ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๔ · หน้า 56a

རྣམ་པར་རྟོག་པ་ཅན་ཞེས་བྱ་བའི་དོན་ཏོ། །མིག་ལ་སོགས་པའི་རང་བཞིན་དུ་གྱུར་པའི་འབྱུང་བ་ལ་བརྟེན་པའི་ནི་མ་ཡིན་ཏེ། དེ་ལ་བརྟེན་ནས་འཁོར་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །རྣམ་འགྲེལ་དུ་ཡང་ཡིད་ནི་དབང་པོ་དང་བཅས་པའི་ལུས་ཀྱི་རྣམ་

པའི་འབྱུང་བ་ལ་བརྟེན་པའི་མ་ཡིན་གྱི། འབྱུང་བ་རྣམས་ཉིད་ནི་དེ་ལ་བརྟེན་པ་དང་དེས་ན་འཁོར་བ་ཡིན་པར་བཤད་དོ། །འཇུག་པ་དང་པོ་ལ་ནི་སྦྱར་བ་སླ་བ་ཁོ་ནའོ། །གལ་ཏེ་བདེ་བར་གནས་པའི་གནས་སྐབས་དག་ཏུ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ལས་ཡིད་བདེ་བ་ལ་

སོགས་པའི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར། ཅི་ལྟར་འབྱུང་བ་ལ་བརྟེན་པའི་མ་ཡིན་ཏེ། དེ་འགྱུར་ན་འགྱུར་བའི་ཕྱིར་རོ་སྙམ་ན། དེ་བཞིན་དུ་ཞེས་གསུངས་ཏེ། ཚུལ་དེ་ལྟ་བུ་ཉིད་དུའོ། །ཇི་ལྟ་ཞེ་ན། བཤད་པ་གང་ཞིག་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་འགྱུར་བར་བྱ་བ་

དབང་པོ་ལྔའི་ཚོགས་ཀྱི་རང་བཞིན་དུ་གྱུར་པ་ལུས་དེ་ལ་བརྟེན་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། ཁྱེད་ཀྱི་ལུགས་གང་ཞིག་ཡིད་ཀྱི་རྣམ་པར་ཤེས་པའི་འབྲས་བུས་བསྟན་པ་དེ་ཡང་རྒྱུད་ནས་ཡིད་ཀྱི་རྣམ་པར་ཤེས་པའི་འབྲས་བུ་ཡིན་པའི་ཕྱིར་བཤད་ཟིན་པའི་ཚུལ་གྱིས་དེ་

ལ་རྟོགས་པ་བསྒྲུབ་པ་ཡིན་ནོ། །དེས་ན་རྒྱུད་པ་ཆོལ་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཤེས་པ་སྔ་མ་ཉིད་ལ་བརྟེན་ནས་འཇུག་པ་ཡིན་ནོ། །འོན་ཏེ་དེའང་ལུས་ལ་བརྟེན་པར་བརྗོད་ན། ལུས་ཀྱང་དེ་བཞིན་དུ་སེམས་ལ་བརྟེན་པས་ན་མཐའ་ཐུག་པ་མེད་དོ། །ཡིད་ཀྱི་རྣམ་པར་

ཤེས་པ་དེ་ཉིད་ལས་སོ། །གཞན་དུ་ཞེས་བྱ་བ་ནི་སོ་མ་བཏང་བའི་གནས་སྐབས་ནའོ། །གཞན་དུ་མཐོང་བ་དེས་ན་མེ་དེ་ཉིད་ལས་མ་ཡིན་ནོ། །དབང་པོ་ནི་ཡིད་ཀྱི་རྣམ་པར་ཤེས་པས་བྱས་པའི་རྣམ་པར་འགྱུར་བ་ལས་གཞན་དུ་མ་མཐོང་ངོ་། །དེས་ན་མིག་ལ་སོགས་པ་ནི་ཡིད་ཀྱི་

རྣམ་པར་ཤེས་པ་ཁོ་ན་ལས་ཡིན་ནོ། །འདི་ཉིད་གསལ་བར་བྱེད་པ་ནི་དབང་པོ་ལ་སོགས་པ་ཐམས་ཅད་ནི་ཞེས་བྱ་བའོ། །དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ཁོ་ནའོ་སྙམ་དུ་དགོངས་པའོ། །དུ་བ་དེ་མེ་དེ་ཉིད་ལས་སོ། །མངོན་སུམ་ཚད་མ་འགའ་ཡང་མེད། །ཅེས་

เล่ม ๑๘๔ · หน้า 56b

པ་ནི་དེ་ཁོ་ནར་ཏེ། ཡུལ་དང་དུས་གཞན་ལས་མངོན་སུམ་མི་འཇུག་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི་དཔེར་ན་དུ་བ་མེ་སྔོན་དུ་འགྲོ་བ་ཅན་དུ་རྟོགས་པ་དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་རྟོག་པ་ཡིན་ནོ་ཞེས་མཇུག་བསྡུ་བའི་སྒོ་ནས་བསྟོད་

པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དཔེར་ན་ཡོངས་སུ་མཐོང་བ་དེ་དུ་བ་གཞན་དུ་གཅིག་ཏུ་བྱེད་པའི་ངོ་ཤེས་པ་སྟེ། ཐམས་ཅད་གཅིག་ཏུ་ལྷག་པར་ཞེན་པ་ལས་ཞེས་བྱ་བའི་དོན་ཏོ། །དང་པོའི་སྐྱེ་བ་ནི་བྱིས་པའི་གནས་སྐབས་ཀྱི་ལུས་སོ། །དེར་འབྱུང་བའི་ངང་ཚུལ་མིག་ལ་སོགས་

པ་རྣམས་ནི་ཡིད་ཀྱི་འགྱུར་བ་ཡིན་པར་རྟོགས་པ་ཡིན་ནོ། །མིག་ལ་སོགས་པ་ངོ་ཤེས་པ་དེ་དག་ནི་ཞེས་འབྲེལ་ཏོ། །ཅི་ལྟར་ངོ་ཤེས་པ་དག་ཅེ་ན། གཡེར་བག་ལ་སོགས་པ་དང་ལྡན་པའི་ཡིད་དང་རྗེས་སུ་མཐུན་པར་རྣམ་པར་འགྱུར་བ་ཉིད་དུ་ཞེས་གསུངས་སོ། །དབང་པོ་དེ་དག་

ནི་དེ་ལྟ་བུ་ཉིད་དེ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་འགྱུར་བ་ཉིད་དུའོ། །དེའི་འབྲས་བུ་ནི་མེའི་འབྲས་བུ་སྟེ། དུ་བ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཡིད་ཀྱི་རྣམ་པར་འགྱུར་བ་ཉིད་དུ་མཐོང་བ་འཁྲུལ་པ་མེད་པ་དེའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ལས་

ཡིན་ནོ། །བུ་ལ་སོགས་པའི་དབང་པོ་དེར་ཏེ་དེ་ལ་བརྟེན་པར་རོ། །འོན་ཏེ་བུ་ལ་སོགས་པའི་མིག་མེད་པར་གྱུར་ཀྱང་གདོན་མི་ཟ་བར་ཡིད་འགྱུར་བ་མ་ཡིན་པའི་ཕྱིར། དེ་ལ་བརྟེན་པ་མ་ཡིན་ནོ་སྙམ་ན། ངེས་པ་གཉི་ག་ལ་ཡང་མེད། །ཅེས་གསུངས་སོ། །

འདི་ཉིད་འཆད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །མིག་ལ་སོགས་པ་དེ་ཡང་ཡིད་ཀྱི་རྟེན་མ་ཡིན་ནོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལྟ་ཡིན་མོད་ཅི་སྐྱོན་ཞེ་ན། མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ཅར་ཡང་ཞེས་གསུངས་སོ། །རྟེན་འགའ་ཞིག་དང་བར་

འགྱུར་དགོས་སོ་ཞེས་བྱ་བ་ནི་ཐམས་ཅད་རྟེན་དང་བཅས་པ་མཐོང་བའི་ཕྱིར་རོ། གདོན་མི་ཟ་བར་ཞེས་བྱ་བ་ནི་ལྕི་བ་ཉིད་མེད་པའི་ཕྱིར་རྟེན་གྱིས་ཅི་བྱ་སྙམ་དུ་དགོངས་པའོ། །འོན་ཏེ་མངོན་པར་ཞེན་ན་ཞེས་བྱ་བ་འཆེལ་ནའོ། །དེ་ཡང་ཞེས་བྱ་བ་ནི་དེ་ལྟ་ན་ཡང་ངོ་། །ཁ་ཅིག་ལས་

เล่ม ๑๘๔ · หน้า 57a

ནི་དེའི་ཚེ་ཡང་ཞེས་འདོན་ཏོ། །དེའི་ཕྱིར་ཞེས་བྱ་བ་གང་གི་ཕྱིར་ཁྱེད་ཀྱི་ལུགས་ཀྱིས་ཐམས་ཅད་རྟེན་དང་བཅས་པ་ཁོ་ན་ཡིན་པའི་ཕྱིར་རོ། །བློ་གནས་པ་གང་ཡིན་པ་དེའི་རྟེན་ཁྱད་པར་ངེས་པར་མ་བཟུང་བ་ལས་ཀྱི་རང་བཞིན་འགའ་གང་ཡིན་པ་དེ་དབང་པོ་རྣམས་ཀྱི་རྒྱུ་

མཚན་ཡིན་གྱི་ཐམས་ཅད་ནི་མ་ཡིན་ཏེ། གཟུགས་མེད་པའི་ཁམས་ན་དབང་པོ་རྣམས་མེད་པའི་ཕྱིར་རོ། །ལས་ཀྱི་རང་བཞིན་དེ་ཡང་བློ་ཉིད་ལ་བརྟེན་པ་ཡིན་གྱི་དབང་པོ་ལ་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་བློ་ལས་དབང་པོ་ཡིན་གྱི་དབང་པོ་དག་ལས་ནི་བློ་མ་ཡིན་ནོ། །

འདི་ག་ལས་ཤེ་ན། སེམས་པའི་ལས་དང་ཞེས་ཡིད་དང་དེས་བསྐྱེད་པ་ལུས་དང་ངག་གི་ལས་སོ་ཞེས་བསྟན་ཏོ། །དེ་དག་ནི་སེམས་པ་སྔོན་དུ་འགྲོ་བའི་ཕྱིར་རོ། །ཡང་ཇི་ལྟར་ཚིག་འདི་ལས་དབང་པོ་ལ་བརྟེན་པ་མ་ཡིན་པ་ཉིད་དུ་འགྱུར་ཞེ་ན། སེམས་པ་ནི་ཞེས་གསུངས་སོ། །དེ་ལྟ་ན་ཡང་

ཇི་ལྟར་ཞེ་ན། དེ་ཡང་ཞེས་བྱ་བའོ། །འདི་དང་འདི་ཡོད་པའམ་བྱའོ་ཞེས་བློ་རྣམ་པར་འགྱུར་པ་ནི་སྔ་མ་དང་མཚམས་སྦྱོར་བ་ནི་རང་བཞིན་ཅན་ནོ། །བློ་ཉིད་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། དེའི་ཆོས་དང་ལྡན་པའི་ཕྱིར་རོ། །ལུས་ལ་བརྟེན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དབང་པོ་དང་བཅས་པའི་

ལུས་ལ་བརྟེན་པ་འགོག་པ་སྟེ། འོན་ཀྱང་དབང་པོ་དག་ནི་སེམས་ལ་བརྟེན་པའི་བློ་ལ་བརྟེན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་གཟུགས་མེད་པའི་ཁམས་ན་སེམས་ཡོད་པའི་ཕྱིར་དབང་པོ་སྐྱེ་བར་ཐལ་བར་འགྱུར་རོ་སྙམ་ན། དེ་ཡང་འགའ་ཞིག་ཉིད་ཅེས་གསུངས་སོ། །

ལུས་དེ་ལ་མངོན་པར་དགའ་བ་ནི་དགའ་བ་ཉིད་དོ། །དེའི་ཕྱིར་བློ་དང་དབང་པོ་ལ་སོགས་པ་ལ་ནི་ཡིད་ཉིད་རྒྱུ་ཡིན་པས་སོ། །དེས་ད་ལྟ་བའི་ཡིད་རྣམ་པར་རྟོག་པའི་རང་བཞིན་ཅན་གྱིས་སྔ་མ་སྔ་མའི་སྐྱེ་བ་འཕངས་པ་ཡིན་ནོ། །དེ་སྐད་བཤད་པ་ན་སྔ་མ་བཞིན་དུ་སྐྱེ་བ་ཕྱི་མར་ཅི་ལྟར་འགྱུར་

སྙམ་དུ་དོགས་པ་ནི་གལ་ཏེ་ངའོ་ཞེས་བྱ་བའོ། །ངའོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ང་ཡིར་འཛིན་པ་ལ་སོགས་པ་ཡང་བདག་ཏུ་རྟོག་པའི་རྣམ་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་བདག་ཏུ་འཛིན་པས་ཟིན་པ་དེའི་དྲུང་ནས་ད་ལྟ་བའི་སྐྱེ་བ་ཡིན་ནོ། །གཏན་ཚིགས་དེས་འདི་ལས་

เล่ม ๑๘๔ · หน้า 57b

སྔ་མ་དེ་དཔག་པར་བྱ་བ་ཡིན་ནོ། །འདིས་ནི་བདག་ཏུ་འཛིན་པས་ཟིན་པ་ནི་སྐྱེ་བ་གཞན་ཡོངས་སུ་འཛིན་པ་དེའི་གཙོ་བོའི་རྒྱུ་ཡིན་པར་བརྗོད་དོ། །ཡིད་ནི་ཞེས་བྱ་བ་ནི་རྩོད་པ་གཉིས་པ་སྟེ། ལུས་དང་སེམས་དག་ནི་ཕན་ཚུན་རྗེས་སུ་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ་ཞེ་ན། གོ་

རིམས་བཞིན་དུ་རྣམ་འགྲེལ་གྱི་བྱེད་པ་པོ་གཉིས་ཀྱིས་ལན་འདེབས་སོ། །གཞན་དུ་འགྱུར་བ་ཞེས་བྱ་བ་རྣམ་པ་གཞན་དུ་འགྱུར་བར་རོ། །དོན་འདི་ཉིད་སྦྱོར་བའི་རྒྱས་འདེབས་པ་ནི་གང་ཞིག་ཅེས་པ་ལ་སོགས་པའོ། །ཐ་མའི་གནས་སྐབས་ཀྱི་སེམས་ཀྱང་བྱེད་པའི་རང་བཞིན་དང་ཁྱད་པར་

མེད་པའི་རང་བཞིན་ཡིན་ནོ་ཞེས་ཕྱོགས་ཀྱི་ཆོས་བསྡུ་བ་རྟོགས་པར་བྱའོ། །མ་ངེས་པ་ཉིད་ནི་དེ་མ་ཡིན་ན་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ན་འགལ་བའི་ཉེས་པ་ཡང་མེད་དོ། །མ་གྲུབ་པའི་ཉེས་པ་སྤོང་བ་ནི་མདུན་ན་འཆད་པར་འགྱུར་རོ། །འདི་ལ་ལན་ནི་ཞེས་བྱ་བ་ནི་ཕྱེད་ཕྱི་མ་འཆད་པའི་

མིག་ལ་སོགས་པ་ལྟར་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །ངར་འཛིན་པ་ཉིད་འདིའི་མཚན་ཉིད་ཡིན་པས་ན་དེ་སྐད་ཅེས་བྱ་བའོ། །འདི་ནི་འཁོར་བའི་སྐབས་ཀྱིས་བརྗོད་པ་ཡིན་གྱི། རྣམ་པར་བཅད་པའི་དོན་དུ་ནི་མ་ཡིན་ཏེ། དབང་པོ་ལ་བརྟེན་པའི་རྣམ་པར་རྟོག་པ་ནི་འགའ་

ཡང་མེད་པའི་ཕྱིར་རོ། །དབང་པོ་དང་བྲལ་བ་གཟུགས་མེད་པའི་ཁམས་ན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡོད་པའི་ཕྱིར་དང་། གཟུགས་མེད་པ་དེ་ཡང་སྲིད་པར་ལུང་ལས་སྟོན་པའི་ཕྱིར་ཏེ། མཐའ་གསུམ་ཡོངས་སུ་དག་པའི་ལུང་ནི་བླང་བར་བྱ་བ་ཉིད་དུ་གྲུབ་པའི་ཕྱིར་རོ། །

ཡང་ན་གཟུགས་མེད་པའི་ཁམས་སྲིད་པར་རྗེས་སུ་དཔག་པས་བསྟན་པའི་ཕྱིར་རོ། །གང་དང་གང་གོམས་པར་བྱ་བ་དེ་ནི་གསལ་བར་འགྱུར་ཏེ། འདོད་མའི་རྣམ་པ་བཞིན་ནོ། །ལུས་ཀྱི་རྣམ་པ་དང་བྲལ་བ་བཏང་སྙོམས་ཙམ་གྱི་སེམས་ཀྱང་གཟུགས་ཀྱི་འདོད་ཆགས་ཞི་བར་འདོད་པས་

གོམས་པར་བྱ་བ་ཡིན་ནོ། །དེ་ལ་དེ་དག་ཐབས་མ་ཡིན་པའི་སེམས་ཀྱིས་མངོན་པར་མི་སྦྱོར་བ་ཡང་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་སྤྱོད་པ་མེད་པས་ན་ཐམས་ཅད་ཀྱི་བློ་ཉིད་ཀྱིས་འཛིན་པའི་ཕྱིར་རོ། །ཐབས་མ་ཡིན་པའི་ཡང་མ་ཡིན་ཏེ། གལ་ཏེ་འཁོར་བའི་སྡུག་བསྔལ་གཏན་འཆད་པ་མ་

เล่ม ๑๘๔ · หน้า 58a

ཡིན་པ་དེ་ལྟ་ན་ཡང་ཡུན་རིང་པོར་དེ་ཀུན་དུ་སྤྱོད་པ་མེད་པའི་ཕྱིར་དེ་ཙམ་ཉིད་ཀྱིས་དོན་ཆེན་པོ་ཡིན་ནོ། །དེ་ལྟ་ན་ཡང་སེམས་མ་རངས་ན་ཡང་ཞེས་གསུངས་སོ། །དུས་མཚུངས་པ་དག་ཅི་སྐད་ཕན་ཚུན་རྒྱུ་ཡིན་སྙམ་ན། གཉི་ག་ཕན་ཚུན་ཞེས་གསུངས་

སོ། །ཕན་ཚུན་ཕན་འདོགས་པ་ཉིད་བརྗོད་པ་ནི། ཕན་ཚུན་གྱི་རྒྱུ་ཅན་དག་གི་ཚོགས་པ་ནི་ཕུང་པོའི་ཚོགས་པ་གཞན་ལས་ཞེས་བྱ་བ་ནི་སྔ་མ་ལས་སོ། །སྔ་མས་བསྐྱེད་པའི་ཚོགས་པ་དེས་ཀྱང་ངོ་། །དོན་འདི་ཡིན་ཏེ། ད་ལྟ་བས་སྔ་མའི་ལུས་དང་ཡིད་གང་ཡིན་པ་དེ་ནི་ཕན་ཚུན་གྱི་རྒྱུ་ཅན་

ཡིན་ཏེ། དེའི་ཚོགས་ལས་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་དེའི་སྔ་མ་འཕངས་པ་ན་ཡང་དེའི་སྔ་མ་འཕེན་པའི་ཕྱིར་ཐོག་མ་མེད་པ་ཁོ་ནའོ། །ད་ལྟ་བ་ལས་ཕྱི་མ་ལུས་དང་ཡིད་གང་ཡིན་པ་དེའི་ཕན་ཚུན་གྱི་རྒྱུ་ཅན་ཉིད་ཀྱང་ཚོགས་པ་ལས་སྐྱེས་པ་ཉིད་ལས་ཡིན་ནོ། །དེ་བཞིན་དེར་ཕྱི་མ་ཕྱི་མ་

འཕེན་པས་མཐའ་མེད་པ་ཁོ་ནའོ། །དབུས་ཀྱི་གནས་སྐབས་བཞིན་དུ་ཞེས་བྱ་བ་ནི། གང་ལ་ལྟོས་པས་སྔ་ཕྱི་བསམ་པ་བྱས་པ་སྟེ། ཅི་ལྟར་དེ་ཕན་ཚུན་གྱི་རྒྱུ་ཅན་ཡིན་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་ཙམ་ལ་བརྟེན་པ་དགག་པ་ལ་འཐད་པ་གཞན་བརྗོད་པ་ནི་གལ་ཏེ་ལུས་ཉིད་

ཅེས་བྱ་བའོ། །དེ་ནི་ལུས་ཀྱི་རྟེན་མ་ཡིན་ནོ་ཞེས་འབྲེལ་ཏོ། །དུས་ཀྱི་དབྱེ་བས་རང་བཞིན་ཐ་དད་པ་བཞིན་དང་གཞན་དུ་གྱུར་པ་ནི་རིམ་པའོ། །འདི་ལ་འབྲས་བུའི་རིམ་པ་ལ་ནི་རྒྱུའི་རིམ་པས་ཁྱབ་པ་སྟེ། དེ་ལྟ་མ་ཡིན་ན་འབྲས་བུ་མཐའ་དག་ཅིག་ཅར་བྱེད་པར་ཐལ་བར་འགྱུར་ཏེ། ཁྱད་

པར་དུ་བྱར་མེད་པ་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པར་མི་འཐད་པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི་དེ་ལ་རེ་ཞིག་ཅེས་བྱ་བའོ། །འདིས་ནི་ཁྱབ་པ་བརྗོད་དོ། །ཕྱོགས་ཀྱི་ཆོས་ཉིད་བརྗོད་པ་ནི། །ལུས་ལས་རིམ་གྱིས་བློ་འགྱུར་ན། །ཞེས་བྱ་བའོ། །དོན་འདི་ཡིན་ཏེ་གང་རིམ་པ་ཅན་དེ་ནི་རྒྱུ་རིམ་

པ་ཅན་གྱིས་བསྐྱེད་པ་ཡིན་ཏེ། དཔེར་ན་རིམ་ཅན་གྱི་འབྲས་བུ་གཞན་བཞིན་ནོ། །ཡིད་ཀྱི་བློ་ཡང་རིམ་གྱིས་འབྱུང་བ་ཡིན་ནོ་ཞེས་བྱ་བའོ། །འདི་ལུས་ལས་འབྱུང་བར་ཁས་ལེན་ན་ངེས་པར་ལུས་ཀྱི་རིམ་པ་གསལ་བར་བྱེད་ཅིང་རྗོད་པར་བྱེད་དེ་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །གཏན་ཚིགས་

เล่ม ๑๘๔ · หน้า 58b

མ་གྲུབ་པ་ཉིད་སྤོང་བ་ནི་ཡིད་ཀྱི་བློ་འདི་ནི་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཏེ་གང་རིམ་ཅན་མ་ཡིན་ནའོ། །སྐྱེ་བ་རིལ་ཞེས་བྱ་བ་ནི་འཇིག་པའི་མཐར་ཐུག་པ་སྟེ། སྐྱེ་བ་གཞན་ལ་ནི་རྩོད་པ་ཡོད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ལ་བརྗོད་པ་ནི་གནས་སྐབས་མི་འཛིན་

ཞེས་བྱ་བའོ། །ཅིའི་ཕྱིར་གནས་སྐབས་ཅན་མ་རྟོགས་ཤེ་ན། ཁྱབ་བྱ་གནས་སྐབས་རྣམས་གཟུང་བ་མེད་པར་གནས་སྐབས་ཅན་གཞན་ཁྱབ་བྱེད་དུ་མི་རྟོགས་པའི་ཕྱིར་རོ། །དེའི་གནས་སྐབས་ཁྱབ་པར་བྱེད་པའི་རང་བཞིན་དེ་བཞིན་དུའོ། །དེས་ན་འདི་རྟོགས་ཀྱང་རང་དབང་དུ་རྟོགས་

པར་འགྱུར་རོ། །དེ་ལྟ་ན་ཡང་འདི་གནས་སྐབས་ཅན་ཉིད་དུ་རྟོགས་སོ་ཞེ་ན། དེའི་ཞེས་གསུངས་ཏེ། ཁྱབ་བྱེད་ཀྱི་རང་བཞིན་དུའོ། །དེ་ལྟར་ཞེས་བྱ་བ་ཁྱབ་བྱེད་དུའོ། །དེ་ཉིད་ནི་ཁྱབ་བྱེད་དོ། །གཞན་ཉིད་ནི་ཁྱབ་བྱེད་མ་ཡིན་པ་ཉིད་དོ། །སྤྱིར་བརྗོད་ན་ཁྱད་པར་ལ་སྦྱོར་བ་ནི་གལ་ཏེ་འདི་

ཞེས་བྱ་བ་སྟེ། གནས་སྐབས་ཅན་འདིའོ། །དེ་ལས་རང་བཞིན་གཞན་ནི་ཁྱབ་བྱེད་ཉིད་ལས་རང་བཞིན་གཞན་དུའོ། །ཁྱབ་བྱེད་ཉིད་དུ་མ་རྟོགས་པ་དེས་ན་གནས་སྐབས་ཅན་དེ་ལའོ། །དེའི་ཕྱིར་ན་དུས་གཞན་དང་ལྡན་པའི་རྟོག་པ་གཞན་སྐྱེ་བ་ཡིན་གྱི། གནས་སྐབས་ཅན་

ནི་དམིགས་པའི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་གྲུབ་པ་སྤངས་ནས་མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་མ་གྲུབ་པ་མ་ཡིན་པ་དེའི་ཕྱིར་དངོས་པོའི་རང་བཞིན་གང་ཞིག་རིམ་པ་དང་ལྡན་པ་དེ་རིམ་པ་མ་ཡིན་པ་ལས་འབྱུང་བ་མ་ཡིན་ནོ། །དེས་

ན་གང་ཞིག་རིམ་པ་དང་ལྡན་པ་དེ་ནི་རིམ་པ་དང་ལྡན་པ་ཁོ་ན་ལས་སྐྱེ་བ་ཡིན་ནོ་ཞེས་ཁྱབ་པ་ཡིན་ནོ། །དེ་མི་བཟོད་ནས་གལ་ཏེ་ཞེས་སྨྲས་སོ། །ཐ་མི་དད་པ་ཉིད་རིགས་གཅིག་པ་ཉིད་དོ། །མི་འདྲ་བ་ནི་རིགས་མི་གཅིག་པ་སྟེ། མེ་དང་དུ་བ་བཞིན་ནོ་སྙམ་དུ་དགོངས་པའོ། །གྲུབ་པའི་མཐའི་

དོན་ནི་འདི་ཡིན་ཏེ། མི་འདྲ་བའི་ཕྱིར་རིམ་པ་མ་ཡིན་པ་ལས་འབྲས་བུ་རིམ་ཅན་སྐྱེ་བ་མ་ཡིན་ནོ་ཞེས་ནི་མི་བརྗོད་ཀྱི་འོན་ཀྱང་རིགས་པའི་སྟོབས་ཀྱིས་ཡིན་ནོ་ཞེས་བྱ་བའོ། །དེའི་ཚེ་ཉིད་ནི་སྐད་ཅིག་དང་པོ་ཉིད་དོ། །དེའི་ཚེ་ཞེས་བྱ་བ་སྐད་ཅིག་མ་དང་པོའི་ཚེའོ། །ཡོངས་སུ་རྫོགས་པ་ནི་དོན་བྱ་

เล่ม ๑๘๔ · หน้า 59a

བ་མཐའ་དག་བྱས་པའི་ཕྱིར་རོ། །གཞན་གྱི་ཚེ་ནི་ཞེས་བྱ་བ་ནི་སྐད་ཅིག་གཉིས་པའི་ཚེའོ། །དེ་ལྟ་ན་ཡང་འབྲས་བུ་གཞན་གྱི་ཚེ་ཅི་སྟེ་མ་ཡིན་སྙམ་ན། གལ་ཏེ་ཞེས་གསུངས་སོ། །འབྲས་བུའི་དུས་ཞེས་བྱ་བ་ནི་འབྲས་བུ་ལ་ཕན་འདོགས་པའི་དུས་དེ་སྐད་ཅིག་གང་

གི་མོད་ལ་འབྲས་བུ་སྐྱེ་བར་འགྱུར་བའོ། །དེའི་ཚེ་ཞེས་བྱ་བ་ནི་དེའི་དུས་འཛིན་པའོ། །གལ་ཏེ་རོལ་གྱི་ནང་དུ་གྱུར་པས་ཀྱང་བྱེད་པའི་ཕྱིར་རྒྱུ་དམིགས་པ་མ་ངེས་པ་མ་ཡིན་ནམ་ཞེ་ན། བསམ་པ་འདི་ཡིན་ཏེ། གང་གིས་དེའི་རྗེས་སུ་འབྲངས་པས་མ་མཐོང་བ་ཡང་དེ་ལྟར་གཞག་པར་འགྱུར་བ།

རྒྱུ་དང་འབྲས་བུ་དག་གདོན་མི་ཟ་བ་ཁོ་ནར་ལ་ལར་དམིགས་པ་དང་གང་དུ་མཐོང་བ་དེར་ནི་དུས་དང་རྗེས་སུ་མཐུན་པ་ཉིད་ཡིན་ནོ། །དེར་རྟོགས་པ་ལྷུར་བྱས་པ་བརྗོད་པ་ནི་གལ་ཏེ་རྟོགས་ན་ནི་ཞེས་བྱ་བའོ། །མཐུན་པའི་དུས་ལྷུར་བྱས་པ་བརྗོད་པ་ནི། དེས་ན་ཞིག་པའི་འོག་ཏུ་ཞེས་བྱ་བའོ། །

འོན་ཏེ་ཞེས་བྱ་བ་ནི་ཕྱོགས་གཞན་ནོ། །འོན་ཏེ་རྒྱུ་རིམ་གྱིས་རྟོགས་པར་འདོད་པ་དེས་ན། འབྲས་བུའི་དུས་གཞན་དང་གཞན་དུ་རྗེས་སུ་འགྲོ་བའི་ཕྱིར་བརྗོད་པའི་ཕྱིར་སྐྱོན་མེད་དོ་སྙམ་ན། ལན་དུ་དེ་ལྟ་ན་ཞེས་བྱ་བའོ། །དེའི་ཚེ་ཡང་འབྲས་བུ་རིམ་གྱི་རྒྱུ་རང་བཞིན་ཕན་ཚུན་རྗེས་སུ་མི་འཇུག་

པར་རྟོགས་པ་ནི་རིམ་པ་དང་ལྡན་པ་ཉིད་དུ་རྟོགས་པ་ཡིན་པས་རིམ་པ་མེད་པ་མ་ཡིན་ནོ། །དེས་ན་རིམ་མེད་པའི་རྒྱུ་ལས་འབྲས་བུ་རིམ་ཅན་ལྡོག་པས་ན་རྒྱུ་རིམ་ཅན་ལ་གནས་པས་ན་དེས་ཁྱབ་པ་ཡིན་པའི་ཕྱིར་འབྲེལ་པ་གྲུབ་པས་ན་མ་ངེས་པ་མ་ཡིན་ནོ། །སྔར་བརྗོད་པའི་ཕྱོགས་ཁས་མ་བླངས་ཀྱང་

མ་ངེས་པའི་སྐྱོན་མེད་དོ་ཞེས་བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བའོ། །རིམ་མ་ཡིན་པའི་རྒྱུ་ལས་སོ། །དེའི་རང་བཞིན་ནི་རིམ་མ་ཡིན་པའི་རང་བཞིན་ནོ། །འོ་ན་ཅི་སྐད་བརྗོད་ཅེ་ན། འོན་ཀྱང་ཞེས་གསུངས་སོ། །ཅིའི་ཕྱིར་དེ་སྐད་མི་བརྗོད་ཅེ་ན། འབྲས་བུ་རྒྱུ་དང་ཞེས་བྱ་བའོ། །ཅིའི་ཕྱིར་ཞེས་

རྒྱུ་དང་འབྲས་བུ་ཉིད་ནི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ལའོ། །འབྲས་བུས་ནི་རྒྱུ་ལ་གནས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱ་བ་ཡིན་པའི་ཕྱིར་གཉི་ག་ལ་ཡོད་པ་ཡིན་ནོ། །སྤྱིར་བརྗོད་པའི་དོན་སྐབས་ལ་སྦྱོར་བ་ནི་གང་ཡང་ཞེས་བྱ་བ་སྟེ་འབྲས་བུའོ། །དེ་ལྟ་བུ་

เล่ม ๑๘๔ · หน้า 59b

ཉིད་ནི་རིམ་མ་ཡིན་པས་སོ། །དེ་ནི་ཞེས་བྱ་བ་འབྲས་བུས་སོ། །གཞན་དག་རྗེས་སུ་འགྲོ་བ་འབྲས་བུ་ལ་ཉེ་བར་མི་མཁོ་བར་སྟོན་པ་ནི་གལ་ཏེ་ཞེས་བྱ་བའོ། །ལན་དུ་གལ་ཏེ་ཞེས་བྱ་བའོ། །རྒྱུ་མེད་ན་འབྲས་བུ་མེད་པ་ཉིད་གང་ལས་ཡིན། ནུས་པའི་རྒྱུ་ཡོད་ཀྱང་འབྲས་བུ་མེད་སྲིད་ན་རང་

རྒྱུད་འགྱུར་བའི་ཕྱིར་རོ། །འོན་ཏེ་འབྲས་བུ་མེད་པ་རང་རྒྱུད་ཡིན་པའི་ཕྱིར་རྒྱུ་ཡོད་ཀྱང་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདིར་རིགས་སོ་སྙམ་པའི་དོགས་པ་བསུ་ནས་དེ་མེད་པ་འདི་ཞེས་གསུངས་སོ། །དེས་ན་རྗེས་སུ་འགྲོ་བ་མེད་ན་ལྡོག་པ་ཡང་མེད་པའི་ཕྱིར། དེ་དེའི་རྒྱུ་ཉིད་དུ་མི་འགྱུར་རོ་ཞེས་བྱ་

བའི་དོན་ཏོ། །འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་རྗེས་སུ་འགྲོ་བ་མེད་ཀྱང་ལྡོག་པ་སྲིད་པའི་ཕྱིར་དེ་དེའི་རྒྱུ་ཡིན་ནོ་སྙམ་དུ་དོགས་ན་དེ་མེད་པ་ཞེས་བྱ་བའོ། །ཡང་གི་སྒྲ་ནི་མི་བཟོད་པ་ཙམ་མོ། །ཡང་ནའི་སྒྲ་ཡིན་ནོ། །འདི་ཅི་ལྟར་མི་རྟོགས་སྙམ་ན། ཅི་ལྟར་དེའི་ཞེས་གསུངས་སོ། །གལ་

ཏེ་རེ་ཞིག་དངོས་པོ་མེད་པ་ནི་རང་ཉིད་འགྱུར་བས་ཁས་བླངས་པ་ཡིན་ནོ། །དེ་བཞིན་དུ་དངོས་པོ་ཡང་རང་བཞིན་འགྱུར་བ་ན། རྒྱུ་ཉེ་བར་གནས་ཀྱང་རེས་འགའ་མི་འབྱུང་ངོ་སྙམ་ན། དོན་རྣམས་ཞེས་གསུངས་སོ། །རྒྱུ་ལས་ཞེས་བྱ་བ་ནི་མཐའི་སྐད་ཅིག་ཐོབ་པ་ལས་སོ། །མེད་ན་མེད་པ་ཉིད་

གང་ལས་ཞེས་བྱ་བ་བཤད་ནས་ཕྱེད་ཕྱི་མི་བཤད་པའི་ཕྱིར་དངོས་པོ་མེད་པ་ནི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་རྒྱུ་ཡོད་པ་ཉིད་ན་ཞེས་བྱ་བ་ཉིད་ཀྱི་སྒྲ་ཡང་གང་གི་དོན་དུ་བསྒྱུར་བར་བྱའོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་དངོས་པོ་མེད་པ་ལྟོས་པ་མེད་པ་ཡིན་ན། དེའི་ཚེ་རྒྱུ་ནུས་པ་

ཡོད་ན་འབྲས་བུ་གདོན་མི་ཟ་བར་ཞེས་འགྱུར་རོ་ཞེས་བྱ་བ་མི་རིགས་ཏེ། རང་རྒྱུད་ཡིན་པས་ན་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ། །ལན་དུ་དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །རྒྱུ་མེད་པ་དེ་མེད་ན་སྟེ། རྒྱུའི་བདག་ཉིད་ཡོད་ན་འབྲས་བུའི་མེད་པ་གནས་པ་ཡིན་ནོ། །དེ་ལྟར་བྱས་པས་འབྲས་

བུ་མེད་པ་ནི་རྒྱུ་མེད་པས་སྦྱར་བར་མི་འགྱུར་རོ། །དེས་ན་འབྲས་བུ་དེ་འདིའི་འབྲས་བུར་ཅི་ལྟར་འགྱུར། །གང་གི་ཕྱིར་མེད་པ་དེ་མེད་པས་སྦྱར་བ་མ་ཡིན་པ་དེས་ནའོ། །གལ་ཏེ་དེ་ལྟར་ན་ཡང་དེར་ངེས་པའི་ཕྱིར་ཏེ། དེའི་འབྲས་བུ་ཡིན་ནོ་སྙམ་ན་གང་ཞིག་ཅེས་སྨོས་སོ། །རྒྱུ་དེས་སོ། །དེས་ན་ཞེས་བྱ་

เล่ม ๑๘๔ · หน้า 60a

བ་ངེས་པ་མ་ཡིན་པའི་ཕྱིར་རོ། །རང་ཉིད་མི་འབྱུང་བ་དེས་ནའོ། །དེའི་རྒྱུ་ཡོད་ཀྱང་འབྲས་བུ་མེད་པར་འགྱུར་རོ་ཞེས་བྱ་བ་དེ་མི་རིགས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་མེད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་རྒྱུ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་

མ་ཡིན་ནོ་ཞེས་བྱ་བ་ནི་ལུགས་ཡིན་ནོ་ཞེ་ན། བདེན་ཏེ། རྒྱུ་དང་རྒྱུ་མ་ཡིན་པ་དག་འདྲ་བའི་ཕྱིར་ཐ་སྙད་པ་རྣམས་གཅིག་ཏུ་ཐ་སྙད་བྱེད་པའི་ཕྱིར་ལུགས་འདི་ཉིད་ཡིན་ལ། དེ་ཁོ་ནར་ནི་དཔྱད་པ་འདི་ཡིན་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་གང་གི་ཚེ་འབྲས་བུ་མེད་པ་རྒྱུ་མེད་པས་སྦྱར་བ་ཡིན་ཞེས་

དོགས་ན། གང་གི་ཚེ་རྒྱུ་ཡོད་ན་ཞེས་གསུངས་སོ། །དེའི་ཚེ་དེ་མེད་པ་ཉིད་ན་འབྲས་བུ་རྒྱུན་འཆད་པ་ཡིན་པས་སོ། །འདིས་ནི་རྗེས་སུ་འགྲོ་བ་ཡོད་ན་ལྡོག་པ་ཡང་འཐད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དེ་མེད་པ་ཉིད་ན་རྒྱུན་འཆད་པ་ཅི་ལྟར་ཡིན་ཏེ། གང་གི་ཕྱིར་རྒྱུ་ཡོད་ན་སྐྱེས་པ་

ནི་རང་ཉིད་སྐད་ཅིག་གཞན་དུ་མི་གནས་པའི་ཕྱིར་རོ་ཞེ་ན། རང་གི་ངང་གིས་འགགས་པ་ཡིན་ཡང་ཞེས་གསུངས་སོ། །གལ་ཏེ་དོན་དམ་པར་སྐད་ཅིག་གཞན་དང་གཞན་སྐྱེས་པའི་ཕྱིར་རང་གི་ངང་གིས་འགགས་པ་ཡིན་པ་དེ་ལྟ་ན་ཡང་ཐ་སྙད་པ་རྣམས་གཅིག་ཏུ་ལྷག་པར་ཞེན་པའི་ཕྱིར།

རྒྱུན་ལ་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་ཡིན་ཏེ། སྐད་ཅིག་ལ་བརྟག་པར་མི་ནུས་པའི་ཕྱིར་རོ། །དེས་ན་དེ་མེད་པ་ཉིད་ན་རྒྱུན་ཆགས་པར་རྟོགས་པ་ཡིན་ནོ། །འབྲས་བུའི་རྣམ་པ་གཉིས་ཏེ། བུམ་པ་ལ་སོགས་པ་ལྟར་སྐྱེ་བ་ཙམ་ལ་གཞན་གྱི་བྱེད་པ་ལ་ལྟོས་པ་དང་། གཞན་ཏེ།

དུ་བ་ལ་སོགས་པ་ལྟར་རྒྱུན་གནས་པ་ན་ཡང་དེ་ལ་ལྟོས་པའོ། །དེ་ལ་འདི་ནི་རྒྱུ་གསལ་ན་རྒྱུན་འཆད་པའི་ཕྱིར་ན་དེ་མེད་པས་བྱས་པ་ཡིན་ནོ་ཞེས་བྱ་བར་གསལ་བ་ཡིན་ནོ། །བུམ་པ་ལ་སོགས་པ་ལ་ནི་སྔར་གྱི་མི་དམིགས་པའི་བྱེད་པ་ཉིད་ལྡོག་པའི་སྒྲུབ་པར་བྱེད་པ་ཡིན་ནོ། །དེའི་ཚེ་ནི་གལ་

ཏེ་འབྲས་བུ་མ་ཡིན་པའི་ཚོགས་ཀྱང་མ་དམིགས་པ་དེ་ལྟ་ན་ཡང་གང་ཞིག་ཙམ་ཉེ་བར་འོངས་པས་འབྲས་བུ་དམིགས་པ་དེ་མེད་པས་འདི་མེད་པར་བྱས་པ་ཡིན་ནོ་ཞེས་རྣམ་པར་གཞག་གོ། །གང་གི་ཚེ་སྔར་གྱི་མི་དམིགས་པ་ལ་ལྟོས་པ་ན་ནི་དུ་བ་ལ་སོགས་པ་ལ་ཡང་དེ་ཁོ་ན་ལྟར་ཡིན་ནོ་ཞེས་བསྟན་

เล่ม ๑๘๔ · หน้า 60b

པ་ཡིན་ནོ། །དེ་ལྟར་ན་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོད་པས་ན་རྒྱུ་དང་འབྲེལ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་དུ་གནས་སོ། །དེས་ན་གང་རིམ་ཅན་ཡིན་པ་དེས་ནི་རྒྱུ་རིམ་ཅན་གྱིས་བསྐྱེད་པ་ཡིན་ནོ་ཞེས་ཁྱབ་པ་གྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །དེ་ཉིད་

ཀྱི་ཕྱིར་ན་དེའི་ཕྱིར་རིམ་ཅན་མ་ཡིན་པ་ཞེས་མཇུག་སྡུད་དོ། །ཡང་རྩ་བས་མ་ངེས་པ་ཉིད་སྤང་བའི་ཕྱིར་དོགས་པ་བསུ་བ་ནི། འོན་ཏེ་རིམ་ཅན་མ་ཡིན་པ་ལས་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཞེས་གསུངས་སོ། །དེ་ཉིད་ལས་ཞེས་བྱ་བ་ནི་ཁྱད་པར་ཉིད་ལས་སོ། །ཁྱད་པར་དེ་

ནི་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དེས་བྱས་པའི་འབྲས་བུ་ནི་རྟག་པ་ཉིད་ཀྱིས་བྱས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །རྟག་པ་དེ་ལ་ཁྱད་པར་འགའ་ཞིག་བྱས་ན་ཁྱད་པར་དེ་དེའི་ཞེས་བརྗོད་པ་ཡིན་ནམ། འོན་ཏེ་ཁྱད་པར་མ་བྱས་ཀྱང་

ཁྱད་པར་གྱི་རྟོགས་པ་སྐྱེད་པར་བྱེད་པས་ན་དེ་སྐད་བརྗོད་ཅེས་བྱ་བ་ནི་རྟག་པ་གཉིས་ཀྱི་དོན་ཏོ། །དེ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟག་པ་ལ་འགའ་ཞིག་ལས་ཁྱད་པར་གྱི་རང་བཞིན་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ཁྱད་པར་ལས་ཁྱད་པར་ཞེས་བྱ་བ་ནི་རྟག་པའི་ཁྱད་པར་ལས་

ཁྱད་པར་ཐ་མི་དད་དོ་ཞེས་བྱ་བའི་དོན་ཏོ། །ཐ་དད་ན་ཞེས་བྱ་བ་ནི་ཁྱད་པར་གྱིས་བྱས་པའི་ཁྱད་པར་ཐ་དད་ནའོ། །ཐལ་བ་སྔ་མ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་དེ་ལ་ལྟོས་པའི་འབྲས་བུ་ནི་དེ་ཉིད་ལས་སྐྱེ་བར་འགྱུར་གྱི། རྟག་པ་ལས་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཁྱད་པར་དེ་དེའི་ཡིན་ནོ་ཞེ་

ན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ལན་འདེབས་ན། སུན་དབྱུང་བ་ཡང་སྔ་མ་ཁོ་ན་ལྟར་རོ། །དེས་ན་རྟག་པ་ནི་རིམ་གྱིས་འབྲས་བུ་བྱེད་པར་བསྒྲུབ་པ་ལ་མཐར་ཐུག་པ་ཡོད་པ་མ་ཡིན་ནོ། །རྣམ་པར་རྟོག་པ་གཉིས་པ་སྟོན་པ་ནི་འོན་ཏེ་ཞེས་བྱ་བའོ། །གལ་ཏེ་རྟག་པ་ལས་ཁྱད་པར་

ཡོད་ན་དེའི་ཚེ་ཁྱད་པར་གྱི་རྟོགས་པ་འཐད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ཁྱད་པར་མེད་ཀྱང་དེའི་རྟོག་པ་ཡོད་པ་ཡོད་པས་ན་བྱ་ཐབས་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །འོ་ན་ནི་འདི་ནི་འཁྲུལ་པ་ཉིད་ཡིན་པས་ན། ཁྱད་པར་གྱི་རྟོགས་པ་རྒྱུ་ཉིད་དུ་ཁས་བླངས་པའི་མཚན་ཉིད་ཅན་གྱི་

เล่ม ๑๘๔ · หน้า 61a

འབད་པ་དོན་མེད་ཅིང་རིམ་མ་ཡིན་པ་མ་གྲུབ་པའི་ཕྱིར་རོ། །འོ་ན་དེ་ལ་དེ་ལྟར་ཅི་ལྟར་རྟོགས་ཤེ་ན། ཁྱད་པར་མེད་པར་ཞེས་བྱ་བའོ། །གང་གི་ཚེ་ཁྱོད་ཀྱི་ལུགས་ཀྱིས་ཁྱད་པར་མི་རྟོགས་པར་འཁྲུལ་པ་ཉིད་དུ་རྣམ་པར་གནས་པ་དེའི་ཚེ་རྟག་པ་ལ་ཚད་མ་མེད་

དོ་ཞེས་སྟོན་པ་ནི། ཁྱད་པར་ལ་ནི་འཁྲུལ་ན་ཡང་། །རྟག་ལ་ཚད་མ་ག་ལ་ཞིག། །ཅེས་བྱ་བའོ། །དེས་ན་རྟག་ཏུ་ཁྱད་པར་རྟོགས་པས་ན་འཁྲུལ་པ་ཁས་བླངས་པ་ཡང་ཁས་བླངས་པ་ཙམ་དུ་འགྱུར་རོ། །གཞན་གྱི་དོགས་པ་བསུ་བ་ནི། གལ་ཏེ་ཁྱད་མེད་རྟོགས་ན་ནི། །ཞེས་

བྱ་བ་སྟེ། ངོ་ཤེས་པ་ལ་སོགས་པ་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ནི་རྟག་པ་ལ་ཚད་མ་ཡོད་པ་ཡིན་ནོ་སྙམ་དུ་བསམས་པའོ། །ལན་དུ་དེ་ལྟ་ན་བྱ་བའོ། །ལྷན་ཅིག་བྱེད་པ་ལ་ལྟོས་པར་ཅི་ལྟར་འགྱུར། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བའོ། །ཁྱད་པར་དང་པོའི་དོན་

དུ་ཅི་སྟེ་མི་ལྟོས་སྙམ་ན། ཁྱད་པར་ཡང་ནི་ཡོད་པ་མ་ཡིན་ནོ་ཞེས་གསུངས་ཏེ། གང་ཞིག་ཁྱད་པར་དུ་བྱེད་པའམ། ཁྱད་པར་གྱི་རྣམ་པར་རྟོག་པར་བྱེད་པ་ཞེས་བརྟགས་ནས་སུན་ཕྱུང་བའོ། །ཡང་གི་སྒྲས་ནི་རང་ལ་ཡོད་པ་ཡང་ངོ་། །དེ་ལྟ་ན་ལྟོས་ཅི་ལྟར་འགྱུར་ཞེས་བྱ་བ་ལ་གསལ་

བར་བྱས་པའི་ཕྱིར་དང་། འཇིག་རྟེན་དང་མཐུན་པར་བསྟན་པའི་ཕྱིར་ན་དེ་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའོ། །ཁྱད་པར་ཅན་མིན་ལྟོས་པའང་མེད། །ཅེས་བྱ་བའི་རྩ་བ་ཡིན་ལ། ཁྱད་པར་མེད་པ་ལ་ལྟོས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བཤད་པའོ། །དེས་

ན་འབྲས་བུ་རིམ་ཅན་རྟག་པ་ལས་ལྡོག་པས་ན་ཁྱབ་པ་གྲུབ་པའོ། །དེས་ན་ཕྱེད་ཕྱི་མ་རྣམ་པར་འགྲེལ་པའི་སྒོ་ནས་ཕྱོགས་ཀྱི་ཆོས་ཉེ་བར་བསྡུ་བ་གསུངས་པ་ནི་ལུས་ལས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི་ལུས་རིམ་ཅན་མ་ཡིན་ན་གང་གིས་བློ་དེའི་རིམ་པ་བྱས་པ། ཡིད་

ཀྱི་བློ་སྔ་མ་སྔ་མའི་རང་བཞིན་དེ་རྒྱུར་གསལ་དེ། ཚད་མས་ཡོངས་སུ་ངེས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཉམས་མྱོང་སྔ་མ་སྔ་མ་ཞེས་གསུངས་ཏེ། སྔ་མ་སྔ་མའི་མྱོང་བ་ཙམ་ཏེ། རྣམ་པར་རྟོག་པ་ཅན་ནམ་གཞན་ནོ། །ཡིད་ཀྱི་བློ་དེ་ལ་འཇུག་པར་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་

เล่ม ๑๘๔ · หน้า 61b

ཏོ། །གལ་ཏེ་དེ་ལྟ་ན་ཡང་ཐོག་མ་སྤྱད་པ་ཉིད་དུ་ཅི་ལྟར་འགྱུར་ཞེ་ན། ཉམས་སུ་མྱོང་བ་དེ་ཡང་གཞན་ལས་དེ་མྱོང་བ་སྔ་མ་ལས། དེའི་སྔ་མའི་མྱོང་བ་དེ་ཡང་སྔ་མ་ལས་ཞེས་རྗེས་སུ་འཇུག་གོ། །ཐོག་མ་མེད་པ་ནི་ཐུག་པ་མེད་པའོ། །གལ་ཏེ་ཡང་དེ་ལྟར་མཐོང་བ་དང་། མཐོང་བ་

ཡང་དོར་བར་མི་ནུས་པ་དེ་ལྟ་ན་ཡང་བློ་དེ་དང་ལྷན་ཅིག་པའོ། །ལུས་རིམ་པ་མེད་པ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ་སྙམ་དུ་དོགས་ན་ལན་དུ་དེ་ལྟ་ཡིན་དང་ཞེས་བྱ་བ་སྟེ། ཁྱད་པར་མེད་པར་ཁས་ལན་ན་སྔར་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཁྱད་པར་ཡོད་ན་ཡང་ཕན་ཚུན་ཕན་འདོགས་པའི་ཕྱིར་

བློ་སྔ་མའི་ལྷན་ཅིག་བྱེད་པའི་ཅན་དུ་འགྱུར་བ་བསྙོན་པར་མི་ནུས་སོ་ཞེས་བྱ་བར་འགྱུར་རོ། །དེ་ལ་ལྟོས་ནས་བརྗོད་པ་ནི་དེས་ན་ཞེས་བྱ་བའོ། །དེ་ལྟར་གྱུར་པ་ཉིད་ཅེས་བྱ་བ་ནི་བློ་དང་ལྷན་ཅིག་པ་ཉིད་དོ། །ཕྱི་མ་ཕྱི་མའི་སྐད་ཅིག་རེ་རེར་རོ། །དེ་ཉིད་ནི་འགྲེལ་པའི་ཕྱི་མ་ཕྱི་མའི་ཞེས་བྱ་བ་ཡིན་ནོ། །

སྐད་ཅིག་རྒྱུ་ཡིན་ནོ་ཞེས་འབྲེལ་ཏོ། །ཡིན་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བ་གཏན་ཚིགས་ཀྱི་ཚིག་འདིས་གསལ་བར་བྱས་སོ། །སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བ་སྔ་མ་འཕེན་པའོ། །འཆི་བ་ཞེས་བྱ་བ་ནི་སྐྱེ་བ་འོང་བའི་མཚན་ཉིད་ལའོ། །རྒྱུ་དེ་འདྲ་བ་ནུས་པ་དང་ལྡན་པ་མ་ཡིན་ན་འབྲས་བུ་ཤོལ་བར་ནི་བཟོད་

པ་ནི་མ་ཡིན་ནོ། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་ལན་གཅིག་རྟོགས་པའི་རྒྱུ་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་མ་ཡིན་ནོ། །དེའི་ཚེ་ཁྱབ་པ་མི་རྟོགས་པའི་ཕྱིར་ན་རྣམ་པ་ཐམས་ཅད་དུ་རྒྱུ་ལ་ལྟོས་པར་འགྱུར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པའི་ཐབས་གཞན་ནི་ཡོད་པ་མ་ཡིན་ནོ། །བཟློག་

པ་འཇིག་རྟེན་ཕ་རོལ་མེད་པ་ལ་ཡང་ངོ་། །འཆི་བ་དེའི་སེམས་ཡིན་པའི་ཕྱིར་ནའོ། །བཟློག་པས་ཞེས་བྱ་བ་ནི་མཚམས་སྦྱོར་བསྒྲུབ་པར་བྱེད་པས་སོ། །བཟློག་པ་ཡང་ཞེས་བྱ་བ་ནི་མཚམས་སྦྱོར་བའི་བསྒྲུབ་པའི་སྒྲུབ་བྱེད་ཀྱང་ངོ་། །འདིས་ཞེས་བྱ་བ་འཆི་བའི་སེམས་ཉིད་ཀྱིས་སོ། །

དེ་ལ་མེད་པར་སྨྲ་བ་གཞན་ལ་རེ་ཞིག་འགལ་བ་མེད་པ་བརྗོད་པ་ནི། འཆི་བའི་སེམས་ནི་ཞེས་བྱ་བའོ། །འོ་ཞེས་བྱ་བ་ནི་མི་བཟོད་པའོ། །མཚམས་སྦྱོར་བ་དེ་འམ། གང་གིས་དེ་མེད་པར་སྒྲུབ་པར་བྱེད་པ་དེའི་ཡུལ་དང་འགལ་བ་ཅི་ཞིག་ཡོད། འགལ་བ་གང་གིས་སོ། །གལ་ཏེ་རྫས་

เล่ม ๑๘๔ · หน้า 62a

གཉིས་ལྷན་ཅིག་མི་གནས་པའི་འགལ་བ་ཡིན་པ་དེ་ལྟར་ན་ཡང་འཆི་བའི་སེམས་ཉིད་དང་མཚམས་སྦྱོར་བ་གཉིས་ནི་མ་ཡིན་ཏེ་ཆོས་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་འདི་གླང་པོ་ཆེའི་ལྟ་བས་བཏང་སྙོམས་སུ་བྱས་ཏེ། དེའི་མཚན་ཉིད་དང་མི་ལྡན་པའི་ཉེས་པ་

བརྗོད་པ་ནི་འཆི་བའི་སེམས་ཉིད་འོངས་ན་ཞེས་བྱ་བའོ། །མཚམས་སྦྱོར་བ་ལས་བཟློག་པ་ནི་མེད་པ་སྟེ། རྒྱུན་གྱི་འཇུག་པ་མེད་པར་ཞེས་བྱ་བར་དགོངས་པའོ། །འགལ་བ་གཉིས་པ་མེད་པ་བརྗོད་པ་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །ཡང་འདིར་ཅི་ལྟར་འགྲིབས་ཏེ། གལ་ཏེ་འདི་དག་གི་དོན་

འཛིན་པ་ཡིན་ན་དེ་ལྟ་ན་ནི། དེ་ལྟ་བུར་ལྷན་ཅིག་མི་གནས་པའི་འགལ་བ་ཉིད་མ་གྲུབ་པར་རིགས་སོ། །དེ་སྟེ་མཚམས་སྦྱོར་བ་ལས་བཟློག་པ་མཐོང་བ་མེད་པ་ཞེས་པ་དག་གི་ཕྱོགས་གཅིག་འཛིན་པ་ཡིན་ན་ནི་དེའི་ཚེ་ཕན་ཚུན་སྤངས་པའི་འགལ་བ་གཉི་ག་མཐོང་བ་ལ་གདོན་མི་ཟ་བར་ལྟོས་པ་མ་

ཡིན་ཏེ། རྟག་པ་དང་མི་རྟག་པ་བཞིན་དུ་ཀུན་དུ་རྟོག་པ་ལ་གནས་པར་གཅིག་ལ་ལྟོས་ནས་དེའི་འགལ་ཟླ་ངེས་པའི་རྟོགས་པ་ཙམ་གྱིས་འགལ་བར་ངེས་པའི་ཕྱིར་རོ། །ལྷན་ཅིག་མི་གནས་པ་ནི་གཉི་ག་མཐོང་བ་ལ་ལྟོས་པ་ཉིད་དེ། དེ་ལྟ་མ་ཡིན་ན་གཅིག་ཡོད་ན་གཞན་མེད་པར་ངེས་པ་མི་རུང་

བའི་ཕྱིར་རོ་ཞེ་ན་བདེན་ཏེ། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདི་ནི་ངག་གི་དོན་འཛིན་པ་ཡིན་ནོ། །འོན་ཀྱང་ཟུར་གཉིས་སུ་བསྟན་པའི་ཕྱིར་ན། དོན་ཐ་དད་པར་སྦྱར་བ་ཡིན་ནོ། །འདི་ལྟར་འདིར་ནི་དོན་འདི་ཡིན་ཏེ། འཆི་བའི་སེམས་འོངས་ན་ཞེས་བྱ་བ་ནི་ཡིད་ལ་འདྲེས་པར་གྱུར་ན་ཏེ། འཆི་བའི་

རྣམ་པར་རྟོག་པར་གྱུར་ན་ཞེས་བྱ་བའི་དོན་གང་ཡིན་པའོ། །མཚམས་སྦྱར་བ་ལ་བཟློག་བས་མ་མཐོང་བའི་ཕྱིར་ཏེ་མི་གསལ་བའི་ཕྱིར་རོ། །འདི་ལྟར་འཆི་བའི་སེམས་ཀྱི་རྣམ་པར་རྟོག་པར་གྱུར་ན། འཆི་བའི་སེམས་མ་ཡིན་པ་རྣམ་པར་གཅད་པར་མཐོང་གི་མཚམས་སྦྱོར་བ་ལས་བཟློག་པ་ནི་མ་

ཡིན་ནོ། །དེས་ན་དེ་ནི་དེ་ཉིད་དང་འགལ་གྱི་མཚམས་སྦྱོར་བ་དང་ནི་མ་ཡིན་ནོ། །མཚམས་སྦྱོར་བའི་རྣམ་པར་རྟོག་པ་ལ་ཡང་མཚམས་སྦྱོར་བ་མ་ཡིན་པ་རྣམ་པར་གཅད་པ་གསལ་བ་ཡིན་གྱི་འཆི་བའི་སེམས་ཉིད་རྣམ་པར་གཅད་པ་ནི་མ་ཡིན་ནོ། །དེ་ལྟ་ན་མཚམས་སྦྱོར་བ་དང་མི་སྦྱོར་བ་

เล่ม ๑๘๔ · หน้า 62b

གཉིས་ཉིད་ཕན་ཚུན་སྤངས་པའི་འགལ་བ་ཡིན་ཏེ། གང་རྟོགས་ན་གང་རྣམ་པར་གཅད་པ་དེ་ཉིད་དེ་དང་འགལ་བར་རྣམ་པར་གནས་པའི་ཕྱིར་རོ། །མཚམས་སྦྱོར་བ་དེ་ཡོངས་སུ་སྤངས་ཏེ་འཆི་བའི་སེམས་གང་ཡིན་པ་དེ་གནས་པ་དེ་ལྟར་མ་མཐོང་བའི་ཕྱིར་འགལ་བ་གཉིས་པ་མེད་དོ།

ལྷན་ཅིག་མི་གནས་པ་སུན་འབྱིན་པས་འཆི་བའི་སེམས་ཉིད་འོངས་ནས་མཚམས་སྦྱོར་བ་ལས་བཟློག་པ་མཐོང་བ་མེད་པའི་ཕྱིར་ཞེས་གང་བརྗོད་པ་དེ་ནི་མ་གྲུབ་སྟེ། མཚམས་སྦྱོར་ན་སྔ་མ་བཞིན་གསོན་པར་ཐལ་བའི་ཕྱིར་རོ། །དེས་ན་སྔར་རྒྱུན་གྱིས་མཚམས་སྦྱོར་པར་གྱུར་པ་དེ་ནི་འཆི་བའི་

སེམས་དང་འབྲེལ་ན་མཐར་ཐུག་པར་འགྱུར་བའི་ཕྱིར་ཅི་ལྟར་ལྷན་ཅིག་མི་གནས་པའི་འགལ་བ་མ་ཡིན་ཞེ་ན། སྐྱེ་བ་གཞན་ཞེས་སྨོས་སོ། །འདི་ལྟར་བསམས་པ་ཡིན་ཏེ། མཚམས་སྦྱོར་བ་ལུས་དེ་ལ་གནས་པའི་འཚོ་བ་ནི་མ་ཡིན་གྱི། ལུས་དེ་ཉེ་བར་སྒྲུབ་པར་བྱེད་པའི་ལས་ཟད་

ན་ལུས་འཇིག་པར་འགྱུར་བ་དང་། ནུས་པའི་སེམས་ཀྱང་སེམས་གཞན་དང་མཚམས་སྦྱོར་བར་འགྱུར་བ་ཡིན་ཏེ་དེས་ན་འགལ་བ་ཅི་ཡོད། མཚམས་སྦྱོར་བ་དེ་ནི་རང་གིས་རིག་པར་བྱ་བ་ཡིན་ཡང་གཞན་གྱིས་ནི་རིག་པར་བྱ་བ་མ་ཡིན་ནོ། །འོན་ཏེ་ལུས་དང་བཅས་པའི་སེམས་ཀྱིས་

བསྐྱེད་པར་བྱ་བ་ནི་ལུས་དང་བཅས་པ་ཁོ་ནར་སྐྱེ་བ་ཡིན་ནོ་ཞེས་བརྗོད་ན་ལུས་ཡང་གལ་ཏེ་དེ་འདྲ་བའི་ཚོགས་པ་ཉེ་བའི་དབང་གིས་ཤིན་དུ་དང་བ་ཉིད་ཀྱིས་འོ་སྐོལ་ལྟ་བུའི་སྤྱོད་ཡུལ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་ཡང་སྐྱེ་བ་གཞན་དུ་མཚམས་སྦྱོར་བ་ནི་སྣང་དུ་རུང་བ་མ་ཡིན་ནོ་ཞེས་བྱ་བ་ལེགས་

པར་བརྗོད་པ་ཡིན་ནོ། །དེས་ན་བལྟར་མི་རུང་བ་མི་དམིགས་པ་ནི་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་ལྷན་ཅིག་མི་གནས་པ་འཐད་པ་མ་ཡིན་ནོ། །གལ་ཏེ་ངེད་ཀྱིས་མཚམས་སྦྱོར་བ་མེད་པ་མ་གྲུབ་ན། །འོ་ན་ཁྱོད་ཀྱིས་མཚམས་སྦྱོར་བ་ཡང་ཅི་ལྟར་འགྲུབ་སྙམ་ན། འབྲས་བུ་

ཉིད་ནི་ཞེས་གསུངས་སོ། །ལུས་དང་བཅས་པའི་སེམས་ནི་དེ་དང་འདྲ་བ་གཞན་ཁོ་ནའི་འབྲས་བུ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འབྲས་བུ་དེ་འདྲ་བ་ལས་སྔ་མ་དང་ཕྱི་མའི་རང་བཞིན་གྱི་རྒྱུ་དེ་འདྲ་བ་ཉིད་གྲུབ་པ་ཉིད་མཚམས་སྦྱོར་བ་གྲུབ་པ་ནི་རང་དང་འགལ་བ་ཉིད་མཚམས་སྦྱོར་བ་མེད་པ་སེལ་

เล่ม ๑๘๔ · หน้า 63a

བར་བྱེད་དོ་ཞེས་རིགས་སོ། །དེ་མེད་པ་སྟེ་མཚམས་སྦྱོར་བ་མེད་པ་མེད་པར་བསྒྲུབ་པའོ། །གལ་ཏེ་དེ་ལྟ་ན་ཡང་ཅི་ལྟར་འབྲས་བུ་ཉིད་མཚམས་སྦྱོར་བའི་སྒྲུབ་བྱེད་ཡིན་པ་དེ་བཞིན་དུ། འཆི་བའི་སེམས་ཉིད་གནོད་པ་བྱེད་པ་ཡིན་པའི་ཕྱིར། འདིར་

གང་བདེན་པར་འགྲུབ་སྙམ་དུ་དོགས་ན། ཕན་ཚུན་འགལ་བའི་དོན་ལ་ཞེས་གསུངས་ཏེ། གཏན་ཚིགས་ཤེས་བྱ་བར་བསམས་པའོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པར་འགྱུར་རོ། །འདིས་ནི་གང་ཞིག་གང་དང་འབྲེལ་པ་དེ་ནི་དེ་ཡོད་པར་སྒྲུབ་པར་བྱེད་པ་ཡིན་

ཏེ་ཞེས་བྱ་བ་དེ་བསྒྲུབ་པ་ཡིན་ནོ། །རྣམ་འགྲེལ་གྱི་ཕྱེད་ཕྱི་མ་ལ་འཇུག་པར་བྱེད་པ་ནི་གལ་ཏེ་འདིར་ཞེས་བྱ་བ་ལ་སོགས་པའོ། །ཞི་བ་དེས་ནའོ། །མཚམས་སྦྱོར་བ་དེ་ཡོངས་སུ་སྤངས་ཏེའོ། །གཞན་གྱིས་ཕན་ཚུན་སྤངས་པའི་འགལ་བར་སེམས་པ་ནི་ཡི་གེ་འདིས་བྱས་པ་ཡིན་ཏེ།

དངོས་པོ་ལ་ནི་མེད་དོ་ཞེས་བསྟན་ཟིན་པ་ཁོ་ནའོ། །དེ་ལྟ་ན་ཡང་བསག་པའི་དོན་དུ་དེ་ཡང་འབྲེལ་པ་ཡོད་པ་མ་ཡིན་ཏེ་ཞེས་གསུངས་སོ། །དགྲ་བཅོམ་པའི་སེམས་དེ་དགག་པ་ཉིད་ལའོ། །གལ་ཏེ་འཆི་བའི་སེམས་མཚམས་སྦྱོར་བ་དང་འགལ་བར་ནི་ཁྱེད་ཅག་ཉིད་ཀྱིས་ཁས་བླངས་པ་

མ་ཡིན་ནམ། དེ་ལྟར་མ་ཡིན་ན་དགྲ་བཅོམ་པ་མཚམས་སྦྱོར་བ་མེད་པར་ཅི་ལྟར་འདོད་སྙམ་ན་འཆི་བའི་སེམས་ཉིད་ནི་ཞེས་གསུངས་ཏེ། འགལ་བར་ཁས་བླངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་དགྲ་བཅོམ་པ་ལ་ཇི་ལྟར་མེད་སྙམ་ན། ཉོན་མོངས་པ་དང་ཞེས་གསུངས་སོ། །

ཉོན་མོངས་པ་དང་བྲལ་བ་དེ་གཞན་གྱི་ཡང་སོ་སོའི་སྐྱེ་བོ་རྣམས་ལ་ཁས་ལེན་པ་མ་ཡིན་ནོ། །གྲུབ་མཐའ་ཐམས་ཅད་ནི་ཞེས་བྱ་བ་ནི་བསྡུ་བའོ། །ལུང་ཐམས་ཅད་ནི་འཆི་བའི་སེམས་ཐམས་ཅད་མཚམས་སྦྱོར་བ་དང་འགལ་བ་གང་ཡིན་པ་དེ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་འཁོར་བ་

པའི་སྐྱེ་བ་ལ་ལར་ཏེ་ཁ་ཅིག་ལ་མཚམས་སྦྱོར་བར་ལུང་དེས་བསྟན་པ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གལ་ཏེ་ཡང་ལུང་གིས་ལ། ལ་ལ་མཚམས་སྦྱོར་བ་ཡོད་པར་བསྟན་པ་དེ་ལྟ་ན་ཡང་འདི་ཚད་མ་གྲུབ་པ་ནི་མ་ཡིན་ནོ། །དེས་ན་ལུང་གི་ཆོས་དེས་ཚད་མ་མ་ཡིན་

เล่ม ๑๘๔ · หน้า 63b

པ་ཉིད་དོ། །དེས་ན་དགྲ་བཅོམ་པ་ཐ་མའི་སེམས་མཚམས་སྦྱོར་བ་མེད་པར་གྲུབ་པ་ན། ཚད་མ་མ་ཡིན་པ་དེས་ན་མཚམས་སྦྱོར་བ་དང་འཆི་བའི་སེམས་གཉིས་འགལ་བ་སྲིད་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །སུན་འབྱིན་པའི་དོན་ནི་འདི་ཡིན་ཏེ། ཚུལ་འདིས་དགྲ་བཅོམ་པའི་སེམས་

མཚམས་སྦྱོར་བ་མེད་པ་ལ་ཚད་མར་བྱས་པའི་ལུང་དེ་ཉིད་འཁོར་བའི་སེམས་མཚམས་སྦྱོར་བ་ཡོད་པར་སྒྲུབ་པ་ལ་ཚད་མ་མ་ཡིན་པར་བརྗོད་པ་ཡིན་ན་དེ་ཡང་མི་འཐད་དོ། །དེ་ནི་གཅིག་ཏུ་ཚད་མའམ་ཚད་མ་མ་ཡིན་པར་འགྱུར་དགོས་པས་རེ་ཞིག་ཚད་མ་ཡིན་པའི་ཕྱོགས་ལ་གལ་ཏེ་གྲུབ་པའི་

མཐའ་ཞེས་གསུངས་སོ། །དེས་བསྟན་པའི་མཚམས་སྦྱོར་བའི་མངོན་སུམ་གྱིས་མ་མཐོང་བས་ན་གྲུབ་པའི་མཐའ་ཚད་མས་གནོད་པ་ཡིན་ནའོ། །དགྲ་བཅོམ་པའི་སེམས་མཚམས་སྦྱོར་བ་མེད་པ་གཉིས་ཀྱི་སྒོ་ནས་འགལ་བར་འདོད་པ་འགྲུབ་པར་ག་ལ་འགྱུར། འདི་ལ་ཚད་མས་གྲུབ་པའམ་

གནོད་པའི་དོན་ཡིན་པས་ན་མ་གྲུབ་པ་དོན་ཅན་ནོ། །དགྲ་བཅོམ་པའི་སེམས་མཚམས་སྦྱོར་བ་མེད་པའི་དོན་དུ་རྗེས་སུ་འབྲང་འམ་ཅི། དགྲ་བཅོམ་པའི་སེམས་མཚམས་སྦྱོར་བ་མེད་པའི་སྒོ་ནས་འགལ་བར་མི་འགྲུབ་བོ། །འདོད་པ་ནི་ཞེས་བྱ་བ་ནི། དཔེར་ན་ཁྱེད་ཀྱི་འགའ་ཞིག་ཏུ་ཚད་མ་

ཡིན་ལ། འགའ་ཞིག་ཏུ་ནི་མ་ཡིན་པ་དེ་བཞིན་དུ་ངའི་གཉིས་ཀ་ལ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱེད་ཕྱི་མ་བཤད་པའི་དོན་དུ་གཞན་གྱི་བསམ་པ་བརྗོད་པ་ནི་འོན་ཏེ་ནས་ཞེ་ནའི་བར་རོ། །དོགས་པ་དེའི་རྣམ་པ་རྣམ་འགྲེལ་ཉིད་ན་ཡོད་པ་བརྗོད་པ་ནི་གལ་ཏེ་ནས་མ་ཡིན་ནའི་བར་རོ། །གལ་

ཏེ་དགྲ་བཅོམ་པ་འཆི་བའི་སེམས་མཚམས་སྦྱོར་བ་མ་ཡིན་པ་དེ་ལྟ་ན་ཡང་འཆི་བའི་སེམས་ཡིན་པའི་ཕྱིར་ནི་མ་ཡིན་གྱི། འོན་ཀྱང་རྒྱུ་མ་ཚང་བའི་ཕྱིར་རོ། །གལ་ཏེ་འཆི་བའི་གནས་སྐབས་ཀྱི་སེམས་མཚམས་སྦྱོར་བ་མེད་པར་གྲུབ་ན་ནི་དེའི་ཚེ་གཞན་གྱི་ཚེ་ཡང་དེ་བཞིན་དུ་འགྱུར་རོ། །ལན་དུ་རྒྱུ་

དང་བྲལ་བ་དེ་ཉིད་ཅེས་གསུངས་སོ། །གལ་ཏེ་འདི་བསྒྲུབ་བྱ་བསྒྲུབ་པར་ནུས་པ་ཉིད་དུ་དམིགས་པ་དེ་ལྟ་ཡིན་ན་ནི། འཆི་བའི་སེམས་ནི་ཆོས་ཅན། མཚམས་སྦྱོར་བ་མེད་པའི་ཆོས་ཅན་ཡིན་ཏེ་རྒྱུ་དང་བྲལ་བའི་ཕྱིར། དགྲ་བཅོམ་པ་ཐ་མའི་སེམས་བཞིན་ནོ་ཞེས་བརྗོད་པར་རིགས་སོ་ཞེས་

เล่ม ๑๘๔ · หน้า 64a

བྱ་བའི་དོན་ཏོ། །སྒྲུབ་པར་བྱེད་པ་འདི་བརྗོད་ཀྱང་མངོན་པར་འདོད་པའི་བསྒྲུབ་བྱ་འགྲུབ་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་ཉིད་ཡང་བཟླས་ནས་འཆད་པ་ནི་ཡང་ན་ཞེས་བྱ་བའོ། །རྒྱུ་སྟེ་སྐྱེད་བྱེད་བྲལ་བ་སྟེ་ནད་ལ་སོགས་པས་ནུས་པ་མེད་པའི་ཕྱིར་ནའོ། །

བྲལ་བ་གཏན་ཚིགས་ཡིན་གྱི་མ་ངེས་པའི་ཕྱིར་འཆི་བའི་སེམས་ཉིད་མ་ཡིན་ནའོ། །མཐའི་ཚིག་ཅིས་མ་བརྗོད་ཅེས་པའི་ཆ་ཁ་བསྐངས་ནས་འཆད་པ་ནི། འདིར་ལྷག་པ་ནི་ཅི་ཞིག་བརྗོད་ཅེས་བྱ་བའོ། །གལ་ཏེ་གཏན་ཚིགས་གཞན་བརྗོད་པ་མ་ཡིན་ནམ། དེས་ན་ཇི་ལྟར་

ལྷག་མ་བརྗོད་ཅེ་ན། འདི་ཡང་ཞེས་གསུངས་སོ། །ཅི་ལྟར་ཞེ་ན། སྔ་མའི་ཞེས་བྱ་བ་ལ་སོགས་པའོ། །ལྷག་མ་དེ་ཉིད་ལ་ཞེས་བྱ་བ་ནི་གཏན་ཚིགས་ཉིད་དུ་སྦྱོར་བ་ནི་གང་གི་ཕྱིར་ཞེས་བྱ་བའོ། །ཅི་ལྟར་སྒྲུབ་པར་བྱེད་པ་འདི་མ་གྲུབ་སྙམ་པའི་དོགས་པ་བཟློག་པའི་དོན་དུ་ཡང་དེ་ཉིད་རྣམ་པ་

གཞན་དུ་འཆད་པ་ནི་ཡང་ན་ཞེས་བྱ་བའོ། །རྒྱུ་དང་བྲལ་བ་དེའོ། །ཉིད་ཀྱི་སྒྲ་ནི་རིམ་པ་གཞན་ཡིན་ཏེ། ཅིས་མ་ཉམས་ཏེ་དེ་ནི་ཉམས་པ་ཉིད་དེ། ཅི་ཞིག་ཡོད་གྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད། །ཅེས་བསྟན་པ་ཉིད་དོ། །འོན་ཏེ་ཡང་ཞེས་བྱ་བ་ནི་གཞན་གྱི་དོགས་པ་བསུ་

བའོ། །གལ་ཏེ་ཡིད་སྔ་མ་རྒྱུ་ཡིན་ན་མ་གྲུབ་པ་ཉིད་དུ་འགྱུར་བ་ཞིག་ན། རྒྱུ་ནི་ལུས་ཡིན་ལ། དེ་ཡང་ནད་ལ་སོགས་པས་མ་ཚང་བར་འགྱུར་བར་སྲིད་པ་ཡིན་ནོ་སྙམ་དུ་བསམས་པའོ། །སུན་འབྱིན་པར་ཡང་གལ་ཏེ་ལུས་རྒྱུ་ཡིན་ན་འདི་རིགས་པ་ཞིག་ན་དེ་ལྟར་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །

དེ་ཡང་སྔར་བརྗོད་ཟིན་ཏེ། འདི་ནི་ལྷག་པ་བརྗོད་པའི་དོན་དུ་ཡིན་ནོ། །ལུས་རྣམ་པ་གཉིས་པོས་ཞེས་བྱ་བས་གཞན་གྱིས་སྨྲས་པ་ཉིད་རྗེས་སུ་བརྗོད་ནས་སོ་སོའམ་གཞན་དུ་རྒྱུ་ཡིན་པར་འགྱུར་ཞེས་རྣམ་པར་བརྟགས་པའོ། །དེ་ལ་རྣམ་པར་རྟོག་པ་དང་པོ་སེལ་བ་ནི། དེ་བློ་བཞིན་དུ་འཛིན་

འགྱུར་ཕྱིར། །ཞེས་བྱ་བའོ། །དབང་པོ་དེའི་བློ་ཡིད་ཀྱི་ཤེས་པ་ལས་གཞན་དུ་གྱུར་པ་དེ་བཞིན་དུ་ཡིད་ཀྱི་ཤེས་པས་ཀྱང་དམིགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་དེའི་བློ་བཞིན་དུ་ཡིད་ཀྱི་ཤེས་པ་དབང་པོའི་བྱེད་པའི་རྗེས་སུ་འཇུག་པས་ཡུལ་འཛིན་པར་འགྱུར་རོ། །དེ་ནས་དབང་

เล่ม ๑๘๔ · หน้า 64b

པོ་བྱེད་པ་མེད་པ་ལ་ཡིད་ཀྱི་ཤེས་པ་ཡོད་པར་མི་འགྱུར་རོ། །ཡང་ན་དེའི་བློ་བཞིན་དུ་ཞེས་བྱ་བ་དབང་པོ་གྱུར་ན་འགྱུར་བ་ཉིད་དང་། ཡིད་ཀྱི་འཛིན་པར་འགྱུར་རོ། །འདི་ཐམས་ཅད་ནི་བཤད་པར་གསལ་བར་འགྱུར་རོ། །རྣམ་པར་རྟོག་པ་གཉིས་པ་བཟློག་པ་ནི་ཤེས་བསྐྱེད་ཅེས་བྱ་

བའོ། །རྣམ་པར་རྟོག་པ་གསུམ་པ་དབང་པོ་མེད་པ་ལ་བཤད་པ་ནི་སེམས་ཉིད་མེད་ཕྱིར་ཞེས་བྱ་བའོ། །དབང་པོའི་རང་བཞིན་དུ་གྱུར་པའི་ནུས་པ་དེ་དང་འཇུག་པ་ཞེས་བྱ་བའི་དོན་ཏོ། །དེས་ན་དབང་པོའི་རང་བཞིན་ཉིད་ཅེས་བརྗོད་པ་ཡིན་ནོ། །བྱིན་གྱིས་རློབ་པར་བྱེད་པ་ཉིད་དབང་ཡིན་

ནོ་ཞེས་བྱ་བའི་ལུགས་ཀྱང་སྟོན་པར་འགྱུར་བ་ཡིན་ཏེ། འདི་ནི་དེ་ལ་ལྟོས་ནས་བརྗོད་པ་ཡིན་ནོ། །དབང་པོའི་རྗེས་སུ་འབྲངས་པའི་ཡིད་ཤེས་པ་ཡང་དེ་ཡིན་ལ་གཞན་ཡང་ཡིན་པ་སྟེ། དེའི་རང་བཞིན་དང་འདྲ་བའི་རང་བཞིན་དུ་འདི་འགྱུར་ཏེ། གསལ་བས་གཅད་པའི་རྣམ་པ་ཅན་དུ་

འགྱུར་རོ། །དེ་ལྟ་མ་ཡིན་ན་དེ་དབང་པོ་ལས་སྐྱེ་ཡང་དེ་ལྟར་མི་འགྱུར་ན། དེའི་ཚེ་དབང་པོ་དེའི་རྒྱུ་ལས་དེའི་རང་བཞིན་མ་ཡིན་པ་འབྱུང་ནས་ཏེ། ཅི་སྐད་བཤད་པ་ལས་རྣམ་པར་རྟོག་པ་འབྱུང་བ་ཡིན་ན། རྣམ་པར་རྟོག་པ་དེའི་རང་བཞིན་དེ་གང་ལས་འབྱུང་བ་ཡིན་ཏེ།

དེའི་ཕྱིར་རྒྱུ་མེད་པར་འགྱུར་རོ། །འདི་ལ་གཞན་གྱིས་གལ་ཏེ་ཞེས་སྨྲས་སོ། །མེ་ལས་དུ་བ་དང་། ཐལ་བ་སྐྱེ་བ་ལ་ཚོགས་ཐ་དད་པ་ཡོད་པ་ཡིན་ཏེ། བུད་ཤིང་ལ་ཡོད་པའི་སྙིང་པོ་མ་ཡིན་པ་མེ་དང་བཅས་པ་ནི་ཐལ་བ་སྐྱེད་ལ། ཤིན་དུ་སྙིང་པོ་མ་ཡིན་པ་ནི་དུ་བ་སྐྱེད་པར་བྱེད་

པ་ཡིན་ན། འདིར་མི་གཅིག་ཤེས་པ་མི་འདྲ་བ་གཉིས་བསྐྱེད་པ་ལ་རྟེན་ཅི་ཡོད་སྙམ་ན། ཚོགས་པ་ཐ་དད་པ་ནི་ཞེས་བྱ་བའོ། །རྩོད་པ་འདི་ལ་དེ་ཉིད་ཡང་རྣམ་པ་གཞན་དུ་བཤད་པས་ལན་འདེབས་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་དེ་བློ་བཞིན་དུ་ཞེས་གསུངས་སོ། །

རང་གི་ཚིག་ལེའུར་བྱས་པ་དང་བཅས་པ་རྩ་བའི་དོན་གསལ་འདེབས་པ་ནི། དབང་པོའི་བློ་ནི་ཞེས་བྱ་བའོ། །དེ་ལྟར་དབང་པོ་ལས་སྐྱེས་པར་རོ། །དབང་པོ་ལས་སྐྱེས་པ་དེ་ཡིན་ནའོ། །དབང་པོའི་རྗེས་སུ་མི་འབྲངས་པ་ཉིད་གསལ་བར་བྱེད་པ་ནི་དབང་པོ་ལས་ནི་ཞེས་བྱ་བའོ། །

เล่ม ๑๘๔ · หน้า 65a

ཉེ་བ་མེད་པ་ནི་ཉེ་བར་མི་གནས་པའོ། །རྩོད་པ་དེ་ཉིད་ལ་ཡང་རྣམ་པ་གཞན་དུ་བཤད་པས་ལན་དུ་འགྱུར་བར་སྟོན་པ་ནི་གང་རྣམ་པར་འགྱུར་ཡང་ཞེས་བྱ་བའོ། །གལ་ཏེ་འཛིན་འགྱུར་ཕྱིར་ཞེས་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་ན་རྣམ་པར་ཤེས་པར་འགྱུར་རོ་ཞེས་

བརྗོད་ཅེ་ན། འཛིན་པ་ནི་རྣམ་པར་ཤེས་པ་ཉིད་དོ་ཞེས་གསུངས་སོ། །ཅི་སྟེ་དེ་འགྱུར་བས་འགྱུར་བ་མ་ཡིན་ན་ཞེས་བྱ་བ་ནི་མིག་བཙུམ་ལ་ཡང་རྣམ་པར་རྟོག་པར་འགྱུར་བ་མེད་པར་གནས་པའི་ཕྱིར་རོ། །ལན་འདི་ཉིད་དོ་ཞེས་བྱ་བ་ནི་ཕྱོགས་སོ་སོར་སུན་ཕྱུང་བ་ཉིད་དེ་ཚོགས་པ་གཞན་མེད་པའི་

ཕྱིར་རོ། །ཤེས་པ་སྐྱེད་པའི་ནུས་པ་གང་ཡིན་པ་དེ་ཐ་དད་པ་སྟེ། སོ་སོ་སོ་སོར་གྱུར་པའི་ཕྱིར་ཏེ་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཞན་ལ་ལྟོས་ནས་ནུས་པ་ཡིན་ན་དེའི་ཚེ་ཚོགས་པ་སྐྱེད་བྱེད་ཡིན་པས་ན་གཅིག་མེད་ཀྱང་ཚོགས་པ་མེད་པའི་ཕྱིར་ཡིད་ཀྱི་ཤེས་

པ་མི་སྐྱེ་བར་འགྱུར་རོ། །ཀྱང་གི་སྒྲས་ནི་ཞེས་བྱ་བས་ནི་ནུས་པ་ཐ་དད་ཕྱིར་ཞེས་བྱ་བ་འདིའི་དེ་མ་ཐག་ཏུ་བལྟ་བར་བྱ་བས་སོ། །ཀུན་ལས་ཀྱང་ནི་ཞེས་བརྗོད་པ་གང་ཡིན་པ་དེ་ནི་ཁ་བསྐངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་གསུམ་པོའི་དབང་དུ་བྱས་ནས་བཤད་པ་ནི་སེམས་

ཉིད་མེད་ཕྱིར་ཞེས་བྱ་བའོ། །སྐྲ་དང་སེན་མོའི་རྩེ་མོ་ལ་སོགས་པ་དབང་པོ་མེད་པ་ལས་སོ། །དེ་ནི་འདོད་པ་ཉིད་ཡིན་ཏེ། དབང་པོའི་ཤེས་པ་དང་བྲལ་བ་ནི་སྤང་བར་མི་ནུས་པའི་ཕྱིར་རོ། །འོན་ཏེ་འདི་གཏན་ཚིགས་ཅི་ལྟར་ཡིན་ཏེ། མ་ངེས་པའི་ཉེས་པས་ཉེས་ཆགས་པའི་ཕྱིར་རོ། །དེ་ཉིད་

སྟོན་པ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། གལ་ཏེ་སྐྲ་དང་སེན་མོའི་རྩེ་མོ་ལ་སོགས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མེད་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་མེད་པར་སྒྲུབ་ན་དེའི་ཚེ་དེ་ཉིད་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱང་ཡིན་པས་དམ་

བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་དོ། །ཚོར་བྱེད་ཉིད་ཅེས་བྱ་བ་ནི་ཚོར་བར་བྱེད་པའི་ཚོར་བ་དེ་བྱེད་པ་སྟེ། ཚོར་བ་ཅན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་སྐྱེ་བ་དང་པོར་སྐྲ་དང་སེན་མོའི་རྩེ་མོ་ལ་སོགས་དེ་ལས་ཡིད་ཀྱི་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་ཅི་ལྟར་རྟོགས། དཔེར་ན་ལུས་དང་ལྕེ་ལ་

เล่ม ๑๘๔ · หน้า 65b

སོགས་པ་ཤིན་དུ་ཉེ་བ་ན་གནས་པ་ལས་རང་གི་ཤེས་པ་དང་རྗེས་སུ་འབྲེལ་པར་རྟོགས་པས་ན་གཞན་གྱི་ཚེ་ཤེས་པའི་ཉེ་བར་ལེན་པའི་རྒྱུ་ཡང་ཡིན་ནོ་ཞེས་རེས་འགའ་འཁྲུལ་པ་རྟེན་པར་ཡང་འགྱུར་བ་ཡིན་ནོ། །སྐྲ་དང་སེན་མོའི་རྩེ་མོ་ལ་སོགས་པ་ནི་དེ་ལྟར་རང་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་

སུ་བྱེད་པའི་ཚོར་བ་དང་ལྡན་པར་རྟོགས་པ་མ་ཡིན་ན། གང་གིས་རེས་འགའ་དེའི་ཉེ་བར་ལེན་པའི་ཐ་སྙད་ལ་བརྟེན་པར་འགྱུར། གྲང་བ་བྱེད་པར་ནམ་ཡང་མ་དམིགས་པའི་མེ་ནི་གྲང་བའི་རྒྱུ་ཉིད་དུ་ཐ་སྙད་བྱ་བར་འཐད་པ་མ་ཡིན་ནོ། །དེ་ནས་གཞན་གྱི་ཚེ་དེ་ལྟར་མ་དམིགས་པའི་ཕྱིར་སྐྱེ་

བ་ནི་དང་པོའི་སེམས་སྐྱེ་བ་ན་དེ་ལྟར་ཡིན་པ་དགག་པ་བསྒྲུབ་པར་བྱ་བ་ཡིན་པས་ཉེས་པ་མེད་དོ། །གལ་ཏེ་དེ་ཉིད་ཀྱི་ཚེ་སེམས་མེད་པའི་ཕྱིར་སེམས་མི་སྐྱེ་བར་བརྗོད་ན། དེའི་ཚེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཉེས་པར་འགྱུར་རོ། །རང་ཉིད་འཐད་པ་གཞན་འཆད་པ་

ནི་དེ་དང་འབྲེལ་པ་ཉིད་ཡིན་ན་ཞེས་བྱ་བའོ། །ཐ་མི་དད་པའི་ཕྱིར་ཞེས་བྱ་བ་ལ་ཐ་དད་པར་གྱུར་པ་ན་ཐ་དད་པ་སྟེ་སོ་སོར་གནས་པ་ཐ་མི་དད་པ་ནི་སོ་སོར་མི་གནས་པ་སྟེ། ལྷན་ཅིག་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡིན་པ་ཅིའི་ཕྱིར་ཞེ་ན། ནུས་པ་དེ་ལྟར་གནས་པའི་ཕྱིར་ཞེས་བྱ་བའོ། །

ལས་དེའི་ནུས་པ་ནི་ཅི་ལྟར་ལྷན་ཅིག་ཉིད་དུ་གནས་པར་བྱེད་པ་དེ་ཁོ་ན་ལྟར་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སློང་བ་ནི་གཡོ་བ་མེད་པ་སྟེ་ཞན་པ་ཞེས་པ་བྱའི་དོན་ཏོ། །དོན་དེ་གཟུང་བར་བྱ་བའི་ངེས་པར་རྟོགས་པ་ཙམ་ཡོ་ག་ཡིན་པ་སྒོའི་གནས་ལྟ་བུ་ཡིན་ཏེ་དེས་ཞེས་བྱ་བའི་དོན་ཏོ། །གདུང་

བ་མི་བཟོད་པ་ཞེས་བྱ་བ་ནི་འཆད་པ་སྟེ། གདུང་བའི་རྒྱུ་མཚན་གྱིས་བརྡེག་པ་ལ་སོགས་པ་མི་བཟོད་པ་དེ་ལྟར་མི་འདོད་པའོ། །ཅི་ལྟར་མི་བཟོད་ཅེ་ན་དེ་གོམས་པས་ཏེ་གདུང་བའི་རྒྱུ་ཉིད་གོམས་པས་སོ། །གང་གི་ཆོ་མི་བཟོད་ཅེ་ན་དེ་ཡིད་ལ་མནོས་པས་ན་སྟེ། གདུང་བའི་རྒྱུ་ཡིད་ལ་མནོས་

པས་ནའོ། །དོན་འདི་ཡིན་ཏེ། གང་གི་ཚེ་མཚོན་བརྡེག་པ་ལ་སོགས་པ་ཡིད་ལ་བྱེད་པས་དམིགས་པར་གྱུར་པ་དེའི་ཚེ་སྡུག་བསྔལ་གྱི་རྒྱུ་ཉིད་དུ་བསྒོམས་པས་དེ་མི་བཟོད་པ་ནི་ཡིད་ཀྱི་རྣམ་པར་འགྱུར་བ་གདུང་བའི་མཚན་ཉིད་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འདི་ཉིད་གསལ་བར་བྱེད་

เล่ม ๑๘๔ · หน้า 66a

པ་ནི་ཡིད་ཀྱི་དམིགས་པས་ཞེས་བྱ་བ་སྟེ། རང་གི་ཤེས་པས་མྱོང་བས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དམིགས་པ་ཉིད་རྟེན་མ་ཡིན་ནམ། དེ་ཅི་ལྟར་ན་རྟེན་དུ་འགྱུར་བ་ནི་མ་ཡིན་ཞེས་བརྗོད་ཅེ་ན། དམིགས་པའི་ཞེས་གསུངས་སོ། །ཕྱི་རོལ་ནི་ནད་ལ་སོགས་

པས་ཉམས་པ་ལྟ་བུའི་ལུས་སོ། །དེ་ཞེས་བྱ་བ་ནི་ཕྱི་རོལ་ལོ། །བརྗོད་པར་འདོད་པའི་ལྷག་མ་སྟོན་པ་ནི་དེ་མེད་ཀྱང་ཞེས་བྱ་བ་སྟེ། ང་ལ་མཚོན་ཕོག་པར་འོང་ངོ་ཞེས་བྱ་བའི་རྣམ་པར་རོ། །དེའི་ཕྱིར་གནོད་པར་བྱེད་པ་ཡོད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པས་སྒྲོ་བཏགས་པ་རྣམ་པ་ཕྱི་དང་ནང་

ཡང་རིག་པ་ཡིན་གྱི། ཕྱིའམ་ནང་གི་གནོད་པར་བྱེད་པ་ནི་རང་གི་ངོ་བོས་རིག་པ་མ་ཡིན་ནོ། །དེས་ན་སྒྲོ་བཏགས་པའི་རྣམ་པ་དེའི་འགྱུར་བས་ཡིད་དེ་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུན་ཕྱི་མའི་རང་བཞིན་དུ་གྱུར་པ་རྣམས་དེར་འགྱུར་ཏེ། རྣལ་དུ་གནས་པ་མ་ཡིན་པའི་གནས་སྐབས་སུ་

འགྱུར་རོ། །འདི་ཙམ་གྱིས་ནི་རྣམ་པར་འགྱུར་བ་ལས་སམ། རྣམ་པར་འགྱུར་བ་བསྒྲུབ་པའི་སྒོ་ནས་ཀྱང་རུང་སྟེ། ཕྱིའམ་ནང་གི་རྟེན་མ་ཡིན་ཏེ། སྒྲོ་བཏགས་པ་ཉིད་རྣམ་པར་འགྱུར་བའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །དངོས་པོ་དམིགས་བཞིན་པ་ཉིད་རྣམ་པར་འགྱུར་བར་བྱེད་པ་ཡིན་མོད་

དེ་ལྟ་ན་ཡང་དམིགས་པ་ཉིད་ནི་རྟེན་མ་ཡིན་ཏེ། བསྟན་མ་ཐག་པ་ཁོ་ནའི་ཕྱིར་རོ་ཞེས་བརྗོད་པ་ནི། རྟེན་དང་དམིགས་པ་དག་ནི་ཞེས་བྱ་བའོ། །དེ་ནས་ལུས་དེའི་རྟེན་མ་ཡིན་ནོ་ཞེས་བྱ་བ་ནི་དམིགས་པ་ཡིན་ཡང་ཡིད་ཀྱི་ཤེས་པའི་རྟེན་ནི་མ་ཡིན་ནོ། །དེས་ན་ང་དང་ངའི་ཞེས་བྱ་བ་ལ་

སོགས་པའི་རྣམ་པས་འཇུག་པ་ཉོན་མོངས་པ་ཅན་ཏེ་དེ་ཉིད་ནི་འཁོར་བ་ཡིན་ནོ་སྙམ་དུ་དགོངས་པའོ། །འོ་ན་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་གང་ཡིན་ཞེ་ན། དེའི་རྟེན་གང་ཡིན་པ་ཀུན་གཞི་རྣམ་པར་ཤེས་པ་དེ་ནིའོ། །ལུང་ལས་གྲུབ་པ་དེ་ཡང་བརྟགས་པར་ཡོད་པ་ཡིན་ཏེ། རྟེན་མེད་

པ་ནི་བཟོད་པ་རྗེས་སུ་གཟུང་བའི་དོན་དུ་བཤད་པ་ཡིན་ནོ་ཞེས་བསམས་པའོ། །དེ་ཉིད་ཀྱི་ཕྱིར་དོན་དམ་པར་དམིགས་པ་དང་། རྟེན་གྱིས་སྟོང་པར་སྟོན་པ་ནི་སྔ་ཕྱིར་སྒྲོ་བཏགས་པ་ཞེས་བྱ་བའོ། །ང་དེ་དང་དེ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་ནི་སྒྲོ་བཏགས་པ་ཙམ་ཡིན་ནོ། །དམིགས་པ་ཡིན་ཏེ་

เล่ม ๑๘๔ · หน้า 66b

དེའི་རྣམ་པར་ཤེས་པ་སྣང་བའི་ཕྱིར་རོ། །དེ་ཡང་འཁྲུལ་པས་ན་དམིགས་པ་མེད་པའོ། །རྟེན་མེད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་བརྟགས་ཡོད་དུ་སྟོན་པའི་ཕྱིར་རོ། །དེས་ན་བློ་ཉིད་བློའི་རྟེན་ནོ་ཞེས་བྱ་བར་རིགས་སོ། །དེ་རྒྱུ་ཞེས་བྱ་བ་ནི་ཁྱད་པར་ཅན་ཏེ། བདག་ལྡོག་པས་ཟློག་པར་

བྱེད་པའོ། །དཔེར་ན་འོད་དང་དུ་བ་ལ་སོགས་པ་ལ་སྒྲོན་མ་དང་མེ་ལ་སོགས་པ་བཞིན་ནོ། །འདི་ཡོད་ན་ཞེས་བྱ་བར་གསུངས་པ་ནི་བདུན་པ་ཞེས་བརྗོད་དོ། །དེ་ཉིད་ནས་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་བའི་ཆོགས་ནི་སྐྱེས་ཕྱིར་ཞེས་བྱ་བས་མཚོན་ཏོ། །དེ་ལྟ་ཡིན་དང་འདི་ལས་སྐྱེས་ཞེས་

བྱ་བ་ཡང་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་ལས་ལྔ་ཞེས་འཆད་པར་འགྱུར་རོ། །རྒྱུ་ལོག་པས་བཟློག་པར་བྱ་བའི་འབྲས་བུ་གང་ཡིན་པ་དེའི་ཕན་འདོགས་པར་བྱེད་པའོ། །གང་ཞིག་རེས་འགའ་ཞེས་བྱ་བ་ལ་ལུས་ཀྱི་བསྐུ་བྱུག་ལ་སོགས་པ་ལྟར་རོ། །འདི་ཙམ་གྱིས་ནི་རང་ལོག་

པས་ཟློག་པར་བྱེད་པ་ཉིད་ནི་རྟག་ཏུ་རྗེས་སུ་འཇུག་པ་ཉིད་ཀྱིས་ཁྱབ་པར་བརྗོད་པ་ཡིན་ནོ། །བློ་ལ་ནི་ལུས་དེ་ལྟར་མ་ཡིན་པར་བརྗོད་པ་ནི་ལུས་ཡོད་པ་ནི་ཞེས་བྱ་བའོ། །ཡིད་ལ་རྟག་ཏུ་ཕན་འདོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །ཁྱབ་པར་བྱེད་པར་མི་དམིགས་པ་མ་གྲུབ་པ་སྤང་པ་ནི་

སེམས་སྔ་མ་ཙམ་ཞེས་བྱ་བའོ། །ལུས་སྔ་མ་ཁོ་ན་བཞིན་གནས་ཀྱང་སྐྲག་པ་དང་མྱ་ངན་ལ་སོགས་པས་ཡིད་ཕྱི་མ་འགྱུར་བར་མཐོང་བའི་ཕྱིར་རོ། །རྟག་ཏུ་རྗེས་སུ་འཇུག་པ་མེད་པ་དེའི་ཕྱིར་རོ། །ཉེ་བར་ལེན་པའི་སེམས་དེས་ཉེ་བར་བསྟན་པ་དེ་ཡོངས་སུ་བཟུང་བ་ལས་སོ། །དེ་ལྟར་ལུས་

མེད་ཀྱང་ཡོད་པར་དོགས་པས་ན་རྟག་ཏུ་རྗེས་སུ་འཇུག་པ་མེད་པའི་ཕྱིར་རང་ལོག་པས་ལྡོག་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོར་སྒྲུབ་པའི་ཚད་མ་ཡང་མེད་དོ་ཞེས་བསྟན་པའི་དོན་དུ་ལུས་ནི་ཞེས་བྱ་བའོ། །

རང་ངམ་གཞན་འགའི་ས་ཞེས་འབྲེལ་ཏོ། །རྣམ་པ་གཞན་ནི་མ་སྐྱེས་པས་སོ། །རིག་པ་ཞེས་བྱ་བ་ནི་ཐམས་ཅད་དུ་འབྲེལ་ཏོ། །དེ་ལ་སྐྱེས་པ་དང་མ་སྐྱེས་པའི་ཕྱོགས་སེལ་བ་ནི་དེ་ལ་རེ་ཞིག་ཅེས་བྱ་བའོ། །གཞལ་ཞེས་བྱ་བ་ནི་ངའི་ཞེས་རང་གི་ངོ་བོ་ལ་དམིགས་པ་ཞེས་འབྲེལ་ཏོ། །ཡང་ན་

เล่ม ๑๘๔ · หน้า 67a

དེ་ལྟར་རང་གི་ངོ་བོ་ལ་དམིགས་པའམ། གཞན་ལ་ཞེས་བྱ་བར་ཐ་དད་པར་དམིགས་པ་ལའོ་ཞེས་བཤད་པར་བྱའོ། །དེ་རྟོགས་པ་ཉིད་ནི་དམིགས་པ་རྟོགས་པ་ཉིད་དོ། །གཞན་ཏེ་དམིགས་པ་མ་ཡིན་པ་རྒྱུ་དང་འབྲས་བུའི་དངོས་པོའོ། །གང་ཞིག་རྟོགས་པ་

བཀག་པ་དེའི་རྣམ་པར་བརྗོད་པ་ནི་བདག་འདི་ལས་སྐྱེས་སོ་ཞེས་བྱའོ། །འོ་ན་ཞེས་བྱ་བ་ནི་གཞན་གྱི་དེ་དག་ལ་ཡང་རྣམ་པར་རྟོག་པ་དེ་དག་ཉིད་ཉམས་པ་མེད་པའི་ཕྱིར་རོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །རྟོགས་པར་འགྱུར་བ་ཉིད་ཅེས་བྱ་བ་ལ་ཉེ་བའི་ཕྱིར་མི་ཕྱེད་པ་ཉིད་

ལས་ཡིན་ནོ། །མིག་ཕྱེ་བ་ཉིད་ཅེས་བྱ་བ་ནི་དེ་ལས་སྔར་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ནི་མིག་གི་བྱེད་པ་མེད་ལ། སྔོན་པོ་ལ་སོགས་པ་རྟོགས་པ་ཡང་མེད་པའི་ཕྱིར་ལྡོག་པ་བསྒྲུབས་པ་མི་དམིགས་པའི་བྱེད་པ་བསྟན་པ་ཡིན་ལ། དེ་མ་ཐག་ཏུ་གཟུགས་

མཐོང་བ་ཉིད་དུ་རྟོགས་པར་འགྱུར་བ་ཡིན་ཞེས་བྱ་བ་ནི་རྗེས་སུ་འཛིན་པ་རིམ་གྱིས་བྱུང་བའི་མངོན་སུམ་གཉིས་ཀྱི་བྱེད་པ་བསྟན་པའོ། །འདི་ཡང་སྔར་ཉམས་སུ་མྱོང་བ་ཡོད་ན་འགྱུར་བ་ཡིན་ན། སྐྱེ་བ་དང་པོའི་སྔོན་རོལ་དུ་ནི་ཉམས་སུ་མྱོང་བ་སྲིད་པ་མ་ཡིན་ནོ་ཞེས་ཞེ་ལ་བཞག་ནས་སྐྱེ་བ་

དང་པོར་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཤེས་པ་སྔ་ན་མེད་པ་ཞེས་གསུངས་སོ། །གཞན་གྱིས་ཀྱང་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་པ་སློང་བ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་ཉིད་དོ། །སྐྱེ་བ་དང་པོ་ལས་སྔ་ན་ཡིད་ཀྱི་རྣམ་པར་ཤེས་པ་

མེད་པ་གཞན་གྱིས་ཀྱང་ག་ལ་རྟོགས་ཏེ། སེམས་ནི་སྔར་མེད་པ་ལས་ལུས་ཡོད་ན་ཡོད་དོ་ཞེས་ངེས། དེ་ནི་གཞན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཕྱིར་བལྟར་རུང་བ་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་ཡིན་དང་གཉིད་ལོག་པ་ལ་ཤེས་པ་ཡོད་པ་ཡིན་ལ། དེ་ལས་

སད་པ་ལས་སྔར་ཤེས་པ་དམིགས་སུ་མེད་པ་ན། རྨི་ལམ་གྱི་གནས་སྐབས་ཀྱི་རྣམ་པར་ཤེས་པ་མེད་པར་རྟོགས་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་བལྟ་བར་མི་ནུས་པ་ཡང་མཐོང་བ་ཙམ་གྱིས་འགོག་ན། དེའི་ཚེ་རྨི་ལམ་གྱི་གནས་སྐབས་ཀྱི་ཚོར་བ་ཡང་འགོག་པར་ཐལ་

เล่ม ๑๘๔ · หน้า 67b

ལོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །རང་རིག་པ་ཉིད་ནི་རང་གི་དྲན་པ་ཁོ་ནའོ། །དེས་ན་མ་དྲན་པའི་ཕྱིར་རྨི་ལམ་ན་བློ་ཡོད་པར་འགྱུར་བ་མ་ཡིན་པ་ཁོ་ནའོ། །ཅིག་ཡོད་ཀྱང་བརྗེད་པ་འགྱུར་ཞེས་བྱ་བ་ནི། གསལ་བ་མེད་པའི་ཕྱིར་ཤེས་པ་བརྗེད་པའོ། །

གསལ་བ་མེད་ན་ནི་ཉམས་སུ་མྱོང་བ་ཡོད་ཀྱང་བརྗེད་པ་མཐོང་བ་ཁོ་ནའོ། །འདི་ལྟར་སད་པས་བྱས་པ་ནི་རྨི་ལམ་དུ་མི་དྲན་ཏེ། དྲན་ན་ནི་དེའི་མོད་ལ་རྨི་ལམ་འདི་གནས་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་བ་ན་དེ་ལྟ་ཡང་མ་ཡིན་ནོ། །དེ་ལྟ་ན་ཡང་རྨི་ལམ་གྱི་ཤེས་པ་དེ་ནི་སད་པའི་

ཤེས་པ་དེ་ཉིད་ལས་ཡིན་ནོ། །དེ་བཞིན་དུ་སྲིད་པ་སྔ་མའི་རྣམ་པར་ཤེས་པ་དྲན་པར་མ་གྱུར་པ། བལྟར་མི་རུང་བས་ན་དགག་པར་མི་ནུས་པ་ལས་ཤེས་པ་འདི་འབྱུང་བ་ཡིན་ནོ་སྙམ་དུ་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ནི། གལ་ཏེ་ཡང་གཉིད་ལོག་པའི་གནས་སྐབས་ན་རྨི་ལམ་

གྱི་རྣམ་པར་ཤེས་པས་སད་པའི་རྣམ་པར་ཤེས་པའི་དེ་མ་ཐག་ཏུ་སྐྱེས་པ་ཡིན་ནོ་ཞེས་སུས་ཀྱང་རྟོགས་པ་མ་ཡིན་པ་དེ་ལྟ་ན་ཡང་སད་པ་ན་གཉིད་ལོག་པ་ལས་ལངས་པ་སྟེ། ང་ལས་ནི་སད་པའི་ཤེས་པའི་དེ་མ་ཐག་ཁོ་ནར་རྨི་ལམ་གྱི་རྣམ་པར་ཤེས་པ་སྐྱེས་པར་གྱུར་ཏོ་ཞེས་རྟོགས་སོ་ཞེ་ན།

སྐྱེ་བ་དང་པོའི་ལུས་ཐོབ་པ་འདི་ཡང་སད་ནས་སྐྱེ་བ་སྔ་མའི་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་འདི་སྐྱེས་སོ་ཞེས་བྱ་བར་མི་རྟོགས་ཞེས་བྱ་བ་དེ་ག་ལས་ཡིན། གང་གི་ཚེ་ཡང་རུང་སྟེ་དེ་འདྲ་བའི་སྨོས་པའི་གཉེན་པོ་ཡང་དག་པའི་ཤེས་པ་སྐྱེས་པའི་མཚན་ཉིད་ཅན་སད་པར་གྱུར་པ་ན་སྐྱེ་བ་

གཞན་རྟོགས་པར་བྱ་བ་ཡིན་ནོ་སྙམ་དུ་དགོངས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །ལུས་འདི་ལོག་ནའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ལྕི་བ་དེའོ། །བསམ་པ་ནི་ལྕི་བ་ལས་ཨུཏྤལ་སྐྱེ་བ་ཡིན་ལ་ཕྱིས་ནི་དེ་མེད་ཀྱང་ཨུཏྤལ་ཉིད་ལས་སྐྱེ་བ་ཡིན་ཞིང་དེ་ལྟ་ན་ཡང་དང་

པོའི་ལྕི་བ་མེད་ན་མི་སྐྱེ་བ་ཁོ་ནའོ། །དེ་བཞིན་དུ་དང་པོ་ནི་ལུས་ལ་སེམས་སྐྱེ་ལ། ཕྱིས་ནི་དེ་མེད་ཀྱང་སེམས་ལས་སྐྱེ་བ་ཡིན་ནོ། །དེ་ལྟ་ན་ཡང་དང་པོ་ནི་ལུས་མེད་པར་སེམས་མི་སྐྱེ་བ་ཁོ་ནའོ། །དེས་ན་གང་ཞིག་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྔོན་དུ་

เล่ม ๑๘๔ · หน้า 68a

འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་དེ་ཡང་མ་ངེས་པ་ཡིན་ནོ། །དེས་ན་སྲིད་པ་སྔ་མ་མ་གྲུབ་བོ་ཞེས་བྱ་བ་འདི་ཡིན་ནོ། །ལན་དུ་དེ་ཡང་གྱི་ན་སྟེ་ཞེས་བྱ་བའོ། །ལྕི་བ་དེ་མེད་པར་ནི་ཨུཏྤ་ལ་ལས་མ་མཐོང་བ་

ཉིད་དོ། །འོན་ཏེ་མ་ངེས་པར་བརྩད་པས་སྲིད་པ་སྔ་མ་མ་གྲུབ་པ་ལ་འདི་ནི་དཔེ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཤེས་པ་དེ་ལས་བཟློག་པ་ཡིན་ཏེ། དང་པོ་ཅི་འདྲ་བ་སྲིད་པ་དེ་འདྲ་བ་ཁོ་ན་ཕྱིས་ཀྱང་མཐོང་བ་ཡིན་ནོ། །དེས་ན་ཅི་ལྟར་དབུས་ཀྱི་གནས་སྐབས་

ན་ཡིད་ཀྱི་རྣམ་པར་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པ་དེ་བཞིན་དུ་སྐྱེ་བ་དང་པོའི་ཡང་ཡིན་ཏེ་དེ་འདྲ་བ་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །འཆད་པ་ནི་ཅི་འདྲ་བའི་ཨུཏྤལ་ཞེས་བྱ་བའོ། །ཨུཏྤ་ལའི་དཔེ་དེས་སོ། །རྣམ་འགྲེལ་གྱི་ལྷག་མ་བཤད་པའི་དོན་དུ་གཞན་སློང་བར་བྱེད་པ་

ནི་གལ་ཏེ་ཞེས་བྱ་བའོ། །མི་གསུང་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོ་མངའ་བའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་འདི་ནི་སྔར་སྦྱར་ཟིན་ཏོ། །ངག་གཅིག་ཉིད་བསྟན་པའི་ཕྱིར་འདི་ཡོད་ན་ཞེས་བྱ་བའོ། །རྒྱུ་མཚན་གྱི་བདུན་པ་ཞེས་བྱ་བ་ནི་གྱུར་ནའི་བདུན་པ་ཉིད་རྒྱུ་མཚན་གྱི་དོན་

བསྟན་པའི་ཕྱིར་རྒྱུ་མཚན་གྱི་བདུན་པར་བཤད་པ་ཡིན་ཏེ་ཡོད་ན་ཞེས་བྱ་བ་འདི་ནི་ངེས་པར་གཟུང་བ་ལྷུར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་རྟག་ཏུ་རྗེས་སུ་འཇུག་པར་ཅི་ལྟར་འགྱུར་སྙམ་ན། གཞན་དུ་ན་ཞེས་གསུངས་སོ། །གང་ཞིག་གང་མེད་པར་རྒྱུན་ཆགས་པར་མི་འབྱུང་བ་དེ་

ནི་དེའི་རྒྱུ་མཚན་དུ་གྲགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ལྔ་པ་ཡང་རྟག་ཏུ་རྗེས་སུ་འཇུག་པ། རྗོད་པར་བྱེད་པ་ཡིན་ནོ་ཞེས་བཤད་པ་ནི་ལྔ་པ་ཡང་ཞེས་བྱ་བའོ། །དེ་ལས་ཅིར་འགྱུར་ཞེ་ན། འབྱུང་ཁུངས་ཉིད་ཀྱང་ཞེས་གསུངས་ཏེ། སྐྱེ་བ་བྱེད་པ་པོ་ལས་འབྱུང་བ་ཞེས་བྱ་

བྱ་བའི་ཚིག་འདིས་ཤེས་པར་བྱའོ། །དེ་ལ་སྐྱེ་བ་ཞེས་བྱ་བའི་དོན་ལྷུར་གྱུར་པའི་ཕྱིར་སྐྱེ་བ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་ཡང་འབྱུང་ཁུངས་ཀྱི་མིང་དུ་འགྱུར་བ་ཁོ་ནའོ། །པཱ་ཎི་ནི་མདོར་ནི་པྲ་ཀྲི་ཏའི་སྒྲ་ཉེ་བར་ལེན་པའི་རྒྱུ་བརྗོད་པ་ལ་སྦྱར་རོ། །འདི་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་

เล่ม ๑๘๔ · หน้า 68b

རྒྱུ་ཙམ་འཛིན་པར་བྱ་བའི་ཕྱིར་དེའི་གནས་སུ་འབྱུང་བའི་སྒྲ་བཞག་ནས་མཚན་ཉིད་བྲིས་སོ། །དེ་ལྟ་ན་ཡང་སྐབས་ལ་ཅི་ཕན་སྙམ་ན། འབྱུང་ཡང་ཞེས་གསུངས་སོ། །འདི་ལས་འབྲས་སུ་རྒྱུན་ཆགས་སུ་འབྱུང་བ་ཤེས་རབ་ཀྱི་དོན་ཏོ། །དེས་ན་རྟག་ཏུ་རྗེས་སུ་འབྲེལ་པ་བསྟན་པ་ཉིད་

དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྟག་ཏུ་རྗེས་སུ་འཇུག་པ་ཉིད་ཀྱིས་ནི་རང་ལོག་པས་ལོག་པར་བྱེད་པ་ཉིད་ཁྱབ་པ་ཡིན་ནོ། །ལུས་ལ་ནི་དེ་མེད་པའི་ཕྱིར་ལོག་པར་བྱེད་པ་ཉིད་མེད་ཀྱང་འཇིག་རྟེན་ཕ་རོལ་སྲིད་པ་ཙམ་ཡིན་པའི་ཕྱིར། ཅི་ལྟར་རྗེས་སུ་འབྲེལ་པའི་བཤད་པ་བྱས་ཀྱང་མ་

རངས་པར་རྣམ་འགྲེལ་གྱི་ཡེ་ཤེས་དང་རྗེས་སུ་མཐུན་པ་ཉིད་དུ་རང་གི་བཤད་པ་དགོད་པའི་ཕྱིར་ཡང་ན་བདག་ཅག་གིས་ཞེས་གསུངས་སོ། །སྐྱེ་བ་དང་པོ་རྣམ་པར་ཤེས་པ་དེ་ནིའོ། །རྒྱ་ལ་འགྱུར་རོ་ཞེས་རུང་བ་ཉིད་རྗེས་སུ་དཔོག་ན་འཇིག་རྟེན་ཕ་རོལ་ལེགས་པར་བསྒྲུབ་པར་འགྱུར་

བ་དང་། གཞན་ཐེ་ཚོམ་མེད་པར་འཇིག་རྟེན་ཕ་རོལ་ལ་ཞུགས་པ་ཡང་ལེགས་པ་ནའོ། །དེས་འདི་པའི་འབྲས་བུ་ཉིད་ལ་ཁུར་དགོད་པ་བླའོ། །འཇིག་རྟེན་ཕ་རོལ་ལ་རེ་བས་དོན་སྟོང་པ་ལ་སོགས་པ་དཀའ་བ་སྣ་ཚོགས་པ་ལ་བརྟེན་པས་ནི་གོ་བཅད་དོ་ཞེས་འབད་པའི་སྒྲས་བསྟན་ཏོ། །

འོན་ཏེ་སྔ་མ་བཞིན་དུ་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་འབྱུང་བའི་སྲིད་པར་འགྱུར་བ་ཁོ་ན་ཡིན་ནོ་ཞེས་འདོད་ན། འོ་ན་ནི་རུང་བ་ཉིད་རྗེས་སུ་དཔོག་པ་མ་ཡིན་ཏེ། འོན་ཀྱང་སྐྱེ་བ་གཞན་ཉིད་དོ། །དེ་ལྟ་མོད་ཀྱི་རྒྱུ་ལས་འབྲས་བུ་རྗེས་སུ་དཔོག་པའི་སྐྱོན་དུ་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ་

སྙམ་ན། འདིར་བཤད་པ་ཞེས་གསུངས་སོ། །དེའི་རྗེས་སུ་འཇུག་པས་ཞེས་བྱ་བ་ནི་ཡུལ་དང་དུས་ཁྱད་པར་རོ། །དེ་སྐད་དུ་ཡང་སློབ་དཔོན་ཉིད་ཀྱིས་དོན་གཞན་གོ་བར་བྱ་བ་ལ་འབྲས་བུ་ཉིད་གཏན་ཚིགས་ཡིན་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །འབྱུང་བར་

འགྱུར་བའི་རྒྱུ་ཉིད་ཡིན་ན་ཅི་ལྟར་འབྲས་བུ་ཡིན་ཞེ་ན། ལན་དུ་མ་ཡིན་ཏེ་ཞེས་བྱ་བའོ། །ད་ལྟ་ཡོད་པའི་དངོས་པོ་དེ་འབྱུང་བའི་དངོས་པོའི་འབྲས་བུ་ཡིན་པའི་ཕྱིར་ཏེ་དེ་ནི་འབྲས་བུ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ད་ལྟར་ཡོད་པ་མ་འོངས་པའི་འབྲས་བུར་ཅི་ལྟར་འགྱུར་སྙམ་

เล่ม ๑๘๔ · หน้า 69a

པའི་དོགས་པ་ཞེ་ལ་བཞག་ནས་དོན་འདི་ནི་འཇིག་རྟེན་གྱི་ཐ་སྙད་དུ་གྲུབ་པ་ཁོ་ནའི་ཞེས་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །སེམས་དང་མིག་དང་སྣ་ལ་སོགས་པ་རྣམས་ཀྱི་རྣམ་པར་འགྱུར་བ་ནི་གསལ་བ་དང་། ཡིད་བདེ་བ་དང་། རྨི་ལམ་གྱི་ཁྱད་པར་

དམིགས་པ་དང་འགུལ་བ་དང་ཉམས་པ་ལ་སོགས་པའི་མཚན་ཉིད་ནི་འབྱུང་བར་འགྱུར་བ་དགེ་ལེགས་ལ་སོགས་པ་སྒྲུབ་པར་བྱེད་པ་ཡིན་ཏེ། འབྱུང་བར་འགྱུར་བའི་དགེ་ལེགས་ལ་སོགས་པ་དེའི་རྣམ་པར་འགྱུར་བ་དེ་མཐོང་ལ། དེ་རྣམ་པ་བསྒྱུར་བ་དེ་ཡང་འབྲས་བུ་

ཉིད་དུ་བརྗོད་དོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་སྒྲས་ནི་འདི་སྐད་བརྗོད་དེ། ཧ་ཀྱང་ཐལ་བ་སྤངས་པའི་ཕྱིར་བསྟན་བཅོས་ཀྱིས་མཚན་བྱས་པ་གང་ཡིན་པ་དེ་གལ་ཏེ་འཇིག་རྟེན་གྱི་ཐ་སྙད་དུ་བྱེད་ན་དེའི་ཚེ་སྔར་འབྱུང་བ་ལ་འབྲས་བུའི་ཐ་སྙད་དུ་བྱེད་པ་ཡང་སུས་བཟློག་ཅེས་བྱ་

བའོ། །འོ་ན་འདས་པ་ཞེས་བྱ་བ་ལ་རྒྱུར་མངོན་པར་འདོད་པ་རང་གི་དུས་ལ་ལྟོས་ནས་ནི་བྱུང་བ་དང་འབྱུང་བར་འགྱུར་བ་མ་ཡིན་ཏེ། ད་ལྟར་བ་ཉིད་ཡིན་པའི་ཕྱིར་རོ། །འབྲས་བུའི་དུས་ལ་ལྟོས་ནས་ནི་ཅི་ལྟར་འདི་འབྱུང་བར་འགྱུར་བ་ཡིན་པ་དེ་བཞིན་དུ་གཞན་འདས་པ་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །དེས་ན་དེ་ཡང་འབྲས་བུའི་དུས་ན་མེད་པ་ཉིད་ཡིན་པས་ན་ཅི་ལྟར་ཕན་འདོགས་པར་བྱེད་པ་ཡིན་མ་ཡིན་ཏེ་བྱ་བ་ནི་གཞན་གྱིའོ། །སྐབས་ཀྱིས་ན་སྔར་སྐྱེས་པའི་རྒྱུ་ནི་ཡོད་པའི་ཕྱིར་རོ་ཞེས་བྱ་བའོ། །ལན་དུ་སྐྱེ་བའི་དུས་དེ་ཞེས་བྱ་བའོ། །སྨྲས་པ་འདིའི་བསམ་པ་ནི་འདི་ཡིན་

ཏེ། སྐྱེ་བ་ཞེས་བྱ་བ་ནི་འབྲས་བུའི་ཆོས་ཡིན་པའི་ཕྱིར་རྒྱུ་དེའི་དུས་ན་དུས་མཚུངས་པར་ཐལ་བར་འགྱུར་རོ། །འོན་ཏེ་འབྲས་བུ་སྐྱེད་པར་བྱེད་པའི་དུས་ལ་སྐྱེ་བའི་དུས་སུ་བརྗོད་པར་འདོད་དང་ཞེས་བྱ་བའི་དོགས་པ་བསུ་བ་ནི། གལ་ཏེ་འབྲས་བུ་ལས་སྔ་རོལ་ཞེ་ན་ཞེས་བྱ་བའོ། །འོ་

ན་ནི་དེའི་ཚེ་འབྲས་བུ་མེད་པ་དེས་ན་ཅི་ལྟར་འབྱུང་བར་འགྱུར་བ་མེད་པ་ཕན་འདོགས་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་འབྱུང་བར་འགྱུར་བའི་འབྲས་བུ་ཡང་མེད་པས་ན་ཅི་ལྟར་ཕན་གདགས་པར་བྱ་བ་ཡིན། དེས་ན་མེད་པ་ལ་ནི་ཕན་འདོགས་པ་མ་ཡིན་ནོ། །གཞན་གྱིས་དེ་ཉིད་ཀྱི་

เล่ม ๑๘๔ · หน้า 69b

ཕྱིར་ཞེས་སྨྲས་སོ། །གྲུབ་པའི་མཐའ་སྨྲ་བས་མེད་པ་བྱེད་དོ་ཞེས་བྱ་བའི་དོན་ཅི་ཞེས་དྲིས་པའོ། །གཞན་གྱིས་ལན་དུ་དེའི་དེ་མ་ཐག་ཅེས་བྱ་བའོ། །གྲུབ་པའི་མཐའ་སྨྲ་བས་དེ་མ་ཐག་པ་དེ་ནི་ཞེས་སོ། །དེ་ཉིད་གསལ་བར་བྱེད་པ་ནི་ཅི་ལྟར་ཞེས་བྱ་བའོ། །དེ་མ་ཐག་པ་ཉིད་ཁས་བླངས་ནས་

བརྗོད་པ་ཡིན་ནོ། །དེ་མ་ཐག་པ་མེད་ཀྱང་རྒྱུ་ཉིད་དུ་གདོན་མི་ཟ་བར་འགྱུར་ཞེས་གསུངས་པ་ནི་དེ་མ་ཐག་པ་ཉིད་ནི་ཞེས་བྱ་བའོ། །གཉིད་སྟུག་པོ་ལོག་པའི་གནས་སྐབས་ན་ནི་རང་ངམ་གཞན་གྱི་རྣམ་པར་ཤེས་པ་ཡོད་པ་འམ་མེད་པར་ངེས་པ་ནི་མ་ཡིན་ཞིང་སད་པའི་དུས་སུ་གདོན་མི་ཟ་

བར་དེ་ལྟར་དྲན་པ་ཡང་མ་ཡིན་ནོ། །དེ་སྐད་དུ་ཡང་སྟེ་དངོས་པོ་མེད་པའི་རིག་པ་ཅི་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །རྒྱུ་དེ་ཉིད་དུ་ངེས་པ་ནི་རིང་དུ་སྤངས་པ་ཁོ་ནའོ། །ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བའི་ཕྱིར་ཤ་ཟ་ནི་དུ་བའི་རྒྱུར་ངེས་པ་མ་ཡིན་ནོ། །ལུས་ནི་མཐོང་ཡང་རྒྱུ་མ་ཡིན་

ནོ་ཞེས་བཤད་པ་ནི་དེ་ལ་ལུས་ནི་ཞེས་བྱ་བ་སྟེ་ཤེས་པ་དེ་ལའོ། །ཅིའི་ཕྱིར་ཞེ་ན། དེ་ནི་སྔོན་གྱི་ཞེས་བྱ་བའོ། །འདི་སྙམ་དུ་ལུས་ནི་ཤེས་པའི་རྒྱུ་མ་ཡིན་པ་ཁོ་ནའོ། །འོན་ཀྱང་འདས་ནས་རིང་དུ་ལོན་པའི་རིག་པ་ཉིད་རྒྱུ་ཡིན་ཏེ། གཉིད་སྟུག་པོ་ལོག་པའི་གནས་སྐབས་སུ་ནི་རྣམ་པར་

ཤེས་པ་ཡོད་དམ་མེད་ཐེ་ཚོམ་ཟ་བའི་ཕྱིར་ན་རྒྱུ་འམ་རྒྱུ་མ་ཡིན་པ་ཉིད་དུ་རྣམ་པར་བཞག་པ་ལ་ནུས་པ་མ་ཡིན་ནོ། །འཇིག་རྟེན་རྒྱང་འཕན་པ་ནི་ལུས་རྣམ་པར་ཤེས་པའི་རྒྱུ་ཡིན་པར་བསྒྲུབ་པའི་དོན་དུ་དབུས་སུ་དེ་མེད་པར་འདོད་པ་ཡིན་ན་དེ་མེད་པར་ཁས་བླངས་ཀྱང་ལུས་རྒྱུ་ཡིན་པར་ནི་མི་

འགྲུབ་སྟེ། འདས་ནས་རིང་དུ་ལོན་པ་ཉིད་རྒྱུ་ཡིན་པར་ཚད་མས་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ཉིད་གསལ་བར་བྱེད་པ་ནི། ལུས་དེ་འདྲ་བའི་ཉིད་ན་ཞེས་བྱ་བའོ། །གང་གི་ཚེ་ན་ཚོད་དང་རྒྱགས་པ་ལ་སོགས་པས་ལུས་མཚུངས་པ་གཉིས་གཉིད་མཐུག་པོས་

ལོག་པ་ནའོ། །གལ་ཏེ་དེའི་ཚེ་ཡང་ཁྱད་པར་ཕྲ་མོ་འགའ་ཞིག་ཡོད་པར་འགྱུར་རོ་སྙམ་ན། དེ་ལྟ་ན་འོ་ན་ཤེས་པ་ལ་ཡང་མཚོན་པར་དགའ་བའི་ཁྱད་པར་ཡོད་པར་འགྱུར་ན་ཤིན་དུ་ཡང་རིགས་མི་མཐུན་པར་ནི་མཐོང་བ་ཡིན་ནོ། །དེའི་ཕྱིར་འདས་ནས་རིང་དུ་ལོན་པ་ལས་སྐྱེས་པས་

เล่ม ๑๘๔ · หน้า 70a

རིགས་པ་ཁོ་ནའོ། །ཚོགས་པའི་ཁྱད་པར་འགའ་ཞིག་ལས་ནི་མྱུར་བ་དང་བུལ་བའི་ཁྱད་པར་དུ་གྱུར་ཀྱང་དེ་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོ་འཛིན་པ་ནི་མ་ཡིན་ཏེ་དེའི་རྒྱུ་མཚན་རྗེས་སུ་འགྲོ་བ་དང་ལྡོག་པ་མཚུངས་པའི་ཕྱིར་རོ། །འབྱུང་བར་འགྱུར་བའི་

རྒྱུ་དེ་ཉིད་མཇུག་སྡུད་པས་དེའི་ཕྱིར་ཞེས་གསུངས་སོ། །འབྱུང་འགྱུར་ལ་ཡང་ཞེས་ཡང་གི་སྒྲས་ནི་འདས་མ་ཐག་པ་དང་འདས་ནས་རིང་དུ་ལོན་པ་སྡུད་པའོ། །ཁྱད་པར་གཞན་ནི་ཞེས་བྱ་བ་ནི་སྔ་མ་ཉིད་དམ་དེ་མ་ཐག་པ་ཉིད་དོ། །བདུན་པ་དང་ལྔ་པས་ནི་རྒྱུ་སྔ་མའི་དངོས་པོར་བསྟན་པ་

ཡིན་ནོ་ཞེས་རྣམ་པར་དབྱེ་བ་འདི་གཉིས་གྲུབ་པ་ཡིན་ནོ། །སྔ་མའི་དངོས་པོ་དེ་ལས་ཕྱི་མའི་དངོས་པོར་ཡང་དང་པོས་ཀྱང་བསྟན་པ་ཡིན་སྟེ། དང་པོ་ནི་བསྒྲུབ་བྱའི་རྣམ་པར་དབྱེ་བ་ཡིན་ནོ། །རྒྱུ་མཚན་ཙམ་ཞིག་ཅེས་བྱ་བ་འདིས་ནི། ལུང་ལས་ནི་འདི་རྒྱུ་དང་འབྲས་བུའི་དངོས་པོ་

ཙམ་དུ་བཞེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མ་སྐྱེས་པ་ལ་སྐྱེས་པ་ཡང་ངོ་ཞེས་བྱ་བ་ནི་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་བའི་མཚན་ཉིད་འདི་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཞིག་པ་སྐྱེ་བར་ཡང་ཞེས་བྱ་བ་འདི་ནི་མཚན་ཉིད་གཉིས་

པ་ལྟོས་པས་ཡིན་ནོ། །ཡོད་པ་འམ་སྐྱེས་པར་གྱུར་པ་ཡིན་ནོ་ཞེ་ན། ལན་དུ་འབྱུང་བར་འགྱུར་བ་འདི་ཡང་ཡོད་པའམ་སྐྱེས་པར་འགྱུར་རོ། །འབྱུང་བར་འགྱུར་བ་སྔ་ན་མེད་པ་དང་ངོ་། །སྔ་མ་དང་ཕྱི་མའི་དངོས་པོའི་ཐུན་མོང་རྒྱུ་མཚན་ཙམ་ཞིག་མཚོན་པ་ཡིན་ཏེ་བསྟན་པ་

ཡིན་གྱི། སྔར་གྱི་དུས་དེའི་ཚེ་ཡོད་པ་ཉིད་ནི་བསྟན་པ་མ་ཡིན་ནོ། །གལ་ཏེ་རྒྱུ་མཚན་ཙམ་ཞིག་བསྟན་པ་ཡིན་ན། གང་གི་དངོས་པོས་ཞེས་བྱ་བའི་མདོས་བདུན་པ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། དེ་ཡོད་པས་ཞེས་བྱ་བའོ། །གང་གི་ཕྱིར་རྒྱུ་མཚན་ཙམ་གྱི་དངོས་པོས་འབྲས་

བུ་འབྱུང་བའི་དངོས་པོ་མཚོན་པ་ཡིན་ཏེ། འབྲས་བུ་ནི་རྒྱུ་མཚན་ཙམ་གྱིས་རབ་ཏུ་སྦྱར་བ་ཡིན་ནོ་ཞེས་མཚོན་པའོ། །གལ་ཏེ་དེ་ལྟ་ན་ཡང་འབྱུང་བར་འགྱུར་བ་རྒྱུ་ཉིད་ཇི་ལྟར་བརྗོད་སྙམ་ན་འབྱུང་བའི་ཡོད་པས་ཀྱང་ཞེས་གསུངས་སོ། །དཔེར་ན་ཆར་པ་དག་འབྱུང་བར་འགྱུར་ན་

เล่ม ๑๘๔ · หน้า 70b

གྲོག་མ་འཕོ་བ་བཞིན་ཏེ། གྲོག་མ་འཕོ་བ་ནི་ཆར་འབབ་པར་འགྱུར་བས་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འཆི་ལྟས་ནི་ཞེས་གསུངས་སོ། །འབྱུང་བར་འགྱུར་བའི་འཆི་བས་ཕུང་པོའི་རྟགས་འཆི་ལྟས་ཀྱིས་རྣམ་པར་འགྱུར་བ་མཚོན་པ་ཡིན་ནོ། །འདི་ཉིད་སྟོན་

པ་ནི་གལ་ཏེ་ཞེས་བྱ་བའོ། །འདིས་སྐྱེས་པའི་ཕྱིར་འདི་སྐྱེའོ་ཞེས་བྱ་བ་འདི་ལ་བརྗོད་པ་ནི་སྐྱེས་པའི་ཕྱིར་ཞེས་བྱ་བས་ཀྱང་ཞེས་བྱ་བའོ། །བྱེད་པ་པོ་ཉིད་མེད་པ་ལ་ཇི་ལྟར་ཞེས་བྱ་བ་འདི་ནི་འོ་ན་འདས་པ་ཡང་རྒྱུར་མི་འགྱུར་ཏེ་ཞེས་བྱ་བ་དེ་ཉིད་ཀྱིས་རྟོགས་མོད་ཀྱིས་ཡང་བརྗོད་

པར་ནི་ཁྱད་པར་བརྗོད་པའི་དོན་དུ་ཡིན་ནོ། །དེ་བཞིན་དུ་གཞན་དུ་ཡང་དེ་ལྟར་སྲིད་པར་བལྟའོ། །ཁྱད་པར་ཉིད་བརྗོད་པ་ནི་ཅི་ལྟར་མྱུ་གུ་སྐྱེ་ཞེས་བྱ་བའོ། །མྱུ་གུ་ལ་སོགས་པ་ལ་བློ་ལ་གནས་པས་བྱེད་པ་པོ་ཉིད་དུ་ཁས་ལེན་ན་འབྱུང་བར་འགྱུར་བ་འདི་ནི་བློ་ལ་གནས་པས་བྱེད་པ་ཉིད་

ཡིན་པ་དེ་བྱ་རོག་གིས་མ་ཟོས་སོ། །གཏིང་དུ་ཆུད་པའི་ས་བོན་རྒྱུ་ཡིན་ནོ་ཞེས་དེ་ལྟར་བརྗོད་ནའོ། །མ་དམིགས་པ་ཅི་ལྟར་རྒྱུར་འགྱུར་ཞེས་བྱ་བ་ནི། གལ་ཏེ་སྔར་དམིགས་རྒྱུའི་རྒྱུ་མཚན་ཡིན་ན་དེའི་རིགས་སྔར་གང་དམིགས་པ་དེ་ཉིད་རྒྱུ་ཡིན་པར་འགྱུར་གྱི། དེའི་རིགས་ཡིན་

ཡང་དེ་ལྟར་མ་དམིགས་པའི་ཕྱིར་གཏིང་དུ་ཆུད་པའི་ས་བོན་ནི་རྒྱུ་ཡིན་པར་མི་འགྱུར་རོ། །ཡོད་པར་ནི་རྟོགས་ཀྱི་སྔར་ཡོད་པར་ནི་རྟོགས་པ་མ་ཡིན་ནོ། །ཡོད་པ་མཚོན་པ་ཡིན་གྱི་སྔར་ཡོད་པ་ནི་མ་ཡིན་ནོ། །ཡོད་པ་མཚོན་པ་ཡིན་པ་དེ་ལྟ་ན་ཡང་ངོ་། །དོན་གང་ཡིན་སྙམ་ན།

འདི་ཡོད་ན་ཞེས་བྱ་བ་སྟེ། ཡོད་པའི་རྒྱུ་མཚན་གྱི་དངོས་པོ་གང་ཡིན་པ་དེ་ཉིད་དོན་ཡིན་ནོ། །རྒྱུ་མཚན་གྱི་དངོས་པོ་དེ་ཡང་མི་འཁྲུལ་བའི་ཡུལ་ཉིད་ཡིན་པ་དང་མི་འབྲལ་ལོ་ཞེས་བྱ་བའི་དོན་ཏོ། །ཧ་ཀྱང་ཐལ་བའི་ཉེས་པར་འགྱུར་བའི་ཕྱིར་ཡང་འདི་ཡང་མཚན་ཉིད་མ་ཡིན་ནོ་

བརྗོད་པ་ནི། གང་ཞིག་སྔར་དམིགས་པ་དེ་རྒྱུ་ཡིན་ནོ་ཞེས་ཁོང་ནས་དབྱུང་ངོ་ཞེས་བྱ་བ་ནི་མཚན་ཉིད་དེ་ལ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་མི་འཁྲུལ་བ་དེ་ཉིད་དོ། །ཅི་འགལ་ཞེས་བྱ་བ་ནི་ཁྱོད་ཀྱི་ཞེན་པ་ལས་མ་རྟོགས་པ་དངོས་པོའི་སྐྱོན་ནི་འགའ་ཡང་མེད་དེ་ཧ་ཀྱང་ཐལ་བ་

เล่ม ๑๘๔ · หน้า 71a

ལ་སོགས་པ་མེད་པའི་ཕྱིར་རོ། །འོན་ཏེ་འགལ་བ་མེད་པ་ཁོ་ན་ཡིན་ན། དེའི་ཚེ་སྔ་མ་དང་ཕྱི་མའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གཞན་གྱི་ཉེས་པ་གཞན་གྱིས་བསམས་པ་ཡང་འདོགས་པར་བྱེད་པ་ནི་སྔ་མ་ཉིད་ནི་ཞེས་བྱ་བའོ། །

འབྲས་བུ་དེ་དོན་དུ་གཉེར་བ་རྣམས་རྒྱུ་ལེན་པ་ཡིན་ནོ། །རྒྱུ་འདོད་པ་ཕྱི་མ་ལས་འབྲས་བུ་ལས་རྗེས་སུ་དཔོག་པར་བརྗོད་པའི་རྗེས་དཔག་དེ་ནི་ནུས་པ་ལས་འགྱུར་བ་ཡིན་གྱི་འབྲས་བུ་ལས་ནི་མ་ཡིན་ནོ་ཞེ་ན། འབྱུང་བར་འགྱུར་བའི་འཇིག་རྟེན་ཕ་རོལ་ནི་ཚེ་ཕྱི་མ་པའི་འདོད་པའི་བུའི་འབྲས་བུའོ། །

ད་ལྟར་བའི་འཇིག་རྟེན་ནི་འཇིག་རྟེན་འདིའི་ལས་བཟང་པོའོ། །ཕྱེད་སྔ་མ་བཤད་ནས་སུན་འབྱིན་པར་བྱེད་པ་ནི་དེ་ཡང་ཞེས་བྱ་བའོ། །དཔེར་ན་སྐྱེ་བོ་གཅིག་ཉིད། འགའ་ཞིག་ལྟོས་ནས་སྐྱེད་པར་བྱེད་པ་དང་། ཕ་ཡང་ཡིན་པ་དེ་བཞིན་དུ་དངོས་པོ་གཅིག་ཉིད་གཞན་མེད་ན་མི་

འབྱུང་བས་འབྲས་བུ་ཡིན་ལ། དེས་མི་འཁྲུལ་བར་བྱས་པ་ཡིན་པས་ན་རྒྱུ་ཡང་ཡིན་ནོ། །དེས་ན་འབྱུང་བར་འགྱུར་བ་ལ་ད་ལྟར་བ་རྒྱུ་ཡིན་པའི་ཕྱིར་ལེན་པར་རིག་པར་ཡིན་ནོ། །གཞན་ཡང་བརྗོད་པ་ནི་རྒྱུ་ཉིད་ཡིན་ན་ཞེས་བྱ་བའོ། །ལན་པ་ནི་ཐོབ་པར་བྱ་བའི་ཕྱིར་ཡིན་ན་དེའི་

འབྲས་བུས་ཀྱང་རྒྱུ་ངེས་པར་ཐོབ་པ་ཡིན་ནོ་སྙམ་དུ་དགོངས་པའོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི་གང་ཡང་ཞེས་བྱ་བའོ། །དེ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་སུན་འབྱིན་པའོ། །འབྲས་བུ་ཉིད་ལ་ནི་རྗེས་སུ་དཔག་པ་བླའི། རྒྱུ་ཡིན་ན་ནི་སྤྱད་པ་གཞན་འོང་བ་ཡིན་ནོ། །དེའི་ཕྱིར་

ཞེས་བྱ་བ་ནི་མཇུག་སྡུད་པའོ། །འདི་ལ་སློབ་དཔོན་གྱིས་མ་གསུངས་པའི་ཕྱིར་ན། འདི་ནི་བཤད་པ་བྱེད་པའི་རང་དགའ་ཉིད་ཡིན་ནོ། །དོན་གཞན་ལ་ནི་མི་ལྟོས་པའི་ཕྱིར་དེ་ནི་རང་བཞིན་ཡིན་པར་འདོད། གཏན་ཚིགས་ཀྱང་རྣམ་པ་གཞན་དུ་ཁུངས་བཙུགས་སོ། །དེ་ནི་

འགལ་བ་ཡང་ཡིན་ཏེ། ཅི་སྐད་དུ། མེད་པ་སྔར་ནུས་མེད་ཕྱིར་དང་། །ཞེས་བྱ་བ་དང་། ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །ཞེས་གསུངས་པ་ཡིན་ནོ་ཟེར་བ་ནི་མ་འབྲེལ་ཏེ། འདི་ལྟར་རེ་ཞིག་མ་གསུངས་པ་ཙམ་ནི་ཉེས་པ་མ་ཡིན་ཏེ། བཤད་པར་བྱ་བ་དང་བཤད་པ་གཉིས་

เล่ม ๑๘๔ · หน้า 71b

ཡི་གེ་གཅིག་ཉིད་དུ་གང་དུ་ཡང་མ་མཐོང་ངོ་། །དེའི་ཚེ་ནི་པོ་ཏི་གཞན་ཙམ་དུ་འགྱུར་བའི་ཕྱིར་རོ། །འཆད་པར་བྱེད་པ་ནི་གདོན་མི་ཟ་བར་ཅུང་ཞིང་བྱེ་བྲག་བཤད་དགོས་སོ། །རྣམ་འགྲེལ་ལས་བཤད་པའི་ཁྱད་པར་ཐམས་ཅད་ཕྱོགས་ཀྱི་གླང་པོའམ་གསུང་རབ་ལས་དངོས་

སུ་ཡོད་པ་ནི་མ་ཡིན་ནོ། །དེས་ན་གྲུབ་པའི་མཐའ་དང་བཞེད་པ་དག་དང་འགལ་བ་སྤང་བར་བྱའོ། །དེ་ལ་གྲུབ་མཐའ་དང་ནི་འགལ་བ་མ་ཡིན་ཏེ། མངོན་པར་འདོད་པའི་དོན་ལྔ་དང་མི་མཐུན་པ་མེད་པའི་ཕྱིར་རོ། །བཞེད་པ་དང་འགལ་བ་ཡང་མ་ཡིན་ནོ། །འགའ་

ཞིག་ཏུ་འབྱུང་བར་འགྱུར་བའི་རྒྱུ་བརྗོད་ན་སུན་འབྱིན་པའི་འབད་པ་མེད་པའི་ཕྱིར་རོ། །གང་ཡང་། མེད་པ་སྔར་ནུས་མེད་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེར་ནི་རྒྱུ་དང་འབྲས་བུ་གཉིས་ལྷན་ཅིག་འབྱུང་བ་དགག་པ་ལྷུར་བྱེད་པ་ཡིན་ཏེ་ཅི་སྐད་དུ་དེས་ན་དོན་རང་གི་བློ་

ལྷན་ཅིག་འབྱུང་མིན་ཞེས་བཤད་པ་ཡིན་ནོ། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་བྱ་བ་ནི་ལྷན་ཅིག་མི་འབྱུང་བ་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །གལ་ཏེ་ཐ་དད་པ་ཡིན་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་རོ། །ཡང་

གཟུགས་ཀྱི་འབྲས་བུ་ཡིན་པ་དེས་ན་ཇི་ལྟར་ལྷན་ཅིག་རྒྱུ་ཡིན་པར་འགོག་ཅེ་ན་འདི་ལྟར་བསམས་པ་ཡིན་ཏེ། ཡང་དག་པའི་ཀུན་རྫོབ་ལ་བརྟེན་པའི་རྒྱུ་དང་འབྲས་བུའི་དངོས་པོ་ནི་འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་པ་ཡིན་ན་ལྷན་ཅིག་འབྱུང་བ་ལ་ནི་རྭ་གཡས་གཡོན་བཞིན་དུ་འཇིག་རྟེན་

དེ་ལྟར་ཐ་སྙད་བྱེད་པ་གང་ཡང་མེད་དོ། །འདི་ལ་དགོངས་ནས་འཇིག་རྟེན་གྱི་ཐ་སྙད་དུ་ཞེས་ལན་ཅིག་མ་ཡིན་པར་གསུངས་སོ། །ལྷན་ཅིག་བྱས་པར་ངེས་པ་ནི་རྒྱུའི་ཆོས་རྗེས་སུ་དཔག་པ་ཉིད་ལས་འགྲུབ་བོ། །དེས་ན་ལྷན་ཅིག་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་གནས་པ་

ཡོད་པ་མ་ཡིན་ནོ། །དེས་ན་རྣམ་འགྲེལ་གཞན་འདི་ནི་དེ་འགོག་པ་ཡིན་ནོ་ཞེས་གནས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ལྷན་ཅིག་པའི་རྒྱུ་དང་འབྲས་བུའི་དངོས་པོ་ནི་ལུང་ལ་བརྟེན་ནས་ཡིན་གྱི་འཇིག་རྟེན་པ་ནི་མ་ཡིན་ནོ། །ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །ཞེས་བྱ་བ་ནི་གང་ཡིན་པ་

เล่ม ๑๘๔ · หน้า 72a

དེར་ནི་རྒྱུ་ཉིད་དུ་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱིར་བཏང་བས་གྲུབ་པའི་ཚུལ་དེ་ནི། ཅི་ཞིག་ཡོད་གྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད། །ཅེས་བྱ་བ་འདིས་དམིགས་ཀྱིས་བསལ་བའི་ཕྱིར་ཉེས་པ་མེད་དོ། །འདིས་ནི་

འདས་པ་དུས་གཅིག་པ་རྣམ་རྟོགས་ཀྱི། མ་འོངས་པ་ནི་མ་ཡིན་ཏོ། འཁྲུལ་པའི་ཕྱིར་རོ་ཞེས་བྱ་བ་ཡང་གཞུང་བཙུགས་པ་ཡིན་ནོ། །མ་འོངས་པ་ཉིད་ཀྱིས་ནི་རྒྱུ་མ་ཡིན་པ་མ་ཡིན་ཏེ་འོན་ཀྱང་འཁྲུལ་པའི་ཕྱིར་རོ། །འདས་པ་ལ་མི་འཁྲུལ་ན་ནི་རྗེས་སུ་དཔག་པར་མངོན་པར་འདོད་

པ་ཁོ་ནའོ། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བ་ནི་ལོག་པའི་ཀུན་རྫོབ་ལ་ལྟོས་ནས་རུང་བ་ཞེས་བྱ་བའི་རྗེས་སུ་དཔག་པར་བཤད་ལ་དེ་ཡང་འདོད་པ་ཁོ་ནའོ། །འབྲས་བུ་ལ་རྣམ་པ་གཞན་དུ་ནི་རྗེས་སུ་དཔག་པར་མ་གསུངས་སོ། །ཡང་དག་པའི་ཀུན་རྫོབ་ལ་ལྟོས་ནས་ནི་

དེ་སུན་དབྱུང་བ་ཡིན་ནོ། །དེ་ལྟར་གསུང་རབ་ཀྱི་མཚན་ཉིད་འབྲས་བུ་ལས་ཐམས་ཅད་མཁྱེན་པ་གྲུབ་པ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །འོ་ན་རྣམ་པ་འདི་ཡང་དེ་ཉིད་དུ་ཅི་སྟེ་མ་བསྟན་ཞེ་ན། མང་པོའི་མ་ཡིན་པའི་ཕྱིར་དང་འདི་ཁོ་ན་དགོས་པའི་ཕྱིར་རོ། །ཕྱོགས་འདི་ནི་མ་

གསུངས་པ་ཉིད་ཀྱང་མ་ཡིན་ནོ། །དོན་གྱིས་གསུངས་པ་ཡང་གསུངས་པའི་ཕྱིར་རོ། །འདི་ལྟར་རྒྱུ་ནུས་པ་ཐོགས་པ་མེད་པ་ཅན་འབྲས་བུ་མེད་ན་མི་འབྱུང་བར་བསྟན་བཅོས་མཛད་པ་མི་བཞེད་ན་ཅི་ལྟར་འབྲས་བུ་མི་དམིགས་པ་ཚད་མར་མཛད། ཐ་དད་གྱུར་པར་འབྲེལ་པར་

བརྗོད་པ་ཉིད་འབྲས་བུར་བརྗོད་པ་ཡིན་ནོ། །འོ་ན་རྒྱུ་མི་དམིགས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ཁོ་ནར་དེ་ནི་དེ་ཁོ་ན་ལྟར་ཡིན་ནོ། །འོན་ཀྱང་བློ་རྩིང་པོའི་འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་ནས་རྒྱུ་མི་དམིགས་པའི་རྣམ་པ་ཉིད་འབྲས་བུ་མི་དམིགས་པར་བརྗོད་པ་ཡིན་ནོ། །གང་ཡང་འབྲས་བུ་

དེ་ནི་རྒྱུ་ཁྱབ་པ་དང་མི་ལྡོག་པས་ན་དེའི་རང་བཞིན་དང་ཁྱད་པར་མེད་པས་ན་དེ་མི་དམིགས་པ་ནི་རང་བཞིན་མི་དམིགས་པ་ཉིད་དུ་བཤད་དོ་ཞེས་བྱ་བ་འདི་ལ། སློབ་དཔོན་ཆོས་མཆོག་གིས་བཤད་པའི་དེ་ཡང་མ་འབྲེལ་ཏེ། འདི་ལྟར་གལ་ཏེ་རྒྱུ་ཁྱབ་པ་དང་རྒྱུ་ལས་ཐ་དད་པར་མི་འགྱུར་

เล่ม ๑๘๔ · หน้า 72b

པས་ཞེས་བརྗོད་པར་འདོད་ན་ནི་དེའི་ཚེ་རྒྱུ་ཁྱབ་པས་ཞེས་བྱ་བ་ཉིད་བརྗོད་པར་བྱ་བའི་འབྲས་བུ་ཐམས་ཅད་རྒྱུ་མེད་པར་མི་འབྱུང་བ་མ་ཡིན་ནོ་ཞེས་ལྡོག་པ་མེད་པར་བསྟན་པ་འདིས་ཅི་བྱ། འོན་ཏེ་ལྡོག་པ་མེད་པས་དེའི་བདག་ཉིད་བརྗོད་པ་ཡིན་ན། དེ་ལྟ་ན་འབྲས་བུ་ཐམས་ཅད་དེའི་བདག་ཉིད་

དུ་ཐལ་ལོ། །འོན་ཏེ་དེ་མེད་པར་རྒྱུ་མི་འབྱུང་བར་བརྗོད་པ་དེས་ན་དེའི་རང་བཞིན་ཡིན་པ་དེ་ལྟ་ན་ནི་རྒྱུ་དང་འབྲས་བུ་མེད་པར་མི་འབྱུང་བའི་ཕྱིར་དེ་ཡང་དེའི་རང་བཞིན་དུ་ཐལ་ལོ། །དེས་ན་འབྲས་བུའི་གཏན་ཚིགས་ཀྱང་རང་བཞིན་གྱི་གཏན་ཚིགས་སུ་ཐལ་བར་འགྱུར་རོ། །མེ་དུ་བ་ཙམ་དང་རྗེས་སུ་

འབྲེལ་བའི་ཕྱིར་རོ། །འོན་ཏེ་ཐ་དད་པས་འབྲས་བུའི་གཏན་ཚིགས་སུ་བརྗོད་ན། དེ་ལྟ་ན་འབྲས་བུ་མི་དམིགས་པ་ཉིད་དུ་སྨོས་ཤིག་དེས་ན་འདི་ནི་གྱི་ནའོ། །དེས་ན་གཞན་དུ་བཤད་པར་བྱ་སྟེ་འབྲས་བུ་དེ་ནི་རྒྱུས་ཁྱབ་པ་སྟེ། ཁྱབ་པར་བྱེད་པ་ཉིད་དུ་དེ་ལས་མི་ལྡོག་པའི་ཕྱིར་ཏེ། ཁྱབ་

པར་བྱེད་པ་དེ་ལས་ལྡོག་པར་བྱེད་པའི་ཕྱིར་ཏེ་བྱ་བ་བྱེད་ཀྱི་རང་བཞིན་ཡིན་པའི་ཕྱིར་ནའོ། །དེའི་རང་བཞིན་དང་ཁྱད་པར་མེད་པར་ཞེས་འདིར་དེའི་སྒྲ་ནི་རྒྱུ་འཛིན་པ་སྟེ་རྒྱུ་དང་ཁྱད་པར་མེད་པར་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རྒྱུའི་ཁྱབ་བྱེད་ཡིན་པའི་ཕྱིར་ན་རྒྱུ་ཞེས་བརྗོད་པ་ཡིན་ནོ། །དེ་

བཞིན་དུ་དེ་མེད་ན་རྒྱུ་མི་འབྱུང་བས་ན་ཁྱབ་བྱེད་ཡིན་པའི་ཕྱིར་འབྲས་བུ་ལ་རྒྱུ་ཞེས་ཅི་སྟེ་མི་བརྗོད། འོན་ཏེ་རྒྱུའི་དུས་ན་འབྲས་བུ་མེད་པའི་ཕྱིར་རྒྱུ་ཉིད་མ་ཡིན་ནོ་ཞེ་ན། འོ་ན་རྒྱུ་ཡང་འབྲས་བུའི་དུས་ན་མེད་པའི་ཕྱིར་རྩོད་པ་དེ་ཉིད་ཡིན་ནོ། །འོན་ཏེ་སྔར་ཡོད་པ་རྒྱུ་ཡིན་ཏེ་དེས་ན་འབྲས་

བུ་ནི་རྒྱུ་ཉིད་མ་ཡིན་ནོ་སྙམ་ན་འདིར་རྒྱུ་ཉིད་གང་ཡིན། འབྲས་བུའི་དུས་ན་མེད་པ་ནི་འགས་ཀྱང་རྒྱུ་ཉིད་དུ་རྟོགས་པ་མ་ཡིན་ནོ། །འོན་ཏེ་དེ་ཡོད་པ་མ་ཡིན་ན་འདི་ཡང་མི་འབྱུང་ངོ་ཞེས་དེ་ལྟར་དེ་དང་འབྲེལ་པར་རྟོགས་པས་དེའི་འབྲས་བུ་ཉིད་དུ་རྟོགས་སོ་ཞེ་ན། དེ་ལྟ་ན་

འདི་ནི་འབྲས་བུ་ལ་ཡང་མཚུངས་སོ། །གལ་ཏེ་འཆི་བར་མི་འགྱུར་ན་འཆི་ལྟས་འདི་ཡང་མི་འབྱུང་ངོ་ཞེས་འཆི་བ་དང་འབྲེལ་པར་རྟོགས་པ་མ་ཡིན་ནོ། །ཐ་སྙད་དེ་ལྟར་མ་ཡིན་ནོ་ཞེ་ན། དོན་གྱི་ཐ་སྙད་མེད་ན་བརྗོད་པ་ཙམ་ནི་མེད་ཀྱང་མི་སྐྱོན་ནོ། །འོན་ཏེ་འགའ་ཞིག་ཏུ་ཁྱད་པར་

เล่ม ๑๘๔ · หน้า 73a

མ་མཚོན་པས་འཁྲུལ་པའི་ཕྱིར་འབྲས་བུ་ནི་རྒྱུ་ཉིད་དུ་བསྙད་པ་མ་ཡིན་ནོ་སྙམ་ན། འདི་ནི་རྒྱུར་མངོན་པར་འདོད་པའི་ཁྱད་པར་ལ་ཡང་འབྲས་བུའི་སྤྱི་ལ་ལྟོས་ནས་རྒྱུ་མ་ཡིན་པར་འདོད་པ་ཉིད་དོ། །དེ་སྐད་དུ་དེ་མེད་པར་ཡོད་པ་ནི་དེ་ལས་སླུ་བའི་ཕྱིར་རོ་ཞེས་

གསུངས་པ་དང་། དེས་བསྐྱེད་པར་བྱ་བའི་ཁྱད་པར་བཟུང་ན་ནི་འདོད་པའི་ཕྱིར་རོ་ཞེས་ཡང་དེའི་རྒྱུ་ཉིད་དུ་གསུངས་པ་ཡིན་ནོ། །ཡང་ན་མ་གུས་པ་སྤངས་པའི་དོན་དུ་འབྲས་བུ་ལ་རྒྱུ་ཉིད་དུ་བརྗོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གདོན་མི་ཟ་བར་སྐྱེས་བུའི་བུ་ཕའི་ཕར་གྱུར་པའི་ཕྱིར་ཕ་ལ་

བརྙས་པར་འགྱུར་རོ། །དེ་མི་དམིགས་པ་ནི་རང་བཞིན་མི་དམིགས་པ་ཉིད་ཡིན་ནོ་ཞེས་ཅི་ལྟར་བརྗོད་ཅེ་ན། འདི་ལ་བཤད་པ་ཕྱོགས་གཅིག་སྦྱར་བས་དེ་སྐད་བརྗོད་པ་ཡིན་ཏེ། དཔེར་ན་འཇིགས་སྡེ་ལ་འཇིགས་པ་ཞེས་བྱ་བ་བཞིན་ནོ། །དེ་བཞིན་དུ་དེའི་རང་བཞིན་

མི་དམིགས་པ་ནི་རང་བཞིན་མི་དམིགས་པར་བརྗོད་པ་ཡིན་ནོ། །དེའི་ཞེས་བྱ་བ་འདིས་རྒྱུ་བཟུང་བའི་ཕྱིར་རྒྱུའི་རང་བཞིན་གྱི་དེ་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་འདི་ལས་འབྱུང་བས་ན་རང་བཞིན་ཏེ། རང་འབྱུང་བ་ནི་རང་བཞིན་ཏེ་རང་གི་རྒྱུའོ། །དེས་ན་དེ་མི་དམིགས་

པ་ནི་རང་གི་རྒྱུ་མི་དམིགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འོ་ན་དེ་མི་དམིགས་པ་ནི་རྒྱུ་མི་དམིགས་པ་ཉིད་དོ་ཞེས་བརྗོད་པར་བྱའི། བདག་ཉིད་ཀྱི་ཁྱད་པར་གྱིས་ཅི་བྱ་ཞེ་ན། འདི་ནི་བདག་ཉིད་ཀྱི་ཕྱོགས་ཡིན་གྱི། གཞན་རྣམས་ནི་དེ་ལྟར་འདོད་པ་མ་ཡིན་པའི་ཕྱིར་ཉེས་པ་

མེད་དོ། །དེས་ན་འབྲས་བུ་མི་དམིགས་པ་ནི་རྒྱུ་མི་དམིགས་པའི་དབྱེ་བ་ཡིན་ནོ་ཞེས་བྱ་བ་འདི་གནས་སོ། །གཞན་ཡང་དེ་ལྟར་མི་འདོད་ན་ནི་དེ་རྒྱུ་ཞེས་བྱ་བའི་རྣམ་འགྲེལ་འདི་ལྡོག་པར་བྱེད་པ་ཞེས་ཁོང་ནས་དྲངས་ནས་ཀྱང་གོ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་གསལ་བར་འགྱུར་

རོ། །ཅི་ལྟར་བཤད་པ་ཡང་དེ་མ་ཐག་པའི་རྣམ་འགྲེལ་གྱི་དོན་ཡིན་པའི་ཕྱིར་དོན་མེད་པར་ཡང་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡང་འབྱུང་བར་འགྱུར་བའི་སེམས་ངེས་པར་བྱ་བ་ནི་དེའི་འབྲས་བུ་ད་ལྟ་བ་ལས་དེའི་རྗེས་སུ་དཔོག་པ་ལ་རྗེས་སུ་དཔག་པས་ཀྱང་དེ་ངེས་པའི་ཕྱིར་ཕན་

เล่ม ๑๘๔ · หน้า 73b

ཚུན་བསྟེན་པ་ཡིན་ནོ། །འོན་ཏེ། ཅི་ཞིག་ཡོད་འགྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད། །ཅེས་བྱ་བའི་ཤེས་པ་ཕྱི་མ་འགྲུབ་ན། འོ་ན་རྗེས་སུ་དཔག་པས་ཅི་བྱ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་འདི་ནི་སྤྱིར་ཉོན་མོངས་པ་ཅན་གྱི་སེམས་ཙམ་སེམས་ཕྱི་མ་མེད་

ན་མི་འབྱུང་བ་ཉིད་ཀྱིས་ཁྱབ་པར་བསྒྲུབ་པའི་རྣམ་པ་ཡིན་ནོ། །ཁྱད་པར་ཅན་གྱི་ཡུལ་ལ་ནི་རྗེས་སུ་དཔག་པ་ལ་ནི་རྗེས་སུ་དཔོག་པ་ཡིན་ནོ། །འདི་ལྟར་གང་དང་གང་ཐ་མལ་པའི་སེམས་ཡིན་པ་དེ་དང་དེ་ནི་སེམས་ཕྱི་མ་མེད་པར་མི་འབྱུང་སྟེ། དཔེར་ན་སྔར་གྱི་གནས་སྐབས་བཞིན་ནོ། །

ལམ་པོ་ཆེའི་སྐྱེས་བུ་འཆི་བའི་སེམས་ཀྱང་ཐ་མལ་པའི་སེམས་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །གང་གིས་ཕན་ཚུན་བསྟེན་པའི་ཉེས་པའི་ཉེས་པར་འགྱུར་བ་འདིར་རྗེས་སུ་དཔག་པས་འབྱུང་བར་འགྱུར་བའི་སེམས་བསྒྲུབས་པས་དེའི་འབྲས་བུ་ཉིད་དུ་ངེས་པ་ཡང་

མ་ཡིན་ཏེ། ཆགས་པ་སྔར་རབ་ཏུ་བསྒྲུབས་པས་ཟིན་པའི་ཕྱིར་རོ། །དེ་ལྟར་བཀོད་པ་ན་རང་བཞིན་གྱི་གཏན་ཚིགས་སུ་འདོགས་པར་ཡང་མི་བྱ་སྟེ། གང་དང་གང་དུ་དུ་བ་ཡིན་པ་དེ་དང་དེ་ནི་མེ་ལས་སྐྱེས་པ་ཡིན་ཏེ་ཞེས་བྱ་བ་འདིར་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཁས་

ལེན་ན་ཡང་འབྲས་བུའི་གཏན་ཚིག་ས་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་དཔྱོད་པར་འགྱུར་རོ། །དེའི་ཕྱིར་རྒྱུའི་སྤྱིའི་མཚན་ཉིད་གསུང་རབ་ཀྱི་ཁུངས་དྲངས་ཏེ་བརྗོད་པ་འདི་ནི་མ་འོངས་པ་ཡང་རྒྱུ་ཉིད་དུ་གཞུང་གཟུགས་པ་གཙོར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཇུག་

སྡུད་པ་ནི་དེའི་ཕྱིར་མི་འཁྲུལ་བས་ན་ཞེས་བྱ་བའོ། །དེ་ལ་བཤད་པ་སྔ་མ་ལ་ལྟོས་ནས་འཆད་པར་འགྱུར་བ་ནི་རྣམ་འགྲེལ་དུ་བཤད་ཟིན་པའི་དོན་ཡལ་བར་དོར་ནས་དོན་གྱི་སྒོ་ནས་འགྱུར་བ་ཡིན་ཞེས་བྱ་བའི་རྣམ་འགྲེལ་གྱི་ཚད་དང་སྦྱོར་བར་བྱེད་པས་རྣམ་པ་ཅི་ཞིག་ལྟར་དོན་དང་བཅས་

པ་ཉིད་སྟོན་པར་བྱེད་པ་ནི་ལུས་ལས་ནི་ཞེས་བྱ་བ་ལ་སོགས་པའོ། །རེ་ཞིག་ཅེས་བྱ་བ་རྟེན་གྱི་སྒོ་ནས་ཕན་འདོགས་པ་ཙམ་གྱིས་སོ། །དཔེ་འགྲེལ་པར་བྱེད་པ་ནི་མེ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པའོ། །བུམ་པ་ལ་སོགས་པའི་དམར་པོ་ཉིད་ལ་སོགས་པའོ། །འདིས་ནི་

เล่ม ๑๘๔ · หน้า 74a

གྲུབ་པ་ལ་ཡོན་ཏན་གཞན་སྒྲུབ་པས་ཕན་འདོགས་པའི་ཁྱད་པར་བརྗོད་པ་ཡིན་ནོ། །དཔེ་གཞན་བརྗོད་པ་ནི་གསེར་ལ་སོགས་པའི་ཞེས་བྱ་བའོ། །འདིས་ནི་ཇི་སྐད་བཤད་པའི་རེས་འགའི་ཕན་འདོགས་པར་བྱེད་པ་ལས་བཟློག་པས་རྟག་ཏུ་རྗེས་སུ་འཇུག་པའི་

ཕྱིར། གང་མེད་པར་རྒྱུན་གནས་པ་མི་འབྱུང་བ་དེ་ཉིད་ལོག་ནས་འབྲས་བུ་ལྡོག་པ་ཡིན་ཏེ། དཔེར་ན་མར་མེ་དང་མེ་ལ་སོགས་པ་ལོག་ན་འོད་དང་དུ་བ་ལ་སོགས་པ་བཞིན་ནོ། །རེས་འགའ་བའི་ཕན་འདོགས་པར་བྱེད་པ་ལོག་པས་ནི་ལྡོག་པ་མ་ཡིན་ནོ་ཞེས་གསལ་བར་བརྗོད་དོ། །

ལུས་ནི་བྱེད་པ་པོ་ཉིད་དུ་ཡང་ངེས་པར་མི་ནུས་ན་རྒྱུན་གནས་པར་བྱེད་པ་ཉིད་དུ་ལྟ་ཅི་སྨོས་སྙམ་དུ་དགོངས་པ་ཡིན་ནོ། །དེས་ན་འཆི་བའི་དུས་སུ་དེ་ལོག་ཀྱང་ལྡོག་པ་མ་ཡིན་ནོ། །འོ་ན་ཅི་ལྟར་ལྡོག་ཅེ་ན། གང་ཞིག་ཅེས་གསུངས་ཏེ། རྒོལ་བ་གང་གིས་ལྟར་ནའོ། །དེ་མ་ཚང་བ་ལས་

ཞེས་བྱ་བ་ནི་སེམས་མ་ཚང་བ་ལས་སོ། །ལུས་འགའ་ཞིག་རྒྱུ་ཡིན་པ་ལ་འགལ་བར་བརྗོད་པ་ནི་རིག་པར་རང་ངམ་གཞན་གྱིས་སམ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟ་ན་འོ་ན་ལྡོག་པ་ཉིད་མེད་དེ། ལོག་པའི་ལུས་ནི་ཟློག་བྱེད་མ་ཡིན་ལ་རྒྱུར་འདོད་པའི་སེམས་ནི་ཡོད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན།

གལ་ཏེ་རྣམ་པ་ཐམས་ཅད་དུ་ཆད་པ་ལོག་པ་ཡིན་ན་ནི་དེའི་ཚེ་ལྡོག་པར་བྱེད་པ་ཁོ་ནའོ། །དེས་ན་མི་མཐུན་པ་འགའ་ཞིག་ལས་ལུས་དེ་ལས་ལྡོག་པ་གཞན་དུ་འཕྲོ་བའི་རྒྱུ་ཡོད་པ་ཡིན་ཏེ། ཐ་ན་གནད་དུ་ན་བ་ལ་སོགས་པས་ལུས་དེ་ལ་བཏང་སྙོམས་འཇུག་པའི་ཕྱིར་རོ། །དེ་ལྟར་

ཕན་འདོགས་པར་བྱེད་པའི་ཕྱོགས་ལ་ཉེས་པ་བརྗོད་ནས་ཡུལ་འགའ་ཞིག་ཉེ་བར་ལེན་པ་ཡིན་པ་ལ་ཡང་ཉེས་པ་བརྗོད་པའི་ཕྱིར་གཞན་ཡང་བརྗོད་པ་ནི་ཞེས་གསུངས་སོ། །འོན་ཏེ་ཡང་སེམས་ནི་དབུགས་ཕྱུང་བ་དང་རྔུབ་པ་དག་གི་ཡང་འབྲས་བུ་ཡིན་ཏེ། དེས་ན་འཆི་བའི་གནས་

སྐབས་དེ་ཉིད་མེད་པའི་ཕྱིར་ལྡོག་པ་མེད་པར་ཐལ་བ་མ་ཡིན་ནོ་ཞེ་ན། སེམས་དེ་ཉིད་ལས་འབྱུང་རྔུབ་ཡིན་གྱི། སེམས་དེ་ཉིད་ནི་འབྱུང་རྔུབ་དག་ལས་མ་ཡིན་ནོ་ཞེས་བཟླས་ཏེ་སྦྱར་རོ། །དེས་ན་རྗོད་བྱེད་པའི་ཐལ་བ་མ་སྤངས་པ་ཉིད་དུ་སྙམ་དུ་དགོངས་པའོ། །འབྱུང་བ་རྔུབ་པ་དག་

เล่ม ๑๘๔ · หน้า 74b

སེམས་ཀྱི་འབྲས་བུའོ་ཞེས་ཅི་ལྟར་ངེས་སྙམ་ན། སེམས་དེ་ཡོད་ན་ཡོད་པའི་ཕྱིར་རོ། །བཟློག་པར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ག་ལས་ཤེ་ན། དབང་འགྱུར་ཕྱིར་ཞེས་གསུངས་སོ། །བཤད་པ་ནི་ཐལ་བར་ཞེས་བྱ་བ་ལ་སོགས་པའོ། །འོ་ན་གང་གི་ཚེ་ལྡོག་པ་མེད་

པར་ཐལ་སྙམ་ན། ལུས་དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བསྐྱེད་པར་མངོན་འདོད་པ་སྔར་གྱིས་རང་བཞིན་རྣམ་པར་མཚུངས་པའི་རྣམ་པ་ཅན་དེ་ལྟ་བུར་གྱུར་པ་ཉིད་གནས་པ་ནའོ། །ལྡོག་པའམ་ཞེས་བྱ་བ་ནི་འཆི་བའི་གནས་སྐབས་སུ་སེམས་ལྡོག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་

ཏོ། །ལུས་གཞན་དུ་འགྱུར་བ་གནས་པ་ན་ཡང་ལོག་པར་མི་འཐད་དོ་ཞེས་སྦྱར་རོ། །གཉི་ག་ལྟར་ཡང་ལྡོག་པར་མི་འཐད་དོ་ཞེས་བྱ་བ་འདི་ག་ལས་ཤེ་ན། གནས་སྐབས་མཐའ་དག་ཏུ་རྗེས་སུ་འགྲོ་བའི་ཕྱིར་ཏེ། ཉམས་པ་དང་འཕེལ་བ་ལ་སོགས་པའི་གནས་སྐབས་དུ་མར་སེམས་

རྗེས་སུ་འགྲོ་བར་ནི་སྔར་དམིགས་པ་ཡིན་ནོ། །དེས་ན་གནས་སྐབས་ཀྱི་ཁྱད་པར་ལ་ལྟོས་པ་མ་ཡིན་ན། དེ་བས་ན་གཉི་ག་ལྟར་ཡང་ལྡོག་པར་མི་འཐད་དོ། །འཆི་བའི་གནས་སྐབས་ན། གནད་དུ་གཟེར་བ་ལ་སོགས་པའི་གདུང་བའི་ཁྱད་པར་ལས་སེམས་ལྡོག་པ་ཁོ་ནའོ་སྙམ་ན། གདུང་

བའི་སྡུག་བསྔལ་ནི་སེམས་ཀྱི་ཆོས་ཡིན་པའི་ཕྱིར་ལུས་ལ་ཅི་ཞིག་བྱུང་། ལུས་ཀྱང་དེས་རྣམ་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་ལུས་ཀྱིས་རྟེན་དེ་ཡིན་གྱི་དེའི་རྟེན་ནི་ལུས་མ་ཡིན་ཏེ། ཕན་འདོགས་པ་དང་གནོད་པ་བྱེད་པར་མི་ནུས་པའི་ཕྱིར་རོ། །ཤེས་པས་མི་མཐུན་ལུས་རྒྱུ་མིན། །ཞེས་བྱ་བ་

ཡང་རྣམ་པར་སྤྱོད་པར་འགྱུར་རོ། །དེའི་ཕྱིར་ལུས་སེམས་ཀྱི་རྒྱུ་ཡིན་ན། དེ་དང་དེ་འདྲ་བ་ཤི་བ་ལས་ཀྱང་འབྱུང་བར་ཐལ་བ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ལུས་ནི་འབྱུང་བ་དང་རྔུབ་པ་དག་གི་ཡང་རྒྱུ་མ་ཡིན་གྱི། འོན་ཀྱང་སེམས་ཉིད་ཡིན་ཏེ་སེམས་མེད་ན་དེ་དག་མི་འབྱུང་བའི་ཕྱིར་རོ་ཞེས་

བརྗོད་པ་ནི་སེམས་ཡོད་ན་དེ་དག་ཡོད་པའི་ཕྱིར་ཏེ་ཞེས་བྱའོ། །བཟློག་པ་འབྱུང་བ་དང་རྔུབ་པ་དག་ལས་ནི་སེམས་མ་ཡིན་ནོ། །སེམས་དེའི་དབང་ཉིད་དུ་མི་འགྱུར་རོ། །འོན་ཏེ་དེ་དག་སེམས་ལ་རག་ལས་པ་ཉིད་མ་ཡིན་ནོ་སྙམ་ན་དེ་དག་ནི་ཞེས་གསུངས་སོ། །རླུང་འབྱིན་པ་དང་འདྲེན་པ་ནི།

เล่ม ๑๘๔ · หน้า 75a

འབད་རྩོལ་མེད་པར་གང་ལས་ཡིན། །ཞེས་འཆད་པར་འགྱུར་རོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་སེམས་ཀྱི་དབང་དུ་གྱུར་པར་སྟོན་པ་ནི། གལ་ཏེ་གཞན་ལས་ཞེས་བྱ་བའོ། །འོ་ན་སེམས་དེ་དག་ཅི་ཡིན་པར་འོས་ཤེ་ན། སེམས་ནི་ཞེས་གསུངས་སོ། །དེ་དག་

ལས་ཞེས་བྱ་བ་ནི་དེ་དག་ཉིད་ལས་ཞེས་ངེས་པ་མ་ཡིན་ནོ། །ཕན་ཚུན་ཕན་འདོགས་པར་བྱེད་པ་ཡིན་ན་ནི་སྔར་ཡང་དེ་ཁོ་ན་ལྟར་ཡིན་པའི་ཕྱིར་ཐོག་མ་མེད་པ་ཉིད་དོ། །གཞན་ལས་སྐྱེས་ཀྱང་ཞེས་ཀྱང་གི་སྒྲ་ནི་སྲིད་པ་ལའོ། །གྲུབ་པའི་མཐའི་དགོངས་པ་ནི་འདི་སྲིད་པ་ནི་ཚང་མར་སྤངས་པ་ཡིན་

ནོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དེ་དག་སེམས་ཀྱི་འབྲས་བུ་མ་ཡིན་ཏེ། གཉིད་ཀྱི་གནས་སྐབས་ན་སེམས་མེད་ཀྱང་འབྱུང་བའི་ཕྱིར་རོ་སྙམ་དུ་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །གྲུབ་པའི་མཐའ་ནི་གཉིད་ཀྱི་གནས་སྐབས་ན་སེམས་མེད་པར་ཁས་བླངས་ཀྱང་། དེའི་དུས་སུ་

འབྱུང་བ་དང་རྔུབ་པ་དག་སེམས་ཀྱི་འབྲས་བུ་ཉིད་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྔར་གྱི་སེམས་ལས་ཞེས་བྱ་བ་ནི་སད་པའི་གནས་སྐབས་ཀྱི་སེམས་ལས་སོ། །གཞན་དུ་གྱུར་པ་ལས་ཞེས་བྱ་བ་ནི་དྲག་ཏུ་འབྱུང་བ་གོམས་པ་ལས་ནི་གཞན་ཉིད་དུ་འགྱུར་ཏེ་དྲག་ཏུ་འབྱུང་བར་འགྱུར་

རོ། །རྒྱུ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་དོན་གྱིས་ཏེ། དངོས་སུ་ནི་རླུང་འབྱིན་པ་དང་ཞེས་བྱ་བ་ལ་སོགས་པས་སེམས་ལ་རག་ལས་པ་ཉིད་སྟོན་པར་བྱེད་དོ། །སེམས་ཀྱི་ཁྱད་པར་འབད་རྩོལ་མེད་པར་རོ། །གཞན་ཡང་གལ་ཏེ་འབྱུང་རྔུབ་ཀྱི་འབྲས་བུ་ཡིན་ན། འབྱུང་བ་དང་རྔུབ་པ་

དེ་དག་འཕེལ་བ་དང་འགྲིབ་པ་ལས་སེམས་ཀྱང་འཕེལ་བ་དང་འགྲིབ་པར་འགྱུར་རོ། །དེ་ལྟར་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་འབད་རྩོལ་མེད་པར་དེ་གཉིས་འབྱུང་བ་མ་ཡིན་ནོ། །གལ་ཏེ་འབད་རྩོལ་མེད་པར་འབྱིན་པ་དང་འདྲེན་པ་མི་འབྱུང་བས་དེ་དག་རྒྱུའི་འབྲས་བུ་ཉིད་ཡིན་མོད།

འབྱུང་བ་དང་རྔུབ་པ་དག་གོ། །ཅི་ལྟར་ཞེ་ན། དེ་དག་ནི་ཞེས་གསུངས་སོ། །འབྱུང་བ་དང་རྔུབ་པ་དག་གོ། །འོན་ཏེ་ཞེས་བྱ་བ་ནི་དེ་དག་གི་ཆོས་ཀྱི་རང་བཞིན་འབྱིན་པ་དང་འདྲེན་པ་ཉིད་ཡིན་ནོ། །འོ་ན་དེ་དག་གི་རང་བཞིན་གང་ལས་སྐྱེས་སྙམ་ན། རང་གི་ངོ་བོ་ནི་རྒྱུ་གཞན་ལས་ཞེས་སྨྲས་

เล่ม ๑๘๔ · หน้า 75b

སོ། །སེམས་དེ་ལས་ནིའོ། །སུན་འབྱིན་པའི་བསམ་པ་ནི་འདི་ཡིན་ཏེ། རང་གི་ངོ་བོ་ནི་རྒྱུ་གཞན་ལས་ཡིན་ནོ་ཞེས་གང་སྨས་པ་དེ་ལ་གཞན་གནས་པའི་རླུང་ངམ་ལུས་ཡིན་པར་བརྟག །དང་པོའི་དབང་དུ་བྱས་ནས་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །གནས་པ་དེ་ནིའོ། །དེ་ལས་

འབྱུང་བ་དང་རྔུབ་པ་དག་འབྱུང་བར་འགྱུར་ལ། དེ་ལས་སེམས་དེ་ལས་ཀྱང་འབྱིན་པ་དང་འདྲེན་པར་འགྱུར་ཞིང་ཡང་དེ་བཞིན་དུ་འགྱུར་བའི་ཕྱིར་ཞི་བ་ལས་སེམས་ལྡོག་པར་མི་འགྱུར་ཏེ། གནས་པའི་རླུང་གཏན་དུ་ཐམས་ཅད་ལ་ཡོད་པར་གྲུབ་པའི་ཕྱིར་རོ། །གནས་པའི་རླུང་རྒྱུ་ཡིན་

ནོ་ཞེས་དེ་སྐད་དུ་སྨྲ་སྙམ་ན་གལ་ཏེ་ཞེས་གསུངས་ཏེ། ཕྱོགས་གཉིས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ཡང་སྐབས་ཀྱི་ཉེས་པ་ཉིད་ཡོད་དོ་ཞེས་སྟོན་པ་ནི་གལ་ཏེ་གནས་པའི་རླུང་ཞེས་བྱ་བའོ། །དེའི་ཚེ་ལྡོག་པ་མེད་པ་ཉིད་དུ་ཞེས་བྱ་བ་སྟེ། ལུས་ལས་འབྱུང་རྔུབ་དེ་ལས་སེམས་

དེ་ལས་འབྱིན་པ་དང་འདྲེན་པ་ཡིན་པའི་ཕྱིར་ལུས་འདི་ཉིད་རྩ་བའི་རྒྱུ་ཡིན་ནོ། །དེས་ན་ལྡོག་པ་མེད་པར་ཐལ་བ་སོ་ན་འདུག་གོ། །འོན་ཏེ་ཞེས་བྱ་བ་ནི་ཕྱེད་སྔ་མ་བཤད་པའོ། །རྒྱུ་ཡིན་ན་ཞེས་བྱ་བ་ནི་བརྒྱུད་པ་སྟེ་གནས་པའི་རླུང་ཉིད་ལ་བརྗོད་དོ། །འབྱུང་བ་དང་རྔུབ་པ་དེ་མེད་

པས་ན་སེམས་ལྡོག་པར་འདོད་པ་གང་ཡིན་པ་དེ་མི་ཐོབ་སྟེ། འབྱུང་བ་དང་རྔུབ་པ་ཉིད་མི་ལྡོག་པའི་ཕྱིར་རོ། །དེ་ལྟར་རྣམ་འགྲེལ་གྱི་ཕྱེད་སྔ་མ་བཤད་ནས། ཕྱེད་ཕྱི་མ་འཆད་པ་ནི་འབྱུང་བ་དང་རྔུབ་པ་ཞེས་བྱ་བའོ། །འབྱུང་བ་དང་རྔུབ་པ་འཕེལ་བ་དང་འགྲིབ་པ་དག་ལས་

རྣམ་པར་ཤེས་པ་འཕེལ་བ་དང་འགྲིབ་པར་ནི་མཐའ་མེད་དོ། །དེས་ན་དེ་དག་ནི་སེམས་ཀྱི་གཙོ་བོའི་རྒྱུ་མ་ཡིན་ནོ། །འབྱུང་བ་དང་རྔུབ་པ་དག་སེམས་ཀྱི་རྒྱུར་ཁས་བླངས་ཀྱང་བརྗོད་པའི་ཐལ་བ་མི་ལྡོག་གོ་ཞེས་བརྗོད་པ་ནི་དེ་དག་ལ་ཡང་ཞེས་བྱ་བ་སྟེ། འབྱུང་བ་དང་རྔུབ་པ་དག་ལ་

ཡང་ཐལ་བ་མཚུངས་སོ། །དེའི་རྒྱུ་མཚང་བ་མེད་པའི་ལུས་གནས་པའི་ཕྱིར་ན་སེམས་ལྡོག་པ་མེད་པ་ཁོ་ནའོ་ཞེས་དགོངས་པའོ། །འདི་ཉིད་ནི་གཙོར་འཆད་པ་ནི་འབྱུང་བ་དང་རྔུབ་པ་དག་ཅེས་བྱ་བའོ། །འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་རྐང་ལྷག་མ་གསུམ་རྣམ་པར་

เล่ม ๑๘๔ · หน้า 76a

འགྲེལ་པའོ། །ཅི་ལྟར་ལུས་ཡོད་ན་འབྱུང་བ་ལ་སོགས་པ་མི་ལྡོག་པས་ན་སེམས་ཡོད་པར་ཐལ་བ་དེ་ལྟར་སྦྱོར་བར་བྱེད་པ་ནི་སེམས་ནི་གནས་པ་ཉིད་ན་ཞེས་བྱ་བའོ། །ཐལ་བར་འགྱུར་བ་སྐྱེ་འདོད་པའི་སེམས་ལ་ལྟོས་ནས་སྔ་མ་འཆི་ཁ་མའི་སེམས་

ཐ་མ་ཡང་དེའི་སྔ་མ་འདོད་ན་ལྡོག་པ་མ་ཡིན་ནོ། །ཐ་མ་དང་ཉེ་བ་ནི་ལུས་ཀྱི་གནས་སོ། །ཐ་མ་ན་འབྱུང་རྔུབ་ཀྱི་གནས་ཡིན་ནོ། །ལུས་དེ་ལ་སྲིད་པ་དང་ལྷན་ཅིག་འཇུག་པའི་ལས་དེ་དེའི་མིང་ཅན་ནོ། །འདིས་ནི་སྲིད་པ་དང་ལས་བསྟན་ཏོ། །རྨོངས་པ་ཡང་ཉེ་བར་མཚོན་པ་བྱ་

པ་ཡིན་ནོ། །མ་རིག་པ་ལ་སོགས་པའི་རང་བཞིན་དེ་ཉིད་ནི་འདུ་བྱེད་ཅེས་བྱ་བ་བག་ཆགས་ཀྱི་ས་བོན་ཡིན་ནོ། །འདུ་བྱེད་དེ་སྐྱེ་བར་འདོད་པ་ལ་སྔ་མའི་སེམས་ལས་སད་པར་བྱས་པ་གང་ཡིན་པ་དེར་གྱུར་པ་ན་སྔ་མ་ཅི་ལྟ་བ་བཞིན་དུ་ལུས་དེ་ལས་སེམས་སྐྱེད་པར་བྱེད་པའམ།

གཞན་དུ་སྟེ་སྐྱེ་བ་གཞན་དུ་སྐྱེད་པར་བྱེད་པ་ཡིན་ནོ། །རྣམ་པར་དབྱེ་བ་འདི་ག་ལས་ཤེ་ན། བག་ཆགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་སད་པ་ན་ལུས་དེ་ཉིད་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཉེ་བར་སྤྱོད་པར་འགྱུར་བའི་བག་ཆགས་འགའ་ཞིག་ཡོད་པ་

ཡིན་ལ། གང་ཞིག་སད་པའི་ལུས་གཞན་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཉེ་བར་སྤྱོད་པར་འགྱུར་བའི་བག་ཆགས་འགའ་ཞིག་ཀྱང་ཡོད་པ་ཡིན་ནོ། །དེ་ལ་དང་པོ་ནི་ཕན་འདོགས་པའི་ཁྱད་པར་རྣམས་ཀྱིས། ལུས་དེ་ལ་སྐྱེ་འདོད་པ་གཞན་དང་གཞན་ལ་ལྟོས་

ནས་སྔ་མ་སྔ་མའི་སེམས་ལ་སད་པར་བྱེད་ལ། གཉིས་པ་ནི་གནད་དུ་ན་བ་ལ་སོགས་པས། སྐྱེ་བར་འདོད་པའི་སེམས་ལ་ལྟོས་ནས་སྔ་མར་གྱུར་པ་ཐ་མའི་སེམས་ལ་སད་པར་བྱེད་དོ། །དེ་བཞིན་དུ་བག་ཆགས་ཀྱི་ས་བོན་ཇི་སྐད་བཤད་པ་ནི། སྣ་ཚོགས་པར་བལྟ་

བར་བྱའོ། །བག་ཆགས་ཐོག་མ་མེད་པ་ཉིད་ནི་བསྙོན་པར་མི་འོས་ཏེ། མཐོང་བའི་ཕྱིར་རོ་ཞེས་བརྗོད་པ་ནི། དཔེར་ན་ཞེས་བྱ་བའོ། །འདིས་ནི་ཤེས་པ་སྣ་ཚོགས་པར་དངོས་སུ་བཤད་པ་ཡིན་ནོ། །བག་ཆགས་སྣ་ཚོགས་པ་ནི་ཤུགས་ཀྱིས་སོ། །དེ་བཞིན་དུ་བག་ཆགས་

เล่ม ๑๘๔ · หน้า 76b

སད་པར་བྱེད་པའི་རྐྱེན་ཡང་རྗེས་སུ་དཔག་པར་བྱའོ། །སེམས་སྣ་ཚོགས་པ་དེ་དོན་སྣ་ཚོགས་པས་བྱས་པ་ནི་མ་ཡིན་ཏེ། དོན་གྱིས་སྟོང་བའི་ཕྱིར་རོ། །གཞན་དུ་སྣང་བའི་ཕྱོགས་ལ་ཡང་བག་ཆགས་སུ་སྨྲ་བ་ནི་སྤང་བར་དཀའོ། །འདི་ལྟར་དོན་མི་ཉེ་བའི་ཕྱིར་ན་མི་སྣང་བ་ཉིད་དམ།

ཕྱིན་ཅི་མ་ལོག་པར་ཤེས་པ་ཉིད་དུ་ཅི་སྟེ་མི་འགྱུར་ཞེས་སྤྱད་པ་ན། རྣམ་པ་དེ་ལྟ་བུའི་ཤེས་པའི་རྒྱུད་འདུས་བྱས་པའི་ཁྱད་པར་ཤེས་པ་ལས་སྐྱེས་པའི་བདག་གི་ཡོན་ཏན་ཁས་བླང་བར་བྱ་བ་འམ། བདག་མེད་ན་ནི་དེ་མ་ཐག་པའི་རྐྱེན་གྱིས་ནུས་པའི་ཁྱད་པར་ཡིན་པའི་ཕྱིར། བག་

ཆགས་ནུས་པ་ཉིད་ཡིན་ནམ། འདུས་བྱས་པ་ཡིན་ཡང་རུང་སྟེ། ཁྱད་པར་འགའ་ཡང་མེད་དོ། །དེའི་ཕྱིར་མཇུག་སྡུད་པ་ནི་བག་ཆགས་སད་པའི་རྐྱེན་དེ་སྣ་ཚོགས་པའི་ཕྱིར་ན། བག་ཆགས་སད་པ་སྣ་ཚོགས་པ་ཡིན་ལ། དེའི་ཕྱིར་ཤི་བའི་ལུས་ལ་སེམས་ལྡོག་པ་ཡིན་

ནོ། །གལ་ཏེ་ལུས་ཙམ་རྒྱུ་ཡིན་ཡང་སེམས་ལྡོག་པར་འགྱུར་རོ་ཞེ་ན། ལུས་ཙམ་རྒྱུ་ཡིན་པ་ལ་ཡང་མ་ཡིན་ཏེ་ཞེས་གསུངས་ཏེ། རིགས་པ་ཞེས་བྱ་བ་ལྷག་མའོ། །ལྡོག་པ་ཞེས་བྱ་བ་ཡང་རྗེས་སུ་འཇུག་གོ། །གཞན་གྱིས་ལན་ཕྲན་ཚེགས་ནི། དེ་ལྟ་བུ་ཉིད་དུ་མཐོང་བའི་

ཕྱིར་རོ་ཞེས་བྱ་བའོ། །སྤོང་བ་ནི་འདི་ག་ལས་ཞེས་བྱ་བའོ། །རྒྱུ་ཉིད་དུ་ཚད་མས་མ་གྲུབ་པ་དང་། །གནོད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །རང་གི་འདོད་པས་སྡུད་པ་ནི། སེམས་ཀྱི་བག་ཆགས་སྣ་ཚོགས་པ་ནི། མཐོང་བ་སྟེ་ཚད་མས་ངེས་པ་ཡིན་ནོ། །ཅི་ལྟར་ཞེ་ན།

དེ་ལྟ་མིན་ན་རྨི་ལམ་དུ་ཤེས་པ་སྣ་ཚོགས་པ་མི་འཐད་པའི་ཕྱིར་རོ། །ཡང་ན་གལ་ཏེ་སེམས་རྒྱུ་ཡིན་པ་བཞིན་དུ་ལུས་ཙམ་རྒྱུ་ཡིན་པ་ཡང་མཐོང་བ་ཉིད་དོ། །དེས་ན་དེ་ལོག་པས་ཀྱང་ལྡོག་པར་འགྱུར་རོ་སྙམ་དུ་དོགས་ན། ལུས་ཙམ་ཞེས་གསུངས་སོ། །སེམས་ཙམ་རྒྱུ་ཡིན་པ་

ལྟར་ལུས་ཙམ་ན་སེམས་ཀྱི་རྒྱུ་ཡིན་པར་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་འདི་ག་ལས་ཤེས་དྲིས་ཏེ། ལུས་ཙམ་རྒྱུར་མ་གྲུབ་པ་ཅིའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལན་ནི་སྣ་ཚོགས་པའི་སེམས་ནི་ལུས་ཙམ་གྱི་རྒྱུ་ཙམ་དུ་མི་འཐད་པའི་ཕྱིར་རོ། །སྣ་ཚོགས་པའི་རྒྱུར་གྱུར་བའི་

เล่ม ๑๘๔ · หน้า 77a

བག་ཆགས་མཐོང་བ་སྟེ་ངེས་པ་ན་ཤེས་པ་ཐམས་ཅད་བག་ཆགས་སད་པའི་རྒྱུ་ཅན་ཡིན་ནོ། །གང་གིས་དེ་ལ་གཞན་ཡང་དེ་ལྟར་འགྱུར་བ། གཞན་དུ་མི་འཐད་པའི་ཤེས་པའི་ཕྱིར་ན། བག་ཆགས་ཀྱི་སྣ་ཚོགས་པ་མེད་པར་མི་འབྱུང་བར་ངེས་པའི་ཤེས་པ་

དེ་གང་ཡིན་སྙམ་ན། རྨི་ལམ་ཤེས་པ་ཞེས་གསུངས་སོ། །དཔེར་ན་རྨི་ལམ་གྱི་ཤེས་པ་སྣ་ཚོགས་པ་ལུས་ཀྱི་རྒྱུ་ཅན་དུ་མི་འཐད་པའི་ཕྱིར་ན། བག་ཆགས་སྣ་ཚོགས་པ་རྒྱུ་ཡིན་པར་ངེས་པ་བཞིན་ནོ། །ངེས་པ་དེའི་ཕྱིར་ན། སྣ་ཚོགས་པའི་ཤེས་པ་གཞན་པ་གཞན་གྱི་རྒྱུ་ཡང་

བག་ཆགས་སྣ་ཚོགས་པ་ཉིད་ཡིན་གྱི། ལུས་ཙམ་ལ་སོགས་པ་ནི་མ་ཡིན་པར་ངེས་པ་ཡིན་ནོ། །དེ་ལ་རེ་ཞིག་དཔེ་ཉིད་རྣམ་པར་འགྲེལ་པ་ནི། གལ་ཏེ་ལུས་དང་ཞེས་བྱ་བའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་སྟེ་ཐམས་ཅད་སྦྱར་རོ། །ཤེས་པ་སྣ་ཚོགས་པ་ལུས་ལ་སོགས་པའི་

རྒྱུ་ཅན་དུ་མི་འཐད་པ་ན་བག་ཆགས་པ་ཉིད་གསལ་བར་བྱེད་ནུས་པ་ཡིན་ནོ་ཞེས་བསྟན་པ་ནི། འགའ་ཞིག་གིས་ཞེས་བྱ་བའོ། །དཔེ་བཤད་ནས་ལྷག་མ་མཇུག་སྡུད་པས་རྣམ་པར་འགྲེལ་པ་ནི། དེའི་ཕྱིར་སེམས་ཐམས་ཅད་ཅེས་བྱ་བའོ། །བག་ཆགས་སད་པས་བྱས་ཏེ།

ངེས་པར་གནས་པ་ཡིན་གྱི་ཞེས་བྱ་བ་ནི། ཕན་ཚུན་སྤངས་ནས་གནས་ཏེ། གཅིག་གི་རྨི་ལམ་གྱི་ཤེས་པ་ཅི་ལྟ་བ་དེ་ལྟར་གཞན་ནི་མ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་རྨི་ལམ་ན་སྣང་བའི་ཤེས་པ་རྣམས་ནི་བག་ཆགས་ཙམ་ལས་སྐྱེས་པའི་ཕྱིར་མི་བདེན་པ་ཉིད་དོ་སྙམ་དུ་

བསམས་པའོ། །གྲུབ་པའི་མཐར་ནི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ཡང་མི་བདེན་པ་ནི་མ་ཡིན་ནོ་ཞེས་བསྟན་པས། མི་བདེན་པར་བསྒྲུབ་པ་ལ་བག་ཆགས་ལས་སྐྱེས་པ་ཉིད་མ་ངེས་པར་བརྗོད་པ་ནི། དེ་ཡང་མི་བདེན་ཏེ་ཞེས་བྱ་བའོ། །རང་དོན་ནི་བདེ་བ་དང་ཡིད་དགའ་བ་

ལ་སོགས་པའོ། །དེ་ལྟ་ཡིན་མོད། དེ་ལྟ་ན་ཡང་ཅི་ལྟར་བདེན་པ་ཉིད་ཡིན་ཞེ་ན། ཡོད་ཉིད་དོན་བྱེད་པ་ལས་ཞེས་གསུངས་སོ། །འཆད་པ་ནི་དོན་བྱེད་པ་ལས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །བཙོ་བ་དང་བསྲེག་པ་ལ་སོགས་པ་མངོན་པར་འདོད་པའི་དོན་བྱ་བ་གང་ཡིན་པ་

เล่ม ๑๘๔ · หน้า 77b

དེ་བྱེད་པ་ལ་འདེབས་པར་ཏེ། གཟེ་བར་འཇུག་པ་གང་དག་ཡིན་པ་དེ་དག་ལ་དེ་སྐད་ཅེས་བརྗོད་དོ། །མི་བདེན་པ་ཉིད་ཡིན་ཏེ་དེས་བདེན་པའི་བདག་ཉིད་འདོར་བ་གང་ཡིན་པ་དེ་དག་ནི་དེ་སྐད་ཅེས་བྱ་བའོ། །ཅི་སྟེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་སྐྱེ་བ་ལ་སོགས་པའོ། །དེ་ལྟར་

ཞེས་བྱ་བ་བདེན་པའི་ལུས་དང་འབྲེལ་པར་རོ། །མཚུངས་པ་ཉིད་བརྗོད་པ་ནི། དེ་དག་ཀྱང་ཞེས་བྱ་བ་སྟེ། ཐ་སྙད་དག་ཀྱང་ངོ་། །དེར་ཞེས་བྱ་བ་མངོན་པར་འདོད་པ་འཆི་བ་དང་སྐྱེ་བར་འགྱུར་རོ། །བདེན་པའི་ལུས་ཕན་ཚུན་ཁྱད་པར་དང་ལྡན་པའི་ཕྱིར་གཞན་དུ་གྱུར་པ་གང་ཡིན་པ་

དེ་དག་ལེན་པ་དང་། ལེན་པ་ཐ་སྙད་གང་ལ་ཡོང་པ་དེ་རྣམས་ནི་དེ་སྐད་ཅེས་བྱ་བའོ། །དེ་ལ་འཆི་བའི་སེམས་ནི་བདེན་པའི་ལུས་དང་འབྲེལ་པར་མཐོང་བ་ཁོ་ནའོ། །སྐྱེ་བའི་སེམས་ལ་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །འཇུག་པའི་ཐ་སྙད་འདོགས་པའམ་མངལ་ནས་

བྱུང་བའོ། །བག་ཆགས་ཀྱི་ཞེས་བྱ་བ་ནི་རྩོད་པའོ། །དམིགས་པ་མེད་པར་ཞེས་བྱ་བ་ནི། གང་གི་ཕྱིར་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །རྒན་པོ་ལ་སོགས་པ་ཞེས་བྱ་བ་ནི་ལན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །རྒན་པོ་ལ་སོགས་པའི་ལུས་ལ་

སུ་འཕོ་བ་ཅི་འདྲ་བ་དེ་འདྲ་བ་ནིའོ། །ལན་ནི་དེ་ལྟ་ན་ཡང་ཞེས་བྱ་བ་སྟེ། གལ་ཏེ་ཡང་བྱིས་པ་ལ་སོགས་པའི་གནས་སྐབས་སུ་ཁུ་ཁྲག་གཅིག་ལས་བྱུང་བ་ཉིད་ཡོད་པ་དེ་ལྟ་ན་ཡང་ངོ་། །ལྡོག་པ་སྟེ་མེད་པར་འགྱུར་བ་མ་ཡིན་ནོ། །འགའ་ཞིག་ཅེ་ན་ལུས་གཞན་ཉིད་དེ། །རེ་ཞིག་

ཐ་དད་པ་ཉིད་ནི་བཟློག་པར་དཀའོ། །ཅིའི་ཕྱིར་ཞེ་ན། མཚན་ཉིད་མི་མཐུན་པ་གཉིས་ནི་ཞེས་གསུངས་སོ། །བྱིས་པའི་འོག་རོལ་བག་མ་བླངས་ཀྱི་བར་ནི་གཞོན་ནུ་སྟེ། དེ་ཉིད་ཀྱི་ལུས་ཀྱང་མཚན་ཉིད་མི་མཐུན་པར་གསལ་བའི་ཕྱིར་ན་ཐ་དད་པ་ཁོ་ནའོ། །ཐ་དད་པར་འཕོ་བ་

ཡང་མཐོང་བའི་ཕྱིར་ན། ཁུ་ཁྲག་གཞན་གྱིས་བསྐྱེད་པ་ལ་ཡང་འགལ་བ་ཅི་ཡོད་སྙམ་དུ་བསམས་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །རིགས་མི་འདྲ་བ་ནི་ཤིན་ཏུ་རིགས་མི་མཚུངས་པ་ལ་འདོད་དོ། །ལན་ནི་རྨི་ལམ་གྱི་ཞེས་བྱ་བའོ། །ཤིན་ཏུ་རིགས་མི་འདྲ་བའི་ལུས་

เล่ม ๑๘๔ · หน้า 78a

གཞན་དུ་འཕོ་བ་མ་མཐོང་བ་དེ་ཡང་ངོ་། །རྒས་པ་པ་ནི་དེ་ནི་ཞེས་བྱ་བ་སྟེ། རྨི་ལམ་གྱི་ལུས་དེའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །མཐོང་བ་ནི་ཞེས་བྱ་བ་མངོན་སུམ་དུ་སྣང་བ་སྟེ། མངོན་སུམ་གྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གང་ལས་མི་

བདེན་པར་འགྱུར་བ་དེ་ལ་གནོད་པ་ཡང་ཅི་ཞིག་ཡོད། མངོན་སུམ་ལ་གནོད་པ་འཇུག་ན་ནི་གཞན་ལ་ཡང་ཡིད་བརྟན་དུ་ཅི་ཡོད། ཟླ་བ་གཉིས་སུ་སྣང་བ་ནི། ཟླ་བའི་རྣམ་པ་ཅན་གྱི་བློ་ཉིད་སྣང་བ་ཡིན་ལ། དེ་ལ་གནོད་པ་ནི་ཡོད་པ་མ་ཡིན་ནོ། །གནོད་པ་ནི་བརྟགས་པའི་

ཕྱི་རོལ་གྱི་ཟླ་བ་གཉིས་ཉིད་ལ་འཇུག་པ་ཡིན་ནོ། །དེ་ནི་སྣང་བ་མ་ཡིན་ནོ་ཞེས་སྤྱོད་པར་འགྱུར་རོ། །ལྷག་པ་བརྗོད་པའི་དོན་དུ་ལན་འདི་ལ་ངེས་པ་མ་སྐྱེས་པས་རྩོད་པ་བརྗོད་པ་ནི། ཅི་ལྟར་ཞེས་བྱ་བའོ། །རྨི་ལམ་གྱི་ལུས་དེའོ། །དེར་ནི་རྨི་ལམ་གྱི་ལུས་སུའོ། །ལྷག་པ་ཉིད་

བརྗོད་པའི་དོན་དྲི་བ་ནི། ཅི་ཞིག་ཅེས་བྱ་བའི་དོན་འདི་ཡིན་ཏེ། མི་བདེན་པ་ཞེས་བྱ་བ་འདི་ཅི་ཡིན། གནོད་པ་ཉིད་དམ། ཡུན་རིང་དུ་མི་གནས་པ་ཉིད་དམ། ཐུན་མོང་མ་ཡིན་པར་དམིགས་པ་ཡིན་ཞེས་བྱ་བའོ། །དེ་ལ་དང་པོ་གསལ་བའི་དོན་དུ་དོགས་པ་བསུ་བ་ནི་སད་པའི་ཞེས་

བྱ་བའོ། །གང་གི་ཚེ་ཞེས་བྱ་བ་གཉིད་ལོག་པའི་གནས་སྐབས་ནའོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་སད་པའི་གནས་སྐབས་སུའོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་གཉིད་ལོག་པའི་གནས་སྐབས་ནའོ། །གཉིད་ལོག་པའི་དེས་ཀྱང་ངོ་། །ཅི་སྟེ་ཞེས་བྱ་བ་ནི་གཞིན་གྱིའོ། །རྨི་ལམ་

གྱི་ཤེས་པ་སད་ན་མ་དམིགས་སོ་ཞེས་རྟོགས་པར་བྱས་སོ། །སད་པ་དང་མ་སད་པ་དག་ཅེས་བྱ་བ་ནི་ལན་ནོ། །གཞན་དག་ཐ་དད་པའི་རྒྱུ་མཚན་བརྗོད་པ་ནི། ང་ཞེས་བྱ་བའོ། །གྲུབ་པའི་མཐའ་འདི་མ་ངེས་སོ་ཞེས་བརྗོད་པ་ནི་ང་ཞེས་བྱ་བའོ། །ང་སད་དོ་སྙམ་པའི་ཤེས་པ་

དེ་ལས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །སད་པ་དང་རྨི་ལམ་གྱི་ཤེས་པ་ཉིད་དམིགས་པར་མཚུངས་པ་ལའོ། །རི་བོང་གི་རྭ་བཞིན་མེད་པའམ་ཟླ་བ་ལྟར་མི་བདེན་པའོ། །ཟླ་བ་གཉིས་མི་བདེན་པ་མི་སྣང་ཡང་གནོད་པའི་ཕྱིར་རོ་ཞེས་བྱ་བ་ལུགས་ངན་གྱི་གཞུང་ལ་

เล่ม ๑๘๔ · หน้า 78b

ལྟོས་ནས་བརྗོད་པ་ཡིན་ནོ། །དངོས་པོ་ལ་ནི་དངོས་པོ་དང་དངོས་པོ་མེད་པ་ལས་ཕུང་པོ་གསུམ་པ་མེད་དོ་ཞེས་བྱིས་པ་ཡན་ཆད་ལ་གྲགས་པ་ཡིན་ནོ། །དེས་ན་གལ་ཏེ་གསལ་བ་ཉིད་ཀྱིས་མེད་པ་ལ་ལྟོས་ནས་ནི། དེའི་ཚེ་དངོས་པོ་ཉིད་ཡིན་པར་ཕུང་པོ་གསུམ་ག་ལ་ཡོད།

གསལ་བཞིན་པ་ལ་ནི་གནོད་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །རྣམ་པར་རྟོག་པ་ལྷག་མ་གཉིས་ཀྱི་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བ་སྟེ་དང་ཞེས་བྱ་བ་ནི་སྡུད་པའོ། །དེའི་དོན་ནི་འདི་ཡིན་ཏེ། བག་ཆགས་སྟོབས་ཆུང་བས་བྱས་པ་ཤེས་པ་སྟོབས་ཆུང་བའི་

མིང་ཅན་རིང་དུ་མི་གནས་པ་དང་ཐུན་མོང་མ་ཡིན་པར་དམིགས་པ་གང་ཡིན་པ་དེ་རྨི་ལམ་གྱི་ཤེས་པའི་མི་བདེན་པ་ཉིད་ཡིན་གྱི་མེད་པའམ་བརྫུན་པ་མ་ཡིན་ཏེ་རིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ལན་དུ་འོ་ན་གང་ལ་ཞེས་བྱ་བའོ། །བག་ཆགས་བརྟན་པ་ཞེས་བྱ་བ་ནི་

བག་ཆགས་བརྟན་པས་བྱས་པའི་རིང་དུ་གནས་པ་ཉིད་བརྗོད་པར་འདོད་པ་ཡིན་ནོ། །བཟློག་པ་ནི་བདེན་པའོ། །ཆོས་འཕོ་བ་ཉིད་ནི་ཆོས་ཅན་བདེན་པའི་ཕྱིར་ཞེས་བྱ་བར་བསམས་པའོ། །ཐུན་མོང་དུ་དམིགས་པ་ཞེས་བྱ་བ་ལ། ཡང་གང་ལ་བག་ཆགས་བརྟན་པ་ཡོད་པ་དེར་

བཟློག་པའི་ཕྱིར་འཕོ་བ་ཉིད་དོ་ཞེས་སྦྱར་རོ། །ཐུན་མོང་དུ་དམིགས་པ་ནི། གཞན་གྱིས་ས་དང་རི་ལ་སོགས་པ་ཅི་ལྟར་དམིགས་པ་དེ་ལྟར་དེ་རིང་སྐྱེས་པས་ཀྱང་དམིགས་པ་རྨི་ལམ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་སྡུད་པ་ནི་ང་འདི་ལྟར་ཞེས་བྱ་བའོ། །མི་བདེན་པའི་ཐ་སྙད་

སྐྱེ་བ་ནི་བདེན་མིན་སྐྱེ་བ་སྟེ་འདི་ལས་སྐྱེ་བའོ། །ཐུན་མོང་དུ་དམིགས་པ་ཞེས་བྱ་བ་འདི་ལ་ཐུན་མོང་མ་ཡིན་པར་དམིགས་པའི་བྱ་བ་ཡོད་པ་སྟེ་འབྲུ་མང་པོ་པའོ། །སྐབས་སུ་བབ་པ་སྐྱེ་བ་དང་པོའི་གནས་སྐབས་ཅན་ཡང་སད་པའི་ཤེས་པའི་རང་བཞིན་ཉིད་ཡིན་གྱི། བདེན་པ་ལ་

འདའ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེས་ན་འཕོ་བ་གྲུབ་པའི་ཞེས་བྱ་བའོ། །འོ་ན་རྨི་ལམ་གྱི་ཤེས་པ་ཇི་ལྟར་མི་བདེན་ཞེ་ན། བསྟན་པ་མེད་པ་ནི་ཞེས་བྱ་བའོ། །དེ་ཙམ་གྱིས་རྨི་ལམ་མི་བདེན་པར་ཐ་སྙད་བྱེད་ཀྱང་སྐབས་ཉམས་པ་མ་ཡིན་ཏེ་དེ་མེད་པའི་ཕྱིར་རོ། །རྨི་ལམ་ཡང་

เล่ม ๑๘๔ · หน้า 79a

མི་བདེན་པར་ངེས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གང་དུ་ཞེས་བྱ་བ་སྟེ་རྨི་ལམ་དུའོ། །གཉི་ག་ལ་ཡང་ཐུན་མོང་དུ་དེ་ལྟར་སྣང་བ་དེ་ཉེ་བར་བསྟན་པའི་སྨན་ལ་སོགས་པ་ཟོས་པས་ནད་ཞི་བ་ལ་སོགས་པ་ཉམས་སུ་མྱོང་བའི་ཕྱིར་རོ། །འབྲས་བུའི་རྒྱུན་

ལ་ལྟོས་ནས་ཡུན་རིང་དུ་རྗེས་སུ་འབྲེལ་པ་ཡང་ཡིན་པའི་ཕྱིར་དེར་ཅི་ལྟར་མི་བདེན་པ་ཡིན། འོན་ཏེ་དེའི་ཚེ་བདེན་པ་ཉིད་དོ་ཞེས་བྱ་བ་གཉིས་ལ་རྨི་ལམ་དུ་མཐོང་བ་སྣང་བའི་དུས་ནའོ། །དེ་ལྟར་བག་ཆགས་བརྟན་པ་དང་བཅས་པའི་རྨི་ལམ་དུ་རིགས་མི་མཐུན་པའི་ལུས་

སུ་འཕོ་བ་ནི་བདེན་པས་ཁྱབ་པར་བསྟན་པ་ཡིན་ནོ། །དེས་ན་གང་འཕོ་བའི་སེམས་བག་ཆགས་བརྟན་པ་དང་བཅས་པ་དེ་ནི་བདེན་པ་ཡིན་ཏེ། དཔེར་ན་བྱིས་པ་ནས་གཞོན་ནུའི་ལུས་འཕོ་བ་བཞིན་ནོ། །འཇིག་རྟེན་གཞན་ནས་འཇིག་རྟེན་འདིའི་ལུས་འཕོ་བའི་སེམས་འདི་

ཡང་བག་ཆགས་བརྟན་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་ནོ། །འདིར་འཕོ་བ་ཉིད་ཡོད་ཀྱང་སྔ་མ་དྲན་པའི་ཕྱིར་གཞོན་ནུའི་ལུས་འཕོ་བ་ཉིད་བདེན་པ་ཡིན་ནོ་ཞེས་སུན་འབྱིན་པའོ། །དོགས་པ་བསུ་ནས་དེ་ལྟ་ཡིན་ན་ཞེས་གསུངས་སོ། །འཕོ་བ་ཞེས་བྱ་བ་འཕོ་བ་ཙམ་

བདེན་པས་ཁྱབ་པར་རབ་ཏུ་གྲུབ་པས་ནའོ། །ཁྱད་པར་ཡོངས་སུ་རྟོག་པའི་ཕྱིར་ཞེས་བྱ་བ་ནི་དྲན་པ་དང་ལྡན་པའི་ཕྱིར་ཞེས་བྱ་བར་རོ། །རྣམ་རྟོག་དང་མཚུངས་ཞེས་བྱ་བ་ནི་སྔ་མ་བཞིན་ཆོས་མཐུན་པ་ཡིན་ཡང་ཁྱད་པར་བརྗོད་པ་ནི་རྣམ་པར་རྟོག་པ་དང་མཚུངས་པའོ། །ཡང་ན་སྦྱོར་

བ་ནི་བཤད་མ་ཐག་པ་ཉིད་ཡིན་ལ། དཔེ་ནི་དཔེར་ན་བག་ཆགས་བརྟན་པ་དང་བཅས་པའི་རྨི་ལམ་གྱི་ལུས་སུ་འཕོ་བ་བཞིན་ནོ་ཞེས་གཞན་དུ་བྱའོ། །གལ་ཏེ་རྨི་ལམ་གྱི་གནས་སྐབས་སུ་བྱུང་བའི་ཕྱིར་ན། དེ་འདྲ་བའི་རྨི་ལམ་གྱི་ལུས་འཕོ་བ་བདེན་པར་འགྱུར་མོད། སྐྱེ་བ་

དང་པོར་ནི་མ་ཡིན་ཏེ། བཟློག་པའི་ཕྱིར་ཞེས་སུན་འབྱིན་པའི་དོགས་པ་བསུ་ནས། དེ་ལྟ་ཡིན་ན་རྨི་ལམ་གྱི་དོན་ཐམས་ཅད་མི་བདེན་པ་མ་ཡིན་ནོ་ཞེས་གསུངས་སོ། །ཁྱད་པར་ཡོངས་སུ་རྟོག་པའི་ཕྱིར་ཞེས་བྱ་བ་ནི། རྨི་ལམ་ལ་སོགས་པའི་ཁྱད་པར་ཡོངས་སུ་རྟོག་པའི་ཕྱིར་

เล่ม ๑๘๔ · หน้า 79b

རོ། །ལྷག་མ་ནི་སྔ་མ་བཞིན་བཤད་པར་བྱའོ། །འཕོ་བ་གྲུབ་པ་ལ་འཐད་པ་གཞན་བརྗོད་ན། ཡང་ན་ཞེས་བྱ་བའོ། །གོམས་ལས་ཁྱད་པར་གང་འགྱུར་ཏེ། །སྐྱེ་བ་དང་པོར་དེ་བཞིན་གནས། །ཞེས་བྱ་བ་འདི་བཤད་པས་རྟོགས་ཟིན་མོད་ཀྱི་དེ་ཉིད་འགྲེལ་པའི་ཚུལ་

དུ་གྱུར་པ་ཡིན་ནོ། །ཁྱད་པར་ཡང་བརྗོད་པ་ནི། འོན་ཏེ་འཕོ་བ་ལ་ཞེས་བྱ་བའོ། །ཅི་ལྟར་སྐྱོན་མེད་ཅེ་ན། རྗེས་དཔག་ཡུལ་ནི་ཞེས་བྱ་བའོ། །མངོན་སུམ་གྱིས་ཡུལ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཏེ། ཕན་ཚུན་ཡུལ་སྤངས་ནས་གནས་པའི་ཕྱིར་

རོ། །འདི་ཉིད་བརྗོད་པ་ནི། མངོན་སུམ་དང་ཞེས་བྱ་བའོ། །ཕན་ཚུན་སྤངས་པས་གནས་པ་དེ་ཉིད་དོ། །ལུས་སམ་གཞན་གོས་ལ་སོགས་པའི་ལ་ཡང་རུང་སྟེ། ཀུན་དུ་འཛིན་པ་ནི། གོམས་པ་ཉིད་དམིགས་སོ། །དེས་ན་སྔོན་གོམས་པ་བསྒྲུབ་པར་བྱ་བ་ལ་ལྟོས་ནས་

ཕྱོགས་ལ་ཡོང་པ་ནི་དགོས་པ་མེད་པའི་ཕྱིར་སྐྱེ་བ་དང་པོ་ཀུན་དུ་འཛིན་པ་མཐོང་བ་དེ་ཉིད་ལས། སྐྱེ་བ་དང་པོར་འཕོ་བ་ཅི་སྟེ་རྗེས་སུ་མི་དཔོག །བརྗོད་ཟིན་པའི་རྩོད་པ་ཉིད་གསལ་བར་བྱེད་པ་ནི། ཅི་སྐད་དུ་ཞེས་བྱ་བའོ། །སྐྱོན་དེ་ཡང་མེད་དེ་བྱ་བ་ཉིད་གསལ་བར་བྱེད་པ་ནི་དེ་ལ་

ལན་འདི་ཡིན་ཏེ་ཞེས་བྱ་བའོ། །ཚིག་ལེའུར་བྱས་པ་འགྲེལ་པ་ནི། གལ་ཏེ་ཞེས་བྱ་བའོ། །འབྲས་བུའི་ཞེས་བྱ་བ་ནི་ཀུན་དུ་འཛིན་པ་ལ་སོགས་པའོ། །དེས་ན་ཀུན་དུ་འཛིན་པ་འདིའི་སྔོན་གོམས་པར་བྱས་པ་གང་ཡིན་པ་དེ་ཉིད་འདིའི་སྔོན་གྱི་སེམས་ལས་བྱུང་བ་ཡིན་ནོ། །འཕོ་

བའི་དོན་འདི་ཁོ་ན་ཡིན་ཏེ་དབུས་ཀྱི་གནས་སྐབས་བཞིན་ནོ། །དེས་ན་འཕོ་བའི་སེམས་མངོན་སུམ་དུ་བྱས་པ་ཉིད་ནི་མཁོ་བ་མེད་དོ། །ཀུན་དུ་འཛིན་པའི་གོམས་པ་སྔོན་དུ་སོང་བ་ཅན་ནི་བདག་ཉིད་ལས་མཐོང་བ་ཉིད་དོ། །དེ་ལྟར་འཕོ་བ་སྤྱིར་རྗེས་སུ་དཔོག་པ་བསྒྲུབས་ནས། ཁྱད་པར་དུ་

བསྒྲུབ་པའི་ཕྱིར་འགྲོ་བ་གཞན་འཕོ་བའི་དཔེ་བཤད་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །ཅི་ལྟར་མེད་པའི་ཁྱད་པར་ལས་འདི་ནི་འདྲ་བ་ཞིག་ནས་འོངས་སོ་ཞེས་རྟོགས་པ་དེ་བཞིན་དུ་བདེ་བ་དང་། གཙང་བའི་རྒྱུའི་ཉེ་བར་མཁོ་བ་ལ་དགའ་བས་ན། སྤྱོད་པའི་ཁྱད་པར་

เล่ม ๑๘๔ · หน้า 80a

ལས་འདི་ནི་འདི་འདྲ་བ་ཞིག་གི་འཇིག་རྟེན་ནས་སྐྱེས་སོ་ཞེས་ངེས་པ་ཡིན་ནོ། །གལ་ཏེ་ལྷ་ལ་སོགས་པའི་འགྲོ་བ་ནས་གཞན་དུ་འོངས་པ་མ་མཐོང་ཡང་ཁྱད་པར་འདིར་ཅི་ལྟར་འགྱུར་སྙམ་ན། གྲོང་གཞན་ནས་འོངས་པ་ལ་ཞེས་གསུངས་སོ། །འདིས་

དཔེ་དྲན་པར་བྱེད་པའོ། །འབྲས་བུའི་ཁྱད་པར་ནི་རྒྱུའི་ཁྱད་པར་མེད་པར་མི་འགྱུར་བའི་ཕྱིར་ན། ཤུགས་ཉིད་ལ་ཁྱད་པར་འགྲུབ་པོ། །དེ་ཉིད་སྟོན་པ་ནི། དུ་བ་ལས་ཞེས་བྱ་བའོ། །ཙན་དན་ལས་བྱུང་བ་ལ་སོགས་པའི་ཁྱད་པར་དང་ལྡན་པའོ། །དེ་ལྟར་ཡང་ཙན་དན་གྱི་བསུང་དང་

ལྡན་པའི་དུ་བ་ལས་ཙན་དན་གྱི་མེ་རྗེས་སུ་དཔོག་པ་ཁོ་ནའོ། །དོགས་པ་བསུ་བ་ནི་མེ་ཙམ་ལས་འཇུག་གོ་ཞེས་བྱ་བ་སྟེ་མངོན་སུམ་མོ། །ལན་འདིར་ཡང་ཞེས་བྱ་བའོ། །ཡུལ་ལ་སོགས་པ་ལས་འཕོ་བའི་སྤྱི་ལ་མངོན་སུམ་འཇུག་ལ། གཞན་གྱི་ངེས་པའི་མངོན་པར་འདོད་

པ་ལ་སོགས་པའི་ཁྱད་པར་ལ་དེ་ལྟར་རྗེས་སུ་དཔོག་པ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་གཞན་ནས་འཕོ་བ་སྤྱིར་གྲུབ་པའི་ཕྱིར། མངོན་པར་འདོད་པ་ལ་སོགས་པའི་ཁྱད་པར་ཅན་གྱི་འཇིག་རྟེན་གཞན་གྲུབ་པ་ཞེས་བཤད་ཟིན་པ་ཁོ་ནའོ། །མེ་ལ་བརྟེན་པའི་སྐབས་གསལ་གྱིས་གསལ་བར་

བྱེད་པ་ཡིན་ནོ། །འོན་ཏེ་ཡང་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ཉིད་སྡུད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ལུས་གཞན་གྱིས་འཕོ་བ་གང་གིས་ཡིན་པ་དེ་དོར་ཏེ་ལུས་དེ་ཉིད་ཀྱིས་འཕོ་བ་ཞེས་བྱ་བའི་དོན་ཏོ། །བདེ་བར་བསྒྲུབ་པ་འགྱུར་བ་ཡིན་ཞེས་བྱ་བ་ནི་བསྟིང་ཆད་དོ། །གཞན་

ཡང་བརྗོད་པས་སོ། །ཅི་ལྟར་རྨི་ལམ་ཞེས་བྱ་བའི་གང་གི་ཚེ་རྨི་ལམ་གྱི་དམིགས་པ་མེད་པ་ན་ཞེས་བྱ་བའི་དོན་ཏོ། །ཤི་བའི་ཕྱིར་སྐྱེ་བའི་སྔོན་རོལ་ཏུ་གལ་ཏེ་ཆད་ན། དེའི་ཚེ་འཇིག་རྟེན་ཕ་རོལ་སྨྲ་བ་རྣམས་ཀྱིས་ཅི་ཞིག་བྱས་ཞེས་སྦྱར་རོ། །ཇི་ལྟར་ཞེས་བྱེད་པ་ལ་སོགས་པས་

ནི་ཚིགས་སུ་བཅད་པ་དང་པོས་བཤད་དོ། །ཕྱིན་ཅི་ལོག་ཏུ་བསྒྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། ལུས་དེ་མ་བཏང་བ་ན་སྐྱེ་བ་ཉིད་དུ་འགྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་གཉིས་པ་འཆད་པའོ། །འདིར་འདི་སྐད་བརྗོད་དེ་ཞེས་བྱ་བ་ནི་ལན་ནོ། །

เล่ม ๑๘๔ · หน้า 80b

གཞན་མཐོང་བ་ཉིད་ཅེས་བྱ་བ་ནི། ད་ལྟར་བའི་ལུས་ཀྱི་སྐད་ཅིག་མཐོང་བ་གང་ཡིན་པ་ཉིད་སྔོན་གྱི་ལུས་པོ་ཡོངས་སུ་དོར་བ་མེད་པ་ཡིན་ཏེ་མི་དམིགས་པ་ལས་མེད་པ་གཞན་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ལུས་དེ་ཉིད་ཀྱིས་འགའ་ཡང་འཕོ་བ་མེད་པའི་ཕྱིར་རྩོད་པ་དང་པོ་བསལ་ཏོ། །མི་

བདེན་པ་དང་། འགྲེལ་པའི་རྩོད་པ་ལ་བརྗོད་པ་ནི། རྨི་ལམ་རིག་པ་ཐམས་ཅད་ནི་ཞེས་བྱ་བའི་རྨི་ལམ་གྱི་མི་བདེན་པ་ཇི་འདྲ་བ་ཡུལ་གྱི་རྗེས་སུ་འཇུག་པ་མེད་པ་ཙམ་གྱི་ཉེ་བར་བསྒྲུབས་པ་དེ་ཁས་བླངས་ཀྱང་རྨི་ལམ་གྱི་ཤེས་པ་དངོས་སུ་བདེན་པ་ཡིན་པའི་ཕྱིར་ན་བདེན་པས་བསྐྱེད་པར་བྱ་བ་

དང་བདེན་པའི་སྐྱེད་བྱེད་དུ་མི་འགལ་བ་ཡིན་ནོ། །དེ་ལྟར་འཇིག་རྟེན་ཕ་རོལ་ལ་ཡང་དེ་གཉིས་ཀ་མི་འགལ་ལོ། །དེས་ན་ཡོད་པར་སྨྲ་བ་རྣམས་ཀྱི་འདོད་པ་ཐོག་ཏུ་བབ་པོ་སྙམ་དུ་དགོངས་པ་ཡིན་ནོ། །ཇི་ལྟར་རྨི་ལམ་དམིགས་པ་མེད་པར་ཞེས་བྱ་བ་དེ་ལ་བཤད་པ། རྣམ་པར་

འཆད་པ་ཐམས་ཅད་ནི་ཞེས་བྱ་བའི་བདེན་པའི་སད་པ་དང་འབྲེལ་པ་ཡིན་ཞེས་བྱ་བ་ནི་བདེན་པས་ཉེ་བར་སད་པའི་འབྲེལ་པ་སྟེ། སད་པ་ཙམ་ནི་བདེན་པ་མ་ཡིན་ནོ་སྙམ་པའི་དོགས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །འདི་ནི་གཞན་གྱི་འདོད་པས་བརྗོད་པར་ཟད་དེ་རྣམ་པར་ཆད་པ་ནི་

མ་གྲུབ་པོ་ཞེས་གསལ་བར་བྱའོ། །གལ་ཏེ་གྲོང་གཞན་ནས་འོངས་པ་ལ་སྔོན་གྱི་ལུས་དོར་བ་གལ་ཏེ་རིགས་པས་བསྒྲུབས་པ་དེ་ལྟ་ན་ཡང་སྐྱེ་བ་འདི་ལ་དེ་ལྟར་རྟོགས་པར་ནུས་པ་ནི་མ་ཡིན་ཏེ། ཡུལ་གཞན་ནས་འོངས་པ་ལྟར་སྔ་མ་དང་ཕྱི་མར་མངོན་པར་འདོད་པའི་ལུས་ནི་དམིགས་པ་

མ་ཡིན་ནོ། །དེས་ན་ད་ལྟར་གྱི་སེམས་དང་བཅས་པའི་ལུས་ནི་སྔ་ན་མེད་པ་ཉིད་སྐྱེས་པ་ཡིན་ནོ་སྙམ་ན་འདི་ནི་བཤད་ཟིན་ཏོ་ཞེས་གསུངས་སོ། །དོན་གྱིས་འཕངས་པས་ན་ལུས་བྱུང་བ་ནི་ལུས་སྔ་མ་བཏང་བ་ཁོ་ནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡོངས་སུ་བརྟགས་པ་ལ་གསལ་བ་ཁོ་

ནའོ། །དེས་ན་སྔོན་གྱི་ལུས་དོར་བ་ནི་མཐོང་བ་ཉིད་དོ་ཞེས་གསུངས་སོ། །སྔོན་གྱི་ལུས་གྲུབ་པའི་དོན་དུ་འཐད་པ་གཞན་ཡང་དྲན་པར་བྱ་བའི་ཕྱིར་གཞན་གྱི་དོགས་པ་བསུ་བ་ནི། སྔོན་གྱི་ལུས་མ་གྲུབ་པར་ཞེས་གསུངས་སོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ཏོ། །ལུས་ཀྱི་ཡུལ་ཅན་ཉིད་

เล่ม ๑๘๔ · หน้า 81a

ཀྱིས་ན་ཁྱད་པར་ཅན་ནོ། །སྔོན་གྱི་ལུས་དེས་མོད་དོར་བ་གོ་ཅི་ལྟར་ཞེ་ན། ལུས་དེ་ཞེས་གསུངས་སོ། །འོ་ན་མ་དམིགས་པའི་ཕྱིར་སྔོན་མེད་པ་ཁོ་ནའོ་སྙམ་ན་ཁ་སད་པ་ཞེས་གསུངས་སོ། །རང་གི་དུས་དེའི་ཚེ་ཡང་ངོ་། །ཕྱེད་ཕྱི་མ་བཤད་ནས། མཇུག་བསྡུ་

བའི་སྒོ་ནས་ཕྱེད་སྔ་མ་འཆད་པ་ནི་དེས་ན་ཞེས་བྱ་བའོ། །མངོན་སུམ་དེ་ཉིད་རྨོངས་པ་ལ་མི་དམིགས་པར་བརྗོད་པ་ཡིན་ནོ། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པས་བརྗོད་ཟིན་པའི་རྒོལ་བ་དང་ལན་བརྗོད་པ་ནི། ཁྱད་པར་བརྗོད་པའི་དོན་དུ་ཡིན་ནོ། །བདེན་པའི་རྗེས་སུ་འགྲོ་བ་ཅན་ཞེས་བྱ་བ་

ནི་བདེན་པའི་ཉེས་པའི་རྒྱུ་ཅན་ནོ། །དེ་ལྟར་གྱུར་པ་ཞེས་བྱ་བ་ནི་རྨི་ལམ་དང་འདྲ་བ་བདེན་པར་འདོད་པ་སྔ་མ་དང་ཕྱི་མའི་དབུས་སུ་བྱུང་བ་དེ་ནིའོ། །སྡོད་ན་ནི་གནས་སྐབས་ཀྱི་ཁྱད་པར་རོ། །འཆད་པར་འགྱུར་རོ་ཞེས་བྱ་བ་ནི། སྲིད་པ་བར་མ་དོའི་ལུས་ཤིན་ཏུ་དང་བའི་མི་དམིགས་པ་མ་

ཡིན་ཞེས་བྱ་བ་དེར་རོ། །འདི་ཡང་རྨི་ལམ་གྱི་ཤེས་པ་མི་བདེན་པར་ཁས་བླངས་ནས་བརྗོད་པ་ཡིན་ནོ། །ཁས་མ་བླངས་ཀྱང་ཉེས་པ་མེད་དོ་ཞེས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །འདི་ཉིད་དུ་ཅི་སྟེ་མི་འཆད་སྙམ་ན་འདིའི་སྐབས་ནི་དེ་ཡིན་ཞེས་གསུངས་ཏེ། རྨི་ལམ་དང་རྨི་ལམ་མ་ཡིན་

པ་ཁྱད་པར་མེད་པས་སྒྲུབ་ཀྱི་སྐབས་ནི་རྣམ་པར་ཤེས་པར་སྨྲ་བ་དེ་ཉིད་ཡིན་ནོ། །འཆད་པ་ནི་རྨི་ལམ་གྱི་ཞེས་བྱ་བའི་སྐབས་ཀྱིས་འགའ་ཞིག་ཉིད་བསྟན་པ་གང་ཡིན་པ་དེ་ནི། དེ་ཁོ་ན་ཉིད་ནི་ཟབ་པ་ཡིན་པས་ནི་རིམ་གྱིས་བཟོད་པར་བྱ་བའི་དོན་ཏོ། །ཁྱད་པར་མེད་པ་དེ་ཁོ་ནའོ། །དེའི་

ཕྱིར་ཞེས་བྱ་བ་ནི་འཕོ་བ་མེད་པའི་ཕྱིར་རོ། །ལུས་ཤེས་པའི་རང་བཞིན་ཡིན་ཡང་སྔ་མ་དང་ཕྱི་མའི་ལུས་གཉིས་ལ་ནི་ཐོགས་པ་དང་བཅས་པར་བརྗོད་དེ། བག་ཆགས་ཀྱིས་བྱས་པ་ན་དེའི་གནས་སུ་ཤེས་པ་གཞན་མི་སྐྱེ་བར་ངེས་པའི་ཕྱིར་རོ། །བར་མ་དོའི་སྲིད་པ་ལ་ནི་ཐོགས་པ་

མེད་པས་བརྗོད་དེ། དེའི་གཞན་ཤེས་པ་གཞན་སྐྱེ་བ་སྲིད་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་རིང་དུ་རྗེས་སུ་འཇུག་པ་དང་། དེ་ལྟར་མ་ཡིན་པ་ལ་སོགས་པ་ཡང་བསྡུའོ། །རྒྱུན་ཉམས་པ་ནི་མ་མཐོང་བ་ཉིད་དོ་ཞེས་བྱ་བ་ནི་དེ་ལྟར་ཡང་རྣམ་པ་ཐམས་ཅད་དུ་ཤེས་པ་རྒྱུན་ཆད་པ་ནི་

เล่ม ๑๘๔ · หน้า 81b

མ་མཐོང་བ་ཁོ་ནའོ། །རྣམ་པར་ཤེས་པ་ཆད་པ་ནི་སད་པ་དང་འབྲེལ་པ་ཁོ་ནར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཚིག་ལེའུར་བྱས་པ་གསུམ་པ་རྣམ་པར་བཀྲལ་ལོ། །སྔགས་ཀྱིས་བྱིན་གྱིས་བརླབས་པའི་སྡོང་བུ་ནི་སྒྲོན་མའི་རྒྱུ་མ་ཡིན་ལ། མར་ནག་གིས་བྱུགས་པའི་

ས་བོན་ཡང་མྱུ་གུའི་རྒྱུ་མ་ཡིན་པ་བཞིན་ཏེ། དེ་བཞིན་དུ་གཞན་ཡང་རྟོགས་པར་བྱའོ། །ཉེས་པས་ཞེས་བྱ་བ་ནི་རླུང་མཁྲིས་པ་ལ་སོགས་པས་སོ། །མཉམ་གྱུར་ཚེ་ཞེས་བྱ་བ་ནི་འཆིང་བའི་ཚོགས་པས་མཉམ་པོར་བྱས་པ་ནི་སྟོང་ཆ་སྙོམས་པར་གྱུར་པ་ན་ཞེས་བྱ་བའི་དོན་ཏོ། །

ཉེས་པ་རྣམས་མཉམ་པ་ནད་མེད་པ་ཡིན་ནོ་ཞེས་གང་ལས་རྟོགས་ཤེ་ན། དེ་དག་མཉམ་པ་ནད་མེད་པ། །ཞེས་གསུངས་སོ། །བཟློག་པ་ནི་མེད་པ་མ་ཡིན་པ་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྨན་དཔྱད་ཀྱི་བསྟན་བཅོས་ལས་སོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱི་ལན་དུ་རིམས་ལ་སོགས་

པ་ཞེས་བྱ་བའོ། །ཐམས་ཅད་ཀྱི་ཚེ་ནི་འཆི་བ་ཡང་མ་ཡིན་ཏེ། དེས་ནི་རིམས་ལ་སོགས་པ་རྣམ་པར་འགྱུར་བ་མེད་པ་ཁོ་ན་འཆི་བའི་རྒྱུ་ཡིན་ཞིང་། རིམས་ལ་སོགས་པས་རྣམ་པར་འགྱུར་བའི་མཚན་ཉིད་ཀྱིས་མི་མཐུན་པ་མེད་ཀྱང་ལོག་པས་ན་སེམས་སྐྱེས་པས་ན་ལ་ལ་གེགས་

ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ལུས་མི་མཐུན་པ་མེད་ཀྱང་སེམས་མི་འབྱུང་ནའོ། །སེམས་རྒྱུ་ཡིན་པ་ལ་ཉེས་པ་འདིར་མི་འགྱུར་སྙམ་ན། སེམས་ཀྱི་རྒྱུ་ནི་ཞེས་གསུངས་སོ། །ལུས་རྒྱུ་ཡིན་ན་ནི་ཉེས་པ་དེ་ཉིད་དོ་ཞེས་བརྗོད་པ་ནི་ལུས་རྒྱུ་ཡིན་པར་

འགྱུར་ན་ནི་ཞེས་བྱ་བའོ། །མི་མཐུན་པ་དེ་ནི་ཚབས་ཆེ་སྟེ། དེས་ན་སེམས་ཕྱིར་སྐྱེ་བ་མ་ཡིན་ནོ་སྙམ་དུ་དོགས་ན། དེ་འདྲའི་ལུས་ཉིད་ནི་ཞེས་གསུངས་སོ། །མ་མཐོང་བའི་ཁྱད་པར་རྟོགས་པ་ནི་གལ་ཏེ་ཡོངས་སུ་གྲུབ་པའི་ཁྱད་པར་དེ་ལྟར་མི་རུང་ན་རྟོགས་པ་དེ་ཅི་ལྟར་ཞེས་བྱ་

བ་དེར་བསལ་ཟིན་ཏོ། །ཚིག་ལེའུར་བྱས་པ་གཉིས་པ་རྣམ་པར་འགྲེལ་པ་ནི་ལུས་རྒྱུ་ཡིན་ན་ནི་ཞེས་བྱ་བའོ། །དོན་གྱིས་འཕངས་པ་བརྗོད་པ་ནི། མི་མཐུན་པ་དེ་འདྲ་བ་ཉིད་ཅེས་བྱ་བའོ། །ཚིག་ལེའུར་བྱས་པ་དང་པོར་འཆད་པ་ནི། སེམས་རྒྱུ་ཡིན་ན་ནི་ཞེས་བྱ་བའོ། །མི་མཐུན་པ་

เล่ม ๑๘๔ · หน้า 82a

མེད་གསོན་པའི་རྒྱུ་མ་ཡིན་ནོ་ཞེས་བརྗོད་པ་ནི། འགའ་ཞིག་ཉེས་པ་ཡིན་ཞེས་བྱ་བའོ། །འབྲས་བུ་འཆི་བ་དང་གསོན་པ་རང་གི་རྒྱུ་ལ་ངེས་པའི་རྣམ་པར་གནས་པ་འདིར་མི་འགྱུར་རོ། །རྣམ་པར་མི་གནས་ཀྱང་འབྲས་བུར་འགྱུར་རོ་སྙམ་ན་འབྲས་བུ་ནི་ཞེས་གསུངས་

སོ། །དེས་ན་ཞེས་བྱ་བ་ནི། རྣམ་པར་ཕྱེ་བ་མེད་པས་སོ། །འདི་ཉིད་གསལ་བར་བྱེད་པ་ནི། །ལུས་ཀྱི་འབྲས་བུ་ཡིན་ན་ཞེས་བྱ་བའོ། །རྣམ་པར་འགྱུར་བ་དེ་བཟློག་པའི་ཕྱིར་རོ། །འཆི་བ་ནི་ཞེས་བྱ་བ་ནི་རྣམ་པར་འགྱུར་བ་ཞེས་རྟོགས་པར་བྱའོ། །བཟློག་ཏུ་ཡོད་པ་དང་མེད་པའི་རྣམ་པར་འགྱུར་

བ་གང་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་བའོ། །གསོད་པའི་སྦྱོར་བ་མེད་པའི་མཚན་ཉིད་འདི་ནི་ལན་ཡང་ཡིན་ནོ། །འགྱུར་བ་པ་དང་པོ་ནི་ཆུང་ཡང་ཞེས་འབྲེལ་ཏོ། །ལྡོག་པ་མིན་པ་ནི་ཕྱིར་མི་འབྱུང་བའོ། །སླར་ལྡོག་རུང་བ་ནི་མི་མཐུན་པ་ཐོབ་ནས་ཕྱིར་ལོག་པའོ། །བྱས་གང་ཞེས་བྱ་

བ་ནི་གང་གིས་སམ་གང་ལས་བྱས་པ་དེ། དེ་ལ་ཞེས་བྱ་བར་བལྟའོ། །དེར་ངེས་བྱ་བའི་ཕྱིར་རྣམ་པར་འགྱུར་བ་ཡོད་ན་ཞེས་བྱ་བའི་དོན་ཏོ། །སྔ་མའི་རང་བཞིན་དེ་ནི་སླར་ཡང་འབྱུང་བར་འགྱུར་ཏེ་གསེར་གྱི་སྲ་བ་ཉིད་བཞིན་ནོ། །གལ་ཏེ་དེ་ལྟ་ན་ཡང་སླར་འཚོ་བར་ཅི་ལྟར་ཐལ་ཏེ། དེ་སྲིད་པར་ནི་

འགྱུར་རོ་སྙམ་ན། གཞན་གྱི་ལུགས་ཀྱིས་སླར་འཚོ་བར་བསྒྲུབ་པའི་ཕྱིར་དེ་ལ་འགྲུབ་པར་རྣམ་པར་འགྱུར་བར་དེ་བཟློག་པ་ཉིད་སྟོན་པ་ནི་འདི་ལྟར་གཉིས་ཀྱིས་ཞེས་བྱ་བའོ། །ཚུ་རོལ་མཛེས་པ་སེམས་ཀྱི་རྒྱུ་ལུས་ཡིན་པར་བསྒྲུབ་པའི་དོན་དུ་སེམས་པ་སྐྱེས་པའི་ལུས་མངོན་སུམ་གྱིས་གྲུབ་པ་

ཉིད་ཉེ་བར་བརྟགས་པ་མ་ཡིན་པར་སེམས་པ་གྲུབ་པ་ཡིན་ཞིང་། སེམས་པ་མ་གྲུབ་པའི་ལུས་གྲུབ་པ་ཡང་སེམས་པ་མེད་པ་གྲུབ་པ་ཡིན་ནོ་ཞེས་སྨྲའོ། །དེས་ན་གལ་ཏེ་གཉིད་མཐུག་པོའི་གནས་སྐབས་ན་དེ་ཆད་པ་རང་གིས་མ་རྟོགས་སུ་ཆུད་པ་དེ་ལྟར་ན་ཡང་སེམས་པ་མ་སྐྱེས་པའི་ལུས་

ཀྱིས་ནི་གཞན་དག་མངོན་སུམ་གྱིས་ངེས་པར་བྱེད་པའམ། སད་པ་ལས་རང་ཉིད་ངེས་པ་ཡིན་ནོ། །དེས་ན་སེམས་པ་དང་བྲལ་བའི་རྣམ་པར་འགྱུར་བ་ནི། གཉིད་ལ་སོགས་པ་མེད་པར་སྡིག་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གཞན་གྱི་ལུགས་ལ་ལྟོས་ནས་བརྗོད་པ་ཡིན་ནོ། །དེའི་གནས་སྐབས་ན་ནི་

เล่ม ๑๘๔ · หน้า 82b

བདག་ཉིད་ལ་སེམས་པ་མེད་པར་གྲུབ་པ་ནི་ཚད་མ་ནི་འགའ་ཡང་མེད་དོ། །ཡོད་ན་སེམས་པ་ཚད་མར་མི་འགྱུར་ཏེ། ཚད་མ་ནི་སེམས་པའི་ཁྱད་པར་ཉིད་ཡིན་པའི་ཕྱིར་རོ། །སེམས་ཆད་པ་བདག་ཉིད་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དངོས་པོ་མེད་པ་ནི་འགའི་ཡང་རྟོགས་པར་བྱེད་པ་

མ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །སད་པའི་གནས་སུ་ཡང་བདག་ལ་སྔར་ཤེས་པ་མ་བྱུང་ངོ་ཞེས་རྟོགས་པ་ཡིན་ཏེ། རྟོགས་པ་མེད་པ་ཡིན་ནམ་ཅི། འོན་ཏེ་ཡིད་ཀྱང་རྗེད་པར་གྱུར་ཅེས་རང་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །ཚད་མ་ལས་ཕྱི་རོལ་ཏུ་གྱུར་པའི་ཐ་སྙད་ལས་དེ་གྲུབ་ན་ནི་

འཇིག་རྟེན་ཕ་རོལ་ཡང་འགྲུབ་པ་ཉིད་དུ་འགྱུར་རོ། །རང་བཞིན་གྱིས་ཀྱང་དེའི་ཚད་མ་རྟོགས་པ་མ་ཡིན་ཏེ། གཞན་གྱིས་རྒྱུད་ནི་སྣང་དུ་མི་རུང་བའི་ཕྱིར་རོ། །ཤེས་པའི་འབྲས་བུ་དབྱུང་བ་ལ་སོགས་པ་མེད་པ་ལས་ཀྱང་དེ་འགྲུབ་པ་མ་ཡིན་ཏེ། རྒྱུ་རྣམས་ནི་གནོད་མི་ཟ་བར་འབྲས་བུ་ལྡན་

པས་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འཆི་བའི་གནས་སྐབས་སུ་ཡང་རང་ངམ་གཞན་གྱི་སེམས་རྣམ་པར་ཆད་པས་མི་རྟོགས་སོ། །འོ་ན་ཅི་ལྟར་གཉིད་ལོག་པ་ལྟར་ཤི་བ་བཅོམ་པ་ལས་སྲོག་གཅོད་པ་ལ་སོགས་པར་མི་བཞག་ཅེ་ན་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ནི་ལུང་ཇི་ལྟ་བ་

བཞིན་ཡིན་པའི་ཕྱིར་དང་ལུང་ཡང་དེ་ཁོ་ན་ལྟར་ཡིན་ཏེ། ནད་ལ་སོགས་པས་བཅོམ་པས་གཡོ་བ་ལ་སོགས་པ་དང་བྲལ་བ་ལ་ཤིའོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་འདི་ནི་འཇིག་རྟེན་རྒྱང་འཕན་པའི་ལུགས་ལ་ལྟོས་ནས་བརྗོད་པར་རྟོགས་པར་བྱའོ། །དེས་ན་གཉིད་ལ་སོགས་པ་བྱས་པ་

སེམས་པ་དང་བྲལ་བའི་མཚན་ཉིད་ཀྱི་རྣམ་པར་འགྱུར་བ་ལྡོག་པ་ལྟར་འཆི་བའི་མཚན་ཉིད་ཀྱི་རྣམ་པར་འགྱུར་བ་ཡང་ལྡོག་པར་འགྱུར་བའི་ཕྱིར་སླར་འཚོ་བར་ཐལ་ལོ། །འོན་ཏེ་ཉེས་པ་འདིས་བྲེད་པས་ཅི་ཞིག་ལྟར་རྣམ་པར་མ་ཆད་པར་ཁས་ལེན་ན། དེའི་ཚེ་ཡང་བརྗོད་པའི་ཐལ་བ་མི་ལྡོག་

གོ་ཞེས་སྟོན་པ་ནི། འོན་ཏེ་དེ་ལ་ཞེས་བྱ་བ་སྟེ་གཉིད་ཀྱི་གནས་དེར་རོ། །ལྡོག་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཤེས་པ་ཞེས་བྱ་བར་བལྟ་སྟེ། ནུས་པའི་རང་བཞིན་དུ་རྣམ་པར་གནས་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པར་རིག་པ་མེད་ཀྱང་ནུས་པའི་རང་བཞིན་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด