་པ་དེ་ཉིད་གཞན་
དུ་མེད་དོ་ཞེས་བྱ་བ་འདིས་ཅི་བྱ་སྟེ། མེ་ལ་ཡང་ཁྱབ་པ་འཛིན་པ་མངོན་སུམ་དེ་ཉིད་ནི་མེ་གཞན་ལ་ཡང་ཡོད་པ་ནི་མ་ཡིན་ནོ། །མཐོང་བའི་ཐ་སྙད་ཀྱི་སྒྲུབ་བྱེད་དེ་འདྲ་བའི་མངོན་སུམ་གྱི་ཡུལ་ཉིད་ནི་མཚུངས་པ་ཁོ་ནའོ། །ཁྱད་པར་ནི་འདི་ཡིན་ཏེ། རིགས་པ་ནི་ནམ་ཡང་རང་
เล่ม ๑๘๔ · หน้า 25a
རིག་པས་བལྟ་བར་བྱ་བ་ཉིད་ལས་འདའ་བ་མེད་ལ། མེ་ནི་རེ་འགའ་རུང་བ་ཙམ་གྱིས་ཀྱང་དབང་པོའི་ཤེས་པའི་སྤྱོད་ཡུལ་ཡིན་ནོ། །དེའི་ཕྱིར་རང་གི་མངོན་སུམ་ལ་ལྟོས་པའི་བལྟ་བར་བྱ་བ་ནི་གཉི་ག་ལ་ཡོད་དོ། །འཕོ་བའི་མེ་ནི་དེ་འདྲ་བའི་མངོན་
སུམ་དུ་རུང་བ་མ་ཡིན་ཏེ། དེས་ན་དེ་བཅད་པའི་དོན་ཁོ་ནར་གསལ་ཞིང་འབར་བའི་གཟུགས་ཀྱིས་མེ་ཁྱབ་བྱེད་དུ་ངེས་པར་བྱ་བ་ཡིན་ནོ། །གང་ཞིག་གིས་བཀབ་པར་ཐལ་བ་དེ་ལྟར་སེམས་ཀྱི་རིགས་རིག་པ་མ་ཡིན་པ་ནི་འགའ་ཡང་མེད་དོ། །འདོད་པའི་སེམས་བཀབ་པའི་དུས་
སུ་སེམས་གཞན་མ་བཀབ་མོད། འདོད་པའི་སེམས་མེད་ན་རྒོད་པ་མེད་པ་ཞེས་བྱ་བ་དེ་ཙམ་གྱིས་རྒྱུད་གཞན་གྲུབ་པོ། །སེམས་ཙམ་ངེས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཅིས་བྱ་སྟེ། ཁྱད་པར་གྲུབ་ན་སྤྱི་འབད་པ་མེད་པར་གྲུབ་པའི་ཕྱིར་རོ། །ཡང་ན་དབང་ཕྱུག་རྗེས་སུ་དཔོག་པ་བཞིན་
གཞན་གྱི་རྒྱུད་རྗེས་སུ་དཔག་པ་ཡང་མི་འཐད་པ་ཁོ་ནའོ། །དེ་ལ་ནི་ཁོ་བོ་ཅག་གིས་ཁས་བླངས་པ་ཙམ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དེའི་ཕྱིར་གལ་ཏེ་བློ་དང་ལྡན་པ་བལྟར་རུང་བའི་ལུས་ཀྱིས་ཁྱད་པར་ཅན་ཁོ་ན་དང་ཁྱབ་པ་བརྗོད་པར་འདོད་པ་དང་། དེ་གྲུབ་པ་ཙམ་གྱི་སེམས་པ་ཅན་
ཙམ་གྱིས་བྱས་པར་ངེས་པ་ཉིད་དུ་འདོད་པ་ཡིན་ན་འགྱུར་མོད་ཆད་པ་ཅི་ཡོད། འོན་ཀྱང་རྩྭ་ལ་སོགས་པས་འཁྲུལ་པ་ཟློག་པར་དཀའ་བ་ཁོ་ནའོ་ཞེས་བྱ་བར་གནས་སོ། །དེ་ཉིད་ཀྱི་ཕྱིར་ཅི་འདྲ་བའི་བྱིན་གྱིས་རློབ་བོ་ཞེས་བཤད་པ་གཞན་བྱས་པ་ཡིན་ནོ། །དེའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་
པོའི་མཚན་ཉིད་ཀྱི་འབྲེལ་པ་སྒྲུབ་པའི་དོན་དུ་ནི་མངོན་སུམ་དང་མི་དམིགས་པ་ལ་བརྟེན་པ་ལེགས་པ་མ་ཡིན་ཏེ། རང་བཞིན་གྱིས་བསྐལ་པ་སྤངས་པ་ཁོ་ནས་བལྟར་རུང་བའི་ཡུལ་ཅན་པའི་ཕྱིར་དང་། སེམས་པ་ཅན་ལོག་པས་འབྲས་བུ་ཙམ་ལྡོག་པ་མ་གྲུབ་པའི་ཕྱིར་ན། གོ་
རིམས་བཞིན་དུ་བསྒྲུབ་བྱ་དང་སྒྲུབ་བྱེད་ལ་ལྟོས་ནས་ངེས་པ་དང་ཐེ་ཚོམ་ཟ་བ་དག་གིས་མ་ངེས་པ་མི་སྤོང་བའི་ཕྱིར་རོ། །བཟློག་པ་ལ་གནོད་པའི་ཚད་མས་འགོག་པ་ལ་འཇུག་པ་ཡང་འདི་ཙམ་ཉིད་ཀྱིས་བསལ་བ་ཡིན་ནོ། །འདི་ལྟར་གལ་ཏེ་ཡང་འབྲས་བུ་ཚོགས་པས་བསྒྲུབ་པར་བྱ་བ་ཡིན་
เล่ม ๑๘๔ · หน้า 25b
པར་ངེས་པ་དེ་ལྟ་ན་ཡང་ཚོགས་པ་སྐྱེས་བུ་ལ་རག་ལས་སོ་ཞེས་བྱ་བ་འདི་ག་ལས་ཡིན་དེ་བཞིན་དུ་མཐོང་བའི་ཕྱིར་རོ་ཞེ་ན། འོ་ན་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒྲུབ་བྱེད་མངོན་སུམ་དང་རྗེས་སུ་དཔག་པའི་བྱེད་པ་དེ་ཉིད་འོངས་པ་ཡིན་ལ། དེ་ཡང་རིགས་ཀྱི་ཁྱད་པར་གྱི་ཡུལ་ཅན་ཡིན་
ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་རིགས་གང་ཞིག་ཚོགས་པ་སྐྱེས་བུ་ལ་རག་ལས་བར་རྟོག་པ་དེ་འདྲ་བ་ཉིད་ན། ལྡོག་པ་ཡིན་གྱི་འབྲས་བུ་ཙམ་ནི་མ་ཡིན་ནོ། །སྐྱེས་བུའི་འབད་པ་མེད་པར་རྒྱུའི་ཚོགས་པར་འགྱུར་ན་ཐམས་ཅད་ཀྱི་ཚེ་འགྱུར་རོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། མ་
མཐོང་བ་ཡོངས་སུ་སྨིན་པའི་ལྷན་ཅིག་བྱེད་པ་ཅན་རྒྱུ་ཐམས་ཅད་ཀྱི་ཡོངས་སུ་གྱུར་པ་བརྒྱུད་པ་ལ་ལྟོས་པ་ནི་རེས་འགའ་བ་ཉིད་དུ་འཐད་པའི་ཕྱིར་རོ། །སེམས་པ་ཅན་གྱི་བྱེད་པ་མེད་པར་ཡང་ཤིང་ཕུང་དུད་པའི་མཚན་ཉིད་ཀྱི་ཚོགས་པ་ཅན་གྱི་མེ་བྱུང་བའི་ནི་མཐོང་བ་ཡང་ཡིན་ནོ། །མ་མཐོང་བ་
རྟོགས་པ་ལ་ནི། སྒྲ་ལ་སོགས་པའི་འབྲས་བུ་བཞིན་དུ་སུན་དབྱུང་བར་བྱའོ། །དུ་བའི་རྗེས་སུ་དཔག་པ་ལ་ནི་སུན་འབྱིན་པའི་སྐབས་མེད་པའི་ཕྱིར་མི་མཚུངས་སོ། །མངོན་སུམ་ལ་བརྟེན་པའི་བྱེད་པ་སུན་འབྱིན་པ་འདི་ནི་བློ་དང་ལྡན་པ་ཙམ་བཞིན་དུ་ཉེ་བར་ལེན་པ་ལ་སོགས་པ་མངོན་པར་
ཤེས་པ་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་ཡང་ཐུན་མོང་ཡིན་པའི་ཕྱིར། བདེ་བྱེད་ལ་སོགས་པས་ཉེ་བར་ལེན་པ་ལ་སོགས་པ་མངོན་པར་ཤེས་པའི་ཁྱད་པར་བཤད་པས་ནི་གྲུབ་པ་ལ་སྒྲུབ་པ་སྤོང་བར་རུང་ཡང་། དེ་ལྟར་འདོད་པ་བསྒྲུབ་པར་ནི་མི་ནུས་སོ། །གང་གི་རིགས་ཅན་གྱི་འབྲས་
བུ་ལ་བྱེད་པ་པོ་རྗེས་སུ་དཔོག་པ་དེ་དང་། དེ་ལ་དེའི་ཉེ་བར་ལེན་པ་ལ་སོགས་པ་མངོན་པར་ཤེས་པ་ཉིད་ཡིན་པའི་ཕྱིར། འདི་ལ་མི་འདོད་པ་མེད་དོ། །གང་ལས་ངེས་པར་མང་པོ་ཤེས་པ་ཉིད་དུ་ཡང་འགྱུར་བ་སྐྱེས་བུ་བྱས་པའི་འབྲས་བུའི་རིགས་ཐམས་ཅད་ལ། བྱེད་པ་པོ་གཅིག་
ཉིད་དུ་ངེས་པ་ཡང་མ་ཡིན་ཏེ། མང་པོ་རྣམས་ཀྱི་བྱེད་པ་ཡང་མཐོང་བའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་ནི་རྒྱང་རིང་དུ་སྤང་བ་ཉིད་ལས་བརྗོད་པ་དོན་མེད་དོ། །དེ་ཉིད་ཀྱི་ཕྱིར་དེའི་རྩིས་ཁོང་དུ་མ་བཅུག་པར་བློ་དང་ལྡན་པ་ཙམ་གྱིས་དབང་དུ་བྱས་ནས་མངོན་སུམ་ཙམ་ལ་བརྟེན་
เล่ม ๑๘๔ · หน้า 26a
པའི་ཁྱབ་པ་ལ་སུན་འབྱིན་པ་བརྗོད་དོ། །རེ་ཞིག་ཐ་དད་པ་དག་གི་དངོས་པོ་པའི་འབྲེལ་པ་ནི་རྒྱུ་འབྲས་ལས་གཞན་མ་ཡིན་ལ་དེ་ཡང་མ་གྲུབ་པ་ཞེས་སྟོན་པ་ཐེག་པ་ཁོ་ནའོ། །དེའི་ཕྱིར་ཚད་མའི་རྗེས་སུ་འབྲངས་ནས་མངོན་སུམ་དང་མི་དམིགས་པ་དག་
ལས་གཞན་ནི་རྒྱུ་དང་འབྲས་བུ་གྲུབ་པ་ལ་སྒྲུབ་བྱེད་མེད་དོ། །དེ་ལ་བརྟེན་པ་ན་ཡང་ཁྱད་པར་ཉིད་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པའི་ཕྱིར། དེ་ཙམ་ཞིག་མངོན་སུམ་གྱི་རྗེས་སུ་འབྲངས་ནས་སུན་ཕྱུང་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དབྱིབས་ལ་སོགས་པ་སྒྲུབ་པར་བྱེད་པ་ནི་རིགས་
སོ་ཞེས་བལྟའོ། །དེ་ལྟར་སྒྲུབ་བྱེད་ཉིད་དུ་རིགས་པ་བརྗོད་ནས་དེའི་འབྲས་བུ་རྗེས་སུ་དཔག་པ་ཡང་འཐད་པར་བརྗོད་པའི་སྒོ་ནས་དེ་ཉིད་རྣམ་པར་འགྲེལ་པ་ནི་དབྱིབས་སམ་ཞེས་བྱ་བ་སྟེ། དབྱིབས་ཀྱི་ཁྱད་པར་རོ། །དངོས་པོ་ཉིད་དམ་ཞེས་བྱ་བ་ནི་དོན་བྱ་བ་བྱེད་པའོ། །འོ་ན་ཁྱད་
པར་འགྱུར་བའི་རྣམ་འགྲེལ་གྱི་དོན་ཅི་ཡིན་ཞེས་བྱ་བའི་དོགས་པ་སེལ་བ་ནི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། རི་ལ་སོགས་པ་རྣམ་པ་གཞན་ལས་ནི་བྱེད་པ་པོ་རྫ་མཁན་རྗེས་སུ་དཔོག་པའམ། རི་ལ་སོགས་པ་ཉེ་བར་ལེན་པ་ལ་སོགས་པ་རིགས་པ་རྗེས་སུ་དཔོག་པའམ། མ་མཐོང་བ་རྗེས་
སུ་དཔོག་པ་ནི་མ་ཡིན་ནོ། །དེ་ལྟར་འདི་ཐམས་ཅད་རྣམ་འགྲེལ་མཛད་པས་བཤད་པའི་བུམ་པ་ལ་སོགས་པ་ཐ་དད་པའི་དངོས་པོ་ལ་ཁྱབ་བྱེད་ཉིད་དུ་རབ་ཏུ་འགྲུབ་པའི་བློ་དང་ལྡན་པ་ནི་དབྱིབས་དབྱིབས་ཞེས་སྒྲ་མཚུངས་པས་ཐ་དད་ལ་མེད་པའི་རི་ལ་སོགས་པ་ལས་རྗེས་སུ་དཔག་པར་རིགས་
པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རི་ལ་སོགས་པའི་ཉེ་བར་ལེན་པ་ལ་སོགས་པ་རིགས་པ་རྗེས་སུ་དཔོག་པ་ཡང་སྤངས་པ་ཡིན་ལ། ཁྱབ་པ་མ་རྟོགས་པ་ཉིད་ཀྱིས་མཐོང་བ་རྗེས་སུ་དཔོག་པ་ཡང་སྤངས་པ་ཡིན་ཏེ། དཔེར་ན་སྐྱ་བོ་སྐྱ་བོ་ཞེས་སྒྲ་མཚུངས་པས་ཐ་དད་པ་མེད་པའི་
སྐྱ་བོའི་རྫས་ལས་སྐྱ་བོའི་ཁྱད་པར་ལ་ཁྱབ་པར་བྱེད་པ་ཉིད་དུ་རབ་ཏུ་གྲུབ་པའི་མེ་རྗེས་སུ་དཔོག་པར་མི་རིགས་པ་བཞིན་ནོ། །འདི་ཉིད་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །བྱེད་པ་པོའི་ཁྱད་པར་ནི་རྫ་མཁན་ལ་སོགས་པའི་གནས་སྐབས་ཀྱི་མཚན་ཉིད་དམ། བུམ་པའི་ཉེ་བར་ལེན་པ་
เล่ม ๑๘๔ · หน้า 26b
ལ་སོགས་པ་མངོན་པར་ཤེས་པའི་མཚན་ཉིད་དམ། བལྟར་རུང་བའི་མཚན་ཉིད་དེ། དེའི་རྗེས་སུ་འགྲོ་བའི་དབྱིབས་བཏང་ནས་ཞེས་བྱ་བས་དེ་རྗེས་སུ་འཇུག་པ་ཅན་གྱི་དབྱིབས་བཞག་སྟེའོ། །དངོས་པོ་ཙམ་ཞེས་བྱ་བ་ནི་བསྡད་ནས་འཇུག་པ་དང་། འབྲས་བུའི་ཉིད་ལ་སོགས་པའི་ཉེ་
བར་མཚོན་པར་བྱའོ། །ཁྱད་པར་ཅན་གྱིས་ཁྱབ་པ་བོར་ནས་སྤྱི་ལ་བརྟེན་ན་ཞེས་བྱ་བའི་དོན་ཏོ། །དཔེའི་རྣམ་པར་འགྲེལ་པ་ནི་སྐྱ་བོའི་རྫས་ལས་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་སྐྱ་བོའི་རྫས་ལས་མེ་རྗེས་སུ་དཔག་པར་མི་རིགས་སྙམ་ན། དེ་ལ་ཞེས་གསུངས་ཏེ། མེ་རྗེས་སུ་དཔོག་
པའོ། །འོ་ན་དུ་བ་ཉིད་ལས་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་འདིར་སྨྲས་པ་ཞེས་བྱའོ། །གང་གིས་དུ་བ་དེ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བརྗོད་པའི་ཉེས་པར་འགྱུར་བ། དུ་བ་ཉིད་ཐ་དད་པ་ལས་ན་སྐྱ་བོའི་ཁྱད་པར་དུ་གྱུར་པ་མ་ཡིན་ནོ། །དུ་བ་ཁྱད་པར་མ་ཡིན་ན་དུ་བའི་ཁྱད་པར་དུ་
རྟོགས་པའི་སྐྱ་བོ་གང་ཡིན་པ་ཞེས་བྱ་བའི་དོན་མ་རྟོགས་ནས་དུ་བར་རྟོགས་པའི་ཞེས་འདྲི་བར་བྱེད་དོ། །ལེན་ནི་མེའི་ཞེས་བྱ་བའོ། །དེའི་ཕྱིར་དཔེར་ན་སྐྱ་བོའི་རྫས་ལས་མེ་རྗེས་སུ་དཔག་པ་མ་ཡིན་པ་དེ་བཞིན་དུ་འབྲས་བུ་ཙམ་ལས་ཀྱང་དབང་ཕྱུག་རྗེས་སུ་མི་དཔག་སྟེ། སྐྱེས་བུས་ཁྱབ་པར་མ་
གྲུབ་པའི་ཕྱིར་རོ། །འདིར་ལན་འཐད་པར་མ་མཐོང་ནས། རྣམ་པ་འགའ་ཞིག་གི་སྒོ་ནས་དཀྲུགས་པར་བྱ་བའི་ཕྱིར་གཞན་གྱི་གལ་ཏེ་ཞེས་སྨྲས་སོ། །མྱུ་གུ་འབའ་ཞིག་དུ་མ་ཟད་དེ། དུ་བ་འདིར་ཡང་ན་རྗེས་སུ་འགྲོ་བ་སྟེ་ཡོད་པ་དང་། ལྡོག་པ་སྟེ་མེད་པ་དེ་དག་གི་རྗེས་སུ་འཇུག་པ་
ཉིད་ཇི་ལྟར་རྟོགས་པར་བྱ་སྟེ། ཁྱབ་པ་རྗེས་སུ་འགྲོ་བ་ལ་སོགས་པ་ནི་བཟུང་བར་མི་ནུས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་རྣམ་པ་ཉིད་སྟོན་པ་ནི་དུ་བ་འདི་ཞེས་བྱ་བའོ། །ལན་ནི་རྒྱུ་འབྲས་དངོས་པོར་མ་བཟུང་བར་ཞེས་བྱ་བའོ། །རྣམ་འགྲེལ་
གྱི་དོན་གསལ་བར་བྱེད་པས་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དབྱིབས་ཀྱི་ཁྱད་པར་ཅན་ཡང་ཡིན་ལ་བུམ་པ་ལ་སོགས་པའི་དཔེ་ཡང་ཡིན་ཞིང་ཐ་དད་པའི་དངོས་པོ་ཡང་ཡིན་པ་སྟེ། དེ་ལ་མཐོང་བའི་དངོས་པོའི་ཁྱད་པར་སྐྱེས་བུ་བྱིན་གྱིས་བརླབས་པའི་བྱེ་བྲག་གང་ཡིན་པ་
เล่ม ๑๘๔ · หน้า 27a
དེ་རྗེས་སུ་དཔག་པར་རིགས་པ་མ་ཡིན་ལ་ཞེས་འབྲེལ་ཏོ། །མཐོང་བ་ཞེས་བྱ་བ་ནི་རང་སྒྲུབ་པའི་སྒྲའི་དོན་ཏེ། དོན་གྱིས་འོངས་པས་ན་དཔེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་སྒྲ་མཚུངས་པ་ཐ་དད་པ་མེད་པའི་རྟགས་ལས་རྗེས་སུ་དཔག་པར་རིག་པ་
མ་ཡིན་ནོ་ཞེས་བྱ་བར་བལྟའོ། །དེ་བཞིན་དུ་ཉེ་བར་ལེན་པ་ལ་སོགས་པ་མངོན་པར་ཤེས་པ་འམ། མ་མཐོང་བའི་དབང་ཕྱུག་ཀྱང་རྗེས་སུ་དཔག་པར་མི་རིགས་སོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་ཡིན་ནོ། །གང་དུ་དཔེ་མཐོང་བ་ཡང་རྗེས་སུ་མི་དཔོག་པ་དེར་མ་མཐོང་བ་ནི་སྨོས་མི་དགོས་
སོ་སྙམ་དུ་དགོངས་པའོ། །གལ་ཏེ་ཁྱད་པར་གྱིས་ཁྱབ་པར་རྟོགས་ཀྱང་སྤྱི་ལས་རྗེས་སུ་དཔོག་ན་དེའི་ཚེ་དུ་བ་མ་ཡིན་པའི་དཀར་པོ་ལས་ཀྱང་མེ་དཔོག་པར་ཐལ་ལོ་ཞེས་བྱ་བ་འདི་ལ་ལན་སྨྲས་པ་ནི། །འོན་ཏེ་ཡང་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་གྱིས་འདོད་པ་ཉིད་གསལ་བར་བྱེད་
པ་ནི་ཐམས་ཅད་དུ་ཞེས་བྱ་བའོ། །ལན་ནི་མེད་དོ་ཞེས་བྱ་བ་སྟེ། གནོད་པ་མེད་པ་ཙམ་གྱིས་ནི་རྗེས་སུ་དཔག་པ་འཇུག་པ་མ་ཡིན་ནོ། །གལ་ཏེ་གནོད་པ་མེད་པ་ལས་རྗེས་སུ་མི་དཔོག་ན་གང་ལས་དཔོག་ཅེ་ན། དེ་ནི་འབྲེལ་པ་མཐོང་བ་ལས་ཡིན་ནོ་ཞེས་ལེའུ་དང་པོར་བརྗོད་པ་ཡིན་ནོ། །
འབྲེལ་པ་ཡང་དེའི་བདག་ཉིད་ལས་གཞན་དེ་ལས་བྱུང་བ་ཁོ་ན་ཡིན་ལ། བློ་དང་ལྡན་པ་དང་འབྲས་བུ་གཉིས་ལ་ནི་འདི་ཡོད་པ་མ་ཡིན་ནོ་ཞེས་དཔྱད་མ་ཐག་པ་ཁོ་ནའོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི་འབྲེལ་པ་ལ་མ་ལྟོས་པར་གནོད་པ་མེད་པ་ཙམ་ལས་རྗེས་སུ་དཔོག་ནའོ། །འོན་ཏེ་འདིར་གནོད་
པ་ཡོད་པ་ཁོ་ན་ཡིན་ཏེ། དེས་ན་རྫ་མཁན་རྗེས་སུ་དཔག་པར་ཅི་ལྟར་ཐལ་ཞེ་ན། གྲོག་མཁར་རྫ་མཁན་གྱིས་བྱས་པ་ལ་ནི་ཞེས་གསུངས་ཏེ། གྲོག་མཁར་རྫ་མཁན་གྱིས་བྱས་པར་རྗེས་སུ་དཔོག་པ་ལ་ནི་གནོད་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་
གྱིའོ། །གལ་ཏེ་བྱེད་པ་པོ་རྫ་མཁན་ཡིན་ན་དེའི་ཚེ་ཞེས་ཁོང་ནས་དྲངས་ཏེ། དམིགས་པ་ཉིད་དུ་འགྱུར་རོ་ཞེས་སྦྱར་རོ། །ཅི་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ། ཅི་ལྟར་མངོན་པར་འདོད་པའི་བསྒྲུབ་བྱ་རི་ལ་སོགས་པ་ལ་དབང་ཕྱུག་ཀྱང་དམིགས་སམ་ཅི། མ་དམིགས་པ་ཁོ་ནའི་ཕྱིར་བསྒྲུབ་
เล่ม ๑๘๔ · หน้า 27b
པར་བྱ་བ་ཡིན་ནོ་ཞེ་ན། རྫ་མཁན་ཡང་མི་དམིགས་པ་ཁོ་ནའོ། །དེ་ནི་གྲོག་མཁར་འགའ་ཞིག་ལ་དམིགས་པ་གནོད་དོ་ཞེས་རྩྭ་ལ་སོགས་པ་ལ་ཡང་བློ་དང་ལྡན་པ་དམིགས་པ་ལ་གནོད་པ་མེད་དམ་ཅི་མངོན་སུམ་གྱི་དབང་དུ་བྱས་པའི་ཕྱིར་རོ་ཞེས་དགོངས་པའོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ལ་
སོགས་པ་ནི་འདི་བརྗོད་པ་ཡིན་ཏེ། །རེ་ཞིག་གནོད་པ་ཡོད་དམ་མེད་ཀྱང་བླ་སྟེ། ལྷག་མ་ནི་གདོན་མི་ཟ་བར་བརྟག་པར་བྱ་དགོས་སོ། །དེས་ན་ལས་བཞིན་དུ་དབང་ཕྱུག་ཀྱང་ཅི་སྟེ་མི་རྟག་ཅེས་བྱ་བའོ། །ལན་དུ་དེ་ཅི་ཞེས་བྱའོ། །དེ་ལྟ་ན་ནི་འདི་བརྟགས་པ་ཙམ་ཏུ་འགྱུར་ན་ཚད་མའི་འཇུག་པ་
བསམ་པར་བྱ་བ་ཡང་ཡིན་ནོ་སྙམ་དུ་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །སུན་འབྱིན་པ་ནི་དེས་ན་དེ་ལས་ཀྱང་ཞེས་བྱ་བའོ། །འདི་ཉིད་ལ་སུན་འབྱིན་པ་གཞན་བརྗོད་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུ་གྲོག་མཁར་དེ་ལ་ཡང་ངོ་། །གཞན་
གྱིས་བརྟགས་པ་ཉིད་དུ་དཀའ་ན་ཞེས་སྨྲས་སོ། །དེ་ཞེས་བྱ་བ་ནི་གྲོག་མཁར་ལ་རྫ་མཁན་རྟོག་པའོ། །ལན་དུ་དབང་ཕྱུག་ལ་ཡང་མེད་དམ་ཅི་ཞེས་བྱ་བའོ། །ཕྱེད་ཕྱི་མའི་རྐང་པ་དང་པོ་འཆད་པ་ནི་འོན་ཏེ་ཞེས་བྱ་བའོ། །གཉིས་པ་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་དག་ཀྱང་
བྱས་པ་མ་ཡིན་ཏེ་ཞེས་བྱ་བ་ནི། རི་ལ་སོགས་པ་དག་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བལྟའོ། །ཅི་ཕྱེད་རྒས་པ་འཛིན་ཏམ་ཞེས་བྱ་བ་ནི་ཕྱེད་རྒས་པ་ལ་ཡོད་པའི་ནོར་ནི་ཕྱེད་རྒས་པའི་ནོར་ཏེ། ག་ཧ་ལ་སོགས་པའི་ཡིན་པའི་ཕྱིར་ཆའོ། །དཔེར་ན་འགའ་ཞིག་ཕྱེད་རྒས་པའི་ནོར་ནི་འདོད་ཀྱི་དེ་
ནི་མ་ཡིན་པ་དེ་བཞིན་དུ་ཁྱེད་ཀྱང་རྫ་མཁན་དང་། དབང་ཕྱུག་དུ་རྟོགས་པ་གནོད་པའི་དབང་གིས་རང་རྒས་པ་ལས་དབང་ཕྱུག་གི་ཆ་འདོད་པ་འདི་ནི་མི་འཐད་དོ། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་མི་མཛེས་པར་རོ། །འཆད་པ་ནི་ཅི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པའོ། །དེས་ན་འདི་ཡང་
བརྟགས་པ་ཙམ་ཁོ་ནའོ། །དེའི་ཕྱིར་བུམ་པ་ལ་སོགས་པའི་དབྱིབས་སྐྱེས་བུ་མེད་ན་མི་འབྱུང་བར་དམིགས་པ་ཅི་འདྲ་དེ་འདྲ་བ་ནི་རི་དང་རྒྱ་མཚོ་ལ་སོགས་པ་ལ་མ་ཡིན་པའི་ཕྱིར་དེ་ལ་སྐྱེས་བུས་བྱས་པ་ཉིད་རྗེས་སུ་དཔོག་པ་མ་ཡིན་ནོ། །གལ་ཏེ་དེ་བཞིན་དུ་སྒྲ་ལ་བྱས་པ་ལས་མི་རྟག་པ་ཉིད་
เล่ม ๑๘๔ · หน้า 28a
ཀྱང་རྗེས་སུ་དཔག་པར་མི་བྱ་སྟེ། དེར་ཡང་བུམ་པ་ལ་གནས་པའི་བྱས་པ་ཉིད་སྒྲ་ལ་ཡོད་པའམ། སྒྲ་ལ་ཡོད་པ་ཉིད་བུམ་པ་ལ་ཡོད་པ་ནི་མ་ཡིན་ནོ། །སྒྲ་ལ་བྱས་པ་ཉིད་ཀྱི་ཕྱིར་དེ་ལྟ་མི་རྟག་པ་ཉིད་མི་འདོད་པ་ཡང་མ་ཡིན་ནོ། །དེས་ན་འདི་ནི་
ལྟག་ཆོད་ཡིན་ཏེ། ཆོས་ཐ་དད་པ་རྣམ་པར་རྟོག་པའི་ཕྱིར་རོ། །དེ་སྐད་དུ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་རང་གི་གཞུང་དུ་འབྲས་མཚུངས་ཀྱི་མཚན་ཉིད་འདི་ཉིད། འབྲས་ཉིད་གཞན་གྱི་ཆ་ཡིས་ནི། །ཞེས་བྱ་བ་ལ་སོགས་པས་གསུངས་སོ་ཞེས་བྱ་བའི་དོགས་པ་འདི་བསྡུས་ནས་
རྣམ་འགྲེལ་ལས། བསྒྲུབ་བྱས་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །རེ་ཞིག་གང་གི་ཚེ་མངོན་སུམ་ལ་ལྟོས་ནས་ཁྱད་པར་ཅན་གྱི་རིགས་དང་འབྲེལ་བའི་འབྲེལ་པར་རྟོགས་པར་བྱེད་པ་དེའི་ཚེ་འདི་རིགས་པ་ཡིན་ནོ། །གང་གིས་བཟློག་ན་གནོད་པ་ཅན་གྱི་རྗེས་སུ་དཔོག་པའི་
སྟོབས་ཀྱི་འབྲས་བུ་བྱས་པ་ཉིད་ལ་བསྒྲུབ་བྱ་མི་རྟག་པ་ཉིད་ཀྱི་སྤྱིས་རྗེས་སུ་འགྲོ་བའི་ཕྱིར། སྤྱིར་བསྒྲུབ་བྱར་བྱེད་པ་ལ་གང་ཞིག་འབྲེལ་པ་ཅན་ཐ་དད་པས་ཐ་དད་པའི་སྐྱོན་བརྗོད་པ་དེའི་ཚེ་ན་ཁོ་བོ་ཅག་གི་ལུགས་ཀྱིས་དེ་འབྲས་མཚུངས་སུ་འདོད་དོ། །འདིར་དབྱིབས་ཙམ་ལ་སྐྱེས་བུས་བྱས་པས་སྒྲུབ་
པའི་རྗེས་སུ་དཔག་པ་ནི་འགའ་ཡང་མེད་དེ། །མངོན་སུམ་ཡང་མེ་ལས་དུ་བ་སྐྱེ་བར་མཐོང་བ་ལྟར་རིགས་ཀྱི་ཁྱད་པར་གྱི་ཡུལ་ཅན་ཁོ་ན་རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་པར་བྱེད་པ་ཡིན་ནོ། །དེས་ན་འདིར་ཡང་གལ་ཏེ་རིགས་ཀྱི་ཁྱད་པར་ལ་བརྟེན་པ་སྐྱོན་མ་ཡིན་ན་དེའི་ཚེ་གང་དུ་
ཡང་མ་ཡིན་པའི་ཕྱིར་ཐམས་ཅད་ལས་ཐམས་ཅད་བརྟགས་པར་ཐལ་ལོ། །རིགས་ཀྱི་ཁྱད་པར་ལ་བརྟེན་ན་ཡང་། ཁྱབ་པའི་རིགས་ཀྱི་ཁྱད་པར་ཉིད་ལས་རྗེས་སུ་དཔོག་པ་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བར་འགྱུར་རོ། །དེའི་ཕྱིར་ཁྱབ་པ་སྤྱིར་གྲུབ་པ་ལ་
ནི་འདི་འདྲ་བ་ལྟག་ཆོད་ཁོ་ན་སྟེ། མིང་ནི་ཅིར་ཡང་གདགས་ལ་རག་གོ། །ཁྱད་པར་གྱི་ཁྱབ་པ་མ་གྲུབ་ན་ནི་ལན་ཉིད་དོ་ཞེས་གནས་སོ། །གལ་ཏེ་ཡང་རྣམ་འགྲེལ་ལ་འཇུག་པའི་ཚུལ་འདི་ཉིད་བཤད་པ་བྱེད་པས་ཀྱང་བཞེད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྐང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด