ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བི་ནིཤྩ་ཡ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๘ · หน้า 261a

ནུས་པ་ཉིད་ཀྱིས་དངོས་པོ་གཞན་དག་ལས་བྱེ་བྲག་ཏུ་ལྡན་པ་ཡིན་ཏེ། སྐྱེད་པར་བྱེད་པ་ཉིད་ཀྱིས་ལྟོས་པར་བྱ་བ་མ་ཡིན་པ་གཞན་དག་ལས་ཐ་དད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་དུ་བ་གཞན་ལས་འབྱུང་ན་ནི་དུ་བའི་རྒྱུ་མ་ཡིན་པ་ལས་སྐྱེས་པར་འགྱུར་ལ། དུ་བ་དུ་བའི་རྒྱུ་

མ་ཡིན་པ་ལས་བྱུང་བར་རྟོགས་པ་ན་མཐའ་དག་གི་སྣ་ཚོགས་རྒྱུ་མེད་པ་ཅན་དུ་འགྱུར་བའི་ཕྱིར་དེ་ཡང་རྒྱུ་མེད་པ་ཅན་དུ་འགྱུར་རོ། །ད་ནི་ཞེས་བྱ་བ་ནི་རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་ཁས་བླངས་པ་ནའོ། །ལྷན་ཅིག་བྱེད་པ་ཐ་དད་པ་ལས་ཞེས་བྱ་བ་ནི་རིགས་ཀྱིས་གཅིག་གི་ཚིག་ཡིན་ཏེ།

ལྷན་ཅིག་བྱེད་པར་ཐ་དད་པ་རྣམས་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་སྟོན་པ་ནི་དཔེར་ན་མིག་དང་གཟུགས་ལ་སོགས་པ་དག་ལས་ཤེས་པར་བྱ་བ་ཡིན་ཏེ། སོགས་པ་སྨོས་པས་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པའོ། །འདི་བཟློག་པའི་ཕྱིར་བཤད་པ། དངོས་པོ་གཅིག་པུ་སྐྱེད་

པར་བྱེད་པ་སྟེ། བྱེད་པ་པོའི་བྱ་བ་དང་ལྡན་པའམ། དེའི་རང་བཞིན་ཏེ་སྐྱེད་པར་བྱེད་པའི་རང་བཞིན་ཡིན་པ་ནི་འགའ་ཡང་མེད་དོ། །འོ་ན་ཁྱེད་ཀྱི་སྐྱེད་པར་བྱེད་པར་འདོད་པ་གང་ཡིན་ཞེ་ན། བཤད་པ། ཚོགས་པ་སྐྱེད་པར་བྱེད་པ་ཡིན་ལ། སྐྱེད་པར་བྱེད་པའི་རང་བཞིན་ཡང་དེ་ཉིད་ཡིན་ནོ། །

ཇི་ལྟར་ན་སྐྱེད་པར་བྱེད་པ་ཉིད་ལས། དེའི་རང་བཞིན་ལོགས་ཤིག་ཏུ་བརྗོད་དེ། གང་གི་ཕྱིར་གང་ཞིག་སྐྱེད་པར་བྱེད་པའི་དངོས་པོ་དེ་ཉིད་ནི་དེའི་རང་བཞིན་ཡིན་ཏེ། སྐྱེད་པར་བྱེད་པ་མ་ཡིན་པ་ཡང་དེའི་རང་བཞིན་ཉིད་ཡིན་ན་ནི་ཧ་ཅང་ཐལ་བའི་ཕྱིར་རོ་ཞེ་ན། བདེན་ཏེ། སྐད་ཅིག་མ་མ་ཡིན་

པར་སྨྲ་བ་ནི་ལྷན་ཅིག་བྱེད་པ་སོ་སོ་བ་དག་སྐྱེད་པར་བྱེད་པའི་རང་བཞིན་ཡིན་ཡང་། སྐྱེད་པར་བྱེད་པ་ནི་ཚོགས་པ་ཡིན་པར་འདོད་ལ། དེ་ཡང་ཁོ་བོ་ཅག་ནི་མི་འདོད་དེ། གང་གི་ཕྱིར་འགའ་ཞིག་སྐྱེད་པར་བྱེད་པ་མ་ཡིན་ན། སྐྱེད་པར་བྱེད་པའི་རང་བཞིན་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འབྲས་

བུ་མཐོང་བ་ལས་དེ་འདྲ་བའི་ཚོགས་པ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །དོན་དུ་གཉེར་བ་ཉིད་ཀྱིས་ནི་ཚོགས་པའི་ཁོངས་སུ་གཏོགས་པ་གཅིག་རྗེས་སུ་དཔག་པ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པ་མང་པོ་རྣམས་གཅིག་གི་སྐྱེད་པར་བྱེད་པ་ཡིན་ན། ཇི་ལྟར་རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་

เล่ม ๑๘๘ · หน้า 261b

འགྱུར་བའམ། དེ་དག་སོ་སོར་ནུས་པར་ཡང་ཇི་ལྟར་བརྗོད་དེ། སྐད་ཅིག་གི་འོག་རོལ་གྱི་བུམ་པ་ཚོགས་པ་བསྐྱེད་པར་ཡང་གང་གིས་འགྱུར་ཞེ་ན། ཚོགས་པ་དེ་ཉིད་ཅེས་སྨོས་ཏེ། དེ་དག་ལས་རྒྱུན་འཇུག་པའི་འབྲས་བུའི་ཁྱད་པར་སོ་སོར་འགྱུར་བ་ཡིན་ཏེ། དེས་ན་སོ་སོར་ནུས་པ་དང་

ཐ་དད་པར་བྱེད་པ་ཉིད་ཡིན་ཞིང་། རྒྱུན་འཕེལ་བའི་ཕྱིར་སྐྱེད་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །སྐྱེད་པར་བྱེད་པའི་ཚོགས་གང་ཡིན་པ་དེ་ཉིད་ནི། འབྲས་བུ་རང་གི་ངོ་བོ་དེའི་གནས་པ་དེའི་རྟེན་ཡིན་ནོ། །ལྷན་ཅིག་བྱེད་པའི་གང་དག་ལས་འབྲས་བུ་དེ་སྐྱེས་པ་དེ་དག་

ལས་དེའི་ཁྱད་པར་སོ་སོར་འགྱུར་བ་ཡིན་ལ། དེ་དག་གིས་ནི་དེའི་རྒྱུ་ཅན་མ་ཡིན་པ་དག་ལས་འབྲས་བུ་དེ་ཐ་དད་པར་བྱེད་པ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་འབྲས་བུ་དེ་འབྲས་བུ་གཞན་དག་ལས་ཐ་དད་པའི་རང་བཞིན་དུ་རྣམ་པར་གནས་པའི་རྒྱུ་ནི་ལྷན་ཅིག་བྱེད་པ་

དག་ཡིན་གྱི། གཅིག་ཉིད་ནི་རྒྱུ་མཚན་མ་ཡིན་ནོ། །དེའི་ཕྱིར་ཚོགས་པ་ནི་རང་གི་ངོ་བོ་གནས་པའི་རྟེན་དུ་བརྗོད་པ་ཡིན་ནོ། །འདི་ནི་འདི་སྐད་བརྗོད་པ་ཡིན་ཏེ། རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པ་ཞེས་བྱ་བ་ནི་རྒྱུ་དུ་མ་ལས་འབྲས་བུ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་གྱི།

འོན་ཀྱང་རྒྱུ་རིགས་མི་འདྲ་བ་ལས་འབྲས་བུ་ཡང་འབྲས་བུ་གཞན་དང་རིགས་མི་འདྲ་བ་འབྱུང་བའི་ཕྱིར་ཐ་དད་པའི་དོན་རིགས་མི་འདྲ་བའི་དོན་ཡིན་གྱི། དུ་མའི་དོན་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་མངོན་སུམ་དང་འགལ་བར་བརྗོད་པར་འགྱུར་ཏེ། ཚོགས་པ་ལས་འབྲས་བུ་སྐྱེ་བར་མཐོང་

བའི་ཕྱིར་རོ། །ཇི་ལྟར་ན་རྫས་གཅིག་ལས་ཐ་མི་དད་པའི་ཁྱད་པར་རྒྱུ་ཐ་དད་པས་བྱས་པར་རྟོགས་ཤེ་ན། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཏེ། མ་རྟོགས་པ་ལས་བཟློག་པ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་ལས་ཡིན་གྱི། ཡུལ་དང་དབང་པོ་དག་ལས་ནི་མ་ཡིན་ཏེ། དེ་

དག་གི་བྱེད་པ་མེད་ཀྱང་རྣམ་པར་ཤེས་པ་གཞན་རྟོགས་པར་མཐོང་བའི་ཕྱིར་དང་། བྱེད་པ་ཡོད་ཀྱང་དེ་དག་གིས་ཉེ་བར་ལེན་པ་དག་ལས་མིག་དང་ཡུལ་གྱི་སྐད་ཅིག་དག་རྟོགས་པ་མེད་པར་མཐོང་བའི་ཕྱིར་རོ། །ཡུལ་གྱི་རྣམ་པ་ནི་ཡུལ་ཉིད་ལས་ཡིན་ཏེ། མིག་དང་ཡིད་དག་གི་བྱེད་པ་

เล่ม ๑๘๘ · หน้า 262a

ཡོད་ཀྱང་། ངེས་པའི་རྣམ་པ་མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་བུམ་པ་ལ་རྫ་མཁན་ལ་སོགས་པ་རྣམས་བདག་ཉིད་ཀྱི་ཁྱད་པར་དག་ལ་བྱེད་པར་སྦྱར་རོ། །ཇི་ལྟར་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ནི་སྐད་ཅིག་གཅིག་གི་ཡུལ་ཅན་མ་

ཡིན་ཏེ། དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ངེས་པར་བྱ་བ་ཡིན་ནོ། །སྐད་ཅིག་གཅིག་ནི་རྒྱུར་མངོན་པར་འདོད་པའི་སྐད་ཅིག་འབའ་ཞིག་མེད་ན་མེད་པ་མ་ཡིན་ཏེ། ཁམས་གསུམ་ལ་མེད་ན་ཡང་མེད་པའི་ཕྱིར་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་འབྲས་བུར་འགྱུར་རོ། །ཡོད་པ་དང་མེད་པའི་

རྗེས་སུ་བྱེད་པ་དང་། ཚུ་རོལ་མཐོང་བའི་ཡུལ་མ་ཡིན་པའི་ཕྱིར་སྐད་ཅིག་ནི་འབྲས་བུ་ཉིད་དུ་ངེས་པ་མ་ཡིན་ནོ། །མེའི་རྣམ་པར་འཛིན་པ་སྐྱེད་པར་རུང་བ་ཙམ་ཉིད་ཀྱི་དུ་བའི་རྣམ་པར་འཛིན་པ་ཙམ་དུ་རུང་བའི་སྐྱེད་པར་བྱེད་པ་ཉིད་དུ་ངེས་པར་ཡིན་ལ། དེ་ལྟ་བུར་གྱུར་པ་ཡང་གཅིག་མ་ཡིན་པའི་ཕྱིར་རྒྱུ་དང་

འབྲས་བུའི་དངོས་པོར་ངེས་པ་ནི་ཚོགས་པའི་ཡུལ་ཅན་ཡིན་ནོ། །ཚོགས་པ་ཅན་དག་ལས་ཐ་དད་པའི་ཚོགས་པ་གཅིག་དངོས་པོར་མེད་ཀྱང་། དུ་མ་ཡང་མེད་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་དུ་མའི་ཡུལ་ཅན་ཉིད་ཀྱི་ཁྱད་པར་ནི་ལྷན་ཅིག་བྱེད་པ་ལ་

ལྟོས་ཏེ། སོ་སོར་ཐ་དད་པ་ཡིན་གྱི་སྐད་ཅིག་གཅིག་གི་ཡུལ་ཅན་ནི་མ་ཡིན་ནོ། །དེས་ན་ཚོགས་པ་ནི་འབྲས་བུ་ཁྱད་པར་ཅན་གྱི་རང་གི་ངོ་བོ་གནས་པའི་རྟེན་ཡིན་ནོ། །འོ་ན་ཇི་ལྟར་ན་ཚོགས་པ་རྣམས་སོ་སོར་ནུས་པར་བརྗོད་ཅེ་ན། གང་གི་ཕྱིར་འདུས་པ་གཞན་མེད་པའི་ཕྱིར་འབྲས་བུ་མི་སྐྱེད་པར་ཐལ་

བ་དེའི་ཕྱིར་ཚོགས་པ་རྣམས་སོ་སོར་ནུས་པ་ཡིན་ནོ། །གང་གི་ཕྱིར་དོན་གྱི་དངོས་པོ་སྐྱེད་པའི་ཚོགས་པ་རྣམ་པར་གནས་པའི་རྟེན་དུ་གྱུར་པ་ཡིན་པ་དེ་ཉིད་ཀྱི་ཕྱིར། ལྷན་ཅིག་བྱེད་པ་རྣམས་ཀྱང་རྣམ་གྲངས་མེད་པར་ཏེ། རིམ་པ་མ་ཡིན་པ་དང་སོ་སོར་མ་ཡིན་པར་སྐྱེད་པར་བྱེད་པ་ཡིན་ནོ། །གལ་ཏེ་

ཐ་དད་པ་དག་ཀྱང་སྐྱེད་པར་བྱེད་པ་ཉིད་ཡིན་ན་ནི་དེའི་ཚེ་སོ་སོར་དུས་ཐ་དད་དུ་ནུས་པས། རིམ་གྱིས་འབྲས་བུ་སྐྱེད་པར་བྱེད་པར་འགྱུར་རོ། །གང་གི་ཚེ་ཚོགས་པས་འབྲས་བུ་ཁྱད་པར་ཅན་གཅིག་སྐྱེད་པར་ནུས་པ་དེའི་ཚེ་ནི་རྣམ་གྲངས་མེད་ཅིང་སོ་སོ་མ་ཡིན་པར་སྐྱེད་པ་ཡིན་ནོ། །འབྲས་བུ་གཅིག་

เล่ม ๑๘๘ · หน้า 262b

དུ་མ་ལས་རང་བཞིན་གྱི་ཁྱད་པར་འགྲུབ་པ་ནི་ལྷན་ཅིག་བྱེད་པ་ཡོད་པའི་ཕྱིར་སོ་སོ་ཐ་དད་པར་སྐྱེད་པར་བྱེད་པ་མ་ཡིན་ནོ། །རིགས་མི་མཐུན་པ་ལས་མི་སྐྱེའོ་ཞེས་ཇི་ལྟར་བརྗོད་དེ། གང་གི་ཕྱིར་གཅི་བ་ལ་སོགས་པ་རིགས་མི་མཐུན་པ་ལས་ཀྱང་། ཨུཏྤལ་ལ་སོགས་པ་འབྱུང་བར་མཐོང་བ་ཡིན་ནོ། །

རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གང་ཞིག་འབྲས་བུ་གང་གི་རྒྱུའི་དངོས་པོར་མཐོང་བ་དེ་ནི་རིགས་མཐུན་པའི་རྒྱུ་ཡིན་ལ། དེ་ལས་ཐ་དད་པ་ནི་རིགས་མི་མཐུན་པའི་རྒྱུ་ཡིན་ནོ། །དེ་བཞིན་དུ་ཨུཏྤལ་ལ་སོགས་པ་ཡང་མཐོང་བའི་རྒྱུ་ལས་གཞན་ལས་སྐྱེ་བ་དེ་དེས་ན་རིགས་མི་མཐུན་པ་ལས་སྐྱེ་

བ་ཡིན་ནོ་ཞེ་ན། ལན་བཤད་པ། རིགས་མི་མཐུན་པ་ལས་སྐྱེ་བར་མཐོང་བ་དེ་ལ་ཡང་། ཨུཏྤལ་ཞེས་དེ་སྐད་བརྗོད་ཀྱང་སྟེ། སྒྲ་མཚུངས་པས་བརྗོད་པར་བྱ་བ་ཡིན་པས་ཞེས་བྱ་བའི་ཐ་ཚིག་གོ། ཨུཏྤ་ལ་གང་ལ་རང་གི་ས་བོན་ལས་རབ་ཏུ་སྐྱེ་བ་ཡོད་པ་དེ་ལས་ཨུཏྤ་ལ་ཅིག་ཤོས་

གཅི་བ་ལས་བྱུང་བ་ནི་རྣམ་པ་དང་དབྱིབས་དང་འབྲས་བུ་ལ་སོགས་པས་མཚོན་པའི་རང་གི་ངོ་བོ་ཐ་དད་པ་ཁོ་ནའོ། །ཐ་དད་པ་ཡང་གང་ཞེ་ན། རྒྱུའི་རང་གི་ངོ་བོ་ཐ་དད་པའི་ཕྱིར་རོ་ཞེས་སྨོས་སོ། །དཔེར་ན་ཞེས་བྱ་བ་ནི་དཔེའི་ཐབས་ཀྱིས་གཞན་གྱི་སྒོ་ནས་ཀྱང་དོགས་པ་བཟློག་པའི་ཕྱིར་

རོ། །ས་བོན་དང་སྡོང་བུ་དག་ལས་སྐྱེ་བའི་ཆུ་ཤིང་གང་ཡིན་པ་ལྟ་བུའོ། །ས་བོན་ལས་སྐྱེ་བའི་ཆུ་ཤིང་ནི་འབྲས་བུ་མེད་པ་ཡིན་ལ། སྡོང་བུ་ལས་སྐྱེ་བའི་ནི་འབྲས་བུ་ཅན་ཡིན་ཏེ། དེས་ན་དེ་དག་ནི་འབྲས་བུ་དང་འབྲེལ་པ་དང་མ་འབྲེལ་པ་དག་གིས་ཐ་དད་པ་ཡིན་ནོ། །རྣམ་པ་ཐ་དད་

པའི་སྒོ་ནས་ཀྱང་ཐ་དད་པར་བསྟན་པའི་ཕྱིར། དེ་ལྟ་བུ་ནི་འཇིག་རྟེན་ན་གསལ་བ་ཁོ་ནར་རྣམ་པར་འབྱེད་དོ་ཞེས་སྨོས་ཏེ། སྡོང་བུ་ལས་སྐྱེས་པའི་ཆུ་ཤིང་ནི་སྦོམ་པ་དང་སྔོ་བའི་རྣམ་པ་ཅན་ཡིན་ལ། ས་བོན་ལས་སྐྱེས་པའི་ཆུ་ཤིང་ནི་ཤུན་ལྤགས་སྐྱ་བ་དང་སྡོང་བུ་ཕྲ་བ་ཡིན་ནོ། །དེ་ལྟ་

ན་ཡང་སྡོང་བུ་ལས་སྐྱེས་པ་ནི་རྣམ་པ་གཉིས་ཏེ། ས་བོན་ལས་བྱུང་བའི་སྡོང་བུ་ལས་སྐྱེས་པ་དང་། སྡོང་བུ་ལས་བྱུང་བའི་སྡོང་བུ་ལས་སྐྱེས་པ་ཡིན་ལ། དེ་དག་ཀྱང་གཟུགས་ཁྱད་པར་མེད་པའི་ཕྱིར་དེ་དག་ལས་བར་དུ་ཆོད་པའི་ས་བོན་དཔོག་པ་ན་འཁྲུལ་པར་འགྱུར་བ་ཞེ་ན། འདི་ལ་ལན་གདབ་པའི་ཕྱིར་བཤད་

เล่ม ๑๘๘ · หน้า 263a

པ། བར་དུ་ཆོད་པའི་རྒྱུ་རྗེས་སུ་དཔག་པའི་ཕྱིར་ནི་འབྲས་བུ་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་མ་ཐག་པའི་རྒྱུ་ཉིད་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །བར་དུ་མ་ཆོད་པའི་རྒྱུ་དེ་ནི་འབྲས་བུའི་རྫས་འདྲ་བ་རྣམས་ལ་འདྲ་བ་ཉིད་ཡིན་ནོ། །དེ་ལ་ནི་རྗེས་སུ་དཔོག་པ་འཁྲུལ་པ་མེད་ལ། བར་དུ་ཆོད་

པའི་རྒྱུ་ནི་རྗེས་སུ་དཔོག་པར་མ་ཡིན་པས་འཁྲུལ་པ་མེད་དོ། །དཔེར་ན་རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི་རྒྱུན་དུ་རྗེས་སུ་འཇུག་པའི་ཆུ་ཤིང་གཟུགས་ཁྱད་པར་མེད་པ་སྡོང་བུ་གཅིག་ལས་སྐྱེས་པ་དག་བཞིན་ནོ། །འབྲས་བུ་གང་ལ་དངོས་ཀྱི་སྐྱེད་པར་བྱེད་པའི་རྒྱུ་ཐ་དད་པ་དེ་ལ་ནི་འབྲས་བུའི་རང་བཞིན་

ཐ་དད་པ་ཡང་ཡོད་པ་ཡིན་ཏེ། དཔེར་ན་གང་དག་ས་བོན་དང་སྡོང་བུ་ལས་སྐྱེ་བ་ཅན་གྱིས་ཆུ་ཤིང་དེ་དག་ཉིད་ཡིན་ནོ། །དེས་ན་རྒྱུ་གང་ལས་འབྲས་བུ་ཅི་འདྲ་བ་དངོས་སུ་སྐྱེ་བར་མཐོང་བའི་འབྲས་བུ་དེ་འདྲ་བ་དེ་ལས་ནི་དེ་མ་ཐག་པའི་རྒྱུ་དེ་འདྲ་བ་ཉིད་རྗེས་སུ་དཔོག་པ་ཡིན་ནོ། །བར་དུ་ཆོད་པ་བརྒྱུད་པ་དང་

ལྡན་པ་དག་ཀྱང་རྗེས་སུ་དཔོག་པ་ནི་མ་ཡིན་པ་དེས་ན་འཁྲུལ་པ་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །འདི་སྙམ་དུ་རྒྱུ་ཐ་དད་པའི་འབྲས་བུ་དག་ཀྱང་རེས་འགའ་རྣམ་པར་མཚུངས་པ་ཡིན་ཏེ། དཔེར་ན་ནགས་དང་ཅིག་ཤོས་ཀྱི་རྒྱལ་མོ་ག་གོན་ལ་སོགས་པ་ལྟ་བུའོ། །དེས་ན་དེ་མ་ཐག་པའི་རྒྱུ་རྗེས་སུ་

དཔོག་པ་ལ་འཁྲུལ་པ་མེད་དོ་ཞེས་ཇི་ལྟར་བརྗོད་ཅེ་ན། བཤད་པ། རྣམ་པ་ཐ་དད་པ་འབའ་ཞིག་ནི་དངོས་པོ་དེའི་དེ་ཉིད་མ་ཡིན་པ་དང་ཐ་དད་པ་ཉིད་ཀྱི་རྒྱུ་མཚན་མ་ཡིན་ན། གང་གིས་རྣམ་པ་ཐ་དད་པ་མེད་པའི་ཕྱིར་ཐ་དད་པ་ཉིད་མ་ཡིན་པར་འགྱུར་རོ། །འོན་ཀྱང་རང་བཞིན་གཞན་ཡང་ཡིན་

ཏེ། རྣམ་པ་ཐ་དད་པས་ཀྱང་ཐ་དད་པར་རྣམ་པར་འཇོག་ལ། རང་བཞིན་གཞན་གྱིས་ཀྱང་ཡིན་ནོ། །བཅོས་མ་དང་བཅོས་མ་མ་ཡིན་པའི་ནོར་བུ་ལ་སོགས་པ་ནི་རྣམ་པ་མཚུངས་པ་ཡིན་ཡང་ལྗིད་དང་མཐུའི་ཁྱད་པར་གྱིས་ཐ་དད་པར་རྣམ་པར་གཞག་ནུས་པ་ཡིན་ནོ། །རང་བཞིན་གཞན་དེ་ཉིད་

རྣམ་པར་མཚུངས་ཀྱང་ཐ་དད་པའི་རྒྱུ་མཚན་དུ་རྣམ་པ་དུ་མའི་སྒོ་ནས་བསྟན་པའི་ཕྱིར། ཁ་ཅིག་ཏུ་ནི་མེ་ཏོག་ཐ་དད་པས་ཏེ་ཞེས་སྨོས་སོ། །མེ་ཏོག་གི་རྒྱུ་མཚན་གྱིས་ཐ་དད་པ་སྟེ། གལ་ཏེ་དེ་དག་རང་བཞིན་ཐ་དད་པ་མ་ཡིན་ན་མེ་ཏོག་ཀྱང་ཐ་དད་པར་མི་འགྱུར་རོ། །ཡང་ན་མེ་ཏོག་ཡོད་ན་

เล่ม ๑๘๘ · หน้า 263b

ཐ་དད་པར་མཚོན་པའམ། མེ་ཏོག་དེ་ལ་ཐ་དད་པར་རྟོགས་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ཡང་སྦྱོར་རོ། །མཐུ་ནི་འབྲས་བུ་སྐྱེད་པའི་ནུས་པའོ། །མེ་ཏོག་ལ་སོགས་པ་ནི་རྫས་ཀྱི་ནང་དུ་འདུས་པ་ཉིད་ཡིན་ལ། ནུས་པ་ཡང་ཐ་དད་པའི་ཡུལ་ཅན་ཡིན་ནོ། །དེའི་ཕྱིར་ཤིན་ཏུ་རྣམ་པར་

བྱེ་བའི་འབྲས་བུ་ནི་ཞེས་བྱ་བ་ནི་འབྲས་བུ་ལ་སོགས་པ་དང་འབྲེལ་པས་ཤིན་ཏུ་རྣམ་པར་ཕྱེ་བའི་འབྲས་བུ་གང་ཡིན་པ་དེ་ཉིད་ཀྱིས་རྗེས་སུ་དཔག་པར་ནུས་པའི་ཕྱིར་རྒྱུ་ལ་འཁྲུལ་པ་མེད་དོ། །བཤད་ཟིན་པའི་དོན་ཉིད་བསྟན་པར་བྱ་བའི་ཕྱིར། བཤད་པ། རྒྱུ་ཁྱད་པར་ཡོད་ཀྱང་འབྲས་བུ་

ཁྱད་པར་མེད་ན་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དོན་འདི་ཉིད་དུ་སྡུད་པ་ནི་གང་གི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དེ་ལས་རང་བཞིན་གང་ཞིག་རྒྱུར་གྱུར་པའི་རང་བཞིན་དེའི་རྗེས་སུ་འགྲོ་བར་མཐོང་བའི་རྗེས་སུ་འགྲོ་བར་བྱེད་པ་དེའི་རང་བཞིན་གྱི་རྒྱུ་ནི་དེ་ཡིན་པས། དེ་རྒྱུ་ཅན་

ཡིན་པ་དེའི་ཕྱིར་མི་མཐུན་པ་ལས་མི་འབྱུང་ངོ་། །དེའི་ཕྱིར་དེ་ལྟར་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་བཤད་ནས། འབྲེལ་པ་ངེས་པའི་ཕྱིར་དེ་དག་ཉིད་གོ་བར་བྱེད་པ་ཡིན་ནོ་ཞེས་གང་བཤད་པ་དེ་བཤད་པ་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པར་བྱེད་པའམ། རང་བཞིན་ངེས་པར་བྱེད་པ་ལས་

བསྒྲུབ་པར་བྱ་བར་གྱུར་པ་དང་རྒྱུ་དང་འབྲས་བུའི་དངོས་པོ་དང་། དེའི་བདག་ཉིད་ཡིན་པ་ནི་བསྒྲུབ་པར་བྱ་བར་གྱུར་པ་བསྒྲུབ་པ་ལ་གཏན་ཚིགས་སུ་ངེས་པར་ཡིན་པའི་ཕྱིར། དེ་ལས་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་ངེས་པར་བལྟའི། གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་

དང་མཐུན་པའི་ཕྱོགས་ལ་མཐོང་བ་ལས་ནི་མ་ཡིན་ནོ། །གཞན་དུ་རྒྱུ་དང་འབྲས་བུའི་དངོས་པོ་དང་དེའི་བདག་ཉིད་མེད་ན་གཞན་དག་དང་ལྷན་ཅིག་ངེས་པར་ཡོད་པའི་ངེས་པ་མེད་པར་འགྱུར་རོ། །གང་ཞིག་བྱས་པ་གྲུབ་ན་མ་གྲུབ་པའི་རང་བཞིན་དེ་དོན་གཞན་རྒྱུ་མཚན་ཅན་གྱི་ཆོས་ཡིན་པར་ཁས་ལེན་ན། ངེས་པར་

ཡོད་པའི་ངེས་པ་ཞེས་བྱ་བ་གང་ཞིག་ཡིན་ཏེ། དཔེར་ན་གོས་ལ་ཚོན་ངེས་པར་ཡོད་པའི་ངེས་པ་བཞིན་ནོ། །གཞན་ཡང་ཞེས་བྱ་བ་ནི་ཆོས་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་ན། ངེས་པར་ཡོད་པའི་ངེས་པ་མེད་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། དོན་གཞན་གྱི་རྒྱུ་མཚན་ཅན་

เล่ม ๑๘๘ · หน้า 264a

གྱི་རང་བཞིན་ནི་དོན་གཞན་ཡིན་པར་ཡང་འགྱུར་རོ་ཞེས་བཤད་པ་ནི་གང་གི་ཕྱིར་ཆོས་གང་ཞིག་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་པར་མཐོང་བ་དེ་ནི་དེ་ལས་གཞན་ཉིད་ཡིན་ནོ། །འདི་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་གནས་སྐབས་སུ་འགྱུར་བ་སྐད་ཅིག་འཇིག་པའི་འཕྲོ་

ཡིན་པས་དེ་ཉིད་དུ་བཤད་པར་བྱ་བ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་གང་ཞིག་དོན་གཞན་གྱི་རྒྱུ་མཚན་ཅན་ཉིད་ཀྱིས་དོན་གཞན་དུ་གྱུར་པ་དེ་ནི་དེའི་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་གྲུབ་པ་ན་གྲུབ་པ་ཡིན་ལ། རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་ཞེས་བྱ་བའི་དོན་འདི་ཡང་

འབྲས་བུའི་གཏན་ཚིགས་ཀྱི་སྐབས་སུ་བཤད་པར་བྱ་བ་ཡིན་ནོ། །དེས་ན་འབྲས་བུའི་གཏན་ཚིགས་བཤད་པ་ན་ལྷག་མ་འདི་བཤད་པ་ཡིན་ནོ། །རྣམ་པར་འབྲེལ་པ་བཤད་པ་ནི་དེ་གྲུབ་ན་ཞེས་བྱ་བ་ཡིན་ནོ། །གང་གྲུབ་པ་ན་གང་མ་གྲུབ་པ་དེ་ནི་གྲུབ་ན་མ་གྲུབ་པའམ་རྒྱུ་ཐ་དད་པ་ཡིན་ཏེ། དེ་ནི་

སྔར་གྲུབ་ཟིན་པ་དེའི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། དངོས་པོ་རྣམས་ཀྱི་ཞེས་སྨོས་ཏེ། ཆོས་འགལ་བ་གནས་པ་གང་ཡིན་པ་དེ་ཉིད་ནི་ཐ་དད་པ་ཡིན་ལ། ཐ་དད་པའི་ཐ་སྙད་ནི་དེའི་ཡུལ་ཅན་ཡིན་ནོ། །རྒྱུ་ཐ་དད་པ་ཡང་འདི་ཁོ་ན་ཡིན་ཏེ། སྐྱེད་པར་བྱེད་པ་ཐ་དད་

པ་གང་ཡིན་པའོ། །གང་ཞིག་འཇིག་རྟེན་ན་ཐ་དད་པར་གྲགས་པ་དེ་ཉིད་ཐ་དད་པར་བརྗོད་པར་བྱ་བ་མ་ཡིན་ནམ། འགལ་བའི་ཆོས་གནས་པ་ནི་འཇིག་རྟེན་ན་གྲགས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་འཇིག་རྟེན་ན་ཐ་དད་པར་གྲགས་པ་དེ་གང་ཡིན་གང་ལ་འཇིག་རྟེན་ན་ཐ་དད་པར་རྟོགས་པའོ་ཞེ་

ན། འཇིག་རྟེན་ན་གྲགས་པའི་ཐ་དད་པ་འདྲི་བ་ན་འཇིག་རྟེན་པའི་རྟོགས་པའོ། །རྟོགས་པ་འདིའི་ཡུལ་གང་ཡིན་ཞེས་བྱ་བའི་དོན་འདི་ཁྱོད་ལ་དྲིས་པ་མ་ཡིན་ནམ། དེས་ན་གང་ལ་འཇིག་རྟེན་རྟོགས་པའོ་ཞེས་ཅིའི་ཕྱིར་བརྗོད། ཆོས་ཐ་དད་པ་ལས་གཞན་པའི་རྒྱུ་ནི་མེད་པས་འཇིག་རྟེན་པའི་ཐ་

སྙད་ཀྱི་རྒྱུ་ནི་དེ་ཡིན་ནོ། །དེས་ཀྱང་ཞེས་བྱ་བ་ནི་འགལ་བའི་ཆོས་གནས་པས་སོ། །རྒྱུ་ཐ་དད་པ་ནི་སྔར་བསྒྲུབས་ཟིན་པའི་ཕྱིར་འདིར་མི་བསྒྲུབ་ཀྱི་འདི་ནི་འགལ་བའི་ཆོས་བསྒྲུབ་པར་བྱ་བའི་ཕྱིར་ཡིན་ནོ། །ཐ་དད་པའི་རྒྱུ་མཚན་གཞན་མེད་པའི་ཕྱིར། རིལ་གཅིག་ཏུ་འགྱུར་རོ། །གལ་ཏེ་རིལ་གཅིག་ཏུ་གྱུར་མོད་དེས་ཅི་

เล่ม ๑๘๘ · หน้า 264b

འགྱུར་ཞེ་ན། བཤད་པ། གཅིག་ཡིན་པ་དེས་ན་ལྷན་ཅིག་སྐྱེ་བ་དང་འཇིག་པ་དེར་འགྱུར་རོ། །རིམ་གྱིས་སྐྱེ་བ་དང་འཇིག་པ་ཡིན་ན་ནི་སྐྱེས་པ་དང་མ་སྐྱེས་པ་དང་ཞིག་པ་དང་མ་ཞིག་པ་གང་ཡིན་པ་དེ་དག་གཅིག་ཏུ་མི་འགྱུར་རོ། །དེས་ན་རིམ་པ་དང་མི་ལྡན་པའི་སྐྱེ་བ་དང་འཇིག་པ་དག་ཏུ་འགྱུར་རོ། །གང་ཞིག་འགལ་བའི་

ཆོས་གནས་པ་ཐ་དད་པའི་རྒྱུ་མཚན་དུ་མི་འདོད་པ་དེ་ལ་རིམ་གྱིས་སྐྱེ་བ་དང་འཇིག་པས་ན་སྐྱེས་པ་དང་མ་སྐྱེས་པ་དང་། ཞིག་པ་དང་མ་ཞིག་པ་དག་ཐ་དད་པར་ཐལ་བར་འགྱུར་བ་མི་རིགས་པ་མ་ཡིན་ནམ་གང་ཞིག་ཐ་དད་པ་འགལ་བའི་ཆོས་ཀྱི་རྒྱུ་མཚན་ཅན་དུ་ཁས་མི་ལེན་པ་དེ་གྲུབ་པ་དང་མ་གྲུབ་པའི་རྒྱུ་མཚན་དང་

ཞིག་པ་དང་མ་ཞིག་པའི་རྒྱུ་མཚན་གྱིས་དུ་མ་ཉིད་དུ་ཁས་ལེན་པ་ཇི་ལྟར་འགྱུར་ཞེ་ན། བདེན་མོད་ཀྱི་གང་གིས་གང་ཞིག་ཡོད་པར་འདོད་པ་དེས་ནི་དེའི་རང་བཞིན་བཏང་བ་དང་བྲལ་བར་ཁས་བླང་བར་བྱ་བ་ཡིན་ཏེ། གང་གི་ཚེ་ཡོད་པ་དེ་ཉིད་ཀྱི་ཚེ་དེ་དེའི་རང་བཞིན་ལས་ཉམས་པ་ཡིན་ནོ་ཞེས་ནི་ཤེས་པར་ནུས་པ་མ་ཡིན་

ནོ། །ཐམས་ཅད་དུ་དེའི་རང་བཞིན་ཉམས་པ་ཡོངས་སུ་སྤངས་ནས་གནས་པ་ཡིན་ནོ། །འོ་ན་དེ་དག་གི་ཐ་དད་པ་འགལ་བའི་ཆོས་དང་ལྡན་པའི་རྒྱུ་མཚན་ཅན་དུ་ཇི་ལྟར་ཁས་བླངས་པ་མ་ཡིན་ཞེ་ན། སྨྲས་པ། ཡོད་པ་ཐམས་ཅད་ནི་ཡོད་པ་དང་མེད་པ་ལས་གཞན་པའི་འགལ་བའི་ཆོས་དང་ལྡན་པའི་རྒྱུ་མཚན་

གྱིས་ཐ་དད་པར་ཁས་བླངས་པ་མ་ཡིན་གྱི་ཡོད་པ་དང་མེད་པའི་རྒྱུ་མཚན་གྱིས་ཐ་དད་པར་ཁས་བླངས་པ་ཁོ་ནའོ། །དེ་ལ་དངོས་པོ་གང་ཞིག་སྐྱེས་པ་དང་མ་ཞིག་པ་གང་ཡིན་པ་དེ་ནི་ཉམས་པ་དང་བྲལ་བ་དེའི་རང་གི་ངོ་བོར་ཡོད་པ་ཡིན་ལ། གང་ཞིག་མ་སྐྱེས་པ་དང་། ཞིག་པ་གང་ཡིན་པ་དེ་ནི་དེའི་རང་བཞིན་

ཉམས་པ་དང་ལྡན་པས་དེ་ལས་ཐ་དད་པ་ཡིན་ནོ། །དེའི་ཕྱིར་ཐ་དད་པ་འགལ་བའི་ཆོས་དང་ལྡན་པའི་རྒྱུ་མཚན་ཅན་དུ་ཁས་བླངས་ཀྱང་ཡོད་པ་དང་མེད་པའི་རྒྱུ་མཚན་ཅན་དུ་ནི་ཐ་དད་པ་ཁས་བླང་བར་བྱ་བ་ཡིན་པ་ཁོ་ནའོ། །སྐྱེ་བ་དང་འཇིག་པ་རིམ་པ་དང་ལྡན་པ་ཡིན་ན་ཐ་དད་པ་ཉིད་དུ་ཐལ་བ་དེའི་ཕྱིར། གཅིག་པ་ཐམས་

ཅད་ཅིག་ཅར་སྐྱེ་བ་དང་འཇིག་པ་དང་ལྡན་པར་འགྱུར་རོ། །ཐམས་ཅད་ཐམས་ཅད་ལ་ཞེས་བྱ་བ་འདིས་ནི་འདི་སྐད་བརྗོད་པ་ཡིན་ཏེ། དངོས་པོའི་ཡོད་པ་ཉིད་ནི་དོན་བྱ་བ་མེད་པའི་རྒྱུ་མཚན་ཅན་ཡིན་ནོ། །གལ་ཏེ་ཡོད་པ་ཐམས་ཅད་གཅིག་ཉིད་ཡིན་ན་ནི། དེའི་ཚེ་བུམ་པ་ལ་སོགས་པ་ལ་ཡང་སྣམ་བུའི་རང་བཞིན་ཡོད་པ་དེའི་

เล่ม ๑๘๘ · หน้า 265a

ཕྱིར་བུམ་པ་ལ་སོགས་པས་ཀྱང་སྣམ་བུས་བསྒྲུབ་པར་བྱ་བའི་དོན་བྱ་བ་བྱ་དགོས་ཏེ། གལ་ཏེ་ཐམས་ཅད་ལ་ཐམས་ཅད་ཡོད་ན་དེ་ལྟ་ན་གཅིག་ཉིད་དོ། །དོན་བྱ་བ་བྱེད་པ་དེ་ལས་ལྡོག་ན་ནི་དངོས་པོ་ཉིད་ཀྱང་ལྡོག་པར་བྱེད་དོ། །གང་ཞིག་གང་ལ་མེད་པ་དེ་ནི་དེའི་

རང་བཞིན་ཉམས་པ་དང་ལྡན་པ་ཉིད་ཀྱིས་གཞན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཡང་ཡོད་པ་དང་མེད་པ་འགལ་བའི་རྒྱུ་མཚན་ཅན་ཐ་དད་པར་ཐལ་བ་ཁོ་ནའོ། །དེས་ན་རིལ་གཅིག་ཉིད་ཡིན་ན་ཅིག་ཅར་སྐྱེ་བ་དང་འཇིག་པ་དག་དང་། ཐམས་ཅད་དོན་བྱ་བ་ཐམས་ཅད་ལ་ཉེ་བར་སྦྱོར་བར་ཐལ་བ་ཁོ་

ནའོ། །དེ་ལྟ་མ་ཡིན་ཏེ་སྐྱེ་བ་དང་འཇིག་པ་རིམ་པ་དང་ལྡན་པ་དང་། ཐམས་ཅད་ཐམས་ཅད་ལ་ཉེ་བར་མི་སྦྱོར་ན་དེའི་རང་བཞིན་ཡོད་པ་དང་མེད་པ་དག་གི་མཐའ་དག་ཐ་དད་པ་ཡིན་པའི་ཕྱིར་གཅིག་ཅེས་བྱ་བ་གཅིག་ཉིད་དང་ལྡན་པ་དངོས་པོའི་གནས་ལུགས་ཀྱིས་གཅིག་གི་རང་བཞིན་དུ་མི་འགྱུར་

བའམ། ཡོད་པ་དང་མེད་པའི་རྒྱུ་མཚན་གྱིས་ཐ་དད་པར་ཁས་བླངས་པའི་ཕྱིར་གཅིག་ཅེས་མིང་ཐ་དད་པར་ཟད་དོ། །ཅིའི་ཕྱིར་ཞེ་ན། དུ་མ་ཉིད་ཀྱི་སྒྲས་བརྗོད་པར་བྱ་བའི་དོན་ཁས་བླངས་ནས་དེ་སྐད་དུ་ཞེས་བྱ་བ་གཅིག་གི་སྒྲས་བརྗོད་པའོ། །དེས་ན་གཅིག་ཡིན་ན་ཅིག་ཅར་ཡོད་པ་དང་

མེད་པ་ལ་མི་འཁྲུལ་པའི་ཆོས་སུ་མི་འགྱུར་ཏེ། དེ་དག་གཅིག་ལ་ཅིག་ཅར་འགལ་བའི་ཕྱིར་རོ། །རིམ་གྱིས་སྐྱེ་བ་དང་འགག་པ་དག་ཡིན་ན་ནི་དངོས་པོ་དང་དངོས་པོ་མེད་པ་ལ་མི་འཁྲུལ་པ་ཡིན་ནོ། །དོན་བྱེད་པ་ལ་ཉེ་བར་སྦྱོར་བ་ཡང་ངེས་པའི་ཡུལ་ཅན་མ་ཡིན་ཏེ། དེས་ན་རིལ་རྫས་གཅིག་ཉིད་མ་

ཡིན་ནོ། །གལ་ཏེ་འགལ་བའི་ཆོས་བརྟེན་པ་ལས་དུ་མ་ཉིད་ཡིན་ན། རྒྱུ་དོན་ཐ་དད་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྒྱུ་དོན་ཐ་དད་པ་ཉིད་མེད་ཀྱང་སྟེ། དོན་གྱི་དངོས་པོ་ཡོད་པའི་དུས་ན་མི་རྟག་པ་ཉིད་མ་གྲུབ་པའི་ཕྱིར་རོ། །མི་རྟག་པ་ཉིད་ནི་ལྡོག་པའི་རང་བཞིན་དངོས་པོ་དང་འགལ་བ་ཡིན་ནོ། །

གལ་ཏེ་སྐད་ཅིག་དོང་པོ་ལ་ཡོད་ན་ནི་དངོས་པོ་ཉིད་དུ་མི་འགྱུར་ཏེ། སྐད་ཅིག་གཉིས་པ་བཞིན་ནོ། །འདིས་ནི་དངོས་པོ་དང་མི་རྟག་པ་འགལ་བའི་ཆོས་བརྟེན་པར་བརྗོད་པ་ཡིན་ནོ། །མཚུངས་སོ་ཞེས་བྱ་བ་ནི་ཇི་ལྟར་དོན་གཞན་རྒྱུ་ཡིན་པ་ཉིད་ལ་གྲུབ་པ་དང་མ་གྲུབ་པ་དག་གིས་དུ་མ་ཡིན་པ་དེ་བཞིན་

เล่ม ๑๘๘ · หน้า 265b

དུ། རྒྱུ་དོན་གཞན་མེད་པ་ལ་ཡང་ཡིན་ནོ། །འདི་སྤང་བའི་ཕྱིར་གཞན་ནི་འགའ་ཡང་མེད་དོ་ཞེས་སྨོས་སོ། །སྔོན་མེད་པའི་རང་བཞིན་ཐོབ་པ་ནི་གྲུབ་པར་བརྗོད་དོ། །གལ་ཏེ་མི་རྟག་པ་དངོས་པོ་ཡིན་པར་གྱུར་ན་ནི་དེ་སྔར་མ་གྲུབ་པ་ཕྱིས་གྲུབ་པས་འགལ་བའི་ཆོས་བརྟེན་པར་འགྱུར་བ་ཡིན་

ན་གང་གི་ཕྱིར་གང་ཞིག་ཕྱིས་འགྲུབ་པར་འགྱུར་བ་མི་རྟག་པ་ཉིད་ཀྱི་དངོས་པོ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རྒྱུ་མཚན་གྲུབ་པ་ཉིད་མེད་པས་འགལ་བའི་ཆོས་བརྟེན་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་མི་རྟག་པ་ཉིད་དངོས་པོ་མེད་ན་འོ་ན་གཏན་ཚིགས་དང་བསྒྲུབ་བྱ་དག་ཇི་ལྟར་དེའི་བདག་

ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་ཞེ་ན། དངོས་པོ་ཞེས་སྨོས་སོ། །སྐད་ཅིག་མར་གནས་པའི་ཆོས་ཅན་ཞེས་བྱ་ནི་ལྡོག་པའི་ཆོས་ཀྱི་རང་བཞིན་ཉིད་ནི་མི་རྟག་པར་བརྗོད་དོ། །དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པ་དེས་ན་གཏན་ཚིགས་དང་བསྒྲུབ་བྱ་ཐ་མི་དད་པར་གྱུར་པ་ན་དེའི་བདག་ཉིད་ཀྱི་འགྲེལ་པ་ཡིན་ནོ་ཞེས་

བཤད་པ་ཡིན་ནོ། །དེས་ན་དངོས་པོ་ལྡོག་པར་འགྱུར་རོ། །མི་རྟག་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ངག་དག་གིས་དངོས་པོའི་རང་བཞིན་ནམ་འབྲས་བུ་གང་ཞིག་གྲུབ་པར་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་མཐོང་བའི་རང་བཞིན་གྱི་དོན་གང་ཡིན་པ་དེ་མེད་དོ་ཞེས་བྱ་བའི་དོན་འདི་བརྗོད་

པ་ཡིན་ནོ། །དངོས་པོ་གཞན་བརྗོད་པ་ཡིན་ན་དངོས་པོ་སྔ་མ་ལྡོག་པ་མ་བསྟན་པར་ཐལ་བའི་ཕྱིར་རོ། །དེ་ནི་མང་དུ་བཤད་ཟིན་ཏོ། །མང་དུ་ཆ་ལྷག་པ་གང་ཡིན་པའོ། །སྐད་ཅིག་ཏུ་གནས་པའི་ཆོས་ཅན་ཞེས་བྱ་བ་དེར་རོ། །འོ་ན་ཇི་ལྟར་བུམ་པ་མི་རྟག་པ་བུམ་པ་མི་རྟག་པ་ཞེས་རྗོད་

པར་བྱེད་པ་ཐ་དད་ཅེ་ན། བཤད་པ། ཚིག་སྟེ་བརྗོད་པ་ཐ་དད་པ་ཞེས་བྱ་བ་དུ་མ་ཉིད་ལ་ཡང་སྟེ། འདིའི་ཐ་དད་པའི་ཐ་སྙད་ལ་ཡང་ངོ་། །ཆོས་དང་ཆོས་ཅན་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། ཐ་མི་དད་པར་བརྗོད་པ་ནི་ཆོས་ཅན་ཉིད་དུ་སྟེ། སྒྲ་མི་རྟག་ཅེས་བྱ་བའོ། །ཐ་དད་པར་བརྗོད་པ་ནི་ཆོས་

ཉིད་དུ་སྟེ། སྒྲའི་མི་རྟག་པ་ཉིད་ཅེས་བྱ་བའོ། །ཆོས་དང་ཆོས་ཅན་གྱི་སྒྲ་གཉི་གས་རྟག་པ་ལས་ལྡོག་པ་གཅིག་ཉིད་བརྗོད་པ་ཡིན་ནོ། །ཚིག་ཐ་དད་པ་འདི་ལ་ནི་རྒྱུ་མཚན་ཁྱད་པར་གཞན་ཏེ། ལྡོག་པ་གཞན་མི་སྤོང་པ་སྟེ། དེ་དང་བརྗོད་པར་བྱ་བའི་ཆོས་བདག་ཉིད་གཅིག་ཏུ་

เล่ม ๑๘๘ · หน้า 266a

འབྲེལ་པར་རུང་བ་ཉིད་དོ། །གང་གི་ཆོས་གཞན་དག་དང་འབྲེལ་པར་རུང་བ་བརྗོད་པ་དེའི་ཚེ་ནི་ཆོས་གཞན་མི་སྤོང་བ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པ་ཞེས་བྱ་བ་བཞིན་ནོ། །འདིར་ནི་མི་རྟག་པ་ཞེས་བྱ་བའི་ཆོས་སྒྲ་ཉིད་ལ་སོགས་པ་སྒྲ་ལ་བརྟེན་པའི་ཆོས་དེ་དག་

དང་བདག་ཉིད་གཅིག་ཏུ་འབྲེལ་པར་རུང་བར་བརྗོད་པ་ཡིན་ནོ། །གང་གི་ཚེ་ཆོས་དེ་ཉིད་སྒྲ་ཉིད་ལ་སོགས་པ་སྒྲ་ལ་བརྟེན་པའི་ཆོས་དག་དང་འབྲེལ་པར་མི་རུང་བ་དེའི་ཚེ་ཆོས་གཞན་སྤོང་བ་ཡིན་ཏེ། དཔེར་ན་སྒྲའི་མི་རྟག་པ་ཉིད་ཅེས་བྱ་བ་ལྟ་བུའོ། །འདིར་མི་རྟག་པ་ཉིད་ལ་སྒྲ་ལ་

བརྟེན་པའི་ཆོས་དག་བདག་ཉིད་གཅིག་ཏུ་འབྲེལ་པར་མི་རུང་བར་བརྗོད་པ་ཡིན་གྱི། ཐམས་ཅད་དུ་འགྲོ་བ་ལ་སོགས་པ་བདག་ཉིད་ལ་བརྟེན་པའི་ཆོས་དག་དང་ནི་མི་རྟག་པ་ཉིད་འབྲེལ་པར་རུང་བ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཆོས་གཞན་དང་འབྲེལ་པར་རུང་བའི་ཆོས་ཅན་གྱི་ཆོས་ལས་ཐ་དད་

པར་སྟོན་པ་ལ་དྲུག་པ་ཡིན་ནོ། །གཞི་མཐུན་པ་ལ་ནི་སྤོང་བ་དང་མི་སྤོང་བ་དག་ཏུ་མི་འགྱུར་རོ། །དེ་ལྟ་བུ་ལ་སོགས་པ་བསྟན་པར་བྱ་བའི་གང་ནས་གང་དུ་འཕྲོས་པ་གང་ཡིན་པ་དེ་ནི་རྣམ་འགྲེལ་དུ་གཏན་ལ་ཕབ་ཟིན་པའི་ཕྱིར་འདིར་ནི་མི་སྤྲོའོ། །གལ་ཏེ་དངོས་པོའི་རང་བཞིན་

ལྡོག་པའི་ཆོས་དེ་ཉིད་འཇིག་པ་ཡིན་ན། དེ་ལྟ་ན་ནི་འོ་ན་ཇི་ལྟར་ཐ་སྙད་བྱེད་པ་པོ་རྣམས་ལྡོག་པའི་བདག་ཉིད་ཀྱི་གནས་སྐབས་ཕྱིས་འབྱུང་བ་འཇིག་པར་འདོད་ཅེ་ན། འདིའི་རང་བཞིན་དེ་ནི་མཐོང་བ་བཞིན་དུ་ཡང་ཞེས་སྨོས་སོ། །གང་ལ་ཐོག་མ་མེད་པའི་འཁོར་བ་ནས་

གོམས་པའི་མ་རིག་པའི་བག་ཆགས་ཀྱིས་བློ་ཞེན་པ་ཡོད་པ་སྟེ། དེ་ལྟ་མ་ཡིན་ན་ཅིའི་ཕྱིར་མཐོང་བའི་དངོས་པོའི་བདག་ཉིད་ཐམས་ཅད་མི་རྟོགས། གལ་ཏེ་མ་རིག་པས་ལྡོག་པའི་ཆོས་ཅན་ཉིད་དུ་མི་རྟོགས་པ་ཡིན་ན། དེ་ལྟ་ན་ནི་ཞིག་པའི་དངོས་པོ་ལ་ཡང་མི་བརྟན་

པར་རྟོགས་པར་མི་འགྱུར་རོ་ཞེས་དོགས་པ་ལ། མ་རིག་པའི་བག་ཆགས་ཡོད་པ་ལ་ཕྱི་རོལ་ཡང་འཁྲུལ་པའི་རྒྱུ་མཚན་དུ་བསྟན་པའི་ཕྱིར། བཤད་པ། ལྡོག་པ་དང་མི་ལྡན་པར་དངོས་པོ་དང་འབྲེལ་པའི་ཡོད་པ་འབའ་ཞིག་དམིགས་པ་སྟེ། མེད་པ་དང་བཅས་པའི་ཡོད་

เล่ม ๑๘๘ · หน้า 266b

པ་དམིགས་ན་ནི། ཡོད་པར་དོགས་པ་མ་ཡིན་པའི་ཕྱིར་བུམ་པ་འཇིག་པ་མཐོང་བ་བཞིན་ནོ། །རྟག་ཏུ་ཞེས་བྱ་བ་ནི་སྐད་ཅིག་གཉིས་པ་ལ་སོགས་པར་ཡང་ངོ་། །དངོས་པོ་སྔར་མཐོང་བ་དེ་ལྟར་ཡོད་པ་དེའི་དོགས་པ་སྐྱེས་པ་དེས་བསླུས་ཤིང་བྲིད་པའོ། །མིག་གི་རྣམ་པར་ཤེས་

པས་དངོས་པོ་ཡོད་པ་འབའ་ཞིག་དམིགས་ཀྱི། མེད་པ་ནི་མ་ཡིན་པ་དེས་ན་སླུ་བར་བྱེད་པའི་འཁྲུལ་པ་སྐྱེས་པ་ཡིན་ནོ། །ཡོད་པ་དམིགས་ཀྱང་བལྟར་རུང་བ་དང་བྲལ་བའི་ས་ཕྱོགས་ལ་སོགས་པ་དམིགས་པ་ལས་བུམ་པ་མེད་པར་ངེས་པ་མཐོང་བ་དེ་བཞིན་དུ། དངོས་པོ་

གཞན་སྐད་ཅིག་གཉིས་པའི་དངོས་པོ་སྔར་མཐོང་བའི་རང་བཞིན་གྱིས་སྟོང་པར་དམིགས་ན་སྔ་མ་མེད་པར་ཐ་སྙད་དུ་བྱེད་པ་མ་ཡིན་ནམ་ཞེ་ན། འདྲ་བ་གཞན་འབྱུང་བ་དེས་བསླུས་པ་ཡིན་ནོ། །སྐད་ཅིག་གཉིས་པ་ལ་མཐོང་བའི་རང་བཞིན་གང་ཡིན་པ་དེ་ནི་སྔ་མའི་རང་བཞིན་

དང་འདྲ་བ་ཡིན་པར་ཏེ། དེས་ན་ཐ་དད་པར་རྟོགས་པ་མེད་ལ། དེ་མེད་པས་ན་སྔ་མ་མེད་པར་ངེས་པ་མ་ཡིན་ནོ། །རྣམ་པར་དབྱེ་བ་མ་ངེས་ན་སྔར་ཡོད་པ་དེ་ཉིད་འདི་ཡིན་ནོ་ཞེས་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་དེ་འདྲ་བ་གཞན་འབྱུང་བ་མཐོང་བ་དང་། བར་ཆད་མེད་

པ་ནི་སླུ་བའི་རྒྱུ་ཡིན་གྱི། མ་དམིགས་པ་དང་བར་དུ་ཆོད་པ་ནི་མ་ཡིན་ནོ། །གློག་གཉིས་འདྲ་བ་ཡིན་ཡང་བར་མཆོད་པ་མ་ཡིན་པའི་ཕྱིར་སྔ་མ་མེད་པར་ངེས་པར་དེས་ན་གཅིག་ཏུ་འཁྲུལ་པ་མ་ཡིན་པ་བཞིན་ནོ། །འདིར་ནི་གཉིས་པའི་ངོ་བོས་སྟོང་པའི་དུས་མེད་པའི་ཕྱིར་བར་ཆོད་

མེད་པ་ཡིན་ཏེ། སྐྱེ་བ་དང་འཇིག་པ་མཉམ་པ་ཞེས་བྱ་བ་གང་བཤད་པ་ཡིན་ནོ། །དམིགས་པ་ཡང་འདྲ་བར་འཁྲུལ་པའི་རྒྱུ་ཡིན་ནོ། །འམ་ཞེས་སྨོས་པ་ནི་ཕྱོགས་སྔ་མ་གཉིས་ལ་ལན་ཐ་དད་པར་སྟོན་པའོ། །དོན་དམ་པར་ནི་ཕྱོགས་སྔ་མ་བསྡོམས་པའི་ལན་བསྡོམས་པ་ཉིད་

ཡིན་ནོ། །དེས་ན་ཐ་དད་པ་ལ་ལྟོས་ནས་ནི་རྣམ་པར་བརྟགས་པ་ཡིན་ལ། བསྡོམས་པ་ལ་ལྟོས་ནས་ནི་སྡུད་པ་ཡིན་ཏེ། དཔེར་ན་གལ་ཏེ་ལྷ་སྦྱིན་འོང་ངམ། གལ་ཏེ་སྣ་ཚོགས་བཤེས་གཉེན་འོང་བ་དེ་ལྟ་ན་ཡང་དོ་ཟླའི་གྱད་ནི་ངའོ་ཞེས་དེ་དང་དེ་ལ་དོ་ཟླའི་གྱད་ནི་ངའོ་ཞེས་སྨྲ་བ་ན་

เล่ม ๑๘๘ · หน้า 267a

རེ་རེ་ལ་བསམས་ནས་ལམ་གྱི་སྒྲ་སྦྱར་བ་བཞིན་ནོ། །ཡང་ན་ད་ལྟར་ཡོད་པ་དམིགས་པས་གང་གི་ཚེ་དངོས་པོ་ཡོད་པ་མ་མཐོང་བ་དེའི་ཚེ་ཡང་ཡོད་པར་སེམས་པ་ཡིན་ཏེ། དཔེར་ན་དངོས་པོ་འདི་ལྟར་གནས་པ་དེ་བཞིན་དུ་ཕྱིས་ཀྱང་གནས་སོ་ཞེས་བྱ་བ་

འམ། མཐོང་བའི་བུམ་པ་དུས་རེ་ཞིག་མ་མཐོང་བ་ལས་ཡང་མཐོང་བ་ན། དེའི་ཚེ་མཐོང་བའི་བུམ་པ་གང་ཡིན་པ་དེ་ཉིད་དུས་དེ་སྲིད་དུ་གནས་སོ་ཞེས་དོགས་པ་བཞིན་ནོ། །མ་མཐོང་བ་ལ་ཡང་གནས་པར་དོགས་པ་ནི་ཡོད་པ་དམིགས་པ་ལས་ཡིན་ལ། ད་ལྟར་ཡོད་པ་

འབའ་ཞིག་ཏུ་དམིགས་པ་ནི་སྔར་བཤད་པའི་ཁྱད་པར་གྱི་འདྲ་བ་གཞན་འབྱུང་བ་ལས་ཡིན་ནོ། །དེས་ན་འདྲ་བ་གཞན་འབྱུང་བས་བསླུས་པ་ནི་ཡོད་པ་དམིགས་པའི་རྒྱུ་མཚན་དུ་བརྗོད་པ་ཡིན་ལ། ཡོད་པ་དམིགས་པས་ནི་ཐམས་ཅད་དུ་མ་མཐོང་བའི་དུས་སུ་ཡང་གནས་པར་འཁྲུལ་

པ་ཡིན་ནོ། །དེའི་ཕྱིར་བཤད་མ་ཐག་པ་འདིས་ནི་ཕྱི་རོལ་གྱི་འཁྲུལ་པའི་རྒྱུ་བཤད་པ་ཡིན་ནོ། །དེས་ན་སྐད་ཅིག་མ་ཐ་མ་མཐོང་བ་རྣམས་ལ་ལྡོག་པའི་ཆོས་ངེས་པའི་ཕྱིར་ཡོད་པ་དམིགས་པ་འཁྲུལ་པའི་རྒྱུ་མཚན་ཡིན་ལ། ཕྱི་རོལ་གྱི་རྒྱུ་མཚན་དེ་ཡོད་ཀྱང་ཐར་པ་རྣམས་ལ་

འཁྲུལ་པ་མེད་པ་དེའི་ཕྱིར་སྔར་བློ་ཞེན་པ་ཞེས་བྱ་བས་མ་རིག་པའི་བསླད་པ་རྒྱུར་བཤད་པ་ཡིན་ཏེ། བློ་ཞེན་པ་ནི་མ་རིག་པའི་མཚན་ཉིད་དུ་བརྗོད་དོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་ཕྱི་རོལ་གྱི་རྒྱུ་མཚན་ཉིད་སྟོན་པར་མཛད་པ་ན། འདྲ་བ་ཡིས་ནི་སྒྲིབ་པའི་ཕྱིར། །དེ་བཟུང་

པས་ན་དེ་མི་འཛིན། །ཞེས་བཤད་དོ། །གཞན་གང་དག་གཞུང་འདི་རྗོད་པར་བྱེད་པ་མ་ཡིན་པ་དང་མ་འབྲེལ་པར་འཆད་པ་ནི་བཤད་པ་འདིས་སྤང་བར་བྱའོ། །འོ་ན་ལྡོག་པའི་གནས་སྐབས་ཇི་ལྟར་མི་རྟག་པ་ཉིད་ཡིན་ཞེ་ན། བཤད་པ། ཡོད་པའི་དུས་ཀྱི་ཕྱིས་བུམ་པ་ལ་

སོགས་པའི་དངོས་པོ་འདི་བུམ་པས་དབེན་པའི་ས་ཕྱོགས་ཤེས་པའི་བདག་ཉིད་མི་དམིགས་པ་རྒྱུར་གྱུར་པས་མི་གནས་པར་རྟོགས་པ་དེའི་ཕྱིར། འཇིག་པའི་རང་བཞིན་ངེས་པ་ནི་དུས་ཕྱིས་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་ངེས་པ་དེའི་ཚེ་མི་རྟག་པ་ཉིད་དུ་རྣམ་པར་གཞག་གོ། །

เล่ม ๑๘๘ · หน้า 267b

དངོས་པོ་ལྡོག་པ་ཉིད་ཀྱི་དུས་གང་ཡིན་པ་དེའི་ཁྱད་པར་ཅན་གྱི་ལྡོག་པའི་གནས་སྐབས་ཀྱི་བདག་ཉིད་ནི་མི་རྟག་པ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ཡང་འགྱུར་བ་མཐོང་ནས་ཕྱིས་རྣམ་པར་འཇོག་པ་བཞིན་ནོ་ཞེས་བྱ་བ་དེར་བཤད་ཟིན་ཏོ། །དེས་ན་ལྡོག་པའི་གནས་སྐབས་ཀྱི་མཐར་

ཐུག་པ་དེའི་རང་གི་ངོ་བོ་ཉིད་ལྡོག་པའི་ཆོས་མི་རྟག་པ་ཉིད་དུ་གནས་པ་ཡིན་གྱི། ལྡོག་པའི་གནས་སྐབས་འབའ་ཞིག་ནི་མ་ཡིན་ཏེ། དེ་ནི་དངོས་པོ་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་དག་འགལ་བའི་ཕྱིར། ངེས་པའི་དུས་ཀྱི་ཁྱད་པར་ཅན་གྱི་

ལྡོག་པ་ཉིད་ཁོ་བོས་མི་རྟག་པ་ཉིད་དུ་རྟོགས་སོ་ཞེས་སྨོས་པ་ཡིན་ནོ་ཞེས་བྱ་བ་ཡང་དེ་ཉིད་དུ་བཤད་ཟིན་ཏོ། །དེས་ན་ལྡོག་པའི་ཆོས་ཀྱིས་དངོས་པོ་ཉིད་མི་རྟག་པ་ཡིན་པར་ནི་ཐ་སྙད་ལས་ཀྱང་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་དངོས་པོ་ཉིད་མི་རྟག་པ་མ་ཡིན་གྱིས་འོན་ཀྱང་དུས་ཕྱིས་

འབྱུང་བ་ཡིན་ན་དེའི་ཚེ་འགལ་བའི་ཆོས་དང་ལྡན་པའི་ཕྱིར་དོན་གཞན་ཁོ་ནར་འགྱུར་རོ། །གཞན་གྱི་རྒྱུ་མཚན་ཅན་ཞེས་བྱ་བ་རྒྱུ་མཚན་ཡོད་པ་ཡིན་ནམ་མེད་པ་ཡིན་ཡང་རུང་སྟེ། དུས་ཐ་དད་པས་གཞན་ཉིད་དོ། །དོན་གཞན་དུ་གྱུར་པ་དེ་ལྟ་ཡིན་ན་ནི་བུམ་པ་ལ་སོགས་པའི་དངོས་

པོ་མི་རྟག་པ་ཉིད་དེ་དང་ལྡན་པར་མི་འགྱུར་ཏེ། མི་དགོས་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་གྱི་བདག་ཉིད་ལ་ཐ་དད་པ་དེའི་བྱེད་པ་མེད་པའི་ཕྱིར་རོ། །ཅི་སྟེ་དོན་གྱི་བདག་ཉིད་མི་རྟག་པར་བྱ་བའི་ཕྱིར་འབྲེལ་པ་ཅན་གྱི་འཇིག་པ་དེ་བྱེད་པ་ཉིད་ཡིན་པས་དེ་ལ་དགོས་ན་ནི་དེའི་བྱ་བ་

གང་དང་འབྲེལ་པས་འཇིག་པའི་རང་གི་བདག་ཉིད་དུ་གྱུར་པའི་འཇིག་པ་སྐྱེད་པ་གང་ཡིན་པ་དེ་ཉིད་མི་རྟག་པ་ཡིན་པར་འགྱུར་གྱི། མི་རྟག་པ་གཞན་གྱིས་ཅི་ཞིག་བྱ་སྟེ་རང་གི་བདག་ཉིད་དུ་གྱུར་པའི་འཇིག་པ་མེད་པར་ནི་དེ་ཡོད་ཀྱང་དངོས་པོ་འཇིག་པ་མ་ཡིན་ནོ། །འདི་སྙམ་དུ་མི་

རྟག་པ་ཉིད་དང་འབྲེལ་པས་དངོས་པོ་མི་རྟག་པ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ནོ། །དེས་ན་མི་རྟག་པ་ཉིད་ཉེ་བར་སྦྱོར་བ་མ་ཡིན་ཡང་མི་རྟག་པ་ཉིད་དང་འབྲེལ་པས་མི་རྟག་པར་འགྱུར་བ་ཡིན་ནོ་སྙམ་ན། རང་བཞིན་གྱིས་མི་གཡོ་ན་ཞེས་སྨོས་སོ། །བརྟན་པ་རང་གི་ངོ་བོས་

เล่ม ๑๘๘ · หน้า 268a

གཡོ་བ་མེད་པ་ནི་དོན་གཞན་འགའ་ཞིག་དང་ལྡན་པ་ན་རང་གི་ངོ་བོ་ལས་འཕོ་བ་མ་ཡིན་ཏེ། དེས་ན་གཡོ་བ་དེའི་ངོ་བོར་མི་འཐད་དེ། གཏན་ཚིགས་དེའི་ཕྱིར་དངོས་པོ་དེ་དང་ལྡན་པར་མི་འགྱུར་རོ། །གཞན་ཡང་མི་རྟག་པ་ཉིད་དེ་དོན་གཞན་གྱི་རྒྱུ་མཚན་ཅན་དུ་ཁས་

ལེན་ན། མི་རྟག་པ་ཉིད་ཅེས་བྱ་བའམ། ཆོས་གཞན་དེའི་དངོས་པོའི་རྒྱུ་གཞན་ལས་གྱུར་པའི་དོན་གཞན་ལས་འབྱུང་བ་ན་སྒྲུབ་པར་བྱེད་པ་མཚན་ཉིད་ཀྱིས་དངོས་པོ་དེའི་རང་གི་ངོ་བོར་མི་འགྱུར་རོ། །དེས་ན་རྒྱུའམ་འབྲས་བུ་ཞིག་ཡིན་པར་འགྱུར་ཏེ། གཞན་ནི་འབྲེལ་པ་མེད་པའི་ཕྱིར་སྒྲུབ་པར་བྱེད་

པའི་མཚན་ཉིད་ཀྱི་དངོས་པོ་དེ་ལ་ཡོད་པ་བདོག་པར་རྗེས་སུ་དཔག་པ་གང་ཡིན་པ་དེ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་རྣམ་པར་རྟོག་པར་འགྱུར་བ་དེ་ལ་དོན་གཞན་དེ་རྒྱུ་ཉིད་ནི་མ་ཡིན་ཏེ། སྒྲུབ་པར་བྱེད་པར་གྱུར་པ་དེའི་ཚེ་ཕྱིས་འབྱུང་བའི་རྒྱུའི་ཕྱིར་ནའོ། །གང་ཞིག་གང་གི་ཕྱིས་འབྱུང་བ་དེ་ནི་དེའི་རྒྱུ་མ་ཡིན་

ཏེ། །སྔར་གྱི་དེ་རྒྱུ་ཡིན་པའི་ཕྱིར་རོ། །འབྲས་བུ་ཡིན་ན་ཡང་དེ་ཡོད་པ་ན་གཅིག་ཏུ་ངེས་པ་མ་ཡིན་ཏེ། ངེས་པར་རྗེས་སུ་དཔག་པར་མི་འགྱུར་རོ། །དོན་གཞན་ལས་སྐྱེས་པ་དེ་ཇི་ལྟར་སྒྱུ་མ་ཡིན་ཞེ་ན། དེ་ཞེས་སྨོས་ཏེ། སྒྲུབ་པར་བྱེད་པ་ཞེས་བྱ་བའི་དངོས་པོ་སྒྲུབ་པར་བྱེད་པའི་རྒྱུ་དག་

ལས་གྲུབ་ནས་སོ། །དོན་གཞན་ལས་འབྱུང་ན་ཞེས་བྱ་བ་ནི། སྐྱེ་བ་འགྲུབ་པའི་རྒྱུ་དངོས་པོ་གཞན་ཡིན་ནོ། །གང་ཞིག་གང་མེད་པར་གྲུབ་པའི་དངོས་པོ་དེ་ནི་ཡོད་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་པའི་ཕྱིར་དེ་དེའི་རྒྱུ་མ་ཡིན་ནོ། །གཞན་གྱི་ཕན་པ་སྟེ་སྒྲུབ་པར་བྱེད་པའི་མཚན་ཉིད་ཀྱི་དངོས་པོ་ལས་

གཞན་དུ་གྱུར་པའི་ཕན་པ་བོགས་དབྱུང་བ་ལ་ལྟོས་པའི་འབྲས་བུ་ཡང་རྒྱུ་གཅིག་ལ་གདོན་མི་ཟ་བར་ཡོད་པ་མ་ཡིན་ཏེ། འདི་ལྟར་འབྲས་བུ་དེས་ན་སྒྲུབ་པར་བྱེད་པའི་རྒྱུ་ལས་ཐ་དད་པའི་རྒྱུ་ལྟོས་པར་བྱ་བ་ཡིན་ན་གང་གི་ཕྱིར་དེ་ཡང་རང་གི་རྒྱུ་དང་འབྲེལ་པ་ལ་ལྟོས་ནས་ཉེ་བ་ཡིན་པ་དེའི་ཕྱིར། དོན་

གཞན་ལས་སྐྱེས་པ་དེ་ཡོད་པ་སྟེ། བདོག་པའི་གོ་བར་བྱེད་པའི་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཅི་སྟེ་དོན་གཞན་ལ་ལྟོས་པ་ནི་མ་ཡིན་ཏེ། འོན་ཀྱང་འཇིག་པ་ནི་སྒྲུབ་པར་བྱེད་པ་ཙམ་ལ་ལྟོས་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་དངོས་པོ་ཙམ་ལས་འབྱུང་བ་ཡིན་ཏེ། འབྲས་བུར་གྱུར་པའི་དངོས་

เล่ม ๑๘๘ · หน้า 268b

པོ་དེ་རྒྱུ་གཞན་ལ་མི་ལྟོས་པ་ཉིད་ཡིན་ན། དངོས་པོ་གཞན་ལ་མི་ལྟོས་པའི་ཕྱིར་དེ་ཉིད་དེའི་རྒྱུ་མེད་པར་སྐྱེས་པ་ཡིན་ཏེ། དངོས་པོའི་རྒྱུ་ལས་གཞན་ལ་མི་ལྟོས་པས་འཇིག་པ་རྒྱུ་མེད་པར་བཤད་པ་ཡིན་ལ། འཇིག་པ་རྒྱུ་མེད་པ་དེ་ནི་ཁྱེད་ཀྱི་ཕྱོགས་དེར་ཡང་མཚུངས་སོ། །དེ་ཙམ་གྱིས་

ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ཙམ་གྱི་རྗེས་སུ་འབྲེལ་པ་རྗེས་སུ་འགྲོ་བའོ། །གལ་ཏེ་དེ་ཙམ་ལ་ལྟོས་པའི་ཕྱིར་གང་འགའ་ཞིག་ན་སྒྲུབ་པར་བྱེད་པ་ཡོད་པ་དེ་ལ་དེ་ཡང་ཡོད་པ་དང་གང་གི་ཚེ་དངོས་པོ་གྲུབ་པ་དེ་ཉིད་ཀྱི་ཚེ་གྲུབ་པ་ཡིན་ན་ནི་དེའི་ཕྱིར་ཡུ་བུ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། འདི་ལྟར་ཁྱེད་

ཀྱིས་ཀྱང་འཇིག་པ་རྒྱུ་མེད་པ་ཅན་དང་། སྐད་ཅིག་ཙམ་གྱི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོའི་རྒྱུ་ལས་གཞན་ལ་མི་ལྟོས་པས་རྒྱུ་མེད་པར་བརྗོད་པ་མ་ཡིན་ནམ། འདིར་ནི་རྒྱུ་ལས་དངོས་པོ་དང་དངོས་པོ་ལས་ནི་འཇིག་པ་ཡིན་པའི་ཕྱིར། རྒྱུ་གཞན་ཡིན་པས་རྒྱུ་མེད་པར་མི་འགྱུར་

རོ། །དེ་ལྟ་ཡིན་དང་སྐད་ཅིག་དང་པོ་ལ་ནི་དངོས་པོ། སྐད་ཅིག་གཉིས་པ་ལ་འཇིག་པ། སྐད་ཅིག་གསུམ་པ་ལ་ལྡོག་པ་ཡིན་པའི་ཕྱིར་ཁྱད་པར་ཡོད་དོ་ཞེས་དོགས་པ་ལ། དངོས་པོ་དེ་ལས་འཇིག་པ་འགའ་ཞིག་འབྱུང་ཡང་སྟེ། སྐྱེས་ཀྱང་སྐྱེད་པར་བྱེད་པའི་དངོས་པོ་དེ་ལ་རང་བཞིན་

གྱིས་ཁྱད་པར་བྱེད་པ་ལ་འཇིག་པ་དེ་མི་དགོས་པས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། འཇིག་པ་སྐྱེད་པར་བྱེད་པའི་དངོས་པོ་བརྟན་པའི་རང་བཞིན་དེ་ནི་དེས་བསྐྱེད་པས་རང་བཞིན་གཞན་དུ་མི་འགྱུར་ཏེ་དེས་ན་དོན་དེ་ཉམས་པ་མེད་པ་ཉིད་དོ། །དེ་ལྟར་ན་ཡང་ཐལ་བ་སྔ་མ་ཞེས་བྱ་བ་དངོས་

པོ་དེ་ལ་ལྡན་པར་མི་འགྱུར་རོ་ཞེས་བྱ་བ་ཉིད་ཡིན་ནོ། །གལ་ཏེ་དངོས་པོ་རང་གི་ངོ་བོ་ཟློག་པར་བྱེད་པའི་དོན་བྱེད་ན་ནི་རང་ཉིད་ལྡོག་པའི་ཆོས་སུ་འགྱུར་ཏེ། དེ་ཙམ་ལས་བྱུང་བའི་འཇིག་པ་ཞེས་བྱ་བའི་དངོས་པོས་དེ་འཇིག་པར་བྱེད་པའི་ནུས་པ་དེ་ཉིད་ལས་ཐོབ་པའི་ཕྱིར་རོ། །གལ་ཏེ་བདག་ཉིད་ལྡོག་

པར་བྱེད་པའི་ནུས་པ་མེད་ན། ཅི་ལྟར་བདག་ཉིད་ལྡོག་པར་བྱེད་ནུས་པའི་དངོས་པོ་སྐྱེད་པར་བྱེད། དེ་ལ་རང་གི་ངོ་བོ་ལྡོག་པར་བྱེད་ནུས་ན་རང་ཉིད་ལྡོག་པའི་ཕྱིར་གཞན་གྱིས་བྱས་པ་ནི་ཅུང་ཟད་ཀྱང་མེད་དོ། །ལྡོག་པར་བྱེད་པའི་ནུས་པ་མེད་ན་དེས་བྱས་པ་གང་ཡིན་པ་དེ་ཡང་ཟློག་པར་རུང་བ་མ་

เล่ม ๑๘๘ · หน้า 269a

ཡིན་ཏེ། ནུས་པའི་རྒྱུ་མེད་པའི་ཕྱིར་རོ། །བྱི་བ་དང་ཁྱི་སྨྱོན་གྱི་དུག་ལ་སོགས་པ་དང་དངོས་སུ་མི་ནུས་པ་ཡང་བརྒྱུད་པས་ནུས་པ་མཐོང་བ་མ་ཡིན་ནམ། དེ་བཞིན་དུ་དོན་དེ་བདག་ཉིད་ལྡོག་པར་བྱེད་མི་ནུས་ཀྱང་དེ་ལྡོག་པར་བྱེད་པ་ཡིན་ནོ་ཞེ་ན། འདི་ནི་སྙིང་པོ་མེད་པ་

སྟེ། འདི་ལྟར་དངོས་པོ་གང་ཞིག་དངོས་སུ་འབྲས་བུ་གང་བྱེད་པའི་ནུས་པ་མེད་པ་དེ་ཉིད་རང་གི་ངོ་བོ་ཙམ་གྱིས་བྱས་པའི་ལྷན་ཅིག་བྱེད་པ་དང་། ལྷན་ཅིག་དངོས་སུ་བྱེད་ནུས་པར་ཡང་འགྱུར་བ་ནི་མ་ཡིན་ནོ། །འདིར་ནི་དེ་ཙམ་གྱིས་བྱས་པ་འཇིག་པ་ཞེས་བྱ་བའི་དངོས་པོས་རང་ཉིད་ཀྱི་

དངོས་པོ་དེ་ཉིད་གཞིག་དགོས་ཀྱི་གང་གིས་དུག་བརྒྱུད་པས་འཆི་བར་བྱེད་པ་ལྟར་བརྒྱུད་པར་འགྱུར་བ་གཞན་ནི་མ་ཡིན་ནོ། །འདིས་ནི་ཚོགས་པ་གང་ལས་དངོས་པོ་དེ་སྐྱེ་བ་དེ་ཉིད་ལས་དངོས་པོ་འཇིག་པར་བྱེད་པ་ཡིན་ཏེ། དེས་ན་སྐད་ཅིག་མ་ཉིད་ཡིན་ཡང་རེ་ཞིག་འཇིག་པ་ཐ་དད་པར་ནི་གྲུབ་པོ་ཞེས་

གང་སྨྲས་པ་དེ་ཡང་གསལ་བ་ཡིན་ནོ། །ཚོགས་པ་དེ་ཉིད་ཀྱིས་དངོས་སུ་དངོས་པོ་དེ་ལྡོག་པའི་ཆོས་ཀྱི་རང་བཞིན་དུ་བྱ་དགོས་ལ། དེས་བྱས་པའི་འཇིག་པ་དེས་ཀྱང་དངོས་སུ་བསྐྱེད་པའི་དངོས་པོ་དེ་ཉིད་བཟློག་པར་བྱ་བ་ཡིན་ནོ། །དེའི་ཕྱིར་ཚོགས་པ་དེ་དངོས་སུ་བསྐྱེད་པར་བྱ་བའི་རང་བཞིན་

ལྡོག་པར་བྱེད་པ་དང་། ལྡོག་པར་བྱ་བར་བྱེད་ནུས་པ་ཡིན་ན། ལྡོག་པའི་བྱ་བའི་དངོས་པོ་དེ་ཉིད་ཇི་ལྟར་ལྡོག་པའི་ཆོས་སུ་མི་བྱེད་དེ། བརྒྱུད་པ་ལ་བརྟེན་པས་ཅི་ཞིག་བྱ། དེའི་རང་བཞིན་ལྡོག་པའི་ཆོས་མ་ཡིན་ན་ནི་གཞན་གྱིས་ཀྱང་ལྡོག་པར་བྱེད་མི་ནུས་སོ། །ཚོགས་པ་

གཅིག་ནི་འབྲས་བུ་འགལ་བར་སྐྱེད་པར་བྱེད་པ་ཡང་མི་འཐད་པས་ཚོགས་པ་གཅིག་ལས་སྐྱེས་པའམ། དེ་ཙམ་ལས་བྱུང་བས་ནི་དངོས་པོ་འཇིག་པར་ནུས་པ་མ་ཡིན་ནོ། །དེས་ན་གལ་ཏེ་འཇིག་པ་མ་ཡིན་པའི་རང་བཞིན་གྱི་དངོས་པོ་ཡིན་ན། དེ་ལ་མི་རྟག་པ་ཉིད་རྗེས་སུ་

དཔོག་པར་བྱེད་པ་ནི་མ་ཡིན་ནོ། །དེས་ན་འདིས་དོན་འདི་བརྗོད་པ་ཡིན་ཏེ། དངོས་པོ་ཙམ་གྱི་རྗེས་སུ་འགྲོ་བ་ཡིན་ན་ནི་འབྲས་བུར་གྱུར་པའི་འཇིག་པ་རྒྱུ་མེད་པ་ཉིད་དང་། དེ་ཙམ་དང་རྗེས་སུ་འབྲེལ་པར་འགྲུབ་པ་ཡིན་ནོ། །དོན་གཞན་ཉིད་ཡིན་ན་ནི་དངོས་པོ་འཇིག་པར་མི་འགྱུར་རོ། །དེས་ན་རྒྱུ་གཞན་

เล่ม ๑๘๘ · หน้า 269b

ལ་མ་ལྟོས་པ་དང་དེ་ཙམ་གྱིས་རྗེས་སུ་འབྲེལ་པར་ཁས་ལེན་ན། དེའི་བདག་ཉིད་ཁོ་ནས་ཁས་བླང་དགོས་ཏེ། དེ་ལྟ་མ་ཡིན་ན་དངོས་པོ་འཇིག་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །གལ་ཏེ་དེའི་བདག་ཉིད་མེད་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་སྐྱེ་བ་ཅན་འཇིག་པའི་གོ་བྱེད་དུ་འགྱུར་བ་མ་

ཡིན་ནམ། དེ་ལ་སྐྱེ་བ་ཅན་འགའ་ཞིག་འཇིག་པར་མཐོང་བས་ནི་རྗེས་སུ་འགྲོ་བ་ཡིན་ལ། མི་རྟག་པ་མ་ཡིན་པའི་དངོས་པོ་སྐྱེ་བ་སྟེ། སྐྱེ་བ་དང་ལྡན་པར་མ་མཐོང་ན་ནི་ལྡོག་པ་ཡིན་ནོ། །མ་མཐོང་བ་ལས་ནི་བསྒྲུབ་པར་བྱ་བ་མེད་པ་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་ལྡོག་པ་ཡིན་ལ། རྗེས་སུ་

འགྲོ་བ་དང་ལྡོག་པ་དེས་ན་གཏན་ཚིགས་འཁྲུལ་པ་མེད་པ་ཡིན་ནོ། །འཁྲུལ་པ་མེད་པ་ལས་ཀྱང་གོ་བར་བྱེད་པ་ཡིན་ཏེ། དེས་ན་འདི་ལ་དེའི་བདག་ཉིད་ཀྱིས་ཅི་བྱ་ཞེས་དོགས་པ་བཟློག་པའི་ཕྱིར་བཤད་པ། མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ནི་གཏན་ཚིགས་འཁྲུལ་པ་མེད་པར་རིགས་པ་མིན་ཏེ།

གང་གི་ཕྱིར་མ་མཐོང་བ་ཡོད་ཀྱང་འདི་ལ་འཁྲུལ་པ་སྲིད་པ་ཅན་ཉིད་ཕྱིར། ཕྲུ་བའི་འབྲས་ཚོས་པ་ལ་འཁྲུལ་པ་བཞིན་ནོ། །དཔེ་དེ་ཉིད་བསྒྲུབ་པའི་ཕྱིར་བཤད་པ། མང་པོ་ཞིག་ཚོས་པ་མཐོང་ཡང་ཕྲུ་བའི་ནང་དུ་ཆུད་པ་ཙམ་འབའ་ཞིག་གིས་ནི་ཚོས་པར་མི་འགྲུབ་པོ། །ཁྱད་པར་གཞན་གྲུབ་ན་ནི་

ཆོས་པར་འགྲུབ་པ་ཡིན་པས་དེ་བཟློག་པའི་ཕྱིར་ཙམ་སྨོས་པ་ཡིན་ཏེ། འདི་ལྟར་འདི་ལྟ་བུའི་རང་བཞིན་ཡིན་ལ་ཞེས་གང་འཆད་པ་ཡིན་ནོ། །ཅིའི་ཕྱིར་མི་འགྲུབ་ཅེ་ན། འཁྲུལ་པ་མཐོང་བའི་ཕྱིར་རོ། །འདི་ལྟ་བུ་ཞེས་བྱ་བ་སཱ་ལུ་ལ་སོགས་པའི་རང་བཞིན་ཡིན་ལ། མེ་དང་ཆུ་དང་ཕྲུ་བ་ལ་

སོགས་པ་དང་འབྲེལ་པས་འདི་དང་ཚོས་པའི་རྒྱུ་འདྲ་བ་དག་ཚོས་སོ་ཞེས་བྱ་བ་ནི་འཁྲུལ་པར་མི་འགྱུར་རོ། །དེ་ལྟ་མ་ཡིན་ཏེ་ཁྱད་པར་དེ་མེད་ན་འདི་ལ་ལྷག་མ་ཡོད་པས་ལྷག་མ་དང་ལྡན་པ་སྟེ། ཡུལ་གཏན་ལ་མ་ཕེབས་པ་ཡོད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འཁྲུལ་པ་ཅན་ཡིན་ནོ། །ལྷག་མ་དང་ལྡན་པའི་

རང་གི་ངོ་བོ་བསྟན་པའི་ཕྱིར་བཤད་པ། སྒྲུབ་པར་བྱེད་པ་གང་ཞིག་བསྒྲུབ་པར་བྱ་བ་མེད་པ་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་སྟོན་པར་བྱེད་པ་དེའི་ལྡོག་པ་ནི་མ་ངེས་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ཡོད་པར་ཐེ་ཚོམ་ཟ་བར་འགྱུར་ལ། མི་མཐུན་པའི་ཕྱོགས་ལ་འཇུག་པའི་གཏན་ཚིགས་ཀྱང་གོ་

เล่ม ๑๘๘ · หน้า 270a

བར་བྱེད་པ་མ་ཡིན་པས་མ་མཐོང་བ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། ཐེ་ཚོམ་གྱི་རྒྱུའི་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པར་བརྗོད་དོ། །མི་དམིགས་ཀྱང་ཇི་ལྟར་ཐེ་ཚོམ་ཟ་ཞེ་ན། མི་དམིགས་པ་ཐམས་ཅད་ནི་ཞེས་སྨོས་སོ། །སྣང་བ་དང་མི་སྣང་བའི་ཡུལ་ཅན་ཐམས་ཅད་ནི་

མེད་པ་རྟོགས་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ལྡོག་པར་བྱ་བ་དང་ལྡོག་པར་བྱེད་པ་འདོད་པ་ནི། ལྡོག་པར་བྱ་བ་དང་ལྡོག་པར་བྱེད་པ་དེ་གཉིས་རང་བཞིན་འབྲེལ་པའི་འབྲེལ་པ་ཉིད་འདོད་པར་བྱ་དགོས་ཏེ། འབྲེལ་པ་ནི་ལྡོག་པར་བྱ་བ་ཡིན་ལ། འབྲེལ་པའི་ཡུལ་ནི་ལྡོག་པར་བྱེད་པ་ཡིན་ནོ། །དེ་ལྟ་

མ་ཡིན་ཏེ་ལྡོག་པ་དང་ལྡོག་པར་བྱེད་པ་དག་རང་བཞིན་འབྲེལ་པ་མེད་ན་ཐེ་ཚོམ་ཟ་བའི་ཕྱིར་གཏན་ཚིགས་བསྒྲུབ་བྱ་གོ་བར་བྱེད་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མ་དང་ལྡན་པ་ཉིད་ཀྱི་མཇུག་བསྡུས་པའོ། །གང་གི་ཕྱིར་རང་བཞིན་འབྲེལ་པ་ཉིད་ཀྱིས་གཏན་ཚིགས་གོ་བར་བྱེད་པ་ཡིན་གྱིས་

མ་མཐོང་བ་ཙམ་གྱིས་ནི་མ་ཡིན་པའི་རྒྱུ་དེས་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་མ་གྲུབ་པ་དང་བཟློག་པ་དོན་འགལ་བ་དང་འཁྲུལ་པ་ཅན་མ་ངེས་པ་དེ་དག་གི་གཉེན་པོ་སྟེ། དེས་ན་གང་གི་ཕྱིར་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་མི་མཐུན་པའི་ཕྱོགས་ཡིན་པ་དེའི་ཕྱིར་གཏན་ཚིགས་ཀྱི་ཚུལ་

ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པ་གསུམ་ལ་ངེས་པ་ཡོད་པར་བརྗོད་པར་མཛད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རང་བཞིན་འབྲེལ་པའི་འབྲེལ་པ་མེད་པ་ནི་སྔར་བཤད་པའི་ཚུལ་གྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ཉིད་མི་འགྲུབ་པ་དེས་ན། སློབ་དཔོན་རང་

བཞིན་འབྲེལ་པ་ངེས་པ་དེ་ཉིད་སྟོན་པར་མཛད་པ་ན། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་པ་ཡིན་པར་བཤད་པ་ཡིན་ནོ། །སློབ་དཔོན་གྱི་ཚུལ་གསུམ་པའི་ཡུལ་ཅན་གྱི་ངེས་པ་བརྗོད་པའི་ཚིག་དེ་ཉིད་སྟོན་པར་བྱེད་དེ། རབ་ཏུ་གྲུབ་པ་ནི་ཞེས་བྱ་བ་ནི་ངེས་པའི་དོན་ནིའོ། །གང་ལ་ཞེ་

ན། རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་ཡང་ངོ་། །སྒྲུབ་པ་ཞེས་བྱ་བ་ནི་གོ་བར་བྱེད་པ་སྟེ་ཚིག་ནི་འདི་ཡིན་ནོ། །ཚུལ་གསུམ་པ་ངེས་པའི་ཚིག་དེ་ལ་རྗེས་སུ་འགྲོ་བ་ངེས་པས་ནི་འགལ་བ་བསལ་ལོ། །དེའི་ཕྱོགས་དང་མཐུན་པ་ནི་འགལ་བའི་ཕྱོགས་དང་མཐུན་པ་དག་སྟེ། རྗེས་སུ་

เล่ม ๑๘๘ · หน้า 270b

འགྲོ་བ་ངེས་པ་ཉིད་ཀྱིས་བསལ་བ་ཡིན་ནོ། །དེ་དག་ནི་དེའི་ཕྱོགས་སུ་གཏོགས་པ་ཡིན་ཏེ། འགལ་བ་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་རོ། །ལྡོག་པར་ངེས་པ་ནི་མི་མཐུན་པའི་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བ་དང་ཐུན་མོང་གི་མ་ངེས་པའོ། །གཉི་ག་ལ་ཞེས་བྱ་བ་ནི་གཅིག་ལ་

གྲུབ་པ་འགོག་པ་སྟེ། གཞན་གྱིས་རང་ལ་གྲུབ་པའི་གཏན་ཚིགས་ལས་དོན་བསྟན་པར་བྱ་བ་ཡིན་ཏེ། དེས་ན་གཅིག་ལ་གྲུབ་པ་ནི་གོ་བར་བྱེད་པ་མ་ཡིན་ནོ། །རབ་ཏུ་གྲུབ་ཅེས་བྱ་བས་ནི་ཐེ་ཚོམ་ཟ་བ་ལྷག་མ་དང་ལྡན་པ་ཐུན་མོང་མ་ཡིན་པ་དག་གོ་ཞེས་བཤད་པར་བྱ་བ་ཡིན་ནོ། །ལྷག་མ་དང་ལྡན་

པ་ནི་བཤད་མ་ཐག་པ་ཡིན་ལ། ཐུན་མོང་མ་ཡིན་པ་ནི་མཉན་བྱ་ཉིད་དོ། །གང་ལ་ཐེ་ཚོམ་ཟ་བ་དག་ཅེ་ན། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལའོ། །ལྷག་མ་དང་ལྡན་པ་ནི་མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་ལ། ཐུན་མོང་མ་ཡིན་པ་ནི་གཉི་ག་ལ་ཡང་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ལྟར་

རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པར་བརྗོད་པའི་ཕྱིར་སློབ་དཔོན་རང་བཞིན་འབྲེལ་པ་བཞེད་པ་ཡིན་ནོ་ཞེས་བསྒྲུབས་ནས་ཡང་། ཚིག་གཞན་གྱིས་བསྒྲུབ་པའི་ཕྱིར། འབྲེལ་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་མཐོང་བ་ཚད་མ་མ་ཡིན་པ་ཙམ་གྱིས་སློབ་དཔོན་ལྡོག་པར་

བཞེད་པ་ཡིན་ན་ནི་སློབ་དཔོན་གྱིས་བཤད་པ་གང་ཡིན་པ་སྟེ་ཅི་ཞིག་བཤད་ཅེ་ན། རེ་ཞིག་ཅེས་བྱ་བ་ནས་འདིས་བརྩམས་ཞེས་བཤད་པ་ཞེས་བྱ་བའི་མཐར་ཐུག་པའོ། །རིགས་པ་དེ་ཡང་གང་ཡིན་ཞེ་ན་བཤད་པ། གཉི་ག་བརྗོད་པར་བྱ་བ་གང་ཡིན་པ་འདིས་ནི་རིགས་སོ། །གཉི་

ག་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའོ། །འགལ་བ་དང་མ་ངེས་པ་དེ་དག་གི་གཉེན་པོར་ཏེ་དེའི་ཕྱིར་རོ། །གང་གི་ཕྱིར་འགལ་བ་དང་མ་ངེས་པ་འདི་དག་གི་མི་མཐུན་པའི་ཕྱོགས་ཡིན་པ་དེའི་ཕྱིར་དེ་དག་བཟློག་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་བརྗོད་པར་བྱ་བ་ཡིན་ནོ། །

རྗེས་སུ་འགྲོ་བ་མ་བརྗོད་ན་ནི་གཏན་ཚིགས་འགལ་བར་དོགས་པར་འགྱུར་ལ། ལྡོག་པ་མ་བརྗོད་ན་ནི་མ་ངེས་པར་རོ། །རེ་ཞིག་གི་སྒྲ་ནས་ཤེས་ཀྱི་སྒྲའི་མཐར་ཐུག་པའི་ཚིག་ནི་གང་གི་སྒྲས་གཟུང་བ་ཡིན་ལ་གང་དང་དེ་ཡང་རྟག་ཏུ་འབྲེལ་པ་ཡིན་ཏེ། དེས་ན་དེ་ལ་ཞེས་ཁོང་

เล่ม ๑๘๘ · หน้า 271a

ནས་ཕྱུང་སྟེ་ངག་ཏུ་བརྟག་པར་བྱའོ། །བཤད་པ། གང་ཡིན་པ་དེ་ལ་ཆོས་མི་མཐུན་པ་སྨོས་པ་ནི་མ་ངེས་པའི་གཉེན་པོར་རོ། །དེས་ན་ཆོས་མི་མཐུན་པ་སྨོས་པས་ཅི་བྱ། གལ་ཏེ་མ་མཐོང་བ་སྟོན་པར་བྱེད་དོ་ཞེ་ན། གལ་ཏེ་མ་མཐོང་བ་སྟོན་པར་བྱེད་ན་

ནི། མ་མཐོང་བ་དེ་ནི་མ་སྨོས་ཀྱང་རྟོགས་པར་འགྱུར་རོ། །གལ་ཏེ་འདི་སྙམ་དུ་སྨོས་པའི་སྔར་ཕ་རོལ་པོ་ལ་མཐོང་བར་འཁྲུལ་པ་ཡོད་པ་གང་ཡིན་པ་དེ་སྨོས་པས་ལྡོག་གོ་སྙམ་ན་དེ་ལ་སྔར་ཞེས་སྨོས་སོ། །ཚིག་གིས་མ་མཐོང་བ་ལ་ཞེས་བྱ་བ་ནི་མཐོང་བར་འཁྲུལ་པ་ནི་མེད་ཀྱི། འོན་ཀྱང་བརྗེད་

པའི་ཕྱིར་ཚིག་གིས་དྲན་པར་བྱེད་པ་ཡིན་ཏེ། དཔེར་ན་མཐོང་བ་ཉིད་ཚིག་གིས་དྲན་པར་བྱེད་པ་བཞིན་ནོ་ཞེས་དོགས་ན་དཔེ་ཉིད་མི་མཐུན་པར་བསྟན་པའི་ཕྱིར་མཐོང་བ་མ་རྟོགས་པ་ནི་ཞེས་སྨོས་ཏེ། གང་གི་ཕྱིར་མ་དྲན་པ་ནི་ཡན་ལག་མ་ཡིན་པ་དེས་ན་མཐོང་བ་དེ་ལ་ནི་དྲན་པའི་རྒྱུ་བརྗོད་པར་རིགས་

ན། མ་མཐོང་བའི་དོན་དུ་ནི་མི་རིགས་ཏེ། གང་གི་ཕྱིར་མ་མཐོང་བ་ནི་མཐོང་བ་ལོག་པ་ཡིན་ཏེ། དེ་ནི་མཐོང་བས་ལྡོག་པར་འགྱུར་རོ། །མཐོང་བ་དེ་མེད་ན་མཐོང་བ་མེད་པ་གྲུབ་པ་ཁོ་ན་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ། མཐོང་བའི་དངོས་པོ་འཇུག་པ་ནི་རེས་འགའ་བརྗེད་པར་འགྱུར་བའི་

ཕྱིར་དེའི་དོན་དུ་བརྗོད་པ་ཡིན་གྱི། མཐོང་བ་ལྡོག་པའི་རང་བཞིན་མཐོང་བ་མེད་པ་ནི་བརྗོད་པར་ནུས་པ་མ་ཡིན་ཏེ། དེ་བརྗེད་ན་ནི་མཐོང་བ་ཡོད་པར་དོགས་པར་འགྱུར་རོ། །མཐོང་བ་ཡང་ངོ་བོ་དང་ལྡན་པར་མྱོང་བ་ཡིན་ན་མྱོང་བ་ཡང་མེད་དེ། དེས་ན་མཐོང་བ་མྱོང་བ་མེད་པ་ཉིད་ཀྱིས་མཐོང་བ་མེད་

པ་མ་བརྗེད་པར་གནས་པའི་ཕྱིར་ཅི་ཞིག་དྲན་པར་བྱར་ཡོད། འོན་ཏེ་ཡང་སྔར་མཐོང་བ་བྱུང་བར་དོགས་པ་གང་ཡིན་པ་དེའི་ཚེ་མ་མཐོང་བར་ཡང་དོགས་པར་འགྱུར་བས། དོགས་པ་དེ་བཟློག་པའི་དོན་དུ་མི་མཐུན་པའི་ཕྱོགས་དེ་ལ་གཏན་ཚིགས་མ་མཐོང་ངོ་ཞེས་བརྗོད་དོ་ཞེ་ན། དེ་ནི་མི་རིགས་ཏེ།

གང་ཞིག་རང་ཉིད་འགའ་ཞིག་ལ་མཐོང་བར་ཐེ་ཚོམ་ཟ་བ་དེ་གཞན་གྱི་ཚིག་ཚད་མ་མ་ཡིན་པས་ཇི་ལྟར་མཐོང་བ་མེད་པར་ངེས་པར་འགྱུར། དུས་དེའི་ཚེ་ཡོད་པའི་མཐོང་བ་མེད་པ་ཡང་ངེས་པ་ཉིད་ཡིན་པའི་ཕྱིར་མ་མཐོང་བ་བསྟན་པ་ནི་དོན་མེད་དོ། །དེ་ཙམ་གྱིས་ཞེས་བྱ་བ་མི་དམིགས་པ་ཙམ་གྱིས་

เล่ม ๑๘๘ · หน้า 271b

མེད་དོ་ཞེས་མེད་པར་ངེས་པ་མ་ཡིན་པས་དེའི་དོན་དུ་མེད་པ་ཉིད་དུ་ངེས་པའི་དོན་དུ་མི་མཐུན་ཕྱོགས་ལ་མེད་པ་བརྗོད་དོ་ཞེ་ན། གལ་ཏེ་ཞེས་སྨོས་ཏེ། གལ་ཏེ་མ་མཐོང་བས་མི་རྟོགས་ན་བརྗོད་པས་ཀྱང་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཡང་ཞེས་སྨོས་ཏེ། མི་དམིགས་པ་ཙམ་ཞིག་བརྗོད་

པས་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྙམ་དུ་ཚིག་གིས་ནི་སྒྲུབ་པར་བྱེད་པ་མི་དམིགས་པ་ཙམ་སྟོན་པ་མ་ཡིན་གྱི། འོན་ཀྱང་བསྒྲུབ་པར་བྱ་བ་མི་དམིགས་པ་ཡང་ཡིན་ལ། དེ་ལས་སྒྲུབ་པར་བྱེད་པ་མེད་པར་རྟོགས་པ་ཡིན་ནོ་ཞེ་ན། བཤད་པ། བསྒྲུབ་

པར་བྱ་བ་གཅིག་མི་དམིགས་པས་སོ། །གཞན་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ། གང་ཡང་རུང་བ་ཞིག་མ་དམིགས་པས་ཐམས་ཅད་མེད་པར་སྒྲུབ་པར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཧ་ཅང་ཐལ་བའོ། །སྒྲུབ་པར་

བྱེད་པ་མེད་པ་ནི་གཞན་མི་དམིགས་པ་དེས་བསྒྲུབ་པ་ནི་མ་ཡིན་ན་གང་གིས་ཧ་ཅང་ཐལ་བར་འགྱུར། འོན་ཀྱང་རང་ཉིད་དེ་བདག་ཉིད་ཀྱི་ཡུལ་ཅན་གྱི་མི་དམིགས་པས་གྲུབ་པོ། །རང་ཉིད་ཅེས་བྱ་བ་འདིས་ནི་བསྒྲུབ་པར་བྱ་བ་མ་དམིགས་པ་རྒྱུ་ཡིན་པ་བཀག་པ་ཡིན་ནོ། །དེ་ལྟ་ན་ཡང་སྣང་བ་མི་

དམིགས་པར་རུང་བའི་དོན་མ་མཐོང་ན་མེད་པའི་ཐ་སྙད་དུ་རིགས་ཀྱི། སྣང་བ་མ་མཐོང་བ་དེ་མེད་ན་ནི་སྒྲུབ་པར་བྱེད་པ་མེད་པའི་ཐ་སྙད་དེ་མི་རིགས་སོ། །བསྒྲུབ་པར་བྱ་བ་མེད་པ་ཐམས་ཅད་ལ་ནི། སྒྲུབ་པར་བྱེད་པ་སྣང་བ་མི་དམིགས་པ་མེད་དོ། །འོ་ན་ནི་བསྒྲུབ་པར་བྱ་བ་མེད་པའི་ཕྱོགས་འགའ་

ཞིག་ཏུ་སྒྲུབ་པར་བྱེད་པ་སྣང་བ་མཐོང་བ་མེད་པ་ཡོད་པ་དེ་ཉིད་ལས། བསྒྲུབ་པར་བྱ་བ་མེད་པ་ཐམས་ཅད་ལ་སྒྲུབ་པར་བྱེད་པ་མེད་པར་རྟོགས་པ་ཡིན་ནོ། །གལ་ཏེ་མ་མཐོང་བའི་སྒྲུབ་པར་བྱེད་པ་ཡོད་ན་ནི། དེའི་ཚེ་མཐོང་བ་ལ་ཡང་འགྱུར་ན་མཐོང་བ་ལ་ནི་མེད་དེ། བལྟར་རུང་བ་ལས་མ་དམིགས་པའི་

ཕྱིར་རོ། །དེས་ན་མ་མཐོང་བ་ལ་ཡང་མི་འགྱུར་རོ་ཞེ་ན་བཤད་པ། ལ་ལར་ཏེ་མཐོང་བ་ལ་རྒྱུ་མཚན་མེད་པར་ཉེ་བར་གནས་པས་འདོད་རྒྱལ་དུའོ། །བཟློག་པར་བྱ་བ་དང་ཟློག་པར་བྱེད་པའི་རྒྱུ་མཚན་ནི་འབྲེལ་པ་ཡིན་ཏེ། དེ་མེད་པར་དེ་ལྟར་ཞེས་བྱ་བ་བསྒྲུབ་པར་བྱ་བ་མེད་པ་ལ་སྒྲུབ་པར་བྱེད་པ་

เล่ม ๑๘๘ · หน้า 272a

ལོག་པར་གྱུར་ཀྱང་དེ་དག་འབྲེལ་པ་མེད་པས་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །ཆོས་ཉིད་འབྲེལ་པ་ཡིན་ན་ནི་འབྲེལ་པའི་ཡུལ་ལོག་ན་འབྲེལ་པ་ཡང་གདོན་མི་ཟ་བར་ལྡོག་པར་རྟོགས་ཀྱི། ཕྱོགས་གཅིག་ལ་འཇུག་པའི་སྣང་བ་མི་དམིགས་པས་ནི་ཁྱབ་པ་མི་འགྲུབ་

པོ། །དེའི་ཕྱིར་དེ་མི་རིགས་སོ། །དེས་ན་བསྒྲུབ་པར་བྱ་བ་མ་མཐོང་བ་ལས་ནི་སྒྲུབ་པར་བྱེད་པ་མེད་པར་རྟོགས་པ་མ་ཡིན་ཏེ་དེར་མ་འབྲེལ་པའི་ཕྱིར་རོ། །དེ་རང་གི་ངོ་བོ་མ་མཐོང་བས་ཀྱང་མ་ཡིན་ཏེ། བལྟར་མི་རུང་བའི་ཕྱིར་རོ། །མཐོང་བ་མེད་པ་ནི་རང་ཉིད་གྲུབ་པའི་ཕྱིར་ཚིག་གིས་

ནི་ཅུང་ཟད་ཀྱང་བྱར་མེད་དོ། །འདི་ལྟར་དམིགས་པ་བཀག་པའི་མི་དམིགས་པ་ནི་ཚིག་གིས་ནུས་པར་བྱ་བ་མ་ཡིན་ཏེ་མེད་པ་ལ་ནུས་པ་མེད་པའི་ཕྱིར་རོ། །དེས་ན་ཚིག་ནི་དོན་སྟོན་པ་ཉིད་ཀྱིས་འབྲས་བུ་དང་བཅས་པ་ཡིན་ལ་དོན་ཡང་མཐོང་བ་མེད་པ་ཉིད་ཡིན་ན། དེ་ནི་གྲུབ་ཟིན་པའི་

ཕྱིར་ཚིག་གིས་ཅི་བྱ། འདི་སྙམ་དུ་ཚིག་གང་ལས་སྒྲུབ་པར་བྱེད་པ་དེ་བཟློག་པ་ནི་ནུས་པ་དེ་འདྲ་བ་ཡིན་ནོ་སྙམ་ན། རྒོལ་བ་དེས་བསྒྲུབ་པར་བྱ་བ་མེད་པ་ལ་སྒྲུབ་པར་བྱེད་པ་མེད་དོ་ཞེས་བརྗོད་པས་ཀྱང་དེ་ལྟར་འགྱུར་བ་མ་ཡིན་ཏེ་ཞེས་བྱ་བ་དེ་ལ་སྒྲུབ་པར་བྱེད་པ་མེད་པར་མི་འགྱུར་ཏེ་ཧ་ཅང་

ཐལ་བར་འགྱུར་བའི་ཕྱིར་རོ། །ཡོད་དམ་མེད་ཀྱང་རུང་སྟེ་རྒོལ་བ་དང་འདོད་པ་གང་ཡིན་པ་དེ་ཉིད་དེའི་ཚིག་ལས་འགྲུབ་པར་འགྱུར་ན། དེ་ལྟ་ཡང་མ་ཡིན་ནོ། །དེ་བས་ན་གཅིག་ལོག་པས་གཞན་ལོག་པར་འདོད་པས་དེ་ལ་སྟེ་ཅིག་ཤོས་ལྡོག་པ་སྔོན་དུ་འགྲོ་བ་ཅན་གྱི་ལྡོག་པ་ལ་རིགས་པ་

ནི་འཐད་པ་སྟེ། རིགས་པ་གང་གིས་རྟོགས་པ་པོ་འདི་བསྒྲུབ་བྱ་ལོག་ན་སྒྲུབ་བྱེད་ལྡོག་པ་ཞེས་ངེས་པར་འགྱུར་བའོ། །དོན་དེ་ཉིད་ཚིགས་སུ་བཅད་པས་བསྡུ་བའི་ཕྱིར། མེད་ཅེས་བྱ་བའི་ཚིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མེད་དོ་ཞེས་བརྗོད་པས་ནི་དེ་མེད་པ་ཁོ་ནར་མི་

འགྱུར་གྱི། གལ་ཏེ་ཇི་ལྟར་ཏེ་རིགས་པའི་རྣམ་པ་གང་གིས་དེ་མེད་པའི་རིགས་པ་དེ་བརྗོད་པ་དེའི་ཚེ་མེད་དོ་ཞེས་ངེས་པ་ཡིན་ནོ། །དེའི་ཕྱིར་རང་བཞིན་འབྲེལ་པ་ཉིད་བསྟན་པའི་དོན་དུ་འབྲེལ་པའི་ཡུལ་ལོག་པས་འབྲེལ་པའི་ཆོས་ལྡོག་པ་ནི་ལྡོག་པའི་ཚིག་གིས་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་

เล่ม ๑๘๘ · หน้า 272b

བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་ཡིན་ནོ། །དེ་ཞེས་བྱ་བ་བསྒྲུབ་པར་བྱ་བ་མེད་པ་ལ་སྒྲུབ་པར་བྱེད་པ་མི་དམིགས་པས་བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པ་གྲུབ་པའོ། །འདི་ལ་ལ་ལར་འདོད་རྒྱལ་དུ་ལོག་པ་ཡིན་ཡང་འབྲེལ་པ་མེད་པས་ཁྱབ་པ་མི་འགྲུབ་པོ་ཞེས་ཅུང་ཟད་བཤད་

ཟིན་ཏོ། །གཞན་ཡང་གལ་ཏེ་མ་མཐོང་བ་མཐོང་བ་མེད་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་འགྱུར་ན། སློབ་དཔོན་གྱིས་ཇི་ལྟར་ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པ་འཁྲུལ་པ་ཅན་ཡིན་པར་གསུངས། དཔེར་ན་ཞེས་བྱ་བ་ནི་ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པ་

སློབ་དཔོན་གྱིས་གསུངས་པ་དེ་ཉིད་སྟོན་པ་ཡིན་ནོ། །འབྲས་བུ་རྣམ་པར་སྨིན་པ་དང་རོ་འདི་བྲོ་བ་ཞེས་བྱ་བ་ཟོས་པའི་འབྲས་བུ་དང་རོ་འདྲ་བ་ཉིད་ནི་བསྒྲུབ་པར་བྱ་བའོ། །ཁྱད་པར་ཅན་གྱི་གཟུགས་སྐྱ་བོ་ནི་གཏན་ཚིགས་ཡིན་ལ། ཤིང་ཕུང་ངམ་ཡལ་ག་གཅིག་ལས་སྐྱེས་པ་ཡང་གཏན་ཚིགས་

ཡིན་ནོ། །ཟོས་པའི་འབྲས་བུ་ནི་དཔེ་ཡིན་ནོ། །སྦྱོར་བ་འདི་ལ་ཡང་མི་དམིགས་པ་ཡོད་པ་ཡིན་ཏེ། དཔེ་ཟོས་པའི་འབྲས་བུ་ལས་གཞན་པའི་འབྲས་བུ་ཕྱོགས་སུ་བྱས་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་བརྟེན་ན་གཏན་ཚིགས་ཡལ་ག་གཅིག་ལས་སྐྱེས་པ་དང་གཟུགས་ཁྱད་པར་མེད་པ་དག་

བསྒྲུབ་པར་བྱ་བ་མེད་པ་ལ་མི་དམིགས་པ་ཡོད་པ་ཡིན་ནོ། །འདི་ལྟར་ཟོས་པ་དང་ཕྱོགས་སུ་བྱས་པ་ལས་གཞན་ལ་གཏན་ཚིགས་འཇུག་པ་མེད་པས་བསྒྲུབ་བྱ་མེད་པ་ལ་མི་དམིགས་པ་ཡིན་ཏེ། དེའི་ཕྱིར་མ་མཐོང་བ་ཙམ་གྱིས་ལྡོག་པ་གྲུབ་པའི་གཏན་ཚིགས་བསྒྲུབ་པར་བྱ་བ་ལ་ཇི་ལྟར་འཁྲུལ་

པ་ཡིན། དབང་ཕྱུག་སྡེ་ལ་སོགས་པ་ཁ་ཅིག་ན་རེ་མངོན་སུམ་གྱིས་བསྒྲུབ་པར་བྱ་བ་ལ་གནོད་པ་དེར་དོགས་པ་དེ་ཉིད་འཁྲུལ་པ་ཡིན་ཏེ། ཕྱོགས་སུ་བྱས་པའི་ཡུལ་ལ་མངོན་སུམ་གྱིས་གནོད་པར་དོགས་པས་གཏན་ཚིགས་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །དེའི་དོན་ནི་འདི་ཡིན་ཏེ། རྗེས་སུ་

འགྲོ་བ་དང་ལྡོག་པ་འབའ་ཞིག་གིས་ནི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ཏེ། འོན་ཀྱང་གནོད་པ་མེད་པའི་ཡུལ་ཅན་ཞེས་བྱ་བའི་མཚན་ཉིད་གཞན་ཡོད་པ་ཡིན་ནོ། །མངོན་སུམ་གྱིས་གནོད་པར་དོགས་པ་ལ་ནི་དེ་ངེས་པ་མེད་པའི་ཕྱིར་མཚན་ཉིད་གཞན་མ་ངེས་པའི་ཕྱིར་འཁྲུལ་པ་ཡིན་ནོ། །མ་ཡིན་ཏེ་

เล่ม ๑๘๘ · หน้า 273a

ཞེས་བྱ་བས་དེ་ཟློག་པར་བྱེད་དོ། །ཕྱོགས་སུ་བྱས་པའི་ཡུལ་དེ་ལ་མངོན་སུམ་གྱིས་གནོད་པ་མེད་པའི་ཕྱིར་རོ། །ཇི་སྟེ་ཕྱོགས་ལ་མངོན་སུམ་གྱིས་གནོད་པར་གལ་ཏེ་ན་འགྱུར་རོ་ཞེ་ན། ཇི་ལྟ་བུར་དོགས་ན་ཞེས་བྱ་བ་གནོད་པ་འཇུག་པར་དོགས་ནའོ། །མངོན་

པར་འདོད་པའི་ཕྱོགས་གཞན་ལ་ཡང་གནོད་པ་མེད་པར་ངེས་པ་མེད་པའི་ཕྱིར་རོ། །གལ་ཏེ་གནོད་པར་དོགས་པ་ལ་ཡང་སྒྲུབ་པར་བྱེད་པ་འཇུག་པར་ཁས་བླངས་ན། འོ་ན་ནི་གནོད་པ་ཞུགས་པ་གནོད་པར་བྱས་པའི་ཡུལ་ལ་ཡང་འཇུག་སྟེ། དེས་ན་གང་ལ་མངོན་སུམ་གྱིས་གནོད་པ་

ཡོད་པ་དེ་ལ་ཡང་རྗེས་སུ་དཔག་པ་འཇུག་པར་འགྱུར་རོ་ཞེ་ན། འདི་གསལ་བའི་ཕྱིར་བཤད་པ། ཚད་མ་ཞུགས་པ་གཏན་ཚིགས་ཟློག་པར་བྱེད་པ་ཡིན་གྱི། ཚད་མ་མ་ཞུགས་པར་གནོད་པར་བྱེད་པ་ཡིན་ན་ནི་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ། །

འདི་ལྟར་ཅི་སྲིད་གཏན་ཚིགས་མ་ཞུགས་པ་དེ་སྲིད་དུ་བསྒྲུབ་བྱ་མེད་པར་དོགས་པ་ཉིད་ཡིན་ལ། མེད་པར་དོགས་པ་ཉིད་ཀྱང་གནོད་པར་དོགས་པ་ཡིན་ནོ། །གནོད་པའི་ཡུལ་ཅན་གང་ཡིན་པ་དེ་ནི་གོ་བར་བྱེད་པ་མ་ཡིན་ཏེ། དེས་ན་འགའ་ཡང་གོ་བར་བྱེད་པར་མི་འགྱུར་རོ། །ཅི་སྟེ་སྔར་སྒྲུབ་

པར་བྱེད་པ་ཞུགས་པ་ལས་ཡུལ་འགའ་ཞིག་ཏུ་བསྒྲུབ་བྱ་མེད་པར་དོགས་པ་མེད་དོ། །དངོས་པོ་གཏན་ལ་ཕེབས་པའི་ཕྱིར་རོ་ཞེ་ན། འོ་ན་ནི་གོང་ལས་གནོད་པ་མེད་པར་ངེས་པ་དེ་ཉིད་གོ་བར་བྱེད་པ་ཡིན་པས་གཏན་ཚིགས་གཞན་གྱིས་ཅི་བྱ། དེས་ན་གནོད་པར་དོགས་པར་འགྱུར་བ་ཉིད་

ལ་གཏན་ཚིགས་སྦྱོར་བ་ཡིན་ནོ། །དེ་ལྟ་ཡིན་དང་གནོད་པར་དོགས་པ་གཏན་ཚིགས་འཇུག་པའི་ཡན་ལག་གང་ཡིན་པ་དེ་ཉིད་ཀྱིས་གཏན་ཚིགས་སྐྱོན་ཅན་དུ་འགྱུར་བ་ནི་མ་ཡིན་ནོ། །དེས་ན་ཡུལ་འགོག་པའི་ཕྱིར་ཞུགས་པའི་ཚད་མ་ཉིད་གནོད་པར་བྱེད་པ་ཡིན་གྱི་མ་ཞུགས་པ་ནི་མ་ཡིན་ཏེ།

ཐེ་ཚོམ་ཟ་བ་ཉིད་གཏན་ཚིགས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ནི་ལྡོག་པ་ལ་ཡང་ཞུགས་པའི་ཚད་མ་གནོད་པར་བྱེད་པར་འགྱུར་གྱི་དོགས་པ་ནི་མ་ཡིན་ནོ། །མ་མཐོང་བ་ཙམ་ལ་ནི་གནོད་པར་བྱེད་པའི་ཚད་མ་ཞུགས་པ་མེད་དོ་ཞེས་དོགས་པ་ལ་བཤད་པ། ལྡོག་པ་ནི་གྲུབ་པ་ཁོ་

เล่ม ๑๘๘ · หน้า 273b

ན་ངེས་པ་ཁོ་ན་སྒྲུབ་པར་བྱེད་པ་གོ་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ལྟ་བུའི་ངོ་བོ་གྲུབ་པར་བྱེད་པའི་ངོ་བོའི་ལྡོག་པ་ནི་ངེས་པ་ལ་ལྟོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གཏན་ཚིགས་ནི་སྒྲོན་མ་བཞིན་དུ་རུང་བའི་ཁྱད་པར་གྱི་དོན་གྱིས་གོ་བར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་

ཉིད་དུ་ངེས་པ་ཡིན་ནོ། །དེའི་མེད་ན་མི་འབྱུང་བར་ངེས་པ་ཉིད་ལྐོག་ཏུ་གྱུར་པའི་དོན་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །མེད་ན་མི་འབྱུང་བ་དེས་ན་ཡང་ལྡོག་པ་མ་ངེས་པ་ཅི་ཡོད། ལྡོག་པ་ལ་ཐེ་ཚོམ་ཟ་ན་ནི་འབྲེལ་པ་ལ་ཐེ་ཚོམ་ཟ་བར་འགྱུར་བས། འབྲེལ་པ་ངེས་པའི་བདག་ཉིད་གོ་བར་བྱེད་པའི་

དངོས་པོར་མི་འགྱུར་རོ། །དེས་ན་ལྡོག་པ་ནི་ངེས་པ་ལ་ལྟོས་པ་ཁོ་ན་གོ་བར་བྱེད་པ་ཡིན་ནོ། །གནོད་པར་བྱེད་པའི་ཚད་མ་ཡོད་པར་དོགས་ན་ནི་ལྡོག་པ་ངེས་པར་མི་འགྱུར་རོ། །བསྒྲུབ་པར་བྱ་བ་ནི་ཐེ་ཚོམ་ཟ་བ་ཉིད་གཏན་ཚིགས་ཀྱི་ཡུལ་ཡིན་ཏེ། ངེས་སམ་བཟློག་པ་ཡིན་ན་ནི་དེ་བསྒྲུབ་པར་བྱ་

བ་མ་ཡིན་པའི་ཕྱིར་རོ། །དེས་ན་ཇི་ལྟར་བསྒྲུབ་པར་བྱ་བའི་ཡུལ་ལ་གནོད་པ་ཡོད་པར་དོགས་ན། གཏན་ཚིགས་གོ་བར་བྱེད་པ་ཡིན་པ་དེ་བཞིན་དུ་ལྡོག་པ་ལ་ནི་མ་ཡིན་ཏེ། ལྐོག་ཏུ་གྱུར་པ་སྒྲུབ་པ་ནི་འབྲེལ་པ་ངེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འོ་ན་ཁྱོད་ཀྱི་ཕྱོགས་ལ་མི་མཐུན་པའི་ཕྱོགས་

ལ་མ་མཐོང་བ་ཡོད་ཀྱང་ལྷག་མ་དང་ལྡན་པ་འཁྲུལ་པར་འགྱུར་བ་ཅི་ལྟར་ཞེ་ན་བཤད་པ། མི་དམིགས་པས་བལྟར་རུང་བའི་བསྒྲུབ་བྱ་མེད་པར་ངེས་ལ་འགའ་ཞིག་ལ་བལྟར་རུང་བའི་གཏན་ཚིགས་མེད་པར་གྲུབ་ཀྱང་། བསྒྲུབ་པར་བྱ་བའི་དོན་དང་འབྲེལ་པ་མེད་པ་ནི་བསྒྲུབ་པར་བྱ་བ་དེ་མེད་

པ་ཐམས་ཅད་ལ་ཞེས་བྱ་བ་ལྐོག་ཏུ་གྱུར་པའི་ཡུལ་ལ་ཡང་གཏན་ཚིགས་མེད་པར་མི་འགྲུབ་པའི་གཏན་ཚིགས་ཀྱིས་ལྡོག་པ་ལ་ཐེ་ཚོམ་ཟ་བ་དེའི་ཕྱིར། འདི་ལ་ལྡོག་པ་ངེས་པ་མེད་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་དོན་དང་འབྲེལ་པ་མེད་པའི་ཕྱིར། མི་མཐུན་པའི་ཕྱོགས་ལས་ལྡོག་

པ་ངེས་པ་མེད་པའི་གཏན་ཚིགས་ནི་ལྷག་མ་དང་ལྡན་པའི་འཁྲུལ་པ་འདི་ལ་ཡོད་པས་འཁྲུལ་པ་ཡིན་ནོ། །མ་མཐོང་བ་ཙམ་ལྡོག་པ་ངེས་པའི་རྒྱུ་ཡིན་ན་ནི་ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར་ན། དེ་ནི་སློབ་དཔོན་གྱིས་གོ་བྱེད་དུ་བཞེད་པ་མ་ཡིན་ནོ། །ལྡོག་པ་ཅན་གྱི་གཏན་

เล่ม ๑๘๘ · หน้า 274a

ཚིགས་དེ་ཉིད་སྟོན་པ་ནི་གསོན་པོ་མ་ཤི་བའི་ལུས་འདི་ནི་ཞེས་བྱ་བ་ནི་ཆོས་ཅན་ནོ། །བདག་མེད་པ་མ་ཡིན་ཏེ་ཞེས་བྱ་བ་བདག་མེད་པ་བཀག་པ་ནི་བསྒྲུབ་བྱའོ། །སྲོག་ལ་སོགས་པ་དང་ལྡན་པ་མ་ཡིན་པར་སྲོག་ལ་སོགས་པ་ལྡོག་པ་དེ་ལྟར་ཐལ་བར་འགྱུར་བའི་

ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །སྲོག་ལ་སོགས་པ་དང་ལྡན་པ་ཞེས་བྱ་བའི་གཏན་ཚིགས་འདི་ནི་བདག་དང་བཅས་པ་འགའ་ཞིག་ལ་མ་མཐོང་ལ། བདག་མེད་པ་དག་ལ་ནི་ལྡོག་པའི་ཕྱིར་བསྒྲུབ་བྱ་ལོག་པ་ན་ལོག་པའི་ཆོས་ལྡོག་པ་ཅན་དུ་བརྗོད་པ་ཡིན་ནོ། །འདི་ནི་གལ་ཏེ་བདག་མེད་

པ་གསོན་པའི་ལུས་ལས་མ་ལོག་ན་སྲོག་ལ་སོགས་པ་མེད་པ་ཡང་ལྡོག་པར་མི་འགྱུར་རོ་ཞེས་ཐལ་བར་འགྱུར་བའི་སྒོ་ནས་བཀོད་པ་ཡིན་ནོ། །ད་ནི་བུམ་པ་ལ་སོགས་པ་བདག་མེད་པ་རྣམས་སྲོག་ལ་སོགས་པ་མེད་པས་ཁྱབ་པ་བསྟན་པའི་ཕྱིར་བདག་མེད་པ་བུམ་པ་ལ་སོགས་པ་ཞེས་སྨོས་སོ། །

བདག་མེད་པ་གང་ཡིན་པ་དེ་ནི་སྲོག་ལ་སོགས་པ་དང་ལྡན་པ་མེད་པས་ཁྱབ་པ་དེའི་ཕྱིར་སྲོག་ལ་སོགས་པ་མེད་པ་དེ་ལོག་ན་ཁྱབ་པར་བྱ་བ་བདག་མེད་པ་ཡང་ལྡོག་པའི་གཏན་ཚིགས་ཀྱིས་བདག་མེད་པ་སྤངས་ནས་བདག་ཡོད་པ་རྟོགས་པར་འགྱུར་རོ། །དེ་ལྟར་བསྟན་པའི་གཞན་གྱི་ཐལ་བར་

འགྱུར་བ་སྤང་བའི་ཕྱིར་བཤད་པ། བལྟར་མི་རུང་བ་དེའི་མི་དམིགས་པ་དེས་མེད་པ་མ་གྲུབ་ན་བུམ་པ་ལ་སོགས་པ་དག་མེད་པར་མ་གྲུབ་པོ། །གང་གིས་བུམ་པ་ལ་སོགས་པ་ལ་དེ་མེད་པར་འགྱུར་བ་བདག་བལྟར་རུང་བ་ནི་མ་ཡིན་ནོ། །བདག་མེད་པ་དེ་ལ་མ་གྲུབ་པའི་ཕྱིར་ཏེ། གཏན་ཚིགས་

ཀྱིས་སྲོག་ལ་སོགས་པ་བདག་མེད་པ་ལས་ལྡོག་པ་མེད་དོ། །སྲོག་ལ་སོགས་པ་ལྡོག་པས་བདག་མེད་པ་ཐེ་ཚོམ་ཟ་བ་དེ་ལ་ཁྱབ་པ་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བརྗོད་པ་ཡིན་ཏེ། བདག་མེད་པ་དང་སྲོག་ལ་སོགས་པ་ལྡོག་པ་བདག་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་དངོས་

པོ་གྲུབ་ན་ཐལ་བ་འདིར་འགྱུར་བ་ཡིན་ན། དེ་དག་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོར་མ་གྲུབ་སྟེ་བདག་མེད་པ་ཉིད་ནི་ཐེ་ཚོམ་ཟ་བའི་ཕྱིར་དང་། ཐེ་ཚོམ་ཟ་བ་ཡང་བདག་བལྟར་རུང་བ་མ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་བུམ་པ་ལ་སོགས་པ་ནི་བདག་མེད་པར་ཁྱེད་ཀྱིས་ཁས་བླངས་

เล่ม ๑๘๘ · หน้า 274b

པ་ཡིན་པས་དེ་ཉིད་ཀྱིས་དེ་འགྲུབ་པོ་སྙམ་ན། ད་ནི་ཇི་ལྟར་ཞེས་སྨོས་སོ། །གལ་ཏེ་ངེད་ཀྱིས་ཁས་བླངས་པས་བདག་མེད་པར་འདོད་ན། དེ་ལྟ་ནི་འོ་ན་ངེད་ཅག་ནི་ཐམས་ཅད་བདག་མེད་པར་འདོད་པའི་ཕྱིར་ཇི་ལྟར་བདག་འགྲུབ་པར་འགྱུར། གལ་ཏེ་གསོན་པོའི་ལུས་འདི་ནི་གཞན་གྱིས་བདག་

མེད་པར་ཁས་བླངས་པ་དེ་ལྟ་ན་ཡང་དེ་ཚད་མ་དང་ལྡན་པ་མ་ཡིན་པ་ཉིད་པས་དེའི་དོན་དུ་བདག་བསྒྲུབ་པ་ཡིན་ཞེ་ན། གསོན་པོའི་ལུས་ལས་གཞན་བུམ་པ་ལ་སོགས་པ་བདག་མེད་པར་ཕྱིར་རྒོལ་བ་ལ་གྲུབ་པ་ཡང་ཚད་མ་དང་ལྡན་པ་མ་ཡིན་ནོ། །འདི་ལྟར་བདག་མེད་པའི་ཕྱིར་རྒོལ་བའི་ཁས་

བླངས་པས་འགྲུབ་པ་མི་རིགས་པས་གྲུབ་ཀྱང་བླ་སྟེ། རྣམ་པ་ཐམས་ཅད་དུ་ཕྱིར་རྒོལ་བ་ནི་བདག་མེད་པ་དང་དངོས་པོ་ཐམས་ཅད་ཀྱི་ཡུལ་ཅན་དུ་འདོད་པ་ཡིན་ནོ། །དེ་ལ་གསོན་པོའི་ལུས་ལ་བདག་མེད་པ་ཚད་མ་ཅན་མ་ཡིན་པར་སྨྲ་བ་ནི། དེའི་ཁས་བླངས་པ་དང་རིགས་

པ་ཡང་ཚད་མ་མ་ཡིན་པར་བརྗོད་པ་ཡིན་ནོ། །དེ་ལྟར་ཁས་བླངས་པའམ་རིགས་པ་ཚད་མ་མ་ཡིན་པ་དེ་ཉིད་ལས་བུམ་པ་ལ་སོགས་པ་བདག་མེད་པར་ཅི་ལྟར་རྗོད་པར་བྱེད། དེའི་ཕྱིར་བདག་མེད་པར་ནི་སྲོག་ལ་སོགས་པ་མེད་པས་མ་ཁྱབ་པོ། གཞན་ཡང་ཁས་བླངས་པ་འབའ་

ཞིག་གིས་བདག་དང་བཅས་པ་དང་བདག་མེད་པ་དག་རྣམ་པར་ཕྱེ་ནས་བུམ་པ་ལ་སོགས་པ་གཞན་ནམ་བདག་གིས་བདག་མེད་པར་ཁས་བླངས་པ་དེས་ན་བདག་མེད་པ་ཡིན་ལ། གསོན་པོའི་ལུས་ལ་ཁོ་བོ་ཅག་གིས་བདག་མེད་པར་ཁས་བླངས་པ་སྟེ། དེའི་ཕྱིར་བདག་མེད་པ་མ་ཡིན་ནོ་ཞེས་

དེ་ལྟར་རྣམ་པར་ཕྱེ་ནས་བདག་མེད་པ་དེ་ལ་སྲོག་ལ་སོགས་པ་མེད་པས་བདག་གི་རྟོགས་པར་བྱེད་པ་ཉིད་དུའོ། །སྲོག་ལ་སོགས་པ་བདག་མེད་པ་དག་ལས་ལོག་པས་བདག་དང་བཅས་པས་ཁྱད་པར་ཁས་ལེན་པར་བྱེད་པས་ནི་ཁྱབ་པ་ལུང་གིས་གྲུབ་པར་བརྗོད་པར་འགྱུར་རོ། །དེ་ལས་ཀྱང་

བདག་གྲུབ་པའི་ཕྱིར་བདག་ཀྱང་ལུང་གིས་གྲུབ་པར་འགྱུར་རོ། །དེས་ན་ཁྱབ་པའི་ཡུལ་ཁས་བླངས་པས་གྲུབ་པའི་ཕྱིར་ཁྱབ་པ་མེད་དོ། །མ་མཐོང་བ་ཙམ་གྱིས་ལྡོག་པ་ཡིན་ན་ནི་སྲོག་ལ་སོགས་པ་བདག་མེད་པ་ལ་མ་མཐོང་བ་དེས་ན་ལྡོག་པར་འགྱུར་ཏེ། དེའི་ཕྱིར་འདི་གོ་བར་བྱེད་པ་ཡིན་

เล่ม ๑๘๘ · หน้า 275a

པར་འགྱུར་རོ། །འདི་ནི་གོ་བར་བྱེད་པར་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རང་བཞིན་འབྲེལ་པ་ཁོ་ནས་གོ་བར་བྱེད་པར་འདོད་དོ། །མ་མཐོང་བ་ཙམ་གྱིས་ལྡོག་ན་གང་ཡང་མ་གྲུབ་སྦྱར་བ་དེ་ཡང་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་ཞེས་བྱ་བ་ནས་བརྗོད་པར་བྱ་བའི་མཐར་

ཐུག་པ་ནི་མ་གྲུབ་སྦྱོར་བའི་ངག་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གཉི་ག་དང་གང་ཡང་རུང་བ་དང་ཐེ་ཚོམ་ཟ་བ་དང་གཞི་མ་གྲུབ་པ་བཞི་བསྟན་ནས་ཕྱོགས་ཀྱི་ཆོས་དགུ་ལ་བསྒྲེ་བའི་ཕྱིར་དེ་བཞིན་དུ་ཞེས་སྨོས་པ་ཡིན་ནོ། །ཇི་ལྟར་བསྒྲུབ་བྱའི་ཆོས་ཅན་ལ་མ་གྲུབ་པ་རྣམ་པ་བཞི་བཤད་པ།

དེ་བཞིན་དུ་ཕྱོགས་ཀྱི་ཆོས་བཤད་པ། གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་ཡིན་པ་དེ་ལ་ཡང་མཐུན་པ་དང་མི་མཐུན་པའི་ཕྱོགས་ལ་མ་གྲུབ་པ་རྣམ་པ་བཞིར་བརྗོད་པར་བྱ་སྟེ། མཐུན་པའི་ཕྱོགས་སམ་གཞན་གང་ལ་མ་གྲུབ་པ་གང་རིགས་པ་

དེ་ནི་དེ་ལ་བརྗོད་པར་བྱའོ། །གལ་ཏེ་མ་མཐོང་བ་ཙམ་གྱི་རྒྱུ་མཚན་གྱིས་ལྡོག་པར་བཞེད་ན་ནི་བསྒྲུབ་བྱའི་ཆོས་ཅན་ལ་མ་གྲུབ་པ་རྣམ་པ་བཞིར་བཤད་ནས། མཐུན་པའི་ཕྱོགས་མི་མཐུན་པའི་ཕྱོགས་ཀྱི་ཡུལ་ཅན་ཕྱོགས་ཀྱི་ཆོས་རྣམ་པ་དགུ་ལ་བསྒྲེས་ཤིང་སྐྱེ་བའི་མ་གྲུབ་སྦྱར་བ་

འདི་ནི་བརྗོད་བྱ་མིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་བཤད་པ། མི་དམིགས་པ་ཁོ་ནར་ཟད་ན་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ག་ལས་ཤེ་ན་བཤད་པ། དམིགས་ན་ཐེ་ཚོམ་དེ་མེད་པའི་ཕྱིར་རོ། །འགའ་ཞིག་ཏུ་དམིགས་པ་དང་མི་དམིགས་པ་ལས་ཆོས་ཀྱི་རྣམ་པ་གཞན་ནི་མེད་དོ། །དེ་

ལ་དམིགས་པ་ལ་ནི་ངེས་པ་ཉིད་ཡིན་གྱི་ཐེ་ཚོམ་ནི་མ་ཡིན་ནོ། །ལྷག་མར་གྱུར་པས་མི་དམིགས་པ་ཉིད་ལས་ཐེ་ཚོམ་ཡིན་ལ་ལྡོག་པ་ཡང་དེ་ཉིད་ལས་ཡིན་ནོ། །གལ་ཏེ་མ་དམིགས་པ་ཉིད་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་མོད། དེ་ཅི་ལྟར་འགྱུར་ཞེ་ན། གཏན་ཚིགས་དེས་ན་ཐེ་ཚོམ་

དུ་གྱུར་པ་མ་བཟློག་པར་འགྱུར་རོ། །མི་དམིགས་པས་ལྡོག་པ་གྲུབ་པའི་ཕྱིར་ལ། ལྡོག་པ་གྲུབ་པ་ཉིད་ནི་གོ་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་གང་གིས་གོ་བར་བྱེད་པ་ལས་བཟློག་པར་བྱ་བ་ཡིན་ན། ཐེ་ཚོམ་དུ་གྱུར་པ་ཡང་ཟློག་པར་འགྱུར་བ་མ་གྲུབ་པ་སྦྱར་བ་དེ་ཉིད་མི་བྱ་བར་འགྱུར་

เล่ม ๑๘๘ · หน้า 275b

རོ། །འདི་སྙམ་དུ་ཅི་རིགས་པར་ཞེས་བྱ་བའི་སྒྲ་འདི་ནི་སྨོས་པའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་མ་བཟློག་པ་ཁོ་ན་སྟེ། མཐུན་པ་དང་མི་མཐུན་པའི་ཕྱོགས་དག་ལས་གང་ལ་མ་གྲུབ་པ་རྣམ་པ་བཞི་པོ་འགྲིགས་པ་དེ་ལ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏེ། དེས་ན་མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་

བའི་མ་གྲུབ་པ་ནི་གཏན་ཚིགས་ཀྱི་སྐྱོན་དུ་བརྗོད་པ་མ་ཡིན་ནོ་ཞེ་ན། འདི་དགག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། གང་ཞིག་གཉི་ག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །གང་ཞིག་གཉི་ག་ལ་ངེས་པར་བརྗོད་པ་དེ་ཁོ་ན་བསྒྲུབ་པའམ་སུན་འབྱིན་པ་ཡིན་གྱི། གང་

ཡང་རུང་བ་ལ་གྲུབ་པ་དང་ཐེ་ཚོམ་ཟ་བ་བརྗོད་པ་ནི་མ་ཡིན་ནོ་ཞེས་སློབ་དཔོན་གྱིས་གསུངས་ཏེ། རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་ངེས་པའི་དོན་བརྗོད་པའི་སྒྲ་གང་ཡིན་པ་དེ་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་སྒྲུབ་པའམ་སུན་འབྱིན་པ་ཡིན་གྱི་གང་ཡང་རུང་བ་ལ་གྲུབ་པ་དང་ཐེ་ཚོམ་ཟ་བ་བརྗོད་

པ་ནི་མ་ཡིན་ནོ། །འདིར་གཞུང་འདི་ནི་དཔེར་བརྗོད་པ་ཡིན་ཏེ། གང་ཞིག་རྒོལ་བ་དང་ཕྱིར་རྒོལ་བ་ལ་མ་གྲུབ་པའམ་ཐེ་ཚོམ་ཟ་བ་བརྗོད་པ་དེ་ནི་སྒྲུབ་པར་བྱེད་པའམ་སུན་འབྱིན་པ་མ་ཡིན་ནོ། །ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཆོས་ཀྱང་གཉི་ག་མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་སྟེ། དེའི་ཕྱིར་དེ་བརྗོད་པ་

སྒྲུབ་བྱེད་མ་ཡིན་ལ། དེ་ཡང་གཏན་ཚིགས་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ལྡོག་པ་ལ་ཐེ་ཚོམ་ཟ་ཡང་གཏན་ཚིགས་ཡིན་ན་འདིར་ཡང་དེ་གཏན་ཚིགས་སུ་བསྟན་པའི་ཕྱིར་ཅི་རིགས་པ་ཞེའམ། གཞན་ཡང་རུང་སྟེ། དེའི་ཕྱིར་དམིགས་ཀྱིས་བསལ་བའི་ཕྱིར་སྒྲ་འགའ་ཞིག་སྦྱོར་བར་

འགྱུར་ན་སྦྱར་བ་མེད་དོ། །དེས་ན་གང་ཞིག་གཞན་དུ་གཏན་ཚིགས་མ་ཡིན་པར་བཤད་པ་དེ་ཉིད་འདིར་ཅི་རིགས་པར་སྨོས་པའི་སྒོ་ནས་གཏན་ཚིགས་སུ་བརྗོད་པ་ཅི་ལྟར་འགྱུར། འོ་ན་ཅི་རིགས་པར་ཞེས་ཅིའི་ཕྱིར་སྨོས་ཤེ་ན། བརྗོད་པ་ཇི་ལྟར་བསྒྲུབ་བྱའི་ཆོས་ཅན་ལ་ཕྱོགས་ཀྱི་ཆོས་ཀྱི་གཞི་མ་གྲུབ་

པ་བཤད་པ་དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་ཡང་ལྡོག་པའི་གཞི་མ་གྲུབ་པར་འགའ་ཞིག་རྟོགས་པས་དེ་བཟློག་པའི་ཕྱིར་རོ། །ངེས་པར་འདི་ལ་གཞི་མི་འདོད་ཅེས་གང་བཤད་པ་ཡིན་ཏེ། དངོས་པོ་ཡོད་ན་ནི་གཏན་ཚིགས་འཇུག་སྲིད་པས་ལྡོག་པ་ལ་ཐེ་ཚོམ་ཟ་བར་འགྱུར་གྱི། མེད་ན་ནི་དེ་

เล่ม ๑๘๘ · หน้า 276a

མེད་པས་དེ་ལ་མི་འཇུག་པའི་ཕྱིར་ལྡོག་པ་ངེས་པ་ཡིན་ནོ། །གང་གི་ཕྱིར་གཞན་དུ་གཏན་ཚིགས་མ་ཡིན་པར་བཤད་པ། དེའི་ཕྱིར་མི་དམིགས་ཀྱང་ཐེ་ཚོམ་ཟ་བས་མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་ལྡོག་པ་མེད་པར་དགོངས་ཏེ། མ་གྲུབ་པ་སྦྱར་བས་ལྡོག་པ་ལ་ཐེ་

ཚོམ་ཟ་བ་དེ་གཏན་ཚིགས་ཉིད་དགག་པ་བཤད་པ་ཡིན་ནོ། །མ་མཐོང་བ་ཙམ་གྱིས་ལྡོག་པ་མི་བཞེད་པ་གཞན་ཡང་བསྟན་པའི་ཕྱིར་མཉན་པར་བྱ་བ་ཉིད་ཀྱང་ཞེས་སྨོས་སོ། །མཉན་པར་བྱ་བ་ཉིད་ནི་སློབ་དཔོན་གྱིས་ཐུན་མོང་མ་ཡིན་པའི་མ་ངེས་པར་གསུངས་སོ། །གལ་ཏེ་མ་མཐོང་བས་ལྡོག་

པར་འགྱུར་ན་མཉན་པར་བྱ་བ་ཉིད་ཀྱང་རྟག་པའམ་མི་རྟག་པ་ཉིད་མེད་པར་བསྒྲུབ་པ་ལ་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཡོད་པ་ཡིན་ཏེ། དེའི་ཕྱིར་ལྡོག་པ་གྲུབ་པས་གོ་བར་བྱེད་པར་འགྱུར་རོ། །གང་གི་ཕྱིར་རྟག་པ་དང་མི་རྟག་པ་ཉིད་ལ་མ་མཐོང་བའི་ཕྱིར་དེ་ལས་ལོག་པ་ཡིན་ཏེ། དེ་བས་ན་

རྟག་པ་དང་མི་རྟག་པ་དེ་དག་རྣམ་པར་གཅོད་པ་འགོག་པ་གོ་བར་བྱེད་པའི་གཏན་ཚིགས་སུ་འགྱུར་རོ། །གལ་ཏེ་མ་མཐོང་བའི་ཕྱིར་མཉན་པར་བྱ་བ་ཉིད་དེ་དེ་ལས་ལྡོག་མོད། རྣམ་པར་གཅོད་པའི་གཏན་ཚིགས་སུ་གོ་ཇི་ལྟར་འགྱུར་ཞེ་ན། རྣམ་པར་གཅོད་པ་ནི་ཞེས་སྨོས་སོ། །འདི་ལྟར་གང་

གང་ལས་ལོག་པ་དེའི་དེ་ལས་ལྡོག་པ་གང་ཡིན་པ་དེ་ལས་རྣམ་པར་གཅོད་པ་ཞེས་བྱ་བ་གཞན་ནི་མེད་དོ། །ལྡོག་པའི་ཡུལ་དེ་ལས་རྣམ་པར་གཅོད་པ་ནི་ལྡོག་པ་ཉིད་དོ། །དེས་ན་འགའ་ཞིག་འགའ་ཞིག་ལས་ལྡོག་པ་ངེས་པ་གང་ཡིན་པ་དེ་ཉིད་ལྡོག་པའི་མཚན་ཉིད་ཀྱི་དོན་ལྡོག་པའི་ཆོས་དང་ལྡན་

པའི་དངོས་པོ་ལ་མེད་པར་ངེས་པ་ཡིན་ནོ། །དེས་ན་དེ་ལས་ལྡོག་པ་ཉིད་རྣམ་པར་གཅོད་པ་ཡིན་ནོ། །འོ་ན་ཁྱོད་ཀྱི་ཕྱོགས་ལ་རྟག་པ་དང་མི་རྟག་པ་དག་ལ་མ་མཐོང་བའི་མཉན་པར་བྱ་བ་ཉིད་དེ་དག་རྣམ་པར་གཅོད་པར་མི་བྱེད་པར་ཇི་ལྟར་ཞེ་ན། རྣམ་པར་གཅོད་པ་མ་ཡིན་པ་ནི་ཞེས་སྨོས་སོ། །རྟག་པའམ་

མི་རྟག་པ་གང་ལས་ཀྱང་མཉན་བྱ་ཉིད་ལྡོག་པ་ཉིད་ཡིན་པར་མ་ངེས་པའི་ཕྱིར་རོ། །ལྡོག་པར་མ་ངེས་པ་ནི་གཅིག་དང་ཡང་འབྲེལ་པ་མ་ངེས་པའི་ཕྱིར་རོ། །དངོས་པོའི་ཆོས་ནི་འགའ་ཞིག་ལ་འཇུག་པར་ངེས་ན་གཞན་ལས་ལྡོག་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་གཅོད་པར་ངེས་པ་

เล่ม ๑๘๘ · หน้า 276b

ལྡོག་པའི་བདག་ཉིད་མ་ཡིན་ན་ནི་ལྡོག་པ་མ་ངེས་པས་རྣམ་པར་གཅོད་པར་མི་འགྱུར་བ་ཡིན་ན། དེ་ཉིད་ཇི་ལྟར་ཞེ་ན་བཤད་པ། གང་ཞིག་ཡུལ་གང་ལ་མེད་དོ་ཞེས་བྱ་བར་ངེས་པ་དེ་ནི་དེ་ལས་ལྡོག་པར་ངེས་པ་ཡིན་ཏེ། དེ་ལྟར་ངེས་པར་འགྱུར་བ་དེ་དངོས་པོ་འགའ་ལ་ཡོད་ན་སྟེ། བདོག་ན་ཅི་ལྟར་ག་ལ་

མེད་པར་ངེས་པ་དེ་མེད་པ་གོ་བར་མི་བྱེད། ཇི་ལྟར་གང་ལ་མེད་དོ་ཞེས་རྟོགས་པ་མེད་པར་རྟོགས་པར་མི་བྱེད། གལ་ཏེ་གཞན་རྣམ་པར་གཅོད་པ་གོ་བར་མི་བྱེད་པ་དེ་ལྟ་ན་ནི་ལྡོག་པ་ངེས་པར་མི་འགྱུར་རོ། །དེ་ལྟར་ཡང་མ་ཡིན་ཏེ། དེས་ན་གཞན་རྣམ་པར་གཅོད་པ་ནི་ལྡོག་པ་ངེས་པ་ཉིད་ཡིན་ནོ། །མ་

མཐོང་བ་ཡོད་ཀྱང་རྟག་པ་དང་མི་རྟག་པ་གཉི་ག་རྣམ་པར་གཅོད་པ་ནི་མ་ཡིན་ཏེ། ཚད་མ་གཞན་གྱིས་གནོད་པ་གང་ཡིན་པ་དེའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ཏེ། གང་དུ་ཚད་མའི་གནོད་པ་མེད་པ་དེར་མ་མཐོང་བའི་རྒྱུ་མཚན་གྱིས་ལྡོག་པ་ཡོད་པ་དེས་ན་རྣམ་པར་གཅད་པ་འགྲུབ་པ་ཡིན་གྱི། མ་

མཐོང་བ་ཡིན་ཡང་གང་ལ་ལྡོག་པ་ལ་གནོད་པའི་ཚད་མ་ཡོད་པ་དེར་ནི་ལྡོག་པ་ངེས་པའམ། དེའི་བདག་ཉིད་ཀྱིས་གཞན་རྣམ་པར་བཅད་པ་ཡོད་པ་མ་ཡིན་ལ། འདིར་ཡང་གནོད་པ་ཡོད་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ནི་ལྡོག་པའོ། །

ངོ་བོ་ཉིད་གང་ལ་ཡོད་པ་དེ་རྣམས་ནི་རྟག་པའམ་མི་རྟག་པ་གཅིག་རྣམ་པར་བཅད་པས་འགལ་བའི་ཆོས་གཞན་གྲུབ་པའི་རྒྱུའི་ཕྱིར། བསྒྲུབས་པ་དེ་ཉིད་ཡང་བཀག་པ་མ་ཡིན་ནོ། །མི་རྟག་པ་ཉིད་རྣམ་པར་གཅོད་པར་བྱེད་པ་ན་རྟག་པ་བསྒྲུབས་པ་ཡིན་ལ། ཡང་གཏན་ཚིགས་དེ་ཉིད་རྟག་པ་

ཟློག་པར་བྱེད་པས་རྟག་པ་རྣམ་པར་གཅོད་པའི་གཏན་ཚིགས་ཡིན་ན་ནི་གཅིག་ཉིད་གཅིག་ལ་གཅིག་གི་ཚེ་བསྒྲུབ་པ་དང་དགག་པ་འགལ་བའི་ཕྱིར་འགའ་ཡང་རྣམ་པར་བཅད་པ་མ་ཡིན་ནོ། །བསྒྲུབ་པ་ནི་རང་གི་ངོ་བོ་ཉམས་པ་ཡོངས་སུ་སྤངས་པ་ཡིན་ལ། རང་གི་ངོ་བོ་ཉམས་པ་ཉིད་ནི་དགག་པ་ཡིན་

པས་འགལ་བ་དེ་གཉིས་གཅིག་ལ་ཅིག་ཅར་ཇི་ལྟར་འགྱུར། དེས་ན་མཉན་བྱ་ཉིད་ནི་འགའ་ཞིག་ལས་ཀྱང་ལྡོག་པར་ངེས་པའམ། དེའི་བདག་ཉིད་རྣམ་པར་བཅད་པ་ཡང་མ་ཡིན་པས་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །གལ་ཏེ་མཉན་བྱ་ཉིད་ནི་ཉན་པའི་ཤེས་པ་སྐྱེད་པ་ཡིན་ལ།

เล่ม ๑๘๘ · หน้า 277a

དེ་ཡང་དོན་བྱེད་པར་ནུས་པ་ཉིད་ཡིན་པ་དེས་ན་མཉན་པར་བྱ་བ་ཉིད་རྟག་པ་དག་ལས་ལྡོག་པའི་ཕྱིར་མི་རྟག་པ་ཉིད་གོ་བར་བྱེད་པའི་རྟག་པ་ཉིད་མ་ཡིན་ནམ་ཞེ་ན། ཅི་སྟེ་མཉན་བྱ་ཉིད་ཅི་ཉན་པའི་ཤེས་པས་རྟོགས་པའི་དོན་བྱེད་པ་ཙམ་ཞིག་ཡིན་ནམ། གལ་ཏེ་དེ་ལྟ་ན་ནི་གོ་བར་བྱེད་

པ་ཉིད་ཡིན་ནོ། །འོན་ཀྱང་དེ་ནི་ཐུན་མོང་བ་ཉིད་ཡིན་ཏེ། ཡོད་པ་ཙམ་ནི་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །ཅི་སྟེ་མཉན་པའི་ཤེས་པ་སྐྱེད་པ་ཉིད་མཉན་བྱ་ཡིན་ན། དེ་ནི་ཐུན་མོང་མ་ཡིན་པ་ཡིན་ན་གོ་བར་བྱེད་པར་ནི་མི་འགྱུར་རོ། །དེ་ནི་སྒྲ་ཉིད་ལ་བརྟེན་པས་གནོད་པར་བྱེད་པས་སྒྲ་ལ་ཁྱབ་པ་བསྒྲུབ་

པར་བྱ་བ་ཡིན་ན། ཚད་མ་གང་གིས་སྒྲ་ལ་དེ་མི་རྟག་པས་ཁྱབ་པ་བསྒྲུབ་པ་དེ་ཉིད་ཀྱིས་སྒྲ་མི་རྟག་པར་གྲུབ་པའི་ཕྱིར་མཉན་བྱ་ཉིད་ཀྱིས་ཅི་བྱ། འདིས་ནི་ཐུན་མོང་མ་ཡིན་པ་ཐམས་ཅད་གོ་བར་བྱེད་པ་ཡིན་ནོ། །གཞན་ཡང་ཆོས་ཅན་གཅིག་ཉིད་ལ་ནི་ཡོད་པ་མི་རྟག་པས་ཁྱབ་པ་བསྟན་པར་མི་ནུས་

སོ་ཞེས་སྔར་བཤད་ཟིན་ཏོ། །འོ་ན་ནི་ངེས་པའི་ཡུལ་ཅན་གྱི་ཡོད་པ་ཉིད་མི་རྟག་པ་ཉིད་ཀྱིས་ཁྱབ་པ་མི་འགྲུབ་པ་དེ་བཞིན་དུ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཀྱང་མ་ཁྱབ་པར་འགྱུར་ཏེ། ངེས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཡོད་པའི་རང་བཞིན་ཉེ་བར་

བཟུང་ནས་མི་རྟག་པ་ཉིད་ཀྱིས་ཁྱབ་པ་བསྒྲུབ་པར་ནི་མི་བརྗོད་ཀྱི། འོན་ཀྱང་རྩོལ་བའི་འབྲས་བུ་ཉིད་དོ། །དེ་ཡང་རྩོལ་བའི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པའི་ཕྱིར་དེ་དང་འབྲེལ་པ་ཞེས་བྱ་བ་མི་རྟག་པས་ཁྱབ་པ་ཡིན་གྱི་ཡོད་པ་ཙམ་ནི་མ་ཡིན་ནོ། །རྩོལ་བ་དང་འབྲེལ་པ་ཉིད་ནི་ཡོད་པ་ལས་ཐ་

དད་པ་མ་ཡིན་ཏེ། དེས་ན་རང་བཞིན་ཡིན་པས་སྐྱོན་མེད་དོ། །མ་མཐོང་བས་ཀྱང་ལྡོག་པ་མ་ཡིན་ན། འོ་ན་ད་ནི་མི་དམིགས་པ་ཚད་མ་མ་ཡིན་ཏེ། ཚད་མས་གནོད་པར་སྲིད་པའི་ཕྱིར་རོ། །མ་མཐོང་བ་ལྡོག་པ་སྒྲུབ་པ་ནི་ཚད་མས་གནོད་པ་ཉིད་དོ། །འདི་ལྟར་གནོད་པ་མཐོང་བའི་མ་

མཐོང་བ་ལས་གཞན་གནོད་པ་མཐོང་བ་ཚད་མ་ཉིད་དུ་འདོད་པའི་མ་མཐོང་བ་ལ་ཡང་ཚད་མ་གཞན་གྱིས་གནོད་པ་སྲིད་དེ། དེས་དེ་ལྟར་མ་མཐོང་བ་དེ་ལ་གནོད་པ་དེ་བཞིན་དུ་འདི་ལ་ཡང་འགྱུར་སྲིད་པ་ཡིན་ནོ། །ཇི་ལྟར་ན་གནོད་པར་བྱེད་པའི་ཚད་མ་མ་ཞུགས་ཀྱང་དོགས་པར་འགྱུར་ཞེ་ན། གོ་བར་བྱེད་

เล่ม ๑๘๘ · หน้า 277b

པའི་མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་ན། དེའི་ཞེས་བྱ་བ་གོ་བར་བྱེད་པའིའོ། །དེ་ཙམ་གྱིས་མཚན་ཉིད་ལ་གནོད་པར་བྱས་ན་མཚོན་བྱ་མཚོན་པར་མི་ནུས་ཏེ་དེས་ན་སུན་ཕྱུང་བར་བརྗོད་པ་ཡིན་ཏེ་མཚོན་པར་མི་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་ཡུལ་གཅིག་ཉིད་ལ་མཚན་ཉིད་དེ་མཚོན་བྱེད་

མ་ཡིན་པས་ན་དེའི་ཕྱིར་ལྡོག་པ་བསྒྲུབ་པའི་ཕྱིར་མི་དམིགས་པ་སྔ་མ་ལ་ཡང་ཡིད་བརྟན་དུ་མེད་དེ་ཡིད་མི་ཆེས་སོ། །གོ་བར་བྱེད་པ་མ་ཡིན་པར་ངེས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་རྗེས་སུ་དཔག་པའི་རྟོགས་པར་བྱ་བའི་ཡུལ་ལ་མངོན་སུམ་དང་། རྗེས་སུ་དཔག་པ་དང་འགལ་བ་

མཐོང་བས་ཡིད་བརྟན་དུ་མེད་པ་རྗེས་སུ་དཔག་པ་ལ་ཡང་མཚུངས་སོ། །འདི་ལྟར་སྨིན་པ་ཞེས་བྱ་བ་ལ། ཡལ་ག་གཅིག་ལས་སྐྱེས་པ་དང་། །གཟུགས་ཁྱད་པར་མེད་པ་ཚུལ་གསུམ་དང་ལྡན་པ་ཡིན་ཡང་མངོན་སུམ་གྱིས་མ་སྨིན་པར་མྱོང་བ་དང་ཇི་ལྟར་སྔོ་བསངས་ཡིན་ཏེ། དེའི་བུ་ཡིན་པའི་ཕྱིར་ཞེས་

བྱ་བ་ལ། དེའི་བུ་ཉིད་ཚུལ་གསུམ་པ་ཡིན་ཡང་སྔོ་བསངས་ཉིད་མངོན་སུམ་ཉིད་ཀྱིས་གནོད་པ་ལྟ་བུའམ། དཔེར་ན་མི་རྟག་པ་ཉིད་བསྒྲུབ་པ་ལ་ཚུལ་གསུམ་དང་ལྡན་པའི་བྱེད་པ་ཉིད་སྒྲ་རྟག་སྟེ། མཉན་བྱའི་ཕྱིར་རོ་ཞེས་བྱ་བའི་ཚུལ་གསུམ་དང་ལྡན་པའི་མཉན་བྱ་ཉིད་ཀྱིས་གནོད་པའི་ཕྱིར་རྗེས་

སུ་དཔག་པ་གནོད་པ་ཡིན་ནོ་ཞེ་ན། འདི་དགག་པའི་ཕྱིར་བཤད་པ་དེ་ལྟར་ནི་མ་ཡིན་ཏེ། ཇི་སྐད་བཤད་པ་ལྟ་བུ་ཞེས་བྱ་བ་བཤད་ཟིན་པའི་མཚན་ཉིད་ཅན་གྱི་རྗེས་སུ་དཔག་པ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པ་དང་ལྡན་པ་ལ་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་མི་སྲིད་དོ། །དེའི་བུ་

ཉིད་དང་ཡལ་ག་གཅིག་ལས་སྐྱེས་པ་ནི་བསྒྲུབ་བྱ་དང་འབྲེལ་པ་འགའ་ཡང་མེད་དོ། །བྱས་པ་ནི་བསྒྲུབ་བྱ་དང་འབྲེལ་པའི་ཕྱིར་གནོད་བྱ་མ་ཡིན་ལ། མཉན་བྱ་ཉིད་ནི་མ་འབྲེལ་པའི་ཕྱིར་གནོད་བྱེད་མ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པ་ལ་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་མེད་ན། ཚུལ་

གསུམ་པའི་རྟགས་ཚུལ་གསུམ་པར་མཚུངས་པ་ཉིད་ཀྱིས་གནོད་པ་སྟོན་པ་ན་འགལ་བ་འཁྲུལ་པ་མེད་པ་ཅན་བརྗོད་པ་དེ་མི་འཐད་པར་འགྱུར་རོ་ཞེ་ན་བཤད་པ། རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་འཁྲུལ་པ་མེད་པ་ཅན་ཞེས་བྱ་བ་འགའ་ཡང་མེད་དོ་ཞེས་བྱ་བ་འདི་ནི་འདོད་པ་ཉིད་དོ། །ཁོ་བོ་

เล่ม ๑๘๘ · หน้า 278a

འབའ་ཞིག་འདོད་པར་མ་ཟད་ཀྱི་སློབ་དཔོན་ཡང་བཞེད་པ་ཡིན་ཏེ། རྗེས་སུ་དཔག་པའི་ཡུལ་ལ་དེ་མ་བརྗོད་པའི་ཕྱིར་རོ། །ཡུལ་གང་ལ་འགལ་བ་འཁྲུལ་པ་མེད་པ་ཅན། སློབ་དཔོན་གྱིས་གསུངས་པ་འདིའི་ཡུལ་དེ་ནི་ལེའུ་གསུམ་པར་བསྟན་པར་བྱའོ། །མ་མཐོང་བ་

ཙམ་གྱིས་ནི་ལྡོག་པར་སློབ་དཔོན་བཞེད་པ་མ་ཡིན་ནོ་ཞེས་ཡང་བསྟན་པའི་ཕྱིར་བཤད་པ། སློབ་དཔོན་གྱིས་གང་ཡང་བཤད་པའོ། །གང་ཞེས་བྱ་བའི་སྒྲ་འདི་ནི་གཞུང་གི་ངོ་བོ་བསྟན་པ་གང་ཡིན་པའོ། །དེ་ཉིད་སྟོན་པ་ན་གལ་ཏེ་མ་མཐོང་བ་ཙམ་གྱིས་ཞེས་བྱ་བ་ཡིན་ནོ། །འདིར་བྱེ་བྲག་པས་རླུང་ཡོད་པར་

བསྒྲུབ་པའི་ཕྱིར་ཤིང་དང་རྩྭ་མེད་པའི་མྱ་ངམ་གྱི་ཕྱོགས་སུ་གྲང་བ་ཡང་མ་ཡིན། དྲོ་བ་ཡང་མ་ཡིན་པའི་རེག་པའི་ཁྱད་པར་དམིགས་པ་དེ་ནི་ཡོན་ཏན་ཡིན་པས། དེའི་རྟེན་རྫས་ཡིན་དགོངས་ན་དེ་ས་ལ་སོགས་པ་མཐོང་བ་རྣམས་ཀྱི་ཡོན་ཏན་ནི་མ་ཡིན་ནོ། །དེས་ན་ཡོན་ཏན་འདི་ནི་རླུང་གི་ཡིན་པར་འགྱུར་

རོ་ཞེས་སྨྲས་པ་ལ། སློབ་དཔོན་གྱིས་ས་ལ་སོགས་པ་རྣམ་སྣང་ཟེར་བ་དག་ལ་མ་མཐོང་བས་འདི་དེ་དག་གི་ཡོན་ཏན་མ་ཡིན་དུ་ཆུག་ཀྱང་མི་སྣང་བ་རྣམས་ཀྱི་གོ་ཇི་ལྟར་མ་ཡིན་གྱི། དེ་ལ་ཡང་མ་མཐོང་བའི་ཕྱིར་རོ་ཞེ་ན། གལ་ཏེ་མ་མཐོང་བ་ཙམ་གྱིས་མི་སྣང་བ་དག་ལས་རེག་པའི་ཁྱད་པར་འགོག་པར་

བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་གསུངས་ཏེ། ས་ལ་སོགས་པ་མི་དམིགས་པ་ལ་དམིགས་པ་མེད་པ་གང་ཡིན་པ་དེ་ནི་བལྟར་མི་རུང་བ་མི་སྣང་བ་ཡིན་ཏེ། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་མི་དམིགས་པ་ཙམ་ཡིན་ནོ། །དེས་ན་དགག་པ་གང་ཡིན་དེ་མི་རིགས་སོ་ཞེས་དེ་ལྟར་སློབ་དཔོན་གྱིས་

བརྒལ་ཞིང་བརྟགས་པ་མ་མཐོང་བ་ཙམ་གྱི་རྒྱུ་མཚན་ཅན་གྱི་དགག་པ་དེ་ཇི་ལྟར་རིགས་པ་མ་ཡིན། གང་གི་ཕྱིར་ཁྱེད་ལ་མི་དམིགས་པ་ཙམ་གྱིས་གཏན་ཚིགས་ཀྱི་ལྡོག་པ་གྲུབ་པ་ཡིན་ལ། གྲུབ་པའི་གཏན་ཚིགས་དེའི་ཕྱིར་རིགས་པ་ཁོ་ནར་འགྱུར་གྱི། མི་རིགས་པར་ནི་མི་འགྱུར་རོ། །དེས་ན་མ་

མཐོང་བ་ཙམ་གྱི་རྒྱུ་མཚན་གྱིས་དགག་པར་རིགས་པ་མ་ཡིན་ནོ་ཞེས་བཤད་པས་ན། མ་མཐོང་བ་ཙམ་གྱི་རྒྱུ་མཚན་ལས་སློབ་དཔོན་ལྡོག་པར་བཞེད་པ་མ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱི་དགོངས་པ་བསྒྲུབས་ནས་མ་མཐོང་བ་ཙམ་གྱི་ཞེས་བཤད་པ་གང་ཡིན་པ་དེ་བརྟག་པའི་ཕྱིར། རེག་པ་ཞེས་སྨོས་ཏེ།

เล่ม ๑๘๘ · หน้า 278b

དམིགས་པའི་མཚན་ཉིད་ནི་ཡུལ་ཏེ་དེར་གྱུར་པའི་རྒྱུ་དེའི་ཕྱིར་རེག་པ་དགག་པར་རིགས་པ་ཁོ་ན་མ་ཡིན་ནམ། རེག་པ་ཐ་མལ་པ་ནི་དམིགས་པ་ཡིན་ནོ་ཞེ་ན། ཅིག་ཤོས་ཀྱིས་དགག་པ་སྨྲས་པ་ནི། རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །དེའི་ཞེས་བྱ་བ་ནི་སྣང་བའོ། །དེའི་རང་བཞིན་གང་ལ་ཡོད་པ་དེ་ནི་

དེའི་རང་བཞིན་ནོ། །དེའི་རང་བཞིན་གྱི་ཡུལ་དེ་གང་ལ་ཡོད་པ་ནི་དེའི་རང་བཞིན་གྱི་ཡུལ་ན་ཡོད་པ་སྟེ། སྣང་བའང་ཡིན་ལ་དེའི་རང་བཞིན་གྱི་ཡུལ་ན་ཡོད་པའང་ཡིན་པས་སོ། །དེ་ཉིད་ནི་དེ་ཙམ་སྟེ་དེ་ནི་འགོག་པ་མ་ཡིན་པའི་ཕྱིར་རོ། །མི་སྣང་བ་མི་དམིགས་པ་ནི་རྣམ་པ་གཉིས་ཏེ། ཤིན་ཏུ་བལྟར་མི་རུང་

བ་གང་ཡིན་པ་དང་། བལྟར་རུང་བ་མི་སྣང་བའི་ཡུལ་ཅན་གང་ཡིན་པ་སྟེ། དཔེར་ན་སྣང་བ་དང་མི་སྣང་བའི་ཡུལ་ལ་ཤ་ཟ་ལྟ་བུའམ། མི་སྣང་བའི་ཡུལ་དུ་བུམ་པ་བཞིན་ནོ། །དེའི་ཕྱིར་སྣང་བ་མི་དམིགས་པས་བལྟར་རུང་བ་འགོག་པར་བྱེད་པས་ནི་ས་ཕྱོགས་ལ་སོགས་པ་སྣང་བ་ལ་སྣང་བ་དགག་པར་

བྱ་བ་ཡིན་ནོ། །བྱེ་བྲག་པ་དེས་ནི་ས་ལ་སོགས་པ་སྣང་བ་དང་མི་སྣང་བའི་སྤྱིར་བཟུང་ནས་དགག་པ་སྨྲས་སོ། །དེ་ལ་མི་སྣང་བའི་ཡུལ་དུ་ནི་མ་མཐོང་བ་ཙམ་གྱི་རྒྱུ་མཚན་གྱིས་དགག་པ་འདིར་རིགས་པ་མ་ཡིན་ནོ། །གལ་ཏེ་སྔོན་པོ་སེར་པོ་ལས་ལོག་པའི་རང་བཞིན་དང་། ཤེས་པ་མ་རྟོགས་པ་ལས་བཟློག་པ་

དང་། མེ་མི་དྲོ་བ་ལས་བཟློག་པའི་རང་བཞིན་དུ་མཐོང་བ་དེ་ལྟར་མ་མཐོང་བ་ཡང་ཐ་སྙད་བྱེད་པ་མ་ཡིན་ནམ། སྔོན་པོ་ལ་སོགས་པ་མཐོང་བ་དག་ནི་སེར་པོ་ལ་སོགས་པའི་རང་བཞིན་ལས་ལོག་པ་ཡིན་གྱི་མ་མཐོང་བ་ནི་རྣམ་པ་གཞན་དུ་ཡང་སྲིད་དོ་ཞེས་ནི་དོགས་པ་མ་ཡིན་ནོ། །དེ་བཞིན་དུ་ས་ལ་སོགས་པ་སྣང་བ་ལ་

རིག་པའི་ཁྱད་པར་མ་མཐོང་བ་དེས་ན། ཅི་ལྟར་ས་ལ་སོགས་པ་སྣང་བ་དག་དེའི་རང་བཞིན་དང་བྲལ་བ་དེ་བཞིན་དུ་མ་མཐོང་བ་ཡང་ཡིན་ནོ། །ཅི་སྟེ་འདིར་མ་མཐོང་བ་དག་ལ་རྣམ་པ་གཞན་དུ་རྟོག་ན། འོ་ན་ནི་ཉེ་བར་བཀོད་པའི་རྣམ་པར་ཤེས་པ་ལ་སོགས་པ་ཡང་མ་མཐོང་བ་ལ་རྣམ་པ་གཞན་དུ་

དོགས་པར་བྱ་དགོས་སོ་ཞེས་དོགས་པ་ལས། བཤད་པ་ས་ལ་སོགས་པའི་སྤྱི་དང་ལྡན་པ་དེ་ལ་ཡང་དགག་པར་བྱ་བ་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པའི་རེག་པ་ཡོད་པར་གདོན་མི་ཟ་བར་དོགས་པར་འགྱུར་གྱི་ངེས་པར་ནི་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྣང་བའི་ཡུལ་འགའ་ཞིག་ལས་ཉིད་

เล่ม ๑๘๘ · หน้า 279a

ཡིན་ཡང་མཐོང་བ་ལས་གཞན་པའི་ཁྱད་པར་སྲིད་པའི་ཕྱིར་རོ་ཞེས་འཆད་པ་ནི། ཤིང་བལ་དང་། རྡོ་བ་དང་། ལོ་མ་དང་། མེ་ཏོག་ལ་སོགས་པ་སྣང་བ་དག་ལས་ཉིད་དེ་ཡོད་ཀྱང་། འཇམ་པ་དང་རྩུབ་པ་ལ་སོགས་པ་རེག་པ་ཐ་དད་པ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་

རེག་པའི་ཁྱད་པར་གཞན་ཡང་ས་ཉིད་ལས་མ་འདས་པར་ལྐོག་ཏུ་གྱུར་པའི་ཡུལ་ལ་འཇུག་པར་འགྱུར་རོ། །དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་རེག་པའི་ཁྱད་པར་ཉིད་ས་ཡིན་ན་ནི་མི་སྣང་བ་ཡང་རེག་པ་གཞན་དང་མི་ལྡན་པར་འགྱུར་བ་ཡིན་ན། གང་གི་ཕྱིར་རེག་པའི་ཁྱད་པར་ལ་ལྟོས་པ་རེག་པ་

ལ་སོགས་པ་འདུས་པའི་བདག་ཉིད་ཅན་འཛིན་པའི་བྱ་བ་བྱེད་པས་རབ་ཏུ་ཕྱེ་བ་རང་དང་མཐུན་པའི་རྟོག་པ་སྐྱེད་པར་རུང་བ་ཡིན་ཏེ། དེས་ན་ཇི་ལྟར་གང་ཞིག་སྲེག་པའི་རྣམ་པ་ཅན་གྱི་རྟོག་པའི་གཟུང་བ་མ་ཡིན་པ་དེ་བཞིན་དུ་གང་ཞིག་འཛིན་པའི་བྱ་བ་བྱེད་པ་དང་དེའི་རྣམ་པ་ཅན་གྱི་རྟོག་པའི་

གཟུང་བ་མ་ཡིན་པའི་དོན་དེ་ནི་ས་མ་ཡིན་པར་འགྱུར་གྱི། རེག་པ་གཞན་དང་ལྡན་པས་ནི་མ་ཡིན་ནོ། །དེས་ན་དེ་ལྟར་ཡིན་ནོ། །གང་གི་ཕྱིར་མཐོང་བའི་ཤིང་བལ་ལ་སོགས་པའི་རེག་པ་གཞན་དང་འབྲེལ་པ་ནི། ས་ཉིད་ཟློག་པར་བྱེད་པ་མ་ཡིན་པའི་གཏན་ཚིགས་དེའི་ཕྱིར་ཐམས་ཅད་ལ་

ཞེས་བྱ་བ་སྣང་བ་དང་མི་སྣང་བ་ལ་མ་མཐོང་བ་ཙམ་གྱིས་རེག་པ་དགག་པར་རིགས་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ལ་སོགས་པ་ནི་མ་མཐོང་བ་རྣམས་ཀྱང་རྣམ་པ་གཞན་དུ་སྲིད་པ་དགག་པ་ཡིན་ཏེ། དོན་འཛིན་པར་བྱེད་པ་དང་འཛིན་པར་བྱེད་པའི་རྟོག་པ་སྐྱེད་པའི་དངོས་པོ་གང་ཡིན་པ་ནི་

རྣམ་པར་ཤེས་པར་བརྗོད་པ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་ཉིད་ཀྱི་རྒྱུ་མཚན་ནི་མ་རྟོགས་པ་ལས་བཟློག་པ་ཉིད་ཡིན་པས་དེ་མེད་ན་ཤེས་པ་ཉིད་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་དྲོ་བའི་རེག་པའི་མེ་ཡང་རང་བཞིན་དུ་མི་འཐད་དོ། །དེ་བཞིན་དུ་ཁ་དོག་གཞན་ལས་ལྡོག་པའི་རང་

བཞིན་གྱི་སྔོན་པོ་ཉིད་ནི་ཁ་དོག་གཞན་ཡིན་པར་མི་འགྱུར་རོ། །མ་མཐོང་བ་ཙམ་གྱིས་ལྡོག་པར་སྨྲ་ན་མངོན་སུམ་གྱིས་གནོད་པར་བསྟན་པའི་ཕྱིར་གཞན་ཡང་ཞེས་སྨོས་སོ། །གལ་ཏེ་ཅི་ཞིག་ལྟར་ཞེས་བྱ་བ་ནི་ཡུལ་གཞན་ལ་སོགས་པ་མ་བརྟགས་པར་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་

เล่ม ๑๘๘ · หน้า 279b

གྱིས་ཏེ། མི་སྣང་བ་མི་དམིགས་པས་བསྒྲུབ་བྱ་དེ་ལ་འབྲེལ་པ་མེད་པ་ཡང་བསྒྲུབ་པར་བྱ་བ་དང་འཁྲུལ་པ་མེད་པར་ཁས་ལེན་ནོ་ཞེ་ན། དེའི་ཚེ་ཡུལ་འགའ་ཞིག་ན་སྐྱུ་རུ་ར་ལ་སོགས་པའི་རྫས་ཁ་ཅིག་ཅི་ཞིག་ལྟར་ཞེས་བྱ་བ་ཡིད་འབྱུང་བ་བསྐྱེད་པར་བསྐ་བ་ལ་སོགས་པའི་རོ་དང་ལྡན་པར་མཐོང་

བ་ཡུལ་དང་དུས་དང་འདུ་བྱེད་པ་གཞན་ལ་གཞན་དུ་ཡང་སྣང་ངོ་། །ཕྱོགས་དེར་གཞན་དུ་མཐོང་བ་ནི་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་སྨན་ཁ་ཅིག་དང་ལོ་ཏོག་ལ་སོགས་པ་ཞིང་ཁྱད་པར་ཅན་ལས་ནི་རོ་ལ་སོགས་པ་ཁྱད་པར་ཅན་ཡོད་པ་གང་ཡིན་པ་སྟེ། རོ་ནི་མངར་

བ་ལ་སོགས་པའོ། །གང་གི་ཚེ་ཟོས་པ་ཞུ་བ་ན་གྲང་བ་དང་དྲོ་བ་ལ་སོགས་པ་བྱེད་པར་ནུས་པ་དེའི་ཚེ་ནུས་པ་ཞེས་བརྗོད་དོ། །ཟོས་ཏེ་ཞུ་བ་དང་མངར་བ་ལ་སོགས་པའི་རོར་གྱུར་པ་གང་ཡིན་པ་ནི་སྨིན་པར་བྱེད་པ་ཞེས་བརྗོད་དོ། །ཞིང་གཞན་ལས་ནི་དེ་ལྟ་བུར་འགྱུར་བ་མ་ཡིན་ནོ། །དཔེར་ན་ཡུལ་

གྱི་ཁྱད་པར་གྱིས་རོ་དང་ནུས་པ་དང་སྨིན་པར་བྱེད་པའམ། ཁྲུན་དང་སྦོམས་ཐ་དད་པ་དེ་བཞིན་དུ་དུས་ཀྱི་ཁྱད་པར་ལས་ཀྱང་ཡིན་ཏེ། བདག་ཉིད་ཐམས་ཅད་ཀྱི་སཱ་ལུའི་མྱུ་གུ་དབྱར་གྱི་ཚེ་གཞན་དུ་འགྱུར་ལ། དཔྱིད་ཀྱི་ཚེ་ཡང་གཞན་དུ་འགྱུར་བ་བཞིན་ནོ། །དེ་བཞིན་དུ་ལེགས་པར་བྱ་བའི་བྱེ་བྲག་

ལས་ཀྱང་ཞིང་དེ་ལ་ཡོད་པའི་སྨན་ཡང་ཐ་དད་པར་འགྱུར་རོ། །ལུད་བཏབ་པ་ལ་སོགས་པ་ནི་ཞིང་ལེགས་པར་བྱེད་པ་ཡིན་ལ། འོ་མས་བཅུ་བ་ལ་སོགས་པ་ནི་སྐྱུ་རུ་ར་ལ་སོགས་པའི་རྫས་ལེགས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་སྨན་ལ་སོགས་པ་དག་དེ་ལྟར་ཡུལ་དང་དུས་དང་ལེགས་པར་བྱ་

བའི་ཁྱད་པར་ལས་ཐ་དད་པར་མཐོང་བ་ཡིན་ནོ། །སྨན་ནི་མཚོན་པ་ཙམ་སྟེ་འབྲས་བུ་དང་ལྗོན་ཤིང་ཁྱད་པར་ཅན་དག་ལ་ཡང་དེ་བཞིན་དུ་བལྟའོ། །འདི་ལྟར་སའི་ཁྱད་པར་ལས་འབྲ་གོ་སྐྱེད་པ་དང་། འོ་མས་བཅུས་པའི་ཁྱད་པར་ལས་སྐྱུ་རུ་རའི་འབྲས་བུ་མངར་པོར་འགྱུར་བ་བཞིན་ནོ། །འདུ་

བྱེད་དང་ལྡན་པའམ་དེ་དང་བྲལ་བའི་ཡུལ་གཅིག་དུ་སྐྱེས་པའི་སྨན་དེ་ཡང་སྨན་དེ་ཉིད་ཀྱི་ཡུལ་ན་ཡོད་པའི་སྲོག་ཆགས་གང་ཡིན་པ་ཡུལ་དེ་བ་དེ་རྣམས་ཀྱིས་དེ་ལྟར་མཐོང་བ་གང་ཡིན་པ་དེའི་ཕྱིར་ཐམས་ཅད་དུ་སཱ་ལུ་དང་སྐྱུ་རུ་ར་དེ་ཉིད་ཀྱིས་དེ་ལྟ་བུ་ཞེས་བྱ་བ་ཡུལ་གཞན་དུ་མཐོང་བའི་རོ་ལ་སོགས་པ་དང་ལྡན་

เล่ม ๑๘๘ · หน้า 280a

པ་ཡིན་པར་ནི་མི་འགྱུར་རོ། །འདི་སྐད་དུ་སཱ་ལུ་ཉིད་དམ་སྐྱུ་རུ་ར་ཉིད་ཡིན་པས་ནི་ཐམས་ཅད་དུ་རོ་དང་ནུས་པ་དང་སྨིན་པར་བྱེད་པ་འདྲ་བར་རྗེས་སུ་དཔག་པར་མི་ནུས་སོ་ཞེས་བཤད་པ་ཡིན་ནོ། །གཏན་ཚིགས་བཤད་པ། རོ་ལ་སོགས་པ་དང་འབྲེལ་པའི་རྒྱུའི་ཁྱད་པར་གང་ལ་

སྲིད་པ་དེ་དག་ལ་ནི། རོ་དང་ནུས་པ་དང་སྨིན་པར་བྱེད་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡོན་ཏན་གཞན་དུ་སྲིད་པའི་ཕྱིར་རོ། །ཁྱད་པར་ཅན་གྱི་རྒྱུའི་དབང་གིས་ཡོན་ཏན་གཞན་སྲིད་པ་གང་ཇི་སྙེད་པ་དེ་ཐམས་ཅད་སཱ་ལུ་དང་སྐྱུ་རུ་ར་ཉིད་ལོག་པ་ཡིན་ནོ་ཞེས་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་དོན་

གང་བྱེད་པར་མཐོང་བའི་དངོས་པོ་དང་དེ་དང་རྗེས་སུ་མཐུན་པའི་རྟོག་པ་སྐྱེས་པ་ནི་སྐྱུ་རུ་ར་ཞེས་བརྗོད་དོ། །རོ་དང་ནུས་པ་དང་སྨིན་པར་བྱེད་པ་གཞན་དང་ལྡན་པ་ལ་ཡང་སྐྱུ་རུ་རའི་ཉེ་བར་སྦྱོར་བས་ལྡོག་པར་བྱ་བའི་ནད་ལ་ཕན་པའི་ཕྱིར་ཁྱད་པར་ཅན་གྱི་དོན་བྱེད་པ་དང་། སྐྱུ་རུ་རའི་རྣམ་པ་ཅན་གྱི་

རྟོག་པ་སྐྱེད་པར་བྱེད་པར་སྐྱུ་རུ་རའི་ཐ་སྙད་ཀྱི་ཡུལ་དེ་ནི་ཡོད་པ་ཉིད་དོ། །དཔེར་ན་ཁྱད་པར་གཞན་དག་ལ་རེག་པ་ཐ་དད་པ་དང་ལྡན་ན་ཡང་ས་ཉིད་དང་མིག་ལ་སོགས་པ་རྟེན་ཐ་དད་པས་བྱས་པ་ལས་ཤེས་པ་ཉིད་དང་། བུད་ཤིང་གི་ཁྱད་པར་གྱིས་གནས་པ་ལ་མེ་ཉིད་དང་། བཻ་ཌཱུརྱ་ལ་སོགས་པའི་

དབྱེ་བས་བྱས་པ་ལ་སྔོན་པོ་ཉིད་མི་ལྡོག་པ་བཞིན་ནོ། །དེས་ན་ཁྱད་པར་ཅན་གྱི་རྟོག་པ་སྐྱེད་པ་ལ་སོགས་པར་ནུས་པའི་རང་བཞིན་གང་ཡིན་པ་ཐ་སྙད་ཀྱི་རྒྱུ་མཚན་མ་ལོག་པར་འཇུག་པའི་ཁྱད་པར་གང་ཡིན་པ་དེ་ནི་རྒྱུ་ཁྱད་པར་སྲིད་པ་ལ་ཡང་འཇུག་པས་ན་དགག་པ་མ་ཡིན་ནོ། །གང་ལ་རྒྱུ་ཁྱད་པར་མེད་པར་

གྱུར་པ་དེའི་རང་བཞིན་རྗེས་སུ་དཔག་ཏུ་རུང་ངོ་། །ཅི་ལྟ་བུ་ཞེ་ན། དཔེར་ན་ཞེས་བྱ་བས་སྟོན་ཏེ་ཚིག་གང་ལ་བྱེད་པ་པོ་མ་མཐོང་བ་ཡོད་པའོ། །སྐྱེས་བུའི་འདུ་བྱེད་པ་ནི་བསྐྱེད་པར་བྱ་བ་སྟེ། དེ་སྔོན་དུ་འགྲོ་བ་གང་ལ་ཡོད་པའོ། །སྐྱེས་བུས་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་བྱེད་པ་པོ་མཐོང་བ་མེད་

ཀྱང་དེ་སྐྱེས་བུས་བྱས་པར་གྱུར་པ་ཅིའི་ཕྱིར་རོ་ཞེ་ན། བཤད་པ། སྐྱེས་བུས་བྱས་པ་དང་མ་བྱས་པར་འདོད་པ་མཐོང་བའི་ཚིག་ལ་ཁྱད་པར་མེད་པའི་ཕྱིར་ཏེ་མ་མཐོང་བའི་ཕྱིར་རོ། །གལ་ཏེ་སྒྲ་ལ་བརྟེན་པའི་ཁྱད་པར་སྨྲ་དཀའ་བ་ཞེས་བྱ་བ་དང་། འབྲས་བུ་གྲུབ་པའི་ཁྱད་པར་སྔགས་ཀྱི་བདག་ཉིད་

เล่ม ๑๘๘ · หน้า 280b

སྐྱེས་བུས་མ་བྱས་པ་ལ་མཐོང་བ་མ་ཡིན་ནམ། དེས་ན་ཁྱད་པར་མེད་པའི་ཕྱིར་ཞེས་ཇི་ལྟར་བརྗོད་ཅེ་ན། རང་བཞིན་ལ་བརྟེན་པ་དང་འབྲས་བུ་ལ་བརྟེན་པའི་ཁྱད་པར་གྱི་རྣམ་པ་ཐམས་ཅད་སྐྱེས་བུ་དག་གིས་བྱེད་པའི་ཕྱིར་རོ། །འདི་ལྟར་རིག་བྱེད་ཀྱི་བཞིན་དུ་འཇིག་རྟེན་པའི་ཡང་འབྲེལ་པར་དཀའ་བ་

ཉིད་བརྗོད་དཀའ་བ་ཉིད་སྐྱེས་བུས་བྱེད་པར་ནུས་པ་ཡིན་ནོ། །སྔགས་ཀྱི་རྒྱུ་ལས་འབྱུང་བའི་གྲུབ་པ་ཡང་སྐྱེས་བུས་བྱས་པའི་སྔགས་ལས་ཀྱང་མཐོང་སྟེ། དེས་ན་རང་བཞིན་ལ་བརྟེན་པའམ་འབྲས་བུ་ལ་བརྟེན་པ་དེ་འདྲ་བ་ནི་ཁྱད་པར་མ་ཡིན་ནོ། །ཡི་གེའི་གོ་རིམས་དང་ཚིག་གི་གོ་རིམས་ཀྱང་

སྐྱེས་བུས་བྱས་པ་ལས་ཁྱད་པར་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་མཐོང་བས་སྐྱེས་བུས་མ་བྱས་པར་རྟོགས་པར་འགྱུར་བ་རིག་བྱེད་ལ་སྐྱེས་བུས་བྱ་བར་མི་ནུས་པའི་ཁྱད་པར་ནི་འགའ་ཡང་མེད་དོ། །དེ་འདྲ་བ་ནི་སྐྱེས་བུས་བྱས་པ་ལ་མཐོང་བས་ཚིག་དེ་སྐྱེས་བུས་མ་བྱས་པར་ཇི་ལྟར་རྟོགས། གལ་ཏེ་དེའི་

ཁྱད་པར་སྐྱེས་བུས་བྱེད་པར་མི་ནུས་པ་ཡིན་ན་ནི། སྐྱེས་བུས་རྩོལ་བས་མ་བསྐྱེད་པར་རྟོགས་པར་འགྱུར་རོ། །གང་ཞིག་རྒྱུ་གང་གིས་སྐྱེད་པར་མི་ནུས་པ་དེ་ནི་རྒྱུ་མཐོང་བ་ཅན་ཡིན་ཡང་གཞན་གྱི་རྒྱུ་ཅན་དུ་ཤེས་པར་འགྱུར་བ་འམ། སྐྱེ་བ་མ་མཐོང་ན་རྒྱུ་མེད་པར་འགྱུར་བ་ཡིན་གྱི། གང་ཞིག་བདག་ཉིད་

ཐམས་ཅད་དེས་བསྐྱེད་པ་དང་འདྲ་བ་དེའི་རྒྱུ་གཞན་ཉིད་ཡིན་ན་ནི་མཐོང་བ་དེའི་རྒྱུ་ཡང་དེ་ཡིན་པར་ཐལ་བར་འགྱུར་བ་འམ། དེ་རྒྱུ་མེད་པ་ཅན་ཡིན་ན་དེ་ཡང་རྒྱུ་མེད་པ་ཅན་དུ་འགྱུར་རོ། །རྒྱུ་མཚན་མེད་པར་འདྲ་བ་དག་ལས་གཅིག་ནི་གཞན་གྱི་རྒྱུ་ཅན་ཡིན་ལ། ཅིག་ཤོས་ནི་རྒྱུ་མེད་པ་ཅན་ནམ་ཐ་

དད་པའི་རྒྱུ་ཅན་དུ་བརྟག་པར་མི་ནུས་ཏེ། ཐ་དད་པ་དང་ཐ་དད་པ་མེད་པའི་ཐ་སྙད་འཇིག་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་སྐྱེས་བུས་མ་བྱས་པ་མཐོང་བ་རྣམས་ཁྱད་པར་མེད་ཀྱང་། ཚད་མེད་པ་ཉིད་ཀྱི་ཕྱིར་མ་མཐོང་བ་རྣམས་ལ་འགྱུར་བ་མ་ཡིན་ནམ། དེས་ན་ཁྱད་པར་མེད་པའི་ཕྱིར་རོ་ཞེས་ཇི་ལྟར་

བརྗོད་ཅེ་ན། བསམ་པ་འདི་ཡིན་ཏེ་གལ་ཏེ་སྐྱེས་བུས་མ་བྱས་པར་འདོད་པའི་ངག་ཐམས་ཅད་མ་མཐོང་བ་དེ་ལྟ་ན་ཡང་སྐྱེས་བུས་མ་བྱས་པར་འདོད་པའི་ངག་མཐོང་བ་ཅི་སྙེད་པ་དེ་ཐམས་ཅད་སྐྱེས་བུས་བྱས་པ་ལས་ཁྱད་པར་མེད་པར་ཤེས་པ་ཡིན་ནོ། །དེའི་ཕྱིར་ངག་གཅིག་ལ་སྐྱེས་བུས་མ་བྱས་པ་ལས་

เล่ม ๑๘๘ · หน้า 281a

གྱུར་པའི་ཁྱད་པར་མ་མཐོང་བ་གང་ཡིན་པ་དེ་ནི་སྐྱེས་བུས་མ་བྱས་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ཏེ། ཁྱད་པར་རྣམ་པར་འཇོག་པའི་རྒྱུ་མཚན་གྱི་རྒྱུ་ཐ་དད་པ་མེད་པའི་ཕྱིར་རོ། །རྒྱུ་ནི་སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་དེ་ནི་གཞན་ལ་ཡང་ཁྱད་པར་མེད་དོ། །དེ་ནི་གཅིག་ལ་

ཁྱད་པར་གྱི་རྒྱུ་མ་ཡིན་ན་ཡང་ཐམས་ཅད་དུ་ཁྱད་པར་གྱི་རྒྱུར་མི་འགྱུར་རོ། །དེས་ན་ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་མ་མཐོང་བ་ལ་ཡང་ཁྱད་པར་མེད་པ་རྗེས་སུ་དཔག་གོ། །དེས་ན་ཁྱད་པར་མེད་པའི་ཕྱིར་ངག་ཐམས་ཅད་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པ་ཡིན་ནོ། །འགའ་ཞིག་སྐྱེས་བུས་མ་བྱས་

ན་དེ་དང་ཁྱད་པར་མེད་པ་ཐམས་ཅད་སྐྱེས་བུས་མ་བྱས་པར་འགྱུར་བའི་ཕྱིར་རོ། །གཞུང་གི་ཚོགས་འདིས་ནི་དོན་འདི་བརྗོད་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཐོང་བའི་རྫས་གང་ཡིན་པ་དེ་དག་ནི་མ་མཐོང་བའི་རྣམ་པ་ཡང་དེ་དང་འདྲ་བར་དཔག་པར་ནུས་པ་ཡིན་གྱི། རྣམ་པ་ཐམས་ཅད་མ་མཐོང་བ་

སྐྱུ་རུ་ར་དང་ས་ལ་སོགས་པ་དེ་དག་ནི་མ་མཐོང་བའི་རང་བཞིན་མཐོང་བ་དང་འདྲ་བར་རྗེས་སུ་དཔག་པར་མི་ནུས་སོ། །ཚིག་རྣམས་ནི་སྐྱེས་བུས་བྱས་པ་དང་མ་བྱས་པ་ཉིད་ཀྱིས་རྣམ་པ་གཉིས་སུ་མཐོང་བའི་ཕྱིར་མ་མཐོང་བའི་ཁྱད་པར་གང་ཡིན་པ་དེ་བརྟག་པར་ནུས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་རང་གི་

སེམས་ཀྱི་རྒྱུད་མཐོང་བ་ལས་སེམས་ཀྱི་རྣམ་པ་ཐམས་ཅད་ཤེས་པར་འགྱུར་ཏེ། དེས་ན་ཇི་ལྟར་ད་ལྟར་རྟོགས་པའི་རང་བཞིན་དང་། དབང་པོ་ལ་བརྟེན་པ་དང་། རྟོག་པ་དང་བཅས་པ་དེ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའི་སྐྱེད་པའི་ནུས་པ་དང་འབྲེལ་པ་ཡིན་པ་དེ་བཞིན་དུ་མ་འོངས་

པའི་གནས་སྐབས་སུ་ཡང་ཡིན་ལ། བདག་ཇི་ལྟ་བ་དེ་བཞིན་དུ་སེམས་དང་ལྡན་པ་གཞན་ཡང་ཡིན་ནོ། །འདིར་སེམས་དང་འབྲེལ་པའི་ཁྱད་པར་མ་མཐོང་བ་གང་ཡིན་པ་དེ་ནི་གཞན་དུ་ཡང་མི་སྲིད་དོ། །དེས་ན་གང་ལས་འདོད་ཆགས་དང་བྲལ་བ་དང་ཐམས་ཅད་མཁྱེན་པ་ལྡོག་པར་འགྱུར་

ལ། །སེམས་ཉིད་དང་དབང་པོ་ལ་སོགས་པ་ལ་བརྟེན་པ་ཉིད་དང་། ཚིག་ལ་སོགས་པའི་རྒྱུ་ཡིན་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཚེ་འདོད་ཆགས་ལ་སོགས་པ་དང་ལྡན་པ་དང་། ངེས་པའི་དངོས་པོ་འཛིན་པ་ཉིད་དུ་ཅིའི་ཕྱིར་རྟོགས་པར་མི་བྱེད་ཅེ་ན་བཤད་པ། སྐྱེས་བུས་མ་བྱས་པ་ལས་གྱུར་པའི་

เล่ม ๑๘๘ · หน้า 281b

ཁྱད་པར་སྒྲུབ་པར་བྱེད་པའི་ཡན་ལག་མེད་པར་བརྗོད་ཀྱི། འདི་ལ་ནི་སྒྲུབ་པའི་ཡན་ལག་ཡོད་པ་ཡིན་ཏེ། དེས་ན་ཇི་ལྟར་ངག་ལ་ཁྱད་པར་སྒྲུབ་པར་བྱེད་པའི་ཡན་ལག་མེད་པར་དེ་ལྟར་སྐྱེས་བུ་དག་ནི་ཁྱད་པར་སྒྲུབ་པར་བྱེད་པའི་ཡན་ལག་མེད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་དག་ལ་བློ་ལ་བརྟེན་པའི་

ཁྱད་པར་གྱི་སྐྱེད་པར་བྱེད་པའི་རྒྱུ་མི་སྲིད་པ་མ་ཡིན་ནོ། །འདི་ལ་གང་ཞིག་བློའི་གནས་སྐབས་ཀྱིས་ཁྱད་པར་བསྐྱེད་པར་བྱ་བའི་རྒྱུ་དེ་ཉིད་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཀྱིས་ཁྱད་པར་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་ནོ། །དེའི་ཕྱིར་བློའི་གནས་སྐབས་འདིར་ཁྱད་པར་གྱི་རྒྱུ་

མཐོང་བ་ལས་སེམས་འདོད་ཆགས་དང་བྲལ་བ་ལ་སོགས་པའི་ཁྱད་པར་རྟོགས་པ་ཡིན་ནོ། །རྒྱུའི་ཁྱད་པར་མེད་པ་དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། བཤད་པ། རྒྱུའི་ཁྱད་པར་མེད་པ་གང་གིས་ཚིག་ལ་སོགས་པ་སྟེ། སོགས་པ་སྨོས་པས་ནི་དབང་པོ་ལ་བརྟེན་པ་ཉིད་དང་། སེམས་ཉིད་ལ་སོགས་

པ་གཟུང་ངོ་། །ཕྱོགས་གཅིག་ཅུང་ཟད་ཙམ་གྱིས་ཆོས་མཐུན་པ་དེའི་ཕྱིར་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་དང་། ངེས་པའི་ཡུལ་ཅན་ཉིད་དམ། གཞན་གྱིས་ཀྱང་རུང་སྟེ། སྐྱེས་བུ་རྣམས་རྣམ་པ་ཐམས་ཅད་མཐུན་པར་དཔག་པར་འགྱུར་བ་སྟེ། གལ་ཏེ་རྒྱུའི་ཁྱད་པར་མི་སྲིད་ན་ནི་

དེ་ལྟར་རྗེས་སུ་དཔག་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུའི་ཁྱད་པར་དེ་ནི་མེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་བཤད་པ། སེམས་ཀྱི་ཡོན་ཏན་ཐམས་ཅད་ལ་ཁྱད་པར་མཐོང་བའི་ཕྱིར་ཏེ་དམིགས་པའི་ཕྱིར་རོ། །ཆགས་པ་དང་ཤེས་རབ་ལ་སོགས་པ་རང་གི་ཡུལ་འཛིན་པ་ལ་

དམན་ཞིང་དམན་པར་འཇུག་པ་ཡང་ཡོངས་སུ་གྱུར་ནས་དུས་ཀྱིས་གསལ་བར་འགྱུར་བ་ཡིན་ལ། གཟུང་བའི་རྣམ་པ་མི་གསལ་བ་ཡང་ཡིད་བརྟན་པར་གོམས་པས་གསལ་བར་མཐོང་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་ཁྱད་པར་དེ་གང་ལས་ཡིན་ཞེས་ཁྱད་པར་གྱི་རྒྱུ་མི་ཤེས་པས་སོ། །

དེས་ན་འདོད་ཆགས་ལ་སོགས་པ་ཉིད་རྒྱུ་དང་བཅས་པར་འགྱུར་གྱི། སེམས་གཞན་ནི་མ་ཡིན་ནོ་ཞེས་དོགས་པ་ལ། བཤད་པ། ལེགས་པར་བྱ་བ་ནི་གོམས་པ་སྟེ། དེའི་བྱེ་བྲག་ལས་ཁྱད་པར་རྟོགས་པ་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་ཡིད་ཀྱི་ཡོན་ཏན་ཐམས་ཅད་ལ་ཐུན་

เล่ม ๑๘๘ · หน้า 282a

མོང་དུ་ཡིད་ཀྱི་ཡོན་ཏན་གྱི་རྒྱུ་གོམས་པའི་ཁྱད་པར་མཐོང་བ་ཡིན་པ་དེའི་ཕྱིར་བདག་མེད་པར་ཤེས་པའི་མཚན་ཉིད་དང་། དོན་ཐམས་ཅད་འཛིན་པའི་ཕྱིར་ཤེས་པ་གཞན་ལ་ཡང་གོམས་པ་སྔོན་དུ་འགྲོ་བ་ཅན་གྱི་ཁྱད་པར་སྲིད་པའི་ཕྱིར་རོ། །ཡིད་ཀྱི་ཡོན་ཏན་ཐམས་

ཅད་ཀྱི་བྱེ་བྲག་གིས་རྒྱུ་ཤེས་པ་ཡིན་ནོ། །གོམས་པའི་དབང་གིས་དེ་གསལ་བར་སྣང་བའི་བདག་མེད་པའི་རྣམ་པ་དང་། དོན་ཐམས་ཅད་འཛིན་པར་བྱེད་པའི་ཕྱིར་རྣམ་པར་རྟོག་པ་དེ་ཉིད་འདོད་ཆགས་དང་བྲལ་བ་དང་ཐམས་ཅད་མཁྱེན་པའི་གཞི་ཡིན་ནོ། །དེའི་ཕྱིར་འདོད་ཆགས་དང་བྲལ་བ་དང་

ཐམས་ཅད་མཁྱེན་པ་མི་སྲིད་པ་ཉིད་ནི་རྣམ་པ་གསུམ་གྱིས་འགྱུར་ཏེ། གལ་ཏེ་བདག་མེད་པའི་རྣམ་པ་ཅན་དང་དངོས་པོ་ཐམས་ཅད་ལ་རྣམ་པར་རྟོག་པ་མི་སྲིད་པའམ། སྲིད་པར་གྱུར་ཀྱང་ཡིད་ཀྱི་ཡོན་ཏན་རྣམས་གལ་ཏེ་ཁྱད་པར་དུ་མི་འགྱུར་རམ། ཁྱད་པར་ཡོད་ཀྱང་གལ་ཏེ་ཁྱད་པར་

གྱི་རྒྱུ་མི་ཤེས་པར་འགྱུར་ནའོ། །འདི་ལྟར་སྔར་བཤད་པའི་ཚུལ་གྱིས་རྣམ་པར་རྟོག་པར་སྲིད་པ་དང་། གོམས་པ་ཁྱད་པར་གྱི་རྒྱུ་ཡིན་པར་ཡང་ཤེས་པ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་མ་ཚང་བ་དང་གགས་བྱེད་པ་མེད་ན་ས་ལ་སོགས་པའི་ཚོགས་པ་མྱུ་གུ་སྐྱེད་པར་ནུས་པ་ཡིན་ནོ་ཞེས་

ནུས་པ་རྗེས་སུ་དཔོག་པ་དེ་བཞིན་དུ་གེགས་བྱེད་པ་དང་མ་ཚང་བ་མེད་ན་ཡུན་རིང་དུ་བར་ཆད་མེད་པར་གོམས་པའི་དབང་གིས་རྣམ་པར་རྟོག་པ་དེ་དང་བདག་མེད་པའི་རྣམ་པ་ཅན་གྱིས་ཤེས་པ་དེ་གསལ་བར་སྣང་བ་ཉིད་དོ། །དེ་སྲིད་པའི་ཕྱིར་འདོད་ཆགས་དང་བྲལ་བ་དང་ཐམས་ཅད་མཁྱེན་པ་དག་

སྲིད་པ་རྗེས་སུ་དཔོག་གོ། །དེའི་ཕྱིར་མཐོང་བའི་སེམས་ལ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པའི་མཚན་གྱི་ཁྱད་པར་ཤེས་པར་བྱེད་པ་ཡོད་པ་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་རིགས་པ་མ་ཡིན་ཏེ། གོམས་པས་བསྒྲུབ་པའི་འདུ་བྱེད་མ་མཐོང་བ་ཉིད་ནི་འདོད་ཆགས་དང་བྲལ་བ་རྗེས་སུ་

དཔག་པའི་གཏན་ཚིགས་དང་ལྡན་པར་མཐོང་བ་ཡིན་ནོ། །སྐྱེས་བུས་མ་བྱས་པའི་ཚིག་ནི་སྐྱེས་བུས་མ་བྱས་པ་ཉིད་དུ་དཔོག་པའི་གཏན་ཚིགས་དང་ལྡན་པར་མཐོང་བ་མ་ཡིན་ནོ། །འདི་ནི་རེ་ཞིག་ཁོ་བོ་ཅག་གིས་སྲིད་པར་རྗེས་སུ་དཔག་པ་ཡིན་ནོ། །མི་སྲིད་པར་རྗེས་སུ་དཔག་པར་བྱ་

เล่ม ๑๘๘ · หน้า 282b

བ་ལ་ནི་ཆོས་དེ་གནོད་པར་བྱེད་པའི་གཏན་ཚིགས་འགའ་ཡང་ཁྱེད་ལ་མེད་དེ། དེ་མེད་པའི་ཕྱིར་སྐྱེས་བུ་དག་ལ་རྒྱུའི་ཁྱད་པར་མེད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །གནོད་པར་བྱེད་པའི་གཏན་ཚིགས་མེད་པ་ཡང་ཇི་ལྟར་ཞེ་ན་འདོད་ཆགས་དང་བྲལ་བ་མ་མཐོང་བའི་ཕྱིར་རོ། །འདི་ནི་མཚོན་

པ་སྟེ་ཐམས་ཅད་མཁྱེན་པ་ཡང་མ་མཐོང་བའི་ཕྱིར་རོ། །གལ་ཏེ་འདོད་ཆགས་དང་བྲལ་བ་དང་ཐམས་ཅད་མཁྱེན་པ་མཐོང་མོད། དེ་ལྟ་ན་ཡང་དེའི་གནོད་པར་བྱེད་པའི་གཏན་ཚིགས་མེད་པར་ཇི་ལྟར་འགྱུར་ཞེ་ན་བཤད་པ། འདོད་ཆགས་དང་བྲལ་བ་དང་ཐམས་ཅད་མཁྱེན་པ་མ་

མཐོང་བ་དང་ནི་འགའ་ཞིག་ལྷན་ཅིག་འགལ་བ་མི་འགྲུབ་ལ། འགལ་བ་མ་གྲུབ་ན་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་མི་འགྲུབ་པ་དེའི་ཕྱིར་གནོད་པར་བྱེད་པའི་གཏན་ཚིགས་མེད་དོ། །གལ་ཏེ་དངོས་པོ་ཉིད་དང་མི་རྟག་པ་ཉིད་དངོས་པོ་མེད་པ་ཉིད་དང་རྟག་པ་ཉིད་མ་མཐོང་

བ་དང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་གྲུབ་པ་དེ་བཞིན་དུ། ཐམས་ཅད་མཁྱེན་པ་དང་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཡང་མ་ཡིན་ནམ། དེ་སྟེ་འདོད་ཆགས་དང་བཅས་པ་ཉིད་དང་། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུས་གཞན་གྱི་ཚེ་རང་གི་རྒྱུད་ལ་

འགྱུར་བར་ཐེ་ཚོམ་ཟ་སྟེ། དེས་ན་ཐེ་ཚོམ་གྱི་ཚུལ་གྱིས་གནོད་པར་བྱེད་པ། གྲུབ་པ་དེས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དང་། འདོད་ཆགས་དང་བྲལ་བ་ཉིད་དགག་པར་མི་ནུས་པ་ཡིན་ན་ནི། གལ་ཏེ་དེ་ལྟ་ན་ནི་འོ་ན་མ་མཐོང་བའི་ཕྱིར་ལ། མ་མཐོང་བ་ལ་ཡང་གནོད་པར་བྱ་

བ་དང་གནོད་པར་བྱེད་པ་མི་འགྲུབ་པའི་ཕྱིར་རོ་ཞེས་སྨྲས་པ་དེ་མི་རིགས་སོ་ཞེ་ན། བསམ་པ་འདི་ཡིན་ཏེ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བའི་ཕྱིར། དངོས་པོ་དང་དངོས་པོ་མེད་པ་བཞིན་དུ་ཆགས་པ་དང་ཆགས་པ་མེད་པའི་སེམས་དག་ནི་གཅིག་པ་མ་ཡིན་ལ།

ལྷན་ཅིག་གནས་པ་ཡང་མ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གཅིག་ལས་ཅིག་ཅར་མི་སྐྱེ་བའི་ཕྱིར་རོ། །མི་སྐྱེ་བ་ཡང་འགལ་བ་དག་ཉེ་བར་ལེན་པ་གཅིག་པ་ཉིད་དུ་འགལ་བའི་ཕྱིར་རོ་ཞེས་བྱ་བ་འདི་ཁོ་བོ་ཅག་གི་འདོད་པ་ཁོ་ནའོ། །འདོད་ཆགས་དང་འདོད་ཆགས་དང་བྲལ་

เล่ม ๑๘๘ · หน้า 283a

བའི་སེམས་ཅིག་ཅར་ཡོད་པའམ་ཐ་མི་དད་པར་ནི་ཁོ་བོ་ཅག་ལས་མི་ལེན་ནོ། །དེའི་ཕྱིར་འདིར་འགལ་བ་ཙམ་དུ་ནི་སྐབས་ཀྱང་ཅི་ཡང་མི་ཕན་ནོ། །འདི་ལྟར་བསྒྲུབ་པར་བྱ་བ་ཡིན་ཏེ། གཞན་གྱི་རྒྱུད་གང་ལ་འདོད་ཆགས་དང་ཐམས་ཅད་མཁྱེན་པ་མ་ཡིན་པ་

ཉིད་མཐོང་བ་རྒྱུ་དེ་ལ་འདོད་ཆགས་དང་བྲལ་བ་དང་། ཐམས་ཅད་མཁྱེན་པ་ཉིད་འགྱུར་བ་མ་ཡིན་ནོ་ཞེས་སོ། །འདི་ཡང་ཇི་ལྟར་བསྟན་པར་ནུས་ཤེ་ན། ཇི་ལྟར་ཐམས་ཅད་མཁྱེན་པ་དང་ཐམས་ཅད་མཁྱེན་པ་མ་ཡིན་པ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་བཞིན་དུ་

གལ་ཏེ་དེའི་རྒྱུ་དང་རྒྱུ་དག་ཀྱང་ཕན་ཚུན་སྤངས་པ་ཉིད་དུ་མཐོང་ནའོ། །རྒྱུ་དང་འགལ་བར་མཐོང་བ་ཡང་མ་ཡིན་ཏེ། འདོད་ཆགས་དང་བྲལ་བ་ལ་སོགས་པ་མི་མཐོང་བའི་ཕྱིར་རོ། །ཡོད་པ་དང་མེད་པ་རྗེས་སུ་བྱེད་པའི་སྒོ་ནས་མཐོང་བའི་རྒྱུ་དེས་ན། དེ་ལས་གཞན་ཐམས་ཅད་ནི་རྒྱུ་མ་ཡིན་

པར་ངེས་པར་འགྱུར་ལ། དེའི་རྒྱུ་ཡིན་པ་དང་མ་ཡིན་པ་ཡང་རྒྱུ་འགལ་བར་ངེས་པ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ལ་སོགས་པ་མ་མཐོང་ན་ནི་དེའི་རྒྱུ་དང་རྒྱུ་མ་ཡིན་པ་མ་ངེས་པའི་ཕྱིར་རྒྱུ་དང་འགལ་བར་ངེས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་གང་གིས་རང་གི་ཤེས་པའི་རྒྱུད་ལ་ཐམས་

ཅད་མཁྱེན་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་སོགས་པས་གནོད་པར་འགྱུར་པ། འདོད་ཆགས་དང་བྲལ་བ་ལ་སོགས་པ་མི་སྣང་བ་དང་། རྒྱུའི་སྒོ་ནས་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་སོགས་པ་འགའ་ཞིག་ཀྱང་གནོད་པར་བྱ་བ་དང་གནོད་པར་བྱེད་པ་གྲུབ་པ་མེད་དོ། །

དེ་དང་འགལ་བ་སྐྱེད་པར་ནུས་པ་མཐོང་བའི་རྒྱུད་ལ་དེའི་རྒྱུ་མེད་པར་འགྱུར་ན། དེ་ནི་མ་གྲུབ་སྟེ། འདོད་ཆགས་དང་བྲལ་བ་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པ་དང་ལྡན་པའི་རྒྱུད་འདི་ཐམས་ཅད་མཁྱེན་པ་སྲིད་པ་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་མི་རིགས་སོ། །

གལ་ཏེ་ཕན་ཚུན་སྤངས་ཏེ་གནས་པ་གང་ཡིན་པ་དེ་དག་ཉེ་བར་ལེན་པ་གཅིག་ལས་སྐྱེས་པར་མི་རིགས་པ་ཡིན་ཏེ། སྔོན་པོ་དང་སྔོན་པོ་མ་ཡིན་པ་བཞིན་ནོ། །དེས་ན་རྣམ་པར་ཤེས་པའི་རྒྱུད་གཅིག་ལས་ཐམས་ཅད་མཁྱེན་པ་མ་ཡིན་པ་དག་ཇི་ལྟར་འབྱུང་བར་འདོད་ཅེ་ན་སྨྲས་པ། གལ་ཏེ་རྣམ་

เล่ม ๑๘๘ · หน้า 283b

པར་ཤེས་པའི་སྐད་ཅིག་གཅིག་ལས་ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་མ་ཡིན་པ་དག་སྐྱེ་བར་ཁོ་བོ་ཅག་ལ་རྒོལ་ཞིང་རྟོག་པར་བྱེད་ན་ནི་མ་ཡིན་ནོ་ཞེས་བརྗོད་དོ། །རིམ་གྱིས་དེ་དག་སྐྱེ་བ་ལ་ནི་རྒྱུད་ཐ་དད་པ་ཁོ་ནའོ། །གལ་ཏེ་གྲང་བ་སྐྱེད་པར་བྱེད་པའི་རྒྱུན་ལས་དྲོ་བའི་རེག་པ་མི་འབྱུང་བ་མ་

ཡིན་ནམ་ཞེ་ན། གལ་ཏེ་ལ་ལར་མཐོང་དུ་ཟད་མོད། དེས་ཅིར་འགྱུར། རྣམ་པར་ཤེས་པ་ནི་དོན་དམ་པར་ན་དོན་འཛིན་པའི་རང་བཞིན་ནོ་ཞེས་རྣམ་འགྲེལ་དང་། འདིར་ཡང་ལེའུ་དང་པོར་བསྒྲུབས་ཟིན་ཏོ། །རྒྱུ་དག་གཅིག་ལ་སྔར་མུ་སྟེགས་པའི་བདག་གི་རྣམ་པར་རྟོག་པ་དང་། ཕྱིས་བདེ་བར་

གཤེགས་པའི་ལུགས་ཀྱི་རྗེས་སུ་འབྲངས་པ་བདག་མེད་པའི་རྣམ་པར་རྟོག་པ་མཐོང་བ་ཡིན་ནོ། །རྣམ་པར་རྟོག་པ་ཁྱད་པར་དུ་འགྱུར་བའི་གནས་སྐབས་སྲིད་པ་ཡང་བཤད་མ་ཐག་པ་ཡིན་ནོ། །དེའི་ཕྱིར་རྒྱུ་དག་གཅིག་ལ་འགལ་བ་འབྱུང་བ་ནི་མི་འགལ་ལོ། །འདི་ལྟར་བདེ་བ་དང་སྡུག་བསྔལ་འགལ་

བ་དག་རྒྱུ་དག་ཅིག་ཅར་མི་སྐྱེ་ཡང་རིགས་ཀྱིས་སྐྱེ་བ་མཐོང་བ་དང་། དེ་བཞིན་དུ་ས་བོན་གྱི་རྒྱུད་གཅིག་ཉིད་ལས་ཕན་ཚུན་དབེན་པ་ཉིད་ཡིན་ཡང་མྱུ་གུའི་རང་བཞིན་དང་ས་བོན་གྱི་རང་བཞིན་སྐྱེ་བ་ཡིན་ནོ། །འདི་སྙམ་དུ་ས་བོན་གྱི་རྒྱུན་ལ་ནི་ལྷན་ཅིག་བྱེད་པ་ཐ་དད་པ་ལས། རང་བཞིན་གྱི་ཁྱད་པར་

འབྱུང་བ་ཡིན་གྱི་རྒྱུད་ཙམ་ལས་ནི་མ་ཡིན་ནོ་སྙམ་ན་བདེན་ཏེ། འདི་ལ་ཡང་ལྷན་ཅིག་བྱེད་པ་ལུས་དང་ངག་གི་ལས་ཀྱིས་མཚན་ཉིད་ཅན། བསོད་ནམས་དང་གོམས་པ་ལས་འགལ་བའི་རང་བཞིན་འབྱུང་བར་འགྱུར་རོ། །དབང་པོ་ལས་བྱུང་བའི་བདེ་བ་དང་སྡུག་བསྔལ་ནི་བདེ་བ་ལ་སོགས་པའི་

བག་ཆགས་སྨིན་པར་བྱེད་པའི་ཡུལ་ལས་སྐྱེ་ལ། ཡིད་ཀྱིས་ནི་འབད་རྩོལ་ལ་སོགས་པ་ལས་ཡིན་གྱི་རྒྱུན་ཙམ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་སྐད་ཅིག་གཅིག་ལ་འགལ་གྱི་རིམ་གྱིས་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་དེ་ཉིད་ལས་འགལ་བ་སྐྱེ་བའི་ཕྱིར་མི་འགལ་ལོ། །དེ་ལྟར་རྒྱུ་ལ་བརྟེན་

པའི་འགལ་བ་མེད་པའི་ཕྱིར་རེ་ཞིག་རང་གི་རྒྱུད་ལ་འདོད་ཆགས་དང་བྲལ་བ་དང་། ཐམས་ཅད་མཁྱེན་པ་མ་མཐོང་བས་དུས་གཞན་དུ་ཡང་མི་འགྱུར་རོ་ཞེས་བརྗོད་པར་ནི་མི་ནུས་སོ། །དེ་བཞིན་དུ་གཞན་གྱི་རྒྱུད་ལ་ཡང་ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བ་ད་ལྟར་ཉིད་ཀྱང་དགག་པར་

เล่ม ๑๘๘ · หน้า 284a

མི་ནུས་སོ་ཞེས་བཤད་པ་ནི། འདོད་ཆགས་ལ་སོགས་པ་རྣམས་ཀྱི་འབྲས་བུ་འཁྲུལ་པ་མེད་པ་ཅན་གང་ཡིན་པ་དེ་མ་མཐོང་བའི་ཕྱིར་རོ། །གལ་ཏེ་འདོད་ཆགས་ལ་སོགས་པ་འཁྲུལ་པ་མེད་པ་ཅན་གྱི་འབྲས་བུ་ཡོད་ན་ནི། དེ་མ་མཐོང་བ་ལས་གཞན་གྱི་རྒྱུད་ལ་འདོད་ཆགས་

ལ་སོགས་པ་རྗེས་སུ་དཔག་པས་འདོད་ཆགས་དང་བྲལ་བ་ལ་གནོད་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་རྗེས་སུ་དཔག་པ་ལ་འབྲས་བུ་མེད་པའི་ཕྱིར་ཇི་ལྟར་འདོད་ཆགས་དང་བྲལ་བ་ལྡོག་པར་བྱེད། འདི་སྙམ་དུ་གལ་ཏེ་དེ་ལ་འདོད་ཆགས་དང་བྲལ་བའི་མཚན་ཉིད་ཀྱི་ཁྱད་པར་ཡོད་ན་ཁོ་བོ་ཅག་

གིས་ཇི་ལྟར་མ་དམིགས་ཤེ་ན་བཤད་པ། རྒྱུད་གཞན་ལ་འདོད་ཆགས་དང་བྲལ་བ་ལ་སོགས་པའི་མཚན་ཉིད་ཀྱི་ཁྱད་པར་དེ་རྣམས་ནི་སྲིད་ཀྱང་བལྟར་མི་རུང་བའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། འདོད་ཆགས་དང་བྲལ་བའི་མཚན་ཉིད་ཀྱིས་ཁྱད་པར་ནི་འགལ་བའི་འབྲས་བུ་མཐོང་བས་མི་སྲིད་པར་རྗེས་

སུ་དཔག་པར་མི་ནུས་ལ། རང་གི་ངོ་བོ་མ་མཐོང་བས་མེད་པར་དཔག་པར་ཡང་མ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་མི་དམིགས་པ་ནི་སྤང་བར་རིགས་པ་མ་ཡིན་ནོ་ཞེས་བཤད་པ་ནི། དེ་ལྟ་བུ་དག་ནི་སྤང་བར་འོས་པ་ཡང་མ་ཡིན་ནོ། །དེས་ན་གཞན་གྱི་རྒྱུད་ལས་ཡོད་པའི་ཁྱད་པར་དག་ནི་འགལ་བར་རྗེས་སུ་དཔག་

པ་མེད་པའི་ཕྱིར་འགལ་བ་དམིགས་པས་ལྡོག་པ་མ་ཡིན་ལ། རང་གི་རང་བཞིན་མ་དམིགས་པས་ཀྱང་མ་ཡིན་ནོ། །རང་གི་རྒྱུད་ལ་ཡང་མ་འོངས་པའི་དུས་སུ་མི་སྲིད་པར་ཕ་རོལ་པོས་རྗེས་སུ་དཔག་པར་ནུས་པ་མ་ཡིན་ནོ། །སྲིད་པའི་དུས་སུ་དཔག་པ་ནི་སྔར་བསྟན་ཟིན་ཏོ། །དེས་ན་སྐྱེས་བུ་དག་

ནི་རྒྱུའི་ཁྱད་པར་མེད་པ་ཅན་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་སྐྱེས་བུའི་ཁྱད་པར་མ་མཐོང་བ་ཉིད་ཡིན་ཡང་སྤང་བར་འོས་པ་མ་ཡིན་པ་དེ་བཞིན་དུ་ངག་ཀྱང་ཡིན་ནོ་སྙམ་ན་བཤད་པ། ཚིག་རྣམས་ནི་དེ་ལྟ་བུ་མ་ཡིན་ནོ། །གང་གི་ཕྱིར་སྐྱེས་བུ་རྣམས་ལ་ནི་ཁྱད་པར་ཡོད་ཀྱང་བལྟར་མི་རུང་བ་དེའི་ཕྱིར་སྤང་བར་མི་

འོས་པ་ཡིན་ནོ། །གལ་ཏེ་ངག་ཀྱང་ཁྱད་པར་བལྟར་མི་རུང་བ་ཡིན་ན་ནི་ཁྱད་པར་སྤང་བར་འོས་པ་མ་ཡིན་པར་འགྱུར་བ་ཞིག་ན། ཁྱད་པར་བལྟར་རུང་བའི་ཕྱིར་ངག་རྣམས་ཀྱི་ཁྱད་པར་མ་མཐོང་བ་ནི་སྤང་བར་བྱ་བ་ཡིན་ནོ། །གལ་ཏེ་ཇི་ལྟར་ས་ལ་སོགས་པ་ཐམས་ཅད་མཐོང་བ་མ་ཡིན་པ་དེ་བཞིན་དུ་ཚིག་དག་ཀྱང་

เล่ม ๑๘๘ · หน้า 284b

ཐམས་ཅད་ནི་མཐོང་བ་མ་ཡིན་ནོ་ཞེ་ན། བལྟར་མི་རུང་བ་ཉིད་གཅིག་ཡིན་ན་ཡང་ཞེས་སྨོས་སོ། །གལ་ཏེ་ངག་འགའ་ཞིག་གི་མ་མཐོང་བ་དེ་ལྟར་ན་ཡང་ཁྱད་པར་མ་མཐོང་བ་ཅན་གང་ཡིན་པ་དེ་རྣམས་རིགས་མི་མཐུན་པ་ཉིད་ཁས་ལེན་པ་འགལ་བ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཚིག་

ཐམས་ཅད་མཐོང་བ་མ་ཡིན་པ་དེ་ལྟ་ན་ཡང་སྐྱེས་བུས་མ་བྱས་པ་ཉུང་ཟད་ཅིག་ནི་མཐོང་བ་ཡིན་ནོ། །དེ་དག་ཀྱང་སྐྱེས་བུས་བྱས་པ་ལས་ཁྱད་པར་ནི་འགའ་ཡང་མ་མཐོང་སྟེ། དེས་ན་གང་གི་ཕྱིར་ངག་ཉུང་ཟད་མཐོང་བ་དག་ལ་སྐྱེས་བུས་མ་བྱས་པ་ཉིད་ཀྱང་རྣམ་པར་མ་མཐོང་བའི་ཕྱིར། སྐྱེས་བུས་མ་

བྱས་པའི་རྒྱུ་མཚན་ཅན་གྱི་ཁྱད་པར་དེ་ནི་མ་མཐོང་བའི་ངག་རྣམས་ལ་ཡང་ཁས་བླང་བར་མི་ནུས་ཏེ། དེ་ཙམ་གྱི་རྒྱུ་མཚན་ཅན་ནི་གཅིག་ལ་མེད་ན་ཐམས་ཅད་དུ་ཡང་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་འགལ་བའི་ཕྱིར་སྐྱེས་བུས་བྱས་པ་དང་མ་བྱས་པ་མཐོང་བའི་ངག་ལ་བལྟར་རུང་བ་མ་མཐོང་

བའི་ཁྱད་པར་གང་ཡིན་པ་དེ་ནི་ཐམས་ཅད་དུ་སྤང་བར་བྱ་བ་ཡིན་ནོ། །མཐོང་བ་ཉུང་ཟད་པོ་ལ་ཇི་ལྟར་ཁྱད་པར་མེད་ཅེ་ན་བཤད་པ། དེའི་ཁྱད་པར་རྣམས་ཏེ་བཟླ་དཀའ་བ་ལ་སོགས་པ་སྐྱེས་བུས་མ་བྱས་པའི་ཁྱད་པར་རྣམས་ནི་གཞན་སྐྱེས་བུས་བྱས་པའི་ངག་ལ་ཡང་བྱ་བར་ནུས་པའི་ཕྱིར་རོ། །

གལ་ཏེ་དངོས་པོ་ཐ་དད་པར་མཐོང་ཡང་འཁྲུལ་བས་ཐ་མི་དད་པར་རྟོགས་པ་དེ་བཞིན་དུ་སྐྱེས་བུས་བྱས་པ་དང་མ་བྱས་པའི་ངག་དག་ལ་ཐ་མི་དད་པར་མོད་ཀྱང་འཁྲུལ་པས་རྟོགས་པ་ཡིན་ནོ་ཞེ་ན། འཁྲུལ་པ་མི་འགྲུབ་པའི་ཕྱིར་ཞེས་སྨོས་ཏེ། འཁྲུལ་པ་མ་འགྲུབ་པའི་ཕྱིར་ན་སྐྱེས་བུས་བྱས་པ་

དང་མ་བྱས་པ་དག་ལ་ཁྱད་པར་སྲིད་པ་མེད་པ་མ་ཡིན་ནོ། །ཡང་ཇི་ལྟར་འདི་ལ་འཁྲུལ་པ་མ་གྲུབ་ཅེ་ན། གནོད་པར་བྱེད་པ་མེད་པས་ཞེས་སྨོས་སོ། །སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་ཐ་དད་པ་མེད་པ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་ན། གནོད་པར་བྱེད་པའི་ཚད་མ་མེད་པར་ཡང་

གྲུབ་པ་དེ་སྤང་བར་ཇི་ལྟར་ནུས་ཉམས་སུ་མྱོང་བ་ཚད་མ་མ་ཡིན་ནོ་ཞེ་ན། འོ་ན་ཚད་མ་གང་ཡིན་གཞན་དག་ཀྱང་བསྟན་པའི་དོན་ཐོབ་པར་བྱེད་པས་ཚད་མ་ཡིན་ལ། ཉམས་སུ་མྱོང་བ་ཡང་བསྟན་པའི་དོན་ཐོབ་པར་བྱེད་པ་ཡིན་ནོ། །གང་ལ་གནོད་པ་བྱེད་པ་མེད་པ་དེ་ཇི་ལྟར་ཚད་མ་ཡིན་ཏེ་གནོད་པ་ཡོད་ན་

เล่ม ๑๘๘ · หน้า 285a

ནི་མྱོང་བ་འཁྲུལ་པར་འགྱུར་བ་ཡིན་ནོ། །ཤེས་པའི་དོན་མེད་པ་ཉིད་ནི་རང་དགའ་མ་ཡིན་གྱི། འོན་ཀྱང་ཚད་མས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་འགྲེལ་ལས། གནོད་བྱེད་ཀྱི་རིགས་པ་དམ་པ་མེད་པར་ཉམས་སུ་མྱོང་བས་གྲུབ་པའི་བློ་ཅིག་ཅར་དུ་འབྱུང་བ་ཡང་སྤངས་པར་མི་ནུས་སོ་ཞེས་

བཤད་དོ། །དེ་ལྟ་མ་ཡིན་ན་གང་མཐོང་བ་དེ་ཐམས་ཅད་སྤང་བར་བྱ་བར་འགྱུར་རོ། །དེའི་ཕྱིར་ཉམས་སུ་མྱོང་བས་གྲུབ་པའི་དོན་ནི་གནོད་པར་བྱེད་པའི་ཚད་མས་དགག་པར་བྱ་བ་ཡིན་ཏེ། དཔེར་ན་རབ་རིབ་ཅན་གྱིས་སྐྲ་ཤད་ཀྱི་ཚོགས་ཤེས་པ་གནོད་པར་བྱེད་པས་བཟློག་པ་དང་། མངོན་སུམ་གྱིས་རྟོགས་པར་

རློམས་པའི་སྐད་ཅིག་མ་མ་ཡིན་པ་ཉིད་ཀྱང་རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་བཞིན་དུ་རིམ་དང་ཅིག་ཅར་མི་འཐད་པའི་མཚན་གྱི་གནོད་པར་བྱེད་པའི་ཚད་མས་ཟློག་པར་བྱེད་པ་ལྟ་བུའོ། །དེ་བཞིན་དུ་ལི་དོང་གྲ་དང་དུག་གཉིས་ཐ་དད་པ་མེད་པར་རྟོགས་པ་ཡང་གནོད་པར་བྱེད་པ་ཉིད་ཀྱིས་བཟློག་པར་

བྱ་བ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་བདག་ཉིད་བཞིན་དུ་གཞན་ཡང་འདོད་ཆགས་ལ་སོགས་པ་དང་ལྡན་པར་མཐོང་བ་ཉིད་ཀྱིས་ངེས་པ་དེས་ན་གནོད་པར་བྱེད་པ་མེད་པར་དེ་འཁྲུལ་པ་ཇི་ལྟར་རྣམ་པར་གཞག་ཅེ་ན་བརྗོད་པ། འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ། །དེ་ལ་ནི་རེ་ཞིག་མངོན་སུམ་དུ་གྱུར་པའི་

ལུས་འདྲ་བས་མངོན་སུམ་མ་ཡིན་པའི་སེམས་ཀྱང་འདྲ་བར་རྟོགས་པར་བྱེད་པར་ཟད་དོ། །དེ་ལྟ་ན་འོ་ན་འདིར་ཡང་མངོན་སུམ་དུ་གྱུར་པ་འདྲ་བར་མཐོང་ནས། མངོན་སུམ་དུ་མ་གྱུར་པ་འདྲ་བར་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། སྒྲ་མངོན་སུམ་པ་རྣམས་ལ་ཞེས་བྱ་བ་ལ་སོགས་

པ་སྨོས་སོ། །འདི་སྐད་བཤད་པ་ཡིན་ཏེ། མངོན་སུམ་མ་ཡིན་པའི་ངོ་བོ་ནི་འཁྲུལ་པའི་རྒྱུ་མཚན་ཡིན་ན་དེ་དག་འདི་ལ་མེད་དོ། །དེ་མེད་པའི་ཕྱིར་འཁྲུལ་པའི་རྒྱུ་མཚན་མེད་པ་ཡིན་ཏེ། དེའི་ཕྱིར་ཡང་མངོན་སུམ་གྱིས་རང་བཞིན་ལ་གནོད་པར་བྱེད་པ་མེད་ན། ཇི་ལྟར་ཉམས་སུ་མྱོང་བ་བཞིན་

དུ་ཐ་སྙད་འཇུག་པར་བྱ་བས་འདི་ལ་ཡང་དེའི་རང་བཞིན་ཅན་དུ་ཁས་བླང་བར་བྱ་བ་ཡིན་ཏེ། གནོད་པར་བྱེད་པ་མེད་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་མ་ཡིན་པ་གཞན་གྱི་སེམས་ལ་འཁྲུལ་པ་ཡིན་གྱི། རང་གི་རྒྱུད་ལ་བརྟེན་པའི་ཤེས་པ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པར་མཐོང་ཞིང་ངེས་པ་ཡིན་

เล่ม ๑๘๘ · หน้า 285b

ནོ། །རང་གི་སེམས་ཀྱི་ཁྱད་པར་ལ་ནི་འཁྲུལ་པའི་རྒྱུ་མངོན་སུམ་མ་ཡིན་པའི་རང་བཞིན་ཡོད་པ་མ་ཡིན་ལ། གནོད་པར་བྱེད་པའི་ཤེས་པ་ཡང་མེད་པའི་ཕྱིར་འདོད་ཆགས་དང་བྲལ་བ་སྲིད་པར་ཅི་ལྟར་རྗེས་སུ་དཔག་ཅེ་ན་བཤད་པ། སྐྱེས་བུ་དག་ལ་ནི་ཤེས་རབ་ལ་སོགས་པ་གནས་པའི་ཁྱད་པར་

ཕུལ་དུ་བྱུང་བ་གོམས་པ་སྔོན་དུ་འགྲོ་བ་ཅན་མཐོང་བ་དེ་ཉིད་གནོད་པར་བྱེད་པ་ཡིན་ནོ། །གལ་ཏེ་གོམས་པ་ལ་ལྟོས་ནས་ཁྱད་པར་དུ་མི་འགྱུར་ན་ནི་སྐྱེས་བུའི་སེམས་འདོད་ཆགས་དང་བྲལ་བ་མི་སྲིད་པར་འགྱུར་བ་ཞིག་ན་འགྱུར་བ་ཡང་ཡིན་ཏེ། དེས་ན་བདག་མེད་པ་ནི་རྣམ་པར་རྟོག་པ་དང་། མཐའ་དག་ལ་

དམིགས་པའི་རྣམ་པར་རྟོག་པ་དག་གོམས་པའི་དབང་གིས་གསལ་བར་སྣང་བ་དང་། དེའི་ཕྱིར་རྟོག་པ་མེད་པ་ཉིད་ཀྱང་ཡིན་པ་ན། འདོད་ཆགས་དང་བྲལ་བ་དང་ཐམས་ཅད་མཁྱེན་པ་ཉིད་ནི་མངོན་སུམ་ཉིད་ཡིན་ནོ། །དེའི་ཕྱིར་རང་གི་རྒྱུད་ཀྱི་སེམས་ཀྱི་ཁྱད་པར་མངོན་སུམ་དུ་གྱུར་པ་ནི་ཚིག་གི་མངོན་སུམ་འཁྲུལ་

པ་དང་མཚུངས་པ་མ་ཡིན་ནོ། །དེ་ལ་ནི་འཁྲུལ་པ་རྣམ་པར་འཇོག་པའི་རྒྱུ་མཚན་ཁྱད་པར་མཐོང་བར་གནོད་པར་བྱེད་པ་ཡོད་པ་ཡིན་ནོ། །འབྱུང་བར་འགྱུར་བའི་འདོད་ཆགས་དང་ཐམས་ཅད་མཁྱེན་པ་མ་ཡིན་པ་ནི་ད་ལྟར་ཡོད་པ་མ་ཡིན་ཏེ། དེས་ན་དེ་ནི་མངོན་སུམ་མ་ཡིན་ནོ། །དེའི་ཕྱིར་མེད་པར་ངེས་པ་ནི་

འཁྲུལ་པ་ཡིན་ནོ། །སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་མངོན་པར་འདོད་པ་དག་ལ་མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་ཐ་དད་པ་མེད་པར་ངེས་པ་ལ་ནི་གནོད་པར་བྱེད་པ་ཡོད་པ་མ་ཡིན་ནོ། །འདི་སྙམ་དུ་འོ་ན་ངག་ལ་ཡང་བལྟར་མི་རུང་བའི་ཁྱད་པར་ཐ་དད་པ་ཡོད་པ་ཡིན་ཏེ། དཔེར་ན་སྐྱེས་

བུའི་ལུས་མཐོང་བའི་སེམས་ལ་འཁྲུལ་པའི་རྒྱུ་ཡིན་པ་བཞིན་ནོ་ཞེ་ན། ཚིག་གི་ཁྱད་པར་གཞན་གྱི་ངོ་བོར་ཞེས་སྨོས་སོ། །ཚིག་དེ་ལས་ཐ་དད་པའི་ཚིག་གི་ཁྱད་པར་གང་ཡིན་པ་དེ་ནི་སྐྱེས་བུས་མ་བྱས་པའི་ངག་རྟག་པ་དེ་དང་དེའི་བདག་ཉིད་ཀྱི་འབྲེལ་པ་མེད་ལ་དེ་ལས་བྱུང་བའི་ཡང་མེད་དེ།

དེས་ན་དེའི་ཁྱད་པར་མ་ཡིན་ནོ། །འབྲེལ་པ་མེད་ན་དེའི་ཞེས་བྱ་བའི་ཐ་སྙད་མི་འཐད་པའི་ཕྱིར་རོ། །གཏན་ཚིགས་དེས་ན་འཁྲུལ་པའི་རྒྱུ་མེད་པ་ཡིན་ལ། གནོད་པ་མེད་པའི་ཕྱིར་ནི་མངོན་སུམ་ལ་སྣང་བའི་ཐ་དད་པ་མེད་པ་གྲུབ་པ་ཡིན་ནོ། །དེས་ན་ཇི་ལྟར་སྐྱེས་བུས་མ་བྱས་པ་ཅུང་ཟད་ཅིག་སྐྱེས་བུས་

เล่ม ๑๘๘ · หน้า 286a

བྱས་པ་ལས་ཁྱད་མེད་པ་དེ་གཞན་དུ་ཐམས་ཅད་ཀྱང་ཁྱད་མེད་པ་ཡིན་ནོ། །དེའི་ཕྱིར་སྐྱེས་བུས་བྱས་པ་དང་ཁྱད་པར་མེད་པའི་རང་བཞིན་ཐམས་ཅད་སྐྱེས་བུས་བྱེད་པར་འགྱུར་བའམ། ཡང་ན་ནི་དེ་དག་སྐྱེས་བུས་མ་བྱས་ན་འགའ་ཡང་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་ཡིན་

ནོ། །གང་ལ་ཁྱད་པར་གྱི་རྒྱུ་མེད་པ་དེར་ནི་ཐམས་ཅད་འདྲ་བར་དཔག་པར་ནུས་པ་ཡིན་ལ། གང་ལ་ཁྱད་པར་གྱི་རྒྱུ་སྲིད་པ་དེར་ནི་བདག་ཉིད་ཐམས་ཅད་འདྲ་བར་རྗེས་སུ་དཔག་པར་རིགས་པ་མ་ཡིན་ནོ། །དེ་ལས་དང་སྨན་དང་སྐྱུ་རུ་ར་ལ་སོགས་པ་དང་། སྐྱེས་བུ་དག་ནི་ཁྱད་པར་སྤང་བར་མི་ནུས་པས་

ཕྱོགས་གཅིག་ཏུ་བཞག་པ་ཡིན་ལ། ཁྱད་པར་དགག་པར་ནུས་པའི་ངག་རྣམས་ཀྱང་ཕྱོགས་གཅིག་ཏུ་གནས་པ་ཡིན་ནོ། །དེ་ལ་དོན་དམ་ནི་འདི་ཡིན་ཏེ། གང་ལ་རྣམ་པ་ཐམས་ཅད་བལྟར་རུང་བ་དེ་ལ་ནི་རྣམ་པ་གཞན་མི་སྲིད་པས་ན་འདྲ་བར་དཔག་པར་ནུས་པ་ཡིན་ལ། གང་ལ་རྣམ་པ་ཐམས་

ཅད་བལྟར་རུང་བ་མ་ཡིན་པ་དེ་ལ་ནི་ཕྱོགས་གཅིག་གི་སྒོ་ནས་ཐམས་ཅད་འདྲ་བར་རྗེས་སུ་རྟོགས་པ་མ་ཡིན་ནོ། །དེས་ན་རྣམ་པ་འགའ་ཞིག་གིས་བསྒྲུབ་བྱ་ལོག་པ་ལ་གཏན་ཚིགས་ལྡོག་པ་དེ་ཙམ་གྱིས་ནི་དོན་ཐམས་ཅད་ལ་དོན་གཉིས་ཀ་ལྡོག་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་འདི་ངེས་པ་མེད་པ་ཁོ་

ནའོ་ཞེས་བྱ་བར་གནས་སོ། །གང་གི་ཕྱིར་སློབ་དཔོན་མ་མཐོང་བ་ཙམ་གྱིས་ལྡོག་པར་མི་བཞེད་པ་དང་འཐད་པ་ཡང་མ་ཡིན་པ་དེའི་ཕྱིར་ལྡོག་པར་བྱ་བའི་དངོས་པོ་དེ་ཁོ་ན་ཙམ་དེ་དང་འབྲེལ་པའི་ངོ་བོ་མི་རྟག་པ་ལ་སོགས་པ་གང་ཡིན་པ་དེའི་ངོ་བོ་ཉིད་ཀྱིས་སྒྲ་རིམ་པ་གཞན་དུ་སྦྱོར་ཏེ། ངོ་བོ་ཉིད་ཁོ་ནས་

རང་ཉིད་ལྡོག་པ་ན་སྒྲུབ་པར་བྱེད་ཅེས་བྱ་བའི་ངོ་བོ་ལྡོག་པར་བྱེད་པ་ཡིན་ནོ། །འམ་ཞེས་སྨོས་པ་ནི་འབྲས་བུའི་གཏན་ཚིགས་ལ་ལྟོས་པའོ། །རང་བཞིན་གཏན་ཚིགས་ཀྱི་དཔེར་བརྗོད་པ་ཉིད་སྟོན་པ་ནི། དཔེར་ན་ཤིང་ཞེས་བྱ་བ་ཤིང་ཉིད་ཀྱིས་ཤིང་ཤ་པ་ཞེས་བྱ་བ་ཤིང་ཤ་པ་ཉིད་ལྡོག་པར་བྱེད་

པ་ལྟ་བུའོ། །གང་དུ་ཤིང་མེད་པར་ནི་ངེས་ལ་ཤིང་ཤ་པ་མེད་པར་མ་ངེས་པ་དེ་ལ་དཔེར་བརྗོད་པ་འདི་ཡིན་ཏེ། རྒྱང་རིང་པོ་ནས་ཤིང་ཉིད་ནི་རྣམ་པར་དབྱེ་བར་ནུས་ཀྱི་ཤིང་ཤ་པ་ནི་མ་ཡིན་ནོ། །ཤིང་དང་ཤིང་ཤ་པ་འདི་གཉིས་དེའི་བདག་ཉིད་དུ་བསྒྲུབ་པའི་ཕྱིར་བཤད་པ། ཡལ་ག་ལ་སོགས་

เล่ม ๑๘๘ · หน้า 286b

པ་དང་ལྡན་པའི་དོན་དེ་ལས་གཞན་པ་དག་ལས་ཁྱད་པར་དུ་གྱུར་པས་ན་ཁྱད་པར་ཏེ། དེ་ཉིད་འགའ་ཞིག་ལ་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །དེ་སྐད་དུ་ཞེས་བྱ་བ་ཤིང་ཤ་པ་ཉིད་དུ་གྲགས་པའི་ཕྱིར་ལོ་མ་ལ་སོགས་པ་དང་ལྡན་པའི་དོན་དེ་ནི་ཤིང་ཤ་པ་ཉིད་ཀྱི་རང་བཞིན་ཡིན་ནོ། །གང་གི་ཕྱིར་

གཞན་ནི་འགའ་ཡང་ཤིང་ཤ་པ་མ་ཡིན་གྱི། ལོ་མ་ལ་སོགས་པ་དང་ལྡན་པའོ། །དོན་ཤིང་གི་སྒྲ་བརྗོད་པར་བྱ་བ་ཉིད་ཤིང་ཤ་པ་ཡིན་པ་དེའི་ཕྱིར་དེ་ནི་དེའི་རང་གི་ངོ་བོ་ཡིན་ན། དེ་ཡང་བདག་ཉིད་བོར་ནས་ཇི་ལྟར་ཡོད་པར་འགྱུར། དེས་ན་ཤིང་ཤ་པ་ཉིད་ཀྱི་ངོ་བོ་ལྡོག་པར་བྱེད་པ་བསྒྲུབ་པར་བྱ་བའི་

ངོ་བོ་ལ་འབྲེལ་པ་ཡིན་ལ། འབྲེལ་པའི་ཕྱིར་ན་འཁྲུལ་པ་མེད་དོ། །རྒྱུ་ཡིས་ཀྱང་། ཀྱང་སྨོས་པ་ནི་རང་བཞིན་ཡང་ལྡོག་པར་བྱེད་པ་ཡིན་ལ། རྒྱུ་ཡང་ལྡོག་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཅི་ཞིག་ལྡོག་པར་བྱེད་ཅེ་ན། འབྲས་བུ་སྟེ་འཁྲུལ་པ་མེད་པའི་ཕྱིར་རོ། །རང་བཞིན་

འབྲེལ་པའི་རྒྱུ་མཚན་ཅན་འཁྲུལ་པ་མེད་པ་ཡིན་པའི་ཕྱིར་ལྡོག་པར་བྱེད་པ་ཡིན་ནོ། །རྒྱུ་ལོག་པ་ན་ཡང་ཞེས་བྱ་བ་ལ་སོགས་པས་འདི་ཉིད་རྣམ་པར་འགྲེལ་པར་བྱེད་དོ། །གཞན་དུ་ན་གལ་ཏེ་དེ་ལོག་པ་ན་འབྲས་བུ་ལོག་པར་མི་བྱེད་ན། དེ་མེད་པར་འབྱུང་བའི་དངོས་པོ་ནི་དེ་ལ་འཁྲུལ་པའི་ཕྱིར་དེ་དེའི་འབྲས་

བུ་ཉིད་དུ་མི་འགྱུར་རོ། །གང་གི་ཕྱིར་རྒྱུ་ལ་འཁྲུལ་པས་ན་དེའི་འབྲས་བུ་ཉིད་དུ་མི་འགྱུར་བ་དེས་ན་རྒྱུ་དང་འབྲས་བུ་དངོས་པོ་གང་ཡིན་པ་དེ་ཡང་འབྲས་བུའི་རང་བཞིན་དེ་རྒྱུ་ལ་ངེས་པར་བྱེད་པ་ཡིན་ནོ། །དེ་ཡོད་ན་ནི་ཡོད་ལ་མེད་ན་ནི་མེད་པ་ཞེས་བྱ་བའི་འབྲས་བུའི་ངེས་པ་ཡིན་ནོ། །དེའི་ཕྱིར་གཉི་གར་ཡང་དེའི་

བདག་ཉིད་དམ་དེ་ལས་བྱུང་བས་རང་བཞིན་འབྲེལ་པ་གང་ཡིན་པ་དེ་ཁོ་ནས་ཡིན་ནོ། །དེ་ལྟར་གང་ལ་འབྲེལ་པ་ཡོད་པ་དེ་ལ་ལྡོག་པར་བྱ་བ་དང་ལྡོག་པར་བྱེད་པ་ཡོད་པ་ཡིན་ནོ་ཞེས་བསྒྲུབ་པའི་སྒོ་ནས་བཤད་ནས། ད་ནི་རང་བཞིན་འབྲེལ་པ་མེད་པ་ལ་ལྡོག་པར་བྱ་བ་དང་ལྡོག་པར་བྱེད་པ་མེད་དོ་ཞེས་ལྡོག་

པའི་སྒོ་ནས་བསྟན་པའི་ཕྱིར་དེ་ལྟ་མིན་ན་ཞེས་སྨོས་སོ། །གང་ཡང་རུང་བ་གཅིག་ལོག་པས་ཇི་ལྟར་མ་འབྲེལ་པ་གཞན་ནི་ལྡོག་པར་འགྱུར་ན། འདི་ཉིད་དཔེའི་སྒོ་ནས་བསལ་བར་བྱ་བའི་ཕྱིར་མི་ལ་ཞེས་སྨོས་སོ། །རྟ་མེད་པའི་ཕྱིར་ན་རྟ་མེད་པའི་མི་དེ་ལ་ཕྱུགས་ཀྱང་མེད་པར་འགྱུར་རམ་ཅི། དེ་ལྟར་ནི་མི་སྲིད་

เล่ม ๑๘๘ · หน้า 287a

དེ་མངོན་སུམ་གྱིས་གནོད་པར་མཐོང་བའི་ཕྱིར་རོ། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་འབྲེལ་པ་མེད་ན་ལྡོག་པར་བྱ་བ་དང་ལྡོག་པར་བྱེད་པའི་ངོ་བོ་མི་འཐད་པ་དེ་བཞིན་དུ་བྱས་པ་ཉིད་ལ་སོགས་པ་གང་ཡང་རུང་བ་གཅིག་ཅིག་ཉེ་བའི་ཕྱིར། ཇི་ལྟར་མི་རྟག་པ་ཉིད་ལ་སོགས་པ་གཞན་

ནི་ངེས་པར་ཉེ་བར་འགྱུར་ཏེ། འདི་ལྟར་མི་ལ་ཕྱུགས་ནི་བདོག་ཅེས་ཏེ། ཕྱུགས་ཡོད་པའི་ཕྱིར་དེ་བཞིན་དུ་རྟ་ཡང་བདོག་པར་འགྱུར་རམ་ཅི། དེའི་ཕྱིར་རང་བཞིན་འབྲེལ་པ་ཁོ་ནས་ཞེས་བྱ་བ་ནི་རང་བཞིན་གྱི་འབྲེལ་པ་ཡིན་པའི་ཕྱིར་གཏན་ཚིགས་བསྒྲུབ་པར་བྱ་བ་གོ་བར་བྱེད་པ་མ་ཡིན་ནོ། །རང་བཞིན་འབྲེལ་པ་

དེ་ཡང་དེའི་ངོ་བོ་ནི་དེ་ཉིད་དེ། བསྒྲུབ་པར་བྱ་བའི་བདག་ཉིད་ཀྱི་མཚན་ཉིད་དོ། །རྒྱུ་མཚན་གང་ལ་ཡོད་པའམ། དེ་ལས་བྱུང་བའི་མཚན་ཉིད་ཡིན་ནོ། །གལ་ཏེ་རང་བཞིན་འབྲེལ་པ་ཁོ་ནས་གཏན་ཚིགས་གོ་བར་བྱེད་པ་ཡིན་ན། འོ་ན་ནི་དཔེ་དགོད་པར་མི་བྱ་སྟེ། དེས་ན་བསྒྲུབ་པར་བྱ་བའི་ཆོས་ཅན་དང་དཔེའི་ཆོས་

ཅན་འདྲ་བའམ། མི་འདྲ་བ་ཙམ་སྟོན་པ་ཡིན་ཞེ་ན། དཔེ་དེས་ཆོས་ཅན་འདྲ་བ་འམ་ཅིག་ཤོས་སུ་སྟོན་ཏོ་ཞེས་བྱ། འོ་ན་ཅི་བྱེད་ཅེ་ན། དེའི་བདག་ཉིད་ཀྱི་རྒྱུ་མཚན་ཅན་ནམ། དེ་ལས་བྱུང་བའི་རྒྱུ་མཚན་ཅན་གྱི་མེད་ན་མི་འབྱུང་བ་དེ་ཉིད་སྟོན་ཏོ། དཔེ་དེ་དག་གིས་མེད་ན་མི་འབྱུང་བའི་ཡུལ་ཅན་གྱི་ཚད་

མ་ཉེ་བར་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཚད་མ་བསྟན་པས་མེད་ན་མི་འབྱུང་བ་བསྟན་པར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་དཔེ་དག་གིས་འབྲེལ་པའི་ཚད་མ་ཙམ་རབ་ཏུ་སྟོན་པ་དེའི་ཕྱིར་ཆོས་མི་མཐུན་པའི་ཡུལ་གྱི་དཔེ་ལ་ངེས་པར་གདོན་མི་ཟ་བར་འདི་ལ་ཞེས་བྱ་བ་གཏན་ཚིགས་ལ་གཏན་

ཚིགས་ཀྱི་ཚུལ་རབ་ཏུ་གྲུབ་པའི་དོན་དུ་གཞི་ཆོས་ཅན་དངོས་པོར་གྱུར་པ་མི་འདོད་དོ། །གལ་ཏེ་ཆོས་མི་མཐུན་པའི་དཔེའི་སྟོབས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཅན་དངོས་པོ་གཞན་དང་ཆོས་མི་མཐུན་པར་བསྟན་པར་བྱ་བ་ཡིན་ན་ནི། ཆོས་མི་མཐུན་པའི་དཔེ་ཡང་དངོས་པོར་གྱུར་པ་ཞིག་ཏུ་ཁས་བླང་བར་

བྱ་བ་ཞིག་ན། གང་གི་ཕྱིར་འབྲེལ་པའི་ཚད་མ་ཙམ་བསྟན་པར་བྱ་བ་ཡིན་པ་དེའི་ཕྱིར་འབྲེལ་པའི་ཆོས་གཉིས་གཅིག་ལས་ལྡོག་པ་ཙམ་དུ་བསྟན་པ་ནི་དངོས་པོ་མེད་པ་ལ་ཡང་བསྟན་པར་ནུས་པ་ཡིན་ནོ། །དངོས་པོ་ལ་ནི་སྒྲུབ་པར་བྱེད་པ་དང་། བསྒྲུབ་པར་བྱ་བ་དངོས་པོའི་ཆོས་དག་འཇུག་པར་དོགས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด