ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བི་ནི་ཤྩ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๗ · หน้า 178a
༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བི་ནི་ཤྩ་ཡ་ཊཱི་ཀཱ། བོད་སྐད་དུ། ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བློ་བཟང་གང་གིས་ཕྱི་རོལ་དོན་ནི་ཞལ་བཞེས་པ་དང་དེ་བཞིན་རྣམ་རིག་ཙམ། །བདེན་པ་གཉིས་བསྒྲུབ་པ་དང་ལྟ་བ་གཞན་
གཞིག་པ་དང་ལམ་ཀུན་མཛད་པ་ཡི། །སྒྲུབ་བྱེད་ཉིད་ནི་ཡང་དག་ཤེས་པ་མངོན་སུམ་དེ་བཞིན་རྗེས་དཔག་དེ་རྣམ་གཉིས། །རིགས་པ་ཀུན་ཏུ་སྒྲུབ་མཛད་ཆོས་ཀྱི་གྲགས་པ་དཔལ་དེ་ཡུན་རིང་རྒྱལ་གྱུར་ཅིག །དེ་ནི་དཔལ་ལྡན་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་ཕྱོགས་ཀྱི་གླང་པོའི་
ཞལ་སྔ་ནས་བཤད་པའི་ཡང་དག་པའི་ཡུལ་ཅན་གྱི་རིགས་པ་རབ་ཏུ་བྱེད་པ་འདིས་གསལ་བར་བྱའོ་ཞེས་སྟོན་ཏོ། །ཚད་མ་རྣམ་འགྲེལ་དུ་ནི་བསྟན་བཅོས་ཚད་མ་ཀུན་ལས་བསྡུས་པ་ལ་སོགས་པའི་ཚིག་གི་དོན་གྱི་ཆ་གཙོར་རྟོགས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ཚད་མ་རྣམ་འགྲེལ་ནི་རྣམ་འགྲེལ་ཞེས་
བྱའོ། །བསྟན་བཅོས་འདི་ནི་རིགས་པའི་ཆ་གཙོར་སྟོན་པའི་ཕྱིར་རིགས་པའི་བསྟན་བཅོས་ཡིན་གྱི་རྣམ་འགྲེལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་འདི་ཟློས་པ་མ་ཡིན་ནོ། །ཁ་ཅིག་འདི་ལ་རྣམ་འགྲེལ་དུ་འཆད་པར་བྱེད་པ་དེ་ནི་མི་རིགས་ཏེ། ཟློས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
เล่ม ๑๘๗ · หน้า 178b
དེ་ཉིད་ཀྱི་ཕྱིར་རིགས་པའི་ཆ་ཡང་དག་པའི་ཤེས་པ་མཐར་ཕྱིན་པར་སྟོན་པའི་ཡང་དག་པའི་ཤེས་པ་བསྟན་པའི་ཕྱིར་འདི་བརྩམ་མོ་ཞེས་གསུངས་ཏེ། རིགས་པ་དང་བཅས་པའི་ཡང་དག་པའི་ཤེས་པ་མ་གཏོགས་པས་མི་མཁས་པ་རྣམས་ལ་ཞེས་བྱའོ། །དེ་དག་ཀྱང་གཞན་གྱི་སྡེ་པ་མཐའ་
དག་དང་། རང་གི་སྡེ་པ་ཁ་ཅིག་གོ། །དེ་ཞེས་བྱ་བ་ནི་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཏེ། དེའི་ལུགས་ནི་གསལ་བར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །དེ་ཇི་ལྟ་བུ་ཞིག་གི་ཞེ་ན། དཔལ་ལྡན་ནི་སྦྱིན་པ་ནས་བསམ་གཏན་གྱི་བར་བསོད་ནམས་ཀྱི་ཚོགས་དང་ལྡན་པའོ། །དྲི་མེད་བློ་མངའ་ནི་ནག་ནོག་མེད་པའི་
བློ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པ་དང་ལྡན་པས་བསོད་ནམས་ཀྱི་ཚོགས་ཕུན་སུམ་ཚོགས་པར་ལྡན་པའོ། །དེ་ཉིད་ནི་འབྲས་བུ་ལས་རྟོགས་པར་བྱ་སྟེ། འཕགས་པ་རང་ཉིད་བསྙེན་པས་རྗེས་སུ་གཟུང་གང་ཞེས་བྱ་བ་གསུངས་སོ། །དེ་ལ་འཕགས་པ་
ཞེས་བྱ་བ་ནི་ཐོག་མ་མེད་པའི་བྱང་ཆུབ་སེམས་དཔའ་རྗེ་བཙུན་འཕགས་པ་འཇམ་དཔལ་དང་འབྲེལ་ཏོ། །དེ་ཡང་འདི་སྐད་གྲགས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་བསྟན་བཅོས་མཐའ་དག་ཆུབ་པར་མཛད་ནས་དགོན་པའི་ཕྱོགས་ཤིག་ཏུ་ཉན་ཐོས་ཀྱི་ལམ་གྱིས་བདག་ཉིད་དུལ་བ་ན་ཞི་བའི་ཕྱིར་བརྩོན་
པ་ན། འཕགས་པ་འཇམ་དཔལ་ཉིད་ཀྱིས་དྲུང་དུ་གཤེགས་ནས། རིགས་ཀྱི་བུ་ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་བཟོད་པ་ཡིན་ན། ཅིའི་ཕྱིར་བདག་ཉིད་ཀྱི་དོན་བྱེད། འདི་ཐོང་ལ་སེམས་ཅན་གྱི་དོན་ལ་སྤྲོ་བར་གྱིས་ཤིག་ཅེས་གསུངས་སོ། །དེ་ནས་སློབ་དཔོན་གྱིས་གསོལ་པ།
འཕགས་པ་བདག་གི་སེམས་གཡོ་བ་འདི་རྔོ་མི་ཐོགས་སོ། །འཕགས་པས་གསུངས་པ། ཁྱོད་སངས་རྒྱས་ཀྱི་སར་མ་ཕྱིན་པའི་བར་དུ་ངས་ཡོངས་སུ་གཟུང་གིས་དོགས་པར་མ་བྱེད་ཅིག །དེ་ནས་སློབ་དཔོན་གྱིས་རབ་ཏུ་བྱེད་པ་མང་པོ་བརྩམས་པ་ལ་སོགས་པ་འཇིག་རྟེན་ལ་ཕན་
པར་མཛད་དོ་ཞེས་མཁས་པ་རྣམས་བརྒྱུད་དེ་གྲགས་པ་ཡོད་དོ། །རང་ཉིད་ཅེས་བྱ་བ་ནི་རྗེས་སུ་གཟུང་བ་ཆུང་ངུ་ནི་བློ་མ་བཏང་བའོ། །འབྲིང་ནི་སྤྲུལ་པ་བསྟན་པའོ། །མཆོག་ནི་རང་ཉིད་ཀྱིས་རྗེས་སུ་བཟུང་པའོ། །དེ་ནས་སློབ་དཔོན་ནི་ཚོགས་བསགས་པ་སྟེ། དེ་ལྟ་མ་ཡིན་ན་རྗེས་
เล่ม ๑๘๗ · หน้า 179a
སུ་བཟུང་བ་མཆོག་ག་ལ་སྲིད་དེ། གང་ཞེས་བྱ་བ་ནི་དེའི་དཔལ་ལྡན་སྐྱོན་བྲལ་བློ་མངའ་འཕགས་པ་རང་ཉིད་བསྙེན་པས་རྗེས་སུ་གཟུང་གང་ཞེས་དང་། གང་དེའི་ཚིག་ལྕི་བ་ཞེས་དང་། གང་དེའི་ལུགས་ནི་ཞེས་བྱ་བར་འབྲེལ་ཏོ། །གང་ཡང་འཇིག་རྟེན་ཉེ་བར་བསྟེན་
པས་རྒྱས་པར་བྱེད་དེ་ལ་ཞེས་དང་འབྲེལ་ཏོ། །ཡང་ཅིའི་ཕྱིར་དེའི་ལུགས་དགྲོལ་བར་གུས་ཤེ་ན། སྙིང་རྗེས་སོ་ཞེས་བསྟན་པའི་ཕྱིར། དེའི་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཕྱོགས་ཀྱི་གླང་པོའི་ཞལ་སྔའོ། །ཚིག་ལྕི་བ་ཞེས་བྱ་བ་ནི་ཚིག་གི་རྣམ་པའོ། །ངེས་པར་རྟོགས་པ་
མེད་པར་ཞེས་བྱ་བ་ནི་གསལ་བར་མ་རྟོགས་པའོ། །དེའི་ཚིག་ལྕི་བ་ནི་ཕྱིའི་བྱེད་པའོ། །འཇིག་རྟེན་བློ་གྲོས་བླུན་པ་ནི་ཤེས་རབ་མི་གསལ་བ་སྟེ། དེ་ནི་ནང་གི་བྱེད་པའོ། །དེ་དག་གིས་སློབ་དཔོན་ལ་སྨོད་པ་བྱེད་པར་འགྱུར་གྱི། སློབ་དཔོན་ནི་སྐྱོན་མེད་པ་ཉིད་དོ། །ཇི་ལྟ་བུ་ཞིག་ལ་ཞེ་ན། འཇིག་རྟེན་
ཉེ་བར་བསྟན་པ་སྟེ། འགྲོ་བ་ལ་ཟང་ཟིང་གི་བསྙེན་བཀུར་གྱིས་མགུ་བ་བྱས་པས་སྣོད་དུ་གྱུར་པ་རྣམས་ལ་ཆོས་བསྟན་པས་རྒྱས་པར་བྱེད་པ་ལའོ། །ཇི་ལྟར་སྨོད་ཅེ་ན། རྨོངས་པས་ཏེ། དེ་ཁོ་ན་ཉིད་ལེགས་པར་མ་བསམས་སོ་ཞེས་བདག་ཉིད་མི་ཤེས་པ་སློབ་དཔོན་ལ་སྒྲོ་འདོགས་པས་
སོ། །དེ་ལྟར་ཡོན་ཏན་མཆོག་དང་ལྡན་པ་ལ་ཅུང་ཟད་སྨོད་བྱེད་པའང་། དོན་མ་ཡིན་པ་ནི་དོན་གྱི་མི་མཐུན་པའི་ཕྱོགས་ཏེ། ངན་འགྲོ་ལ་སོགས་པ་མི་འདོད་པའོ། །དེ་ལྟ་བུ་ཆེན་པོ་སྐྱེད་བྱེད་དེ་སྦྱིན་པར་བྱེད་པ་ཡིན་ན། མང་དུ་སྨོད་པ་ལྟ་ཅི་སྨོས་པའོ། །དེ་ལྟར་སྡུག་བསྔལ་གྱི་རྒྱུ་ལ་གནས་
པའི་འཇིག་རྟེན་ལ་སྙིང་བརྩེ་བ་སྟེ། སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པས་སོ། །དེའི་ལུགས་ཅི་ལྟ་བུ་ཞིག་ཅེ་ན། སྔར་རིགས་པའི་བསྟན་བཅོས་སོ་ཞེས་སྨྲས་ཏེ། དེའི་ཕྱིར་ཕན་པ་དང་མི་ཕན་པ་ཞེས་བྱ་བ་ལ་སོགས་པ་ངག་གཉིས་པ་གསུངས་ཏེ། འདིས་ནི་ཡང་དག་པའི་
ཤེས་པའི་རང་བཞིན་གྱི་རིགས་པ་དགོས་པ་དང་བཅས་པར་སྟོན་ཏོ། །སྔ་མའི་ཚིགས་སུ་བཅད་པ་སྟག་རྣམ་པར་རྩེན་པས་ནི། ཟློས་པའི་སྐྱོན་སྤང་བ་དང་། རྩོམ་པའི་རྒྱུ་བསྟན་ཏོ། །གལ་ཏེ་ཡང་དག་པའི་ཤེས་པའི་དགོས་པ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ལས་རྩོམ་པ་ཐམས་ཅད་ལ་
เล่ม ๑๘๗ · หน้า 179b
དགོས་པ་བསྟན་པ་ནི་ལས་དེ་ལས་གཞན་དག་འཇུག་པར་བྱ་བའི་དོན་ཏོ་ཞེས་བདག་དང་གཞན་གྱི་སྡེ་པ་ཁ་ཅིག་ཟེར་རོ། །དེ་ལ་ཁ་ཅིག་ན་རེ་དགོས་པ་སྟོན་པའི་ངག་ནི་ཚིག་ཡིན་ལ་དེ་དང་དོན་དུ་འབྲེལ་བས་ངེས་པ་མེད་ལ། ཚིག་ཁ་ཅིག་དོན་ལ་སྐྱེས་པ་ཡོད་ཀྱང་དེའི་བྱེ་བྲག་རྟོགས་དཀའ་བས་ན་
རྟོག་པ་དང་ལྡན་པ་དག་འཛིན་པར་མི་འགྱུར་བའི་ཕྱིར་རྟོག་པ་དང་ལྡན་པ་འཇུག་པའི་རྒྱུར་འགྱུར་ཞེའོ། །དེ་ལ་ཁ་ཅིག་ན་རེ་རྟོག་པ་དང་ལྡན་པ་ངེས་པ་མ་ཡིན་ཡང་། གནོད་བྱེད་མ་མཐོང་བས་དོན་ལ་ཐེ་ཚོམ་སྐྱེ་ལ་དེ་ལས་འཇུག་གོ་ཞེས་ཟེར་རོ། །དེ་ལ་སྔ་མ་ན་རེ་ངག་དེ་མ་བརྗོད་ཀྱང་སྒྲུབ་པར་བྱེད་
པ་དང་། གནོད་པར་བྱེད་པ་མ་མཐོང་བའི་ཕྱིར་རང་བཞིན་གྱིས་ཐེ་ཚོམ་དུ་གནས་པས་ངག་དགོས་པ་མེད་ལ། ཐེ་ཚོམ་ནི་ཚད་མར་མི་རུང་བའི་ཕྱིར་དེས་འཇུག་པ་ཡང་རྟོག་པ་དང་ལྡན་པ་ཉིད་ཉམས་སོ་ཞེས་ཟེར་རོ། །ཐེ་ཚོམ་ལས་མི་འཇུག་ན་ངག་དང་པོ་ཅི་དགོས་ཤེ་ན། གཞན་དག་ཁྱོད་ཀྱིས་རབ་ཏུ་བྱེད་
པ་འདི་བརྩམ་པར་མི་བྱ་སྟེ། དགོས་པ་མེད་པའི་ཕྱིར་རོ་ཞེས་འགོག་པའི་གཏན་ཚིགས་མ་གྲུབ་པར་བསྟན་པའི་དོན་དུའོ་ཞེའོ། །ཁོ་བོ་ནི་འདི་སྐད་སྨྲ་སྟེ། གཞན་གྱི་གཏན་ཚིགས་མ་གྲུབ་པར་བསྟན་པའི་ཕྱིར་ཞེས་བྱ་བ་ཅི། དགོས་པ་ཡོད་པའི་ཕྱིར་རོ་ཞེ་ན། ངག་དང་པོ་དགོས་པ་ཡོད་པར་ངེས་པས་
རྟོག་པ་དང་ལྡན་པར་འཇུག་པར་འགྱུར་རོ། །དགོས་པ་ལ་ཐེ་ཚོམ་སྐྱེས་པས་གཏན་ཚིགས་ཐེ་ཚོམ་ཟ་བའི་མ་གྲུབ་པར་བྱེད་ན་ནི་ངག་ངག་གི་དགོས་པ་ཐེ་ཚོམ་སྐྱེད་པ་ཡིན་ནོ་ཞེས་སྨྲ་བའི་ཕྱོགས་ཉིད་གནས་པ་ཡིན་ནོ། །དེ་ལྟ་བས་ན་འདི་ལྟར་ཤེས་པར་བྱ་སྟེ། གང་དག་བསྟན་བཅོས་མཛད་པ་ལ་ཡིད་
ཆེས་པ་དེ་དག་བསྟན་བཅོས་ཀྱིས་དགོས་པ་ལ་སོགས་པ་ལ་ཡང་ངག་གི་སྒོ་ནས་ཡིད་ཆེས་པར་འགྱུར་ཏེ། ཡིད་ཆེས་པའི་ཚིག་ཡིན་པའི་ཕྱིར་རོ། །བསྟན་བཅོས་མཛད་པ་ལ་ཡིད་ཆེས་པ་ཡང་ཇི་ལྟར་ཞེ་ན། བསྟན་བཅོས་གཞན་དུ་ཇི་ལྟར་ངག་དང་པོས་དམ་བཅས་པ་ལྟར། གཞུང་གི་དོན་
དམིགས་པས་ན་མི་སླུ་བར་གྲུབ་པས། འདིར་ཡང་དེ་ཉིད་ཀྱི་བསྟན་བཅོས་རྩོམ་པའི་སྐབས་ཀྱི་ངག་ཡིན་པས་སོ། །དེས་ན་ངག་གི་བྱེ་བྲག་ནི་དོན་དང་འབྲེལ་པར་སྐབས་ལ་སོགས་པས་གཟུང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་སྐྱེས་བུའི་འཇུག་པ་མེད་པར་ཐལ་བར་འགྱུར་རོ། །ཕན་པ་ནི་བླང་བར་བྱ་བའོ། །
เล่ม ๑๘๗ · หน้า 180a
མི་ཕན་པ་ནི་དོར་བར་བྱའོ། །ཕན་པ་དང་མི་ཕན་པ་ནི་ཕན་པ་དང་མི་ཕན་པ་དག་གོ། །འཐོབ་པ་དང་སྤོང་བ་ནི་འཐོབ་པ་དང་སྤོང་བ་དག་སྟེ། ཕན་པ་ལ་སོགས་པ་དང་གོ་རིམས་བཞིན་ནོ། །དེ་ལ་ཕན་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་གཉིས་སོ། །འཇིག་
རྟེན་པ་ཡང་ཚེ་འདི་པ་ཙན་དན་དང་། མེ་ཏོག་ཕྲེང་བ་ལ་སོགས་པའི་དོན་དང་། ཚེ་གཞན་པ་བདེ་འགྲོ་དང་། ལོངས་སྤྱོད་ལ་སོགས་པའི་རང་བཞིན་ནོ། །འཇིག་རྟེན་ལས་འདས་པ་ཡང་ཐར་པ་ཙམ་དང་། བྱང་ཆུབ་སེམས་དཔའ་ཉིད་དང་། སངས་རྒྱས་ཉིད་ཀྱི་བྱེ་བྲག་གིས་ཏེ། དེ་ལྟར་ན་རྣམ་
པ་ལྔ་ཡིན་ནོ། །ཡང་དེ་དག་གི་རྒྱུ་ལྔ་སྟེ་བཅུའོ། །དོར་བར་བྱ་བ་ཡང་བཅུ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་གིས་སོ། །དེ་ལ་འཇིག་རྟེན་པའི་ཚེ་འདི་ཉིད་དུག་དང་སྦྲུལ་ལ་སོགས་པའོ། །ཚེ་གཞན་པ་ནི་ངན་འགྲོ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་དོར་བར་བྱ་
བ་ནི། ཐར་པ་མི་མཐུན་པའི་ཕྱོགས་འཁོར་བ་ཉིད་དང་། བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཉན་ཐོས་ལ་སོགས་པ་དང་། སྲིད་པ་དང་། སངས་རྒྱས་ཉིད་ཀྱིས་ནི། སངས་རྒྱས་ཉིད་མ་ཡིན་པའོ། །དེ་བཞིན་དུ་དེའི་རྒྱུད་ལ་སྟེ་བཅུའོ། །དེ་ལྟར་རྣམ་པ་ཉི་ཤུ་ནི་ཕན་པ་དང་མི་ཕན་པ་ཞེས་བརྗོད་དོ། །
དེ་དག་ཐོབ་པ་དང་སྤོང་བ་དག་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་སྟེ། ལོག་པའི་ཤེས་པ་ལས་ནི་དོན་དང་ཕྲད་པ་ཅུང་ཟད་ཀྱང་མེད་དོ། །བསྟན་པ་དང་ཕྲད་ན་ཡང་དག་པའི་ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཤེས་པ་དེ་ཡང་གང་ཞེ་ན། ཡང་དག་པའི་ཤེས་པ་ནི་རྣམ་
པ་གཉིས་ཏེ་ཞེས་གྲངས་ངེས་པར་གཟུང་བར་མཛད་དོ། །འདིའི་རྒྱུ་ནི་འོག་ནས་སྟོན་ཏོ། །གཉིས་གང་ཞེ་ན། མངོན་སུམ་དང་རྗེས་དཔག་ཅེས་གསུངས་ཏེ་ཞེས་བྱ་བ་ནི་ཇི་སྐད་བརྗོད་པ་གཉིས་ཉིད་ཡིན་གྱི། སྒྲ་དང་དོན་གྱི་གོ་བ་ལ་སོགས་པ་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་
སུམ་དང་རྗེས་སུ་དཔག་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གོ། །དེ་ལ་དབང་པོ་ལ་བརྟེན་པའི་ཕྱིར་མངོན་སུམ་སྟེ་སྒྲ་བཤད་པའི་རྒྱུ་མཚན་ཡིན་ནོ། །སྒྲ་འཇུག་པའི་རྒྱུ་མཚན་ནི་དོན་མངོན་སུམ་དུ་བྱེད་པ་སྟེ། དོན་རང་གི་མཚན་ཉིད་ཀྱི་རྣམ་པར་སྣང་བ་ཞེས་བྱ་བའི་དོན་ཏོ། །རྗེས་
เล่ม ๑๘๗ · หน้า 180b
སུ་མཐུན་པའི་ཚད་མ་ནི་རྗེས་སུ་དཔག་པ་སྟེ། འདིར་འཇལ་བར་བྱད་པས་ཚད་མ་སྟེ་མངོན་སུམ་མོ། །དེ་དང་རྗེས་སུ་མཐུན་པའི་འཇལ་བར་བྱེད་པ་ནི་རྗེས་སུ་མཐུན་པའི་ཚད་མ་སྟེ་རྗེས་སུ་དཔག་པ་ཞེས་བྱའོ། །རྗེས་སུ་མཐུན་པ་ཡང་ཅི་ཞེ་ན། དོན་དང་འབྲེལ་བའོ་ཞེས་སྟོན་ཏོ། །འདི་
དག་ཅེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའོ། །མི་སླུའོ་ཞེས་བྱ་བ་ནི་སླུ་བ་མེད་དོ་ཞེས་བྱ་བའོ། །དེའི་ཕྱིར་མི་སླུ་བ་ཅན་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་སྤྱིའི་མཚན་ཉིད་ཡིན་པས་ཤེས་པའི་གསལ་བ་གཉི་ག་གང་ཡོད་པ་ཉིད་དུ་སྟོན་ཏོ། །དེ་ལྟར་ན་ཡང་དག་པའི་
ཤེས་པ་སྤྱིའི་མཚན་ཉིད་བསྟན་ཏོ། །གང་ཞིག་ཚད་མ་ཡིན་པ་དེ་ནི་མངོན་སུམ་དང་རྗེས་སུ་དཔག་པ་འདིར་འདུས་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་གྲགས་པ་དག་ལྟ་བུའོ། །གཞན་དག་གིས་འདོད་པ་ཡང་ཚད་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཏེ། ཚད་མ་
ཉིད་ཙམ་དང་འབྲེལ་པ་ནི་འདིར་འདུས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཚད་མ་རྣམ་གཉིས་ཁོ་ན་སྟེ། དོན་དང་འབྲེལ་པར་འདྲ་བའི་ཕྱིར་ཏེ། དོན་ལས་དངོས་སུ་སྐྱེས་པ་མངོན་སུམ་དོན་དང་འབྲེལ་བ་ལྟར་མངོན་སུམ་མིན་པ་རྗེས་སུ་དཔག་པ་ཡང་དོན་དང་འབྲེལ་བའི་རང་བཞིན་གྱི་རྟགས་ཀྱིས་
དོན་རབ་ཏུ་རྟོགས་པའི་ཕྱིར་རོ། །ཚད་མ་ཉིད་ལ་འདིར་འདུས་པས་ཁྱབ་པ་སྒྲུབ་པའི་ཕྱིར་དོན་ནི་རྣམ་པ་གཉིས་ཁོ་ན་སྟེ་ཞེས་གསུངས་སོ། །མངོན་སུམ་དང་མངོན་སུམ་མ་ཡིན་པ་ཞེས་བྱ་བ་དག་ཕན་ཚུན་སྤངས་ཏེ་གནས་པ་ཉིད་ཀྱི་ཕྱིར་ཕུང་པོ་གསུམ་པ་མེད་དོ། །གལ་ཏེ་གནས་གསུམ་པ་ཤིན་ཏུ་
ལྐོག་ཏུ་གྱུར་པ་དོན་གསུམ་པ་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་མངོན་སུམ་མ་ཡིན་པ་ཉིད་དོ། །རང་གི་མཚན་ཉིད་གཅིག་གཞལ་བྱ་ཞེས་བཤད་པས་དོན་གཉིས་མ་ཡིན་ནམ་ཞེ་ན། དེ་ལྟར་ནི་ཚད་མ་ཡང་གཅིག་ཉིད་དུ་འདོད་པ་ཡིན་ཏེ་མི་སླུ་བ་ཞེས་བྱའོ། །དེ་ལྟར་ན་མངོན་སུམ་པ་ཤེས་པའི་
ཚད་མ་ཡིན་ན་ནི་མངོན་སུམ་ཉིད་དུ་འདུས་ལ། ལྐོག་ཏུ་གྱུར་པ་རྟོགས་པའི་ཚད་མ་ཉིད་ཡིན་ན་ནི་རྗེས་སུ་དཔག་པ་ཉིད་དུ་འདུས་ཏེ། དེ་ལ་མངོན་སུམ་པ་ལ་ནི་མངོན་སུམ་ལས་གཞན་པ་རྗེས་སུ་དཔག་པ་དང་། དེ་མ་ཡིན་པའི་རྟོག་པ་དང་འཁྲུལ་པའི་ཤེས་པ་དག་ལས་གང་གིས་ཀྱང་མི་རྟོགས་ཏེ།
เล่ม ๑๘๗ · หน้า 181a
རྟོག་པ་དང་འཁྲུལ་པས་ནི་རང་གི་མཚན་ཉིད་མི་འཛིན་པའི་ཕྱིར་རོ། །མངོན་སུམ་མ་ཡིན་པ་ཡང་རྗེས་སུ་དཔག་པ་ལས་གཞན་པ་མངོན་སུམ་དང་། རྟགས་མ་ཡིན་པ་ལས་བྱུང་བའི་རྟོག་པ་དང་འཁྲུལ་པའི་ཤེས་པ་དག་གིས་མི་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་ཉིད་ལ་འདི་
དག་ཏུ་འདུས་པས་ཁྱབ་པ་ཉིད་དོ། །དེ་ཉིད་འདི་ལྟར་རྟོགས་པར་བྱ་སྟེ། གཞལ་བར་བྱ་བ་གཉིས་ཉིད་ཡིན་པ་ནི་རྒྱུ་གཉིས་ཉིད་དུ་སྟོན་ལ། དེ་གཉིས་ཀྱང་རང་ལ་དམིགས་པའི་ཤེས་པའི་འབྲས་བུའི་བྱེ་བྲག་སོ་སོར་ངེས་ཏེ། གཅིག་ནི་མངོན་སུམ་ཁོ་ན་སྐྱེད་ལ། གཞན་ནི་རྗེས་སུ་དཔག་པ་ཁོ་
ན་སྐྱེད་པས་སོ། །དེ་ལྟར་ན་གང་འབྲས་བུའི་བྱེ་བྲག་རེ་རེ་བསྐྱེད་པར་ངེས་པའི་རྒྱུའི་ཚོགས་པ་གཉིས་ཉིད་ཡིན་པ་དེ་ནི་འབྲས་བུའི་བྱེ་བྲག་གཉིས་སྐྱེད་པར་རུང་བ་ཉིད་ཡིན་ཏེ་ཞེས་བྱ་བར་རང་བཞིན་གྱི་རྟགས་ཀྱིས་ཚད་མ་གཉིས་ཉིད་དུ་སྒྲུབ་པའམ། ཡང་ན་གང་འབྲས་བུའི་བྱེ་བྲག་རེ་རེ་སོ་སོར་ངེས་
པའི་རྒྱུའི་ཚོགས་པ་གཉིས་ཉིད་དང་ལྡན་པ་དེ་ནི། འབྲས་བུ་བདག་ཉིད་ཀྱང་གཉིས་ཉིད་ཡིན་ནོ་ཞེས་རང་བཞིན་གྱི་རྟགས་གཞན་འཕངས་སོ། །སྦྱོར་བ་སྔ་མའི་ཁྱད་པར་དང་། ཕྱི་མ་གཉིས་ཀྱི་རྟགས་མ་གྲུབ་པ་སྤངས་པའི་ཕྱིར་དེ་དག་ལས་གང་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་ལ་
ཞེས་བྱ་བ་ནི་དོན་གང་ལའོ། །རྗེས་སུ་བྱེད་པ་ནི་ཤེས་པའི་སྣང་བའོ། །གཞན་ནི་ཞེས་བྱ་བ་ནི་མངོན་སུམ་མ་ཡིན་ནོ། །རྗེས་སུ་དཔག་པ་ལས་གཞན་གང་གིས་ཀྱང་རྟོགས་པར་མི་རིགས་པ་ཅན་ཉིད་དོ། །རྟགས་དང་རྟགས་འབྲེལ་པའི་དོན་རྟགས་ལ་བརྟེན་ནས་རྟོགས་པ་ནི་སྤྱིའི་རྣམ་
པས་རྟོགས་ཀྱི་རང་གི་མཚན་ཉིད་ཀྱི་རྣམ་པས་ནི་མི་རྟོགས་ཏེ། རྗེས་སུ་འགྲོ་བའི་སྟོབས་ཀྱིས་ཡིན་པའི་ཕྱིར་དང་། རང་ཉིད་མི་སྣང་བའི་ཕྱིར་རོ། །རྟགས་ནི་འབྲེལ་པའི་སྟོབས་ཀྱིས་གོ་བར་བྱེད་པར་བསྟན་པ་དང་། གཞན་དག་དེ་ལས་བརྩམས་ནས་གལ་ཏེ་འབྲེལ་པ་ཁོ་ན་ཞེས་བྱ་བ་ལ་
སོགས་པ་སྨྲས་ཏེ། འབྲེལ་པ་ཡང་ཡིན་ལ་གཟུང་བར་བྱ་བའི་ཆོས་ཅན་ནི་ཤེས་པར་འདོད་པའི་ཆོས་ཅན་ཏེ། དེ་ལ་མཐོང་བ་ནི་ཆོས་ཅན་ཡོད་པ་ཉིད་དེ་ཕྱོགས་ཀྱི་ཆོས་ཀྱང་ངོ་། །ཕྱོགས་ཀྱི་ཆོས་དེ་སྒྲ་ལ་ཡོད་པ་མ་ཡིན་ཏེ། རིག་བྱེད་ཀྱི་སྒྲ་ནི་གང་ལ་ཡང་མི་བརྟེན་ལ་ནམ་མཁའི་ཡོན་ཏན་གྱི་
เล่ม ๑๘๗ · หน้า 181b
སྒྲ་ཡང་བརྗོད་པར་བྱ་བའི་ཆོས་ཅན་ལ་མི་བརྟེན་པར་འདོད་པས་སོ། །འོན་ཀྱང་དེ་དོན་རྟོགས་པར་ནི་བྱེད་དོ། །དེས་ན་ཚད་མ་གཞན་ཉིད་དོ་སྙམ་པའོ། །ལན་སྦྱིན་པ་ནི་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་ན་ཞེས་བྱ་བ་ནི་གཟུང་བར་བྱ་བའི་ཆོས་དང་ལྡན་པའི་ཆོས་ཅན་ལ་མེད་ནའོ། །དེ་ཞེས་
བྱ་བ་ནི་སྒྲའོ། །དེ་ལ་ཞེས་བྱ་བ་གཟུང་བར་འདོད་པ་ནི་ཆོས་ཅན་ལའོ། །མ་མཐོང་ན་མ་མཐོང་བ་དེས་ཆོས་ཅན་དེ་ལ་ཇི་ལྟར་འདོད་པ་སྒྲུབ་པའམ། དེ་དང་འགལ་བ་འགོག་པར་འགྱུར། གལ་ཏེ་སྔར་མཐོང་བ་ལ་སྒྲ་ཡིས་དྲན་པར་བྱེད་ནའོ། །ལན་ནི་སྒྲ་དང་རྟགས་དག་མེད་པར་ཡིད་ཀྱི་ཉེ་
བར་གཏོད་པས་ཀྱང་དྲན་པར་འགྱུར་རོ་ཞེས་བྱ་བའོ། །གལ་ཏེ་སྒྲས་དྲན་པ་དང་ཉེ་བར་གཏོད་པས་དྲན་པ་དག་ལ་ཁྱད་པར་ཡོད་དོ་ཞེ་ན། འདི་དག་ནི་གནས་སྐབས་དག་ལ་ཞེས་གསུངས་ཏེ། བྱེ་བྲག་མེད་དོ་ཞེས་བྱ་བའི་དོན་ཏོ། །གཟུང་བར་འདོད་པའི་ཆོས་ཅན་ལ་མ་གྲུབ་པ་དེའི་ཕྱིར།
སྒྲ་འདིས་ཆོས་ཅན་འགའ་ཞིག་ལ་ཡང་ངོ་། །ཇི་ལྟར་སྒྲུབ་པར་བྱེད་པ་སྟེ་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ལས་ཞེས་བྱ་བ་ནི་སྒྲ་དག་ལས་སོ། །ཅིའི་ཕྱིར་སྙམ་པ་ལ་སྒྲ་དེ་དང་དོན་དེ་དག་འབྲེལ་པ་མ་གྲུབ་པའི་ཕྱིར་ཏེ། འདི་ཉིད་འོག་ནས་སྟོན་ཏོ། །བརྗོད་པར་འདོད་པ་དང་འབྲེལ་
པ་གང་གི་ཕྱིར་རོ། །དེ་ལྟ་ན་ནི་འབྲས་བུའི་རྟགས་ཉིད་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པས་ནི་ཙི་རན་ཏ་ལ་སོགས་པ་སྟེ། དེ་ཡོད་ན་ཡོད་པ་ཞེས་བྱ་བ་དང་། རིགས་པ་དང་མི་དམིགས་པ་ཞེས་བྱ་བའི་ཚད་མ་གཞན་ཡོད་པས་གཉིས་ཉིད་ལ་གནོད་པར་འདོད་པའོ། །དེ་ཡོད་ན་
ཡོད་པས་ནི་སྐྱེད་པར་སྒྲུབ་པར་བྱེད་ལ་མི་དམིགས་པས་ནི་མེད་པའོ། །དེ་དག་མངོན་སུམ་ནི་མ་ཡིན་ཏེ། གཞན་གྱིས་གཞན་རྟོགས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་མེད་པ་ཉིད་བཤད་པའི་ཕྱིར་རོ། །འདི་ལ་དཔེ་ཡོད་
པ་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དཔེ་མེད་པ་ཉིད་བསྟན་པའི་ཕྱིར་སྒྲུབ་པར་བྱེད་པ་དེ་ཡོད་ན་ཡོད་པའི་ཕྱིར་ཞེས་བྱ་བ་དང་མི་དམིགས་པ་ཞེས་བྱ་བ་ལས་ཁྱད་པར་དུ་གྱུར་པའི་སྒྲུབ་པར་བྱེད་པ་གཞན་མེད་པའི་ཕྱིར་རོ། །དེ་དཔེ་གཞན་གྱིས་སྒྲུབ་པར་བྱེད་ན་ཡང་དེ་ལ་སྔ་མ་འདྲ་བའི་ཕྱིར་དཔེ་གཞན་
เล่ม ๑๘๗ · หน้า 182a
དགོས་པར་འགྱུར་བས་ན་དཔེ་ཐུགས་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ནའོ། །མ་ཡིན་ཏེ་ཞེས་གསུངས་ཏེ། དཔེ་ཐུག་པ་མེད་པ་ཡང་མ་ཡིན་ལ། རྗེས་སུ་དཔག་པ་མ་ཡིན་པ་ཡང་མ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་ཡོད་ན་ཡོད་པ་དང་། མི་དམིགས་པའི་ཡུལ་མཐོང་བ་ན། ཡུལ་
ཅན་བསྐྱེད་པ་དང་མེད་པའི་ཐ་སྙད་དག་ཀྱང་སྔོན་དེ་ན་ཡོད་ན་ཡོད་པ་དང་མི་དམིགས་པ་དག་ལས། བསྐྱེད་པ་དང་མེད་པའི་ཐ་སྙད་ཞུགས་པའི་རྟགས་དང་རྟགས་ཅན་འབྲེལ་པ་དྲན་པས་འཇུག་པའི་ཕྱིར་རོ། །དཔེ་མངོན་སུམ་གྱིས་གྲུབ་པ་ཡོད་དོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ནི་ཡོད་ན་ཡོད་པ་ཡིན་
ལ། དེ་ལས་གཞན་པའི་རྒྱུ་དང་འབྲས་བུ་དེ་དག་གི་ངོ་བོ་ནི་མེད་དོ། །དེ་ཡང་མངོན་སུམ་གྱིས་སྔོན་གྲུབ་པ་ཉིད་དོ། །དམིགས་པར་རིགས་པ་དེ་ལྟར་མ་དམིགས་ན་དེ་མེད་དོ་ཞེས་འཇིག་རྟེན་འདི་མངོན་སུམ་གྱི་སྟོབས་ཀྱིས་སྨྲའོ། །དེ་ལྟར་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་མི་དམིགས་པ་ཉེ་བར་
བསྟན་པ་སྟེ། ཡོད་ན་སྣོད་དུ་རུང་བ་ལས་མི་དམིགས་པའི་ཕྱིར་མེད་དེ། སྔོན་གནས་ཁང་ན་དམིགས་པར་རིགས་པ་ལས་མ་དམིགས་པ་བཞིན་ནོ་ཞེས་གྲངས་ཅན་ལ་སོགས་པ་རྨོངས་པ་དག་ལས། དམིགས་པར་རིགས་པ་མི་དམིགས་པའི་རྒྱུས་མེད་པའི་ཐ་སྙད་དུ་རུང་བ་ཉིད་སྟོན་ཏེ།
མེད་པ་གྲུབ་ཀྱང་ཐ་སྙད་དུ་རུང་བ་ཉིད་མ་གྲུབ་པ་ལ་ཐ་སྙད་དུ་རུང་བར་བྱེད་པ། དཔེར་ན་སྐྱེད་པར་བྱེད་པར་ཁས་ལེན་པས་ཕ་ཉིད་གྲུབ་ཀྱང་ཕའི་ཐ་སྙད་དུ་མ་གྲུབ་པ་ལ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཕ་ཡིན་ནོ་ཞེས་བསྟན་པ་བཞིན་ནོ། །དེ་ལྟར་ཤིན་དུ་རྨོངས་པ་མ་ཡིན་ན་དམིགས་པར་རིགས་པ་མ་
དམིགས་པའི་མངོན་སུམ་ཉིད་ཀྱིས་མེད་པའི་ཐ་སྙད་ཀྱང་གྲུབ་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་མེད་པར་ངེས་ཀྱང་མེད་པའི་ཐ་སྙད་ལས་བཟློག་པ་ཅན་གྱི་རྨོངས་པ་ལ་སྟེ། ཇི་སྐད་དུ། རྩ་མཆོག་རྩེ་ན་གླང་ཆེན་བརྒྱ། །སྔོན་ཆད་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །
ངོ་ཚ་བཅས་པ་སུ་བརྗོད་རྩོལ། །ཞེས་བྱ་བ་དང་། དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །གནག་རྫི་མོ་བར་གྲགས་ཕྱིར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་དེ་ཡོད་ན་ཡོད་པ་དང་། རྨོངས་པ་ལ་ཐ་སྙད་བསྒྲུབ་པ་སྟེ། བསྐྱེད་པ་ཉིད་དང་མེད་པ་ཉིད་སྒྲུབ་ན་ནི་དཔེ་ཐུག་པ་མེད་པར་འགྱུར་གྱི། ཐ་སྙད་
เล่ม ๑๘๗ · หน้า 182b
བསྒྲུབ་པ་ལ་ནི་སྐྱོན་མེད་དེ་ཐ་སྙད་ཞུགས་པ་ལ་ནི་དཔེ་ཡིན་ལ་རྨོངས་པས་ཐ་སྙད་མ་གྲུབ་པ་ལ་ནི་རྒྱུ་སྟོན་པས་སོ། །སྣང་བ་མི་དམིགས་པ་ནི་བསྟན་ནས། མི་སྣང་བ་མི་དམིགས་པ་ཡང་རྟགས་ཉིད་དུ་བསྡུ་བའི་ཕྱིར་རྒྱུ་མེད་པས་ཡོད་པའི་ཐ་སྙད་འགོག་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
རྒྱུ་མཚན་སྐྱེད་པར་བྱེད་པ་མ་ཡིན་པ་ལ་ཕའི་ཐ་སྙད་མི་བྱ་བ་བཞིན་ནོ། །དེ་ལྟར་དེ་ཡོད་ན་ཡོད་པ་དང་མི་དམིགས་པའི་རང་བཞིན་དང་འབྲས་བུའི་རྟགས་ཉིད་ཡིན་པ་དེའི་ཕྱིར་དོན་རང་གི་རྣམ་པ་སྣང་བར་གྲུབ་པ་མ་ཡིན་པ་ཐམས་ཅད་ནི་གྲུབ་པར་བྱེད་པ་དོན་རང་ཉིད་ལས་གཞན་པ་མི་འཁྲུལ་པ་
ནི་མི་སླུ་བའོ། །དེའི་རྒྱུ་ནི་དོན་དང་འབྲེལ་པ་སྟེ་དོན་རང་ལ་རག་ལས་པའོ། །དེ་ལ་རང་རྟོགས་པ་ལྟོས་པའི་ཕྱིར། མ་འབྲེལ་བ་ལས་ནི་མི་རྟོགས་པས་འབྲེལ་བ་ལས་རྟོགས་པ་ནི་རྗེས་སུ་དཔག་པ་ཉིད་ཡིན་པས་ན། མངོན་སུམ་མ་ཡིན་པའི་ཚད་མ་ནི་རྗེས་སུ་དཔག་པ་ལས་གཞན་ཡོད་པ་
མ་ཡིན་ནོ། །དེའི་ཕྱིར་ཚད་མ་ཉིད་ཡིན་ན་འདི་དག་ཏུ་འདུས་པས་ཁྱབ་ཅིང་། མངོན་སུམ་དང་མངོན་སུམ་མ་ཡིན་པ་གཉིས་ཉིད་དང་དེ་གཉིས་ཀྱང་ཚད་མ་རེ་རེ་ཁོ་ན་སྐྱེད་པར་བྱེད་པས་སྦྱོར་བ་གཉིས་པའི་རྟགས་ཀྱང་གྲུབ་པོ་ཞེས་རྟོགས་པར་བྱའོ། །ཡང་རྒྱང་འཕེན་པ་གཞན་ནི་
མངོན་སུམ་ལས་གཞན་པའི་ཚད་མ་ཡོད་པ་མ་ཡིན་ཏེ། མངོན་སུམ་གཅིག་པུ་ཚད་མ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་ཞེས་བྱ་བ་ནི། རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་ཟེར་བ་ནི་རང་གི་ཚིག་དང་འགལ་བ་ཉིད་ཡིན་པས་སོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། རྒྱང་འཕེན་པ་དེ་རང་ཉིད་རྟགས་གསུམ་ཉིད་ཁས་ལེན་པའི་ཕྱིར་ཏེ། ཚད་མ་དང་ནི་ཅིག་ཤོས་སྤྱིའི། །རྣམ་གཞག་ཕྱིར་ཞེས་བྱ་བས་རང་བཞིན་གྱི་རྟགས་སོ། །བློ་གཞན་རྟོགས་ཕྱིར་ཞེས་བྱ་བས་ནི་འབྲས་བུའི་རྟགས་སོ། །གང་དག་གིས་ནི་འགོག་ཕྱིར་ཡང་། །ཞེས་བྱ་བས་
ནི་མི་དམིགས་པའི་རྟགས་ཏེ། དེ་ཞེས་བྱ་བ་ནི་རྒྱང་འཕེན་པའོ། །ཤེས་པའི་བྱེ་བྲག་རྣམས་ལས་ཞེས་བྱ་བས་ནི་འཆད་པར་བྱེད་དེ། འདི་ནི་དོན་གང་མི་སླུ་བ་དེ་ཚད་མ་ཡིན་ལ་སླུ་བ་དེ་ཚད་མ་མ་ཡིན་ཏེ། དེས་ན་བདག་དང་གཞན་གྱི་རྒྱུད་ལ་ཞུགས་པའི་མངོན་སུམ་དང་། རྗེས་སུ་དཔག་པའི་
เล่ม ๑๘๗ · หน้า 183a
གསལ་བ་མ་ལུས་པའི་ཡུལ་རྣམས་སླུ་བ་དང་། མི་སླུ་བ་དག་ལས། ཚད་མ་དང་ཚད་མ་མ་ཡིན་པ་གང་རྣམ་པར་གཞག་པར་བྱ་སྟེ། དེ་ཡང་མི་སླུ་བ་ཅན་གྱི་མངོན་སུམ་གྱི་ཤེས་པའི་གསལ་བ་འགའ་ཞིག་མངོན་སུམ་གྱི་ཚད་མར་རབ་ཏུ་གྲགས་པ་དག་མི་སླུ་བའི་
རྗེས་སུ་དཔག་པའི་ཚད་མ་ཉིད་ཀྱི་དཔེར་གང་རྒྱང་འཕེན་པ་དག་ལ་སྟོན་པར་བྱེད་དེ། དེས་རིམ་པ་འདིས་རྗེས་སུ་དཔག་པ་ཚད་མར་ཁས་བླང་བར་བྱ་བ་ཡིན་ནོ། །གཞན་དུ་ན་མངོན་སུམ་དང་རྗེས་སུ་དཔག་པ་གཉི་ག་ཚད་མའམ་ཚད་མ་མ་ཡིན་པར་རྣམ་པར་གཞག་པ་མི་འགྲུབ་པོ་ཞེས་
སྟོན་པར་མཛད་དེ། ཤེས་པའི་བྱེ་བྲག་རྣམས་ལས་ཞེས་བྱ་བ་ནི། བདག་དང་གཞན་གྱི་རྒྱུད་ལ་ཞུགས་པའོ། །དེ་དག་གི་མཚན་ཉིད་ཀྱིས་ཁྱབ་པ་ཞེས་བྱ་བ་ནི། གང་སླུ་བ་དེ་ཚད་མ་མ་ཡིན་ལ་མི་སླུ་བ་དེ་ཚད་མ་ཡིན་ནོ་ཞེས་སོ། །ཇི་ལྟར་མ་སྨྲས་ན་རང་གི་སློབ་མ་ལ་བསྟན་པའི་
ཐབས་གཞན་མེད་དོ། །དེ་ལྟར་སྟོན་ན་ནི་མངོན་སུམ་གྱི་ཤེས་པའི་གསལ་བ་འགའ་ཞིག་ཚད་མར་རབ་ཏུ་གྲགས་པའོ། །ཡང་ན་ཤེས་པའི་གསལ་བ་འགའ་ཞིག་རབ་ཏུ་གྲགས་པའོ། །དེ་དག་ཇི་ལྟར་མཐོང་བ་དང་མཐུན་པ་ནི་ཤེས་པའི་གསལ་བ་འདི་ཡང་མི་སླུ་བའམ་སླུ་བའི་ཕྱིར་ཚད་
མའམ་ཚད་མ་མ་ཡིན་ནོ་ཞེས་སོ། །རྗེས་སུ་དཔག་པར་བྱ་བ་ཉིད་དུ་གནས་ན་རྗེས་སུ་དཔོག་པ་ཡང་ཡོད་དོ། །དེ་ཡང་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་རྒྱང་པན་པ་ཁྱེད་ལ་རྗེས་སུ་དཔག་པ་ཁས་མི་ལེན་པས་མ་གྲུབ་པ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི་སྤྱི་རྣམ་པར་གཞག་ནས་
ཁྱབ་པ་མི་སྨྲ་བའོ། །དེ་ལྟར་རྗེས་སུ་དཔག་པ་ནི་ཚད་མར་མི་འགྱུར་མོད་ཀྱི། རང་གི་འདོད་པ་ལ་ནི་གནོད་པར་འགྱུར་ཏེ། ཇི་ལྟར་ཞེ་ན། ཡུལ་ཉམས་སུ་མྱོང་བ་ལས་ཏེ་རྒྱུའོ། །བསྟན་དུ་མེད་པ་ཞེས་བྱ་བ་ནི་རང་ངམ་གཞན་གྱི་རྒྱུད་ལ་ཡོད་པའི་ཤེས་པའི་གསལ་བྱའི་བྱེ་བྲག་གཅིག་
ཅིག་གོ། །དེ་ལྟ་བུ་རེ་རེ་སྟེ་རྗེས་སུ་འགྲོ་བའམ། ལྡོག་པའི་ཁྱབ་པ་བསྟན་པ་དང་བྲལ་བའོ། །དེ་ལྟ་བུའི་ཤེས་པ་ཡང་ཡིན་ལ་བྱེ་བྲག་ཀྱང་ཡིན་པས་ཤེས་པའི་བྱེ་བྲག་གོ། །རྣམས་ལས་ཏེ། དེ་ལྟ་བུར་རྗེས་སུ་འགྲོ་བ་དང་བྲལ་བའི་རྒྱུ་ལས་སོ། །བདག་དང་སློབ་མར་རང་གི་རྒྱུད་ལ་
เล่ม ๑๘๗ · หน้า 183b
ཡོད་པ་དེ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཚད་མའམ་ཚད་མ་མ་ཡིན་པར་མཚོན་པར་མི་ནུས་སོ། །དེའི་ཕྱིར། བསྟན་བཅོས་ལ་འབད་པར་མི་བྱ་བ་ཉིད་དེ། འདི་ལྟར་རྗེས་སུ་དཔག་པ་ཚད་མ་ཡིན་པ་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་ཡུལ་ཉམས་སུ་མྱོང་བའི་ཤེས་པ་རང་གི་རྒྱུད་ལ་ཡོད་པ་
དེ་ནི་བསྟན་བཅོས་ཀྱི་སྒྲའི་རྟགས་ལས་གཞན་ལ་བསྟན་པར་བྱ་བའི་དོན་ཡིན་ན། རྟགས་ཀྱི་མཚན་ཉིད་ཁྱབ་པ་ཁས་ལེན་པ་མེད་པས་རྗེས་སུ་དཔག་པ་མེད་པའི་ཕྱིར་དོན་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གོ་བར་བྱ་བའི་ཕྱིར་བསྟན་བཅོས་ལ་འབད་པར་བྱེད་ནའོ། །ཅོ་འདྲི་བ་འདི་
ནི་རང་གི་མཚན་ཉིད་དང་འགལ་བ་སྟེ། རྗེས་སུ་དཔག་པ་ཡང་སྤོང་ལ། རང་ཉིད་རྗེས་སུ་དཔག་པ་སྦྱོར་བའི་ཕྱིར་རོ། །དེ་ཉིད་ཕ་རོལ་གྱིས་ཞེས་བྱ་བས་སྟོན་ཏེ། འདི་ནི་འབྲས་བུའི་རྟགས་ཁས་བླངས་པ་བཤད་དོ། །གལ་ཏེ་རྗེས་སུ་དཔག་པས་བསམ་པའི་དོན་སྟོན་པ་མ་ཡིན་གྱི་ལུས་
ཉིད་བློ་ཡིན་པས་བློ་མངོན་སུམ་གྱིས་རྟོགས་སོ་ཞེ་ན། ལུས་ཉིད་ནི་བློ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཉིད་ནི་བློ་མ་ཡིན་ཏེ། ཡིན་ན་ལུས་རྟོགས་པ་ལྟར་བློ་ཡང་རྟོགས་པར་འགྱུར་བ་ཞིག་ན། དེ་ལ་ཐེ་ཚོམ་ཟ་བའི་ཕྱིར་རྟོགས་པ་མེད་དོ། །གལ་ཏེ་སྒྲ་སྐད་ཅིག་
མ་ཡིན་ལ་དེ་རྟོགས་པ་ལྟར་འདི་ཡང་དེ་ལྟའོ་ཞེ་ན། འོ་ན་ནི་མངོན་སུམ་དུ་གྲུབ་པ་ཉིད་ཉམས་སོ། །གཞན་ཡང་བློ་འདིས་ལུས་ཁོ་ན་ཡིན་ན་ལུས་ཉིད་ཡིན་པའི་ཕྱིར་འཁྲུལ་པའི་རྒྱུ་མེད་དེ་ལུས་ཉིད་བཞིན་ནོ། །དེ་ལྟར་ན་བློ་ཡང་རྟོགས་པར་འགྱུར་ན་དེ་ནི་མེད་དོ་ཞེས་དགོངས་སོ། །དེ་ལྟ་བས་ན་
སྣང་བ་དེ་ནི་དེ་ཉིད་ཡིན་པ་ལ་དེ་གྲུབ་ན་གྲུབ་པས་ཁྱབ་ལ། དེ་ལ་མི་དམིགས་པ་འཕངས་ཏེ། གང་ཞིག་གྲུབ་ཀྱང་གང་གྲུབ་པ་མེད་པ་དེ་ནི་དེ་ཉིད་མ་ཡིན་ཏེ། སྔོན་པོ་དང་སེར་པོ་ལྟ་བུའོ། །བློ་ཡང་ལུས་གྲུབ་ཀྱང་མ་གྲུབ་པའི་ཕྱིར་རོ། །བློ་དེ་སྐྱེས་བུ་གཞན་དང་འབྲེལ་བ་ནི་སྐྱེས་བུ་མངོན་
སུམ་དུ་གྲུབ་པ་ཙམ་གྱིས་གཞན་གྱིས་མི་རྟོགས་སོ། །ད་ནི་མི་དམིགས་པའི་རྟགས་ཁས་བླངས་པ་སྟོན་ཏེ། འདི་ཞེས་བྱ་བ་ནི་རྒྱང་པན་པའོ། །འགའ་ཞིག་ལ་ཞེས་བྱ་བ་ནི་ནམ་མཁའ་འབྱུང་བ་ལྔ་པ་ཉིད་ལ་སོགས་པ་ལའོ། །བསྒྲིབས་པ་ཤེས་པ་བསྐྱེད་པའི་ནུས་པ་མེད་པ་ལ་ཡང་ངོ་། །
เล่ม ๑๘๗ · หน้า 184a
འགལ་ལོ་ཞེས་བྱ་བ་ནི་རང་གི་ཚིག་དང་ངོ་། །ཡང་ན་མངོན་སུམ་འདི་ལོག་པས་མེད་དོ་ཞེས་བྱ་བ་གང་ལ་ཞིག་སྟེ། མངོན་སུམ་དོན་གྱི་རྒྱུའམ་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར། དེ་མེད་པས་དོན་མེད་པར་ངེས་པ་མེད་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་མེད་པས་
དོན་མེད་པར་ངེས་པ་དེ་ཡོད་ན་ནི་སྟེ། དེ་ནི་མི་དམིགས་པའི་རྟགས་ལས་གཞན་གྱིས་མི་འགྲུབ་པའི་ཕྱིར་རོ། །གཞན་ཡང་ཡོད་པ་ནི་མི་འཁྲུལ་པར་འདོད་པའི་དོན་ལས་དོན་གཞན་ལས་སྐྱེས་པའོ། །མེད་པར་ཡོད་པ་ཡང་མི་འཁྲུལ་པར་འདོད་པའི་དོན་མེད་པར་རོ། །དེ་ནི་དེ་ལ་
རག་མ་ལས་པའི་ཕྱིར་དེར་འཁྲུལ་པས་ན་མི་སླུ་བར་མི་རིགས་པའི་ཕྱིར་རོ། །དོན་མཐོང་བ་ཞེས་བྱ་བའི་རང་བཞིན་དེ་ཡང་དོན་ལ་ཡོད་པ་སྟེ་དོན་གྱི་ཆོས་ཡིན་པའོ། །མཐོང་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་དང་། མངོན་སུམ་ཉིད་ཡིན་པའི་ཕྱིར་དོན་ཐམས་ཅད་སྐྱེས་བུ་ཐམས་
ཅད་ཀྱིས་མཐོང་བར་ཐལ་བར་འགྱུར་རོ། །མཐོང་བ་ཞེས་བྱ་བ་དེ་གལ་ཏེ་ཤེས་པ་ལ་ཡོད་ནའོ། །དོན་དང་ཤེས་པ་འབྲེལ་བར་ཁྱོད་མི་འདོད་པའི་ཕྱིར་ཇི་ལྟར་མཐོང་བ་ཞེས་བྱ་བའི་ཤེས་པ་གཞན་ཡོད་པས། ཤེས་པ་དང་མ་འབྲེལ་བའི་དོན་གཞན་ཡོད་པར་ངེས་པ་ཞེས་བྱ་བའི་ཐ་
ཚིག་གོ། །གལ་ཏེ་མཐོང་བ་ཞེས་བྱ་བའི་ཤེས་པ་ཡོད་པར་འགྲུབ་པོ་ཞེ་ན། དོན་དང་ཤེས་པའི་འབྲེལ་པས་ཤེས་པ་ལ་དོན་མི་འཁྲུལ་བར་འདོད་ན། འབྲེལ་བའི་རྒྱུ་མི་འཁྲུལ་བ་དེ་ནི་རང་བཞིན་དང་འབྲེལ་བའི་རྟགས་ལ་ཡང་མི་འཁྲུལ་བའི་རྒྱུར་མཚུངས་པའི་ཕྱིར། གང་དེ་ལས་
སྐྱེས་པའི་རྗེས་སུ་དཔག་པ་ཡང་དོན་དང་འབྲེལ་བ་ཡིན་ལ། དོན་དང་འབྲེལ་བའི་ཕྱིར་དོན་ལ་མི་སླུ་བའོ། །དོན་ལ་མི་སླུ་བའི་ཚད་མ་ཡིན་ཏེ། མངོན་སུམ་གྱི་ཚད་མ་བཞིན་ནོ་ཞེས་སྒྲུབ་པའི་འབྲས་བུ་གནས་པའི་ཕྱིར། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་མི་འདོར་རོ། །
དེ་ལྟར་ན་རིམ་པ་འདིས་རྗེས་སུ་དཔག་པ་ཚད་མ་ཉིད་དུ་ཕུར་བུ་པ་དག་གིས་ཁས་བླང་བར་བྱའོ། །བྷ་ཏི་ཧ་རིས་ཀྱང་མངོན་སུམ་དང་རྗེས་སུ་དཔག་པ་གཉི་ག་ཚད་མར་ཁས་བླང་བར་བྱ་སྟེ། འདི་ལྟར་རིག་བྱེད་ཀྱང་གང་དོན་ལ་མི་སླུ་བར་བྱེད་པ་ཚད་མ་ཡིན་གྱི། སླུ་ན་ནི་དེར་མི་
เล่ม ๑๘๗ · หน้า 184b
འགྱུར་རོ། །མི་སླུ་བ་ཉིད་ནི་ཇི་སྐད་བཤད་པའི་ཤེས་པ་དག་ལ་ཡོད་པའི་ཕྱིར་ཚད་མ་ཡིན་ཏེ། རིག་བྱེད་བཞིན་ནོ་ཞེས་བྱ་བ་ནི་རིམ་པས་སོ། །རིག་བྱེད་པ་གང་དག་མངོན་སུམ་དང་སྒྲ་གཉིས་ཚད་མར་སྨྲ་བས་ཀྱང་རིགས་པ་དེ་ཉིད་ཀྱིས་རྗེས་སུ་དཔག་པ་ཁས་བླང་བར་བྱའོ། །གང་
ཡང་ཚད་མ་ཅུང་ཟད་ཀྱང་མེད་དོ་ཞེས་སྨྲ་བའི་གྲུབ་པའི་མཐའ་ནི་མི་སྣང་མོད་ཀྱི། འོན་ཀྱང་དེ་སྐད་རྟོགས་པ་ཡོད་ན་དེས་ཀྱང་ཚད་མ་ཅུང་ཟད་ཅིག་ཁས་བླང་བར་བྱ་སྟེ། །དེ་ལྟ་མ་ཡིན་ན་འཇུག་པ་དང་ལྡོག་པའི་ཐ་སྙད་མེད་པར་འགྱུར་བའི་ཕྱིར། ཚད་མ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ཉིད་དུ་ཡང་
མི་འགྱུར་བའི་ཕྱིར་རོ། །དེ་བས་ན་ཅུང་ཟད་ངེས་པའི་ཐ་སྙད་སྒྲུབ་པར་བྱེད་ན་འདིའི་རྒྱུ་དེ་ནི་ཚད་མའོ་ཞེས་བྱ་བར་གནས་ཏེ། དེ་ཉིད་ལ་ཚད་མའི་ཐ་སྙད་གྲགས་པའི་ཕྱིར་རོ། །དེ་ལྟར་ཚད་མ་སྤྱིའི་མཚན་ཉིད་ཀྱི་རབ་ཏུ་བྱེད་པ་བཤད་ནས། ད་ནི་མངོན་སུམ་གྱི་རབ་ཏུ་བྱེད་པ་བཤད་པར་
བཞེད་ནས། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མའི་དབྱེ་བ་གཉིས་བཤད་པ་དེ་ལའོ། །མངོན་སུམ་ཉིད་བྱེ་བྲག་ཏུ་བསྟན་པ་ནི་ཞེས་བྱ་བའི་དོན་ཏོ། །དེ་ཡང་གཞན་དག་མངོན་སུམ་གྱི་མཚན་ཉིད་ལ་ལོག་པར་རྟོགས་པ་སྣང་བས་དེ་དག་བསལ་བའི་ཕྱིར་ཏེ། དེ་དག་ཀྱང་
ཇི་ལྟ་བུ་ཞེ་ན། དྲང་སྲོང་རྐང་མིག་པ་ན་རེ་དབང་པོ་དང་དོན་འབྲེལ་བ་ལས་སྐྱེས་པའི་ཤེས་པ་བསྟན་དུ་མེད་པ་མི་འཁྲུལ་པ་ཞེན་པའི་བདག་ཉིད་ཅན་ནི་མངོན་སུམ་ཞེས་ཟེར་རོ། །དེ་ཡང་རིགས་པ་ཅན་གྱི་ཞུགས་པ་ཡིན་ཏེ། བྱེ་བྲག་པ་ཡང་དེ་དང་འདྲའོ། །གྲངས་ཅན་གྱི་ཞུགས་པ་ཐུབ་པ་
སེར་སྐྱ་ནི་ཡུལ་ལ་སོ་སོར་ཞེན་ཅིང་མཐོང་བ་ནི་མངོན་སུམ་མོ་ཞེས་ཟེར་རོ། །དྲང་སྲོང་ཆུར་ལྷུང་ན་རེ་དབང་པོ་ལྔ་དང་ལྡན་པ་གང་སེམས་ཀྱིས་ཕྱི་རོལ་གྱི་དངོས་པོ་ཉེ་བར་གཞག་པས། སྤྱི་དང་བྱེ་བྲག་གི་མཚན་ཉིད་ཀྱི་དངོས་པོ་ལས་བྱེ་བྲག་ངེས་པར་འཛིན་པ། སེམས་ཀྱི་འཇུག་པ་ལྔ་
ལས་མཆོག་གི་འཇུག་པ་ནི་མངོན་སུམ་ཡིན་ནོ་ཞེས་སྨྲའོ། །དཔྱོད་པ་པ་ན་རེ། དང་པོར་ཡོད་པའི་ལྟ་བའོ། །ཤེས་པ་རྣམ་རྟོག་མེད་པ་ཅན། །བྱིས་དང་ལྐུགས་སོགས་བློ་འདྲ་བ། །དག་པའི་དངོས་ལས་སྐྱེས་པའོ། །དེ་ལས་གཞན་པའི་དངོས་པོ་ཡང་། །རིགས་ཀྱི་ཆོས་
เล่ม ๑๘๗ · หน้า 185a
སོགས་གང་དང་གང་། །བློ་ནི་ཞེན་པར་བྱེད་པ་དེ། །མངོན་སུམ་ཉིད་དུ་འདོད་པ་ཡིན། །ཞེས་ཟེར་ཏེ། དེ་དག་ཐམས་ཅད་ཀྱང་མངོན་སུམ་རྟོག་པ་དང་བཅས་པར་འདོད་དོ། །བསྟན་བཅོས་འདི་རིགས་པ་རྣམ་པར་ངེས་པ་ཉིད་ཡིན་པའི་ཕྱིར། དེ་དག་རིགས་
པའི་སྒོ་ནས་བསལ་བར་བཞེད་ནས། མངོན་སུམ་རྟོག་པ་དང་བྲལ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་སུམ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པར་བྱེད་ཅིང་དོན་ལ་མངོན་སུམ་དུ་བྱེད་པར་གྲགས་པ་རྗེས་སུ་བརྗོད་པའི་ངག་སྟེ། དེས་ནི་མཚན་ཉིད་ཀྱི་གཞི་གྲུབ་པར་
བསྟན་ཏོ། །རྟོག་པ་དང་བྲལ་ཞིང་ཞེས་བྱ་བ་ལ་སོགས་པས་ནི་དེའི་མཚན་ཉིད་མ་གྲུབ་པ་སྒྲུབ་པའི་ངག་སྟེ། དེ་དག་སྒྲུབ་པར་བྱེད་པའོ། །མདོའི་གོ་རིམས་མ་ཡིན་ཡང་བརྗོད་པ་ཉུང་བའི་ཕྱིར་མ་འཁྲུལ་བ་སྔར་བཤད་དོ། །འདི་ཐམས་ཅད་དབང་པོའི་ཤེས་པ་འཁྲུལ་བའི་རྒྱུ་ཉིད་ཡིན་
པས། དེའི་རྗེས་སུ་བྱེད་པ་ནི་ཡིད་ཀྱི་ཡང་ཡིན་ནོ། །རང་རིག་པའི་བློ་རྣམས་ཐམས་ཅད་དུ་རང་གི་ངོ་བོ་ལ་འཁྲུལ་བའི་རྒྱུ་གང་ཡང་མེད་དོ། །འོན་ཀྱང་རྟོག་པ་ནི་མ་རིག་པ་ཉིད་རབ་རིབ་ཡིན་པས་དེའི་དབང་གིས་རང་རིག་པ་མ་ཡིན་ཡང་རང་རིག་པས་ང་རྒྱལ་བའི་ཕྱིར། རབ་རིབ་ཀྱིས་འཁྲུལ་
པའི་རྒྱུ་ཉིད་སྲིད་དོ། །རྣལ་འབྱོར་གྱི་མངོན་སུམ་ནི་མ་རིག་པ་ཉིད་རབ་རིབ་ཡིན་པས་དབང་ཕྱུག་དང་སྐྱེས་བུ་ལ་སོགས་པར་སྣང་ངོ་། །འདོད་ཆགས་ལ་སོགས་པ་འཁྲུལ་བའི་འཁྲུགས་པའི་སྒྲར་བརྗོད་དོ། །དེས་ན་རྣལ་འབྱོར་པའི་ཤེས་པ་འཁྲུལ་པ་སྲིད་པར་རྟོག་པར་ཤེས་པར་བྱའོ། །
མངོན་པར་རྗོད་པར་བྱེད་པས་མངོན་པར་བརྗོད་པ་སྟེ། དོན་གྱི་སྤྱི་འཛིན་པར་སྣང་བ་སྒྲའི་སྤྱི་སྟེ། སྒྲ་རང་གི་མཚན་ཉིད་ནི་མངོན་པར་རྗོད་པར་བྱེད་པ་མ་ཡིན་ནོ། །དེ་དང་ལྡན་པ་ནི་དེར་སྣང་བའི་རྟོག་པའོ། །དོན་དེ་སོ་སོར་སྣང་བ་ན་སྣང་བར་འགྱུར་བ་དོན་ལ་རྗོད་པར་བྱེད་པའི་རང་བཞིན་སྒྲའི་སྤྱིའི་
སྒྲ་སྟེ། བསྟེན་པའི་ཚུལ་གྱིས་ཡོད་པ་མ་ཡིན་ཞེས་བྱ་བ་ལྷག་མའོ། །ཡང་བྷ་ར་ཏི་ཧ་རི་ན་རེ། ཐོག་མ་ཐ་མ་མེད་ཚངས་པ། །སྒྲ་ཡི་དེ་ཉིད་གང་འཇིག་མེད། །དེ་གྱུར་པ་ལས་དོན་རྣམས་སོ། །འགྲོ་བ་ཇི་ལྟ་བཞིན་དུ་སྤྱོད་ཅེས་དོན་རྣམས་སྒྲའི་བདག་ཉིད་དུ་འདོད་པས་ན།
เล่ม ๑๘๗ · หน้า 185b
དེའི་ཕྱིར་དེའི་བདག་ཉིད་དུ་སྤོང་ངོ་ཞེས་གསུངས་སོ། །ཡང་དེ་ཉིད། སྒྲ་ཡི་རྗེས་འགྲོ་མ་གཏོགས་པའི། །ཤེས་པ་འཇིག་རྟེན་ན་ཡོད་མིན། །ཤེས་པ་རྗེས་སུ་བསྒྲུབ་པ་ཉིད། །ཐམས་ཅད་སྒྲ་རུ་ཤེས་པར་བྱ། །ཞེས་སྒྲ་ནི་ཤེས་པའི་སྲོག་ལྟ་བུ་སྟེ། ཤེས་པའི་བདག་ཉིད་
ཡིན་པར་འདོད་པས་དེའི་ཕྱིར་འདི་ལ་དོན་མ་རེག་པར་རིག་པ་ཙམ་གྱིས་ཆོས་ཀྱང་མ་ཡིན་ཏེ་ཞེས་གསུངས་ཏེ། ཅིའི་ཕྱིར་ཞེ་ན། སྒྲའི་ཤེས་པ་དོན་འདི་བུམ་པ་ཞེས་ཉེ་བར་སྦྱོར་གྱི་བུམ་པ་ཞེས་བྱ་བའི་སྒྲ་ཤེས་པ་རང་ཉིད་ལ་ནི་མ་ཡིན་ནོ། །དེ་ལྟར་སྦྱོར་ན་ནི་སྒྲ་ལས་དོན་བུམ་པ་མི་
རྟོགས་པར་ཐལ་བར་འགྱུར་ཏེ། བུམ་པ་ཞེས་བྱ་བའི་སྒྲས་ཤེས་པ་ཉིད་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་སྒྲའི་ཤེས་པས་སྒྲ་དམིགས་པ་ནི་དོན་གྱི་སྒྲ་རབ་ཏུ་སྦྱོར་གྱི། ཤེས་པའི་རང་བཞིན་དུ་མ་ཡིན་པའི་ཕྱིར་རོ། །རིག་པ་ཙམ་གྱི་ཆོས་ཀྱང་མ་ཡིན་ཏེ་ཞེས་བྱ་བར་གྲུབ་པའོ། །དོན་
ལ་སྒྲ་ཡོད་པ་མ་ཡིན་པ་དེའི་ཕྱིར། དོན་འདི་ཉེ་བར་སྦྱོར་བར་གྱུར་པས་རྣམ་པར་ཤེས་པ་སྐྱེད་པ་ན། དོན་གྱི་བདག་ཉིད་མ་ཡིན་པའི་སྒྲའི་སོ་སོར་སྣང་བ་མདུན་དུ་བྱེད་པར་རིགས་པ་མ་ཡིན་ཏེ། རོ་ཉེ་བར་སྦྱོར་བར་གྱུར་པས་ཤེས་པ་སྐྱེད་པ་ན་རོ་ལ་བདག་ཉིད་དུ་མེད་པའི་གཟུགས་རོའི་
ཤེས་པས་མདུན་དུ་མི་བྱེད་པ་བཞིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དྲི་ལ་སོགས་པ་ཕན་ཚུན་སྦྱོར་བ་མ་ཡིན་པ་བསྟན་ཏོ། །དེས་ནི་དོན་གྱི་དབང་དུ་བྱས་པའི་སོ་སོར་ངེས་པ་བསྟན་ནས། དེ་ནི་ཤེས་པའི་དབང་དུ་བྱས་ཏེ། དེའི་སྟོབས་ལས་སྐྱེས་པའི་ཤེས་པ་དོན་གཞན་
གཟུགས་ལ་སོགས་པའི་རྗེས་སུ་འབྲང་བ་སྟེ། དེ་འཛིན་པར་རིགས་པ་མ་ཡིན་ནོ། །གལ་ཏེ་དོན་ལ་རྗོད་པར་བྱེད་པའི་སྒྲ་ཡོད་པར་ཁས་བླངས་ན། དོན་གཟུགས་ལ་སོགས་པ་དབང་པོ་གཞན་གྱི་ཤེས་པ་སྐྱེད་པ་དེའི་བདག་ཉིད་མ་ཡིན་པས་དབང་པོ་གཞན་གྱི་ཤེས་པ་སྐྱེད་པར་མི་ནུས་
པའི་ཕྱིར་མི་སྐྱེད་དོ། །བསྐྱེད་ན་ནི་དོན་གཅིག་གིས་དབང་པོ་ཐམས་ཅད་ཀྱི་བློ་སྐྱེད་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡིད་ཀྱི་ཤེས་པ་ལྟར་དབང་པོའི་ཤེས་པ་གཅིག་ཀྱང་དོན་ཐམས་ཅད་ལ་དམིགས་པར་འགྱུར་ཏེ། མིག་ཀྱང་གཟུགས་ལ་བརྟེན་ནས་སྐྱེས་པའི་ཤེས་པ་གཅིག་གི་དོན་གཞན་
เล่ม ๑๘๗ · หน้า 186a
སྒྲ་ཡང་འཛིན་པའི་ཕྱིར་རོ། །གལ་ཏེ་དེ་ནི་དེ་ལྟར་ཡིན་ཏེ་ཡིད་ཀྱི་ཤེས་པ་བཞིན་ཁོ་ནའོ་ཞེ་ན། རྣམ་པར་རྟོག་པ་ཅན་གྱི་ཡིད་ཀྱི་ཤེས་པ་ཁོ་ན་ཡིན་གྱི། དབང་པོའི་བློ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། ཡིད་ནི་དོན་གྱི་ནུས་པ་ཉེ་བ་ལ་མི་ལྟོས་པ་ཡིན་ལ་དབང་པོའི་བློ་ནི་དོན་ཉེ་བ་
ལ་ལྟོས་པ་ཉིད་དེ། དོན་ཉེ་བ་ལ་མི་ལྟོས་ན་ཅིས་སྐྱེད་ཅེ་ན། རྟོག་པའི་བག་ཆགས་ཀྱིས་བསླང་བ། །ཞེས་གསུངས་ཏེ། དེའི་དབང་གི་ཡུལ་སྣང་བའོ། །ཡིད་ནི་དབང་པོའི་དོན་མ་ངེས་པར་འཛིན་ལ་དབང་པོའི་བློ་ནི་དེ་ལས་བཟློག་པར་ཉམས་སུ་མྱོང་བར་གྲུབ་པའོ། །རྟོག་པའི་བག་ཆགས་
ཀྱང་ཅིའི་ཕྱིར་དོན་དུ་སྣང་བར་བསྐྱེད་པ་ཡིན་ཞེ་ན། དེ་ནི་མངོན་སུམ་གྱི་སྣང་བ་གཟུགས་དང་སྒྲ་ལ་སོགས་པ་གང་ཡང་རུང་བ་མྱོང་བ་དང་འབྲེལ་བའི་ཕྱིར་ཏེ། དེས་འཕངས་པའི་ཕྱིར་སྒྲ་དང་དོན་དུ་ལྷན་ཅིག་གམ་སྟེ་འདི་བུམ་པ་ཞེས་སོ། །སོ་སོར་ཏེ་བརྡ་ལ་མ་བྱང་བའི་སྒྲ་དང་དོན་དུ་སྣང་བ་ལྟ་བུར་
རོ། །དོན་ནི་དབང་པོ་ཤེས་པ་སྐྱེད་པར་ཉེ་བར་སྦྱོར་ཏེ་སྐྱེད་པར་མངོན་སུམ་དུ་ཕྱོགས་ཏེ་མཐར་ཐུག་པ་ནའོ། །སྒྲ་དྲན་པའི་ཉེ་བ་ལ་ལྟོས་ནས་དབང་པོའི་བློ་སྐྱེད་ནའོ། །དབང་པོའི་བློ་དེའི་དོན་བསྒྲིབས་པར་འགྱུར་ཏེ། དོན་ཉེ་བ་ཙམ་གྱིས་སྐྱེད་པར་མི་འགྱུར་ཏེ། དོན་ཡོད་པས་ཤེས་པ་མི་སྐྱེད་
ཀྱི་དྲན་པ་བསྐྱེད་པའི་ཕྱིར་རོ། །བརྡའི་དུས་ན་ཡོད་པའི་མངོན་པར་བརྗོད་པའི་སྤྱི་དྲན་པ་མེད་པའི་དོན་ལ་སྒྲ་དེ་ཉེ་བར་སྦྱོར་བ་སྟེ། སྒྲའི་སྒོ་ནས་འཛིན་པ་ཡོད་པ་མ་ཡིན་ཏེ། སྒྲ་གང་གཞན་བརྡར་མ་བྱས་པ་བཞིན་ནོ། །དཔེར་ན་བུམ་པ་ལ་བརྡ་མ་བྱས་པའི་སྣམ་བུའི་སྒྲ་བཞིན་ནོ། །
དེ་ལྟ་བས་ན་སྔོན་གྱི་སྒྲ་དྲན་པ་ཉིད་འདོད་པར་བྱ་དགོས་སོ། །དྲན་པར་རིགས་པ་ཡང་མ་ཡིན་ཏེ། དོན་གྱིས་ལྷན་ཅིག་བྱས་པའི་བྱེ་བྲག་སྟེ། དོན་གྱིས་དྲན་པའི་བག་ཆགས་སད་པར་བྱས་པའི་འགྱུར་བ་ནང་སྟེ། ཤེས་པ་ལ་མེད་ན་སྒྲའི་བྱེ་བྲག་སྟེ། དོན་དེའི་མིང་དྲན་པར་རིགས་
པ་མ་ཡིན་ཏེ། སྒྲའི་བྱེ་བྲག་དྲན་པ་དེ་དེས་བྱས་པ་ཉིད་མ་ཡིན་ན། དོན་དེ་དང་འབྲེལ་བ་མེད་པའི་ཕྱིར་སྣམ་བུ་ཀུན་ནས་བསླང་བ་མ་ཡིན་པའི་བུམ་པའི་སྒྲས་སྣམ་བུ་མི་འཛིན་པ་ལྟར་དེའི་མིང་དེས་དོན་དེ་རྟོགས་པར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་དྲན་པ་མ་སྐྱེས་པ་ཉིད་དུ་དྲན་པའི་
เล่ม ๑๘๗ · หน้า 186b
བག་ཆགས་སད་པའི་འགྱུར་བ་དྲན་པ་ལ་མི་ལྟོས་པས་བློ་ལ་དོན་གྱིས་བྱེད་ན་ནི། བློ་སྐྱེད་པ་ཉིད་ཀྱང་དྲན་པ་ལ་ཅི་སྟེ་ལྟོས་ཞེས་བྱ་བའི་དོན་དུ་རྟོགས་པར་བྱའོ། །དོན་བློ་སྐྱེད་པར་ཞུགས་པ་ན་དྲན་པས་བར་ཆད་དུ་འགྱུར་བ་དེས་ནའོ། །ནུས་པ་ཞུགས་པའི་དོན་གྱིས་དྲན་པ་བསྐྱེད་པའི་དུས་
ན་བློ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། གང་སྔོན་བློ་ཡི་སྐྱེད་བྱེད་མིན། །ཉེ་བར་སྦྱོར་བ་དབྱེར་མེད་དོ། །ནུས་པ་ཞུགས་པ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་རོ། །དོན་དེ་ནི་དེས་ཀྱང་སྟེ་དྲན་པ་སྐྱེད་པ་ན་ཡང་བློ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ཉིད་དུ་འགྱུར་རོ། །བློ་གཅིག་ལ་ཡང་སྔར་
བསྐྱེད་པར་བྱ་བ་མ་ཡིན་པ་དང་། ཕྱི་ནས་བསྐྱེད་པར་བྱ་བ་ཉིད་དུ་མི་རིགས་སོ། །དེ་ལྟར་དོན་དེའི་སྐྱེད་པ་མ་ཡིན་ལ་བློ་ཡང་དེས་བསྐྱེད་པར་བྱ་བ་མ་ཡིན་པ་དེའི་ཕྱིར་དོན་མེད་ཀྱང་མིག་བློར་འགྱུར་རོ། །དེ་དོན་ལ་མི་ལྟོས་པའི་ཕྱིར་རོ། །དྲན་པས་ཉེ་བར་སྦྱོར་བ་སྟེ་དྲན་པ་ཡོད་ན་དེ་མ་ཐག་ཏུ་
ཡོད་པའི་ཕྱིར་བློའི་དོན་འདིའི་རྗེས་སུ་བྱ་བ་སྟེ་དེས་བསྐྱེད་པར་བྱ་བའོ། །དངོས་པོ་ནི་རང་བཞིན་དེས་རང་བཞིན་དེ་ལ་མི་ལྟོས་པ་སྟེ་རང་བཞིན་དེ་ལ་མི་བརྟེན་པའོ། །བྱེ་བྲག་ཏུ་བྱེད་པ་དབྱུག་པ་དང་། བྱེ་བྲག་ཏུ་བྱ་བ་སྐྱེས་བུ་དང་། དེ་དག་གི་འབྲེལ་བ་དང་། འཇིག་རྟེན་པའི་རྣམ་པར་གཞག་
པ་སྟེ། སྐྱེས་བུ་དབྱུག་པ་ཅན་ཞེས་བྱའི་དབྱུག་པ་སྐྱེས་བུ་ཅན་ཞེས་ནི་མ་ཡིན་ནོ། །དེ་སྙེད་བཟུང་ནས་བྱེ་བྲག་ཏུ་བྱེད་པའི་བློ་ཡིས་སྐྱེས་བུ་དབྱུག་པ་ཅན་ཞེས་བསྡུ་བའོ། །དེ་ལྟ་ན་བྱེ་བྲག་ཏུ་རྟོགས་ཀྱི་གཞན་དུ་དེ་ལས་བཟློག་ན་ནི་མ་ཡིན་པའོ། །དབྱུག་པ་ཅན་ལ་སོགས་པ་ཞེས་བྱ་
བས་ནི་བ་ལང་འགྲོ་བ་ཅན་ཞེས་བྱའི་འགྲོ་བ་བ་ལང་ཅན་ཞེས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །རྣམ་པར་གཞག་པ་མི་ཤེས་ན་བྱེ་བྲག་ཏུ་བྱེད་པ་ལ་སོགས་པའི་ཤེས་པར་མི་འགྱུར་རོ། །མཚན་ཉིད་ཐ་དད་ཀྱི་འབྲེལ་པ་དག་ཐ་དད་པ་མངོན་སུམ་གྱི་བློ་ལ་མི་སྣང་བས། རིགས་ལ་
སོགས་པའི་བྱེ་བྲག་ཏུ་བྱེད་པ་དང་། བྱེ་བྲག་ཏུ་བྱ་བའི་ཤེས་པར་མི་འགྱུར་རོ། །འོ་མ་དང་ཆུ་དག་སྔར་ཐ་དད་པར་མཐོང་ན་ནི་འོ་མ་ཆུ་དག་ཅེས་རྟོགས་ཀྱི། སྔར་འོ་མ་དང་དེར་འདྲེ་བའི་ཆུ་དག་བྱེ་བྲག་མ་མཐོང་ན་ནི་དེ་ལ་འོ་མ་ཆུ་ཅན་ཞེས་བྱ་བར་ནི་མི་རྟོགས་པ་བཞིན་ནོ། །གང་ཡང་དབྱུག་པ་
เล่ม ๑๘๗ · หน้า 187a
ཅན་ལ་སོགས་པ་ནི་བྱེ་བྲག་ཏུ་བྱེད་པ་དང་། བྱེ་བྲག་ཏུ་བྱ་བ་ཐ་དད་པ་རྟོགས་པ་དེ་ལ་ཡང་ངོ་། །བརྡ་དྲན་པའི་ཚུལ་ནི་བརྡ་དྲན་པའི་ཐབས་ཏེ་སྔ་ཕྱིར་དྲན་པའི་རིམ་པས་སོ། །ཅི་ལྟ་ཞེ་ན། སྔར་དབྱུག་པ་དང་། སྐྱེས་བུ་དང་། དེ་དག་གི་འབྲེལ་བ་དང་དེ་ནས་དེ་དག་བསྡུས་ནས་
དབྱུག་པ་ཅན་ཞེས་སྡུད་པའི་རིམ་གྱིས་སོ། །སྔ་མ་དང་ཕྱི་མ་ལ་མི་དམིགས་ཀྱི་ད་ལྟར་ཙམ་ལ་དམིགས་པའི་མིག་གིས་ཞེས་བྱ་བ་ནི་དབང་པོའི་ཤེས་པས་སོ། །དེ་ཇི་ལྟར་སྡུད་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ཡིད་དང་དབང་པོའི་ཤེས་པ་དག་བྱེ་བྲག་མེད་ན་ནི་ཉམས་སུ་མྱོང་བ་དག་
དང་འགལ་བར་ཐལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། འདས་པ་དང་མ་འོངས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པས་འདི་བུམ་པ་འདི་བུམ་པ་ཞེས་བྱ་བའི་ཡུལ་མངོན་པར་འདུ་བྱས་པའི་སྒྲ་དབང་པོའི་ཤེས་པས་རྟོགས་སོ་ཞེ་ན། རིགས་ལ་
སོགས་པ་ཞེས་བྱ་བས་ནི་རྫས་ཏེ། དབྱུག་པ་ཅན་དང་། ཡོན་ཏན་དེ་བ་ལང་དཀར་པོ་དང་། ལས་ཏེ་བ་ལང་འགྲོ་བ་ཞེས་བྱ་བ་དང་། མིང་གི་སྟེ་འདི་བ་ལང་ངོ་ཞེས་བྱ་བ་རྟགས་ལྔ་བསྟན་ཏེ། དེ་དག་གི་ཐ་སྙད་ནི་བརྡ་འམ་དེ་དག་གཅིག་ཏུ་བསྡུས་པ་དབྱུག་པ་ཅན་དང་བ་ལང་དཀར་པོ་ཞེས་དུ་མ་
བསྡུས་པ་སྣང་བའོ། །དེ་དག་ཡུལ་མ་ཡིན་པ་དེའི་ཕྱིར་དབང་པོའི་ཤེས་པ་ནི། དོན་དུ་མ་གཅིག་ཏུ་སྦྱོར་བར་བྱེད་པར་རྟོགས་ཏེ་དོན་རྣམས་སྦྱོར་བར་བྱེད་པ་ཡང་དེ་ཡིན་ལ་རྟོགས་པ་ཡང་དེ་ཡིན་པས། དོན་རྣམས་སྦྱོར་བར་བྱེད་པར་རྟོགས་པ་སྟེ་དེའི་ནང་དུ་མི་འཇུག་གོ། །རྣམ་པར་རྟོག་
པས་བསླང་བ་ཡིན་ན་དབང་པོའི་བློ་དེའི་ཚོགས་པ་མིག་དང་སྣང་བ་དང་གཟུགས་དག་འདུས་པ་དང་ལྡན་པ་གང་རང་གི་ཡུལ་བ་ལང་དུ་སྣང་བ་ཡང་འདི་ལྟར་བརྟག་པར་བྱའོ་སྙམ་པའི་འདོད་པས་ལྡོག་པར་འགྱུར་ཏེ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་གཞན་ཡིན་ཏེ། འདོད་པའི་རྟོག་
པ་གཉེན་པོའི་འདོད་པས་ལྡོག་པ་བཞིན་ནོ། །དེ་ཉིད་རྣམ་པར་རྟོག་པ་ནི་ཞེས་བྱ་བས་འཆད་པར་བྱེད་དོ། །དབང་པོའི་བློ་འདི་དོན་ཉེ་བ་ལ་མི་ལྟོས་པར་ཡང་འགྱུར་ཏེ་རྟོག་པ་ཡིན་པའི་ཕྱིར་རོ། །གཞོན་ནུ་མ་ལེན་ལ་སོགས་པའི་རྟོག་པ་དང་བཅས་པའི་མངོན་སུམ་སྨྲ་བ་དག་གི་ལུགས་
เล่ม ๑๘๗ · หน้า 187b
བརྟག་པར་བཞེད་ནས། རེ་ཞིག་དེ་དག་གི་འདོད་པ་ལེགས་པར་དགོད་པ་སྟེ། གཞན་མིན་འདི་ཞེས་པའོ་ཞེ་ན། བྱ་བ་འབྲེལ་བ་དང་བཅས་པ་སྨོས་སོ། །དེ་ལ་ལན་གདབ་པ་ནི་ཉེ་བ་ངེས་པ་ཞེས་བྱ་བ་དེང་ཡོད་པ་མ་ཡིན་ཏེ། འདི་ལྟར་མུན་པ་ན་ཡོད་པའི་བུམ་པ་ནི་དབང་པོའི་ཤེས་པ་
སྐྱེད་པར་མི་ནུས་པའི་ཕྱིར་མེད་པ་དང་། བྱེ་བྲག་མེད་པ་ལ་ཡང་བུམ་པ་དེར་རེག་པ་ལས་ཀྱང་འདི་བུམ་པའི་བློ་དེ་འབྱུང་ལ། དེ་ནི་མངོན་སུམ་དོན་ཉེ་བ་ངེས་པ་མ་ཡིན་ཏེ། མུན་པ་ན་གནས་པའི་བུམ་པ་གང་དབང་པོའི་ཡུལ་གྱི་དོན་དབང་པོའི་རྣམ་པར་ཤེས་པ་བསྐྱེད་པ་ལ་བུམ་པ་དེ་
ནི་ནུས་པས་སྟོང་པའི་ཕྱིར། མེད་པར་དང་བྱེ་བྲག་མེད་པའི་ཕྱིར་འདི་བུམ་པའོ་སྙམ་པའི་བློ་ནི་ཐམས་ཅད་དུ་བུམ་པའི་གཟུགས་དེའི་མཐུ་ལས་མངོན་སུམ་དུ་མི་འཇུག་པའི་ཕྱིར་རོ། །གལ་ཏེ་རེག་པས་ལུས་ཀྱི་བློ་སྐྱེ་ལ་དེ་ལས་མངོན་སུམ་གཟུགས་ལ་སྐྱེའོ་ཞེ་ན། བརྒྱུད་པས་
ཉེ་བར་སྦྱོར་ན་འདས་པའི་ཡུལ་དང་བློ་དག་བྱས་ལ། དེ་ལས་ད་ལྟར་མངོན་སུམ་སྐྱེ་བས་ད་ལྟར་གྱི་མངོན་སུམ་གྱིས་འདས་པ་དག་མཐོང་བར་ཐལ་བར་འགྱུར་རོ། །དོན་ཉེ་བ་ངེས་པའི་ཡུལ་ཅན་དུ་ཁྱེད་ཀྱང་འདོད་པའི་ཕྱིར་རོ། །འདས་པ་ནི་མི་ཉེ་བས་མངོན་སུམ་དེའི་ཡུལ་མ་ཡིན་
ནོ། །ཡུལ་མ་ཡིན་པ་ལ་འཇུག་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེའི་ཕྱིར་མེད་པ་ལས་ཁྱད་པར་དུ་མ་གྱུར་པ་ལ་ཡང་རེག་ན་འདི་བུམ་པའོ་ཞེས་རྟོག་པ་ནི། བུམ་པའི་གཟུགས་མངོན་སུམ་དུ་གྱུར་པ་ཅན་དུ་མི་འགྱུར་རོ། །གལ་ཏེ་བུམ་པའི་གཟུགས་ནི་རེག་པས་མངོན་སུམ་དུ་མི་
འགྱུར་མོད་ཀྱི། བུམ་པའི་རྫས་དག་རེག་པས་ཀྱང་མངོན་སུམ་དུ་བྱ་བ་ཡིན་པའི་ཕྱིར་འདི་བུམ་པའོ་སྙམ་པའི་བློ་ནི་རེག་པའི་སྒོ་ནས་རྫས་ཀྱི་དོན་ཉེ་བར་ངེས་པ་ཡིན་ནོ་ཞེ་ན། རེག་པས་བསྐྱེད་པ་ནི་རེག་བྱའི་དངོས་པོ་ལས་སྐྱེས་པ་ཡིན་ན། བུམ་པ་འདི་ཞེས་ཤེས་པ་ནི་རེག་བྱའི་དབང་པོས་
སྐྱེ་བར་མི་རིགས་ཏེ། དེ་ལྟར་རྟོག་པར་བྱེད་པ་ན་བློ་དེ་ལ་ཁ་དོག་ཀྱང་སོ་སོར་སྣང་བའི་ཕྱིར་རོ། །ཀྱང་གི་སྒྲས་ནི་རེག་བྱ་ཡང་སྣང་བའོ། །དེ་ལྟར་གཟུགས་དང་རེག་བྱ་གཉི་ག་བློ་གཅིག་ལ་སྣང་བ་དེའི་ཕྱིར་རོ། །ཡང་དབང་པོའི་ཤེས་པ་དག་རང་གི་མིང་གི་སྒོ་ནས་དོན་དག་ཤེས་པར་བྱེད་པ་ཉིད་
เล่ม ๑๘๗ · หน้า 188a
ཡིན་ན། སྒྲ་གང་ཞིག་བརྡའི་དུས་ན་ཡོད་པའི་མིང་དུ་མཐོང་བའི་སྒྲ་ནི། དོན་དེ་མཐོང་བ་ན་སྒྲ་དེ་དྲན་པར་རིགས་ཏེ། འདི་བུམ་པ་ཞེས་དོན་འཛིན་པ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ཉེ་བར་གཏོད་པས་ཀྱང་སྒྲ་དྲན་པར་ནི་འགྱུར་མོད་ཀྱི། དེ་ནི་དོན་དེའི་སྒོ་ནས་དོན་དག་ཤེས་པ་མ་ཡིན་ནོ། །
དེའི་ཕྱིར་དོན་འཛིན་པའི་སྒྲ་ནི་མ་རྟོགས་པར་འབྱུང་བར་མི་རིགས་ཏེ། དོན་མ་རྟོགས་ཀྱང་དྲན་ན་ནི་དོན་དང་མི་འཛིན་པའི་ཕྱིར་མངོན་སུམ་ཉིད་དུ་མི་འགྱུར་རོ། །དོན་དེ་སྒྲ་དྲན་པས་སྔར་རྟོགས་པར་ཡང་མི་འགྱུར་ཏེ། དོན་རྟོགས་པའི་སྒྲ་དྲན་པ་ལ་ལྟོས་པའི་ཕྱིར་ལ་དེ་ཡང་མ་དྲན་པའི་ཕྱིར་རོ། །དེ་ལྟར་
དོན་དེ་རྟོགས་པ་མེད་པ་ལ་སྒྲའི་བྱེ་བྲག་གང་དོན་འཛིན་པ་ཇི་ལྟར་དྲན་ཏེ་དོན་མ་རྟོགས་པར་དེ་སྒྲ་དྲན་ན་དོན་མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་དེ་མི་དྲན་ན་ཡང་སྐྱེས་བུ་དེས་སྒྲ་དང་བསྲེས་པའི་དོན་རྟོགས་སོ་ཞེས་བྱ་བ་དེ་ཇི་ལྟར་སྲིད། ཇི་ལྟར་དྲན་པར་མི་རིགས་ཤེ་ན། སྒྲ་དེ་ནི་དོན་
འཛིན་པ་ཡིན་པའི་ཕྱིར་དོན་མཐོང་བ་ནི་དོན་དེ་ལས་བརྡའི་དུས་ན་འབྲེལ་པའི་སྒྲ་དྲན་པར་རིགས་ཏེ། འབྲེལ་བ་ཤེས་པའི་མེ་དང་དུ་བ་དག་བཞིན་ནོ། །དེ་ལྟ་ཡིན་ན་ཡང་སྐྱེས་བུ་འདི་སྒྲ་ལ་ལྟོས་ནས་དབང་པོའི་བློ་སྐྱེ་བའི་ཕྱིར་སྒྲ་མེད་པ་ཅན་གྱི་དོན་མི་མཐོང་ལ། དོན་མི་མཐོང་ན་ཡང་སྒྲ་མི་དྲན་
ནོ། །སྒྲ་མ་དྲན་ན་ཡང་སྒྲའི་སྒོ་ནས་དོན་ལ་འཇུག་པར་མི་སྦྱོར་རོ། །སྒྲ་མ་སྦྱར་ན་ཡང་དོན་མི་རྟོགས་པའི་ཕྱིར་འགྲོ་བ་མ་ལུས་པ་དོན་རྟོགས་པ་མེད་པའི་ཕྱིར། ལོང་བ་ཉིད་འོངས་པ་ཡིན་ཏེ། འོན་པ་ལ་སོགས་པ་ཡང་འོངས་པ་ཡིན་ནོ། །དེ་ལྟ་བས་ན་དབང་པོའི་ཤེས་པའི་གཏམ་ཡང་ལྡོག་པར་
འགྱུར་རོ་ཞེས་གསུངས་སོ། །གལ་ཏེ་དོན་ཤེས་པ་སྐྱེད་པ་ལ་མངོན་དུ་ཕྱོགས་པས་ཚོགས་པ་ནང་གི་སྒྲའི་འདུ་བྱེད་བག་ཆགས་སད་པར་བྱེད་པ་དེས་ན་སྒྲ་དྲན་པ་མ་ཡིན་ཏེ། དེ་ལྟ་ན་དོན་ལས་སྒྲ་སྐྱེ་བར་འགྱུར་ལ་དེ་ལྟ་ན་ནི་དོན་དང་སྒྲ་དག་གི་འབྲེལ་པ་དངོས་པོའི་དབང་གིས་གནས་པར་འགྱུར་ན་དེ་ནི་མེད་དོ། །
ཅིའི་ཕྱིར་ཞེ་ན། བརྡ་མ་བསྟན་པ་ལ་འབྲེལ་པ་དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བརྡ་ཁོ་ནའི་རྗེས་སུ་འགྲོ་བའི་ཕྱིར་དོན་གྱིས་བསྐྱེད་པ་ནི་མེད་དོ། །གལ་ཏེ་དོན་དང་བརྡ་གཉིས་ལ་བརྟེན་ནས་དངོས་པོར་འགྱུར་བའི་འབྲེལ་བ་སྐྱེའོ་ཞེ་ན། བརྡ་ནི་འདོད་པས་འཇུག་པའི་ཕྱིར་ལ། སྐྱེས་བུའི་འདོད་
เล่ม ๑๘๗ · หน้า 188b
པས་ནི་དོན་རྣམས་ནི་གཞན་དུ་མི་འགྱུར་བའི་ཕྱིར། དོན་གྱི་རང་བཞིན་དུ་འབྲེལ་པ་འདོད་པས་ཞུགས་པའི་བརྡའི་དུས་ན་སྐྱེས་པའི་རང་བཞིན་མེད་དོ། །གལ་ཏེ་སྐྱེས་བུའི་འདོད་པས་དོན་རྣམས་གཞན་དུ་འགྱུར་ཏེ། དོན་གྱི་རང་བཞིན་གྱི་འབྲེལ་པ་སྐྱེ་ན་ནི་དོན་དེ་ཉིད་དུ་འགྱུར་བས་ན་བརྡ་མ་བསྟན་པའི་སྐྱེས་བུ་
གཞན་ལ་ཡང་དེའི་མིང་གིས་འཛིན་པར་འགྱུར་ཏེ། དུ་བ་ལས་མེ་བཞིན་ནོ། །གལ་ཏེ་འབྲེལ་པ་དེ་སྐྱེས་བུའི་དབང་གིས་ཐ་དད་དེ་དེས་ན་སྐྱེས་བུ་མ་བསྟན་པས་རྟོགས་པར་མི་འགྱུར་རོ་ཞེ་ན། སྐྱེས་བུ་སོ་སོས་འབྲེལ་བའི་དོན་རྣམས་བདག་ཉིད་ཐ་དད་པར་འགྱུར་བ་ནི་མེད་དེ། འབྲེལ་པ་དེའི་བདག་
ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་བདག་ཉིད་ཀྱི་རང་བཞིན་དུ་གནས་པ་མེད་པའི་ཕྱིར་རོ། །དབང་པོའི་འདིས་སོ། །སྒྲའི་སྒོ་ནས་རྟོགས་པ་མེད་ཀྱང་དོན་ཉེ་བའི་དབང་གིས་མཐོང་བ་སྟེ། དེར་སྣང་བའི་ཕྱིར་རོ། །ཡང་ན་རིགས་པ་དུ་མ་བསྟན་པ་དེ་དག་ནི་གཞན་གྱི་ལུགས་བརྟགས་
པས། རྗེས་སུ་དཔག་པས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་བསྟན་པ་སྟེ། ད་ནི་དབང་པོའི་བློ་རྟོགས་པས་སྟོང་པ་ཉིད་དུ་མངོན་སུམ་གྱིས་གྲུབ་པའི་ཞེས་བསྟན་པའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་བརྗོད་པའི་བསམ་པ་ཐམས་ཅད་ཡོངས་སུ་སྤངས་
ཏེ། གང་བློ་རྟོགས་པས་མ་བསྐྱོད་པའི་བདག་ཉིད་བརྟན་པར་གནས་པའི་སྐྱེས་བུས་ཀྱང་མིག་གིས་གཟུགས་ཤེས་པའི་བདག་ཉིད་དམིགས་ཏེ། དེ་ནི་དབང་པོ་ལས་སྐྱེས་པའི་བློ་མངོན་པར་བརྗོད་པ་མེད་པར་འདོད་དོ། །གལ་ཏེ་རྟོག་པ་སྐྱེ་བ་དང་འགག་པ་དག་བལྟར་མི་རུང་བས་ན་མི་
རྟོགས་པའི་ཕྱིར་མེད་པ་ཉིད་མི་འགྲུབ་པོ་ཞེ་ན། རྟོག་པ་འདིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་སྐྱེས་བུ་བསམ་པ་སྤངས་ཏེ་གནས་པ་ལ། ཡང་རྣམ་པར་རྟོག་པ་བྱུང་བ་ན་འདི་སྙམ་དུ། ཡང་བདག་རྣམ་རྟོག་ཅུང་ཟད་ཅིག །རྟོག་པ་བྱུང་བར་འགྱུར་མཐོང་ངོ་། །ཞེས་བྱར་
རྟོགས་ཀྱི། སྔར་སྨོས་པ་བསམ་པ་ཡོངས་སུ་སྤངས་པའི་གནས་སྐབས་ན་དབང་པོའི་ཤེས་པ་ཡོད་པ་ལ་མི་རྟོགས་པ་ཕྱིས་བྱུང་བ་ཇི་ལྟ་བ་དེ་ལྟ་བུ་ཡོད་པར་རྟོགས་པ་ཡིན་ནོ། །སྐྱེས་བུ་དེ་ཡང་བསམ་པ་ཐམས་ཅད་ཡོངས་སུ་སྤངས་པ་ལས་ལངས་པའི་སེམས་ཀྱིས་ཅུང་ཟད་རྣམ་
เล่ม ๑๘๗ · หน้า 189a
པར་རྟོག་པའི་སྐྱེས་བུ་དེ་རང་གི་སེམས་ཀྱི་རྒྱུད་ལ་འདི་སྙམ་དུ་བདག་ལ་འདི་ལྟ་འདི་ལྟར་རྣམ་པར་རྟོག་པ་བྱུང་ངོ་ཞེས་རྟོགས་པའི་ཕྱིར་ཏེ། དེས་ན་རྟོག་པ་འདི་མངོན་སུམ་དུ་གྱུར་པ་མཐོང་བ་ལ་ཇི་ལྟར་ན་ཉེ་བར་བཀོད་པའི་རྟོག་པ་ངོ་མི་ཤེས་ཞེས་བྱ་སྟེ་ངོ་ཤེས་པ་ཉིད་དོ། །
དེ་ལྟར་རྟོག་པས་སྟོང་པའི་ཤེས་པ་དང་། ཡང་རྟོག་པ་དག་རང་རིག་པ་བལྟར་རུང་བ་དེ་ནི་རྣམ་པར་རྟོག་པ་དང་མ་འདྲེས་པའི་མངོན་སུམ་སྔར་མ་མཐོང་བའི་བདག་ཉིད་ལ། ཕྱིས་མཐོང་བའི་བདག་ཉིད་ཀྱི་རྟོག་པའི་བདག་ཉིད་མེད་པར་གྲུབ་པས་ན། རྟོག་པ་མངོན་སུམ་དེའི་བདག་ཉིད་ཡིན་པར་
བརྟག་པ་འགོག་པར་བྱེད་དེ། བུམ་པ་སྣང་བའི་བདག་ཉིད་ལ་འདྲེ་སྣང་བའི་བདག་ཉིད་འགོག་པ་བཞིན་ནོ། །ཡང་ཕྱིས་མཐོང་བའི་བདག་ཉིད་ཀྱི་རྟོག་པ་མངོན་སུམ་སྔར་མཐོང་བ་ལ་བརྟེན་པར་མཐོང་བས་ནི། རྟོག་པ་དང་ལྡན་པ་འགོག་པའི་སྣང་བ་མི་དམིགས་པ་དབང་པོའི་ཤེས་པ་ལ་
རྣམ་པར་རྟོག་པ་ཡོད་པར་བརྟགས་པ་སྤོང་བར་བྱེད་དེ། ས་ཕྱོགས་ལ་བུམ་པ་འགོག་པ་བཞིན་ནོ། །གཞོན་ནུ་མ་ལེན་ན་རེ། གལ་ཏེ་བློ་མངོན་སུམ་མ་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པས། རྟོག་པ་མངོན་སུམ་ཡིན་ཡང་བློ་མངོན་སུམ་མ་ཡིན་པས་ན་ཡུལ་བལྟར་མི་རུང་བའི་ཕྱིར། དབང་
པོའི་ཤེས་པ་རྟོག་པ་མེད་པར་ཁས་ལེན་པས་མི་དམིགས་པར་གནོད་པར་མི་འགྱུར་རོ་ཞེས་ཟེར་བ་དགག་པའི་ཕྱིར་ཕྱོགས་སྔ་མ་བཀོད་པའོ། །ལན་སྦྱིན་པ་ནི་དེ་ཡང་རེ་ཞིག་བལྟར་རུང་བས་ན་ཡང་དག་པར་རིགས་པའི་རྟོག་པ་འདི་ཕན་ཚུན་སྤངས་ནས་གནས་པའི་ཕྱིར། དོན་དང་བློ་དག་
ལས་གཞན་པ་མི་སྲིད་པས་དོན་དང་བློ་གང་གིས་བདག་ཉིད་དུ་གཞག་པར་བྱ་ཞེས་རྣམ་པར་རྟོག་པ་གཉིས་སོ། །དེ་ལ་དོན་གྱི་བདག་ཉིད་དུ་མི་རིགས་ཏེ། ནང་སེམས་ཀྱི་བདག་ཉིད་དུ་སྐྱེ་བ་དང་འགག་པ་གཡོ་བའི་ཕྱིར་དང་། ཡང་དོན་གྱི་བདག་ཉིད་དུ་གྱུར་པ་ན་སྐྱེས་བུའི་འདོད་པའི་དབང་
གིས་ཏེ། རྟོག་པ་ནི་སྐྱེས་བུའི་འདོད་པས་འཇུག་པ་དང་། ལྡོག་པ་ཅན་ཡིན་པར་འདོད་པས་ཕྱི་རོལ་གྱི་དོན་སྐྱེ་བ་དང་། འགག་པར་ཡོངས་སུ་གཡོ་བ་ཉིད་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་རྟོག་པའི་དབང་གི་བློ་གཡོ་བར་འགྱུར་གྱི་དོན་ནི་མ་ཡིན་ནོ། །བློ་ལ་ནི་རྣམ་པར་
เล่ม ๑๘๗ · หน้า 189b
འགྱུར་བ་ཡོད་མོད་ཀྱི་ཞེས་བྱ་བས་འདོད་པས་འགྱུར་བའི་རྟོག་པ་ཡོད་པར་རུང་ཡང་ངོ་། །བློ་དེ་ཡང་རིག་པའི་མངོན་སུམ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་འཇུག་ཀྱང་གསལ་བར་མི་འགྱུར་ཏེ་རྟོགས་པར་མི་འགྱུར་རོ། །རྟོག་པ་དེ་དོན་གྱི་བདག་ཉིད་སྣང་བའི་དབང་གིས་དོན་ཉིད་སྐྱེ་བ་དང་། འཇིག་
པ་དེ་ལྟར་འཇུག་པ་གསལ་བ་ཡང་མ་ཡིན་ཏེ། དོན་གྱི་བདག་ཉིད་དུ་འདུས་པ་སུན་ཕྱུང་ཟིན་པའི་ཕྱིར་རོ། །དོན་དང་བློ་དག་ལས་གཞན་པའི་ཕུང་པོ་ཡང་ཡོད་པ་མ་ཡིན་པའི་ཕྱིར། གཞན་ཅུང་ཟད་དང་རྗེས་སུ་འབྲེལ་པས་ཀྱང་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྗེས་སུ་གཟུང་བ་ནི་
ཕན་པའོ། །ཉེ་བར་གནོད་པ་ནི་གནོད་པར་བྱེད་པའོ། །བདག་ཉིད་ཀྱིས་མ་མྱོང་བའི་ཕྱིར་སྐྱེས་བུ་གཞན་གྱིས་ཡང་དག་པར་མྱོང་བས། བདག་ལ་རྗེས་སུ་གཟུང་བ་དང་ཉེ་བར་གནོད་པར་མི་འགྱུར་བ་བཞིན་ནོ། །གང་ཡང་མངོན་སུམ་གྱིས་རང་གི་བློ་རྣམ་པར་མི་རྟོགས་ན་སྐྱེས་བུས་བདག་རང་
ཡང་ཇི་ལྟར་བདག་ཉིད་ཀྱིས་རྟོགས་པར་འགྱུར། བླུན་པོ་ནི་བཞད་གད་དུ་བྱ་བ་ཡིན་པའི་ཕྱིར་ལྷ་རྣམས་དགའ་བའོ། །དབང་པོ་དང་དོན་དག་ལས་བློ་ཡོད་པར་མི་འཁྲུལ་ན་རྟགས་ཉིད་ཡིན་མོད་ཀྱི། མི་འཁྲུལ་བ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བློའི་རྟགས་ཉིད་ཡིན་ནོ་ཞེ་ན། དེ་
ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་བྱེ་བྲག་པ་དག་རྣམ་པར་ཤེས་པ་ཉིད་མ་ཡིན་གྱི། རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་ཏེ། དེའི་དབང་གིས་རྣམ་པར་ཤེས་པ་ཡུལ་གཞན་མི་འཛིན་པ་ཡིན་ནོ་ཞེ་ན། དེ་གསལ་བའི་ཕྱིར་དེའི་བྱ་བ་གསུངས་ཏེ། ཡིད་དེའི་ཡུལ་གཞན་ལ་རྣམ་
པར་ཤེས་པའི་སྐྱེད་པ་ནུས་པས་ཤིན་ཏུ་སྟོང་པར་འགྱུར་ན། རྣམ་པར་ཤེས་པ་གཞན་ཡུལ་ལ་མི་སྐྱེད་པའི་ཕྱིར་ལ། དེ་ལྟ་བུའི་རྣམ་པར་ཤེས་པ་དེ་ཡང་བློའི་རང་བཞིན་ཡིན་པའི་ཕྱིར་མ་གྲུབ་པོ། །གལ་ཏེ་ཡུལ་གསལ་བ་བློའི་རྟགས་ཡིན་ནོ་ཞེ་ན། བློ་དེའི་བྱེ་བྲག་གསལ་བ་ཉིད་ཀྱང་ཁྱོད་
ལ་མ་གྲུབ་པ་ཉིད་དོ། །ཡུལ་གསལ་བ་དོན་གྱི་རང་བཞིན་ཉིད་ཡིན་ན་དོན་གྱི་བདག་ཉིད་ཀྱང་རང་དང་གཞན་གྱི་ཐུན་མོང་བ་ཉིད་ཡིན་པའི་ཕྱིར་གཞན་གྱི་བློ་ཡང་དཔག་པར་ཐལ་བར་འགྱུར་རོ། །འདི་ལ་དོན་ཐམས་ཅད་ཀྱིས་རྟོགས་པར་ཡང་ཐལ་བར་འགྱུར་ཏེ། རྒྱང་པན་པ་ལ་དཔྱད་པ་ཉིད་ཀྱིས་
เล่ม ๑๘๗ · หน้า 190a
རྟོགས་པར་རུང་བའི་ཕྱིར་འདིར་མ་གསུངས་པར་ཤེས་པར་བྱའོ། །གལ་ཏེ་གསལ་བ་ཡུལ་གྱི་རང་བཞིན་ཡིན་པར་ཁས་བླངས་ནས་རྟགས་གྲུབ་ཏུ་ཆུག་ཀྱང་། བློ་ནམ་ཡང་མ་གྲུབ་པ་དང་འབྲེལ་བ་གཟུང་བ་མེད་པའི་ཕྱིར་རྗེས་སུ་མི་དཔོགས་སོ། །དེ་ལྟར་བློ་མངོན་སུམ་མ་
ཡིན་པ་ཉིད་མི་རིགས་པ་དེའི་ཕྱིར་མངོན་སུམ་ཉིད་དུ་རང་རིག་པས་གྲུབ་པ་དེ་ལ་རྟོག་པས་སྟོང་པར་མངོན་སུམ་མམ་སྣང་བ་མི་དམིགས་པས་གྲུབ་པས་ན། མངོན་སུམ་ཐམས་ཅད་ནི་མངོན་པར་བརྗོད་པ་དང་འདྲེས་པ་མེད་པ་ཁོ་ནས་དོན་རྟོགས་སོ་ཞེས་བརྗོད་དོ། །གཞན་ཡང་དབང་པོའི་བྱེད་པ་
མེད་པ་སྟེ། དབང་པོའི་ཤེས་པ་མེད་ན་སྒྲ་འབའ་ཞིག་ལས་དོན་རྟོགས་པ་ནི། དབང་པོའི་ཤེས་པས་དོན་གསལ་བ་ཉིད་དང་། དོན་བྱེད་པ་ཉིད་ཇི་ལྟ་བར་སྒྲའི་དོན་སྒྲའི་བློ་ལ་སོ་སོར་མི་སྣང་བའི་ཕྱིར། དབང་པོའི་ཤེས་པའི་ཡུལ་དེ་ནི་བརྗོད་མེད་རྟོགས་པའོ། །གསལ་བ་དང་དོན་བྱེད་པ་
ཉིད་དེ་མངོན་སུམ་མངོན་པར་བརྗོད་པ་མེད་པའི་ཡུལ་ཡིན་ཏེ། དབང་པོའི་བྱེད་པ་མེད་ན་དབང་པོའི་ཤེས་པས་མཐོང་བ་ལྟར་སྒྲས་བློ་ལ་སོ་སོར་སྣང་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་སྒྲ་དང་དབང་པོའི་ཤེས་པའི་ཡུལ་མཚན་ཉིད་མི་འདྲ་བ་ཉིད་དུ་གྲུབ་པའི་ཕྱིར། གང་སྒྲའི་དོན་མ་ཡིན་པ་
དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རོའི་བློས་དྲི་བཞིན་ཞེས་བྱ་བ་ནི་མཐུན་པའི་དཔེའོ། །མིག་གིས་བློས་གཟུགས་བཞིན་ཞེས་བྱ་བས་ནི་མི་མཐུན་པའོ། །རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པ་དེའི་ཕྱིར་རྣམ་པར་འཇོག་པར་ནུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
གཞན་ཡང་དོན་རྟོགས་པར་བྱ་བའི་ཕྱིར་སྒྲ་སྦྱོར་བ་ཞེས་བྱ་བའི་དོན་ལ་ཐ་སྙད་དུ་བྱ་བའི་ཕྱིར་རོ། །དབང་པོའི་དོན་ནི་བརྡའི་རྒྱུས་སྒྲས་འབྲེལ་པའི་དོན་ཕྱིས་མཐོང་བའི་དུས་ན་བརྡ་དང་རྗེས་སུ་མཐུན་པར་ཐ་སྙད་དུ་བྱེད་པའི་རྟོག་པའི་རྗེས་སུ་འགྲོ་བར་བྱེད་པ་མ་ཡིན་ཏེ། དབང་པོའི་ཤེས་པ་ཉིད་དང་
དོན་ལྷན་ཅིག་འགག་པའི་ཕྱིར་རོ། །དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་དེ་འདི་ལྟར་ཞེས་པ་གསུངས་ཏེ། དབང་པོའི་དོན་དེའི་རང་གི་མཚན་ཉིད་ནི་རིགས་འདྲ་བ་དང་མི་འདྲ་བ་ཐམས་ཅད་ལས་ཐ་དད་པའི་ཕྱིར། ཡུལ་དང་ལྷན་ཅིག་ཏུ་མཐོང་བའི་དངོས་པོའི་སྐད་ཅིག་མ་ནི། འགར་ཡང་གཞན་དུ་མི་
เล่ม ๑๘๗ · หน้า 190b
མཐོང་བའི་ཕྱིར་རོ། །མངོན་སུམ་གྱི་དོན་རྣམས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་གསལ་བ་ལས་ཐ་དད་པར་འགྱུར་བའམ། གཞན་པ་ཐ་མི་དད་པ་སྤྱི་ནི་མེད་དེ་དེ་ལྟར་འཛིན་པའི་བློའི་བྱེ་བྲག་མེད་པའི་ཕྱིར་རོ། །སྤྱི་གང་ལ་སྒྲ་འཇུག་པ་གསལ་བ་ལས་ཐ་དད་པའོ། །འདིས་ནི་སྣང་བ་མི་དམིགས་པ་
འཕངས་སོ། །ཉེ་བར་མི་མཚོན་པ་ནི་ངེས་པར་མི་ནུས་པའོ། །བ་ལང་བ་ལང་ཞེས་གཅིག་ཏུ་འཛིན་པའི་བློ་དང་སྒྲ་སྤྱི་ལ་ཞུགས་ནས་བརྡར་བྱས་པའི་བློ་དང་སྒྲ་དེ་གཞན་གསལ་བ་ལ་འཇུག་པ་ཉིད་ཡིན་ན། སྤྱི་མ་རྟོགས་ན་ནི་གསལ་བ་སྤྱིའི་བློ་དང་སྒྲས་མི་མཚོན་པར་འགྱུར་ན། ཁྱེད་ཀྱི་ལུགས་
ཀྱིས་སྤྱི་དེ་ལས་གསལ་བ་མི་མཚོན་པ་མིན་ནོ། །སྤྱིའི་བློ་དང་སྒྲའི་རྗེས་སུ་འགྲོ་བ་དང་མི་ལྡན་པ་སྟེ། སྤྱི་མེད་པའི་བྱེ་བྲག་གསལ་བ་འདི་སྤྱི་མཐོང་བའི་སྟོབས་ཀྱིས་གསལ་བ་ཡང་བརྡའི་དུས་ཀྱི་རང་བཞིན་ཐ་སྙད་ཀྱི་དུས་ཀྱི་ཚེ་ཡང་ཡོད་པར་རྟོགས་པས་སྤྱིས་གསལ་བ་ལ་བློ་དང་སྒྲས་ཡུལ་དུ་བྱེད་པའི་ཕྱིར་ཇི་ལྟར་མི་
མཚོན་ཞེས་བྱ། དེ་ཉིད་ཀྱི་ཕྱིར་གང་ལས་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱི་སོ་སོར་སྣང་ན་ཡང་མི་གསལ་བ་ལས་ཐ་དད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པས་སོ། །ཡང་ན་སོ་སོར་སྣང་ན་ཡང་ཞེས་བྱ་བ་ནི་སྤྱི་དབང་པོ་ལ་སོ་སོར་སྣང་ན་ཡང་དབང་པོ་ལ་སྣང་བ་དག་ལ་འདྲེས་པ་མེད་པར་སྣང་བས་རྗེས་སུ་འགྲོ་
བ་མེད་པའི་ཕྱིར་རོ། །སྔོན་བུམ་པས་ཆུ་འཛིན་པའི་འབྲས་བུ་བྱེད་པ་དེ་མཐོང་བའི་བུམ་པ་དེ་ཕྱིས་མཐོང་བ་རྣམས་ལ། མཐོང་བ་སྔ་མས་དྲན་པའི་ས་བོན་བཞག་ཅིང་མཐོང་བ་ཕྱི་མས་བག་ཆགས་དེ་ཉིད་སད་པར་བྱེད་པས་མྱོང་བའི་མཐུ་ལས་བྱུང་བའི་དྲན་པ་འདིས་ཆུ་འཛིན་པའོ་སྙམ་པ་ལས་དེ་
དོན་དུ་གཉེར་བའི་མངོན་པར་འདོད་པ་སྐྱེས་པའི་ཚུལ་གྱིས་ཐ་སྙད་རབ་ཏུ་འཇུག་པར་འགྱུར་རོ། །མངོན་སུམ་དོན་ལ་ལྟ་བ་ཙམ་ཡིན་ཡང་དོན་བྱེད་པ་ཉམས་སུ་མྱོང་བ་ལས་བྱུང་བའི་བག་ཆགས་ཀྱི་མཐུ་ལས་བྱུང་བའི་དྲན་པས་ཕྱིས་དོན་བྱེད་པ་སྔ་མ་དང་འདྲ་བ་གཞན་ཉམས་སུ་མྱོང་བ་སྔོན་གྱི་དེ་ཉིད་
འདིའོ་ཞེས་ཉམས་སུ་མྱོང་བ་དག་མཚམས་སྦྱོར་བར་བྱེད་པ་ན་དོན་མེད་པ་སྔར་མཐོང་བ་དེ་ཉིད་དེ་དེ་དང་རིགས་མཐུན་པ་མཐོང་བ་ན་དེ་དག་གཅིག་ཏུ་བྱས་ནས་མངོན་པར་འདོད་པ་དང་། ཅིག་ཤོས་མི་འདོད་པ་འབྱུང་ལ། དེ་ལས་ནི་འཐོབ་པ་དང་སྤོང་བའི་ཐ་སྙད་དག་འཇུག་པར་འགྱུར་རོ། །
เล่ม ๑๘๗ · หน้า 191a
འདིའི་ནུས་པ་འཇུག་པ་ཞེས་བྱ་བ་ནི་དྲན་པའོ། །དྲན་པ་ལས་ནི་མངོན་པར་འདོད་པ་དང་ཅིག་ཤོས་ཀྱི་ནུས་པ་ཡང་འཐོབ་པས་དེ་དག་ཀྱང་སྐྱེའོ། །དེ་ལས་ནི་བླང་བ་དང་དོར་བ་ལ་འཇུག་གོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་བས་ནི་རྒྱུད་གཅིག་གིས་དབང་པོའི་ཤེས་པ་དང་།
ཡིད་ཀྱི་ཤེས་པ་ཉིད་འབྲེལ་བར་བསྟན་ཏེ། གཞན་དུ་རྣལ་འབྱོར་པ་རྒྱུད་གཞན་དང་འབྲེལ་བའི་དབང་པོའི་ཤེས་པ་ལ་དམིགས་པའི་ཡིད་ཀྱི་དབང་པོས་ནི་དམིགས་པའི་རྐྱེན་བྱས་པ་ཡང་དབང་པོའི་ཤེས་པས་སྐྱེད་པ་ཡིན་པས་སོ། །དབང་པོའི་ཤེས་པ་རང་གི་ཡུལ་གྱི་དེ་མ་ཐག་པ་སྟེ། དེའི་བར་མེད་
པའི་ཡུལ་གྱི་སྐད་ཅིག་མའོ། །དེ་དང་དབང་པོའི་ཤེས་པ་ལྷན་ཅིག་བྱེད་པས་སོ། །རྣམ་པར་ཤེས་པ་སྨྲ་བ་དག་དོན་དང་དེ་ཤེས་པ་དག་དུས་མཉམ་པར་འདོད་པས་དབང་པོའི་ཤེས་པའི་ཡུལ་ནི་དེ་ཉིད་དང་དུས་མཉམ་པ་ལ་ཡོད་ལ་དེའི་དེ་མ་ཐག་པའི་ཡུལ་ནི་དེ་ཉིད་དུས་ཕྱིས་ཡིན་པས་ན་ཡིད་རང་གི་
ཤེས་པ་དང་དུས་གཅིག་ན་ཡོད་པ་ཡིན་གྱི་ཡུལ་དེ་དབང་པོའི་ཤེས་པ་དང་བྱེད་པའི་དུས་མི་མཚུངས་པས་སོ། །དབང་པོའི་ཤེས་པ་དང་དེའི་ཡུལ་གྱི་དེ་མ་ཐག་པའི་ཡུལ་གཉི་ག་ཡང་དུས་མཚུངས་པ་སྟེ། དབང་པོའི་ཤེས་པའི་དུས་ན་རང་གི་ཡུལ་ནི་མེད་དེ་རྒྱུ་ཡིན་པའི་ཕྱིར་འདས་པས་སོ། །དེས་
ན་དབང་པོའི་ཤེས་པ་རང་དང་དུས་གཅིག་པ་དེ་ནི་སྐད་ཅིག་གཉིས་པའི་ཡིད་ཀྱི་ཡུལ་ཡིན་ཏེ། དེའི་ཕྱིར་ལྷན་ཅིག་བྱེད་པ་ཉིད་དོ། །གཞན་དུ་རྒྱུ་ཡུལ་དང་འབྲས་བུ་ཤེས་པ་དག་དུས་མཉམ་ན་ནི། རྒྱུ་དང་འབྲས་བུ་ཉིད་མེད་པས་ན་སྔ་ན་ནི་ནུས་པ་མེད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
གལ་ཏེ་དབང་པོའི་ཤེས་པའི་ཡུལ་གྱི་དེ་མ་ཐག་པ་འཛིན་ན། བཟུང་ཟིན་པ་འཛིན་པར་འགྱུར་རོ་ཞེ་ན། འདི་ཚད་མ་སྔ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅད་པའི་ཡུལ་ཅན་ཚད་མ་ཡིན་ན་དྲན་པ་ཡང་ཚད་མ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །དེ་ཉིད་ཇི་ལྟ་ཞེ་ན། མཐོང་བའི་འདུ་
བྱེད་མ་བརྗེད་པ། །ཞེས་གསུངས་ཏེ། དྲན་པ་དེ་ལས་ཁྱད་པར་མེད་པའི་ཕྱིར་རོ། །དྲན་པ་དང་འདྲ་བའི་ཉིད་ན་ཡང་ཚད་མར་མི་རུང་བར་བསྟན་པའི་ཕྱིར་བྱ་བའི་ལས་བྱས་ཟིན་པ་ལས་ཞེས་བྱ་བ་སྨོས་ཏེ། ཤེས་པས་རྟོགས་ཟིན་པ་ལ་ཤེས་པ་གཞན་གྱིས་བསྒྲུབ་པར་བྱ་བ་མེད་
เล่ม ๑๘๗ · หน้า 191b
པའི་ཕྱིར་ཕྱི་མ་ནི་སྒྲུབ་པར་བྱེད་པ་སྟེ། མ་རྟོགས་པ་རྟོགས་པར་བྱེད་པ་ཡིན་ནོ། །གལ་ཏེ་དོན་རྣམས་ནི་རྟག་པ་ཡིན་པའི་ཕྱིར་སྔ་མ་ཉིད་དབང་པོའི་ཤེས་པས་གཟུང་བ་ཡིད་ཀྱིས་ཀྱང་གཟུང་བའི་ཕྱིར་ཡིད་ནི་ཚད་མ་ཉིད་མ་ཡིན་ནོ་ཞེ་ན། དེ་གསལ་བར་དོན་དེ་ཉིད་རྒྱུར་གྱུར་པའི་བློ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་དབང་པོ་དང་། ཡིད་ཀྱི་ཤེས་པ་དག་རིམ་གྱིས་འབྱུང་བར་ཡང་འགལ་ལོ། །གལ་ཏེ་ལྷན་ཅིག་བྱེད་པའི་བྱེ་བྲག་གིས་རིམ་གྱིས་འབྱུང་ངོ་ཞེ་ན། དོན་རྟོགས་པ་བཅོས་སུ་མེད་པ་ལ་གཞན་ལ་ལྟོས་པར་ཡང་མི་རིགས་པའི་ཕྱིར་རོ། །གལ་ཏེ་
བྱ་བ་ཤེས་པ་ཐ་དད་པས་རིམ་གྱིས་འབྱུང་ངོ་ཞེ་ན། བྱ་བ་ཐ་དད་པ་ཉིད་ཡིན་ན་ཡང་དེའི་བྱེད་པ་ཡང་གཞན་དུ་འགྱུར་བ་རྟག་པ་ཉིད་ཉམས་པར་འགྱུར་རོ། །དེ་ལྟར་རྟག་པ་མི་འཐད་པས་ན་དོན་རྣམས་ནི་སྐད་ཅིག་མ་ཉིད་མ་ཡིན་པས་འདས་པ་མེད་པས་ནི་ཡིད་དོན་ཉེ་བ་ལ་ལྟོས་པས་གཟུང་བ་
མ་ཡིན་ནོ། །དེ་ལྟར་ན་བྱ་བ་གཅིག་ལ་གྲུབ་པ་དང་། བདེ་བ་གཅིག་པོའི་ཤེས་པ་དག་ཀྱང་སོ་སོར་སྐད་ཅིག་གི་བྱེ་བྲག་གིས་ཚད་མར་འགྱུར་ན་དེ་ནི་མི་འདོད་དོ་ཞེ་ན། དེ་ནི་ཐ་སྙད་ཀྱི་དབང་གིས་ཚད་མ་རྣམ་པར་གཞག་པ་ཡིན་པས་དོན་གཅིག་བྱེད་པའི་ཕྱིར་ཚད་མ་གཅིག་ཉིད་དོ། །གལ་ཏེ་དེ་
ལྟ་ན་ཡིད་ཀྱང་དབང་པོའི་ཤེས་པ་དང་། དོན་གཅིག་བྱེད་པའི་ཡུལ་ཅན་དུ་འགྱུར་རོ་ཞེ་ན། འདི་ནི་རྣལ་འབྱོར་པ་སྐད་ཅིག་མས་ཐ་སྙད་དུ་བྱེད་པའི་དབང་དུ་བྱ་བ་ཡིན་པས། སྐད་ཅིག་རྣམས་དོན་དམ་པར་འབྲས་བུ་ཐ་དད་པའི་ཕྱིར་ཡིད་ནི་སྐད་ཅིག་སོ་སོ་ནས་ཚད་མ་ཉིད་ཡིན་ནོ། །གལ་ཏེ་སྐད་
ཅིག་ལ་ཕྲད་པ་མེད་པའི་ཕྱིར་ཚད་མར་མི་འགྱུར་རོ་ཞེ་ན། རང་གི་ཡུལ་ལ་ཚད་མ་གཞན་གྱིས་གནོད་པར་མི་བྱེད་པ་ཉིད་འདིའི་མི་སླུ་བ་ཡིན་ནོ། །ཡང་ན་མ་རྟོགས་པའི་དོན་གསལ་བར་བྱེད་པ་ཉིད་ཚད་མ་ཡིན་ལ་འདིས་ཀྱང་དོན་བྱེད་ནུས་པའི་དངོས་པོ་མ་རྟོགས་པ་རྟོགས་པ་ཉིད་ཡིན་པའི་ཕྱིར།
ཚད་མའི་བདག་ཉིད་དོན་དམ་པར་ཐོབ་པ་ཉིད་དོ། །ཡིད་འདི་ཡང་དབང་པོའི་ཤེས་པ་རྣམས་འགགས་པའི་ཚེ་ཚད་མ་ཉིད་ཡིན་ནོ། །དོན་དམ་པར་སྐད་ཅིག་རྣམས་ཐ་དད་པའི་ཕྱིར་དབང་པོའི་ཤེས་པ་ལས་གཞན་པའི་བདག་ཉིད་ཀྱི་སྐད་ཅིག་གི་མཚན་ཉིད་ཀྱིས་དམིགས་པའི་རྐྱེན་གྱིས་
เล่ม ๑๘๗ · หน้า 192a
བསྐྱེད་པའི་ཡིད་ཀྱིས་ནི་དོན་གཞན་ཁོ་ན་རྟོགས་སོ། །བརྡ་ནི་དོན་གཞན་སྒྲ་ལས་ཐ་དད་པ་དང་སྒྲ་དག་སྦྱོར་བར་བྱེད་ན། རང་ལས་གཞན་པའི་ཡུལ་ཅུང་ཟད་ཀྱང་མི་དམིགས་པས་བརྡ་སྦྱོར་བར་ནུས་པ་མ་ཡིན་ནོ། །གལ་ཏེ་རང་རིག་པ་མ་འོངས་པའི་སྒྲའི་ཡུལ་དུ་
བྱེད་དོ་ཞེ་ན། བདེ་བ་ལ་སོགས་པ་རང་གི་མཚན་ཉིད་སོ་སོར་ངེས་པའི་བདག་ཉིད་མ་སྐྱེས་པ་རྣམས་ཡུལ་དུ་བྱ་སྟེ་ཡང་དག་པར་མྱོང་བ་ནི་མེད་དེ། རང་མྱོང་བ་དེ་སྐྱེས་པ་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་ཡིན་པའི་ཕྱིར་དེ་ཡང་མེད་དོ། །དེ་ལྟར་རང་ཉིད་ལས་གཞན་ཅུང་ཟད་ཀྱང་མི་
རྟོགས་པ་དེ་འདི་རང་ཉིད་མངོན་པར་བརྗོད་པ་དང་སྦྱོར་བར་བྱེད་པ་མ་ཡིན་ཏེ། ཆ་ཤས་སུ་རྟོག་པ་མེད་པས་བདག་ཉིད་ལ་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་རྣམ་པ་དེ་ལྟ་བུ་འཇུག་པ་འགལ་བའི་ཕྱིར་རོ། །གལ་ཏེ་བརྡ་སྦྱོར་བ་མེད་ཀྱང་བརྡ་ལས་བྱུང་བའི་སྒྲས་དམིགས་སོ་ཞེ་ན། རང་རིག་
པ་དེས་རང་དེའི་བདག་རང་གི་མཚན་ཉིད་སྔར་མ་མཐོང་བའི་ཕྱིར་ལ། བརྡ་ལས་བྱུང་བའི་སྒྲས་ནི་སྔོན་གྱི་དེ་འདིའོ་ཞེས་སྔ་མ་མཐོང་བ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་ཉིད་ལ་སྒྲ་གདོད་སྦྱོར་ཞེ་ན། མངོན་པར་བརྗོད་པར་གཟོ་བ་ན་གཟོ་དེ་ཉིད་ཡིན་པའི་ཕྱིར་སྦྱོར་བའི་དུས་ན་ཡུལ་མི་སྲིད་པའི་
ཕྱིར་རོ། །གལ་ཏེ་ཤེས་པ་ཕྱི་མས་སོ་ཞེ་ན། རང་རིག་པ་ཡིན་པའི་ཕྱིར་གཞན་གྱིས་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔ་མ་རང་གི་མཚན་ཉིད་དེ་ཐ་སྙད་ཀྱི་དུས་ན་ཡང་འབྱུང་བ་མེད་པའི་ཕྱིར་བརྡ་དོན་མེད་པ་ཡང་ཡིན་ནོ། །གཞན་དག་ནི་བྱེ་བྲག་པའོ། །དོན་གཅིག་ནི་བདག་
ཉིད་གཅིག་ལའོ། །འདུ་བ་ཤེས་པ་དང་བདེ་བ་ལ་སོགས་པ་འབྲེལ་བའི་ཤེས་པས་ཏེ་བདག་གཅིག་གིས་སོ། །ཤེས་པ་དེས་བདེ་བ་ལ་སོགས་པ་མྱོང་བར་བྱ་བ་ཡིན་གྱི། བདེ་བ་ཉིད་ཀྱིས་མྱོང་བ་མ་ཡིན་ནོ། །རྣམ་ཤེས་རྒྱུ་ལས་གཞན་མིན་ཞེས་བྱ་བས་ནི། རྣམ་པར་ཤེས་པ་
ཉིད་ཀྱི་རྒྱུ་མཚུངས་པ་དེ་མ་ཐག་པ་དང་། དམིགས་པ་དང་དབང་པོ་ཞེས་བྱ་བ་དག་ཡིན་ལ། དེ་དག་ཁོ་ན་ལས་སྐྱེས་པ་བདེ་བ་ལ་སོགས་པ་ཅིའི་ཕྱིར་ཤེས་པ་མ་ཡིན་ཏེ། ཚོགས་པ་འདུ་བ་ལ་སྐྱེས་པའི་ཕྱིར་རོ། །འདིར་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུ་དག་མཚུངས་པའི་ཕྱིར་རོ་
เล่ม ๑๘๗ · หน้า 192b
ཞེས་བྱ་བའི་དོན་ཏོ། །གལ་ཏེ་བུད་ཤིང་གི་ཉེ་བར་ལན་པ་དང་དེའི་ལྷན་ཅིག་བྱེད་པ་གཅིག་ལས་ཐལ་བ་དང་དུ་བ་དག་མཚན་ཉིད་མི་འདྲ་བ་དག་སྣང་བའི་ཕྱིར་མ་ངེས་པ་ཉིད་དོ་ཞེ་ན། དེའི་སྐྱོན་མེད་དེ། དུ་བའི་ཉེ་བར་ལེན་པ་ནི་བུད་ཤིང་གི་ཆུའི་ཁམས་ཡིན་ལ། ཐལ་བ་ནི་སའི་ཁམས་སོ། །
གལ་ཏེ་བུད་ཤིང་གིས་ཐལ་བ་དང་། ཐལ་བ་མ་ཡིན་པ་ཤིང་གི་རང་བཞིན་དག་སྐྱེད་པར་བྱེད་པའི་ཕྱིར་འབྲས་བུ་རིགས་ཐ་དད་པ་ཡང་སྐྱེད་དོ་ཞེ་ན། གང་ཐལ་བ་སྐྱེད་པ་དེ་དག་གིས་ནི་ཐལ་བ་ཉིད་སྐྱེད་ཀྱི་ཤིང་མ་ཡིན་ནོ། །གང་ཡང་ཚོགས་པ་འདྲ་བ་ལས་ནི་འདྲ་བར་དཔག་གི་ཚོགས་པ་གཅིག་ལ་ནི་མི་
འདྲ་བ་ཚད་མས་གྲུབ་པའི་དོན་ཡིན་ནོ། །དེའི་ཕྱིར་མར་མེའི་ཚོགས་པ་ལས་རང་གི་རིགས་འདྲ་བ་དང་སྙིང་པོ་ཚིག་པ་དང་འོད་དང་སོར་མོ་ལ་སོགས་པ་སྲེག་པ་དང་མིག་གི་རྣམ་པར་ཤེས་པ་སྐྱེད་པ་དག་སྲིད་ལ། དེ་དང་འདྲ་བར་གཞན་ལ་ཡང་དེ་བཞིན་དུ་མཚུངས་སོ། །དེའི་ཕྱིར་ཚོགས་པའི་རིགས་
མཚུངས་པ་ནི་རྒྱུ་མཚུངས་པའོ། །རྒྱུའི་ཚོགས་པ་འདྲ་བ་ཉིད་ལས་ཀྱང་འབྲས་བུ་མི་འདྲ་བར་འགྱུར་ན་ནི་སྣ་ཚོགས་ཀྱི་ཐ་དད་པ་དག་རྒྱུ་མེད་པར་འགྱུར་རོ། །གལ་ཏེ་ཚོགས་པ་འདྲ་ཡང་བྱས་པའི་ཤུགས་ཞེས་བྱ་བས་འདུ་ཤེས་ཀྱི་བྱེ་བྲག་གི་ཤེས་པ་དང་ཤེས་པ་མ་ཡིན་པ་ངེས་པར་འགྱུར་རོ་
ཞེ་ན། བྱས་པའི་ཤུགས་ཀྱིས་ནུས་པ་ཚད་མས་མ་མཐོང་བའི་ཕྱིར་རོ། །བྱས་པའི་ཤུགས་ཀྱང་ཉེ་བར་ལེན་པ་ལ་འདོད་ན་ནི་གང་གི་གོམས་པའི་བྱེ་བྲག་ཅན་གྱི་རྣམ་པར་ཤེས་པ་ནུས་པ་ཅན་ཉིད་ཡིན་པར་མཐོང་སྟེ། དེའི་ཕྱིར་ནང་གི་བྱེད་པ་ལ་བརྟེན་པའི་བདེ་བ་ལ་སོགས་པ་རྣམས་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། ནང་གི་རྣམ་པར་ཤེས་པ་གོམས་པས་གསལ་བ་ལ་བདེ་བ་ལ་སོགས་པ་ཡང་སྒྲིན་ལ། བླུན་པ་ལ་ནི་བླུན་པར་སྣང་བའི་ཕྱིར་རོ། །གལ་ཏེ་རྒྱུ་བྱེ་བྲག་མེད་པས་འབྲས་བུ་ཡང་མཚུངས་པ་ཉིད་ན་རྒྱུ་མཚུངས་པའི་ཕྱིར་བདེ་བ་ལ་སོགས་པ་ཡང་བདེ་བའམ་
སྡུག་བསྔལ་ལམ་བཏང་སྙོམས་པ་གཅིག་ཏུ་འགྱུར་རོ་ཞེ་ན། ཡུལ་དང་ཡིད་ལ་བྱེད་པ་ལ་སོགས་པ་ནང་གི་བྱེ་བྲག་བདེ་བ་དང་སྡུག་བསྔལ་ལ་སོགས་པར་འགྱུར་གྱི། ཤེས་པ་མ་ཡིན་པར་ནི་མ་ཡིན་ཏེ། ཚོགས་པ་འདྲ་བ་ལས་སྐྱེས་ཀྱང་། ནང་གི་བྱེ་བྲག་གིས་ཐེ་ཚོམ་དང་
เล่ม ๑๘๗ · หน้า 193a
གཏན་ལ་ཕེབས་པ་ལ་སོགས་པའི་ཤེས་པའི་བྱེ་བྲག་བཞིན་ནོ། །གཞན་ནི་གྲངས་ཅན་ནོ་བྱེ་བྲག་པ་དང་སངས་རྒྱས་པ་གཉི་གའི་ལྟར་ནང་གི་ཡང་མ་ཡིན་ལ། སངས་རྒྱས་པ་ལྟར་སེམས་པ་ཅན་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གྲངས་ཅན་རང་གི་བསམ་པ་བསྟན་
པའི་ཕྱིར་བདེ་བ་ལ་སོགས་པ་དེའི་བདག་ཉིད་ནི་སྒྲ་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། དེ་དག་གི་འདོན་པའི་གོ་རིམས་ནི་རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་དང་། སྣ་ཞེས་བྱ་བ་ཡིན་པས་དེའི་གོ་རིམས་པས་ཡུལ་ཡང་དང་པོར་སྒྲ་སྨོས་ཏེ། རེག་བྱ་ལ་སོགས་པ་ཡང་གཟུང་ངོ་། །
དེས་ན་བདེ་བ་ལ་སོགས་པ་ཡུལ་གྱི་རང་བཞིན་ནོ་ཞེས་བྱ་བའོ། །གཞན་ཡང་། སེམས་ཅན་ཡང་ཡིན་རིག་བྱའི་ཕྱིར། །དེ་བདག་མིན་པ་རིགས་མིན་ཕྱིར། །འདིར་དགོངས་པ་ནི་མེའི་བུད་ཤིང་སྲེག་པར་བྱེད་ཀྱང་དེའི་ནང་དུ་མ་ཞུགས་པ་ནི་སྲེག་པ་མེད་དེ་མེའི་འོད་ཀྱི་ནང་དུ་ཆུད་པ་ཁོ་ན་
སྲེག་གོ། །དེ་བཞིན་དུ་ཤེས་པ་ཡང་རང་གི་ངོ་བོའམ། རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་ན་ཤེས་པར་འགྱུར་རོ། །དེའི་ཕྱིར་གང་རང་རིག་པ་ནི་རང་གི་ངོ་བོ་ཁོ་ནས་ཤེས་པར་འགྱུར་བ་ཡིན་ལ། གཞན་ནི་རྣམ་པའི་སྒོ་ནས་ཡིན་པའི་ཕྱིར་གང་ཡུལ་གྱི་རྣམ་པ་ཡང་དག་པ་མྱོང་བ་མེད་པ་དེ་ཞེས་བྱ་བ་
གསུངས་སོ། །ཡུལ་འདིའི་ཤེས་པ་འདིའོ། །གལ་ཏེ་ཡུལ་ལས་སྐྱེས་པ་མྱོང་བའི་རྒྱུ་མཚན་ཉིད་ཡིན་ན་ནི་དབང་པོ་ལ་ཡང་ཐལ་བར་འགྱུར་རོ། །སོགས་པས་ནི་མཚུངས་པ་དེ་མ་ཐག་པ་ཡང་ངོ་། །གྲངས་ཅན་པ་དག་ནི་སེམས་ཡོད་པ་ནི་བདག་ཡིན་ལ། དེ་ནི་རྟག་པ་ཉིད་ཡིན་པས་
འདྲ་བར་ཡོད་པའི་ཚེ་ནི་རྟོགས་ལ་གཞན་དུ་མི་རྟོགས་སོ་ཞེས་བྱ་བར་མི་རུང་སྟེ་འདྲ་བའི་སྔོན་དུ་འདྲ་བ་མེད་པ་དང་དེ་འདྲ་བའི་དུས་སུ་ཉམས་པ་དང་ཕྱིས་འདྲ་བ་འགགས་པ་ན་ཉམས་པ་ཇི་ལྟ་བུ་ཞེ་ན། འདྲ་བ་ཡོད་ན་མི་རྟག་པར་འགྱུར་བ་ལས་སྐྱོན་གཞན་དེ་འདྲ་བ་མེད་ན་ཤེས་པར་མི་རུང་བ་ཞེས་བྱ་བའོ། །
གལ་ཏེ་ཤེས་པ་རྣམ་པ་མེད་པར་འདོད་པ་དག་རིག་པ་ཡིན་པའི་ཕྱིར་དོན་ཤེས་པ་ཡིན་གྱི་རྣམ་པ་ཡོད་པས་ནི་མ་ཡིན་ནོ་ཞེ་ན། རིག་པ་ཡོད་པ་ཙམ་གྱིས་ཞེས་བྱ་བ་སྨོས་ཏེ། རིག་པ་ཙམ་ནི་དོན་ཐམས་ཅད་ལ་བྱེ་བྲག་མེད་པའི་ཕྱིར། ཤེས་པ་གཅིག་གིས་དོན་ཐམས་ཅད་རིག་པར་ཐལ་བར་
เล่ม ๑๘๗ · หน้า 193b
འགྱུར་རོ། །འདྲ་བ་ཡོད་ན་ནི་ཤེས་པ་ལས་འདྲ་བ་ཡོད་པའི་དོན་ནི་རྟོགས་ལ་མེད་པ་ནི་མི་རྟོགས་པའི་ཕྱིར་ཐལ་བ་མེད་དོ། །དེ་ལྟར་ཤེས་པའི་རང་བཞིན་དུ་མ་གྲུབ་པ་ནི་རྟོགས་པར་མི་རུང་ལ། ཁོ་བོ་བདེ་བ་ཡང་ཤེས་པའི་རང་བཞིན་འདི་ཉིད་ཡིན་པས་མྱོང་བར་རུང་བ་ཉིད་དེ། གང་རྗེ་བཙུན་
སངས་རྒྱས་ཉིད་ཀྱིས་བདེ་བའི་ཚོར་བ་གང་ཞེ་ན། མྱོང་བ་ཕྱ་ལེ་བའོ་ཞེས་གསུངས་པའི་ཕྱིར་བདེ་བ་ལ་སོགས་པ་ནི་སེམས་ཅན་དུ་གྲུབ་པོ། །གལ་ཏེ་ཡུལ་དང་འདྲ་བ་ཡུལ་དེ་ཡང་དག་པར་མྱོང་བའི་བདག་ཉིད་ཡིན་ན། བདེ་བ་ལ་སོགས་པ་དང་འདྲ་བ་ཡང་དག་པར་མྱོང་བར་འགྱུར་ལ་བདེ་
བ་ལ་སོགས་པ་ནི་སྔོན་པོ་ལ་སོགས་པ་བཞིན་དུ་ཡང་དག་པར་མྱོང་བ་མ་ཡིན་པ་དེའི་བདག་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པའི་ངོ་བོར་མ་གྱུར་པ་མྱོང་བར་མི་རུང་བའི་ཕྱིར་བདེ་བ་ལ་སོགས་པ་ཡོད་ན་དེ་ཤེས་པའི་ངོ་བོ་ཉིད་ཀྱི་ཡང་དག་པར་མྱོང་བ་ཡིན་ནོ་
ཞེས་བསྟན་པའི་དོན་དུ་སྟེ། གང་མྱོང་བ་ཡོད་པ་དེ་ལ་དེ་འདྲ་བའི་ཕྱི་རོལ་གྱི་དོན་ཡོད་དོ་ཞེས་སྨྲ་བ་ནི་མ་ཡིན་ནོ། །དེ་ཉིད་རྒྱས་པར་བཤད་པ་ནི། དེ་ལ་ཡང་དག་པར་མྱོང་བ་ཉིད་ནི་གཅིག་ཏུ་ནང་གི་དགའ་བ་དང་ཡོངས་སུ་གདུང་བའི་བདག་ཉིད་ཡིན་པར་བལྟ་སྟེ་ཞེས་བྱ་བ་སྨོས་ཏེ། འཆད་པར་
འགྱུར་བའི་རིགས་པས་སོ། །དེ་ཡང་འདི་ལྟ་སྟེ། བདེ་བ་ལ་སོགས་པ་འདི་མྱོང་བའི་བདག་ཉིད་འདི་གཞན་ཕྱི་རོལ་གྱིས་གཞག་པར་མི་རིགས་ཏེ། ཕྱི་རོལ་གྱི་དེའི་བྱེ་བྲག་མེད་ཀྱང་སྲོག་ཆགས་ཀྱི་རང་བཞིན་དང་། གོམས་པའི་བྱེ་བྲག་ལས་བདེ་བ་ལ་སོགས་པ་དེའི་བདག་ཉིད་ཀྱི་བྱེ་བྲག་འགྲུབ་
པའི་ཕྱིར་རོ། །རོའི་བྱེ་བྲག་གཅིག་ཉིད་སྲོག་ཆགས་ཁ་ཅིག་གི་བདེ་བའི་རྒྱུར་འགྱུར་ལ། གཞན་གྱི་སྡུག་བསྔལ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་བློ་ཞེས་བྱ་བ་རིག་པའི་བདག་ཉིད་མ་ཡིན་པར་འདོད་དེ། དེ་བདེ་བ་ལ་སོགས་པའི་བྱེ་བྲག་དང་ལྡན་གྱི་ཡང་དག་པར་མྱོང་བ་ནི་ཤེས་
པ་ཉིད་དུ་བསམས་པ་སྟེ། དེ་ནི་བདེ་བ་ལ་སོགས་པ་བྱེ་བྲག་དང་ལྡན་པ་ནི་མ་ཡིན་ནོ་ཞེ་ན། བློ་ནི་ཡུལ་གྱི་རྣམ་པ་ཅན་ཏེ། གལ་ཏེ་ཡང་དག་པར་མྱོང་བ་མ་ཡིན་པའོ། །གཞན་དོན་ཡང་དག་པར་མྱོང་བ་ནི་མྱོང་བའོ་ཞེ་ན། འདྲ་བ་གཞན་ཤེལ་ལ་ཡོད་པའི་འདྲ་བ་དག་ལ་བློ་དེར་འགྱུར་བའོ། །ཡང་
เล่ม ๑๘๗ · หน้า 194a
དག་པར་མྱོང་བ་མེད་པ་ཉིད་ཤེལ་འདྲ་བ་དང་བློ་འདྲ་བ་དག་གི་བྱེ་བྲག་ཡོད་ན་ནི་སྨྲོས་ཤིག །གལ་ཏེ་ཤེལ་ནི་ཕྱི་ཡིན་ལ་བློ་ནི་ནང་གི་བྱེད་པ་ཉིད་ཡིན་པས། དེ་ཉིད་བྱེ་བྲག་དེའི་རྒྱུ་མཚན་ཡིན་ནོ་ཞེ་ནའོ། །དེ་ཡང་བློའི་བྱེ་བྲག་རྟོགས་པར་བྱེད་པའི་ཡན་ལག་མ་ཡིན་པའི་ཕྱིར། ཡན་
ལག་ཏུ་བརྗོད་པར་མི་བྱའོ། །ཇི་ལྟར་ཡན་ལག་མ་ཡིན་ཞེ་ན། ཤིན་ཏུ་དང་བའི་རང་བཞིན་དང་། སོགས་པའི་སྒྲས་ནང་གི་བྱེད་པ་བཟུང་སྟེ། དེ་ལྟ་བུ་གཞན་མིག་ལ་སོགས་པ་ཡོད་པས་དེ་དག་ཀྱང་བློའི་རང་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་གྱི་རྣམ་པར་གཞག་པ་ཡང་དག་པར་མྱོང་བ་
ལ་བརྟེན་པ་སྟེ། དེ་ལ་ལྟོས་པ་ཡིན་ནའོ། །བློ་དེ་སེམས་པ་མེད་པ་ལ་ཡུལ་མེད་པའི་ཕྱིར་ཇི་ལྟར་དེ་ལས་དོན་གྱི་རྣམ་པར་གཞག་པར་འགྱུར་ཏེ། དེ་ལྟ་ན་འདྲ་བ་ཙམ་གྱི་ཕྱིར་སྔོན་པོ་ཉིད་སྔོན་པོའི་ཡུལ་དང་། བུམ་པ་ཡང་བུམ་པའི་ཡུལ་ཉིད་དུ་ཧ་ཅང་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །
གལ་ཏེ་སྒྲའི་དོན་གཅིག་ལ་ཡང་སྲོག་ཆགས་དང་གོམས་པའི་བྱེ་བྲག་གིས་བདེ་བ་ལ་སོགས་པ་ཐ་དད་པ་དག་ལ་འགལ་བ་མེད་དེ་སྒྲ་ལ་སོགས་པའི་བདག་ཉིད་ཕྱིའི་བདེ་བ་ལ་སོགས་པ་བྱེ་བྲག་མེད་ཀྱང་བློའི་བདག་ཉིད་ཀྱི་བདེ་བ་ལ་སོགས་པ་ནི་བྱེ་བྲག་ཅན་དུ་སྐྱེའོ་ཞེ་ན། བློའི་བདག་ཉིད་
ཀྱི་བདེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པ་ཕྱིའི་བདག་ཉིད་གཅིག་ལ་གོམས་པ་ལ་སོགས་པས་གཅིག་པར་གཞན་དུ་འགྱུར་བ་འགལ་བའི་ཕྱིར་རོ། །སེམས་པ་ཅན་ལས་གཞན་དུ་ཡུལ་གྱི་བདག་ཉིད་ཀྱང་མ་ཡིན་པ་བདེ་བ་ལ་སོགས་པའི་རྣམ་པའི་བྱེ་བྲག་དང་
ལྡན་པའི་བློ་ཞེས་བྱ་བ་ནི་མེད་དོ། །སེམས་པ་ཅན་དེའི་བདག་ཉིད་ལོག་པ་ལ། བློའི་མཚན་ཉིད་ཡུལ་འཛིན་པ་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་ཡུལ་མྱོང་བ་ནི་གཅིག་སྟེ། བློ་དང་ཡང་དག་པར་མྱོང་བ་ཞེས་བྱ་བ་གཉིས་ནི་མེད་དེ་ཡང་དག་པར་མྱོང་བ་གཅིག་པུའོ། །རངས་པ་
དང་མ་རངས་པ་ནི་ཡང་དག་པར་མྱོང་བ་དེ་ཉིད་ཀྱི་བྱེ་བྲག་ཏུ་རྣམ་པར་འཇུག་སྟེ། བྱེ་བྲག་གི་རང་བཞིན་དུ་བལྟའོ། །ཡང་དག་པར་མྱོང་བ་དེ་ལ་མིང་ནི་བློ་དང་ཤེས་པ་ལ་སོགས་པ་ཇི་ལྟར་འདོད་པས་བྱེད་དོ། །ཡུལ་ཉེ་བར་ལོངས་སྤྱོད་པ་ནི་སྐྱེས་བུ་ཤེས་པ་ཡོད་པ་ཉིད་ཡིན་ན། ཡུལ་
เล่ม ๑๘๗ · หน้า 194b
ཉེ་བར་ལོངས་སྤྱོད་པ་ཤེས་པ་ཉིད་མངོན་སུམ་མ་ཡིན་ནའོ། །ཡུལ་ཉམས་སུ་མྱོང་བའི་ཤེས་པ་མངོན་སུམ་མ་ཡིན་ཡང་། ཡུལ་ཉེ་བར་ལོངས་སྤྱོད་པ་ཉིད་ཡིན་ནའོ། །ཡུལ་ཡོད་པ་ཉིད་ཙམ་གྱིས་ཡུལ་ལོངས་སྤྱོད་པར་ཡང་ཐལ་བར་འགྱུར་རོ། །ཤེས་པ་མངོན་སུམ་མ་ཡིན་
པའི་ཕྱིར་ཡུལ་དེ་ཉམས་སུ་མྱོང་བས་ལོངས་སྤྱོད་པར་མི་འགྱུར་ཏེ། ཡུལ་ཉམས་སུ་མྱོང་བ་ཡོད་ཀྱང་ཉམས་སུ་མྱོང་བ་གྲུབ་པའི་ཕྱིར་ཡུལ་དང་ཉམས་སུ་མྱོང་བ་དག་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་བློ་ལས་མྱོང་བ་དཔག་པའི་ཕྱིར་རྗེས་སུ་དཔག་པས་ལོངས་སྤྱོད་དོ་ཞེ་ན།
རྟགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔར་དབང་པོའི་མངོན་སུམ་མ་ཡིན་པ་ལ་འབྲེལ་པ་གཟུང་བ་མེད་དོ་ཞེས་ཇི་སྐད་སྨོས་པ་བཞིན་ནོ། །གལ་ཏེ་བློ་ཁོ་ནས་ཡུལ་ཉེ་བར་ལོངས་སྤྱོད་དོ་ཞེ་ན། ཡུལ་ལ་མངོན་སུམ་དུ་དམིགས་པ་ཞེས་བྱ་བ་སྨོས་ཏེ། བློ་ཡུལ་མངོན་སུམ་དུ་
དམིགས་པས་ཡུལ་རྟོགས་པའི་ཐ་སྙད་མ་ཚང་བ་མེད་པའི་རྫོགས་པས་ན་བློ་ལས་གཞན་པ་ཤེས་པ་ཡོད་པ་བརྟག་པའི་དོན་མེད་དོ། །ཤེས་པ་ཡོད་པ་དེ་ཡང་ཡུལ་མངོན་སུམ་དུ་བྱེད་པ་ཉིད་དུ་བློ་དང་བདག་ཉིད་གཅིག་པར་ཚད་མས་མཐོང་བའི་ཕྱིར་རོ། །གལ་ཏེ་བློ་དང་ཤེས་པ་དག་
ཐ་དད་ཀྱང་འདྲེས་པས་རྣམ་པར་དབྱེ་མི་ཤེས་ཏེ། ལྕགས་གོང་མེ་བཞིན་དུ་དེ་ཅིར་འཛིན་ཞེ་ན། མེ་ཉིད་དུ་འཛིན་ཏེ་རེག་པ་ན་མེ་འདིའི་བདག་ཉིད་མངོན་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་བདེ་བ་ལ་སོགས་པ་དང་སྔོན་པོ་ལ་སོགས་པ་ཐ་དད་པར་སྣང་བ་ཡང་གཅིག་ལ་བྱེ་བྲག་མི་མངོན་
ཡང་ཐ་དད་པ་ཉིད་འདྲེས་པའི་བདག་ཉིད་ཀྱིས་ཡོད་པར་ཁས་ལེན་ན་ནི། དེ་ལྟ་ན་ནི་དངོས་ཀུན་ལ། །ཐ་དད་ཐ་དད་མིན་གཞག་ཉམས་ཏེ་དོན་གཅིག་ཏུ་དམིགས་པ་རྣམས་ལ་འདྲེས་པར་རང་བཞིན་གཞན་ཐེ་ཚོམ་ཟ་བའི་ཕྱིར་གཅིག་པ་ཉིད་དུ་མི་སྣང་བའི་ཕྱིར་དང་། སྔོན་པོ་ལ་སོགས་པ་དང་
བདེ་བ་ལ་སོགས་པའི་རྣམ་པ་དག་ཐ་དད་པར་དམིགས་ཀྱང་བདེ་བ་ལ་སོགས་པ་ནི་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་བདག་ཉིད་དུ་འདོད་པས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ཐ་དད་མིན་པར་ཤེས་པས་རིག་པ་དང་ནི་གཅིག་ཉིད་ཅེས་བྱའོ། །གཅིག་ཉིད་དུ་ཤེས་པ་དེ་ལྟར་གང་མིན་ཏེ་དུ་མ་
เล่ม ๑๘๗ · หน้า 195a
ཤེས་པས་རིག་པ་དེ་ནི་མཚན་ཉིད་ཐ་དད་ཅན་དུ་འགྲུབ་པོ། །ཐ་དད་པ་དང་ཐ་མི་དད་པའི་ཤེས་པས་རིག་པ་འདི་ཐ་དད་པ་དང་། ཐ་མི་དད་པར་གཞག་པའི་རྒྱུ་ཉིད་ཡིན་ན། ཐ་དད་པ་གྲུབ་བྱེད་མི་འགྲུབ་པོ་སྟེ་ཐ་མི་དད་པ་ཡང་དེ་བཞིན་ནོ་ཞེས་སྐབས་ཀྱིས་རྟོགས་པར་
བྱའོ། །དེ་ཉིད་རྒྱས་པར་བསྟན་པ་ནི། དཀར་དང་སྡུག་བསྔལ་སོགས། ཐ་དད་པར་རིག་པ་དང་ཕྱི་རོལ་ཉིད་གཅིག་ཏུ་ཁས་ལེན་ཅིང་། བློ་དང་མྱོང་བ་དག་ཡུལ་གཅིག་ཏུ་རང་རིག་པའི་ཚད་མས་གྲུབ་པ་དང་ནི་ཐ་དད་པར་ཁས་ལེན་ཅེ་ནའོ། །མེ་དང་འབྲེལ་བ་ལས་འབར་བ་ཞེས་བྱ་བ་དོན་
གཞན་སྐྱེས་པས་སོ། །བློའི་ཐ་དད་པར་རིག་པ་ནི་ཐ་དད་པར་གཞག་པའི་རྒྱུ་ཡིན་པ་དེའི་ཕྱིར། བདེ་བ་ལ་སོགས་པ་དང་ཡང་དག་པར་མྱོང་བ་དག་དཀར་པོ་ལ་སོགས་པ་རིགས་པ་མ་ཡིན་པ་ལས་ཐ་དད་པ་ཡིན་ནོ། །དེ་ལ་ཡང་དག་པར་མྱོང་བ་ནི་བློ་སྟེ། མྱོང་བ་དང་གཅིག་ཏུ་མཐོང་
བའི་ཕྱིར་རོ། །ཁ་ཅིག་ནི་བདེ་བ་ལ་སོགས་པ་དག་ནང་ཡང་ཡིན་ལ། སེམས་པ་ཅན་ཡང་ཡིན་ནོ་ཞེས་འདོད་དེ། དེ་དག་གི་ལྟར་ན་ནི་རྟོགས་པར་ཟད་དོ། །གང་ཞིག་གང་གོམས་པར་བྱེད་པ་དེ་ནི་གོམས་པ་ཡོངས་སུ་རྫོགས་པ་ལས་དེ་ལ་དེ་གསལ་བར་སྣང་བར་འགྱུར་ཏེ། འཇིགས་
པ་ལ་སོགས་པ་གོམས་པར་བྱེད་པ་ལྟ་བུའོ། །རྣལ་འབྱོར་པ་འགའ་ཞིག་ཀྱང་ཐོས་པས་བཟུང་བའི་དོན་རིག་པས་བསམས་པས་དོན་རྣམ་པར་གཞག་པ་གོམས་པར་བྱེད་དོ་ཞེས་བྱ་བ་རང་བཞིན་གྱི་རྟགས་སོ། །གསལ་བའི་ཕྱིར་རྣམ་པར་མི་རྟོགས་ལ། རིགས་པས་གཞག་པའི་དོན་
རྟོགས་པའི་ཕྱིར་སླུ་བ་མེད་པ་དང་མངོན་སུམ་གྱི་ཚད་མ་ཡིན་ཏེ། མངོན་སུམ་གྱི་ཚད་མ་གཞན་གྲགས་པ་ལྟ་བུའོ། །འདོད་པ་ཡིད་ལ་བྱེད་པ་གོམས་པས་ནི་ཇི་ལྟར་རྒྱལ་པོའི་ཤིང་རྟ་བཅུ་པའི་བུ་དགའ་བྱེད་ཀྱིས་རོལ་རྙེད་མ་ཡིད་ལ་བྱས་པ་ན། བདག་གིས་དེ་མཐོང་། འདི་ན་མདུན་དང་
རྒྱབ་དག་ཏུ། ནང་དང་ཕྱི་དང་ཡོངས་སུ་བསྐོར་དང་རྣམ་པར་འགྱུར་བར་རོ་ཞེས་བྱ་བ་ལྟ་བུའོ། །མྱ་ངན་གྱི་རྒྱལ་པོའི་བཙུན་མོ་དྲི་ཟ་མས་རང་གི་བུ་རྣམས་མཐོང་བ་ལྟ་བུའོ། །འཇིགས་པ་ལ་སོགས་པ་ལ་ཡང་ཅི་རིགས་པར་དཔེ་བརྗོད་པར་བྱའོ། །ཡིད་ལ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་དེ་དག་
เล่ม ๑๘๗ · หน้า 195b
ལྐོག་ཏུ་གྱུར་པ་ཉིད་ཡིན་ནོ་ཞེ་ན། མྱུར་བ་དང་ནན་ཏན་བྱེད་པ་རབ་ཐོབ་ཕྱིར། ལྐོག་ཏུ་གྱུར་པར་འདུ་ཤེས་ལ་དེ་ལྟའོ་སྟེ་མྱུར་བ་དང་ནན་ཏན་བྱེད་པའོ། །དེ་ཡང་ཇི་ལྟར་དགའ་བྱེད་སེམས་ཉིད་ལྟ་བུ་སྟེ། སྣུམ་པའི་སྔོ་བསངས་སྡུག་གུས་བྱུགས་པའི་མཁའ་ལ་སྤྲིན་ཚོགས་གསེབ་ན་ཆུ་སྐྱར་རྩེ་བ་དང་། །
རླུང་གིས་བསྐྱོད་པའི་ཆུ་ཡི་ཐིགས་པ་ཆུ་འཛིན་མཛའ་བོ་དག་པས་ཡིད་འོང་སྒྲ་སྒྲོགས་པ། །འདོད་པར་གྱུར་པ་དག་ནི་བརྟན་ཞིང་སྲ་བའི་སྙིང་གིས་དགའ་བྱེད་བདག་གིས་ཐམས་ཅད་བཟོད། །ལུས་ཅན་མ་ནི་ཇི་ལྟར་གྱུར་ན་སྙམ་དུ་དེ་ལྟར་ཡིད་ལ་བྱས་པས་མཐོང་གྱུར་ནས། །ཨེ་མའོ་ཀྱི་ཧུད་ལྷ་
མོ་བསྟན་པར་གྱིས་ཞེས་མྱུར་དུ་སྨྲ་བ་དང་ནན་བྱེད་པ་ལ་སོགས་པ་ལྟ་བུའི་འཇུག་པ་མ་མཐོང་བའི་ཕྱིར་རོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བས་ནི་སྔར་མ་བཤད་པ་ཅུང་ཟད་རྒྱས་པར་བཤད་པའོ། །དེ་ལྟར་འཇིག་རྟེན་ལ་རབ་ཏུ་གྲགས་པའི་དཔེ་དག་བསྙད་ནས། བསྟན་བཅོས་ལ་
གྲགས་པ་བསྟན་པའི་ཕྱིར། དེ་ལྟར་མི་གཙང་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དེ་བསླད་པའི་བློ་དག་ཀྱང་རུང་མངོན་པར་བརྗོད་པ་དང་འདྲེ་བའི་ཤེས་པ་ཐམས་ཅད་ལ་དོན་གསལ་བར་སྣང་བ་མི་གནས་པ་ཉིད་དོ། །དྲན་བྱ་ནི་གསལ་བར་
སྣང་ངོ་དེ་དྲན་པར་བྱེད་པས་ཏེ། དེ་ཉིད་ལ་དྲན་པར་བྱེད་པའི་ཤེས་པ་ལ་ནི་དོན་དེ་མི་གསལ་བས་དོན་མི་འདྲ་བ་ཉིད་དོ། །བསླད་པ་ན་ཡང་བསླད་པའམ་མ་བསླད་པའི་གནས་སྐབས་ན་ཉམས་སུ་མྱོང་བ་དེ་དྲན་པ་ན་བསླད་པ་ནའང་རྣམ་པར་རྟོག་པ་འབྱུང་སྟེ། ཉམས་སུ་མྱོང་བ་དེ་
གསལ་བར་སྣང་བ་ལྟར་དྲན་པ་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སློབ་དཔོན་གྱིས་མངོན་སུམ་མཚན་ཉིད་རྟོགས་པ་དང་བྲལ་བ་ཙམ་ཞིག་གསུངས་པའི་ཕྱིར་རོ། །འདིར་མི་འཁྲུལ་བ་སྔར་བསྟན་ལ། སློབ་དཔོན་གྱིས་ཀྱང་མི་འཁྲུལ་པ་ཉིད་བཞེད་དོ། །
ཇི་སྐད་དུ། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་པ་ཅན། །དྲན་དང་སྔོན་འདོད་ཞེས་བྱ་བ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་འཁྲུལ་པ་དག་མངོན་སུམ་ལྟར་སྣང་བ་ཉིད་དུ་གསུངས་པའི་ཕྱིར་རོ། །སླུ་བ་ལ་ཚད་མ་ཉིད་མེད་ལ་མངོན་སུམ་ཚད་
เล่ม ๑๘๗ · หน้า 196a
མ་ཉིད་ཡིན་པར་བསྟན་པས་རྟོགས་པར་ནུས་པའི་ཕྱིར་རྟོག་པ་མེད་པ་གཅིག་པུས་མངོན་སུམ་སྟོན་པར་མཛད་དོ། །འདི་ལྟར། དངོས་པོ་མི་འཛིན་ཕྱིར་རྣམ་རྟོག །མངོན་སུམ་ལྟར་སྣང་ཞེས་བྱ་བར་འབྲེལ་ཏོ། །སླུ་བར་བྱེད་པའི་ཕྱིར་འཁྲུལ་པ་མངོན་སུམ་ལྟར་སྣང་བ་
ཞེས་བྱའོ། །དབང་སྐྱེས་ཀྱང་ཞེས་བྱ་བས་ནི་རྟོག་པ་མེད་ཀྱང་མངོན་སུམ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་གཞན་ལས་ཁྱད་མེད་ཕྱིར། དབང་པོ་ལས་སྐྱེས་པའི་བསླད་པ་གང་ཞིག་བསླད་པ་དེ་ལས་གཞན་པའི་དབང་པོ་ལས་སྐྱེས་པ་མ་བསླད་པ་ལས་བྱེ་བྲག་མེད་པའི་ཕྱིར་རོ། །དབང་
པོ་ལས་སྐྱེས་པ་ཉིད་དུ་བསྟན་པར་བཞེད་པ་དེ་ཉིད་ཀྱི་ཕྱིར་འཁྲུལ་པ་རྣམས་སྟོན་པ་ན་དྲན་དང་མངོན་བརྗོད་ཅེས་བྱ་བས་བར་དུ་བཅད་ནས་འཁྲུལ་པ་དང་རབ་རིབ་ཟླ་བ་གཉིས་སུ་སྣང་བ་དག་བསྟན་པར་མཛད་དེ། འདི་ནི་དབང་པོ་ལས་སྐྱེས་པ་ཡིན་ཞེས་དམིགས་ཀྱིས་བསལ་བ་དང་བཅས་པར་
འཁྲུལ་པ་བསྟན་པའི་དོན་དུ་གསུངས་སོ། །བསྟན་བཅོས་ཀྱི་ཕྱོགས་གཞན་དུ་སློབ་དཔོན་གྱིས་མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་འཁྲུལ་པ་ཟླ་བ་གཉིས་པར་སྣང་བ་དང་། མ་འཁྲུལ་པ་སྔོན་པོར་སྣང་བའི་དཔེའོ། །དེ་ལྟར་མངོན་སུམ་གྱི་རབ་ཏུ་དབྱེ་བ་བཤད་ནས་ཚད་མའི་འབྲས་
བུའི་རབ་ཏུ་བྱེད་པ་བཤད་པར་རྩོམ་སྟེ། ཡུལ་བརྟག་པ་ནི་སྔར་མངོན་སུམ་དང་ལྐོག་ཏུ་གྱུར་པ་དག་གི་དབྱེ་བས་ཀྱང་བསྟན་ལ། ལེའུ་གཉིས་པ་ནས་ཀྱང་སྟོན་པར་འགྱུར་རོ། །ཡང་ཞེས་བྱ་བ་ནི་ཚད་མ་སྤྱིའི་རབ་ཏུ་བྱེད་པ་དང་མངོན་སུམ་གྱི་རབ་ཏུ་བྱེད་པ་དག་བསྡུ་བའོ། །ཚད་མའི་
མཚན་ཉིད་གང་ལས་ཚད་མ་འདིའི་གཞལ་བར་བྱ་བ་རྟོགས་པ་དང་བར་ཆད་མེད་པ་སྟེ། ཚད་མ་གང་ཡོད་པ་ཙམ་གྱིས་གཞལ་བར་བྱ་བ་རྟོགས་པ་དེ་ཉིད་འཐོབ་པའོ། །དེ་ཉིད་གང་ཞེ་ན། དེ་ལ་ཞེས་བྱ་བ་སྨོས་ཏེ། ཚད་མ་ཞེས་བྱ་བསྟན་པ་དེ་ལའོ། །འདི་ནི་སྔོན་པོ་རྟོགས་པའོ་ཞེས་དོན་དང་ཤེས་
པ་དག་སོ་སོར་ངེས་པའི་འབྲེལ་པ་བྱེད་པའོ། །གལ་ཏེ་དབང་པོ་དང་རྟགས་དག་ཀྱང་རྟོགས་པར་བྱེད་པ་ཉིད་མ་ཡིན་ནམ་ཞེ་ན། བྱ་བ་སྒྲུབ་པར་བྱེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་ཉིད་ནི་བྱེད་པའི་དོན་ཉིད་ཡིན་ན་གང་ལ་བྱ་བ་དང་། གང་ལས་འོངས་པ་དང་གང་གི་ཕྱིར་ཞེས་
เล่ม ๑๘๗ · หน้า 196b
བྱ་བ་ཀུན་ཀྱང་བྱ་བ་སྒྲུབ་པར་བྱེད་པ་ཉིད་ཡིན་མོད་ཀྱི་བྱེད་པ་ཉིད་ནི་མ་ཡིན་གྱི། འོན་ཀྱང་འབྲས་བུ་གང་བྱེད་པ་གང་ཡོད་པ་ཙམ་ལས་ཡིན་པ་དེ་བྱེད་པ་ཉིད་ཡིན་ནོ། །དེ་ལྟར་ན་དབང་པོ་ལ་སོགས་པ་ཡོད་པ་ཙམ་གྱིས་གཞལ་བར་བྱ་བ་རྟོགས་པ་མི་འགྲུབ་ཀྱི། དོན་དང་འདྲ་བ་གང་ཡོད་པ་
ཙམ་གྱིས་སོ། །གལ་ཏེ་འདྲ་བ་མེད་ཀྱང་དོན་རིག་པ་ཉིད་ཚད་མ་ཡིན་ནོ་ཞེ་ན། ཉམས་སུ་མྱོང་བ་ཙམ་ནི་ཞེས་སྨོས་ཏེ། དོན་ནི་དོན་གང་དང་ཡང་ཡུལ་དང་ཡུལ་ཅན་ཉིད་དུ་འབྲེལ་བའི་རྒྱུ་མཚན་མེད་པ་ཉིད་དུ་འདྲ་བའི་བདག་ཉིད་ཡིན་པའི་ཕྱིར། ལས་དང་བྱེད་པའི་རང་བཞིན་གཞག་པར་མི་རུང་བས་
དོན་དང་འདྲ་བ་གང་ཡང་ཡུལ་འདིའི་ཤེས་པ་འདིའོ་ཞེས་འདྲ་བ་དེས་ཡུལ་དང་ཡུལ་ཅན་སོ་སོར་ངེས་པའི་ལས་དང་བྱེད་པ་རྣམ་པར་འབྱེད་པ་སྟེ། དེ་ཡང་དོན་རྟོགས་པའི་བདག་ཉིད་དུ་གྱུར་པ་ཡིན་ནོ། །སོགས་པའི་སྒྲས་ནི་དོན་ལ་ལྟ་བ་དང་། བྱེ་བྲག་ཏུ་བྱེད་པའི་ཤེས་པ་ལ་སོགས་པ་
གཟུང་ངོ་། །དེ་དག་ཡོད་ཀྱང་ཤེས་པ་ལས་གཞན་དུ་གྱུར་པའི་ལས་དེ་ཡུལ་དེ་དག་གིས་ཤེས་པའི་བདག་ཉིད་ལས་གཞན་མ་ཡིན་པ་དོན་རྟོགས་པའི་རང་བཞིན་གྱི་བྱ་བའི་བྱེ་བྲག་འདི་སྔོན་པོ་རྟོགས་པ་ཉིད་དོ་ཞེས་ངེས་པར་ནུས་པ་མ་ཡིན་ནོ། །ཚད་མ་ནི་བྱེད་པ་པོའི་དོན་ཉིད་ཀྱིས་ཡིན་ཞིང་། བྱེད་
པ་པོའི་ཡང་བྱ་བའི་རྒྱུ་མཚན་གྱིས་བྱེད་པ་པོའི་དེ་ཁོ་ན་ཉིད་ཡིན་ལ། དབང་པོ་ལ་སོགས་པ་ཤེས་པའི་བདག་ཉིད་མ་ཡིན་པ་དེ་ལས་ཀྱང་ཤེས་པ་འདིས་སྔོན་པོ་རྟོགས་སོ་ཞེས་བྱ་བ་དེའི་བྱེ་བྲག་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་དེའི་བྱེ་བྲག་མེད་ཀྱང་དབང་པོ་ལ་སོགས་པ་ལས་ཤེས་པ་གསལ་བ་ལ་སོགས་
པའི་བྱེ་བྲག་ཡོད་དོ་ཞེ་ན། གསལ་བ་ལ་སོགས་པའི་བྱེ་བྲག་ཡོད་ཀྱང་ལས་དང་བྱེད་པའི་ཡན་ལག་མ་ཡིན་པས་ན་ཤེས་པ་དེས་བྱེད་པ་པོའི་འགྲུབ་པ་མ་ཡིན་པའི་ཕྱིར་དེ་དག་ཚད་མ་ཉིད་མ་ཡིན་ནོ། །ཡུལ་འདི་ཤེས་པ་འདིའི་ལས་སུ་ངེས་པར་འགྲུབ་པར་བྱེད་པ་དེ་ཚད་མ་ཉིད་ཡིན་ནོ། །དེ་ཡང་གང་
ཞེ་ན། ཤེས་པ་ལ་ཞེས་བྱ་བ་སྨོས་ཏེ། དོན་དང་འདྲ་བ་འདི་ལས་གཞན་མི་སྲིད་དེ། དོན་དང་མི་འདྲ་ན་དེ་རྟོགས་པར་མི་རུང་བའི་ཕྱིར་རོ། །གལ་ཏེ་དབང་པོ་ལ་སོགས་པའི་དབང་གིས་ཤེས་པ་གསལ་བ་ལ་སོགས་པ་ཡོད་དོ་ཞེ་ན། དབང་པོ་ལ་སོགས་པའི་གཡེང་བ་དང་ཞེས་བྱ་བ་ལ་སོགས་པ་
เล่ม ๑๘๗ · หน้า 197a
སྨོས་སོ། །དབང་པོ་ལ་སོགས་པ་དེ་དོན་འདིའི་རྟོགས་པ་ནི་འདིའོ་ཞེས་ལས་དང་བྱེད་པའི་འབྲེལ་པ་འགྲུབ་པའི་རྒྱུ་མ་ཡིན་པའི་ཕྱིར་ཉེ་བའི་རྒྱུ་མེད་པའོ། །གལ་ཏེ་རྣམ་པ་མེད་པར་སྨྲ་བ་དག་དོན་གྱི་རྣམ་པ་མེད་ཀྱང་དོན་གྱི་བྱེ་བྲག་གིས་བྱས་པ་སྟེ། བསྐྱེད་པའི་ཤེས་པའི་
རང་བཞིན་གྱི་བྱེ་བྲག་ལས་ལས་དང་བྱེད་པའི་འབྲེལ་པ་འདི་རྟོགས་ཀྱི་འདྲ་བ་ལས་ནི་མ་ཡིན་ནོ་ཞེ་ན། ཅི་སྟེ་ཤེས་པའི་བྱེ་བྲག་དེའི་མཚན་ཉིད་མི་སྟོན་ཏེ་བསྟན་པར་བྱོས་ཤིག །གལ་ཏེ་མྱོང་བའི་བྱེ་བྲག་དེ་འདིའོ་ཞེས་བསྟན་པར་མི་ནུས་སོ་ཞེ་ན། རང་ཉིད་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་
སོ། །དོན་གྱི་རྣམ་པ་ལས་གཞན་པའི་སྒྲུབ་བྱེད་གཞན་ཡིན་ཏེ། དབང་པོ་ལ་སོགས་པ་དོན་གྱི་རྣམ་པ་མ་ཡིན་པ་དག་ལས་སོ། །ལས་ནི་ཡུལ་ལོ། འབྲེལ་པའི་ཡུལ་ནི་འདིའི་རྟོགས་པ་ནི་ཤེས་པ་འདིའི་ཤེས་སོ། །འབྲེལ་པ་དོན་གྱི་རྣམ་པ་དེ་ཡང་དོན་དེ་ཤེས་པའི་བདག་ཉིད་དུ་གྱུར་
པ་ཉིད་དོ། །དེའི་ཕྱིར་དོན་གྱི་རྣམ་པ་དེ་ལས་དོན་གཞན་ཚད་མའི་འབྲས་བུ་མིན། འབྲས་བུའི་བདག་ཉིད་དང་ཚད་མའི་བདག་ཉིད་གཅིག་པ་དེའི་ཕྱིར་འབྲས་བུའི་བདག་ཉིད་དུ་གྱུར་པའི་འཛིན་པ་སྟེ། ཚད་མ་དེ་ཡང་རང་གི་ཡུལ་ལ་བྱེད་པ་དང་བཅས་པའི་ཕྱིར་བྱེད་པ་པོ་ཉིད་དོ། །ཅི་ཞིག་
ཅེ་ན། དོན་རྟོགས་པའི་བདག་ཉིད་ཀྱིས་དེའི་ཡུལ་དེ་རྟོགས་པར་བྱེད་པའི་ཕྱིར་རོ། །ལྟ་བུ་ཞེས་བྱ་བའི་སྒྲས་ནི་ཇི་ལྟར་འཇིག་རྟེན་ན་གྲགས་པ་རྩྭའི་རྒྱུན་དང་། དེ་གཅོད་པའི་ཟོར་བ་དང་། དེ་དུམ་བུ་གཉིས་སུ་བྱེད་པ་དང་འབྲས་བུ་དག་ཐ་དད་པའི་བདག་ཉིད་མེད་ཀྱང་བྱེད་པ་དང་འབྲས་
བུར་སྣང་བས་ན། བྱེད་པ་ཞེས་གཞག་གོ་ཞེས་སྟོན་ཏོ། །དེ་ཉིད་བཤད་པ་ནི་རང་གིས་ཏེ། དངོས་པོའི་ངོ་བོ་ཉིད་ཀྱིས་འབྲས་བུ་དང་བྱེད་པ་ཐ་དད་པ་བྱེད་པ་ཅན་མ་ཡིན་ཡང་དོན་གྱི་རྣམ་པ་དེའི་དབང་གིས་འབྲས་བུ་དེ་རྣམ་པར་གཞག་པའི་ཕྱིར་རོ། །བར་ཆད་མེད་པ་ནི་གང་ཞིག་ཡོད་
པ་ཙམ་གྱིས་དོན་རྟོགས་པ་ཉིད་དུ་གནས་པའོ། །དབང་པོ་ལ་སོགས་པ་ལ་དེ་མེད་པའི་ཕྱིར་ཡུལ་རྟོགས་པའི་རྒྱུར་གྱུར་པའི་བྱེད་པ་པོ་ཁྱད་པར་ཅན་དེ་ཉེ་བའི་རྒྱུར་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་དབང་པོ་ལ་སོགས་པས་རྟོགས་པ་དེ་ལ་སྦྱོར་ཏེ་དེ་དག་མེད་ན་དེ་ཡང་མེད་པའི་ཕྱིར་རོ་ཞེ་ན།
เล่ม ๑๘๗ · หน้า 197b
ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ལ་སོགས་པ་ཡོད་ཀྱང་དོན་འདི་རྟོགས་པ་ནི་འདིའོ་ཞེས་ཤེས་པ་ལ་བྱེ་བྲག་མེད་པའོ། །གང་གིས་རྟོགས་པ་འདིའི་ཡུལ་སྔོན་པོ་སྟེ་གཞན་ནི་ཞེས་ཤེས་པ་དང་། དོན་སོ་སོར་བྱེ་བྲག་ཏུ་འབྱེད་པ་ལ་བྱེད་པ་པོ་ཞེས་བརྗོད་དོ། །བ་ལང་
གི་རྫས་ནི་བྱེ་བྲག་ཏུ་བྱ་བའོ། །བ་ལང་ཉིད་དང་། འགྲོ་བ་ཉིད་དང་། དཀར་པོ་ཉིད་བྱེ་བྲག་ཏུ་བྱེད་པའོ། །དེ་ལ་བྱེ་བྲག་ཏུ་བྱེད་པའི་ཤེས་པ་ཚད་མ་ཉིད་དུ་འདོད་པ་དག་ལ་ཡང་ཡུལ་གྱིས་བྱ་བའི་བྱེ་བྲག་ཡུལ་གྱི་རྣམ་པ་མེད་ན་རྟོགས་པ་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དུ་འབྲས་བུར་འདོད་པ་ལ་བ་
ལང་གི་རྫས་ལ་དམིགས་པའི་ཤེས་པ་དང་། བྱེ་བྲག་མེད་པའི་ཕྱིར་ཚད་མ་དང་འབྲས་བུའི་རྣམ་པར་གཞག་པ་མི་འགྲུབ་པའི་ཕྱིར་ཚད་མ་ཉིད་མ་ཡིན་ནོ། །བྱ་བ་འབྲས་བུའི་རྫས་ཀྱི་ཡུལ་ཅན་དང་། བྱེད་པ་ཚད་མ་རིགས་ལ་སོགས་པའི་ཡུལ་ཅན་དག་ཡུལ་ཐ་དད་པར་ཡང་འགལ་བའི་ཕྱིར་
ཏེ། ཚད་མས་ཡུལ་དུ་མ་བྱས་པ་རྟོགས་པར་མི་རིགས་པའི་ཕྱིར་རོ། །བྱེ་བྲག་མེད་པ་འགའ་ཞིག་ཏུ་མ་ཟད་དོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཏོ། །ཡུལ་ཐ་མི་དད་པ་ཉིད་ན་ཡང་ཚད་མར་འདོད་པའི་ཤེས་པ་ཉིད་ཀྱིས་དེ་རྟོགས་ཟིན་པའི་ཕྱིར་འབྲས་བུ་གཉིས་པ་དོན་མེད་དོ། །དོན་མེད་པ་
འབའ་ཞིག་ཏུ་མ་ཟད་ཀྱི་དོན་དེ་ཉིད་ཀྱིས་བསྐྱེད་པའི་ཤེས་པ་རིམ་གྱིས་འབྱུང་བ་ཡང་རྒྱུ་མཚན་ཐ་མི་དད་པའི་ཕྱིར་བཀག་པ་ཡིན་ནོ། །གལ་ཏེ་བྱེ་བྲག་ཏུ་བྱེད་པ་དང་བྱ་བའི་ཤེས་པ་དག་དུས་གཅིག་ཏུ་གྱུར་ན་དོན་མེད་པར་མ་ཟད་ཀྱི་ཡང་སྒྲུབ་པར་བྱེད་པ་སྟེ། སྐྱེད་པར་བྱེད་པ་དང་། བསྒྲུབ་པར་
བྱ་བ་སྟེ། བསྐྱེད་པར་བྱ་བར་མི་འགྱུར་རོ། །གལ་ཏེ་ཤེས་པའི་དོན་དང་འདྲ་བ་ཉིད་དང་། དེ་རྟོགས་པ་དག་ཀྱང་དུས་གཅིག་པའི་ཕྱིར་སྐྱོན་དེར་འགྱུར་རོ་ཞེ་ན། ཤེས་པའི་ཆ་ཤས་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཆོས་ཀྱི་བྱེ་བྲག་ཡོད་ཀྱང་དངོས་པོར་གྱུར་པའི་བྱེ་བྲག་མེད་
པའི་ཕྱིར་མི་རུང་ངོ་ཞེ་ན། དངོས་པོ་ཐ་དད་པ་མེད་ཀྱང་ནུས་པའི་བྱེ་བྲག་གིས་ཐ་དད་པ་དཔེར་ན་མར་མེ་རང་གསལ་བར་བྱེད་དོ་ཞེས་རྣམ་པར་གཞག་པ་མཐོང་བའི་ཡང་ཕྱིར་ཏེ། དཔེ་ཡང་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོར་གྱུར་པའི་ཐ་དད་པ་མེད་པའི་ཕྱིར་རྣམ་པར་གཞག་པ་ཡང་མི་
เล่ม ๑๘๗ · หน้า 198a
སྲིད་དོ་ཞེ་ན། ཐ་དད་པ་འདི་ཞེས་བྱ་བ་སྨོས་ཏེ། བྱེད་པ་དང་བྱ་བའི་ཐ་སྙད་འདིའོ། །དེ་ཡང་བྱ་བ་དེ་ཉིད་བྱེད་པ་པོར་བརྗོད་ཅེས་བྱ་བ་འདོད་པའི་ཕྱིར་རོ། །བུམ་པའི་གཟུགས་དང་རོ་ལ་སོགས་པ་ཐམས་ཅད་ཉེ་ཡང་། གཟུགས་སམ་རོ་ལ་སོགས་པ་འགའ་ཞིག་ཁོ་ན་རྟོགས་
ཏེ། དེས་ན་ཉེ་བ་ལ་བྱེ་བྲག་མེད་ཀྱང་གཟུགས་སམ་རོ་ཁོ་ན་རྟོགས་པའི་བྱེ་བྲག་དེའི་བློའི་སོ་སོར་སྣང་བ་སྟེ། དོན་གྱི་རྣམ་པ་ཉིད་ཀྱིས་བྱས་པས་དེ་ཁོ་ན་ཚད་མར་རིགས་ཏེ། རྟོགས་པའི་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་ལུགས་ལ་བརྟེན་ཏེ་བཤད་ནས་
རྣམ་པར་ཤེས་པར་སྨྲ་བའི་ལུགས་བསྟན་པར་བཞེད་ནས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མའི་འབྲས་བུ་རྟོགས་པ་ཉིད་ཡོད་མོད་ཀྱི་འོན་ཀྱང་དོན་རྟོགས་པ་ཞེས་བྱ་བ་ལ་འདི་ཅི་ཞིག་ཅེས་འདྲི་བ་བརྩམས་སོ། །དོན་ལ་སྐྱེས་པ་དང་དོན་འདྲ་བ་དག་ལས་མྱོང་བར་གཞག་གོ། །བུམ་
པའི་རྣམ་པ་ཅན་དུ་འདྲ་བས་ཡུལ་མཚུངས་པའི་འདས་མ་ཐག་པའི་ཤེས་པ་སྟེ། མཚུངས་པ་དེ་མ་ཐག་པའི་ཤེས་པ་ཡུལ་འདྲ་བ་ཅན་ཡང་རིགས་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལྟ་ན་འདི་ཉམས་སུ་མྱོང་ངོ་ཞེས་བྱ་བ་འདི་ཅི་ཞིག་སྟེ་དེ་མེད་པར་འགྱུར་རོ་ཞེ་ན། དོན་དེ་ཉིད་རྗེས་སུ་སྟེ་ཁྱོད་
ཀྱིས་ཕྱི་རོལ་འདིའི་ཞེས་བསྒྲུབས་ན་ཁོ་བོས་ཀྱང་དོན་རྟོགས་ཀྱི་དེ་ལྟ་མ་ཡིན་ན་ཚད་མ་ཁོ་བོས་མ་མཐོང་ངོ་ཞེས་སྟོན་ཏོ། །མངོན་སུམ་གྱིས་མཐོང་བ་དང་ཐོས་པ་དག་ལས་དེའི་རྗེས་སུ་བྱེད་པའི་ངེས་པའི་ཤེས་པ་དག་ཏུ་འགྱུར་ལ་དེ་ལྟར་འགྲུབ་པ་དེ་དག་དོན་དེ་ཉམས་སུ་མྱོང་བའོ་ཞེ་ན། འདི་བལྟས་སོ་
འདི་མཉན་ནོ་ཞེས་བྱ་བ་དེ་དག་ཉིད་རྒྱུ་ཇི་ལྟར་ན་ཤེས་པ་དེ་དོན་དེའི་མཐོང་བ་ཡིན་ནོ་ཞེས་དོན་དང་ཤེས་པ་འབྲེལ་པར་བྱེད་པའི་རྒྱུ་འདིར་དཔྱོད་པ་མ་ཡིན་ནམ། གལ་ཏེ་འདི་དཔྱད་པར་ཅི་དགོས་ཤེ་ན། དོན་དེ་དག་མཐོང་བ་རྣམ་པར་གཞག་པ་ནི་དོན་དེ་དག་ཤེས་པའི་འབྲེལ་པ་བརྟེན་ནས་རྣམ་པར་
ངེས་ཏེ། འབྲེལ་པ་དེ་མེད་ན་ནི་འདི་བལྟས་འདི་མཉན་ཏོ་ཞེས་བྱ་བ་དེར་མི་འགྱུར་ཏེ། འབྲེལ་པ་མེད་པ་དག་ཀྱང་དེ་དག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་ཡོད་པ་མ་ཡིན་པར་བསམས་ཏེ་རྣམ་པར་དཔྱད་ནས། ད་ནི་དོན་ཡོད་ཀྱང་བློ་ལ་དེ་དང་འདྲ་བ་ཉིད་མེད་དོ་ཞེས་བསྟན་པའི་ཕྱིར་ཤེས་པའི་
เล่ม ๑๘๗ · หน้า 198b
ཡུལ་དང་འདྲ་བ་ཡང་མ་ཡིན་ཏེ་ཞེས་སྨོས་ཏེ། དང་པོ་རང་གི་སྡེ་པའི་ལུགས་དཔྱད་པའི་ཕྱིར་དེའི་སྣང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བློའི་སྣང་བའོ། །ཕྱི་རོལ་པའི་ལུགས་དཔྱད་པའི་ཕྱིར་ཡུལ་ལ་ཞེས་བྱ་བ་ལ་སོགས་ཏེ། གལ་ཏེ་བློ་ལ་རགས་པར་སྣང་བ་ཉིད་དོན་གྱི་རྣམ་པ་ཡིན་ཏེ། ཡུལ་
ལ་ཡན་ལག་ཅན་རགས་པ་གཅིག་ཡོད་པའི་ཕྱིར་རོ་ཞེ་ན། ཡུལ་ལ་རགས་པ་གཅིག་ཏུ་རྟོགས་པར་འགྱུར་བ་དེ་ལྟ་བུ་ནི་མེད་དོ། །ཡུལ་རགས་པ་གཅིག་ཉིད་ཡོད་ན་ལག་པའམ། རྐང་པ་ལ་སོགས་པ་གཅིག་གཡོ་བས་ལུས་ཐམས་ཅད་གཡོ་བར་འགྱུར་ཏེ། གཡོ་བ་དེ་ཉིད་ལས་
གཞན་མ་ཡིན་པའི་ཕྱིར་རོ། །གོས་ཁྲུས་མཁན་གྱི་དབྱུག་པ་ལས་བརྒྱང་བ་ལས་ཆུས་ཁྲུ་བ་ན་གོས་ནི་གནས་ལ་ཆུ་ནི་མི་གནས་པར་འཛག་པ་བཞིན་ནོ། །ཡང་ན་ཕྱོགས་གཅིག་མ་བསྒྲིབས་ན་ཡང་ཐ་དད་པ་མེད་པའི་ཕྱིར། གང་ལ་ཡང་མ་བསྒྲིབས་པའི་ཕྱིར་རོ། །གལ་ཏེ་ཆ་ཤས་
ལག་པ་ལ་སོགས་པ་བསྒྲིབས་ཀྱི་ཆ་ཤས་ཅན་ལུས་ནི་མ་བསྒྲིབས་སོ་ཞེ་ན། ལུས་འདི་ནི་སྔོན་དུ་མ་བསྒྲིབས་པ་བཞིན་དུ་ནའོ། །གལ་ཏེ་ཆ་ཤས་འདི་ཐམས་ཅད་ཀྱི་སྒོ་ནས་ཆ་ཤས་ཅན་མཐོང་བའི་ཕྱིར་གཅིག་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཆ་ཤས་ཐམས་ཅད་མཐོང་བ་ལ་རག་ལས་ན་ལག་
པ་ལ་སོགས་པ་ཆ་ཤས་རྣམས་ཀྱང་དེའི་ཕྱི་རོལ་དང་དབུས་མཐའ་དག་ཅིག་ཅར་མཐོང་བར་མི་ནུས་པའི་ཕྱིར་ཆ་ཤས་ཅན་འདི་ཐམས་ཅད་དུ་མི་མཐོང་བར་རོ། །གཅིག་ཉིད་ཀྱི་ཕྱིར་ཅུང་ཟད་ཁ་བསྒྱུར་ན་ཐམས་ཅད་ཁ་བསྒྱུར་བའམ་ཅུང་ཟད་ཁ་མ་བསྒྱུར་ན་ཡང་ཐམས་ཅད་ཁ་མ་བསྒྱུར་བར་རྟོགས་
པར་ཐལ་བར་འགྱུར་རོ། །དོན་དང་བློ་ལ་འདྲ་བ་ཅུང་ཟད་ཀྱང་མེད་པ་དེ་ཉིད་ཀྱི་ཕྱིར་བློ་ལས་གཞན་དོན་མྱོང་བ་ཡོད་མིན་ལ་བློ་ཉིད་མྱོང་བ་ཡིན་ནོ། །བློ་དེ་མྱོང་བ་ཡང་བློ་གཞན་ནི་མ་ཡིན་གྱི། །བློ་དེའི་མྱོང་བ་བློ་དེའི་བདག་ཉིད་ཁོ་ན་སྟེ། ཐམས་ཅད་དུ་གཟུང་བ་དང་འཛིན་པ་མི་ལྡན་ཏེ་མེད་པའི་ཕྱིར་
རོ། །དེའི་ཕྱིར། བློ་འདི་འདི་ལྟར་རང་གིས་རང་གསལ་བྱེད། །འདྲ་བ་མེད་པ་དང་དེ་ལས་བྱུང་བ་དང་། དེ་འདྲ་བ་ཡང་འཁྲུལ་པ་དང་ཡུལ་དང་འདྲ་བ་ལས་གཞན་གྱིས་ཀྱང་འཛིན་པར་མི་རིགས་པ་དག་གིས་ཡུལ་གྱི་མཚན་ཉིད་གསལ་བའི་ཕྱིར་དོན་འགའ་ཡང་ཉམས་སུ་མྱོང་བ་མེད་ལ། བློ་
เล่ม ๑๘๗ · หน้า 199a
འདི་ཡང་རང་ལས་གཞན་འགའ་ཡང་ཉམས་སུ་མྱོང་བ་མ་ཡིན་ཏེ། བློ་གཞན་དེ་ལ་ཡང་གཟུང་བ་དང་འཛིན་པའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །མར་མེ་ལ་སོགས་པའི་གསལ་བའི་དངོས་པོས་རང་གསལ་བར་བྱེད་པ་བཞིན་ནོ། །གལ་ཏེ་དེ་ལྟ་ན་
སྔོན་པོ་མྱོང་བ་ཞེས་བྱ་བའི་དྲུག་པ་ཇི་ལྟར་འཐད་ཅེ་ན། སྔོན་པོ་ལ་སོགས་པ་ཞེས་གསུངས་ཏེ། སྔོན་པོ་རང་བཞིན་དེ་ཉིད་ཉམས་སུ་མྱོང་བ་ཡིན་པའི་ཕྱིར་སྔོན་པོ་ཡང་དེ་ཡིན་ལ་མྱོང་བ་ཡང་དེ་ཡིན་པས་སྔོན་པོ་མྱོང་བ་སྟེ། ཨུཏྤལ་སྔོན་པོ་བཞིན་ནོ། །གལ་ཏེ་ཡུལ་མེད་ན་བླང་བ་དང་དོར་
བ་དག་མེད་པར་འགྱུར་རོ་ཞེ་ན། གང་གི་ཚེ་འདོད་པ་དང་མི་འདོད་པའི་རྣམ་པར་ཉམས་སུ་མྱོང་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་རིག་པ་ཁོ་ནས་ཏེ། བློ་རང་གི་རྣམ་པ་མྱོང་བ་ཁོ་ནས་དོན་རྟོགས་པ་རྫོགས་པར་འགྱུར་བས་རང་གི་རྣམ་པར་མྱོང་བ་དེ་ཁོ་ནར་འབྲས་བུར་རིག་
པའོ། །གལ་ཏེ་དོན་དེ་རང་ཉིད་ཀྱིས་ཇི་ལྟར་རྣམ་པར་གནས་པ་རྟོགས་པར་འགྱུར་ན། དོན་གཅིག་ལ་ཤེས་པ་ཐམས་ཅད་འདོད་པ་གཅིག་ཉིད་དུ་ངེས་པར་འགྱུར་གྱི། སྐྱེས་བུའི་བྱེ་བྲག་གིས་སྣ་ཚོགས་སུ་མྱོང་བར་མི་འགྱུར་ཏེ། དོན་གཅིག་ལ་སྣ་ཚོགས་ཉིད་འགལ་བའི་ཕྱིར་རོ། །
གལ་ཏེ་གཅིག་ཏུ་ངེས་སོ་ཞེ་ན། རྣམ་པ་ནི་སྣ་ཚོགས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲོག་ཆགས་ཀྱི་བྱེ་བྲག་གིས་དབང་པོའི་བདེ་བ་སྡུག་བསྔལ་ཉིད་དུ་སྐྱེ་བའི་ཕྱིར་ཏེ། ལུས་དང་ལྕེས་རེག་པ་ཙམ་གྱིས་འདོར་བ་དང་ལེན་པའི་ཕྱིར་རོ། །དོན་མཐུན་པར་འཛིན་པ་མ་ཡིན་པ་
དེའི་ཕྱིར་རང་གི་རྣམ་པར་རིག་པའི་རང་རིག་པའི་བདག་ཉིད་ཁོ་ན་དོན་རྟོགས་པ་ཡིན་ནོ། །རྟོགས་པ་དེའི་སྒྲུབ་པར་བྱེད་པ་སྟེ། ཚད་མ་ཡང་ཡུལ་གྱི་རྣམ་པ་ཉིད་ཡིན་ཏེ། རྣམ་པ་དེའི་སྒོ་ནས་རང་རིག་པར་གཞག་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། རྣམ་པ་ཇི་ལྟར་སྣང་བ་ལྟར་ཤེས་པ་འདིའི་
རྣམ་པར་གཞག་པའི་ཕྱིར་ཡིན་གྱི། ཕྱི་རོལ་གྱི་དོན་གྱི་དབང་གིས་ནི་མ་ཡིན་ཏེ། དེ་ལ་འདོད་པ་དང་མི་འདོད་པ་སྣ་ཚོགས་འགལ་བའི་ཕྱིར་རོ། །དེ་ལྟར་ན་རྟོགས་པ་འདི་རང་རིག་པ་ཡིན་ཡང་ཕྱི་རོལ་ལས་སྐྱེས་པའི་ཕྱིར་དེའི་འབྲས་བུ་ཡིན་པས་ན་དོན་རིག་པར་བལྟ་བར་བྱའོ། །རྣམ་པ་དང་
เล่ม ๑๘๗ · หน้า 199b
རྟོགས་པ་གཉི་གའང་དོན་གྱི་འབྲས་བུ་དེ་ཉིད་ཀྱི་ཕྱིར་ཚད་མ་དང་འབྲས་བུ་དག་ཡུལ་ཐ་མི་དད་དོ། །དེ་ལྟར་ཕྱིའི་དོན་ཁས་བླངས་ནས་ཚད་མ་ལ་སོགས་པ་སྨྲས་ཀྱི། དོན་དམ་པའི་རང་བཞིན་སེམས་པ་ན། དོན་མི་རིགས་པར་སྔར་བསྒྲུབས་པའི་ཕྱིར། དོན་རིག་བློ་དེའི་བདག་ཉིད་ཡིན་པའི་ཕྱིར་
རོ། །རང་ཉིད་རིག་པ་སྔོན་པོ་ལ་སོགས་པ་དེ་ལྟར་རབ་ཏུ་སྣང་བའི་ཤེས་པ་སྔོན་པོ་དེ་འདྲ་བའམ། དེ་ལས་གཞན་ཏེ་སྔོན་པོ་མ་ཡིན་པ་དེ་འདྲ་བའམ་སྟེ། སྔོན་པོ་མེད་པར་རང་ཉིད་ནང་གི་བྱེད་པ་དེ་ལྟར་སྣང་བ་ཡང་རུང་བའོ། །ཡང་འདོད་པ་དང་མི་འདོད་པ་དག་ཕྱི་རོལ་ལ་མེད་ཀྱང་ཤེས་པ་
འདོད་པ་དང་མི་འདོད་པར་སྣང་བའི་ཕྱིར་དོན་དང་མི་འདྲའི་ཤེས་པ་དེ་སྣང་བ་ནི་དོན་ལས་གཞན་འདྲ་བའོ། །དོན་དང་འདྲ་བ་ཉིད་མེད་ཀྱང་འོན་ཀྱང་ཤེས་པ་དེ་སྐྱེད་པའི་རྒྱུའི་དོན་ཕྱི་རོལ་དེ་ཡང་དེའི་དོན་དུ་འདོད་པ་ཡིན་ཏེ། ཁས་བླངས་པས་གཞལ་བྱ་སྟེ་ཡུལ་དུ་གཞག་པ་ཡིན་ནོ། །གལ་
ཏེ་ཤེས་པ་འདྲ་བར་ངེས་པར་མི་འདོད་ན་རྒྱུ་ཙམ་གྱིས་ཇི་ལྟར་ཤེས་པ་དེས་དོན་གཟུང་བར་འགྲུབ་ཅེ་ན། བདེན་ཞེས་བྱ་བ་སྨོས་ཏེ་འདྲ་བ་མེད་པས་ན་དོན་གཟུང་བ་ཞེས་བྱ་བར་མི་འགྱུར་བ་དེ་ནི་བདེན་ཏེ་དོན་གཟུང་བ་ཞེས་བྱ་བར་སྒྲུབ་པར་བྱེད་པ་མེད་ལ། དེ་ལ་གནོད་པར་བྱེད་པ་ནི་སྔར་བསྟན་པའི་
ཕྱིར་དང་འོག་ནས་ཀྱང་སྟོན་པར་འགྱུར་བས། དོན་གཟུང་བ་ཞེས་བྱ་བ་འདི་འདྲ་བདག་ལའང་ཤེས་པ་མེད་དེ། འོན་ཀྱང་རང་ཉིད་རིག་པ་ཞེས་བྱ་བར་ཚད་མས་གནས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡུལ་ཁོ་ནའི་རྣམ་པ་འགའ་ཞིག་ནང་དུ་སྟེ། བློ་ལ་ཡོངས་སུ་གཅོད་དེ་རྟོགས་པ་ན་ཡང་
རྣམ་པ་དེ་རང་གིས་རིག་པར་སྐྱེ་བས་ན་ཡུལ་དང་རྟོགས་པ་དང་ཚད་མ་དག་ཉེ་བར་མཚོན་པ་སྟེ་ངོ་ཤེས་པར་འགྱུར་རོ། །དེ་ལ་ཡང་ཕྱི་རོལ་གྱི་དོན་མེད་ཀྱང་། ཚད་མའི་གཞལ་བྱ་འབྲས་བུ་ཡི། །རྣམ་གཞག་ལོག་པས་དེ་བསླད་པས། །གཟུང་དང་འཛིན་དང་ཉམས་མྱོང་ཞེས། །དབྱེ་
བ་རྟོགས་པས་མཚོན་དེ་ཤེས་པར་འགྱུར་བའོ། །གཟུང་བ་དང་ནི་གཞལ་བྱའོ། །འཛིན་པ་ནི་འཇལ་བྱེད་དོ། །རིག་པ་ནི་འབྲས་བུའོ། །དེ་དག་ནི་འཁྲུལ་བས་ཇི་ལྟར་མཐོང་བ་བཞིན་དུ་བྱས་ཏེ། འཁྲུལ་བ་ལས་གཞན་དུ་ཡང་དག་པར་ན་རང་རིག་པའི་དངོས་པོ་གཅིག་ཅིག་ལ་གཟུང་བ་
เล่ม ๑๘๗ · หน้า 200a
དང་འཛིན་པ་དང་རིག་པ་མཚན་ཉིད་ཐ་དད་པར་རྟོགས་པ། ཇི་ལྟར་བདེན་པའི་རྣམ་པ་ཡིན། །དེ་བདེན་ན་ཤེས་པ་གཅིག་པ་ཉིད་ནི་ཉམས་པར་འགྱུར་རོ། །ཤེས་པ་དེ་གཅིག་ཉིད་ཡིན་ན་གཞན་རྣམ་པ་དེའི་གཞན་དེ་དུ་མ་ཉིད་ཀྱང་ཉམས་པར་འགྱུར་རོ། །གལ་ཏེ་རྣམ་པ་
རྣམས་ཀྱིས་དབེན་པའི་ཤེས་པ་གཅིག་ཡོད་དོ་ཞེ་ན། དེ་ནི་མེད་དོ། །གཅིག་གི་བདག་ཉིད་མ་མཐོང་ཕྱིར། །དེ་ནམ་ཡང་མྱོང་བ་མེད་དོ། །དེ་ལྟ་བས་ན་གཅིག་པ་ཉིད་དུ་གཞག་པའི་རྒྱུ་ཚད་མས་བདག་ཉིད་ཐ་མི་དད་པར་མཐོང་ན་གདོད་བློ་ཡིས་ཐ་མི་དད་པར་རྟོགས་ཀྱི། གཞན་དུ་མ་ཡིན་པའི་ཕྱིར་
རྣམ་པས་དབེན་པའི་ཤེས་པ་གཅིག་པུ་ཉིད་ནི་ཁས་མི་བླང་ངོ་། །དེ་ལྟར་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་གཉི་ག་ཡང་མི་འཐད་པའི་ཕྱིར་རྣམ་པར་ཤེས་པ་སྨྲ་བ་ཡང་མི་གནས་པས་ངོ་བོ་ཉིད་མེད་པར་འཇུག་པའི་ཕྱིར། གང་གིས་དངོས་པོ་རྣམ་དཔྱད་ན་དེའི་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །གལ་ཏེ་འཁྲུལ་པའི་རྒྱུ་ཆོས་མཐུན་པ་མཐོང་བ་དང་། ཡུལ་མི་གསལ་བ་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་ལ་ལྟོས་ནས་འཁྲུལ་པར་འགྱུར་ཏེ། དངུལ་གཡའ་དཀར་པོ་ཡོད་པ་དང་འདྲ་བ་མཐོང་ནས་ཉ་ཕྱིས་ལ་འཁྲུལ་པ་ལྟ་བུའོ། །ཕྱིའི་རྒྱུ་མེད་ན་ནི་ཡུལ་མེད་པའི་
འཁྲུལ་པ་མེད་ན། ཤེས་པ་རང་རིག་པ་གཅིག་པུ་འདི་ལ་ཆོས་མཐུན་པ་མཐོང་བ་དེ། ཤེས་པ་གཅིག་པུ་ཉིད་གང་ལ་ཡང་གཟུང་བ་ལ་སོགས་པའི་བྱེ་བྲག་དང་འདྲ་བ་དེ་དག་ཏུ་གནས་པ་མེད་པས། འགྲོ་བས་ཐ་དད་པ་དེར་མཐོང་བ་མེད་པའི་ཕྱིར་ཐ་དད་པར་འཁྲུལ་པ་མི་སྲིད་དོ་ཞེ་ན།
འདི་ཡང་ཡིན་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཚད་མ་ལ་སོགས་པའི་ཞེས་བྱ་བ་འདྲི་བ་འདི་ནི་སྔར་གསལ་ཟིན་མོད་ཀྱི། ལན་གཞན་བསྟན་པའི་ཕྱིར་ཡང་ཉེ་བར་བཀོད་དོ། །ཟླ་བ་གཉིས་པ་ལ་སོགས་པས་ནི་སྐྲ་ཤད་ལ་སོགས་པའོ། །སྔོན་པོ་དང་། དེ་ཤེས་
པ་དང་། ཟླ་བ་གཉིས་པ་དང་། དེ་ཤེས་པ་འདི་དག་ལས་རྣམ་པ་གཅིག་མི་དམིགས་ན་གཞན་དམིགས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ལྷན་ཅིག་དམིགས་པར་ངེས་པ་དེ་རང་བཞིན་ཐ་དད་པ་ལ་རིགས་པ་མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ། །གལ་ཏེ་གཟུགས་དང་སྣང་བ་དག་
เล่ม ๑๘๗ · หน้า 200b
འབྲེལ་པ་མེད་ལ་ལྷན་ཅིག་དམིགས་པར་ངེས་པ་ཡང་ཡོད་དོ་ཞེ་ན། གཟུགས་དང་སྣང་བ་དག་ནི་གཟུགས་ཤེས་པ་དེ་སྐྱེད་པ་ལ་ལྷན་ཅིག་བྱེད་པས་ནུས་པ་འཐོབ་པའི་མཚན་ཉིད་ཀྱི་འབྲེལ་བ་ཡོད་དོ། །སྣང་བས་མིག་གི་དབང་པོའི་ནུས་པ་སྐྱེ་བའི་མཚན་ཉིད་ཡོད་པའི་ཕྱིར་སྣང་
བ་མེད་ན་གཟུགས་དམིགས་པར་མི་འགྱུར་ཏེ། དེའི་ཕྱིར་འབྲས་བུ་གཟུགས་དམིགས་པ་ལ་རྒྱུ་སྣང་བ་མི་འཁྲུལ་པའི་ཕྱིར་ལྷན་ཅིག་དམིགས་པ་ངེས་སོ། །དེ་ཉིད་སྣང་བ་དང་གཟུགས་དག་ཅེས་བྱ་བ་སྨོས་ཏེ། གཟུགས་དང་སྣང་བ་དང་ལྷན་ཅིག་པ་ཉིད་གཟུང་བའི་མཚན་ཉིད་དུ་
འགྱུར་གྱི། ལྷན་ཅིག་མ་ཡིན་པ་ནི་མི་འགྱུར་རོ། །ཡང་ན་དེ་དག་ལྷན་ཅིག་དམིགས་པར་ངེས་པ་ཉིད་མ་ཡིན་ཏེ། གཟུགས་མེད་པའི་སྣང་བའི་ནམ་མཁའ་འབའ་ཞིག་མཐོང་བའི་ཕྱིར་དང་། བྱི་ལ་སོགས་པ་སྲོག་ཆགས་ཀྱི་བྱེ་བྲག་གིས་མུན་པ་ན་ཡང་གཟུགས་ལ་
དམིགས་པའི་ཕྱིར་རོ། །ལྷན་ཅིག་དམིགས་པར་ངེས་པ་ཉིད་མ་གྲུབ་པར་འདོད་པས་གལ་ཏེ་ཞེས་བྱ་བ་སྨོས་ཏེ། ཤེས་པའི་རྒྱུ་ཡིན་པའི་ཕྱིར་དུས་སྔ་མ་ཡིན་པས་ཡུལ་ནི་སྔར་དམིགས་ལ། ཡུལ་དེ་ནི་ཡང་དག་པར་མྱོང་བའི་ཤེས་པ་ནི་ཕྱིས་དམིགས་སོ་ཞེ་ན། དམིགས་
པར་བྱེད་པས་དམིགས་པ་སྟེ་ཤེས་པའོ། །དེ་ཡུལ་དམིགས་པའི་དུས་ན་རང་རིག་པའི་མངོན་སུམ་མ་ཡིན་ན། ཡུལ་དེ་མཐོང་བ་ཡང་རབ་ཏུ་མི་འགྲུབ་པོ། །ཡུལ་མཐོང་བ་ནི་མ་ཡིན་གྱི་ཡུལ་ཡོད་པ་ཙམ་གྱིས་སོ་ཞེ་ན། ཡུལ་ཡོད་པ་ཙམ་གྱིས་ཡུལ་ལ་ཤེས་པས་དམིགས་
པ་ནི་མ་ཡིན་ནོ། །འོན་ཀྱང་ཡུལ་དེ་ལ་དམིགས་པའི་ཤེས་པ་ཡོད་པས་སོ། །ཤེས་པ་དེ་ཡང་རང་རིག་པའི་ཚད་མས་གྲུབ་པ་མ་ཡིན་པས་བདེན་པའི་རྒྱུ་མཚན་ཅན་ཏེ། ཚད་མའི་རྒྱུ་ཅན་གྱི་ཡུལ་དམིགས་པའི་ཐ་སྙད་མི་འགྲུབ་པོ། །ཤེས་པ་དེ་མ་གྲུབ་ན་དེ་ཡུལ་ཡང་ཡོད་པར་མི་
འགྲུབ་སྟེ། མི་རྟོགས་པའི་ཕྱིར་འགྲོ་བའི་བྱེ་བྲག་སྣ་ཚོགས་ནི་ནུས་པར་ཏེ་མི་རྟོགས་པར་འགྱུར་རོ། །གལ་ཏེ་ཡུལ་དམིགས་པའི་ཤེས་པ་ཕྱིས་བྱུང་བ་གཞན་གྱིས་ཡང་དག་པར་མྱོང་ངོ་ཞེ་ན། དེ་ལྟ་ན་ཡུལ་དེ་ཇི་སྲིད་བདག་ཉིད་དམིགས་པ་སྟེ། རང་གི་རྣམ་པར་ཤེས་པས་གཟུང་
เล่ม ๑๘๗ · หน้า 201a
བར་རུང་བའི་ཚེ་ན་མི་འགྲུབ་སྟེ། རང་གི་ཤེས་པ་གྲུབ་པ་མ་ཡིན་པའི་ཕྱིར་དང་། ཤེས་པ་ཕྱི་མས་ཡུལ་ལས་གཞན་དེའི་ཤེས་པའི་ཚེ་ནི་ཡུལ་དེ་རྟོགས་པ་འགྲུབ་པས། ཡུལ་རང་དམིགས་ཀྱང་ཡུལ་དེ་མ་འགྲུབ་ལ། དེ་ལས་གཞན་ཤེས་པ་དམིགས་པའི་ཚེ་ནི་མ་འགྲུབ་
པས། རང་དམིགས་པ་ན་ནི་མི་རྟོགས་ལ་གཞན་དམིགས་པའི་ཚེ་རྟོགས་སོ་ཞེས་བྱ་བ་ཕྱིན་ཅི་ལོག་གོ། །ཤེས་པ་གཞན་གྱིས་མྱོང་བ་ཁས་བླངས་ཏེ་བཤད་ནས། ད་ནི་གཞན་གྱིས་མྱོང་བ་ཉིད་བཀག་པའི་ཕྱིར་ཡང་དག་པར་མྱོང་བ་གཞན་ཞེས་བྱ་བ་སྨོས་ཏེ། རང་རིག་པ་ཁས་མི་ལེན་ན་
ཤེས་པ་དེ་ཕྱི་མ་དེ་ཡང་མི་དམིགས་པ་ཉིད་ཡིན་པས་དེ་ཡང་རང་གིས་མི་འགྲུབ་པས། རང་ཡང་དག་པར་མྱོང་བ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར། རང་རྟོགས་པར་བྱ་བའི་ཕྱིར་དམིགས་པ་གཞན་གྱི་རྗེས་སུ་འབྲང་བ་སྟེ། དེ་ཡང་ལྟོས་པར་འགྱུར་རོ། །དམིགས་པ་གསུམ་པ་དེ་ཡང་གཞན་
གྱི་རྗེས་སུ་འབྲང་བའི་རིམ་གྱིས་དམིགས་པའི་མཐའ་རྟོགས་པའོ། །ཤེས་པ་རང་རིག་པ་ཡིན་ན། དེ་ཉིད་ཀྱི་ཡུལ་ཡང་རིག་པ་དེས་ན་ཤེས་པ་དང་དེ་ཡུལ་ལྷན་ཅིག་དམིགས་པ་ངེས་པ་འགྲུབ་སྟེ། ཡུལ་དང་ཤེས་པ་གཅིག་ཉིད་ཡིན་པའི་ཕྱིར་དེ་འགྲུབ་པ་ཉིད་ཀྱིས་དེ་ཡང་གྲུབ་པའི་
ཕྱིར་རིམ་གྱིས་དམིགས་པར་བྱེད་པ་འགལ་བའི་ཕྱིར་རོ། །དེ་གྲུབ་པས་གྲུབ་པ་ཡང་དེ་དག་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ལྟར་ན་རིག་པར་བྱ་བ་མེད་པའི་ཕྱིར་ཡང་དག་པར་རིག་པ་ཉིད་དུ་མི་འགྱུར་རོ་ཞེ་ན། ཡང་དག་པར་རིག་པ་ཞེས་བྱ་བ་ཡང་ཡང་དག་པར་རིག་པ་དེའི་བདག་ཉིད་ཡིན་པས་ན་
རང་དེ་ལྟར་གསལ་བའོ། །གསལ་བ་དེ་རང་ལས་གཞན་གང་གི་ཡང་གསལ་བྱེད་མ་ཡིན་ཏེ། དེའི་རིག་པའི་ཆའི་བདག་ཉིད་རིག་པ་བཞིན་ནོ། །རིག་པའི་ཆ་དེ་ལས་ཀྱང་སྔོན་པོའི་ཆ་དེ་དོན་གཞན་ཡིན་པར་རིག་པ་མ་ཡིན་ནོ། །སྔོན་པོ་ལ་སོགས་པ་ཤེས་པ་དེའི་བདག་ཉིད་དུ་གྱུར་
པས་དེ་ལྟར་གསལ་བ་ནའོ། །ཡང་འཁྲུལ་པས་གཉིས་སུ་རིག་པའི་ཕྱིར་རང་དང་གཞན་གྱི་བདག་ཉིད་གསལ་བར་བྱེད་པ་ཡིན་ཏེ་མར་མེ་བཞིན་ནོ། །གཞན་ཡང་གསལ་བར་བྱེད་པ་དེའི་ཕྱིར་ཡུལ་འཛིན་པ་ཡང་ཡིན་ལ། རྣམ་པ་ཡང་ཡིན་པས་འཛིན་པའི་རྣམ་པ་སྟེ། དེས་ཡང་དག་
เล่ม ๑๘๗ · หน้า 201b
པར་མྱོང་བ་སྒྲུབ་པར་བྱེད་པ་འདོད་དོ། །ཡུལ་གྱི་རྣམ་པ་དེ་ལས་ཡུལ་མྱོང་བའི་ངོ་བོ་དེ་རྣམ་པར་གཞག་པའི་ཕྱིར་ཏེ། ཡུལ་དང་འདྲ་བ་མེད་ན་ཤེས་པས་དེ་མྱོང་བ་མི་རུང་བའི་ཕྱིར་རོ། །ཡུལ་དང་དེའི་ཚད་མ་བསྟན་པ་དེ་ལ་འདོད་ཆགས་ལ་སོགས་པ་རིག་པ་རྣམས་ནི། རང་ཉིད་ཡུལ་ལ་
ཚད་མ་ཉིད་རྣམ་གཞག་དེ་ནི་རང་རིག་པ་ཐམས་ཅད་ལ་ཀུན་དུ་སྦྱར་རོ། །རང་རིག་པ་དེ་ལ་ཡང་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར། དེ་བདག་ཉིད་རིག་པར་ནུས་པ་ཡིན་ཕྱིར་དེའི་ནུས་པ་ཚད་མའོ། །བདག་ཉིད་གཞལ་བྱ་རང་རིག་འབྲས། །ནུས་པ་ཞེས་བྱ་བ་དེ་ཉིད་ཅི་ཞེ་ན། འཁྲུལ་པའི་
རྣམ་པས་བསྡུས་པ་སྟེ་འཛིན་པའི་རང་བཞིན་ནོ། །དེ་ཡང་བདག་ཉིད་ཡོངས་གཅོད་དེ་བདག་ཉིད་འཛིན་པའི་མཚན་ཉིད་དེ། བདག་ཉིད་གཅོད་པར་ནུས་པས་ནུས་པ་ཞེས་ཀྱང་ཡོངས་གཅོད་ཅེས་བྱ་བ་ལ་སོགས་པའི་མིང་དུ་སློབ་དཔོན་གྱིས་མཛད་དོ། །དེ་ནི་རང་བདག་རིག་པའི་ཚད་
མའོ། །དེ་ནི་རྣམ་པར་ཤེས་པར་སྨྲ་བ་དང་ཕྱི་རོལ་གྱི་དོན་དུ་སྨྲ་བ་དག་གིས་ཐུན་མོང་དུ་བསྟན་ནས། ཕྱི་རོལ་གྱི་དོན་དུ་སྨྲ་བའི་དབང་དུ་བྱས་ཏེ། ཕྱིའི་དོན་ཀྱང་ཞེས་གསུངས་ཏེ། དེ་ཞེས་བྱ་བ་ནི་ལྷན་ཅིག་དམིགས་པ་ངེས་པ་དང་རིག་པར་བྱ་བ་དག་གིས་སོ། །ཕྱིའི་དོན་ཀྱང་ལྷན་
ཅིག་དམིགས་པ་ངེས་པ་རང་རིག་པར་བྱ་བས་ཞེས་བྱ་བའི་གཏན་ཚིགས་དག་ལས་ནི། སྔོན་པོ་ལ་སོགས་པ་བློའི་སྣང་བ་དང་། དེ་རིག་པ་དག་ཐ་མི་དད་པར་གྲུབ་པོ། །བློ་ལ་སྣང་བ་དེ་ལས་གཞན་པ་ཕྱི་རོལ་ཡོད་དོ་ཞེས་བྱ་བ་གང་ལས་ཤེ་ན། མིག་དང་། སྣང་བ་དང་ཤེས་པ་
དག་ནུས་པའི་རྒྱུ་གཞན་ཡོད་ཀྱང་། སྔོན་པོའི་རྣམ་པར་ཤེས་པ་གྲུབ་པ་མེད་ན། རྒྱུ་དེ་དག་ལས་གཞན་ཞིག་མ་ཚང་བར་རྟོགས་པར་བྱ་བ་ཡིན་ལ། དེ་ནི་ཕྱི་རོལ་གྱི་དོན་སྔོན་པོ་ཡིན་པར་འགྱུར་རོ། །ལྡོག་པས་ཕྱི་རོལ་སྒྲུབ་པ་འདིས་གང་གི་ཚེ་རྣམ་པར་ཤེས་པར་སྨྲ་བ་
དག་ནང་གི་ཉེ་བར་ལེན་པའི་དངོས་པོའི་བྱེ་བྲག་གིས་བྱས་པས་འབྲས་བུ་སྔོན་པོ་ཤེས་པ་ལྡོག་པ་ཡིན་པར་མི་སྨྲ་ན་ཕྱི་རོལ་འགྲུབ་པར་འགྱུར་རོ། །བག་ཆགས་མི་བརྟེན་པ་ནི་ཤེས་པ་མཚམས་སྦྱོར་མི་ནུས་པ་སྟེ། མཐོང་བའི་ཤེས་པ་དང་པྲད་པའི་ཤེས་པ་འདྲ་བར་སྐྱེད་པར་མི་ནུས་
เล่ม ๑๘๗ · หน้า 202a
པའོ། །མི་མཁས་པ་ནི་བསྟན་བཅོས་གོམས་པར་མ་བྱས་པའོ། །གཞན་ནི་ཚད་མའོ། །བག་ཆགས་བརྟན་པ་ནི་མཐོང་བ་དང་མཐུན་པའི་ཤེས་པའི་རྒྱུན་སྐྱེད་པར་ནུས་པའོ། །འཁོར་བ་ཀུན་དུ་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པའམ། མྱ་ངན་ལས་འདས་
པར་མ་ཞུགས་ཀྱི་བར་དུའོ། །མི་སླུ་བ་དང་མི་འབྲལ་བར་འཇུག་པའི་ཕྱིར་རོ། །ཐ་སྙད་ནི་འཇིག་རྟེན་པའི་གྲགས་པ་ལ་ལྟོས་ཏེའོ། །གལ་ཏེ་འཇིག་རྟེན་པའི་ཐ་སྙད་ཀྱིས་ཚད་མའི་མཚན་ཉིད་ཡིན་ན། འཇིག་རྟེན་ཉིད་ཀྱིས་རྟོགས་པའི་ཕྱིར་དེའི་དོན་དུ་བསྟན་བཅོས་རྩོམ་པ་དོན་མེད་
དོ་ཞེ་ན། དེ་ལྟ་ཡིན་ན་ཡང་ཚད་མའི་མཚན་ཉིད་འདི་ལ་ཡང་ཕ་རོལ་རིགས་པ་ཅན་ལ་སོགས་པ་བླུན་པོ་དག་མཁས་པའི་ང་རྒྱལ་གྱིས་ཐ་སྙད་དང་འགལ་བའི་བསྟན་བཅོས་ཀྱིས་འཇིག་རྟེན་དག་སླུ་བར་བྱེད་པ་དག་བསལ་བའི་ཕྱིར་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བྱ་བ་ནི་རིགས་པ་ཉིད་
དོ། །ཚད་མའི་མཚན་ཉིད་ཐམས་ཅད་ཐ་སྙད་པ་ཡིན་ནམ་ཞེ་ན། དོན་དམ་པའི་ཚད་མ་ནི་ཐོས་པའི་དོན་རིགས་པས་བསམས་པའི་རང་བཞིན་གྱི་ཤེས་རབ་གོམས་པར་བྱས་པ་ལས་གོམས་པ་ཡོངས་སུ་རྫོགས་ན། ཚད་མ་དག་གི་དོན་འཛིན་པའི་ཕྱིར། རྣམ་པར་འཁྲུལ་པས་དབེན་པ།
དྲི་མ་ནི་ཟག་པ་སྟེ་བྲལ་བའོ། །དེ་དག་ཉིད་ཀྱི་སླུ་བ་མེད་པའི་ཕྱིར་བསྟན་པ་ཡིན་ལ། དེ་ཡང་རྟགས་ལ་མི་བརྟེན་པར་ཡང་དག་པའི་དོན་མངོན་སུམ་དུ་བྱེད་པའོ། །ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ལས་མངོན་སུམ་གྱི་ལེའུ་སྟེ་དང་པོའོ།། །།མངོན་སུམ་
ལ་ནི་གཞན་གྱི་དོན་གསལ་བར་མི་བྱ་སྟེ། འདི་ལྟར་འདི་ནའོ་དེ་ནའོ་ཞེས་བྱ་བར་ཟད་པས་རྟོགས་པར་སླ་བའི་ཕྱིར་རོ། །རང་གི་དོན་ནི་ཤེས་པའི་བདག་ཉིད་དོ། །གཞན་གྱི་དོན་ནི་བརྗོད་པའི་མཚན་ཉིད་དོ། །རང་གི་རྒྱུད་ལ་ཡོད་པའི་ཤེས་པ་ཐེ་ཚོམ་ཡིན་པའི་ཕྱིར། གཞན་གྱིས་
གོ་བར་བྱེད་པ་མ་ཡིན་ལ། བདག་ཉིད་ཀྱིས་རྟོགས་ཟིན་པའི་དོན་གཞན་ལ་བརྗོད་པའི་ཕྱིར་གཞན་མ་ཡིན་པ་བདག་ཉིད་ཀྱིས་གོ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པ་ཚུལ་གསུམ་པ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་སྒྲ་སྟེ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལོགས་ཤིག་ཏུ་
เล่ม ๑๘๗ · หน้า 202b
བརྗོད་པར་མི་བྱའོ་ཞེ་ན། དོན་གྱི་བདག་ཉིད་ཀྱི་ཚུལ་གསུམ་ནི་རྟགས་ཅན་གོ་བར་བྱེད་ལ། རྟགས་ཅན་དེའི་རྟགས་ནི་ཚུལ་གསུམ་པའི་སྒྲ་ཡིས་གོ་བར་བྱེད་པས་སོ། །གལ་ཏེ་འཇུག་པའི་བྱེ་བྲག་ཡོད་ཀྱང་སྒྲའི་བྱེ་བྲག་གི་མཚན་ཉིད་ལོགས་ཤིག་ཏུ་སྨྲ་བར་མི་བྱ་སྟེ། རང་གི་དོན་གྱི་མཚན་ཉིད་
གསུམ་རྟོགས་པ་ཉིད་ཀྱིས། དེའི་སྒྲས་མཚན་ཉིད་ཀྱང་རྟོགས་པའི་ཕྱིར་ཏེ། འདི་ལྟར་རྟགས་གང་ཕྱོགས་གང་ལ་མཐོང་བའི་བསྒྲུབ་པར་བྱ་བ་དང་འབྲེལ་པ་རྟོགས་པའི་རྟགས་དེ་ཉིད་ལ་བསྒྲུབ་པར་བྱ་བའི་དངོས་པོ་རྟོགས་པར་བྱེད་པ་ཞེས་བརྗོད་ལ། དེ་ལ་གོ་བར་བྱེད་པ་རྟགས་ཀྱི་མཚན་ཉིད་
རང་གི་དོན་གྱི་བསྟན་བཅོས་ལས་བསྟན་པས། ལོགས་ཤིག་ཏུ་བསྟན་པར་འདོད་པའི་ངག་གི་རིམ་པས་བསྟན་པར་བྱས་པ་ཉིད་དེ། རྟགས་ཀྱི་རང་བཞིན་གསུམ་ལས་གཞན་འདིར་མ་བསྟན་པ་བརྗོད་པས་ནི་གོ་བར་བྱེད་པའི་ཆོས་གཏན་ཚིགས་བསྟན་པར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་
སྟོན་པ་པོ་གང་དག་རྟགས་ཀྱི་མཚན་ཉིད་ཀྱི་དོན་གང་རྟོགས་པ་དེ་སྨྲ་བར་ཤེས་པ་སྟེ། ལྐུགས་པ་ལ་སོགས་པ་མ་ཡིན་པའི་སྨྲ་བའི་ཚིག་དེ་ཉིད་རྟགས་ཀྱི་མཚན་ཉིད་རྟོགས་པར་བྱེད་པའི་བརྗོད་པ་ཡིན་གྱི། མཚན་ཉིད་གསུམ་བརྗོད་པ་ལས་གཞན་པའི་བརྗོད་པ་ཐབས་ཀྱི་མན་ངག་ལ་ལྟོས་པ་
མེད་དོ་ཞེ་ན། མཚན་ཉིད་རྟོགས་པ་ཙམ་གྱིས་མཚན་ཉིད་གསུམ་སྟོན་པར་ཤེས་ན་དེ་ཉིད་ཀྱིས་གཞན་གྱི་དོན་གྱི་མཚན་ཉིད་ཤེས་པ་དེ་ནི་བདེན་ན། དེ་ལྟ་མོད་ཀྱི་མཚན་ཉིད་ཤེས་ཀྱང་དེ་སྟོན་པའི་ངག་གི་རིམ་པ་མི་ཤེས་པའི་བྱིས་པ་ལ་བསྟན་པའི་ཐབས་འདིའོ། །ཁྱབ་པ་དང་ལྡོག་པ་མེད་
པ་དེས་མེད་ན་མི་འབྱུང་བ་མ་སྨྲས་པའི་ཕྱིར་སྟོན་པའི་ཚོགས་མ་ཡིན་ལ། དེ་བཟླས་པའི་དཔེ་དང་བསྒྲུབ་པར་བྱ་བ་དག་བཟླས་ཏེ་བརྗོད་པའོ། །དེ་དག་ནི་དགོས་པ་མེད་པའི་ཕྱིར་རྗོད་པར་བྱེད་པ་མ་ཡིན་པའོ། །འབྲས་བུ་བརྟགས་པས་ཚད་མ་ཡང་རྟོགས་པར་ནུས་པའི་ཕྱིར་མ་སྨོས་སོ། །
དོན་དང་ཇི་ལྟར་འབྲེལ་ཞེ་ན། རང་བཞིན་དང་ཞེས་བྱ་བ་སྨོས་ཏེ། རང་བཞིན་ནི་ཐ་དད་པ་མེད་པའོ། །བདག་ཉིད་གྲུབ་པས་ནི་འབྲས་བུའོ། །བདག་ཉིད་རྒྱུ་མེད་ན་རང་བཞིན་དང་འབྲས་བུ་དག་མི་འབྱུང་བ་དེ་བཞིན་དུ་དེ་དག་མེད་ན་དེ་དག་ལ་སྐྱེས་པའི་རྟགས་ཤེས་པ་མེད་པར་འགྱུར་བས།
เล่ม ๑๘๗ · หน้า 203a
རྟགས་ཤེས་པ་དེས་རབ་ཏུ་བསྐྱེད་པའི་རྗེས་སུ་དཔག་པ་ངོ་བོ་དང་རྒྱུ་རྟོགས་པ་ཡང་མེད་པར་འགྱུར་བའི་ཕྱིར་རོ། །རང་བཞིན་དང་འབྲས་བུ་མེད་ན་མི་འབྱུང་བ་བལྟ་བར་བྱ་བའི་དངོས་པོ་སྔོན་པོ་ལ་སོགས་པ་དང་། མིག་དང་། སྣང་བ་དང་། ཡིད་ལ་བྱེད་པ་དག་མ་ཚང་བ་མེད་པར་ཡོད་
པ་སྟེ། བསྒྲུབ་པར་བྱ་བ་ལོག་པ་བསྟན་ཏོ། །དེ་མཐོང་བ་མེད་པར་མི་འགྱུར་ཏེ་དམིགས་པ་ཁོ་ནར་འགྱུར་བའི་ཕྱིར་རྟགས་མི་འབྱུང་བར་བསྟན་ཏོ། །དེ་ལྟར་བརྒྱུད་དེ་དོན་དང་འབྲེལ་བའི་དངོས་པོ་རྗེས་སུ་དཔག་པ་ལ་སོ་སོར་སྣང་བ་དེ་ཉིད་དོན་རང་གི་མཚན་ཉིད་ཡིན་པར་ནི་རིགས་པ་མ་ཡིན་ཏེ།
རྗེས་སུ་དཔག་པས་གཟུང་བའི་དོན་དེ་མངོན་སུམ་ལ་གསལ་བ་དོན་བྱ་བ་བྱེད་པ་གཞན་དུ་སྣང་བའི་ཕྱིར་རོ། །རྟགས་གང་དག་རང་བཞིན་དང་སྐྱེ་བས་འབྲེལ་པའི་དངོས་པོ་སྔར་བཤད་པའི་ཇི་ལྟ་བ་དེ་འདྲ་བའི་རྟགས་ནི་རྟགས་ཤེས་པའི་བློའི་རྒྱུ་ཡིན་ལ་ཤེས་པ་དེས་སྐྱེད་པ་ནི་རྟགས་ཅན་བློ་སྟེ་རྗེས་སུ་
དཔག་པའོ། །དེའི་ཕྱིར་ཇི་བཞིན་དངོས་ལ་སྟེ། འབྲེལ་པ་ཇི་ལྟ་བའི་དངོས་པོ་ལ་འབྲེལ་ཏོ། །དངོས་སུའམ་ཞེ་ན། འདི་ལྟར་རྟགས་ཅན་རྟགས་བློ་དག །བརྒྱུད་དེ་དངོས་དང་འབྲེལ་ཕྱིར་རོ། །ཞེས་གསུངས་སོ། །འབྲེལ་པ་དེའི་ཕྱིར་སླུ་བར་བྱེད་པ་མིན་ནོ། །འོ་ན་འཁྲུལ་པ་ཇི་ལྟར་
རུང་ཞེ་ན། རྗེས་སུ་དཔག་པ་དེའི་སྣང་བའོ། །ཡུལ་དེ་དོན་རང་གི་མཚན་ཉིད་སྟོང་པ་ལ། དེའི་མཚན་ཉིད་དུ་ཞེན་པ་ལས་འཁྲུལ་པར་གཞག་པར་བྱས་ཏེ། དེ་ལ་མི་སླུ་བ་ཡང་རྣམ་པར་བསླད་པའི་སྒོ་ནས་སོ། །གལ་ཏེ་བསླད་པ་ཡིན་ན་ཇི་ལྟར་ཚད་མར་འགྱུར་ཞེ་ན། རྣམ་པ་ཕྱིན་ཅི་ལོག་
པས་ལྡོག་པའི་ཤེས་པར་དབྱེར་མེད་ཀྱང་བྱེ་བྲག་ཏུ་དོན་བྱེད་པ་ལས། ཇི་ལྟར་རིགས་པར་ནོར་བུ་འཐོབ་པའི་དོན་བྱེད་པ་ནི། ཡང་དག་པར་ཡིན་པ་ལ་ཅིག་ཤོས་ནི་ལོག་པ་ཉིད་དོ། །དེ་བཞིན་དུ་རྗེས་སུ་དཔག་པ་དང་དེ་མེད་པ་དག་ཀྱང་འཁྲུལ་པར་བྱེ་བྲག་མེད་ཀྱང་། མཐོང་བའི་དོན་དང་ཕྲད་
པའི་དོན་བྱེད་པ་དང་འབྲེལ་པས་རྗེས་སུ་དཔག་པ་ཚད་མ་ཉིད་དུ་རྣམ་པར་གཞག་གོ། །དོན་བྱེད་པ་དོན་དུ་གཉེར་བ་རྣམས་ཀྱིས་འདི་གཉིས་བསྟན་བཅོས་ལ་དཔྱད་པར་བྱའོ། །ཇི་ལྟར་རིགས་པ་ནི་བདེ་བའི་རྒྱུ་བླང་བར་བྱ་བ་ཉིད་དང་། ཅིག་ཤོས་སྤང་བར་བྱ་བ་ཉིད་དུའོ། །ཉེ་བར་གཞག་
เล่ม ๑๘๗ · หน้า 203b
པ་ནི་རྟོགས་པར་རོ། །དེ་དག་གི་རྒྱུ་ཚད་མ་ཅུང་ཟད་ཡོངས་སུ་བརྟག་པའི་རྟོག་པ་དང་ལྡན་པ་མཁས་པ་ནི། འབད་པ་འབྲས་བུ་མེད་པ་ལ་སོགས་པས་ཉོན་མོངས་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་རྗེས་སུ་དཔག་པའི་ཡུལ་གྱིས་དོན་བྱ་བ་སྒྲུབ་པ་ཉིད་མ་ཡིན་པས་ན་ཇི་ལྟར་དེ་བརྟག་
པར་བྱ་བ་ཡིན་ཞེ་ན། རྗེས་སུ་དཔག་པ་སོ་སོར་སྣང་བ་ཞེས་བྱ་བ་སྨོས་ཏེ། དེ་ནི་རྣམ་པར་རྟོག་པའི་ཡུལ་སྤྱི་ཡིན་ལ། དེ་ལ་ཡང་དོན་བྱེད་པའི་དངོས་པོ་འགགས་ཀྱང་སྤྱི་དེ་མི་འགག་པའི་ཕྱིར་དོན་བྱེད་པའི་དངོས་པོ་ཉིད་སོ་སོ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་སྤྱི་ཁས་ལེན་ཏམ་ཞེ་ན། དེས་
ཞེས་བྱ་བ་སྨོས་ཏེ། དོན་གྲུབ་པར་མེད་པས་དེས་ནའོ། །སྤྱི་ནི་ཡོད་ཀྱང་ཀུན་རྫོབ་ཉིད་ཡིན་གྱི་དོན་དམ་པའི་དོན་ཉིད་ནི་མ་ཡིན་ནོ། །གལ་ཏེ་དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ཚད་མར་མི་འགྱུར་རོ་ཞེ་ན། དངོས་པོ་མཚན་ཉིད་ལ་ཞེས་བྱ་བ་སྨོས་སོ། །མི་སླུ་བ་ཡང་ཅིའི་ཕྱིར་ཞེ་ན། ཡང་དེ་
དང་འབྲེལ་པའི་རྟགས་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་མི་སླུ་བ་ཉིད་དོ། །ཡང་ན་དེ་ལྟར་རྗེས་སུ་དཔག་པའི་སོ་སོར་སྣང་བ་དང་མི་སླུ་བའི་ཡུལ་གཉིས་སུ་བསྟན་ཏོ། །ཡང་དོན་དེ་གཉིས་སུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་བསྟན་ཏོ་ཞེས་བསྟན་པའི་ཕྱིར་ཡང་དེ་དང་འབྲེལ་བའི་ཞེས་བྱ་བ་སྨོས་ཏེ།
དོན་བྱེད་པ་སྒྲུབ་པ་དེ་དང་འབྲེལ་པའི་རྟགས་ཀྱིས་བསྐྱེད་པའི་སྣང་བ་ནི་རྟགས་ཀྱི་དངོས་པོ་སྟེ། འབྲས་བུ་ལ་རྒྱུ་ཉེ་བར་བཏགས་ནས། རྗེས་སུ་དཔག་པ་ལ་སོ་སོར་སྣང་བའི་ཡུལ་ལ་བྱའོ། །དེ་ལ་ལྟོས་ཏེ་སློབ་དཔོན་གྱིས་ཀྱང་དོན་དབྱེ་སྟེ། ཡུལ་གྱི་དབྱེ་བ་གསུངས་ཤེ་ནའོ། །ཞེའོ་ཞེས་བྱ་བ་ནི་
སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ། །བྱེ་བྲག་མེད་པ་ནི་གཅིག་པ་ཉིད་དོ། །དེ་དགག་པ་ནི་གཅིག་པ་མ་ཡིན་པའོ། །དེ་ལྟར་ན་རྗེས་སུ་དཔག་པ་དང་མངོན་སུམ་གྱི་སོ་སོར་སྣང་བའི་ཡུལ་དག་གཅིག་པ་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་གྱི། དེ་
དག་སོ་སོར་སྣང་བའི་ཡུལ་མང་བ་སྟེ། དངོས་པོ་གཉིས་སུ་བསྟན་པ་ནི་མ་ཡིན་ཏེ། མང་པོ་ཉིད་དུ་བསྒྲུབ་པ་ནི་དངོས་པོའི་ཡུལ་མ་ཡིན་ན། རྗེས་སུ་དཔག་པ་རྣམ་པར་རྟོག་པའི་སོ་སོར་སྣང་བ་ནི་དངོས་པོ་མེད་པའི་ཕྱིར་རོ། །གལ་ཏེ་རྣམ་པར་རྟོག་པའི་ཡུལ་སྤྱི་ཡིན་པའི་ཕྱིར་ཡུལ་
เล่ม ๑๘๗ · หน้า 204a
གཉིས་ཡོད་དོ་ཞེ་ན། སྤྱི་ཡང་དངོས་པོ་ལས་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། གཞན་ཉིད་ནི་དངོས་པོའི་ཡུལ་ལ་ཡིན་པའི་ཕྱིར་རོ། །གང་ཞིག་བསྲེགས་པའི་དགོས་པ་དང་ལྡན་པའི་དོན་མེ་ཤེས་པར་འདོད་པ་ལ་མེ་དེ་ལས་བཟློག་པ་མ་ཡིན་པ་ལས་བཟློག་པ་
དེ་མེ་ཙམ་མོ། །དེ་ལས་ཞེས་བྱ་བ་རྟགས་ལས་སོ། །རང་གི་མཚན་ཉིད་ཀྱི་བྱེ་བྲག་སོ་སོར་མི་འཛིན་པས་སོ། །སྨིག་རྒྱུ་ལ་ཆུ་བཞིན་དུ་དངོས་པོ་ཡོད་པ་ཤིན་ཏུ་རིང་བ་སྟེ། བརྒྱུད་པས་ཀྱང་མ་འབྲེལ་པས་ནི་མ་ཡིན་ནོ། །རྟགས་རྟོགས་པའི་བློ་ཡང་དུ་མ་སྤྱིའི་ཡུལ་ཅན་ནི་ཡིན་པའོ། །ཅིའི་
ཕྱིར་ཞེ་ན། རྟགས་ནི་རྗེས་སུ་འགྲོ་བ་ལ་བརྟེན་པའི་ཕྱིར། རང་གི་མཚན་ཉིད་ལ་ནི་རྗེས་སུ་འགྲོ་བ་མི་སྲིད་པའི་ཕྱིར་རོ། །ཅིག་ཤོས་ནི་ཞེས་པ་ནི་མངོན་སུམ་མོ། །ཡང་ཞེས་བྱ་བ་ནི་རང་གི་ཡུལ་ལས་གཞན་བརྟགས་བསམས་པའོ། །དེས་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟགས་དེས་རང་
གི་མཚན་ཉིད་སྟོན་པར་རོ། །ཚིག་ལེའུར་བྱས་པའི་ཆ་རྟགས་ལས་དོན་མཐོང་བའོ་ཞེས་བྱ་བ་བཤད་ནས། ཚུལ་གསུམ་ཞེས་བྱ་བ་ཆ་སྔ་མ་བཤད་པར་བཞེད་པས། ཚུལ་གསུམ་པོ་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངེས་པ་མཐའི་ཚིག་འདི་ནི་སྔ་མ་གཉིས་ལ་ཡང་སྦྱར་བར་བྱའོ། །འདིར་
ཞེས་བྱ་བ་ནི་ཐ་སྙད་དུ་བྱེད་པའི་དུས་དང་ཁྱབ་པ་རྟོགས་པར་བྱེད་པའི་དུས་དག་སྤོང་བས་གཏན་ཚིགས་ཀྱི་མཚན་ཉིད་བྱེད་པའི་དུས་འདིར་རོ་ཞེས་བྱ་བར་སྟོན་ཏོ། །འདིར་ཡང་རྗེས་སུ་དཔག་པ་ཞེས་བྱ་བའི་སྒྲའི་དོན་གཙོ་བོ་ནི་ཆོས་ཅན་དང་སྒྲུབ་པར་འདོད་པའི་ཆོས་སྡོམ་པ་ཡིན་པས་དེ་ཉིད་གཟུང་ན་རྟགས་
དགོས་པ་མེད་པ་ཞིག་གིས་མཚན་ཉིད་དུ་བསྟན་པར་འགྱུར་ཏེ། བསྒྲུབ་པར་བྱ་བ་སྒྲུབ་པ་ལ་ཡོད་པ་ཞེས་པ་སྨྲས་པའི་ཕྱིར་རོ། །རྟགས་རྗེས་སུ་དཔག་པས་བཟུང་བའི་དཔྱོད་པ་པ་དག་ལ་སྒྲ་ལ་བྱས་པ་ཉིད་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་ཀྱིས་སྒྲུབ་པ་ལྟ་བུའོ། །རྗེས་སུ་དཔག་པར་བྱ་བ་ལ་
ཡོད་པ་ཉིད་ཚད་མས་གྲུབ་པ་ཡིན་པ་དེ་བཞིན་དུ་དེ་དང་མཐུན་པ་ཉིད་ལ་ཡང་ངོ་། །རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་ཞེ་ན་ནི་ཆོས་ཅན་བྱེ་བྲག་ཅན་གྱི་ཆོས་སུ་བསྟན་པས་གཞན་མཐུན་པའི་ཕྱོགས་སུ་འཇུག་པར་མི་འགྱུར་ལ། གལ་ཏེ་རྗེས་སུ་དཔག་པར་བྱ་བ་ཁོ་ནའི་ཆོས་ཞེས་མ་སྨྲས་ན།
เล่ม ๑๘๗ · หน้า 204b
ཡང་དེའི་ཆོས་སམ་གཞན་གྱི་ཆོས་ཀྱང་རུང་ཞེས་བྱ་བར་འགྱུར་གྱི། རྗེས་སུ་དཔག་པར་བྱ་བའི་ཆོས་ཉིད་དུ་མི་འགྱུར་རོ་ཞེ་ན། མི་ལྡན་པ་དང་། གཞན་དང་ལྡན་པ་དང་། གཏན་མི་ལྡན་པ་རྣམ་པར་གཅོད་པ་ཞེས་བྱ་བའི་བྱེ་བྲག་གིས་ཆོས་ཀྱི་ཡོད་པ་དང་མེད་པ་རྣམ་པར་གཅོད་པའོ། །ལྡོག་པར་བྱེད་
པ་སྟེ། རྣམ་པར་གཅོད་པ་སྒྲུབ་པའིའོ། །ཚིག་གི་ཕྲད་ནི་འདིར་ངེས་པར་གཟུང་བའོ། །ལྡོག་པར་བྱེད་པ་ཡང་ཡིན་ལ་ཚིག་གི་ཕྲད་ཀྱང་ཡིན་པས་ལྡོག་པར་བྱེད་པའི་ཚིག་ཕྲད་དོ། །དེ་དག་ཀྱང་གང་ཞེ་ན། གོ་རིམས་བཞིན་དུ་མི་ལྡན་པ་རྣམ་པར་གཅོད་པའི་ཚིག་གི་ཕྲད་ནི་བྱེ་བྲག་ཏུ་བྱེད་པ་དང་
ལྷན་ཅིག་བརྗོད་པ་སྟེ། དེ་ལ་ཡོད་པ་ཁོ་ན་ཞེས་པ་ལྟ་བུའོ། །འདི་ཉིད་འོག་ནས་སྟོན་ཏོ། །གཞན་དང་ལྡན་པ་རྣམ་པར་གཅོད་པ་ནི་བྱེ་བྲག་ཏུ་བྱ་བ་དང་ངོ་། །གཏན་མི་ལྡན་པ་རྣམ་པར་གཅོད་པ་ནི་བྱ་བ་དང་ལྷན་ཅིག་བརྗོད་པའོ། །གལ་ཏེ་འདིར་ཚིག་ལེའུར་བྱས་པར་ངེས་པར་གཟུང་བ་
མ་སྨོས་ན་ཇི་ལྟར་ངེས་པར་བྱ་ཞེ་ན། ངེས་པར་གཟུང་བར་བརྗོད་པར་འདོད་པ་ཡིན་ལ། ངེས་པར་གཟུང་བའི་སྒྲ་མ་སྦྱར་ཀྱང་ངེས་པར་གཟུང་བའི་དོན་དེ་རྟོགས་པར་འགྱུར་བའོ། །ཅིའི་ཕྱིར་སྙམ་པ་ལ། རྣམ་པར་གཅོད་པ་ཞེས་བྱ་བ་ངེས་པར་གཟུང་བ་དག་གི་འབྲས་བུ་ཡིན་པའི་ཕྱིར་ཏེ།
ཇི་ལྟར་ནག་པ་གཞུ་འཛིན་ཞེས་སྨྲ་ན། ངེས་པར་གཟུང་བའི་སྒྲ་མ་སྦྱར་ཀྱང་། ནག་པ་གཞུ་འཛིན་པ་ཁོ་ནའོ་ཞེས་བྱེ་བྲག་ཏུ་བྱེད་པ་གཞུ་འཛིན་པ་དང་། ཚིག་ཕྲད་པའི་དོན་དུ་གོའི། གཞན་དུ་གཞུ་ཁོ་ནའོ་ཞེ་འམ། ནག་པ་ཁོ་ན་ཞེས་ནི་མ་ཡིན་ནོ། །སྲིད་སྒྲུབ་གཞུ་འཛིན་ཞེས་ངེས་པར་གཟུང་
བའི་སྒྲ་མེད་པར་སྨྲས་ཀྱང་སྲིད་སྒྲུབ་ཁོ་ན་གཞུ་འཛིན་ནོ་ཞེས་བྱེ་བྲག་ཏུ་བྱ་བ་སྲིད་སྒྲུབ་དང་ཚིག་ཕྲད་སྦྱར་བའི་དོན་དུའོ། །གཞུ་འཛིན་པ་ཁོ་ན་ཞེ་འམ། གཞུ་ཁོ་ན་ཞེས་ནི་མ་ཡིན་ནོ། །སྔོན་པོ་མཚོ་སྐྱེས་ཞེས་སྨྲས་ན། སྔོན་པོ་མཚོ་སྐྱེས་ཡིན་པ་ཁོ་ནའོ་ཞེས་དངོས་པོ་ཙམ་དང་འབྲེལ་པ་དང་།
ཚིག་ཕྲད་སྦྱར་བར་གོའི། སྔོན་པོ་ཁོ་ན་མཚོ་སྐྱེས་ཤེའམ། མཚོ་སྐྱེས་ཁོ་ན་སྔོན་པོ་ཞེས་ནི་མ་ཡིན་པ་ལྟ་བུའོ། །དེ་ལ་སྔ་མ་གཉིས་ནི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་སེམས་པས་སོ། །གསུམ་པ་ནི་དངོས་པོ་ཙམ་ཞིག་སེམས་པ་སྟེ། མཚོ་སྐྱེས་སྔོན་པོ་མི་སྲིད་དོ་ཞེས་ཟེར་བ་ལ།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด