ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བི་ནིཤྩ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๘ · หน้า 136a
འདི་ནི་སྔོན་པོ་ཉིད་ཀྱི་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་དེ་མི་འགྲུབ་སྟེ། རྣམ་པར་མི་གནས་པའི་ཕྱིར་རོ། །དེས་ན་གང་གི་ཕྱིར་དེ་དག་ལས་ངེས་པ་དང་འབྲེལ་པའི་རྒྱུ་མ་ཡིན་པ་དེའི་ཕྱིར་ཚད་མ་མ་ཡིན་ནོ། །དོན་འདིར་སྔར་དེའི་བདག་ཉིད་མ་ཡིན་པ་ཞེས་བྱ་བ་འདིའི་ནང་
དུ་བརྗོད་ཟིན་པ་མ་ཡིན་ནམ། ཡང་ཅིའི་ཕྱིར་འདིས་དབང་པོ་ལ་སོགས་པ་བརྗོད། སྨྲས་པ། སྔར་ནི་དབང་པོ་ལ་སོགས་པ་ཐ་དད་པའི་བྱེ་བྲག་དོན་ཐམས་ཅད་ཀྱི་ཐུན་མོང་བ་ཉིད་ཡིན་ནམ་མ་ཡིན་ཡང་རུང་སྟེ། ཤེས་པའི་བདག་ཉིད་དུ་གྱུར་པ་མ་ཡིན་ན་མི་ཤེས་པ་ཉིད་ཡིན་པ་དེའི་ཕྱིར་བྱེད་པ་མ་ཡིན་
པ་དེས་ན་བདག་ཉིད་དུ་གྱུར་པ་ཁོ་ན་བྱེད་པ་ཡིན་པར་འགྱུར་ཞེས་བརྗོད་ལ། ད་ལྟར་ནི་གལ་ཏེ་དབང་པོ་ཐུན་མོང་བ་ཉིད་དང་། ཁྱད་པར་དང་ཁྱད་པར་ཅན་གྱི་ཤེས་པ་དག་ཀྱང་བྱེ་བྲག་ཏུ་མི་འགྲུབ་པ་དང་འཆད་པར་འགྱུར་བའི་ཉེས་པ་གཞན་དུ་ཡང་མི་འགྱུར་ན་ནི་ཐ་དད་པ་ཡང་ཇི་ཞིག་ལྟར་བྱེད་པར་
འགྱུར་བ་ཡིན་ནོ་ཞེས་བྱ་བ་ཡིན་པའི་ཕྱིར་ཟློས་པ་མ་ཡིན་ནོ། །འདི་དག་སྐྱེད་པར་བྱེད་པ་ཡིན་ན་ཇི་ལྟར་རྣམ་པར་འཇོག་པ་ཉིད་མ་ཡིན་ཏེ། འབྲས་བུར་གྱུར་པ་སྐྱེད་པར་ནུས་ན་རྣམ་པར་འཇོག་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། བར་དུ་མ་ཆོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བས་གཏན་ཚིགས་
བརྗོད་དོ། །འདིའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་དོན་རྟོགས་པ་རྣམ་པར་གཞག་པ་ནི་སྐྱེད་པར་བྱེད་པ་འདི་དག་ལས་རྣམ་པར་འཇོག་པ་པོ་གཞན་ལ་ལྟོས་པ་ཡིན་ནོ། །དེས་ན་ལྟོས་པར་བྱེད་པ་གཞན་དེས་འདི་དག་བར་དུ་གཅོད་པ་དེའི་ཕྱིར། དེའི་ལྟོས་པར་བྱ་བ་གང་ཡིན་པ་དེ་ཉིད་རྣམ་པར་
འཇོག་པ་པོ་ཡིན་གྱི་འདི་དག་ནི་མ་ཡིན་པ་དེས་ན་ཚད་མ་མ་ཡིན་ནོ། །འདི་སྙམ་དུ་བར་དུ་ཆོད་པ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ཇི་ལྟར་ཚད་མས་མ་ཡིན་ཞེ་ན། བཤད་པ། བྱེད་པ་པོ་ཁྱད་པར་དུ་འཕགས་པ་ཁྱད་པར་ཅན་དེ་མི་འགྲུབ་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། བྱེད་པ་པོ་
ཐམས་ཅད་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ན། འདི་དག་ནི་ལྟོས་པར་བྱ་བ་གཞན་གྱིས་བར་ཆོད་པས་བྱེད་པ་པོ་གཞན་ལས་ཅུང་ཟད་ཀྱང་ཁྱད་པར་དུ་གྱུར་པ་མ་ཡིན་པས་དེ་ཇི་ལྟར་ཚད་མར་འགྱུར། ཚད་མས་ནི་སྒྲུབ་པར་བྱེད་པ་ཡིན་ལ་འདི་དག་ཀྱང་སྒྲུབ་པར་བྱེད་པ་ཉིད་
เล่ม ๑๘๘ · หน้า 136b
ཡིན་པ་དེའི་ཕྱིར་ཁྱད་པར་དུ་འཕགས་པས་ཅི་ཞིག་བྱ་ཞེ་ན། བཤད་པ། བྱེད་པ་པོ་རྣམས་ཐམས་ཅད་བསྒྲུབ་པར་བྱ་བ་ལ་ཉེ་བར་སྦྱོར་ཡང་ཐ་མའི་བྱེ་བྲག་ཏུ་བྱེད་པ་པོ་འདི་ཉིད་ཅེས་བྱ་བ་ལ་གང་ཞིག་ཐ་དད་པས་བྱ་བ་ཐ་དད་པར་འགྱུར་བ་དེ་ནི་ཐ་མའི་བྱེ་བྲག་ཏུ་བྱེད་པ་པོར་བརྗོད་པ་ཡིན་ཏེ། བྱེད་
པ་པོ་རྣམས་ཐམས་ཅད་བྱེ་བྲག་ཏུ་བྱེད་པ་པོ་ཡིན་ཡང་ལྟོས་པར་བྱ་བ་བྱེ་བྲག་ཏུ་བྱེད་པ་པོ་གཞན་གྱིས་བྱེ་བྲག་ཏུ་བྱེད་པ་གང་ཞིག་བསྒྲུབ་པར་བྱ་བའི་བར་དུ་མ་ཆོད་པ་དེ་ཐ་དད་པས་བསྒྲུབ་པར་བྱ་བ་ཐ་དད་པར་འགྱུར་བ་ཡིན་ལ། དེ་ཡང་ཐ་མའི་བྱེ་བྲག་ཏུ་བྱེད་པ་པོ་ཉིད་ཡིན་པས་བྱེད་པས་བརྗོད་དོ། །
དེ་ལྟ་བུར་གྱུར་པ་དེ་ཉིད་སྒྲུབ་པར་བྱེད་པ་དེ་དམ་པ་ཡིན་པའི་ཕྱིར་རོ། །དོན་འདི་ཡིན་ཏེ། གལ་ཏེ་བྱེད་པ་པོ་ཐམས་ཅད་བྱེ་བྲག་ཏུ་བྱེད་པ་པོ་ཡིན་ཡང་། དེ་ལྟ་ན་ཡང་ཐ་མའི་བྱེ་བྲག་ཏུ་བྱེད་པ་པོ་གང་ཡིན་པ་དེ་ཉིད་སྒྲུབ་པར་བྱེད་པ་དམ་པ་ཡིན་ལ། སྒྲུབ་པར་བྱེད་པ་དམ་པ་གང་ཡིན་པ་དེ་ནི་བྱེད་པ་ཡིན་
ཞིང་བྱེད་པ་ཡང་ཚད་མ་ཡིན་ནོ། །དེས་ན་དབང་པོ་ལ་སོགས་པ་ཡོད་ཀྱང་ཡུལ་དང་ཡུལ་ལ་ཁྱད་པར་མེད་ན་ཤེས་པ་འདིའི་བྱེ་བྲག་ཏུ་བྱེད་པ་པོ་གཞན་གང་ཡིན་པ་དེ་ཉིད་ནི་བྱེད་པ་པོ་ཡིན་གྱི། བར་དུ་ཆོད་པའི་དབང་པོ་ལ་སོགས་པ་ནི་མ་ཡིན་ནོ། །ཡང་ཇི་ལྟར་ན་ཐ་མའི་བྱེ་བྲག་ཏུ་བྱེད་པ་པོ་
ལ་ལྟོས་ན་དབང་པོ་ལ་སོགས་པ་ཡོད་ཀྱང་ཞེས་སྨྲ་ཞེ་ན། བཤད་པ། གང་གི་ཕྱིར་དབང་པོ་ནི་བྱེ་བྲག་ཏུ་བྱེད་པ་པོ་མ་ཡིན་ཏེ། དེའི་ཕྱིར་ཐ་མ་ལ་ལྟོས་སོ། །སྔོན་པོ་དང་སེར་པོ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་ཐམས་ཅད་རྣམ་པར་རྟོག་པའི་རྒྱུ་ཡིན་པའི་གཏན་ཚིགས་ཀྱི་ཕྱིར་དབང་པོ་རྣམས་ནི་
བྱེ་བྲག་ཏུ་བྱེད་པ་པོ་མ་ཡིན་ནོ། །གང་དཔྱོད་པ་པས་ཁས་བླངས་པའི་དོན་ལ་ལྟ་བ་ཡང་ཚད་མ་མ་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པའི་རྒྱུ་རྣམ་པར་རྟོག་པ་མེད་པ་དང་པོར་ལྟ་བའི་ཤེས་པ་ནི་ཚད་མ་ཡིན་ནོ་ཞེའོ། །ལྟ་བའི་ཤེས་པ་ལ་སོགས་པ་ཐོབ་པའི་ཤེས་པ་མཐར་ཐུག་པ་དེ་དག་གི་སྔ་
མ་སྔ་མ་ནི་ཚད་མ་ཡིན་ལ། ཕྱི་མ་ཕྱི་མ་ནི་འབྲས་བུ་ཡིན་ནོ་ཞེ་ན། དེ་ཡང་ཚད་མ་མ་ཡིན་ཏེ། དེའི་རང་བཞིན་ལྟ་བུ་གང་ཡིན་པ་དེ་མ་ཡིན་ན་ཤེས་པ་དེའི་དོན་ལ་ལྟ་བ་དེ་ཉིད་མི་འགྲུབ་པའི་རྒྱུ་དེའི་ཕྱིར་རོ། །གལ་ཏེ་འདི་ནི་དོན་སྔོན་པོའི་ལྟ་བ་ཡིན་ན་ཞེས་གྲུབ་ན་ནི་དེའི་ཚེ་དེ་ཕྱིས་འབྱུང་བའི་ཁྱད་
เล่ม ๑๘๘ · หน้า 137a
པར་གྱི་རྣམ་པར་རྟོག་པ་ལ་ལྟོས་ནས་ཚད་མར་གྲུབ་པ་ཡིན། གང་གི་ཕྱིར་འདྲ་བ་མེད་པའི་ཕྱིར། དོན་ལ་ལྟ་བ་ཉིད་མ་གྲུབ་བོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཁྱད་པར་གྱི་ཤེས་པ་ཚད་མ་མ་ཡིན་པའོ། །རིགས་པ་པ་དང་བྱེ་བྲག་པས་ཁྱད་པར་གྱི་ཤེས་པ་
ནི་ཚད་མ་ཡིན་ལ། ཁྱད་པར་ཅན་གྱི་ཤེས་པ་ནི་འབྲས་བུ་ཞེས་བྱ་བར་རྟོགས་ཏེ། ཇི་ལྟར་དུ་ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློར་མི་འགྱུར་རོ་ཞེས་སྨྲས་པ་ཡིན་ནོ། །ཡུལ་གྱིས་ཁྱད་པར་དུ་མ་བྱས་པའི་ཁྱད་པར་གྱི་ཤེས་པ་རྣམ་པ་མེད་པ་གང་ཡིན་པ་དེའི་ཁྱད་པར་ཅན་
འཛིན་པའི་ཤེས་པ་རྣམ་པ་མེད་པ་ལས་ཁྱད་པར་མེད་པའི་ཕྱིར། འདི་ནི་ཁྱད་པར་ཅན་གྱི་ཤེས་པ་ལ། འདི་ནི་ཁྱད་པར་གྱི་ཤེས་པའོ་ཞེས་རྣམ་པར་གཞག་པ་མི་འགྲུབ་སྟེ། འགྲུབ་པ་མ་ཡིན་པའི་རྒྱུའི་ཕྱིར་རོ། །གལ་ཏེ་ཁྱད་པར་ཅན་དང་ཁྱད་པར་གྱི་ཤེས་པ་དག་རྣམ་
པར་དབྱེ་ནུས་ན་ནི་ཚད་མར་ཡང་འགྱུར་བ་ཡིན་གྱི། གལ་ཏེ་རྣམ་པ་མེད་པ་ཉིད་ཀྱིས་རྣམ་པར་དབྱེ་བར་བྱ་མི་ནུས་པ་དེའི་ཚེ་ནི་ཁྱད་པར་གྱི་ཤེས་པ་ཚད་མར་མི་འགྱུར་རོ། །གཞན་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡུལ་ཐ་དད་པ་དུ་མ་ཉིད་འགལ་བ་ཡང་ཡིན་ནོ། །འདི་
ལྟར་འདེགས་པ་དང་འབབ་པའི་བྱ་བ་དང་ལྡན་པའི་སྟེའུ་དེ་ནི་དྷ་བ་ལ་སོགས་པ་ཡོད་ལ། ཚད་མའི་བསྒྲུབ་པར་བྱ་བ་ནི་དེ་ལས་གཞན་ལ་འགྲུབ་པ་མ་ཡིན་པ་དེ་བཞིན་དུ་འདིར་ཁྱད་པར་གཞན་ཉིད་ནི་དེའི་ཤེས་པས་གཟུང་བ་ཡིན་ལ། ཁྱད་པར་ཅན་གྱི་ཤེས་པས་གཟུང་བ་ཡང་གཞན་
ཉིད་ཡིན་པའི་ཕྱིར་ན་འདི་ནི་ཉམས་པ་ཡིན་ཏེ། རྒྱུ་དེས་ན་ཁྱད་པར་གྱི་ཤེས་པ་ནི་ཚད་མ་མ་ཡིན་ནོ། །ཅི་སྟེ་ཉེས་པ་འདིར་མ་གྱུར་ཅིག་ཅེས་ཁྱད་པར་དང་ཁྱད་པར་ཅན་གྱི་ཤེས་པ་དག་ཡུལ་ཐ་དད་པ་ཉིད་དུ་ཁས་ལེན་ཏེ། དེ་ཡུལ་ཐ་དད་པ་མེད་པ་གང་ཡིན་པ་དེ་ཉིད་དུ་ཁས་ལེན་ན་ནི་
གཉིས་དོན་མེད་དོ། །དོན་དང་བྲལ་བ་ཡིན་ནོ། །ཁྱད་པར་གྱི་ཤེས་པ་ཉིད་ཀྱིས་དོན་རྟོགས་པ་འགྲུབ་པའི་ཕྱིར་ཁྱད་པར་ཅན་གྱི་ཤེས་པ་ནི་ཅུང་ཟད་ཀྱང་བྱེད་པར་འགྱུར་བ་མ་ཡིན་ནོ། །འདིས་ནི་ལྟ་བ་དང་ཁྱད་པར་ཅན་གྱི་རྣམ་པར་རྟོག་པ་དག་ཀྱང་ཡུལ་གཅིག་པ་ཉིད་ཡིན་ན་གཉིས་དོན་མེད་པ་
เล่ม ๑๘๘ · หน้า 137b
ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གཞན་ཡང་རྒྱུ་ཐ་དད་པ་མེད་པ་དག་ནི་རིམ་གྱིས་འབྱུང་བ་དེ་བཀག་པ་ཡིན་ནོ། །ཁྱད་པར་ཅན་དང་ཁྱད་པར་གྱི་ཤེས་པའི་རྒྱུ་ནི་ཡུལ་ཡིན་ན། རྒྱུ་གཅིག་ལས་ནི་རིམ་པ་ཅན་གཉིས་འབྱུང་བར་རིགས་པ་མ་ཡིན་ཏེ། འབྲས་བུ་མེད་པར་ནུས་པ་ནི་སྡོད་པར་མི་
རིགས་པའི་ཕྱིར་དང་། མི་ནུས་ན་ཡང་ལྷན་ཅིག་བྱེད་པ་ལ་མ་ལྟོས་པ་འབྲས་བུ་བྱེད་པར་མི་འཐད་པའི་ཕྱིར་རོ། །འདི་སྙམ་དུ་ཁྱད་པར་ཅན་དང་ཁྱད་པར་ཅན་གྱི་ཤེས་པ་དག་ཅིག་ཅར་འབྱུང་བ་དེས་ན་རྒྱུ་ཐ་དད་པ་མེད་ཀྱང་ཉེས་པ་མེད་དོ་སྙམ་ན། དེ་ལྟར་ན་ནི་འོ་ན་ཅིག་ཅར་འབྱུང་བ་ལ་ནི་བསྒྲུབ་པར་
བྱ་བ་དང་སྒྲུབ་པར་བྱེད་པ་ཉིད་མི་འཐད་དོ། །ཅིག་ཅར་སྐྱེ་བ་དག་ལ་ནི་ཕན་གདགས་བྱ་འདོགས་བྱེད་ཀྱི་དངོས་པོ་མེད་པའི་ཕྱིར་གཡས་ཕྱོགས་དང་ཅིག་ཤོས་ཀྱི་རྭ་བཞིན་དུ་རྒྱུ་དང་འབྲས་བུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟ་བུར་ཡུལ་ཐ་དད་པའི་ཤེས་པ་གཉིས་ལ་ནི་བསྒྲུབ་པར་བྱ་བ་དང་བྱེད་
པ་མེད་ལ་ཡུལ་གཅིག་ཉིད་ཡིན་ན་ནི་གཉིས་པ་དོན་མེད་པ་དང་རིམ་གྱིས་འབྱུང་བར་མི་འཐད་པ་དང་། ཅིག་ཅར་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དངོས་པོ་མེད་པའི་ཕྱིར་ཇི་ལྟར་རིགས་པར་རིག་པ་ཅན་རྣམས་ཀྱི་ཁྱད་པར་ཅན་དང་ཁྱད་པར་གྱི་ཤེས་པ་དང་དཔྱོད་པ་པོ་རྣམས་ཀྱི་དོན་ལ་ལྟ་བ་དང་། ཁྱད་པར་གྱི་
རྣམ་པར་རྟོག་པ་དག་ལ་ཡང་སྦྱར་བར་བྱའོ། །ཇི་སྟེ་གལ་ཏེ་ཁོ་བོ་ཅག་ལ་དུས་གཅིག་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པར་མི་འགྱུར་ན། འོ་ན་ཁྱེད་ཀྱི་ཅིག་ཅར་བ་དང་ཐ་དད་པ་མེད་པ་དེ་ལྟ་ཇི་ལྟར་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དངོས་པོར་འགྱུར་ཞེ་ན། སྨྲས་པ། ཤེས་པའི་ཆ་མི་འདྲ་བ་
ལས་ལོག་པ་དང་བློའི་རང་བཞིན་མ་ཡིན་པ་ལས་ལོག་པས་འདྲ་བ་དང་བློའི་རང་བཞིན་ཉིད་དུ་རྣམ་པར་གཞག་པའི་མཚན་ཉིད་དེ་དག་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོར་འཐད་པ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །རྣམ་པར་གཞག་པས་རྣམ་པར་གཞག་པ་སྟེ། རྣམ་པར་འཇོག་པར་
བྱེད་པ་དང་། རྣམ་པར་གཞག་པར་བྱ་བའོ། །རྣམ་པར་གཞག་པ་དེ་གཉིས་ལ་བརྟེན་པ་དེའི་དངོས་པོ་ནི་དེ་ཉིད་དེ་དེའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། ཁོ་བོ་ཅག་གི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་ནི་མ་ཡིན་གྱི་འོན་ཀྱང་རྣམ་པར་གཞག་འཇོག་
เล่ม ๑๘๘ · หน้า 138a
གི་དངོས་པོ་ཡིན་ནོ། །དེའི་ཕྱིར་ན་ཆ་འགའ་ཞིག་རྒྱུ་མཚན་དུ་བྱས་ནས་འདི་ནི་སྔོན་པོ་མྱོང་བའོ་ཞེས་ཤེས་པ་ལ་ཐ་སྙད་དུ་བྱེད་པའི་ཐ་སྙད་ཀྱི་རྒྱུ་མཚན་གྱི་ཆ་གཅིག་པོ་དེ་ནི་ཚད་མ་ཡིན་ལ། གཞན་ཐ་སྙད་དུ་བྱ་བའི་ཆ་ནི་འབྲས་བུ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་བྱེད་པ་
གང་ཡིན་པ་གཅིག་པས་སོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། དངོས་པོ་སྟེ་དོན་དམ་པའི་རང་བཞིན་ཐ་དད་པ་མེད་པ་སྟེ་གཅིག་པའི་ཕྱིར་རོ། །དོན་འདི་ཡིན་ཏེ། ཤེས་པའི་ཆ་དག་ནི་གཅིག་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་། བྱེད་པ་བདག་ཉིད་གཅིག་པར་ཐལ་བར་དེ་ཡང་འགལ་
བ་ཡིན་ནོ། །བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་ནི་གྲུབ་པ་ཡང་མ་ཡིན་ན། གང་གིས་སྒྲུབ་པར་བྱེད་པར་འགྱུར་ཞེས་གཞན་དག་དེ་ལྟར་དོགས་པ་ལ། བཤད་པ། དེ་ནི་དེ་ལྟར་མ་ཡིན་ཏེ། དེ་དག་ནི་གཅིག་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཏན་ཚིགས་བཤད་པ། ཕན་ཚུན་ལྡོག་
པར་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་ཐ་དད་པ་སྣ་ཚོགས་པ་དེ་ཁས་བླངས་པའི་གཏན་ཚིགས་ཀྱི་ཕྱིར་རོ། །གལ་ཏེ་ཤེས་པའི་ཆ་དེ་དག་དོན་དམ་པའི་ཐ་དད་པ་མེད་པ་དེ་ལྟ་ན་ཡང་འདྲ་བ་དང་དོན་རྟོགས་པའི་རང་བཞིན་ལྡོག་པ་གཞན་ལ་ལྟོས་ནས་བརྟགས་པའི་ཐ་དད་པར་འགྱུར་རོ། །བསྒྲུབ་པར་
བྱ་བ་དང་སྒྲུབ་པར་བྱེད་པའི་ཐ་སྙད་ནི་དོན་དམ་པ་པ་ལ་བརྟེན་པ་མ་ཡིན་གྱི། འོན་ཀྱང་བརྟགས་པའི་རང་བཞིན་ལ་བརྟེན་པ་ཡིན་ནོ། །དེས་ན་གང་ལ་ཐ་དད་པ་མེད་པ་དེ་ལ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡོད་པ་མ་ཡིན་ལ། གང་ལ་བརྟགས་པའི་རང་བཞིན་གྱི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་
བྱེད་པ་ཡོད་པ་དེ་ལ་ནི་ཐ་དད་པ་ཉིད་ཡིན་པའི་ཕྱིར་མི་འགལ་ལོ། །འདི་སྙམ་དུ་འོ་ན་ནི་ཁྱེད་ཀྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་བརྟགས་པ་ཡིན་པར་ཐལ་ལ། འཇིག་རྟེན་ན་དོན་དམ་པ་མཐོང་བ་ཡང་ཡིན་ནོ་ཞེས་དོགས་པ་ལ་བཤད་པ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཐ་
སྙད་འདི་དངོས་པོ་ལ་གནས་པ་ནི་མ་ཡིན་ཏེ། འདི་ལྟར་ལྷ་སྦྱིན་འཚེད་དོ་ཞེས་བྱ་བ་ལ་ཕྲུ་བ་འཛུགས་པའི་བྱ་བ་འཚེད་པ་ཞེས་བྱ་བ་བྱེད་པ་པོ་ལས་ལྡོག་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་གྱི། བྱ་བ་དེ་ལྟ་བུའི་བདག་ཉིད་ཅན་གྱི་ལྷ་སྦྱིན་གྱི་རང་བཞིན་ཉིད་ལ་འཚེད་པ་ཞེས་བྱ་བར་བསྟན་ཏོ། །དེ་བཞིན་
เล่ม ๑๘๘ · หน้า 138b
དུ་སྟ་རེས་གཅོད་ཅེས་བྱ་བ་ཡང་ཤིང་ལ་འཇུག་པ་ལྷུར་ལེན་པའི་སྟ་རེའི་རང་བཞིན་ལ་བསྟན་ཏོ། །འདི་སྙམ་དུ་དེ་ལྟ་ན་ཡང་དོན་དམ་པར་བྱ་བ་དང་བྱེད་པ་དག་ཐ་དད་པ་ཡང་མཐོང་བ་ཉིད་ཡིན་ན། ཁྱེད་ཀྱིས་ནི་ཐ་མི་དད་པ་ཁོ་ནའོ་སྙམ་དུ་དོགས་པ་ལ། འཁྲུལ་པར་བསྟན་པའི་ཕྱིར་རྣོན་དུ་དངོས་
པོ་ཐ་དད་པ་མེད་ཀྱང་ཞེས་བྱ་བ་སྨོས་སོ། །ཇི་ལྟར་བུད་ཤིང་དང་འབྲས་ཆན་ཚོས་པ་དོན་དམ་པར་ཐ་དད་པར་དེ་ལྟར་ཐམས་ཅད་དུ་ནི་མ་ཡིན་ཏེ། འདི་ལྟར་དངོས་པོ་ཐ་དད་པ་མེད་དེ་གཅིག་ཀྱང་ནུས་པ་བསྒྲུབ་པར་བྱ་བའི་རྒྱུ་མཚན་གྱི་བྱེ་བྲག་གིས་ཏེ། ཐ་དད་པར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་
ཡུལ་གྱི་རྣམ་པར་གཞག་པ་ཐ་དད་པའི་གཏན་ཚིགས་ཀྱི་ཕྱིར་རོ། །དངོས་པོ་གཅིག་ལ་ཡང་དེ་དང་དེའི་ནུས་པ་དང་ལྡན་པ་ལས་བྱེད་པ་པོ་དང་ལས་དང་བྱེད་པ་པོའི་དངོས་པོ་དང་བསྒྲུབ་པར་བྱ་བའི་རང་བཞིན་རྣམས་རྣམ་པར་འཇོག་ལ། བསྒྲུབ་པར་བྱ་བ་དེ་སྒྲུབ་པར་བྱེད་པ་རྣམས་ལས་སམ། སྒྲུབ་
པ་པོར་བྱེད་པ་པོ་རྣམས་ཕན་ཚུན་ཐ་དད་པ་ནི་ཅུང་ཟད་ཀྱང་མེད་དེ། དཔེར་ན་བདག་གིས་བདག་འཚོག་གོ་ཞེས་བྱ་བ་འདི་ལ་ལས་ལ་སོགས་པའི་ནུས་པ་དང་ལྡན་པའི་ཕྱིར་དང་། བསྒྲུབ་བྱའི་རང་བཞིན་གྱི་རྗེས་སུ་འགྲོ་བའི་ནུས་པ་དང་ལྡན་པའི་ཕྱིར་དེ་ཉིད་ལ་འཚོག་པ་པོ་དང་། བརྩོག་པར་བྱ་བ་དང་
སྒྲུབ་པར་བྱེད་པར་སྨྲས་པ་བཞིན་ནོ། །དེའི་ཕྱིར་བུད་ཤིང་དང་འབྲས་ཆན་ཚོས་པ་བཞིན་དུ་ཐམས་ཅད་དུ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་གཅིག་ལ་ཡང་རང་བཞིན་གྱི་ཁྱད་པར་གྱིས་བྱེད་པ་དང་བསྒྲུབ་པར་བྱ་བར་འགྱུར་རོ། །འདི་ནི་
སྐབས་དང་རྗེས་སུ་མཐུན་པར་སྨྲས་པ་ཡིན་ཏེ། བྱེད་པ་པོ་ཡང་རྣམ་པར་ཤེས་པ་ཉིད་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཐ་སྙད་ལ་བརྟེན་པའི་རྣམ་པར་གཞག་འཇོག་གི་དངོས་པོ་ལ་དོན་དམ་པར་ཐ་དད་མེད་ཀྱང་འགལ་བ་ཡོད་པ་མ་ཡིན་ནོ། །ཕྲད་པ་ནི་དོན་སོ་སོ་ལ་ཐ་དད་པ་ནི་སྣང་བ་དང་འདྲ་བར་བྱེ་བྲག་
ཏུ་བྱེད་པ་པོ་ཡིན་པ་དེས་ན། ཐ་ན་དེ་ཡང་བསལ་ནས་སྣང་བ་ཁོ་ན་བྱེ་བྲག་ཏུ་བྱེད་པ་པོར་ངེས་པར་གཞག་པའི་ཕྱིར་བསྟན་པའི་རིམ་པ་ལས་བཟློག་ནས་ཕྲད་པ་ཡང་ཞེས་སྨོས་པས་རྣམ་པར་དཔྱོད་པར་མཛད་དོ། །མིག་ལ་སོགས་པ་འབའ་ཞིག་ཚད་མ་མ་ཡིན་པར་མ་ཟད་ཀྱི། སྣང་བ་དང་
เล่ม ๑๘๘ · หน้า 139a
འདྲ་བར་དོན་སོ་སོ་ལ་ཐ་དད་པའི་ཕྲད་པ་ཡང་ཚད་མ་མ་ཡིན་ནོ། །བདག་ཉིད་ཐམས་ཅད་ཀྱིས་དོན་དེ་གང་དང་གང་ལས་ལྡོག་པའི་བདག་ཉིད་ཀྱི་དོན་དེ་དང་དེ་ལས་ལྡོག་པའི་རང་བཞིན་གྱི་བདག་ཉིད་ཀྱིས་ཕྲད་པ་སྟེ། དོན་དེ་དབང་པོ་དང་འབྲེལ་པའོ། །གང་གི་ཕྱིར་ཕྲད་
པ་ནི་དབང་པོ་དང་དོན་དག་འབྲེལ་པ་ཡིན་ལ། ཕྲད་པར་གྱུར་པ་དེའི་ཆོས་ཏེ་ལྡོག་པའི་རྒྱུ་མཚན་ཅན་འགའ་ཞིག་ཁོ་ནའི་ངོ་བོ་རྟོགས་པ་སྟེ་ངེས་པའི་ཕྱིར་རོ། །འདི་ལྟར་ཚད་མ་ནི་དོན་རྟོགས་པའི་རྒྱུ་མཚན་ཡིན་ནོ། །ཕྲད་པ་དོན་རྟོགས་པའི་རྒྱུ་མཚན་ཡིན་ན་ནི་ཐམས་ཅད་ལས་ལྡོག་པའི་དངོས་
པོ་དང་ཕྲད་པ་ན། ལྡོག་པ་ཐམས་ཅད་ཀྱི་ཡུལ་ཅན་གྱི་རྟོགས་པ་སྐྱེ་བར་འགྱུར་ན། དེ་ལྟ་ཡང་མ་ཡིན་ནོ། །དེའི་ཕྱིར་རྒྱུ་མཚན་གང་ལས་ཕྲད་པ་བྱེ་བྲག་མེད་ཀྱང་ངེས་པའི་ཆོས་ངེས་པར་འགྱུར་བ་དེ་ཉིད་ཚད་མར་རིགས་ཏེ། ལྡོག་པར་བྱ་བའི་རྒྱུ་མཚན་གཞན་གྱིས་མ་ཆོད་པར་བྱེ་བྲག་ཏུ་བྱེད་
པ་པོ་ནི་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་དང་། ཕྲད་པ་དེ་ཡུལ་གྱི་བདག་ཉིད་ཐམས་ཅད་ལ་ཁྱད་པར་མེད་ན་ཡང་ཡུལ་ངེས་པའི་བདག་ཉིད་རྟོགས་པའི་ཁྱད་པར་འདི་ནི་འདིའོ་ཞེས་བྱ་བ་ཉམས་སུ་མྱོང་བས་གྲུབ་པ་ནི་བློའི་སྣང་བ་དོན་དང་འདྲ་བས་བྱས་པ་དེས་ན་རྣམ་པར་འཇོག་པར་བྱེད་པ་གཞན་གྱི་བྱ་
བས་བར་དུ་མ་ཆོད་པ་དེ་ཉིད་ཚད་མར་རིགས་སོ། །ཇི་ལྟར་དངོས་པོའི་རང་བཞིན་ལ་བརྟེན་པའི་ཕྲད་པ་བདག་ཉིད་ཐམས་ཅད་ལ་ཁྱད་པར་མེད་པ་དེ་ལྟར་མངོན་སུམ་གྱི་སྣང་བ་ཡང་དངོས་པོ་དེ་ལ་བརྟེན་པའི་ཕྱིར་བདག་ཉིད་ཐམས་ཅད་ལ་ཐུན་མོང་དུ་འགྱུར་བ་མ་ཡིན་ནམ། འདི་ལྟར་དཔེར་ན་མངོན་སུམ་
དོན་དེའི་སྔོན་པོ་ཉིད་ཀྱི་རྗེས་སུ་བྱེད་པ་དེ་བཞིན་དུ་སྐད་ཅིག་མ་ཉིད་ཀྱི་ཡང་ཡིན་པ་དེས་ན་ཐུན་མོང་ཡིན་པའི་ཕྱིར་ལྡོག་པའི་ཁྱད་པར་ངེས་པར་ཤེས་པའི་རྒྱུ་མ་ཡིན་པའི་ཕྱིར་བློའི་རྣམ་པས་བྱས་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། བདེན་མོད་ཀྱི་འོན་ཀྱང་ངེས་པ་ནི་ཉམས་སུ་མྱོང་བའི་ཡུལ་ཅན་ཡིན་པ་དེས་ན། སྔོན་
པོ་ཉམས་སུ་མྱོང་བ་ལས་སེར་པོ་ཉམས་སུ་མྱོང་བ་རང་བཞིན་ཁྱད་པར་མེད་ན་ཉམས་སུ་མྱོང་བ་ཁྱད་པར་དུ་ངེས་པར་མི་འགྱུར་རོ་ཞེས་བྱ་བ་འདི་གཅིག་ཏུ་ངེས་པ་ཡིན་གྱི། ཉམས་སུ་མྱོང་བའི་ཁྱད་པར་ཐམས་ཅད་ངེས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཅིག་ཏུ་ངེས་པ་མ་ཡིན་ཏེ། རྐྱེན་གཞན་ལས་ཉམས་སུ་མྱོང་
เล่ม ๑๘๘ · หน้า 139b
བ་ངེས་པར་འགྱུར་བའམ་མི་འགྱུར་བ་ཡང་སྲིད་པའི་ཕྱིར་རོ། །དེ་ལ་སྣང་བ་ཉམས་སུ་མྱོང་བ་ནི་གསལ་བ་ལ་སོགས་པའི་རྐྱེན་ལ་ལྟོས་ནས་བདག་ཉིད་ལ་ངེས་པ་སྐྱེད་པར་བྱེད་ལ། སྣང་བ་ངེས་པ་ཉིད་ཀྱང་དོན་གྱི་ཁྱད་པར་རྟོགས་པར་རྣམ་པར་གཞག་པ་ཡིན་ཏེ། མཐོང་བ་འདི་ནི་སྔོན་པོའོ་ཞེས་གཟུང་
བའི་རྣམ་པ་རྣམ་པར་ཆད་པར་ངེས་པ་གང་ཡིན་པ་འདི་ཉིད་སྔོན་པོའི་དོན་རྟོགས་པ་ཡིན་པའི་ཕྱིར་རོ། །དེས་ན་སྣང་བ་ཉམས་སུ་མྱོང་བ་ནི་ངེས་པའི་རྐྱེན་ལ་ལྟོས་ནས་ངེས་པའི་དོན་ལ་རྟོགས་པ་རྣམ་པར་གནས་པའི་རྒྱུ་ཡིན་ནོ། །གང་གིས་ངེས་པའི་རྐྱེན་དང་ལྷན་ཅིག་པའི་ཕྲད་པ་ཚད་མར་འགྱུར་བ་ཕྲད་པ་
ངེས་པ་ཉིད་ནི་དེ་ལྟར་དོན་རྟོགས་པར་རྣམ་པར་གཞག་པ་མ་ཡིན་ནོ། །ཕྲད་པས་ངེས་པ་ནི་དོན་ངེས་པ་མ་ཡིན་ཏེ། ཕྲད་པ་ནི་ལྡན་པ་ཡིན་པས་ལྡན་པ་པོ་མ་བཟུང་ན་ཇི་ལྟར་འཛིན། འཁར་བ་མ་བཟུང་བར་འཁར་བ་ཅན་མི་འཛིན་པ་དེ་བཞིན་དུ་ལྡན་པ་པོས་ཁྱད་པར་དུ་བྱས་པའི་ལྡན་པ་ནི། ལྡན་པ་
པོས་མེད་པར་མི་འཛིན་པ་དེས་ན་ལྡན་པ་ངེས་པ་ནི་ལྡན་པ་པོ་སྔོན་དུ་བཟུང་བ་ལ་ལྟོས་པ་ཡིན་ནོ། །ལྡན་པ་པོ་ངེས་པ་ཡང་རྒྱུ་མེད་པར་མི་འཐད་པས་དེ་མ་ངེས་ན་དེའི་ཁྱད་པར་ཅན་ལྡན་པ་ངེས་པ་མ་ཡིན་ནོ། །དོན་གྱི་སྤྱི་དང་ཕྲད་པ་ཡོད་པ་དེ་ལྟ་ན་ཡང་སྤྱིའི་རང་བཞིན་གྱི་ཡུལ་དང་ཕྲད་པར་ངེས་པ་ན། རྒྱུ་
མཚན་གཞན་འགའ་ཞིག་ལས་ཁྱད་པར་ཅན་གྱི་དོན་དང་ཕྲད་པར་ངེས་པ་དེ་ཉིད་བྱེད་པ་ཡིན་གྱི་ཕྲད་པ་ནི་མ་ཡིན་ནོ། །དོན་རྣམ་པར་གནས་པ་ཕྲད་པ་ངེས་པ་ཉིད་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྲད་པ་ངེས་པའི་རྒྱུ་ཅན་དུ་ཡང་འཐད་པ་མ་ཡིན་ཏེ། སྤྱིའི་རང་བཞིན་དང་ཕྲད་པར་ངེས་པ་ན་ཁྱད་པར་རྟོགས་
པར་མི་འཐད་པའི་ཕྱིར་དང་། ཁྱད་པར་ཕྲད་པར་ངེས་པ་ཡང་དོན་གྱི་ཁྱད་པར་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དང་། དོན་གྱི་ཁྱད་པར་རྟོགས་པ་ཡང་རྒྱུ་མཚན་མེད་པར་མི་འཐད་པའི་ཕྱིར་རོ། །གང་ཞིག་ངེས་པས་དོན་ངེས་པར་འགྱུར་བ་དེ་ཉིད་ནི་ཉམས་སུ་མྱོང་བར་གྱུར་པ་ན། ངེས་པའི་རྐྱེན་
ལ་ལྟོས་ནས་རྣམ་པར་འཇོག་པའི་རྒྱུར་བརྗོད་པ་ཡིན་ཏེ། དེའི་ཕྱིར་ཕྲད་པ་ནི་ངེས་པའི་རྐྱེན་ལ་ལྟོས་ནས་ཁྱད་པར་ཅན་གྱི་དོན་རྟོགས་པ་རྣམ་པར་འཇོག་པའི་ཚད་མ་མ་ཡིན་ནོ། །ཡང་ཇི་ལྟར་ཕྲད་པ་དོན་ངེས་པ་ལ་ལྟོས་ནས་རྟོགས་པ་དེ་བཞིན་དུ་སྣང་བ་ནི་དོན་ངེས་པ་ལ་ལྟོས་ནས་རྟོགས་པར་འགྱུར་བ་མ་
เล่ม ๑๘๘ · หน้า 140a
ཡིན་གྱི། འོན་ཀྱང་སྔོན་པོར་སྣང་བ་ཉིད་ལ་སྔོན་པོ་ཉིད་དུ་ངེས་པར་བྱེད་དོ། །སྔོན་པོར་སྣང་བ་ངེས་པ་དེ་ཉིད་ནི་དོན་རྣམ་པར་གཞག་པ་ཡིན་ཏེ། དེས་ན་རྣམ་པར་འཇོག་པའི་རྒྱུ་ནི་སྣང་བ་ཉིད་དོ། །ཕྲད་པ་ནི་རང་ཉིད་ངེས་པར་ཤེས་པའི་དབང་གིས་རྣམ་པར་འཇོག་པར་བྱེད་པའི་
ཚད་མར་ཕ་རོལ་གྱིས་ཁས་བླངས་པ་མ་ཡིན་གྱི། འོན་ཀྱང་ཤེས་པའི་རྒྱུ་ཡིན་པ་ཉིད་ཀྱིས་སོ། །བདག་ཉིད་ཐམས་ཅད་ཀྱིས་ཉེ་ཡང་ཆོས་འགའ་ཞིག་ཁོ་ན་རྟོགས་པས་རྒྱུ་གཞན་ལ་ལྟོས་པའི་ཕྱིར། འདྲ་བ་ཁོ་ན་ངེས་པའི་རྐྱེན་ལ་ལྟོས་ནས་རྣམ་པར་འཇོག་པའི་རྒྱུ་ཡིན་པས་དེས་ན་དེ་ཁོ་ན་ཚད་
མར་རིགས་སོ། །དེ་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ། རྣམ་པར་ཤེས་པ་དོན་དང་འདྲ་བ་ཚད་མ་ཡིན་ལ། དོན་རྟོགས་པའི་རང་བཞིན་དུ་རྣམ་པར་གཞག་པ་ནི་འབྲས་བུའི་ཞེས་ཚད་མ་དང་དེའི་འབྲས་བུ་རྣམ་པར་གཞག་པ་མཛད་ནས། དེ་ཉིད་བཟློག་པའི་ཕྱིར་དང་། རྣམ་པར་ཤེས་པར་སྨྲ་
བ་ལ་ཚད་མའི་འབྲས་བུའི་ཚུལ་གཞན་དུ་རྣམ་པར་གཞག་པའི་ཕྱིར་འདྲི་བ་རྩོམ་མོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུ་སྟེ། ཚད་མའི་འབྲས་བུ་རྣམ་པར་གཞག་པའི་དེ་མ་ཐག་ཏུ་ཐེ་ཚོམ་འདིར་འགྱུར་ཏེ། གང་ཁྱེད་ཚད་མའི་འབྲས་བུ་འདོད་པའི་ཕྱི་རོལ་གྱི། དོན་རིག་པ་དེ་འདི་གང་ཞིག་སྟེ། ངོ་
བོ་ཉིད་ཅི་ཞིག །ཇི་ལྟར་ཉམས་སུ་མྱོང་བཞིན་པ་ཉིད་འདིའི་ངོ་བོ་ཡིན་ནམ། ཉམས་སུ་མྱོང་བ་ནི་འཁྲུལ་པ་མིན་ལ་རང་གི་ངོ་བོ་གཞན་ཉིད་ཡིན། ཅིག་ཤོས་ཀྱིས་ནི་ཉམས་སུ་མྱོང་བར་འགྱུར་བའི་རིག་པའི་ངོ་བོ་ཉིད་ལ་ནི་འདྲི་བ་མི་འཐད་དེ། རང་གི་རང་བཞིན་གྱི་ཐབས་ཀྱིས་འདི་ཚད་མ་འདྲི་བ་ཡིན་
ནོ་སྙམ་ནས་སྨྲས་པ། མངོན་སུམ་དུ་གྱུར་པ་མངོན་དུ་གྲུབ་པའི་རིག་པ་གང་ཡིན་པ་འདི་ཉིད་དོ། །འདི་སྐད་དུ་གང་ཁོ་བོ་ཅག་གིས་ཚད་མའི་འབྲས་བུར་རྣམ་པར་གཞག་པ་མྱོང་བ་འདི་ནི་མངོན་སུམ་གྱི་ཚད་མས་གྲུབ་པ་དེས་ན་འདི་ལ་ཚད་མ་འདྲི་བས་ཅི་ཞིག་བྱ་ཞེས་བརྗོད་པ་ཡིན་ནོ། །ཅིག་ཤོས་
ཀྱིས་ནི་དངོས་པོ་རྣམས་ཀྱི་ཡོད་པ་ཉིད་ནི་ཚད་མ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། དེའི་ཚད་མ་དྲིས་ན་ནི་ཡོད་པ་ཉིད་དྲིས་པར་འགྱུར་ལ་འདི་ཞེས་བྱ་བས་ཀྱང་དངོས་པོ་མངོན་སུམ་དུ་བསྟན་པ་ན། འདྲི་བ་ཡོད་པའི་ཡུལ་ཅན་དུ་ནི་རིགས་པ་མ་ཡིན་ནོ། །དེས་ན་ཚད་མའི་ཡུལ་ཅན་ནི་མ་ཡིན་གྱི། འོན་
เล่ม ๑๘๘ · หน้า 140b
ཀྱང་རྣམ་པའི་ཁྱད་པར་གྱི་ཡུལ་ཅན་ཡིན་ནོ་ཞེས་འཆད་པ་ནི་མངོན་སུམ་དུ་གྱུར་པའི་མྱོང་བ་ཡོད་པ་འདིའོ། །འདི་སྐད་དུ་ཁྱོད་ལ་ཡོད་པའི་ཚད་མ་དྲིས་པ་ནི་མ་ཡིན་གྱི། འོན་ཀྱང་དོན་དང་འབྲེལ་པ་ཞེས་བྱ་བའི་རྣམ་པའི་ཁྱད་པར་དྲིས་པ་ཡིན་ལ། གལ་ཏེ་དེ་མ་རྟོགས་ན་ནི་ཡང་གསལ་བར་དྲི་བར་
བྱའོ་ཞེས་བརྗོད་པ་ཡིན་ནོ། །ཉམས་སུ་མྱོང་བར་གྱུར་པའི་རིགས་པ་འདི་ཐ་དད་པར་གྱུར་པའི་དོན་དེ་རིག་པ་ཡིན་པར་རྒྱུ་གང་གིས་རྣམ་པར་གཞག །ཅིག་ཤོས་ཀྱིས་སྐྱེས་པ་དང་འདྲ་བ་དག་གིས་སོ་ཞེས་སྨྲས་ཏེ། སྐྱེས་པ་དང་འདྲ་བས་ཀྱང་ངོ་ཞེས་གསུངས་པའོ། །འཇིག་རྟེན་པ་རྣམས་རྣམ་པར་
ཤེས་པ་འདི་སྔོན་པོའི་དོན་ལས་སྐྱེས་སོ་ཞེས་བྱ་བར་རྟོགས་པར་ནི་མི་བྱེད་དེ། དེའི་ཕྱིར་སྐྱེས་པ་ནི་ཐ་སྙད་ཀྱི་རྒྱུ་མཚན་མ་ཡིན་གྱི། འོན་ཀྱང་རྒྱུ་མཚན་ནི་འདྲ་བ་ཡིན་ནོ། །གང་གི་ཕྱིར་རྣམ་པར་ཤེས་པ་འདྲ་བར་ཉམས་སུ་མྱོང་བ་ནི་དོན་མྱོང་བར་རྣམ་པར་འཇོག་པར་བྱེད་པ་ཡིན་པའི་ཕྱིར་འདྲ་བ་ཐ་
སྙད་ཀྱི་རྒྱུ་མཚན་ཡིན་ནོ། །སྐྱེས་པ་དང་འདྲ་བ་དག་གིས་ཞེས་བྱེ་བྲག་མེད་པར་བརྗོད་པ་གང་ཡིན་པ་དེ་ནི་གཉི་ག་ཡང་ཐ་སྙད་ཀྱི་ཡན་ལག་ཉིད་དུ་བསྟན་པའི་དོན་དུའོ། །འདི་དག་ཅི་ཞིག་ཇི་ལྟར་ཐ་སྙད་ལ་ཉེ་བར་མཁོ་ཞེས་ངེས་པར་རྟོག་པ་ལས་འདི་བརྗོད་དོ། །འདྲ་བ་ལས་ནི་ཐ་སྙད་གྲུབ་པ་ལ། འདྲ་བ་
ཡང་སྐྱེས་པ་ལས་ཡིན་ནོ། །ད་ནི་རྣམ་པར་འཇོག་པའི་རྒྱུ་ཧ་ཅང་ཁྱབ་ཆེས་པར་བསྟན་པའི་ཕྱིར་འོ་ན་ནི་ཞེས་སྨོས་ཏེ། ཡུལ་མཚུངས་པ་ཞེས་བྱ་བ་ནི་གལ་ཏེ་ཤེས་པ་ཕྱི་མའི་སྔོན་པོར་འཛིན་ལ་སྔ་མ་ཡང་ཡིན་ན་དེའི་ཚེ་ཐལ་བ་འདིར་འགྱུར་རོ། །དེ་མ་ཐག་པ་ཉིད་ཀྱིས་ནི་དངོས་སུ་སྐྱེད་པར་བྱེད་པའི་དོན་ནི་
ཡུལ་ཡིན་ནོ་ཞེས་དངོས་སུ་སྐྱེད་པར་བྱེད་པ་ཉིད་མཚོན་ཏོ། །འདི་ལྟར་རེ་ཞིག་སྔོན་པོ་འཛིན་པའི་ཤེས་པ་སྔ་མ་སྔོན་པོར་སྣང་བ་ཡིན་ལ། གཉིས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་དེས་བསྐྱེད་པ་གང་ཡིན་པ་དེ་ཡང་སྔོན་པོའི་དོན་འཛིན་པ་ཉིད་ཀྱིས་སྔོན་པོར་སྣང་བ་ཁོ་ནའོ། །དེ་ཡང་སྐྱེད་པར་བྱེད་པ་
མཚུངས་པ་དེ་མ་ཐག་པའི་རྣམ་པར་ཤེས་པའི་སྔོན་པོར་སྣང་བ་ཡུལ་ཡིན་ནམ། འོན་ཏེ་དོན་སྔོན་པོའམ་དེ་སྟེ་གཉི་ག་ཞེས་མི་ཤེས་སོ། །ཡུལ་ཉིད་དུ་བརྟགས་པར་ནི་ཤེས་པ་ཉིད་འཐད་པ་ཡིན་ཏེ། དེ་ནི་དེ་མ་ཐག་པའི་ཡན་ལག་ཡིན་པའི་ཕྱིར་དང་འདྲ་བར་ཉམས་སུ་མྱོང་བའི་ཕྱིར་རོ། །དོན་
เล่ม ๑๘๘ · หน้า 141a
ནི་མ་ཡིན་ཏེ། དེ་མ་མཐོང་བ་ཉིད་ཀྱིས་འདྲ་བར་མ་མཐོང་བའི་ཕྱིར་རོ། །ཡང་ཇི་ལྟར་ཤེས་པ་ཕྱི་མ་ལ་བཟུང་བའི་རྣམ་པ་ཕྱི་རོལ་གྱི་རང་བཞིན་ལྟ་བུར་རྣམ་པར་ཆད་པར་སྣང་བ་དེ་བཞིན་དུ་ཤེས་པ་སྔ་མ་ཡང་ཕྱི་རོལ་གྱི་རང་བཞིན་ལྟར་གཟུང་བའི་རྣམ་པ་རྣམ་པར་ཆད་པར་
སྣང་སྟེ། དེས་ན་དེ་ཇི་ལྟར་ཕྱི་རོལ་གྱི་ཡུལ་དང་འདྲ་བ་དེ་བཞིན་དུ་རྣམ་པར་ཤེས་པ་སྔ་མའི་རྣམ་པ་དང་ཡང་འདྲ་བ་ཡིན་ནོ། །དེའི་ཕྱིར་འདྲ་བ་ཡོད་པ་ཙམ་གྱིས་ནི་མ་ཡིན་གྱི་གཟུང་བའི་རྣམ་པ་ལ་ཡང་ལྟོས་པ་ཡིན་ན་དེ་མ་ཐག་པའི་ཤེས་པ་ནི་ཤེས་པ་ལ་གཟུང་བ་ཉིད་དུ་སྣང་བ་མ་ཡིན་ནོ་ཞེས་གང་བརྗོད་
པ་དེ་སྤངས་པ་ཡིན་ཏེ། གང་གི་ཕྱིར་དེ་མ་ཐག་པའི་ཤེས་པ་འཛིན་པའི་རྣམ་པ་ཉིད་དུ་ནི་སྣང་བ་མ་ཡིན་ཏེ། སྣང་བ་དེ་དེའི་རང་བཞིན་དུ་མ་ངེས་པའི་ཕྱིར་རོ། །གཟུང་བའི་རྣམ་པར་ནི་སྣང་བ་ཁོ་ན་སྟེ། སྣང་བ་དེ་ཤེས་པ་སྔ་མའི་སྣང་བ་དང་འདྲ་བར་ངེས་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ངེས་པ་ན་
གཟུང་བ་ཉིད་དུ་རྣམ་པར་འཇོག་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཤེས་པའི་སྣང་བ་སྐད་ཅིག་མ་སྔོན་པོའི་རང་བཞིན་དུ་ངེས་པ་མ་ཡིན་པ་དེ་ལྟ་ན་ཡང་སྐད་ཅིག་མའི་སྔོན་པོ་དང་འདྲ་བར་བརྟགས་པ་དེ་བཞིན་དུ་སྔོན་པོར་སྣང་བ་ཤེས་པ་ཉིད་དུ་ནི་ངེས་པ་མ་ཡིན་མོད་ཀྱི། འོན་ཀྱང་རྣམ་པར་ཤེས་པ་ཕྱི་མའི་སྣང་བ་
ཤེས་པ་སྔ་མའི་སྣང་བ་དང་འདྲ་བར་ངེས་པ་ཡིན་པའི་ཕྱིར་ཡུལ་ངེས་པ་མེད་པར་ཐལ་ལོ། །གལ་ཏེ་ཤེས་པ་འདིའི་ཉམས་སུ་མྱོང་བར་བྱ་བའི་དོན་འགའ་ཡང་མེད་ན། འོ་ན་ནི་དེ་ལ་ལྟོས་པའི་ཕྱིར་ཉམས་སུ་མྱོང་བར་ཡང་མི་འགྱུར་ཏེ། གཅད་པར་བྱ་བ་མེད་ན་ནི་འགའ་ཞིག་གཅོད་པར་བྱེད་པ་མ་ཡིན་ནོ་
ཞེས་ཞེ་ལ་བཞག་ནས། འོ་ན་ད་འདིས་ཞེས་སྨྲས་སོ། །ད་ལྟར་ཡུལ་ངེས་པ་ཁྱོད་ཀྱིས་བཤིག་པ་ན་འདིས་ཡུལ་གང་ཞིག་ཉམས་སུ་མྱོང་བས་གྲུབ་པ་འདི་ནི་བཟློག་པར་ནུས་པ་ཡང་མ་ཡིན་ནོ། །རིགས་པ་མེད་པར་བཟློག་ན་རྟོག་པ་སྔོན་དུ་གཏོང་བ་ཉིད་དུ་ཡང་ཇི་ལྟར་འགྱུར། དེ་མི་བཟློགས་ན་ཡང་ཉམས་
སུ་མྱོང་བའི་དོན་ངེས་པར་འགྱུར་བས། ཁྱོད་ཀྱིས་ཀྱང་ཡུལ་རྣམ་པར་གཞག་དགོས་པ་དེས་ན་ཁོ་བོ་ཅག་གིས་ཡུལ་རྣམ་པར་གཞག་པ་ཡང་དེ་ཉིད་ཀྱིས་བསྒྲུབ་པར་བྱའོ། །ཅིག་ཤོས་ཀྱིས་ནི་ཉམས་སུ་མྱོང་བ་ཡོད་ཀྱང་ཉམས་སུ་མྱོང་བར་བྱ་བ་བཟློག་པ་ན་འཛིན་པར་བྱེད་པའི་རང་བཞིན་འགའ་ཞིག་ཡོད་
เล่ม ๑๘๘ · หน้า 141b
པ་ནི་མ་ཡིན་གྱི། འོན་ཀྱང་གཟུང་བ་དང་འཛིན་པའི་རྣམ་པ་འདི་ནི་ཉེ་བར་བསླད་པ་ཡིན་ནོ། །འདི་གཉིས་བཀག་ཀྱང་ཉམས་སུ་མྱོང་བ་གྲུབ་པ་དགའ་བ་དང་ཞུམ་པ་ལ་སོགས་པ་མྱོང་བའི་རྣམ་པར་བཀག་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཟུང་བའི་རྣམ་པ་དང་འཛིན་པའི་རྣམ་པ་ཉེ་བར་བསླད་པ་ཡིན་པས་
ཁོ་བོ་ཅག་ལ་ཡུལ་རྣམ་པར་གཞག་པ་འགའ་ཞིག་ཡོད་པ་མ་ཡིན་ལ། ཉམས་སུ་མྱོང་བས་གྲུབ་པའི་མྱོང་བའི་འགོག་པ་ཡང་མ་ཡིན་ནོ་ཞེས་ཁོ་བོ་ཅག་ཀྱང་སྨོས་སོ། །ཁོ་བོ་ཅག་ཀྱང་ཉམས་སུ་མྱོང་པའི་ཚུལ་གཞན་ལ་ལྟོས་ནས་ཉམས་སུ་མྱོང་བར་བྱེད་པ་པོ་ཞེས་བྱ་བ་འདི་ཉིད་རྗེས་སུ་ཞེས་བྱ་
བའི་ཕྱི་ནས་ཏེ། སྔར་གཞན་གྱིས་རྣམ་པར་གཞག་པ་ལས་ཕྱིས་ཁོ་བོ་ཅག་རྟོགས་པར་འདོད་པ་ཡིན་གྱི། ཁོ་བོ་ཅག་གིས་རྣམ་པར་གཞག་པར་བྱ་བ་ནི་མ་ཡིན་ལ། རིགས་པས་ཀྱང་རྣམ་པར་གཞག་པར་ནུས་པ་མ་ཡིན་ནོ། །དེས་ན་ཁོ་བོ་ཅག་ཤེས་པར་འདོད་པ་ཡིན་ན་རིགས་པ་མེད་པའི་
ཕྱིར་ཤེས་པར་ནུས་པ་ནི་མ་ཡིན་ནོ། །ད་ནི་སྔོན་པོ་འདི་བལྟས་པའམ་སྐྱེ་བོ་ངན་པའི་སྒྲ་མཉན་ནོ་ཞེས་འདིས་ནི་ངེས་པའི་རྣམ་པ་བསྟན་ཏོ། །གང་ལས་ཏེ་འདྲ་བར་བྱེད་པ་པོའི་སྐྱེད་བྱེད་གང་ལ་ངེས་པའི་ཤེས་པ་སྟེ། ཞེན་པའི་རྟོགས་པ་སྔར་བཤད་པའི་རྣམ་པ་ཅན་སྐྱེ་བར་འགྱུར་བ་མཐོང་བ་དང་ཐོས་
པ་ངེས་པའི་རྒྱུར་གྱུར་པ་དེ་དག་ནི་ངེས་པའི་ཡུལ་གྱི་དོན་དེའི་ཉམས་སུ་མྱོང་བ་ཡིན་ནོ། །བསམ་པ་འདི་ཡིན་ཏེ། སྐྱེས་པ་དང་འདྲ་བ་དག་ལས་ནི་དེ་འབྲེལ་པར་གྱུར་ལ། དེ་ངེས་པས་ཀྱང་ཤེས་པ་དོན་གྱི་འཛིན་པ་པོར་རྣམ་པར་འཇོག་པ་དེས་ན་སྐྱེས་པའི་ཕྱིར་དང་འདྲ་བའི་ཕྱིར་དང་དེ་དང་འབྲེལ་པ་ངེས་
པའི་ཕྱིར་དེ་འཛིན་པ་ནི་འདི་ཡིན་ནོ་ཞེས་བྱ་བའོ། །ཞེ་ན་ཞེས་བྱ་བ་ནི་གཞན་གྱི་དོགས་པའོ། །བཟློག་པའི་ཕྱིར་འདྲ་བར་བྱེད་དེ། ཀྱེ་ཡུལ་དང་ཤེས་པ་གང་གིས་ཉེ་བ་དེ་ཉིད་དེ་འབྲེལ་པ་དེ་ཉིད་ངེས་པས་ཡུལ་དུ་བྱས་པ་དེ་དཔྱོད་པ་མ་ཡིན་ནམ། ཇི་ལྟར་གང་གིས་དེ་ནི་དེའི་མཐོང་བ་ཡིན་ཞེས་བྱ་བ་འདི་
ནི་དཔྱོད་པའོ། །དགོངས་པ་ནི་འདི་ཡིན་ཏེ། འདི་མཐོང་བའམ་ཐོས་པ་ཞེས་བྱ་བ་འདི་ཉིད་ནི་ཉམས་སུ་མྱོང་བའི་ཡུལ་ངེས་པར་རྣམ་པར་གཞག་པ་ཡིན་གྱི་གཞན་ནི་མ་ཡིན་ལ། རྣམ་པར་འཇོག་པར་བྱེད་པ་ཡང་ངེས་པ་ཉིད་དེ་གཞན་ནི་མ་ཡིན་ནོ། །རྣམ་པར་གཞག་པ་དང་རྣམ་པར་འཇོག་པར་བྱེད་
เล่ม ๑๘๘ · หน้า 142a
ལས་རྣམ་པར་འཇོག་པའི་རྒྱུ་ནི་གཞན་དུ་རིགས་པ་ཡིན་ཏེ། དེ་ཉིད་ནི་དེ་ཉིད་ཀྱི་རྒྱུ་མཚན་མ་ཡིན་ནོ། །དེ་ཡང་ཉམས་སུ་མྱོང་བར་གྱུར་པ་ཡིན་ཏེ། ངེས་པ་རྣམས་ནི་ཉམས་སུ་མྱང་བའི་རྗེས་སུ་འབྲང་བའི་ཕྱིར་རོ། །དེས་ན་མཐོང་བའི་ཡུལ་ངེས་པར་ཉམས་སུ་མྱོང་བ་ཉིད་
འདི་ལྟར་ངེས་པའི་རྒྱུ་མཚན་དུ་བརྗོད་པར་བྱའི། ངེས་པ་འདི་ཉིད་ནི་མ་ཡིན་ནོ། །འདི་སྙམ་དུ་ཉམས་སུ་མྱོང་བར་གྱུར་པའི་ཡུལ་དང་ལྷན་ཅིག་ཏུ་འབྲེལ་བ་འགའ་ཞིག་ལ་ལྟོས་ནས་ངེས་པ་སྐྱེད་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཉམས་སུ་མྱོང་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་ཁྱད་པར་ཁོ་ན་
ལས་འདི་ལྟ་བུའི་ངེས་པ་སྐྱེ་བར་འགྱུར་ན། དེ་ཅིའི་ཕྱིར་ཤེས་པའི་ཡུལ་དང་ལྷན་ཅིག་ཉེ་བ་ཉམས་སུ་མྱོང་བ་གང་ཞིག་ལ་བརྟེན་ནས་ངེས་པ་ཉེ་བར་སྐྱེད་པར་བྱེད་ཅེས་བརྗོད་ཅེས་དོགས་པ་ལ། བཤད་པ། ལྟ་བ་པོ་སྟེ་ཉམས་སུ་མྱོང་བ་པོའི་ངེས་པ་འདི་ཡུལ་དང་ཤེས་པ་དེ་དག་གི་འབྲེལ་པ་
ཉམས་སུ་མྱོང་བ་ལ་བརྟེན་ནས་ཏེ། ཡུལ་དུ་བྱས་ནས་སྐྱེ་བར་འགྱུར་བ་ཡིན་ཏེའོ། །འདི་སྐད་བརྗོད་པ་ཡིན་ཏེ། ངེས་པ་སྐྱེ་བ་ན་སྐྱེད་པར་བྱེད་པ་ལ་ནི་འདྲི་བ་འདི་མ་ཡིན་གྱི་འོན་ཀྱང་ཡུལ་འདྲི་བ་ཡིན་ནོ། །དེ་ལ་གལ་ཏེ་ཉམས་སུ་མ་མྱོང་བའི་ཡུལ་ལ་ངེས་པ་སྐྱེ་ན་ནི་འགྲོ་བའི་ཚད་མས་རྟོགས་པའི་
ཉམས་སུ་མྱོང་བའི་ཐ་སྙད་ཉམས་པར་འགྱུར་རོ། །དོན་ཉམས་སུ་མྱོང་བ་ཞེས་བྱ་བ་ཡང་དེའི་ཡུལ་ཅན་གྱི་ཤེས་པ་ཉམས་སུ་མྱོང་བ་ཡིན་ལ་ཤེས་པ་དེ་ཉམས་སུ་མྱོང་བ་ན་ཡང་གཉིས་ལས་སྐྱེས་པ་ཡིན་ཞིང་གཉི་ག་ཡང་འདྲ་བ་ཡིན་ཏེ། དེའི་ཕྱིར་ཁྱད་པར་གང་གིས་ཉམས་སུ་མྱོང་བའི་རྗེས་སུ་
འབྲངས་ནས་ངེས་པ་སྐྱེ་བ་ན་སྔོན་པོའི་ཡུལ་དུ་ངེས་པར་འགྱུར་ལ། དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ཏེ། དེའི་ཕྱིར་འདྲ་བའི་དོན་ནི་ཉམས་སུ་མྱོང་བའི་དོན་གྱི་ཡུལ་ཅན་ངེས་པ་ཐ་དད་མ་མཐོང་བར་ཇི་ལྟར་རྣམ་པར་ཤེས་པ་ངེས་པར་བྱེད་ཅེས་བྱ་བ་ཡིན་གྱི། གང་གིས་རྣམ་པར་ཤེས་པ་སྔ་མ་དེ་སྐྱེད་པ་ལ་
ངོ་བོ་ཉིད་ཀྱི་ནུས་པར་བརྗོད་པ་ཇི་ལྟར་སྐྱེ་བར་འགྱུར་ཞེས་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་འབྲེལ་པ་ཉམས་སུ་མྱོང་བ་ཞེས་བྱ་བ་ངེས་པའི་ཡུལ་ངེས་པར་རྟོགས་པ་ཡིན་གྱི་སྐྱེ་བའི་རྒྱུ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་གནས་སོ། །ཕྱིས་འབྱུང་བ་དེའི་དུས་ན་ཡོད་པ་མ་ཡིན་པ་དང་ཉམས་སུ་མྱོང་བ་མ་ཡིན་པའི་ངེས་པ་
เล่ม ๑๘๘ · หน้า 142b
རང་ཉིད་ཞུགས་པ་ཙམ་གྱིས་ནི་ཁྱད་པར་ཅན་གྱི་ཡུལ་ཉམས་སུ་མྱོང་བར་ངེས་པ་མ་ཡིན་གྱི། འོན་ཀྱང་ཉམས་སུ་མྱོང་བ་ཉིད་ཀྱི་ཁྱད་པར་ཉམས་སུ་མྱོང་བ་ལས་ཡིན་ལ། ཁྱད་པར་ཅན་ཉམས་སུ་མྱོང་བ་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཇི་ལྟར་ངེས་པ་ཡིན། དེ་བཤད་པ་ནི་དེ་ཞེས་
བྱ་བ་འབྲེལ་པའི་རང་བཞིན་ཉམས་སུ་མྱོང་བ་མེད་ན་ནི་ངེས་པ་དེར་མི་འགྱུར་རོ། །དེས་ན་དེ་ལྟར་མཚན་ཉིད་སྲིད་པ་ལ་བརྟེན་ནས་ཧ་ཅང་ཁྱབ་ཆེས་པའི་ཉེས་པ་བརྗོད་ནས་ད་ནི་བསྡུ་བའི་སྒོ་ནས་མཚན་ཉིད་མི་སྲིད་པ་ཉིད་སྟོན་པར་བྱེད་དོ། །རེ་ཞིག་སྲིད་ཀྱང་ཉེས་པ་འདིར་འགྱུར་ལ་དེ་ནི་སྲིད་པ་ཡང་
མ་ཡིན་ནོ་ཞེས་གང་བརྗོད་པ་ནི། རྣམ་པར་ཤེས་པ་ལ་ནི་ཡུལ་དང་འདྲ་བ་སྲིད་པ་ཡང་མ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པ་དེ་ལ་སྣང་བའི་ངང་ཚུལ་གང་ཡིན་པ་རགས་པའི་རྣམ་པ་ཆ་ཤས་དང་བཅས་པ་ནི་རྡུལ་ཕྲ་རབ་སོ་སོ་སྟེ་གཅིག་ལ་མེད་པའི་ཕྱིར་རོ། །དགོངས་པ་འདི་ཡིན་ཏེ། དབང་
པོའི་རྣམ་པར་ཤེས་པ་ལ་གནས་པའི་རྣམ་པ་གང་ཡིན་པ་དེ་ནི་ཆ་ཤས་དང་བཅས་པ་དང་། རྡུལ་ཕྲ་རབ་གཅིག་ལ་ནི་ཆ་ཤས་ཡོད་པ་མ་ཡིན་པ་དེས་ན་རྡུལ་ཕྲ་རབ་ཀྱི་རང་བཞིན་དང་། ཤེས་པ་ལ་གནས་པའི་སྣང་བ་འདི་འགལ་བའི་ཕྱིར་རྣམ་པ་འདི་དེའི་ཡིན་ནོ་ཞེས་བརྗོད་པར་ནུས་པ་མ་ཡིན་ནོ། །གང་ལ་
རང་བཞིན་དང་དེས་སྐྱེད་པའི་རྣམ་པ་མི་འགལ་བ་གཅིག་ཏུ་ཞེན་པའི་རྒྱུ་མཚན་ཡོད་པའི་རྣམ་པ་དེ་ཉིད་དེས་སྐྱེད་པ་དང་། ཕྱི་རོལ་གྱི་རང་བཞིན་དེར་ཐ་སྙད་དུ་འདོགས་པ་པོས་ཐ་སྙད་དུ་བྱ་བ་ཡིན་ནོ། །འདྲ་བ་དང་འདྲ་བར་བྱེད་པ་པོ་དག་འགལ་བའི་ཆོས་དང་ལྡན་པ་ལ་ནི་འགལ་བ་དག་བཞིན་དུ་ཐ་མི་དད་
པར་ཞེན་པར་མི་འཐད་པ་དེས་ན་རྣམ་པ་འདི་དེས་བསྐྱེད་པ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་ཡང་རྣམ་པ་འདི་དེས་བསྐྱེད་པར་ནན་ཁོ་ནས་རྟོག་ན། འོ་ན་ནི་འགལ་བའི་ཆོས་དང་ལྡན་པར་ཁྱད་པར་མེད་པས་ཐམས་ཅད་ཐམས་ཅད་ཀྱི་རྣམ་པར་འགྱུར་རོ། །ཡང་ཅི་སྟེ་འདི་རྡུལ་ཕྲ་རབ་གཅིག་གི་རྣམ་པ་ནི་མ་ཡིན་
གྱི་འོན་ཀྱང་རྣམ་པ་འདི་ནི་རྡུལ་ཕྲ་རབ་ཀྱི་ལུས་མང་པོ་ཕན་ཚུན་རང་བཞིན་དང་ཡུལ་ཡོངས་སུ་སྤངས་པར་སྐྱེས་པ་རྣམས་ཀྱི་ཡིན་ནོ། །ཆ་ཤས་མེད་པ་མང་པོ་རྣམས་ཀྱི་སྣང་བ་ཚོགས་པའི་ཡུལ་ཅན་ནི་ཆ་ཤས་སུ་སྣང་བར་འགྱུར་ཏེ། འདི་ལྟར་རྡུལ་ཕྲ་རབ་ཀྱི་རང་བཞིན་གཅིག་ཆ་ཤས་མེད་པ་ཡིན་གྱི་
เล่ม ๑๘๘ · หน้า 143a
དུ་མ་ནི་མ་ཡིན་ནོ། །ཡུལ་ལ་བཀྲམ་པ་ཉིད་དུ་སྣང་བར་འགྱུར་བ་མང་པོ་རྣམས་ཀྱི་ཤེས་པ་གཅིག་ལ་གནས་པའི་སྣང་བ་ཡུལ་ལ་བཀྲམ་པ་ཉིད་ནི་ཆ་ཤས་དང་བཅས་པར་འགྱུར་བའི་ཕྱིར་མི་འགལ་ལོ་ཞེས་དོགས་པ་ལ། རང་བཞིན་མང་པོ་ཚོགས་པ་རྣམས་ལ་ཡང་ཞེས་སྨོས་ཏེ།
རྡུལ་ཕྲ་རབ་གཅིག་གི་རྣམ་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། མང་པོ་རྣམས་ཀྱི་ཡང་འཐད་པ་མ་ཡིན་ནོ་ཞེས་བསྡུ་བའི་དོན་དུའོ། །རྡུལ་ཕྲ་རབ་ཀྱི་རྫས་ཚོགས་པ་ཞེས་བྱ་བ་རིགས་མི་མཐུན་པས་མ་ཆོད་པ་རྣམས་ལ་དེ་ལྟར་རགས་པའི་རྣམ་པར་སྣང་བ་ཡིན་ནོ་ཞེས་བྱ་བར་རིགས་པ་མ་ཡིན་
ནོ། །ཅིའི་ཕྱིར་ཞེ་ན། གཅིག་ཡིན་པའི་ཕྱིར་ཏེ། གང་འདི་ཤེས་པ་ལ་བཀོད་པ་བྱས་པ་རགས་པའི་རྣམ་པར་ཉམས་སུ་མྱོང་བ་དེ་འདི་ནི་གཅིག་ཡིན་ནོ། །ཕྱོགས་ཀྱི་ཆ་ལ་སོགས་པས་དོན་གྱི་སྣང་བ་འདི་ཐ་དད་པར་རྟོགས་པ་མ་ཡིན་ནམ། འགལ་བའི་ཆོས་དང་ལྡན་པ་འདི་ལྟ་བུ་ནི་གཅིག་
ལ་མ་ཡིན་ནམ། དེའི་ཕྱིར་ཤེས་པའི་གནས་པ་འདི་ཡང་ཞེས་བརྗོད་ཅེ་ན། ཤེས་པའི་སྣང་བ་མཐའ་དག་གཅིག་ཏུ་ནི་མི་བརྗོད་ཀྱི། འོན་ཀྱང་དུ་མ་འཛིན་པ་ལ་ནི་གཅིག་ཏུ་འཛིན་པ་གདོན་མི་ཟ་བར་འདོད་པར་བྱ་དགོས་ཏེ། གཞན་དུ་ན་དུ་མར་འཛིན་པ་མི་འཐད་པའི་ཕྱིར་ཏེ། ཆ་ཤས་མེད་
པའི་གཅིག་པ་མ་བཟུང་བར་ནི། དེ་ལྟར་ངེས་པ་མི་འཐད་པའི་ཕྱིར་རོ། །དེས་ན་མཐར་ཐུག་པའི་གཅིག་པ་ནི་གདོན་མི་ཟ་བར་གཟུང་བར་བྱ་དགོས་སོ། །ཆ་ཤས་མེད་པ་གཟུང་བའི་ཕྱིར་རྡུལ་ཕྲ་རབ་དུ་མའི་རང་བཞིན་གྱི་དོན་མ་བཟུང་བར་བརྗོད་པ་ཡིན་ནོ། །གལ་ཏེ་འདི་འདྲ་བའི་གཅིག་བཟུང་བ་
ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ཇི་ལྟར་མི་རིགས་ཤེ་ན། བཤད་པ། གཅིག་ནི་དུ་མ་དང་སྟེ། མང་པོ་དང་འགལ་བའི་ཕྱིར་རོ། །འགལ་བ་གང་ཡིན་པ་དག་ནི་སྔོན་པོ་དང་སྔོན་པོ་མ་ཡིན་པ་བཞིན་དུ་རྣམ་པར་འཇོག་པར་བྱེད་པ་དང་། གཞག་པར་བྱ་བར་མི་འཐད་དེ་ཧ་ཅང་ཐལ་བའི་ཕྱིར་རོ། །གང་
གི་ཕྱིར་འགལ་བ་དག་ཀྱང་འཇོག་པར་བྱེད་པ་དང་། གཞག་པར་བྱ་བ་ཉིད་ཡིན་ན་ནི་ཁྱད་པར་མེད་པའི་ཕྱིར་སྣང་བ་ཐམས་ཅད་ཀྱིས་བྱས་པར་ཐལ་བའི་ཕྱིར་ཡུལ་ངེས་པ་ཉམས་པར་འགྱུར་རོ། །འདི་སྙམ་དུ་རགས་པའི་རང་བཞིན་གཅིག་མང་པོ་རྣམས་ལ་ཐུན་མོང་དུ་ཡོད་པ་དེས་ན་འདྲ་བར་འགྱུར་
เล่ม ๑๘๘ · หน้า 143b
རོ་སྙམ་ན་བཤད་པ། རྡུལ་ཕྲ་རབ་མང་པོ་རྣམས་ལ་ཡང་རྣམ་པ་དེ་ལྟ་བུར་རགས་པ་གཅིག་གི་ངོ་བོ་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཕྱོགས་ཀྱི་གོས་ཅན་རྣམས་ཀྱིས་རྡུལ་ཕྲ་རབ་ཐ་དད་པ་རྣམས་ལ་ཡང་ཐུན་མོང་གི་རང་བཞིན་ཅིག་ཡོད་པར་བརྟགས་པ་དེ་ལྟ་བུ་ནི་ཅུང་ཟད་ཀྱང་མེད་ན་གང་གིས་རྣམ་པ་
འདི་སྐྱེད་པར་འགྱུར། ཅིའི་ཕྱིར་ཞེ་ན། ཡན་ལག་ཅན་འགོག་པའི་ཉེས་པ་གང་ཡིན་པ་དེ་ཉིད་ནི་དུ་མའི་ཐུན་མོང་གཅིག་གི་རང་བཞིན་གྱི་ཉེས་པར་ཡང་བལྟ་བར་བྱའོ། །འདི་སྙམ་དུ་ཁོ་བོ་ཅག་གི་ལྟར་ན་ནི་རྡུལ་ཕྲ་རབ་ཡུལ་མ་ཡིན་ལ། གང་ཞིག་ཡུལ་དུ་འགྱུར་བ་དེ་དག་གི་རགས་པའི་
རང་བཞིན་གཞན་མ་ཡིན་པ་ཡང་མེད་དེ། འོན་ཀྱང་རྡུལ་ཕྲ་རབ་རྣམས་ཉིད་ཀྱིས་རྡུལ་ཕྲ་རབ་གཉིས་ལ་སོགས་པའི་རིམ་པས་བརྩམས་པའི་ཡན་ལག་ཅན་གྱི་རྫས་རགས་པ་གཅིག་པོ་གང་ཡིན་པ་དེ་ཡུལ་ཡིན་ནོ་ཞེས་དོགས་པ་ལ་ཡུལ་ཞེས་སྨོས་ཏེ། ཡུལ་རགས་པ་གཅིག་ནི་མི་འཐད་དོ། །ཇི་
ལྟར་ཞེ་ན་བཤད་པ་ལག་པ་ལ་སོགས་པ་གང་ཡིན་པའི་ཆ་ཤས་གཅིག་གཡོ་བ་སྟེ་བསྐྱོད་ན་ཡང་ལུས་ཐམས་ཅད་གཡོ་བར་ཐལ་བའི་ཕྱིར་རོ། །འདི་ལྟར་གང་ཞིག་ལག་པ་ལ་སོགས་པ་ལ་འདུ་བའི་ཡན་ལག་ཅན་གྱི་རྫས་གཡོ་བ་དང་བཅས་པའི་ཡན་ལག་ཅན་གྱི་རྫས་དེ་ཉིད་ནི་ལག་པ་གཞན་ལ་འདུ་
བ་ཡིན་པ་དེས་ན་གཡོ་བ་དེའི་རང་བཞིན་ལས་མི་གཡོ་བའི་རང་བཞིན་ཐ་མི་དད་པའི་ཕྱིར་གཡོ་བར་ཐལ་ལོ། །འདི་ལྟར་གཅིག་ཡིན་ན་ནི་གཡོ་བ་དང་བཅས་པའི་རང་བཞིན་དེ་ཉིད་འདི་ཡིན་པའི་ཕྱིར་གཡོ་བར་སྣང་བར་འགྱུར་རོ། །སྣང་བའི་གཡོ་བ་དང་བཅས་པའི་རང་བཞིན་ཡན་ལག་གཉིས་པ་ལ་
མ་དམིགས་པ་ནི་ཡོད་པ་ཉིད་མ་ཡིན་ཞིང་། གང་ལས་གང་མེད་པ་དེ་ཉིད་འདི་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་སོ། །ཡོད་པ་ཉིད་ཀྱི་རྒྱུ་མཚན་ནི་དོན་བྱ་བ་བྱེད་པ་ཡིན་ལ། དོན་བྱ་བ་བྱེད་པའི་རང་བཞིན་ཡང་གང་ལ་མངོན་སུམ་གྱིས་རབ་ཏུ་གྲུབ་པ་དེ་ལ་དེ་ཁོ་ནར་ཡོད་པ་ཡིན་ཏེ། དེ་ཉིད་འདི་
ཡིན་ན་མཚན་ཉིད་གཅིག་པ་ཉིད་དུ་ཐ་སྙད་དུ་བྱ་བ་ཡིན་ནོ། །ཡང་གང་གི་ཚེ་གཡོ་བ་དང་བཅས་པའི་རང་བཞིན་དོན་བྱ་བ་བྱེད་པ་དེ་ཉིད་གོ་སྐབས་གཞན་དུ་མེད་ན་དོན་བྱ་བ་བྱེད་པའི་རང་བཞིན་ཡང་གང་ལ་དེ་མེད་པའི་ཕྱིར་གོ་སྐབས་གཞན་དུ་ཡོད་པ་ཉིད་མ་ཡིན་ལ། ཡོད་པ་མ་ཡིན་པའི་ཕྱིར་ཡང་
เล่ม ๑๘๘ · หน้า 144a
དེའི་རང་བཞིན་དང་བྲལ་བ་དང་། དེའི་རང་བཞིན་ཐ་དད་པར་རིགས་པ་ཡིན་ནོ་ཞེས་འཆད་པ་ནི། མི་གཡོ་ན་ཡང་གཡོ་བ་དང་མི་གཡོ་བ་བསྐྱེད་པ་དག་གཅིག་ལ་གཅིག་མེད་པའི་ཕྱིར་གཞན་དག་དང་གཞན་དུ་ཡང་ཐ་དད་པར་ཐལ་ཏེ། ཐ་དད་པའི་ཐ་སྙད་ཀྱི་ཡུལ་ནི་དེ་
ཙམ་དུ་ཟད་པའི་ཕྱིར་རོ། །དཔེར་ན་ཆུ་ཚགས་ཞེས་བྱ་བའི་རས་དབྱི་གུ་གསུམ་ལ་དཔྱངས་པ་མི་གཡོ་ལ་ཆུ་ནི་གཡོ་བ་དེས་ན་ཐ་དད་པ་དེ་བཞིན་དུ་འདིར་ཡང་ཐ་དད་པར་བལྟ་བར་བྱའོ། །འདིར་ཡན་ལག་བྱ་བ་དང་ལྡན་པ་ནི་མ་ཡིན་ཏེ། གང་གི་ཕྱིར་བྱ་བ་དང་ལྡན་པའི་ཡན་ལག་རྣམས་ལ་ནི་
རྣམ་པར་དབྱེ་བ་སྐྱེ་ལ། དེས་ཀྱང་ལྡན་པ་འདུ་བ་མེད་པའི་རྒྱུ་ལྡོག་པ་ན་རྫས་འཇིག་པར་ཐལ་བའི་ཕྱིར་རོ། །རྫ་མཁན་ལ་སོགས་པའི་རྒྱུ་མཚན་རྒྱུ་ལྡོག་པ་ན་ནི་འབྲས་བུ་ལྡོག་པར་བྱེད་པ་མ་ཡིན་གྱི། འདུ་བ་མེད་པའི་རྒྱུ་ལྡན་པ་དང་འདུ་བ་ཅན་གྱི་རྒྱུ་སྣལ་མ་ལ་སོགས་པ་ལྡོག་པ་ནི་སྣམ་བུ་ལ་
སོགས་པའི་འབྲས་བུ་ལྡོག་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འགལ་བའི་ཆོས་གཞན་དང་ལྡན་པར་ཡང་སྟོན་པར་བྱེད་དེ། འདི་ལ་མཐོང་བའི་རང་བཞིན་གང་ཡིན་པ་དེ་ཉིད་ཀྱིས་དེའི་ཚེ་མ་མཐོང་བར་ནི་མི་འཐད་དེ། དེའི་ཕྱིར་གཅིག་སྟེ་ལག་པ་ལ་སོགས་པ་བསྒྲིབས་པ་མཐོང་བའི་གེགས་
བྱས་པའི་ཕྱིར་དེ་ལ་གནས་པའི་ཡན་ལག་ཅན་གྱི་རྫས་ཀྱང་བསྒྲིབས་པར་འགྱུར་ཞིང་། དེ་ཉིད་ཀྱང་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཡིན་པ་དེས་ན་བསྒྲིབས་པའི་ཡན་ལག་གཅིག་ལ་གནས་པའི་ཡན་ལག་ཅན་གྱི་རང་བཞིན་ལས་ཐ་དད་པ་མེད་པའི་ཡན་ལག་གཞན་ལ་གནས་པའི་རང་བཞིན་
བསྒྲིབས་པར་འགྱུར་བ་དེས་ན་མི་མཐོང་བར་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ་ཞེས་གང་བརྗོད་པ་ཡིན་ནོ། །ཅི་སྟེ་ཡང་མ་བསྒྲིབས་པའི་ཡན་ལག་ལ་གནས་པའི་ཡན་ལག་ཅན་གྱི་རང་བཞིན་མ་བསྒྲིབས་པའི་ཕྱིར་མཐོང་ན་ནི། མཐོང་བ་དེ་ལས་ཐ་དད་པ་མེད་པའི་ཕྱིར། བསྒྲིབས་པའི་ཡན་
ལག་ཅན་ཡང་མཐོང་བར་འགྱུར་བ་དེས་ན་ཚང་བར་བཟུང་བར་ཐལ་ལོ། །དེར་ནི་ཡན་ལག་བསྒྲིབས་པར་བྱས་ཀྱི་ཡན་ལག་ཅན་ནི་མ་ཡིན་ཏེ། དེས་ན་ཐམས་ཅད་བསྒྲིབས་པར་ཐལ་ཞེས་ཅིའི་ཕྱིར་བརྗོད་ཅེས་གལ་ཏེ་གཞན་དག་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཡན་ལག་རྣམས་ཀྱི་
เล่ม ๑๘๘ · หน้า 144b
ཕྱེད་གོང་ཡིན་པའི་ཕྱེད་པོ་དེ་ཇི་སྲིད་དུ་བསྒྲིབས་སུ་ཟིན་ཀྱང་མཐོང་བར་འགྱུར་ཏེ། ཡན་ལག་ཅུང་ཞིག་བསྒྲིབས་པ་ལ་ལྟ་ཅི་སྨོས་ཞེས་བྱ་བ་ནི་ཀྱང་གི་སྒྲའོ། །ཅིའི་ཕྱིར་ཞེ་ན། མ་བསྒྲིབས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སྔ་མ་ཁོ་ན་བཞིན་དུ་སྟེ། མ་བསྒྲིབས་པའི་གནས་སྐབས་བཞིན་
དུ་ཡུལ་མ་ཚང་བ་མེད་པར་མཐོང་བར་ཐལ་ལོ། །ཅི་སྟེ་ཡན་ལག་མ་མཐོང་བ་གང་ཡིན་པ་ལ་ཡན་ལག་ཅན་དེ་རྟོགས་པར་མི་འགྱུར་ཏེ་མཐོང་བ་མ་ཡིན་ནོ། །ཇི་ལྟར་ཞེ་ན། སྨྲས་པ། སྣང་བའི་ཡན་ལག་གི་སྒོ་ནི་ཐབས་ཏེ། ཚོགས་པ་མཐོང་བའི་སྒོ་དེ་ནས་ཡན་ལག་ཅན་དེ་མཐོང་བའི་རྒྱུའི་
ཕྱིར་རོ་ཞེས་གཞན་དག་དོགས་པ་ལ་མ་ཡིན་ཏེ་ཞེས་གསུངས་ཏེ། ཡན་ལག་ཅུང་ཟད་ཅིག་མ་མཐོང་བས་ནི་འདིར་ཡན་ལག་ཅན་མི་མཐོང་བར་རིགས་པ་མ་ཡིན་ནོ། །འདི་ལྟར་གང་ཞིག་བསྒྲིབས་པའི་ཡན་ལག་ཅན་གྱི་རང་བཞིན་དང་། གང་ཡང་མ་བསྒྲིབས་པའི་ཡན་ལག་ཅན་གྱི་རང་བཞིན་དེ་
ནི་ཐ་དད་པ་མེད་པ་ཡིན་ཏེ། ཐ་དད་པ་མེད་པ་དེས་ན་རྣམ་པ་ཐམས་ཅད་དུ་བསྒྲིབས་པའི་ཡན་ལག་དང་འབྲེལ་པ་དང་། མ་བསྒྲིབས་པའི་ཡན་ལག་དང་འབྲེལ་པའི་རང་བཞིན་དུ་ཡན་ལག་ཅན་མ་རྟོགས་པར་ཐལ་པའི་ཕྱིར་རོ། །མ་རྟོགས་པ་ཡང་མ་ཡིན་ཏེ། ཡན་ལག་ཅན་གྱི་ངེས་པ་སྐྱེ་བ་ཡོད་པའི་
ཕྱིར་རོ། །གལ་ཏེ་ཡན་ལག་འབའ་ཞིག་མཐོང་གི་ཡན་ལག་ཅན་མ་ཡིན་ན་ནི་དེའི་ཚེ་ཡན་ལག་ཅན་མཐོང་བའི་ངེས་པ་མི་སྐྱེ་བར་འགྱུར་རོ། །གཞན་ཡང་གལ་ཏེ་ཡན་ལག་ཅུང་ཟད་ཅིག་བསྒྲིབས་པའི་དུས་དེའི་ཚེ་ཡན་ལག་ཉིད་མཐོང་ན་ནི། ཐམས་ཅད་ཀྱི་ཚེ་ཡན་ལག་ཅན་མཐོང་བར་མི་འགྱུར་ཏེ། ཚུ་
རོལ་དང་ཕ་རོལ་དང་དབུས་ཀྱི་ཆའི་ཡན་ལག་ཐམས་ཅད་ཚུ་རོལ་མཐོང་བ་གཅིག་གིས་ཅིག་ཅར་ཏེ་དུས་གཅིག་ཏུ་མཐོང་བར་མི་ནུས་པའི་ཕྱིར་ཡན་ལག་མཐོང་བ་འཇིག་པར་འགྱུར་ན་ཡན་ལག་ནི་མཐོང་བའི་ཡུལ་དུ་བརྟགས་པ་ཡིན་ནོ། །ཅི་སྟེ་ཡན་ལག་ཅུང་ཟད་ཅིག་མཐོང་བ་ན་ཡང་། ཡན་ལག་ཅན་
མཐོང་བ་ཡོད་པ་ཡིན་ན་ནི་དེའི་ཚེ་ཡན་ལག་ཅུང་ཟད་མཐོང་བས་ཀྱང་ཡན་ལག་ཅན་མཐོང་བར་འགྱུར་ཞིང་དེ་ལས་ཀྱང་མ་བསྒྲིབས་པའི་གནས་སྐབས་བཞིན་དུ་ཡན་ལག་ཐམས་ཅད་ཁྱབ་པའི་ཡན་ལག་ཅན་རགས་པ་གཅིག་མཐོང་བར་འགྱུར་ན་ཡོད་པ་ཡང་མ་ཡིན་ནོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་
เล่ม ๑๘๘ · หน้า 145a
འགལ་བའི་ཆོས་དང་ལྡན་པ་སྟོན་ཏེ། གང་གི་ཕྱིར་དངོས་པོ་དེ་ཉིད་ནི་དུས་དེ་ཉིད་ཀྱི་ཚེ་འབྲེལ་པ་ཅན་གྱི་དངོས་པོ་གཞན་དེས་ཁྱབ་པ་དང་མ་ཁྱབ་པར་འཐད་པ་མ་ཡིན་ཏེ། དེས་ན་ཡན་ལག་གཅིག་ཁ་བསྒྱུར་ཏེ། ཚོན་གྱི་རྫས་དང་འབྲེལ་ན་དེ་ལ་གནས་པའི་ཡན་ལག་ཅན་ཚོན་དང་འདྲེས་
པས་སོ་ཞེ་ན་ནི། ཡན་ལག་གཞན་དང་འབྲེལ་པ་ཡང་དེ་ཉིད་ཡིན་པའི་ཕྱིར་ཁ་བསྒྱུར་བར་ཐལ་ལོ། །ཡོད་པ་ཡང་མ་ཡིན་ཏེ་མ་མཐོང་བའི་ཕྱིར་རོ། །ཅི་སྟེ་ཕྱོགས་གཅིག་ཁ་མ་བསྒྱུར་རོ་ཞེ་ན། དེ་ལས་ཐ་དད་པ་མེད་པའི་ཕྱིར་དེ་ཡང་ཁ་མ་བསྒྱུར་ཏེ། གཅིག་པོ་དེའི་རང་བཞིན་ཡུལ་ཐམས་ཅད་ལ་
ཁྱད་པར་ཡོད་པའི་ཕྱིར་དེ་ཁོ་ན་ལྟར་རྟོགས་པར་འགྱུར་རོ། །ཅི་སྟེ་ཡང་ཡན་ལག་ཁ་བསྒྱུར་གྱི་ཡན་ལག་ཅན་མ་ཡིན་ན། དེ་ལྟ་ན་འོ་ན་ཡན་ལག་ཅན་ཁ་མ་བསྒྱུར་བ་དེའི་ཕྱིར་ཡན་ལག་བསྒྱུར་བ་དང་། ཡན་ལག་ཅན་མ་བསྒྱུར་བར་སྣང་བར་འགྱུར་ན་སྣང་བ་ཡང་མ་ཡིན་ནོ། །དེ་ལྟར་འདིས་འགལ་བ་
འདུ་བ་རྣམ་པ་གསུམ་བསྟན་ཏོ། །སྣང་བའི་ཡུལ་ཅན་ནི་གཉིས་ཏེ་བྱ་བ་ནི་རང་བཞིན་གྱི་རྣམ་པར་འགྱུར་བར་གྱུར་པ་ཡིན་ལ། དེ་ཡང་དངོས་པོ་དང་དངོས་པོ་མེད་པ་དག་གིས་ཐ་དད་པར་འགྱུར་ལ་དོན་གཞན་དང་འབྲེལ་པ་ཡང་ཐ་དད་པར་འགྱུར་རོ། །མཐོང་བའི་ཡུལ་ཅན་ཡང་སྒྲིབ་པའི་ཐ་དད་པས་ཐ་དད་པ་
ཡིན་ནོ། །འགལ་བའི་ཆོས་དང་ལྡན་པ་འདི་ཙམ་དུ་ཟད་པ་ནི་མ་ཡིན་ཏེ། འདི་ལྟར་རྫས་གྲུ་བཞིའི་མཐའ་གཅིག་ཡུལ་གང་དུ་དམིགས་པའི་ཡུལ་དེ་ནི་ཡན་ལག་གཞན་དང་འབྲེལ་པའི་ཡུལ་ལས་ལྡོག་པ་ཡིན་ཏེ། དེ་ཚད་མས་ཡོངས་སུ་བཅད་པས་དེའི་རང་བཞིན་ཉམས་པར་རྣམ་པར་གཅད་པ་ན་དེའི་
རང་བཞིན་ཉམས་པ་དང་ལྡན་པ་ཡན་ལག་གཞན་དང་འབྲེལ་པའི་ཡུལ་གཞན་ཡང་རྣམ་པར་གཅད་པར་འགྱུར་རོ། །དེ་རྣམ་པར་བཅད་ན་ཡང་ཡོངས་སུ་བཅད་པའི་ཡུལ་ཁྱབ་པའི་རང་བཞིན་དེ་དང་འབྲེལ་བ་ལས་རྣམ་པར་བཅད་པར་འགྱུར་ཏེ། གང་གི་ཕྱིར་དེའི་རང་བཞིན་ཁྱབ་པའི་ཡུལ་ནི་ཡུལ་གཞན་
གྱི་རང་བཞིན་དང་བྲལ་བ་དེས་ན་དེས་ཁྱབ་པ་ནི་དེ་མེད་པས་ཁྱབ་པར་འགྱུར་ལ། གང་ཞིག་དེ་མེད་པའི་ཁྱབ་པ་དེ་ཉིད་ནི་དེ་ཡོད་པས་ཁྱབ་པ་མ་ཡིན་པ་དེས་ན་རང་བཞིན་གང་ཞིག་ཡུལ་གང་མེད་པས་ཁྱབ་པ་དེ་ནི་དེ་དང་འབྲེལ་པ་མ་ཡིན་ལ། གང་ཞིག་གང་དང་འབྲེལ་པ་མ་ཡིན་པ་དེ་ཉིད་ནི་དེ་དང་འབྲེལ་
เล่ม ๑๘๘ · หน้า 145b
པ་མ་ཡིན་ཏེ། གཅིག་ལ་ཅིག་ཅར་རང་བཞིན་གཅིག་བསྒྲུབ་པ་དང་དགག་པ་ནི་འགལ་བའི་ཕྱིར་རོ། །དེས་ན་རང་བཞིན་གཅིག་གི་ཡུལ་དང་ཕྱོགས་དང་དུས་གཅིག་དང་འབྲེལ་པའི་སྒྲུབ་པ་དང་དགག་པ་དག་ནི་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར། ཕྱོགས་དེ་དང་ཕྱོགས་གཞན་དང་། ཡུལ་དེ་དང་ཡུལ་
གཞན་ཉིད་ནི་ཕན་ཚུན་སྤངས་པས་འགལ་བ་ཡིན་ནོ་ཞེས་མང་དུ་བཤད་པ་ཡིན་ནོ། །དེས་ན་འདིར་རང་བཞིན་དུ་གྱུར་པའི་བྱ་བ་ཐ་དད་པས་ནི་རང་བཞིན་དུ་གྱུར་པའི་ནུས་པ་ལ་སོགས་པ་ཡོད་པ་དང་མེད་པའི་བདག་ཉིད་ཀྱི་ཐ་དད་པ་ཐམས་ཅད་དང་འབྲེལ་པ་ཅན་ཚོན་ཐ་དད་པས་ནི་འབྲེལ་པ་ཅན་གྱི་རྒྱུ་མཚན་
ཅན་གྱི་ཐ་དད་པ་ཐམས་ཅད་ཉེ་བར་མཚོན་པ་ཡིན་ལ། བསྒྲིབས་པའི་སྒོ་ནས་ཀྱང་ཤེས་པའི་ཡུལ་དང་ཡུལ་མ་ཡིན་པ་ཉིད་ཀྱིས་བྱས་པའི་དུ་མ་ཉིད་ཉེ་བར་མཚོན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཡང་འགལ་བའི་ཆོས་དང་ལྡན་པ་དེ་ནི་གཅིག་མ་ཡིན་ཏེ། དཔེར་ན་ཐ་དད་པའི་བུམ་པ་ལ་སོགས་
པ་བཞིན་ནོ། །གཅིག་ཏུ་མངོན་པར་འདོད་པའི་དོན་ཡང་འགལ་བའི་ཆོས་དང་ལྡན་པར་མཐོང་བ་ཡིན་ནོ། །འགའ་ཞིག་འགའ་ཞིག་ལས་ཐ་མི་དད་པ་ནི་དེ་ལ་ཡོད་པ་ཡིན་པས་དེས་ན་ཡོད་པའི་ཡུལ་ཅན་གྱི་གཅིག་ཉིད་ཀྱིས་ཐ་སྙད་ལ་ནི་དངོས་པོ་ཡོད་པས་ཁྱབ་ལ། འགལ་བའི་ཆོས་དང་
ལྡན་པ་ནི་གཅིག་གི་ཐ་སྙད་ཀྱིས་ཁྱབ་པར་བྱེད་པ་ཡོད་པ་ཉིད་དང་འགལ་བ་མེད་པ་ཡིན་པའི་ཕྱིར་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཅིག་ཉིད་བཀག་པ་ན་ཡང་དངོས་པོ་ཉིད་ཡིན་པའི་ཕྱིར་དུ་མ་ཉིད་དུ་གྲུབ་པར་འགྱུར་གྱི། གཅིག་བཀག་པ་ཙམ་གྱིས་ནི་དུ་མ་ཉིད་དུ་འགྲུབ་པ་མ་ཡིན་ཏེ།
དངོས་པོ་མེད་པ་ཡང་དངོས་པོ་དང་ལྷན་ཅིག་གཅིག་ཉིད་ཡིན་པ་བཀག་པའི་ཕྱིར་རོ། །འདིར་ནི་གཅིག་པ་ཉིད་འགོག་པའམ་དུ་མ་ཉིད་དུ་སྒྲུབ་པ་མ་ཡིན་ཏེ། མངོན་སུམ་གྱིས་ཐ་དད་པར་གྲུབ་པའི་ཕྱིར་ཡུལ་མེད་པས་བློ་གྲོས་རྨོངས་པ་ལ་དེ་ཙམ་གྱི་ཡུལ་ཅན་གཅིག་གི་ཐ་སྙད་མེད་པར་བསྒྲུབ་པར་བྱ་བ་
ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། གང་ཡོད་པ་དེ་ནི་ཆ་མེད་པ་ཡིན་ཏེ། དཔེར་ན་ཤེས་པ་བཞིན་ནོ། །སྣང་བའི་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། །ཆ་ཤས་དང་བཅས་པ་ཉིད་ཡིན་ན་ནི་ཕྱོགས་ཐ་དད་པའི་རྒྱུ་མཚན་ཅན་ཡོད་པའི་འགལ་ཟླ་མེད་པ་ཞེས་བྱ་བར་འགྱུར་ཏེ། དེས་ན་རང་བཞིན་འགལ་
เล่ม ๑๘๘ · หน้า 146a
བ་དམིགས་པས་ཡོད་པ་ཉིད་ཆ་དང་བཅས་པ་ཉིད་ལས་ལྡོག་པ་ན་ཆ་མེད་ཀྱིས་ཁྱབ་པའི་ཕྱིར་རང་བཞིན་ཡིན་ནོ། །འགལ་བའི་ཆོས་དང་ལྡན་པ་དེའི་ཕྱིར་གང་ཞིག་ཤེས་པ་ལ་འདྲ་བར་བྱེད་པ་འདྲ་བའི་བདག་ཉིད་དུ་བྱེད་པ་དོན་གཅིག་པུ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གང་
གི་ཕྱིར་འདྲ་བ་མི་འཐད་པ་དང་འདྲ་བ་ཡོད་དུ་ཆུག་ཀྱང་གཟུང་བ་དང་འཛིན་པའི་མཚན་ཉིད་ལ་འཁྲུལ་བ་དེ་ཉིད་ཀྱི་ཕྱིར། བློ་ཡིས་ཐ་དད་པའི་ཉམས་སུ་མྱོང་བར་བྱ་བ་གཞན་མེད་དེ། དེ་རྣམ་པར་མི་གནས་པའི་ཕྱིར་རོ། །བློའི་དེའི་མྱོང་བ་ཡང་གཞན་མ་ཡིན་ཏེ། གང་གི་ཕྱིར་དེ་ལ་ཡང་གཟུང་བ་
དང་འཛིན་པའི་མཚན་ཉིད་གཉིས་པ་དང་འདྲ་བའི་ངོ་བོ་ཉིད་མ་ཚང་བ་དེའི་གནས་སྐབས་ཉིད་ཡིན་ཏེ། དེ་ལ་ཡང་དེ་མ་ཐག་པའི་རྐྱེན་གྱིས་འཁྲུལ་པ་ལྡོག་པ་མེད་དོ། །འོ་ན་ཇི་ལྟར་ཤེས་པ་དང་ཤེས་བྱའི་རྣམ་པ་གཟུང་བར་འགྱུར་ཞེ་ན། བཤད་པ། དེ་ནི་དེ་ལྟར་ཏེ་རང་ཉིད་ཁྱད་པར་གཞན་
མེད་པར་ཁོ་ནར་བསལ་བ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། ཤེས་པ་གཞན་གྱིས་ནི་བློ་དེ་དེ་ལྟར་གསལ་བ་མ་ཡིན་ཏེ། བློའི་རང་བཞིན་ཉིད་ཀྱིས་དེའི་རང་བཞིན་ཁོ་ནས་གསལ་བ་ཡིན་ནོ། །དེས་ཀྱང་དོན་འགའ་ཞིག་གསལ་བ་མ་ཡིན་གྱི། འོན་ཀྱང་མ་རིག་པའི་རྗེས་སུ་ཞུགས་པའི་ཕྱིར་མི་
བདེན་པའི་དོན་སྟོན་པར་བྱེད་པ་དེའི་རང་གི་ངོ་བོ་ཁོ་ན་གསལ་བ་ཡིན་ནོ། །འདི་ཉིད་རྣམ་པར་དགྲོལ་བ་བཤད་པ་ནི། གང་གི་ཕྱིར་འཁྲུལ་པ་དང་མི་སྲིད་པའི་ཕྱིར་ཡུལ་གྱི་མཚན་ཉིད་རྣམ་པར་འཇོག་པའི་རྒྱུས་སྐྱེས་པ་དང་འདྲ་བ་བཀག་པའི་ཕྱིར་ཏེ། དེང་ན་ཐ་དད་པའི་དོན་འགའ་ཡང་ཉམས་སུ་མྱོང་
བ་མ་ཡིན་ལ། ཉམས་སུ་མྱོང་བ་འདིའི་ཉམས་སུ་མྱོང་བ་ཡང་གཞན་འགའ་ཞིག་མ་ཡིན་ཏེ། དེ་ལ་ཡང་ཉམས་སུ་མྱོང་བ་གཞན་གྱིས་ཉམས་སུ་མྱོང་བ་ལ་གཟུང་བར་བྱ་བའི་མཚན་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་གང་གི་ཕྱིར་ཤེས་པའམ་གཞན་ཉམས་སུ་མྱོང་བའི་འབྲེལ་པ་ཅན་གཞན་
འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཉམས་སུ་མྱོང་བ་གང་གི་ཡིན་པ་དེ་ནི་རྣམ་པར་ཤེས་པའི་བདག་ཉིད་ཁོ་ན་ཡིན་གྱི། ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ཀྱིས་ཉེ་བར་བརྟགས་པ་བཞིན་དུ་ཉམས་སུ་མྱོང་བར་བྱ་བའི་དངོས་པོ་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ན་ཉམས་སུ་མྱོང་བ་དེ་ཡང་
เล่ม ๑๘๘ · หน้า 146b
གཞན་འགའ་ཞིག་གི་རང་གི་ངོ་བོ་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་བདག་ཉིད་གཞན་གྱིར་ཇི་ལྟར་འགྱུར། གཞན་གྱི་བདག་ཉིད་ནི་གཞན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འོ་ན་བློ་གཞན་གྱིས་གཟུང་བར་བྱ་བ་མ་ཡིན་ན། འོ་ན་ཇི་ལྟར་འདི་མངོན་སུམ་གྱིས་སོ་སོར་རིག་པར་བྱ་བ་ཡང་
དག་པར་མྱོང་བར་བྱ་བ་ཉིད་ཡིན་ཞེ་ན། དེ་ཡང་འདིའི་དེའི་བདག་ཉིད་ཁོ་ན་སྟེ་མངོན་སུམ་གྱི་བདག་ཉིད་གང་ཡིན་པའོ། །འདི་སྐད་བརྗོད་པ་ཡིན་ཏེ། དེ་ཉིད་བདག་ཉིད་ལ་མངོན་སུམ་གྱི་ཚད་མ་ཡིན་གྱི་གཞན་ལ་ནི་མ་ཡིན་ཏེ། དེ་ནི་མྱོང་བའི་ངོ་བོར་སྐྱེ་བ་ན་རང་གི་བདག་ཉིད་ལ་མངོན་སུམ་གྱི་
ཚད་མ་ཡིན་ནོ། །གང་གི་ཕྱིར་མངོན་སུམ་དེ་ནི་རིག་པའི་རང་བཞིན་ཉིད་ཀྱིས་རང་ཉིད་རབ་ཏུ་གསལ་བ་ཉིད་ཡིན་གྱི་སྔོན་པོ་ལ་སོགས་པ་བཞིན་དུ་གཞན་ལ་ལྟོས་ནས་གསལ་བ་ཡིན་པའི་རྒྱུ་དེས་ན་དེ་བདག་ཉིད་གསལ་བར་བྱེད་པ་བསྟན་པ་ཡིན་ཏེ་གསལ་བ་བཞིན་ནོ། །གང་གི་ཕྱིར་སྣང་བ་ནི་རང་
ཉིད་རབ་ཏུ་གསལ་བ་ན་བདག་ཉིད་གསལ་བར་བྱེད་པ་ཞེས་བརྗོད་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ་རང་རིག་པ་འདི་ལ་གཟུང་བ་དང་འཛིན་པ་ཐ་དད་པ་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་བདག་ཉིད་རབ་ཏུ་གསལ་བ་ན་བདག་ཉིད་འཛིན་པའི་མངོན་སུམ་གྱི་ཚད་མའི་རང་བཞིན་དུ་བསྟན་པ་ཡིན་ནོ། །
འོ་ན་སྔོན་པོ་ལ་སོགས་པ་གསལ་བ་ཇི་ལྟར་དེ་དག་གི་མྱོང་བ་ཡིན་ཞེ་ན། བཤད་པ། སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་ཞེས་བྱ་བ་ཡང་སྟེ། ཐ་སྙད་འདིས་ཀྱང་ཐ་དད་པ་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་ཉིད་དུ་གྱུར་པའི་ཉམས་སུ་མྱོང་བ་གང་ཡིན་པའོ། །
གཟུང་བའི་རྣམ་པ་འཁྲུལ་པ་མ་ཡིན་ནམ། དེ་ལྟར་ཉམས་སུ་མྱོང་བའི་རང་གི་ངོ་བོར་འགྱུར། བདེན་ཏེ་དངོས་པོ་གཞན་དགག་པ་ལྷུར་བརྗོད་པ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ་གང་རྣམ་པར་ཤེས་པས་གསལ་བར་གྱུར་པ། སྔོན་པོ་ལ་སོགས་པའི་དངོས་པོ་གཞན་ནི་ཡོད་པ་མ་ཡིན་གྱི། ཉེ་
བར་བསླད་པའི་རྣམ་པར་ཤེས་པ་དེ་ཉིད་ནི་འདི་འདྲ་བ་ཡིན་ཏེ། ཡོད་པ་མ་ཡིན་པའི་རྣམ་པ་ཉེ་བར་སྟོན་པ་གང་ཡིན་པའོ། །རྣམ་པར་ཤེས་པའི་རང་གི་ངོ་བོས་བསྟན་པའི་རྣམ་པ་ནི་རང་ལས་འགྱུར་ཞིང་གསལ་བ་ཡིན་ཏེ། རང་ཁོ་ནས་གསལ་བ་ན་རང་གི་ངོ་བོ་ཞེས་བརྗོད་པ་ཡིན་ནོ། །རིགས་པ་དང་
เล่ม ๑๘๘ · หน้า 147a
རྣམ་པར་ཆད་པ་མྱོང་བར་འགྱུར་བའི་གཟུང་བའི་རྣམ་པ་གང་ཡིན་པ་འདི་དང་། གང་ཡང་དགའ་བ་ལ་སོགས་པའི་རང་བཞིན་འཛིན་པའི་རྣམ་པ་དང་དེའི་མྱོང་བ་གང་ཡིན་པ་དེ་རྣམས་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དེ་ཁོ་ན་ཉིད་ཡིན་ན་རྣམ་པ་དེ་གཉིས་དང་འཛིན་པའི་རང་
བཞིན་མྱོང་བ་སྟེ་འདོད་པ་མ་ཡིན་པའི་དངོས་པོ་གསུམ་དུ་ཐལ་བར་འགྱུར་བ་མ་ཡིན་ནམ། གང་གི་ཕྱིར་གཟུང་བ་ནི་གཟུང་བར་བྱ་བ་ཡིན་ལ། འཛིན་པའི་རྣམ་པར་ཡང་མྱོང་བར་བྱ་བ་ཡིན་ཏེ། ནང་གི་ཡོངས་སུ་གཅོད་པ་ཡང་རང་རིག་པའི་རང་བཞིན་ཡིན་ནོ་ཞེས་གང་འཆད་པར་འགྱུར་རོ། །འདི་
ལ་རྣམ་པར་ཕྱེ་བ་ན་རང་བཞིན་གསུམ་དུ་འགྱུར་ལ། རང་གི་རང་བཞིན་མྱོང་བ་ནི་རྣམ་པ་གསུམ་པར་བརྗོད་པ་ཡིན་ནོ། །དེས་ན་སྔོན་པོ་ལ་སོགས་པ་ནི་བཟུང་བའི་རྣམ་པ་ཡིན་ལ་དེའི་འཛིན་པའི་བྱ་བ་ནང་གི་རྣམ་པ་ནི་གཉིས་པ་དེའི་སིམ་པ་ལ་སོགས་པའི་རང་བཞིན་མྱོང་བ་ནི་གསུམ་པ་ཡིན་ཏེ།
རྣམ་འགྲེལ་ལས། གཟུང་བའི་རྣམ་པ་རྣམ་པར་ཆད་པར་སྣང་བ་ལ་ནི་ཤེས་པ་རྣམ་པར་ཆད་པར་འཛིན་པར་སྣང་གི་རང་གི་རང་བཞིན་ལ་ནི། རྣམ་པར་མ་ཆད་པར་ཉམས་སུ་མྱོང་བར་སྣང་ངོ་ཞེས་ཏེ། དེར་ནི་བཟུང་བ་དམིགས་པ་དང་རང་གི་རང་བཞིན་ཉམས་སུ་མྱོང་བ་གཉིས་ཐ་དད་པར་སྣང་བར་
བརྗོད་པ་ཡིན་ནོ། །ཐ་མི་དད་ཀྱང་འོན་ཀྱང་གཟུང་དང་འཛིན་པའི་རྣམ་པ་ཅན་གྱི་ཤེས་པ་ནི་དོན་དམ་པ་ཡིན་པའི་ཕྱིར་གཉིས་སུ་མེད་པར་མི་འགྱུར་རོ། །དངོས་པོར་གྱུར་པ་མ་ཡིན་པ་དག་ནི་གསལ་བར་སྣང་བར་མི་འགྱུར་ཏེ། རི་བོང་གི་རྭ་བཞིན་ནོ་ཞེས་དོགས་པ་ལ། བཤད་པ། གང་ལ་རིག་
བྱ་དང་རིག་བྱེད་ཀྱི་རྣམ་པ་ནི་ཡོད་པ་མ་ཡིན་པའོ། །གལ་ཏེ་དེ་དག་མེད་ན་དེ་ལྟ་ན་འོ་ན་དེ་དག་ཇི་ལྟར་སྣང་ཞེ་ན། བཤད་པ་གང་གི་ཚེ་སྟེ་གང་གི་ཕྱིར་ཇི་ལྟར་ཏེ་རྣམ་པ་གང་གིས་མ་རིག་པའི་བག་ཆགས་ཀྱིས་ཉེ་བར་བསླད་པའི་འཁྲུལ་པས་མཐོང་ཞིང་རྟོགས་པར་གྱུར་པ་དེ་ལྟར་འདི་རྣམ་པར་གཞག་པར་
བྱས་པ་ཡིན་ནོ། །དགོངས་པ་ནི་འདི་ཡིན་ཏེ། མ་རིག་པ་རྣམས་ཀྱི་མ་རིག་པ་འདི་ཉིད་དེ། མི་བདེན་པའི་རང་བཞིན་རབ་ཏུ་སྟོན་པའོ། །དེའི་ཕྱིར་རྣམ་པར་ཤེས་པ་མེད་པའི་རང་བཞིན་སྟོན་པའི་ནུས་པ་ནི་མ་རིག་པའི་བག་ཆགས་ཡིན་ལ། དེ་དང་ལྡན་པ་ལས་ཀྱང་ཤེས་པ་བདག་ཉིད་རབ་ཏུ་སྟོན་པ་
เล่ม ๑๘๘ · หน้า 147b
ཉིད་ན་ཡོད་པ་མ་ཡིན་པའི་གཟུང་བའི་རྣམ་པ་དང་། དེ་ལ་བརྟེན་པའི་འཛིན་པ་ཉིད་དུ་བདག་ཉིད་སྟོན་པར་བྱེད་པ་ཡིན་ནོ། །དེས་ན་གཟུང་འཛིན་རྣམ་ཕྱེ་བའི་མཚན་ཉིད་དེ་རྣམ་པར་ཕྱེ་བའི་རང་བཞིན་དུ་ཉམས་སུ་མྱོང་བར་གྱུར་པ་གང་ཡིན་པ་དེ་ནི། རྣམ་པར་བསླད་པ་ཅན་ཏེ། མ་རིག་པས་རབ་ཏུ་
བསྟན་པ་ན་དེ་ལྟར་མཐོང་བ་ཡིན་ལ། ཇི་ལྟར་མཐོང་བ་བཞིན་དུ་ཡང་གཟུང་བ་དང་འཛིན་པ་དང་མྱོང་བའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ཡིན་ཏེ། དཔེར་ན་རབ་རིབ་ཀྱིས་ཉེ་བར་བསླད་པས་ཤེས་པའི་སྐྲ་ཤད་པ་ལ་སོགས་པ་གཟུང་བ་དང་འཛིན་པའི་ཆའི་མཚན་ཉིད་ཐ་དད་པ་དང་། འཛིན་པའི་རྣམ་
པའི་མྱོང་བ་ཐ་དད་པ་དོན་དམ་པ་མ་ཡིན་པ་དེ་བཞིན་ནོ། །དེ་ཚེ་སྟེ་དེ་ལྟ་ཡིན་པ་དེའི་ཕྱིར་གཟུང་བ་དང་འཛིན་པ་དག་གི་མཚན་ཉིད་རང་གི་ངོ་བོ་གང་ཡིན་པ་སྟེ། རྣམ་པར་ཤེས་པ་སྨྲ་བའི་བློའི་རབ་ཏུ་དབྱེ་བས་གསུམ་གང་ཡིན་པ་འདི་ལ་བརྩད་པར་བྱ་བ་མ་ཡིན་ནོ། །གང་ཡང་གལ་ཏེ་མེད་པ་
གསལ་ན་རི་བོང་གི་རྭ་ཡང་ཅིའི་ཕྱིར་སྣང་བར་མི་འགྱུར་ཞེས་བརྗོད་པ་དེ་ནི་མ་ཡིན་ཏེ། དེ་ལ་མེད་པའི་རི་བོང་གི་རྭ་ཉེ་བར་སྟོན་པའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་མ་རིག་པའི་ངོ་བོར་གྱུར་པ་ནི་རྒྱུད་ལ་མེད་ཀྱི། སྔོན་པོ་ལ་སོགས་པ་སྟོན་པའི་ནུས་པ་ནི་ཡོད་པའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་
བས་ཁ་ན་མ་ཐོ་བ་མེད་དོ། །འདི་ཡང་ཚད་མའི་འབྲས་བུ་རྣམ་པར་གཞག་པའི་ཕྱིར་བཤད་པ། གང་གི་ཚེ་ཕྱིའི་དོན་མེད་པ་དེའི་ཚེ་ཤེས་པ་ལས་གཞན་རིག་པའི་རིག་པ་མེད་པའི་བདག་ཉིད་ཁོ་ན་རིག་པར་བྱ་བ་ཡིན་ཞིང་དེ་རིག་པ་རང་རིག་པ་ནི་འབྲས་བུར་འགྱུར་རོ། །འདི་ཉིད་ཀྱི་རྣམ་པར་འགྲེལ་པ་
བཤད་པ། རྣམ་པར་ཤེས་པར་སྨྲ་བ་གང་དག་གི་ཡོད་པ་མ་ཡིན་ཡང་གང་གིས་གཟུང་བ་དང་འཛིན་པའི་རྣམ་པར་ཉེ་བར་སྟོན་པ་སྟེ། གང་གི་ཕྱིར་དེ་ནི་མ་རིག་པས་ཉེ་བར་བསླད་པས་མེད་པའི་རྣམ་པ་ཡང་ཉེ་བར་སྟོན་པར་བྱེད་པ་དང་། བདག་ཉིད་རྣམ་པ་དེའི་འཛིན་པར་བྱེད་པ་མ་ཡིན་ཡང་འཛིན་
པར་བྱེད་པ་ཉིད་དུ་སྟོན་པར་བྱེད་པར་སྐྱེ་བ་དེ་དག་ལ་ནི་རིག་པར་བྱ་བ་གཞན་མེད་པའི་ཕྱིར་ཕྱིན་ཅི་ལོག་གི་རང་བཞིན་དུ་ཉེ་བར་སྟོན་པའི་བདག་ཉིད་རིག་པར་བྱ་བ་ཡིན་པའི་ཕྱིར། དེ་རིག་པ་འབྲས་བུ་ཡིན་ནོ། །བདག་གིས་ཕྱི་རོལ་གྱི་དོན་རིག་གོ་ཞེས་ངེས་ཀྱི། བདག་ཉིད་དོ་ཞེས་བྱ་བར་ནི་མ་ཡིན་པ་
เล่ม ๑๘๘ · หน้า 148a
མ་ཡིན་ནམ། རིག་པ་ཡང་ངེས་པ་ལ་ལྟོས་ནས་འབྲས་བུར་བརྗོད་ཀྱི་རང་ཉིད་ནི་མ་ཡིན་ནོ་ཞེ་ན། བདེན་ཏེ་འོན་ཀྱང་བདག་ཉིད་ཡུལ་དུ་རིག་པར་ངེས་པའི་ཕྱིར་ནི་རང་རིག་པ་འབྲས་བུར་བརྗོད་པ་མ་ཡིན་གྱི། འོན་ཀྱང་དོན་རྟོགས་པ་གང་ཡིན་པ་དེ་ནི་རང་རིག་པ་དེའི་ངོ་བོ་ཡིན་
པའི་ཕྱིར་རོ། །གང་གི་ཕྱིར་དོན་རྟོགས་པ་དོན་རིག་པ་ནི་དོན་དམ་པར་རང་རིག་པ་དོན་ཡིན་པ་དེའི་ཕྱིར་གང་ཞིག་དེའི་བདག་ཉིད་དུ་གྱུར་པའི་རིག་པ་དེ་ཉིད་དངོས་པོ་ལ་གནས་པའི་འབྲས་བུ་ཡིན་ནོ། །དེ་ཡང་དོན་རིག་པའི་རང་བཞིན་དུ་ཞེན་པ་ན་དོན་རིག་པར་འགྱུར་བ་ཡིན་ཏེ། རིག་པ་དེ་ཕྱི་རོལ་
གྱི་ཡུལ་ཅན་དུ་ངེས་པ་ཉིད་ཀྱང་རང་རིག་པ་ཉིད་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ། །གང་གི་ཕྱིར་གལ་ཏེ་འཛིན་པའི་རྣམ་པའི་ཡུལ་ཅན་ཉམས་སུ་མྱོང་བའི་ཉམས་སུ་མྱོང་བ་དེ་འདོད་པའི་རྣམ་པ་སྟེ། སིམ་པའི་རྣམ་པ་ཅན་གྱི་འཛིན་པའི་ཡུལ་ཅན་ནམ། གང་གི་ཚེ་ཕྱིན་ཅི་ལོག་ཏུ་གྱུར་པ་དེའི་ཚེ་ཡུལ་
དུ་འདོད་པའི་གཟུང་བའི་རྣམ་པ་ཡང་འདོད་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པ་སྟེ། བདེ་བའི་རྒྱུ་དང་མི་འདོད་པ་སྡུག་བསྔལ་གྱི་རྒྱུར་སོ་སོར་རིག་ཅིང་རྣམ་པར་འཇོག་གོ། །དེའི་ཕྱིར་དོན་རྟོགས་པར་མངོན་པར་རློམ་ཡང་བདེ་བ་ལ་སོགས་པ་འཛིན་པའི་ཆོས་ཀྱི་རྗེས་སུ་འབྲངས་ནས། དེ་དང་རྗེས་སུ་
མཐུན་པར་ཡུལ་རྣམ་པར་འཇོག་པའི་ཕྱིར་དོན་རིག་པར་ངེས་ཀྱང་རིག་པ་ནི་རང་གི་ཡུལ་ཅན་ཁོ་ནར་རིགས་སོ། །དེའི་ཕྱིར་དེ་ལྟར་རྣམ་པར་ཤེས་པར་སྨྲ་བ་ལ་གཟུང་བའི་རྣམ་པ་དོན་དུ་ཞེན་པར་བྱས་པ་ནི་གཞལ་བྱ་འཛིན་པའི་རྣམ་པ་ནི་ཚད་མ་གཟུང་བའི་རྣམ་པ་རིག་པ་རང་གི་རང་བཞིན་རིག་པའི་བདག་ཉིད་
ཡིན་ཡང་གཟུང་བ་རིག་པ་ཉིད་དུ་ངེས་པ་ནི་འབྲས་བུ་ཡིན་ནོ། །ཇི་ལྟར་འཛིན་པའི་རྣམ་པར་ཉམས་སུ་མྱོང་བའི་དབང་གིས་དོན་རིག་པ་རྣམ་པར་འཇོག་པ་དེས་ན་རྣམ་པར་ཤེས་པ་སྨྲ་བ་ལ་རང་རིག་པ་ཁོ་ན་འབྲས་བུ་ཡིན་པ་དེ་བཞིན་དུ་ཕྱི་རོལ་གྱི་དོན་ཡོད་ཀྱང་རང་རིག་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་དེ་ལ་སོགས་
པའི་རྣམ་པ་རང་རིག་པ་ལས་མ་འདས་པར་དོན་གྲུབ་པ་སྟེ། རྟོགས་པར་རྣམ་པར་འཇོག་པའི་ཕྱིར་རང་རིག་པ་དེ་ཉིད་འབྲས་བུར་རིགས་སོ། །ཕྱི་རོལ་གྱི་དོན་གཞན་ཡོད་པ་མ་ཡིན་ནམ། དེའི་ཕྱིར་དེ་རིག་པ་ཉིད་འབྲས་བུ་ཡིན་ནོ་ཞེ་ན་བཤད་པ། ཕྱི་རོལ་གྱི་དོན་ཡོད་ཀྱང་དོན་གྱི་རང་གི་ངོ་བོ་
เล่ม ๑๘๘ · หน้า 148b
ལས་མ་འདས་པར་རྣམ་པར་གཞག་པ་ནི་མ་ཡིན་ནོ། །ཤེས་པ་ཐམས་ཅད་ཅེས་བྱ་བ་ནི་གལ་ཏེ་དོན་ཇི་ལྟ་བ་བཞིན་དུ་དོན་རྣམ་པར་འཇོག་པར་འགྱུར་ན་དེའི་ཚེ་ཕྱི་རོལ་གྱི་ཡུལ་ངོ་བོ་ཉིད་གཅིག་ཉིད་ཡིན་པའི་ཕྱིར་འཛིན་པའི་རྣམ་པས་གནས་པའི་བདེ་བ་དང་སྡུག་བསྔལ་སྐྱེ་བ་ན་ཇི་ལྟར་རྟོགས་
པར་བྱེད་པ་རྣམས་དངོས་པོ་གཅིག་འཛིན་པའི་རྣམ་པར་ཤེས་པ་ལ་དུ་མའི་རང་བཞིན་འཛིན་པ་ཉིད་དུ་ངེས་པ་འདི་ལྟར་ངེས་པ་ནི་བདེ་བའི་རྒྱུར་འགྱུར་བའི་ཡུལ་ཡོངས་སུ་བཅད་དོ་ཞེས་ཁ་ཅིག་གིས་ངེས་ལ། ཁ་ཅིག་ནི་ཕྱིན་ཅི་ལོག་ཏུ་ཡིན་ནོ། །དེ་དག་གིས་ནི་བདེ་བའི་རྒྱུའམ་སྡུག་བསྔལ་གྱི་
རྒྱུའི་ཡུལ་ཡོངས་སུ་བཅད་པ་མ་ཡིན་ནོ། །འཛིན་པའི་རྣམ་པའི་རྣམ་གྲངས་བདེ་བ་ལ་སོགས་པ་རྣམས་ལ་ནི་གཟུང་བའི་ཡུལ་གྱི་རང་བཞིན་ངེས་པ་ཡོད་པ་མ་ཡིན་ཏེ། བདེ་བ་ལ་སོགས་པ་ནི་གོམས་པའི་རྗེས་སུ་བྱེད་པ་དེས་ན་ཡུལ་ངེས་པར་ག་ལ་འགྱུར། དེའི་ཕྱིར་གལ་ཏེ་དོན་ཇི་ལྟ་བ་བཞིན་
དུ་ཡུལ་རྣམ་པར་འཇོག་ན་ནི་དེའི་ཚེ་ཡུལ་ངེས་པའི་ཕྱིར་རང་བཞིན་གཅིག་འཛིན་པར་ངེས་པའི་རྣམ་པར་ཤེས་པ་ཐམས་ཅད་རྣམ་པ་གཅིག་ཏུ་འགྱུར་རོ། དེ་ལྟ་ནི་མ་ཡིན་ཏེ། གང་གི་ཕྱིར་ཡུལ་དེ་བདེ་བའི་རྒྱུ་ཉིད་དུ་ངེས་པ་དང་། དེ་ལས་བཟློག་པའི་རང་བཞིན་དུ་སོ་སོར་ཤེས་པ་དེ་དག་གིས་
གཟུང་བར་ངེས་པ་དེའི་ཕྱིར། ངེས་པའི་དོན་གཅིག་ཡུལ་ཡིན་པར་ལྷག་པར་ཞེན་ཀྱང་བདེ་བ་ལ་སོགས་པའི་རྒྱུར་ངེས་པའི་ཡུལ་ཅན་གྱི་ཤེས་པ་རྣམ་པ་དུ་མར་བརྗོད་པ་ཡིན་ནོ། །འདི་ཉིད་བཤད་པ་ནི། རྣམ་པ་ནི་དུ་མར་རྣམ་པར་རིག་སྟེ། གང་གི་ཕྱིར་རང་བཞིན་གཅིག་ཉིད་ལ། གཅིག་
གི་ནི་ཡིད་ལ་འབབ་པས་ཡིད་དུ་འོང་བ་སྟེ། འདོད་པ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་ནི་ཡིད་དུ་མི་འོང་བར་དེ་ལས་བཟློག་པར་མཐོང་བ་སྟེ་ངེས་པའི་ཕྱིར་རོ། །དགོངས་པ་ནི་འདི་ཡིན་ཏེ། སྣང་བའི་རང་བཞིན་ནི་གོམས་པའི་རྗེས་སུ་འཇུག་པའི་བདེ་བ་ལ་སོགས་པ་འགའ་ཞིག་གི་ཡང་ངེས་པར་
བྱེད་པའི་རྒྱུ་མ་ཡིན་ཏེ། འོན་ཀྱང་གོམས་པ་སད་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པའི་ཕྱིར་བདེ་བ་ལ་སོགས་པ་ལ་མ་ངེས་པ་ཡིན་ནོ། །དོན་དེ་ལ་རྟོགས་པར་བྱེད་པ་གང་གིས་གོམས་པ་ཅི་འདྲ་བར་འགྱུར་བ་དེའི་གོམས་པ་དེ་འདྲ་བ་སད་པའི་རྒྱུ་ཡིན་གྱི། བདེ་བ་ལ་སོགས་པའི་རྒྱུ་ནི་མ་ཡིན་ནོ། །
เล่ม ๑๘๘ · หน้า 149a
དེ་ནི་དེ་ཁོ་ན་ལྟར་གཟུང་བ་ངེས་པར་བྱས་པ་ཡིན་ན་དེ་ལྟར་ངེས་པ་ནི་མེད་དེ། བདེ་བ་དང་བདེ་བ་མ་ཡིན་པ་ལ་སོགས་པ་ཤེས་པའི་འཛིན་པའི་རྣམ་པ་ཐ་དད་པའི་ཕྱིར་དང་། དེ་ཡང་འཛིན་པའི་རྣམ་པ་ཅི་ལྟ་བ་བཞིན་རྒྱུ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་གྱི་
དོན་དུ་སྨྲ་བ་ལ་ཡང་རང་རིག་པའི་རྗེས་སུ་འབྲངས་ནས་དོན་རྣམ་པར་འཇོག་པའི་ཕྱིར་རང་རིག་པའི་རང་བཞིན་ཁོ་ནར་རིགས་སོ། །འདོད་པའམ་མི་འདོད་པར་སྣང་བའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་ནི་རྟོག་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། དངོས་པོ་གཅིག་ལ་འདོད་པ་དང་མི་འདོད་པའི་རྣམ་པར་
འཇུག་པ་ནི་རྟོག་པ་ཉིད་ཡིན་གྱི། དབང་པོའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དབང་པོའི་རྣམ་པར་ཤེས་པའི་ཡུལ་བསམ་པ་ན་རང་རིག་པ་ཇི་ལྟ་བ་བཞིན་དུ་དོན་རྣམ་པར་འཇོག་གོ་ཞེས་བྱ་བ་མི་རིགས་སོ་སྙམ་དུ་དོགས་པ་ལ་མ་ཡིན་ཏེ་ཞེས་གསུངས་ཏེ། དབང་པོའི་རྣམ་པར་
ཤེས་པ་དེ་ལ་ཡང་འཆི་ལྟས་ལ་སོགས་པའི་དུས་སུ་བདེ་བ་ལ་སོགས་པའི་རྣམ་པ་མཚམས་སྦྱོར་བ་མེད་པ་སྟེ། རྗེས་སུ་འཇུག་པ་མེད་པའོ། །སོགས་པ་སྨོས་པ་ནི་ནད་ཀྱི་བྱེ་བྲག་གིས་ཐེབས་པའི་དུས་ན་ཡང་ངོ་། །འགའ་ཞིག་འདོད་པ་མངོན་པར་དགའ་བར་བྱ་བའི་གནས་སུ་ལན་ཅིག་མ་
ཡིན་པར་ཉམས་སུ་མྱོང་བ་ཡང་དམིགས་པ་དེ་ཉིད་ལ་ལྟ་བ་འཇུག་པ་ན་དེ་མ་ཐག་ཏུ་མིག་གི་རྣམ་པར་ཤེས་པ་མི་འདོད་པའི་རྣམ་པར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ནད་ཀྱི་བྱེ་བྲག་གིས་ཐེབས་པའི་ཚེ་ཡང་ཡུལ་གང་ལ་སྔོན་བདེ་བའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའི་དམིགས་
པ་དེ་ཉིད་ལ། མོད་ལ་སྡུག་བསྔལ་གྱི་རྣམ་པ་ཅན་རྣམ་པར་ཤེས་པ་སྐྱེ་ཞིང་གང་ལས་སུན་བྱུང་བར་འགྱུར་བ་ཡིན་ནོ། །ཁ་ཅིག་ན་རེ་འཆི་ལྟས་ཀྱི་ཚེ་ན་གོས་དཀར་པོ་སྔོན་པོར་སྣང་ངོ་ཞེས་ཟེར་བ་དེ་ནི་དེ་ལྟར་མི་རིགས་ཏེ་བདེན་པའི་དོན་ཅན་དུ་འདོད་པའི་རྣམ་པར་ཤེས་པ་ཉིད་རིག་པ་ཇི་ལྟ་བ་བཞིན་དུ་
དོན་རྣམ་པར་འཇོག་པའི་དཔེར་བྱ་བ་ཡིན་གྱི། ལོག་པའི་ཤེས་པ་ནི་མ་ཡིན་ནོ། །དཀར་པོ་སྔོན་པོར་སྣང་བ་ནི་ལོག་པའི་ཤེས་པ་ཡིན་ཏེ། དེའི་ཕྱིར་སྔ་མ་ཉིད་སྐྱོན་མེད་དོ། །རེ་ཞིག་མཚམས་སྦྱོར་བ་མེད་པར་རིམ་པ་དང་ལྡན་པའི་རྣམ་པ་འདི་ནི་རྒྱུད་གཅིག་གི་ཡུལ་མ་ཡིན་ནོ། །གཞན་ལ་ཡང་
เล่ม ๑๘๘ · หน้า 149b
ཞེས་བྱ་བ་རྒྱུད་ཐ་དད་པ་རྣམས་ལ་ཅིག་ཅར་ཐ་དད་པ་མེད་པའི་གླུའི་སྒྲས་རི་དགས་དགའ་བར་བྱེད་པའི་སྒྲ་དེ་ཉིད་ཀྱིས་སྲོག་ཆགས་ཀྱི་བྱེ་བྲག་གཞན་གྱིས་ཐོས་པ་ལས་སྡུག་བསྔལ་བར་འགྱུར་ཞིང་། དེ་བཞིན་དུ་དྲི་དེ་ཉིད་ཀྱིས་མི་དང་ཕག་དང་། དེ་བཞིན་དུ་ལན་ཚྭ་ཞེས་བྱ་བའི་རོའི་བྱེ་བྲག་གིས་
རྔ་མོ་དང་མི་དང་། དེ་བཞིན་དུ་བད་ཀན་གྱི་རང་བཞིན་དང་། མཁྲིས་པའི་རང་བཞིན་ཅན་དག་ཅི་རིགས་པར་བདེ་བ་དང་སྡུག་བསྔལ་བར་འགྱུར་རོ། །དེའི་ཕྱིར་ཏེ་ཐ་དད་པ་མེད་ཀྱང་དེ་དག་གིས་སྲོག་ཆགས་ཀྱི་བྱེ་བྲག་རྣམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་བདེ་བ་དང་མི་བདེ་བའི་སྐྱེད་པའི་
རྒྱུའི་ཕྱིར་དོན་རྟོགས་པ་ནི་རང་རིག་པའི་ངོ་བོ་ཁོ་ནའོ། །གཞན་དག་ནི་དཔེར་ན་སྔོན་པོ་དང་སྔོན་པོ་མ་ཡིན་པ་དག་འགལ་བའི་ཕྱིར། དོན་གཅིག་སྔོན་པོ་དང་སྔོན་པོ་མ་ཡིན་པའི་རང་བཞིན་དུ་མི་འགྱུར་བ་དེ་བཞིན་དུ། དོན་གཅིག་འདོད་པ་དང་མི་འདོད་པར་མི་འགྱུར་ཏེ། དེ་དག་འགལ་བ་ཉིད་
ཀྱི་ཕྱིར་རོ། །དོན་གཅིག་ལ་རྟོགས་པར་བྱེད་པ་མང་པོ་རྣམས་ཀྱི་འདོད་པ་ལ་སོགས་པར་སྣང་བའི་ཤེས་པ་གཅིག་ཅར་སྐྱེ་བ་ཡིན་ཏེ། དེའི་ཕྱིར་མྱོང་བ་ཇི་ལྟ་བ་བཞིན་དུ་དོན་རྣམ་པར་གནས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་དེ་ལྟར་མི་རིགས་ཏེ། གང་གི་ཕྱིར་འཛིན་པའི་རྣམ་པ་ཉིད་སིམ་པ་དང་སིམ་
པ་མ་ཡིན་པ་བདེ་བ་དང་སྡུག་བསྔལ་བར་རིག་གི། གཟུང་བའི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །དེ་ལ་ཡང་དགའ་བ་དང་ཡོངས་སུ་གཟུང་བའི་རྣམ་པའི་རང་བཞིན་དུ་གཅིག་ཏུ་ན་མྱོང་བ་ཉིད་དུ་མཐོང་ངོ་། །འདིའི་བདག་ཉིད་ནི་འཇོག་པར་བྱེད་པ་གཞན་ཡིན་པར་ནི་རིགས་པ་མ་ཡིན་ནོ་ཞེས་བཤད་
ཟིན་པ་ཡིན་ནོ། །དེ་ལྟ་ན་ཡང་གལ་ཏེ་བདེ་བ་ལ་སོགས་པའི་རང་བཞིན་འཛིན་པའི་རྣམ་པར་གྱུར་པ་ནི་ཕྱི་རོལ་གྱིས་བྱས་པ་མ་ཡིན་ཏེ། གཟུང་བའི་རྣམ་པར་རྟོག་པའི་རང་བཞིན་དེ་ཉིད་ཕྱི་རོལ་གྱིས་བྱས་པ་ཡིན་ནོ། །འདི་ལ་ཚད་མ་ནི་ཉམས་སུ་མྱོང་བ་ཡིན་ཏེ། གང་གི་ཕྱིར་གཟུང་བའི་རྣམ་པ་
བདེ་བའམ་སྡུག་བསྔལ་བར་ངེས་པ་ནི་འགའ་ཡང་མེད་ཀྱི། འོན་ཀྱང་གཟུང་བའི་རྣམ་པ་ལས་རྣམ་པར་ཆད་པ་ཉིད་དུ་གཟུང་བའི་རྣམ་པའི་འཛིན་པ་བདག་ཏུ་འཛིན་པའི་གཞི་ཉིད་བདེ་བ་དང་སྡུག་བསྔལ་བར་མཐོང་ངོ་། །འདི་ཡང་སྐབས་ཇི་ལྟ་བ་བཞིན་དུ་རབ་ཏུ་བྱེད་པ་འདི་ཉིད་དུ་འཆད་པར་འགྱུར་
เล่ม ๑๘๘ · หน้า 150a
རོ། །དེས་ན་ཇི་ལྟར་སློབ་དཔོན་གྱིས་བདེ་བ་ལ་སོགས་པ་ཕྱི་རོལ་གྱིས་བྱས་པ་མ་ཡིན་པར་དགོངས་ནས་བཤད་པ་དང་། ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་འདོད་པ་དང་མི་འདོད་པ་ནི་འཛིན་པའི་རྣམ་པར་རྟོག་པ་ཡིན་གྱི་གཟུང་བའི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །འདིར་
འདོད་པར་བྱ་བ་འདོད་པར་བཞེད་པ་ནི་མ་ཡིན་ཏེ། འདོད་པ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་དང་། དབང་པོའི་ཤེས་པར་རྟོགས་པའི་འདོད་པ་ལ་སོགས་པ་སེམས་པའི་ཕྱིར་ཏེ། ཇི་ལྟར་དབང་པོ་པ་ཉིད་ཀྱི་བདེ་བ་ཞེས་བྱ་བ་ལྟ་བུའོ། །སིམ་པར་བྱ་བ་ཉམས་སུ་མྱོང་བ་ཡང་དབང་
པོའི་རྣམ་པར་ཤེས་པར་གྱུར་པ་ཉིད་ཡིན་གྱི་མངོན་པར་འདོད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དངོས་པོ་ཐ་དད་པ་མེད་ཀྱང་དེ་ཐ་དད་པའི་ཕྱིར་མྱོང་བ་ཇི་ལྟ་བ་བཞིན་ཐ་དད་པར་རྣམ་པར་གཞག་པ་འཛིན་པའི་རྣམ་པར་གྱུར་པའི་རང་བཞིན་ནི་དོན་དང་འདྲ་བ་མ་ཡིན་གྱི། འོན་ཀྱང་དོན་དང་འདྲ་བ་ནི་གཟུང་བའི་
རྣམ་པའི་རང་བཞིན་ཡིན་པས། གལ་ཏེ་དེ་ཉིད་དངོས་པོ་ཐ་དད་པ་མེད་པ་ལ་ཡང་ཐ་དད་པར་འགྱུར་ན་ནི་དོན་རྣམ་པར་གཞག་པ་མྱོང་བ་ལ་རག་ལས་ཀྱི་དངོས་པོ་ལ་ལྟོས་པ་ནི་མ་ཡིན་པར་འགྱུར་རོ། །འདི་སྐད་དུ་འཛིན་པའི་རྣམ་པས་བསྡུས་པའི་འདོད་པའམ་མི་འདོད་པ་དང་འདྲ་བ་དངོས་པོ་མ་ཡིན་དུ་
ཆུག་ཀྱང་དངོས་པོའི་རྒྱུ་ཅན་དུ་ནི་འགྱུར་བ་ཁོ་ནས་སོ། །དངོས་པོ་གཅིག་ལས་ནི་གྲང་བ་དང་ཚ་བ་བཞིན་དུ་ཕན་ཚུན་འགལ་བའི་རང་བཞིན་གྱི་འབྲས་བུ་མི་འབྱུང་བའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་དེ་ལྟར་ནི་མི་རིགས་ཏེ། ཉེ་བར་ལེན་པའི་རྒྱུ་ལ་ནི་ཉེ་བར་ལེན་པ་ལས་བྱུང་བ་ཐ་དད་པ་འགལ་བ་ཡིན་
གྱི། ལྷན་ཅིག་བྱེད་པའི་རྒྱུ་འབྲས་བུ་དུ་མ་བྱེད་པ་ནི། འགལ་བ་ཡོད་པ་མ་ཡིན་ཏེ། རྣམ་འགྲེལ་ལས། ཉེར་ལེན་ཤེས་པ་ནང་ན་ནི། །ཡོད་ཀྱང་སྡུག་བསྔལ་ལ་སོགས་འབྱུང་། །ཞེས་བཤད་དོ། །འདིས་ནི་བདེ་བ་ལ་སོགས་པ་ནི་མཚུངས་པ་དེ་མ་ཐག་པའི་ནང་དུ་གཏོགས་པ་སྔོན་གོམས་པ་
ལ་སོགས་པའི་རྒྱུ་ཅན་དུ་བརྗོད་པ་ཡིན་ནོ། །དེ་ལས་ཀྱང་བདེ་བ་ལ་སོགས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་སྔོན་གོམས་པ་ལ་སོགས་པ་སད་པར་བྱེད་པའི་རྐྱེན་ལ་ལྟོས་པ་ཅན་རྒྱུ་ཐ་དད་པ་ལས་སྐྱེ་བ་ན་ལྷན་ཅིག་བྱེད་པ་གཅིག་ལ་ལྟོས་པ་མི་འགལ་ལོ། །འདི་ལྟར་སྐྱེ་བ་དེ་ཉིད་ལ་མ་གོམས་པའི་
เล่ม ๑๘๘ · หน้า 150b
ཁར་རོ་ཁ་མོ་བཅུག་མ་ཐག་ཏུ་བཞིན་གྱི་རྣམ་པར་འགྱུར་བ་ལས་རྗེས་སུ་དཔག་པས་དབང་པོའི་སྡུག་བསྔལ་བསྐྱེད་པར་མཐོང་ལ། ཕྱིས་གོམས་པ་ལས་བཞིན་གསལ་བ་ལས་རྗེས་སུ་དཔག་པས་སྡུག་བསྔལ་ལོག་ནས་བདེ་བ་ཉིད་བྱེད་པར་མཐོང་བ་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་གཞན་དུ་
གོམས་པའམ། སྐྱེ་བ་འདི་ལ་གོམས་པ་ལས་ཀྱང་བདེ་བ་ལ་སོགས་པ་རྒྱུད་སོ་སོ་ལ་ཐ་དད་པ་སྐྱེ་བ་ན་དོན་གཅིག་ཉེ་བར་ལེན་པའི་རྒྱུའི་ལྷན་ཅིག་བྱེད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་བཤད་པ་འདི་ཉིད་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་གྱི་དོན་རྟོགས་པར་བྱེད་པ་མང་པོ་རྣམས་ཀྱིས་རང་གི་རྣམ་པའི་
དབང་གིས་བདེ་བའི་རྒྱུ་དང་སྡུག་བསྔལ་གྱི་རྒྱུར་ངེས་པར་འགྱུར་བ་དང་། དོན་དེ་ཡང་མ་ངེས་པའི་ཕྱིར་མྱོང་བ་ཇི་ལྟ་བ་བཞིན་དོན་རྣམ་པར་གནས་པ་ཡིན་ནོ། །འདིར་འཐད་པ་འདིས་ཕྱི་རོལ་གྱི་དོན་བཟློག་པར་འདོད་པ་ནི་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་གྱི་དོན་ཡོད་ཀྱང་རང་རིག་པ་ཉིད་འབྲས་བུར་
རིགས་ཀྱི་དོན་རིག་པ་ནི་མ་ཡིན་ནོ། །འདི་ལྟར་ཕྱི་རོལ་གྱི་དོན་ཚུལ་ལ་དོན་ནི་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། དོན་རིག་པ་ནི་འབྲས་བུ་ཡིན་ལ། རྣམ་པར་ཤེས་པར་སྨྲ་བ་ལ་ནི་བདག་ཉིད་གཞལ་བྱ། འཛིན་པའི་རྣམ་པ་ནི་ཚད་མ། བདག་ཉིད་རིག་པ་ནི་འབྲས་བུ་ཡིན་ནོ། །ཡང་ཕྱི་
རོལ་གྱི་དོན་གྱི་ཚུལ་ལ་འབྲས་བུ་རྣམ་པར་གཞག་པ་གཉིས་པ་དོན་ནི་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། རང་རིག་པ་ནི་འབྲས་བུའོ་ཞེས་འདི་ན་འབྲས་བུ་འདི་ལྟར་རྣམ་པར་གཞག་པའི་འཐད་པ་ཡིན་ནོ། །གང་གི་ཕྱིར་རང་རིག་པ་ཇི་ལྟ་བ་བཞིན་དོན་རྣམ་པར་འཇོག་པ་དེའི་ཕྱི་རོལ་གྱི་དོན་
ཡོད་ཀྱང་འབྲས་བུ་ནི་རང་རིག་པ་ཡིན་ནོ། །གལ་ཏེ་འོ་ན་རང་རིག་པ་འབྲས་བུ་ཡིན་ལ་དེ་ལྟར་ན་ཚད་མ་འཛིན་པའི་རྣམ་པ་ཡིན་ནོ་ཞེ་ན། བཤད་པ། རང་རིག་པའི་རང་བཞིན་དུ་གྱུར་པ་དོན་རྟོགས་པ་འདིའི་སྒྲུབ་པར་བྱེད་པ་སྟེ། ཚད་མ་ནི་འདིའི་ཡུལ་ལྟ་བུའི་རྣམ་པ་སྟེ། ཡུལ་གྱི་རྣམ་པ་
ཉིད་ཡིན་ནོ། །འཛིན་པའི་རྣམ་པ་ཇི་ལྟར་ཉམས་སུ་མྱོང་བ་དེ་ལྟར་དོན་ཉམས་སུ་མྱོང་བར་རྣམ་པ་འཇོག་པ་མ་ཡིན་ནམ། དེས་ན་འཛིན་པའི་རྣམ་པ་ཉིད་ཚད་མར་རིགས་སོ་ཞེ་ན། བདེན་ཏེ་རང་ཉིད་ཀྱི་ཡུལ་ལ་འཛིན་པའི་རྣམ་པའི་རྗེས་སུ་འབྲངས་ཏེ་ཡུལ་རྣམ་པར་འཇོག་ན་ནི་འགྱུར་རོ། །
เล่ม ๑๘๘ · หน้า 151a
ཡང་གང་གི་ཚེ་ཕྱི་རོལ་གྱི་དོན་ཡུལ་ཡིན་པ་དེའི་ཚེ་ཕྱི་རོལ་གྱི་དོན་ཁོང་དུ་ཆུད་པའི་རྒྱུ་མཚན་གང་ཡིན་པ་དེ་ཉིད་ཚད་མ་ཡིན་ལ། རྒྱུ་མཚན་ཡང་སྔོན་པོའི་རྣམ་པ་ཡིན་ནོ། །འདི་ཉིད་བཤད་པའི་ཕྱིར་གསུངས་པ་ནི་རྣམ་པ་ཇི་ལྟ་བ་བཞིན་དུ་རྣམ་པ་ལས་མ་འདས་པར་རང་
རིག་པ་འདི་སྣང་བ་བསལ་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་སྔོན་པོའི་རྣམ་པ་སྣང་ན་ནི་དེའི་ཚེ་འདོད་པའི་རྣམ་པ་ཅན་གྱི་མྱོང་བ་འདི་སྔོན་པོའི་ཡུལ་ཅན་དུ་བརྟགས་པ་ཡིན་ཏེ། དེ་བཞིན་དུ་རྣམ་པ་གཞན་ལ་ཡང་སྦྱར་རོ། །དེའི་ཕྱིར་ཤེས་པ་རྣམ་པ་དང་བཅས་པ་ལ་
འདོད་པ་ལ་སོགས་པའི་རང་བཞིན་ཉམས་སུ་མྱོང་བའི་གཟུང་བའི་རྣམ་པའི་དབང་གིས་དོན་གྱི་ཡུལ་ཅན་དུ་རྣམ་པར་འཇོག་པ་ཡིན་པ་དེས་ན་དེ་ཉིད་ཚད་མ་ཡིན་ནོ། །གལ་ཏེ་འོ་ན་ཕྱི་རོལ་ལ་རང་རིག་པ་ཉིད་འབྲས་བུ་ཡིན་ན་འོ་ན་ཇི་ལྟར་འབྲས་བུ་རྣམ་པར་གཞག་པར་དོན་རིག་པར་འབྲས་བུ་ཡིན་
པར་བརྗོད་ཅེ་ན། བཤད་པ། རང་རིག་པ་ཡིན་ཡང་འབྲས་བུ་ལས་ཏེ། ཞེན་པ་ལས་འདི་ནི་དོན་རིག་པ་ཡིན་པར་བལྟའོ། །རིག་པ་ནི་ཇི་ལྟར་ལྷག་པར་ཞེན་པ། དེ་ལྟར་འབྲས་བུ་བརྗོད་པ་ཡིན་ལ། དོན་དང་འབྲེལ་པར་ཡང་ཞེན་པ་དེའི་ཕྱིར་དོན་རིག་པ་ཉིད་འབྲས་བུ་ཡིན་ནོ། །འོ་ན་ཇི་
ལྟར་རང་རིག་པ་ཡིན་ཞེ་ན། བཤད་པ། དོན་གནས་པ་ཡུལ་རྣམ་པར་གཞག་པ་གང་ཡིན་པ་ནི་རང་རིག་པའི་རང་བཞིན་ཡིན་ཏེ། དོན་རྣམ་པར་གནས་པ་ནི་མྱོང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལྟར་ཇི་ལྟར་གཟུང་བའི་རྣམ་པ་དཀར་པོ་དང་དཀར་པོ་མ་ཡིན་པ་ལ་སོགས་པ་ཉམས་སུ་
མྱོང་བ་དང་། དེ་བཞིན་དུ་འཛིན་པའི་རྣམ་པ་བདེ་བ་དང་སྡུག་བསྔལ་བ་ཅི་འདྲ་བ་ཡང་དག་པར་རིག་པ་དེ་ལྟར་སྔོན་པོའམ་སྔོན་པོ་མ་ཡིན་པ་བདེ་བ་ལ་སོགས་པའི་རྒྱུར་རྣམ་པར་འཇོག་ཅིང་རིག་པ་དེའི་ཕྱིར་དོན་རིག་པ་ནི་རང་རིག་པའི་ངོ་བོ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཐ་སྙད་ཀྱི་འབྲས་བུའི་དབང་གིས་རང་
རིག་པ་ཡིན་ཡང་དོན་རིག་པར་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཏེ་ཡུལ་ཉིད་ཚད་མའི་བྱ་བ་ཡིན་པ་དང་། དེ་ཉིད་ཀྱི་རིག་པ་འབྲས་བུ་ཡིན་པ་དེའི་ཕྱིར་ཚད་མ་དང་འབྲས་བུ་དག་ཡུལ་ཐ་དད་པ་ཡང་མ་ཡིན་ནོ། །གལ་ཏེ་བདག་རིག་པ་འབྲས་བུ་དང་ཡུལ་གཞལ་བྱ་ཡིན་ན་ནི། དེའི་ཚེ་ཚད་མ་དང་
เล่ม ๑๘๘ · หน้า 151b
འབྲས་བུ་ཡུལ་ཐ་དད་པ་ཁོ་ནར་འགྱུར་བ་ན། ད་ལྟར་ནི་ཅུང་ཞིག་ཀྱང་ཐ་དད་པ་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་རང་རིག་པ་འབྲས་བུར་བརྗོད་ཅེ་ན། བཤད་པ། དོན་རིག་པའི་རང་བཞིན་གང་ཞིག་ཅེས་རང་བཞིན་སེམས་པ་ན་ནི། རང་ཉིད་རིག་པ་འབྲས་བུར་བཤད་དེ། དོན་རིག་པ་ནི་
དེའི་བདག་ཉིད་ཡིན་པའི་ཕྱིར་ཏེ། རང་རིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་སྐབས་ཀྱི་དོན་ནི་འདི་ཡིན་ཏེ། གཟུང་བའི་རྣམ་པ་ཡོངས་སུ་གཅོད་པར་སྣང་བའི་འཛིན་པའི་རྣམ་པ་ནི་བདག་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཕྱི་རོལ་གྱི་དོན་ལ་ཚད་མ་མ་ཡིན་ཏེ། རྣམ་འགྲེལ་ལས།
འཛིན་པའི་བདག་ཉིད་ནི་ཡོངས་སུ་ཟིན་ཀྱང་དོན་གཞན་མ་ཡིན་པའི་ཕྱིར། ཕྱི་རོལ་གྱི་དོན་རྣམས་ལ་ལྟོས་པ་མ་ཡིན་ནོ་ཞེས་བཤད་དོ། །གཟུང་བའི་རྣམ་པ་ནི་ཕྱི་རོལ་ཚད་མ་ཡིན་ཏེ། དེ་ཉིད་ནི་ཇི་ལྟར་རིགས་པ་དེ་ལྟར་དོན་རིག་པར་འགྱུར་བ་ཡིན་ནོ། །ཕྱི་རོལ་གྱི་དོན་རིག་པ་ནི་གཞན་
ལ་གཟུང་བའི་རྣམ་པ་རིག་པ་ཡང་གཞན་ཉིད་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དོན་ནི་རང་གི་ངོ་བོས་མཐོང་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བདག་རིག་པ་དོན་རིག་པར་སྟོན་པའི་གཟུང་བའི་རྣམ་པ་དེ་ཉིད་དོན་ལ་ཚད་མ་ཡིན་ལ། རང་རིག་པ་ཡིན་ཡང་དོན་རིག་པའི་རང་བཞིན་དུ་ལྷག་པར་ཞེན་པ་ན་
ཞེན་པའི་འབྲས་བུའི་དབང་གིས་དོན་རིག་པར་བརྗོད་པ་ཡིན་ནོ། །དེས་ན་ཚད་མ་དང་འབྲས་བུ་དག་ཡུལ་ཐ་མི་དད་དོ། །གང་གི་ཕྱིར་གཟུང་བའི་རྣམ་པའི་དབང་གིས་དེ་དང་དེའི་རིག་པར་གནས་པ་དེས་ན་ཡུལ་ཐ་དད་པ་མ་ཡིན་ནོ། །གལ་ཏེ་དོན་ཡོད་ཀྱང་རྣམ་པ་དང་བཅས་པའི་ཕྱོགས་ལ་
རང་གི་ངོ་བོ་ཉིད་ཀྱིས་ཕྱི་རོལ་གྱི་དོན་ལ་སྣང་བ་ནི་མ་ཡིན་གྱི། འོན་ཀྱང་ཉམས་སུ་མྱོང་བའི་དབང་གིས་སྔོན་པོ་ལ་སོགས་པ་མཐོང་བ་དང་། བདེ་བ་ལ་སོགས་པའི་རྒྱུ་ཉིད་རྣམ་པར་གནས་པ་ཡིན་ན། འོ་ན་ནི་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་འདྲ་བའི་སྐྱེད་པར་བྱེད་པ་གཞལ་བྱར་འདོད་པར་མི་
འགྱུར་གྱི། འོན་ཀྱང་དེ་དང་འདྲ་བའམ་གཞན་འདྲ་ཡང་རུང་སྟེ། འདྲ་བའམ་མི་འདྲ་ཡང་བླ། དེ་ལྟར་ཞེས་བྱ་བ་སྔོན་པོ་ལ་སོགས་པ་གཟུང་བའི་རྣམ་པ་དང་། བདེ་བ་ལ་སོགས་པ་འཛིན་པའི་རྣམ་པར་རབ་ཏུ་སྣང་བ་སྟེ། གསལ་བའི་ཤེས་པའི་རྒྱུ་གང་གི་ཕྱིར་དོན་ཡང་ཡིན་ནོ། །ཡིན་པས་
เล่ม ๑๘๘ · หน้า 152a
ན་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དོན་རྒྱུ་ཡིན་པ་དེའི་ཕྱིར་དོན་དེ་གཞལ་བྱ་ཡིན་པར་འདོད་པར་འགྱུར་རོ། །དགོངས་པ་ནི་འདི་ཡིན་ཏེ། འདྲ་བར་ངེས་པ་ནི་གཉི་ག་མཐོང་བ་ལ་རག་ལས་པ་ཡིན་ལ། རྣམ་པ་དང་བཅས་པའི་ཕྱོགས་ལ་དོན་ནི་
སྔར་གང་གིས་ཀྱང་མཐོང་བ་མ་ཡིན་ན། དེ་ཅི་འདྲ་བར་བརྟག །རང་ཉིད་ཀྱིས་ཀྱང་ཇི་ལྟར་ཉམས་སུ་མྱོང་བ་དེའི་བདག་ཉིད་མ་ཡིན་ཡང་བདེ་བ་ལ་སོགས་པའི་རྒྱུ་ཉིད་དུ་ངེས་པར་འདོད་པ་དེས་ན་འདྲ་བ་མ་ཡིན་ནོ། །ཅིག་ཤོས་ལོགས་ན་གནས་པས་ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་ཡུལ་འདི་ལྟ་བུ་
ཉིད་ཡིན་ན་ཧ་ཅང་ཐལ་བར་མཐོང་ནས་སློབ་དཔོན་ལ་སྨྲས་པ། ཇི་ལྟར་རྣམ་པ་འགའ་ཞིག་ལྟར་ཏེ། རྒྱུ་འགའ་ཞིག་ལས་དོན་དངོས་ཏེ་འདྲ་བ་སྤངས་ནས་སྔོན་པོའི་རྣམ་པར་སྣང་ན་ཇི་ལྟར་དོན་འཛིན། ཤེས་པ་དེ་ལས་སྐྱེས་པ་དང་དེ་དང་འདྲ་བ་ལས་ནི་དོན་འཛིན་པར་འགྱུར་བ་ཡིན་ན། སྐྱེད་པར་
བྱེད་པ་ཙམ་ནི་ཡུལ་དུ་སྲིད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་ཉིད་སློབ་དཔོན་གྱིས་གསུངས་པ། ངས་ཀྱང་དེ་འདྲ་བའི་ཡུལ་ནི་མི་ཤེས་སོ། །ཕྱིའི་དོན་དུ་སྨྲ་བ་ཉིད་ལ་འདྲི་བར་བྱ་བ་ཡིན་ཏེ། གང་ཞིག་ཕྱིའི་དོན་ཁས་ལེན་པ་དེ་ཐལ་བ་འདིར་འགྱུར་རོ། །གང་མི་སྣང་བ་
དང་བདེ་བ་ལ་སོགས་པའི་རྒྱུར་ངེས་པའི་དོན་དང་དབང་པོའི་ཡུལ་དུ་འདོད་པ་ལ་ཡིན་གྱི། ཁོ་བོ་ནི་ད་ལྟར་མི་འདོད་དོ། །ཚིག་ལེའུར་བྱས་པར་མ་བརྗོད་པའི་དོན་འགྲེལ་པ་ལས་བར་སྐབས་སུ་ཚིགས་སུ་བཅད་པའོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན་འོ་ན་ཚད་མ་དང་གཞལ་བྱ་དང་འབྲས་བུ་རྣམ་པར་
གཞག་པ་དེའི་ཁོ་ན་ཉིད་དུ་མི་འགྱུར་རོ་སྙམ་དུ་བསམས་ནས། ཕྱི་རོལ་གྱི་དོན་མེད་ན་འོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་བཤད་ཟིན་ཏོ་ཞེས་བྱ་བ་ནི། དེ་ལྟར་འཁྲུལ་པས་མཐོང་འགྱུར་བ། །ཞེས་བྱ་བ་འདིའི་ནང་དུ་དེ་ཁོ་ན་ཉིད་ལས་མ་འདས་པར་རྣམ་པར་གཞག་པ་ནི་མ་ཡིན་གྱི།
འོན་ཀྱང་འཁྲུལ་པ་ལས་སོ་ཞེས་བྱ་བར་རོ། །འདི་ལྟར་ཡུལ་ལྟ་བུའི་རྣམ་པ་གང་ཡིན་པ་དང་། ནང་དུ་ཞེས་བྱ་བ་བདག་ཏུ་འཛིན་པའི་གཞི་མ་ཡིན་པར་རྣམ་པར་ཆད་པ་ལས་བདག་ཏུ་འཛིན་པའི་གཞིར་རྣམ་པར་ཆད་པའོ། །འདིའི་ནང་དུ་ཡོངས་སུ་གཅོད་པ་ནི་ཡུལ་གྱི་རྣམ་པ་འཛིན་པ་སྟེ། འདིས་
เล่ม ๑๘๘ · หน้า 152b
ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ནི་རང་རིག་པར་བྱ་བའི་རང་བཞིན་དུ་སྐྱེ་བ་ཉིད་ན་དེ་ལྟར་མཚོན་པར་འགྱུར་ཏེ་འཁྲུལ་པའི་ཕྱིར་རོ། །རང་རིག་པའི་རང་བཞིན་གྱི་ཤེས་པ་དེ་ཉིད་ནི་མི་བདེན་པའི་གཟུང་བ་དང་འཛིན་པའི་རྣམ་པ་རང་ལ་མེད་པ་ཀུན་དུ་སྟོན་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་
གྱུར་པའི་བདག་ཉིད་ཀྱི་རྣམ་པར་ཤེས་པ་དེ་ལ་གཞལ་བྱ་ལ་སོགས་པའི་རྣམ་པར་གཞག་པ་ནི་ཇི་ལྟར་འཁྲུལ་པས་མཚོན་པ་ལྟར་བྱེད་པ་ཡིན་ནོ། །ཡོངས་སུ་གཅོད་པ་འཛིན་པའི་རྣམ་པའི་བདག་ཉིད་གཟུང་བའི་ཆ་ཡོངས་སུ་གཅོད་པར་ལྷག་པར་ཞེན་པ་མ་ཡིན་ནམ། གཟུང་བའི་ཆ་ནི་ཉེ་བར་
བསླད་པ་ཡིན་གྱི། བདག་ཉིད་ནི་མ་ཡིན་ནོ། །དེས་ན་འཛིན་པའི་རྣམ་པ་ནི་དེ་རྟོགས་པའི་ཚད་མ་ཡིན་གྱི། བདག་ཉིད་ལ་ནི་མ་ཡིན་ནོ། །གང་གི་ཕྱིར་དེས་བདག་ཉིད་ཡོངས་སུ་བཅད་པར་ངེས་པ་ནི་མེད་ཀྱི། འོན་ཀྱང་གཟུང་བའི་ཆ་ཉིད་དོ། །དེ་བཞིན་དུ་འཛིན་པའི་རྣམ་པ་ཡང་བརྟག་པ་
ཡིན་ལ། བདག་ཉིད་ཡོངས་སུ་གཅོད་པར་རུང་བའི་ཚད་མ་ནི་དངོས་པོར་འདོད་པ་ཡིན་གྱི། བརྟག་པ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། རྣམ་པར་ཤེས་པ་ནི་བདེན་པ་གསལ་བར་ནུས་པ་མ་རིག་པའི་བདག་ཉིད་ཅན་ནི་དངོས་པོ་ཡིན་གྱི་བརྟག་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་བདག་མ་
གསལ་བར་ནི་མི་བདེན་པ་གསལ་བར་ནུས་པ་མ་ཡིན་ཏེ། དེས་ན་མི་བདེན་པ་གསལ་བར་ནུས་པ་འཛིན་པའི་རྣམ་པ་ཞེས་བྱ་བ་ནི་བདེན་པ་གསལ་བར་ནུས་པ་དང་ཐ་མི་དད་པ་ཡིན་པ་དེས་ན། བདག་དང་བདག་མ་ཡིན་པ་གསལ་བར་ནུས་པ། དགའ་བ་ལ་སོགས་པའི་རང་བཞིན་གྱི་ཚད་མ་
ནི་དངོས་པོ་ཉིད་ཡིན་ནོ། །གང་ཡང་འཛིན་པའི་རྣམ་པ་མི་བདེན་པ་གཉིས་བརྗོད་པ་དེ་ནི་ཐ་དད་པའི་དོན་ཤེས་པ་ལས་སྣང་བར་ཆད་ནས་མེད་པའི་ཕྱིར་ཐ་དད་པའི་དོན་འཛིན་པ་ལ་ལྟོས་ནས་མི་བདེན་པ་ཉིད་ཡིན་གྱི། མི་བདེན་པ་གསལ་བར་བྱེད་པའི་རང་བཞིན་ཡང་བརྫུན་པ་ནི་མ་ཡིན་ནོ། །
ཇི་ལྟར་མི་བདེན་པ་གསལ་བར་བྱེད་པར་ནུས་པ་གདོན་མི་ཟ་བ་ཉིད་དུ་ཁས་བླང་བར་བྱ་བ་དེ་ལྟར་ནི་མདུན་ཉིད་དུ་སྟོན་པར་འགྱུར་རོ། །གཞལ་བྱ་ནི་སྒྲོ་བཏགས་པའི་དོན་དང་ལྷན་ཅིག་པའི་སྒྲོ་མ་བཏགས་པའི་རང་བཞིན་ཡིན་ནོ། །བདག་ཉིད་དུ་གྱུར་པ་མ་ཡིན་པ་སྒྲོ་བཏགས་པ་གཞལ་བྱ་ཡིན་
เล่ม ๑๘๘ · หน้า 153a
པར་གྱུར་ན་བདག་ཉིད་གཞལ་བྱ་ཞེས་བྱ་བ་དང་འགལ་བ་མ་ཡིན་ནམ། འགལ་བ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་བདག་གི་སྒྲས་ནི་རང་བཞིན་གཞན་འགོག་པར་འདོད་པ་ཡིན་ཏེ། འཛིན་པའི་རྣམ་པའི་རང་བཞིན་དེ་ལས་ཐ་དད་པ་མེད་པའི་རང་བཞིན་ལྷན་ཅིག་ཏུ་རིག་པར་
གྱུར་པ་ན་བདག་ཉིད་གཞལ་བྱར་བརྗོད་པ་ཡིན་ནོ། །རང་བཞིན་ཐ་དད་པ་ནི་རྣམ་པ་དང་བཅས་པའམ། རྣམ་པ་མེད་པའི་ཤེས་པར་རིག་པ་མ་ཡིན་ཏེ། ངེས་པར་བྱེད་པ་མེད་པའི་ཕྱིར་རོ། །མ་རིག་པའི་ནུས་པས་ཡོངས་སུ་ཟིན་པའི་ཤེས་པ་མི་བདེན་པ་གསལ་བར་བྱེད་པ་སྐྱེ་བའི་ཕྱིར་
འགལ་བ་ཅི་ཡོད། ཡོངས་སུ་གཅོད་པའི་ནུས་པ་དེ་ཉིད་ལས་བདེ་བ་ལ་སོགས་པའི་རང་བཞིན་ནང་དུ་གསལ་བ་ཡིན་ཏེ། གསལ་བར་བྱེད་པའི་ཆ་གསལ་བ་ཉིད་ནི་གསལ་བར་བྱ་བའི་རང་བཞིན་གསལ་བ་ཡིན་པ་དེས་ན་རང་རིག་པའི་ཆ་གསལ་བ་ཉིད་འབྲས་བུ་ཡིན་ནོ། །དེ་བཤད་པ་ནི་རང་
ཉིད་འབའ་ཞིག་རིག་པའི་རང་བཞིན་དུ་གསལ་བ་སྟེ། ཡོངས་སུ་གཅོད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཤེས་པའི་ཆ་གསུམ་དུ་སྣང་བ་ཡིན་ཏེ། གཟུང་བའི་ཆ་དང་། འཛིན་པའི་ཆ་དང་། འཛིན་པའི་རང་རིག་པའོ། །དེ་ལ་གཞལ་བྱ་དོན་ཐ་དད་པ་ཡིན་ན་ནི། གཟུང་བའི་རྣམ་པ་ཚད་མ་འཛིན་
པའི་རྣམ་པར་གཞག་པ་ནི་ཚད་མའི་འབྲས་བུ་ཡིན་ནོ། །ཡོངས་སུ་གཅད་པར་བྱ་བ་གཞན་མེད་ན་ནི། ཇི་ལྟར་སྣང་བཞིན་པའི་གཟུང་བའི་རྣམ་པ་ནི་གཞལ་བྱ། འཛིན་པའི་རྣམ་པའི་འཛིན་པ་ཉིད་ནི་ཚད་མ་སིམ་པ་ལ་སོགས་པའི་རང་བཞིན་དུ་མྱོང་བ་ནི་འབྲས་བུ་ཡིན་གྱི། དེའི་དབང་གིས་དོན་རྣམ་
པར་གཞག་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །སྔོན་པོར་སྣང་བ་རགས་པ་གཅིག་པུའི་རྣམ་པར་རྟོགས་ལ། སྔོན་པོའི་རྣམ་པ་ཉམས་སུ་མྱོང་བ་དེ་ལ་ལྡོག་པའི་དབྱེ་བས་གཟུང་བ་དང་འཛིན་པ་དང་རིག་པའི་ཆར་བརྟགས་པ་ཡིན་ཏེ། དཔེར་ན་སྔོན་པོ་དེ་ཉིད་ཀྱི་སྐད་ཅིག་མ་ཉིད་དང་། བདག་ཉིད་མེད་པ་
ཉིད་དང་། དངོས་པོ་ཉིད་ལྡོག་པའི་དབྱེ་བས་བརྟགས་པ་ལྟ་བུ་མ་ཡིན་ནམ། དེའི་ཕྱིར་རྣམ་པ་གསུམ་སྣང་བ་ཡིན་ཏེ་ཞེས་བརྗོད་ཅེ་ན། འདི་ལ་བཤད་པ། ཅི་སྣང་བའི་དངོས་པོ་ཡོད་པ་ན་སིམ་པར་རིག་པ་དུས་མཚུངས་པར་ཉམས་སུ་མྱོང་བ་ཡོད་དམ། འོན་ཏེ་མེད། དེ་བསྙོན་ན་ནི་མི་བསྙོན་པ་ཞེས་བྱ་བ་
เล่ม ๑๘๘ · หน้า 153b
དེ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དུས་ཐ་དད་པ་ཡང་མ་ཡིན་ཏེ། ཅིག་ཅར་ཉམས་སུ་མྱོང་བའི་ཕྱིར་རོ། །མྱུར་དུ་འཇུག་པ་ལས་ཅིག་ཅར་སྣང་བར་འཁྲུལ་པ་ཡང་མ་ཡིན་ཏེ། ཤེས་པ་ཐམས་ཅད་སྐད་ཅིག་མ་ཉིད་ཀྱིས་མྱུར་བར་ཁྱད་པར་མེད་པའི་ཕྱིར་རིམ་གྱིས་སྣང་བ་མེད་པར་ཐལ་བའི་ཕྱིར་རོ། །
སྣང་བའི་དོན་དང་ལྷན་ཅིག་དུས་གཅིག་ཏུ་ཉམས་སུ་མྱོང་བ་དབང་པོ་ལ་བརྟེན་པའི་བདེ་བ་དེ་ཡང་སྣང་བའི་སྔོན་པོ་ཉིད་ཡིན་ནོ་ཞེས་བྱ་བར་ནི་བརྗོད་པར་མི་ནུས་ཏེ། སྣང་བ་རྣམས་ནི་མི་སྣང་བའི་ཕྱིར་རོ། །མཐོང་བ་ཐ་དད་པ་མེད་པར་སྣང་ན་ནི་བདེ་བའི་རྣམ་པ་ཉིད་དུ་སྣང་བར་འགྱུར་ན། སྣང་བ་ནི་མ་ཡིན་
ནོ། །འདི་བདེ་བའི་བདག་ཉིད་དུ་སྣང་བ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ག་ལས་ཤེ་ན། མཐོང་བའི་སྔོན་པོའི་བདེ་བའི་བདག་ཉིད་དུ་མ་ངེས་པའི་ཕྱིར་རོ། །རྣམ་པར་ཆད་པའི་རང་བཞིན་འདི་ཉིད་བདེ་བའམ་སྡུག་བསྔལ་བར་གྱུར་ཏོ་ཞེས་སྣང་བ་བདེ་བ་ལ་སོགས་པའི་རང་བཞིན་དུ་ངེས་པ་འདི་ནི་འགའ་ཡང་
ཡོད་པ་མ་ཡིན་པ་དེས་ན། མཐོང་བ་བདེ་བ་ལ་སོགས་པར་གསལ་བར་སྣང་བ་ཉིད་དུ་ཞེན་པ་མ་ཡིན་ནོ། །འདི་ལྟར་འདི་ནི་འདི་ལྟར་སྣང་ངོ་ཞེས་བྱ་བའི་ཐ་སྙད་འདིའི་རྒྱུ་ནི་སྣང་བ་ཉིད་དུ་ངེས་པ་ཁོ་ན་ཡིན་པར་མཐོང་གི་གཞན་ནི་མ་ཡིན་ནོ། །འདི་ནི་ཁོ་བོའི་མངོན་སུམ་ཡིན་ནོ་ཞེས་ཁས་ལེན་པ་འདིའི་
རྒྱུ་མངོན་སུམ་ཉིད་དུ་ངེས་པ་དེ་ལས་གཞན་གང་ཡང་ཡིན་པར་ཁྱེད་ཀྱིས་མཐོང་། དེ་ཉིད་ཀྱི་ཕྱིར་མངོན་སུམ་གྱི་ཚད་མ་ནི་ངེས་པ་ལ་ལྟོས་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་གྱི་བྱེད་པའི་རྗེས་སུ་འབྲང་བས་ནི་ཞེན་པ་ཉིད་རྒྱུ་ཡིན་པར་ཁས་བླང་ངོ་། །མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་ཞེན་པས་ཡུལ་དུ་མ་
བྱས་པ་ལ་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་ཏེ་འདི་ཚད་མ་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་སྣང་བ་ནི་བདེ་བའི་རྣམ་པར་སྣང་བ་མ་ཡིན་ནོ་ཞེས་བྱ་བར་ངེས་པ་ཡིན་ལ། དེ་ལྟར་ངེས་པས་ཀྱང་སྔོན་པོ་བདེ་བའི་རྣམ་པས་སྟོང་པས་མངོན་སུམ་གྱིས་མཐོང་བ་སྟེ། རྗེས་སུ་དཔག་པས་ནི་ཐ་སྙད་དུ་བྱེད་
པ་ཡིན་ནོ། །སྣང་བའི་སྔོན་པོ་ལས་ཐ་དད་པ་མེད་པར་ཡོད་པ་ལ་ནི་སྣང་བ་ཉིད་ཀྱིས་ཁྱབ་པ་ཡིན་ན། འདི་ལ་ནི་ཁྱབ་པར་བྱེད་པ་སྣང་བ་ཉིད་ཡོད་པ་མ་ཡིན་ནོ། །མི་དམིགས་པ་ཐ་སྙད་བསྒྲུབ་པར་བྱ་བ་ལ་ནི་རང་བཞིན་གྱི་རྟགས་ཡིན་ནོ་ཞེས་རྒྱ་ཆེར་གཏན་ལ་ཕབ་ཟིན་ཏོ། །སྣང་བ་གང་ཞིག་གང་དུ་
เล่ม ๑๘๘ · หน้า 154a
མ་དམིགས་པ་དེ་ནི་དེ་ན་མེད་དེ། དཔེར་ན་ས་ཕྱོགས་ལ་བུམ་པ་བཞིན་ནོ། །སྣང་བའི་སྔོན་པོ་ལ་ཡང་སྣང་བའི་བདེ་བའི་རང་བཞིན་མ་དམིགས་སོ། །གང་གི་ཕྱིར་སྣང་བ་ལས་ཐ་དད་པ་འགའ་ཞིག་ནི་སྣང་བ་མ་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན་ནོ། །ཤ་ཟ་ལ་སོགས་པ་འགའ་
ཞིག་ནི་མི་སྣང་བ་ཡིན་ནོ་ཞེས་བྱ་བ་ལྟར་བརྟག་པར་ནུས་པ་སྣང་བ་ཉིད་ནི་མ་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐ་དད་པའི་ཡུལ་ཅན་གྱི་མི་དམིགས་པ་ལ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཞེས་ཁྱད་པར་དུ་བྱས་པ་ཡིན་ནོ། །སྣང་བ་ལས་ཐ་དད་པ་མེད་པར་བརྟགས་པ་གང་ཡིན་པ་དེ་ནི་སྣང་བ་ཁོ་ན་
སྟེ། དེས་ན་ཁྱད་པར་དུ་མ་བརྗོད་དོ་ཞེས་གསུངས་སོ། །སྣང་བ་ལས་ཐ་མི་དད་པ་གང་ཡིན་པ་དེ་ཐམས་ཅད་ནི་སྣང་བར་བརྗོད་མི་ནུས་པ་མ་ཡིན་ནམ། དཔེར་ན་སྐད་ཅིག་མ་བཞིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་སྐད་ཅིག་མ་ཉིད་ཀྱི་རྣམ་པ་ནི་སྣང་བ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ། །
སྔོན་པོའི་སྐད་ཅིག་མ་ཉིད་ནི་སྣང་བའི་སྔོན་པོ་ལས་རྣམ་པ་གཞན་འཛིན་པ་མ་ཡིན་གྱི། འོན་ཀྱང་འཁྲུལ་པའི་དབང་གིས་རྣམ་པ་དེ་སྐད་ཅིག་མ་ཉིད་དུ་མ་ངེས་པ་འབའ་ཞིག་ཏུ་ཟད་དེ། དེས་ན་རྗེས་སུ་དཔག་པས་ངེས་པ་ཡིན་ནོ། །བདེ་བར་མྱོང་བ་ལན་ཅིག་མ་ཡིན་པར་ཉམས་སུ་མྱོང་བར་ངེས་པའི་
རྣམ་པ་ནི་གང་དུ་མཐོང་བ་དེར་དེ་རང་གི་ངོ་བོ་ཉིད་ཀྱིས་སྣང་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་འགའ་ཞིག་བདེ་བ་ལ་སོགས་པ་བཞིན་དུ་སྣང་བའམ། ཤ་ཟ་ལ་སོགས་པ་བཞིན་དུ་བརྟགས་པའི་སྒོ་ནས་རྣམ་པ་ངེས་པ་གང་ཡིན་པ་དེ་ནི་སྣང་བ་གཞན་ལ་དེའི་བདག་ཉིད་དུ་ཁས་བླངས་ན་སྣང་བར་
ཁས་བླངས་པར་འགྱུར་བ་ཡིན་ཏེ། དེ་མ་དམིགས་ན་སྣང་བ་མི་དམིགས་པ་ཡིན་ནོ། །སྐད་ཅིག་མ་ཉིད་ནི་བདེ་བ་ལ་སོགས་པ་ལྟར་ཐ་དད་པར་སྣང་བའམ། ཤ་ཟ་ལ་སོགས་པ་བཞིན་དུ་བརྟགས་པ་མ་ཡིན་གྱི། འོན་ཀྱང་དངོས་པོ་ཐམས་ཅད་ཀྱི་ཉམས་སུ་མྱོང་བར་གྱུར་པའི་རང་བཞིན་མི་
གནས་པ་ཉིད་དུ་སྐད་ཅིག་མར་བརྗོད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་མཐོང་བ་གང་ཡིན་པ་དེ་ཉིད་སྐད་ཅིག་མ་ཡིན་གྱི། སྐད་ཅིག་མ་ཞེས་བྱ་བ་ངེས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ་མཐའ་དག་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཁ་ཅིག་ན་རེ་གལ་ཏེ་བདེ་བའི་རང་བཞིན་དུ་སྣང་བ་མེད་པས་
เล่ม ๑๘๘ · หน้า 154b
སྔོན་པོ་བདེ་བ་མ་ཡིན་ན། དེ་ལྟ་ན་ནི་འོ་ན་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ངེས་པའི་ཕྱིར་སྐད་ཅིག་མ་ཡིན་པར་སྣང་བ་ནི་སྐད་ཅིག་མ་མ་ཡིན་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་ཡང་གསལ་བ་ཡིན་ཏེ། གང་གི་ཕྱིར་སྔོན་པོ་སྐད་ཅིག་མ་མ་ཡིན་པར་ནི་འགའ་ཞིག་གིས་ཀྱང་ངེས་པ་མ་ཡིན་ཏེ། སྐད་
ཅིག་མ་ཉིད་ནི་རང་བཞིན་ངེས་པ་ཅན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བདེ་བ་ལ་སོགས་པ་བཞིན་དུ་སྐད་ཅིག་མ་ཉིད་ལ་རྣམ་པར་ངེས་པ་ཅུང་ཟད་ཅིག་ཡོད་ན་ནི་བལྟ་བར་བྱ་བ་དེ་ཡོངས་སུ་སྤངས་པར་སྣང་བ་ན་སྐད་ཅིག་མ་མ་ཡིན་པར་ངེས་པར་འགྱུར་བ་ཡིན་ན། སྐད་ཅིག་མ་ཉིད་ལ་ནི་རྣམ་པར་ངེས་པ་
འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དེས་ན་སྔོན་པོ་དེ་ཉིད་སྣང་བ་ན་སྐད་ཅིག་མ་ཉིད་ཡིན་ནམ་འོན་ཏེ་མ་ཡིན་ཞེས་སྣང་བའི་རང་བཞིན་སྐད་ཅིག་མ་ཉིད་དམ་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཐེ་ཚོམ་ཟའོ། །འཁྲུལ་པའི་རྒྱུ་འགའ་ལས་ནི་གཉི་གའི་ཐུན་མོང་གི་རང་བཞིན་དེ་ཉིད་ལ་སྐད་ཅིག་མ་མ་ཡིན་
པར་སྒྲོ་འདོགས་སོ། །དེའི་ཕྱིར་གང་དག་རྣམ་པར་གནས་པ་དེ་དག་ཉིད་གཅིག་སྣང་བ་ན་རང་བཞིན་གཞན་གྱིས་སྟོང་པར་ངེས་པ་ཡིན་ནོ། །སྐད་ཅིག་མ་ཉིད་ལ་ནི་རྣམ་པ་འགའ་ཞིག་གི་ཡོད་པ་མ་ཡིན་པ་དེས་ན་དེ་ཡོངས་སུ་སྤངས་པ་དང་ལྡན་པར་སྣང་བར་ངེས་པ་མ་ཡིན་ནོ། །སྔོན་པོའི་སྣང་བ་ནི་
ཤེས་པས་བདེ་བའི་རྣམ་པ་ཡོངས་སུ་སྤངས་པར་ཤེས་ཀྱི། བདེ་བའི་རྣམ་པ་ནི་མ་ཡིན་ནོ། །རང་བཞིན་གང་ཞིག་ཤེས་པས་རང་བཞིན་གང་སྤངས་པར་ཉམས་སུ་མྱོང་བ་དེ་ནི་ཕན་ཚུན་སྤངས་པས་དེ་ལས་གཞན་ཡིན་ནོ། །དེས་ན་གཟུང་བའི་རྣམ་པ་བདག་ཏུ་འཛིན་པའི་གཞི་ལས་ཕྱི་རོལ་དུ་གྱུར་པ་ལས་
གཞན་དུ་ཉམས་སུ་མྱོང་བར་གྱུར་པའི་བདེ་བ་གང་ཡིན་པ་དེ་ནི་སྔོན་པོ་ཉིད་དང་དབྱིབས་དང་བདག་ཏུ་འཛིན་པ་ལས་ཕྱི་རོལ་དུ་གྱུར་པའི་གཟུང་བའི་རྣམ་པས་སྟོང་པ་ཡིན་ནོ། །དེ་ལྟར་ན་ཡང་བདེ་བ་ནི་ནང་གི་བདག་ཏུ་འཛིན་པའི་གནས་དབྱིབས་མེད་པ་དེར་གྱུར་པའི་སྔོན་པོས་སྟོང་པར་ཉམས་སུ་མྱོང་ངོ་
ཞེས་བྱ་བར་ངེས་པ་ཡིན་ནོ། །གཟུང་བའི་རྣམ་པ་ལས་གཞན་དུ་ཉམས་སུ་མྱོང་བའི་བདེ་བ་ནི་འཛིན་པའི་རྣམ་པ་ལས་གཞན་དུ་མི་འཐད་དེ། གཟུང་བའམ་ཡང་ན་འཛིན་པར་གསལ་བ་ལས་དེ་ནི་གཟུང་བ་མ་ཡིན་པ་དེས་ན་འཛིན་པ་ཉིད་ཡིན་ནོ། །དེས་ན་འདི་ལྟར་བདེ་བའི་རྣམ་པ་གང་ཡིན་པ་དེ་ནི་
เล่ม ๑๘๘ · หน้า 155a
གཟུང་བ་དེའི་འཛིན་པར་བྱེད་པར་ངེས་པ་ཡིན་ནོ། །དེའི་ཕྱིར་གང་དག་འགལ་བའི་རང་བཞིན་གྱི་ཡུལ་ཅན་གྱི་མྱོང་བ་དེ་དག་ནི་རང་བཞིན་གཅིག་ལ་བརྟེན་པ་མ་ཡིན་ཏེ། དཔེར་ན་བདེ་བ་དང་སྡུག་བསྔལ་གྱི་ཡུལ་ཅན་བཞིན་ནོ། །སྔོན་པོ་དང་བདེ་བ་དག་ཀྱང་ཕན་ཚུན་
སྤངས་ནས་དུས་གཅིག་ཏུ་འགལ་བར་ཉམས་སུ་མྱོང་བ་ཡིན་ནོ། །གཅིག་གི་ཡུལ་ཅན་གྱི་ཉམས་སུ་མྱོང་བའི་ཐ་སྙད་ནི་འགལ་བའི་ཆོས་འདུ་བ་དང་བྲལ་བའི་རང་བཞིན་གྱི་ཡུལ་ཅན་ཙམ་གྱི་རྒྱུ་ཅན་དེས་ཁྱབ་པ་ཡིན་ལ། འགལ་བའི་ཆོས་དང་ལྡན་པའི་ཡུལ་ཅན་ནི་ཁྱབ་པར་བྱེད་པ་དང་འགལ་
བ་ཡིན་ནོ། །བདེ་བ་ལ་སོགས་པའི་རང་བཞིན་འཛིན་པའི་རྣམ་པ་གཟུང་བའི་རྣམ་པ་ལས་ཐ་དད་པར་ནི་ཉམས་སུ་མྱོང་བ་ཉིད་ཀྱི་དབང་གིས་གྲུབ་པས་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ནོ། །གལ་ཏེ་དེ་གཉི་ག་དངོས་པོ་ཡིན་པ་དེ་ལྟ་ན་ནི་དུ་མ་ཉིད་བསྒྲུབ་པར་བྱ་བ་ཡིན་ལ། ཅི་སྟེ་གཅིག་དངོས་པོ་མ་ཡིན་པ་
དེ་ལྟ་ན་ནི་གཅིག་མེད་པ་ཉིད་ཡིན་ནོ། །འཛིན་པའི་རྣམ་པ་དེའི་གཟུང་བའི་རྣམ་པ་འཛིན་པ་བདེ་བ་ལ་སོགས་པའི་རང་བཞིན་རིག་པ་རྣམ་པར་ཤེས་པར་སྨྲ་བས་འབྲས་བུར་བརྗོད་པ་གང་ཡིན་པ་དེ་ཡང་སྣང་བ་ཡིན་ཏེ། དེས་ན་གཟུང་བ་དང་འཛིན་པའི་རྣམ་པ་དང་བདེ་བ་ལ་སོགས་པའི་རང་བཞིན་རིག་པ་
ནི་གསུམ་པ་ཡིན་ནོ། །ལྡོག་པའི་རྒྱུ་མཚན་ཅན་ནི་སྣང་བ་གང་ཡིན་པའི་རང་བཞིན་ཉིད་ཡིན་གྱི་རྣམ་པ་གཞན་ནི་མ་ཡིན་ཏེ། སྐད་ཅིག་མ་བཞིན་ནོ། །ཡང་གང་ཞིག་གང་ཡོངས་སུ་སྤངས་ནས་རིག་པར་གྱུར་པ་དེ་དོན་དམ་པར་དེ་ལས་ཐ་དད་པ་ཡིན་ལ། ལྡོག་པའི་རྒྱུ་མཚན་གྱིས་ཐ་དད་པར་གྱུར་
ན་ནི་འོ་ན་ནི་སྔོན་པོ་ལ་སོགས་པ་གང་ཞིག་འགའ་ལས་ཀྱང་ཐ་དད་པར་མི་འགྱུར་ཏེ། ཐ་དད་པའི་རྒྱུ་གཞན་མེད་པའི་ཕྱིར་རོ། །གང་གི་ཚེ་ཕྱིའི་དོན་གྱི་ཚུལ་ལ་རྣམ་པ་མེད་པའི་ཕྱོགས་བཀག་ནས་རྣམ་པ་དང་བཅས་པའི་ཕྱོགས་རྣམ་པར་འཇོག་པ་དེའི་ཚེ་ནི་རྗེས་སུ་དཔག་པའི་ཐ་མི་དད་པ་ལ་བརྟེན་
ནས་འདི་སྐད་དུ་མ་རྟོགས་པ་ལས་བཟློག་པ་དང་། སྔོན་པོ་མ་ཡིན་པ་ལས་བཟློག་པ་ནི་རྣམ་པར་ཤེས་པ་གཅིག་ཡིན་ནོ་ཞེས་བརྗོད་པ་ཡིན་གྱི། ཉམས་སུ་མྱོང་བས་གྲུབ་པ་ནི་མ་ཡིན་ནོ། །དེ་ཇི་ལྟར་ན་ལྡོག་པའི་རྒྱུ་མཚན་ཅན་གྱི་རང་བཞིན་ཡང་གཞན་གྱིས་མ་ཤེས་ཏེ། རང་བཞིན་གསུམ་ནི་
เล่ม ๑๘๘ · หน้า 155b
གྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དངོས་མཐོང་མེད་ཕྱིར་གཅིག་མ་ཡིན། །ཞེས་བཤད་པ་ཡིན་ནོ། །འདི་ཉིད་ཚིག་ལེའུར་བྱས་པ་དག་གིས་སྟོན་པར་བྱེད་དེ་བློའི་བདག་ཉིད་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་པ་གང་ཡིན་པའོ། །མ་རིག་པས་མཐོང་བ་ཕྱིན་ཅི་ལོག་ཏུ་གྱུར་ཅིང་རྣམ་པར་བསླད་པར་
གྱུར་པ་གང་ཡིན་པ་དེ་དག་རྣམས་ཀྱིས་བློའི་བདག་ཉིད་ལ་གཟུང་བ་དང་འཛིན་པ་དང་། རིག་པ་རྣམས་ཐ་དད་པ་གང་ཡིན་པ་དེ་དང་བཅས་པར་རྟོགས་པར་འགྱུར་ཏེ། དཔེར་ན་སྔགས་གྲུབ་པ་དང་སྨན་ལ་སོགས་པས་མིག་བསླད་པ་སྟེ། ཉམས་པར་བྱས་པ་གང་ཡིན་པ་དེ་རྣམས་ལ་འཇིམ་དུམ་ནི་འཇི་
བའི་འཛེལ་མ་སྟེ། དེ་ལ་སོགས་པའི་དངོས་པོ་གང་ཡིན་པ་ཤེས་པའི་བདག་ཉིད་ལ་རྣམ་པ་གཞན་ཉིད་དུ་སྣང་བ་བཞིན་ནོ། །འདི་སྐད་དུ་འཁྲུལ་པའི་དབང་གིས་གཞན་དུ་རྣམ་པར་གནས་པ་ཡང་གཞན་དུ་མཐོང་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །སྔགས་དང་སྨན་ལ་སོགས་པའི་དབང་གིས་འཇིམ་
པའི་དུམ་བུ་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་གཞན་སྐྱེས་པ་ཡིན་ནོ་ཞེས་དོགས་པ་བཟློག་པའི་ཕྱིར་བཤད་པ། མིག་མ་བསླད་པ་སྟེ་མིག་བསླད་པ་མེད་པའི་མིག་འཁྲུལ་མཁན་རྣམས་ཀྱི་ཟུར་ན་འཇུག་པའི་ལྟ་བ་པོ་རྣམས་ཀྱིས་ཇི་ལྟར་མཐོང་བའི་རང་བཞིན་དེ་ལྟར་མ་མཐོང་བའི་ཕྱིར་རོ། །ཡན་ན་གལ་
ཏེ་དེར་དོགས་པ་འདིར་འགྱུར་བ་ཡིན་ཡང་གང་མྱ་ངམ་དག་ན་དངོས་པོ་ཆུང་ངུ་ཡང་ཆེན་པོར་སྣང་བ་ཞེས་བྱ་བ་འདི་ལ་ནི་དོགས་པ་ཡོད་པ་མ་ཡིན་ནོ། །མྱ་ངམ་ཤིང་དང་ཆུ་མེད་པའི་ཕྱོགས་ཏེ། དེ་ལྕི་བའི་དུམ་བུ་ཡང་རྒྱང་རིང་པོ་ནས་རིའི་ཚད་ཙམ་དུ་མཐོང་བར་འགྱུར་རོ། །དོན་དམ་པར་གཟུང་བ་གཞལ་བྱ་
འཛིན་པ་ཚད་མ་དང་། རིག་པ་འབྲས་བུ་ཉིད་ཐ་དད་པ་དང་ལྡན་པ་རྣམས་ཡོད་པ་མ་ཡིན་ཡང་། གཞལ་བྱ་དང་། འཇལ་བྱེད་དང་། འབྲས་བུ་གནས་པ་འདི་ནི་ཇི་ལྟར་མ་རིག་པའི་རྗེས་སུ་འགྲོ་བའི་འཁྲུལ་པའི་སྣང་བ་དེ་ལས་མ་འདས་པར་བྱས་པ་ཡིན་ནོ། །གཞན་དུ་ན་གལ་ཏེ་ཤེས་པ་གཅིག་
ལ་རང་བཞིན་དུ་མར་སྣང་བའི་གཟུང་བ་ལ་སོགས་པའི་རྣམ་པ་དེ་ཁོ་ན་ཉིད་དུ་རྣམ་པར་འཇོག་ན་དེའི་གཅིག་པ་ཉིད་དེ་ཉམས་པར་འགྱུར་རོ། །དེས་ན་གཅིག་ཉིད་ཉམས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་རྣམས་ནི་དེ་ཁོ་ན་ཉིད་དུ་རིགས་པ་མ་ཡིན་པ་ཉིད་དོ། །དེ་ལྟ་ན་འོ་ན་ནི་
เล่ม ๑๘๘ · หน้า 156a
རྣམ་པ་གསུམ་པོ་རྣམས་གཅིག་ཉིད་ཡིན་པས་གཅིག་ལས་ཐ་དད་པ་མེད་པར་འགྱུར་རོ་ཞེ་ན། བཤད་པ། གཞན་གྱི་སྟེ་དུ་མ་རྣམས་ཀྱི་དུ་མ་ཉིད་ལྡོག་པར་ཐལ་བའི་ཕྱིར་རོ། །དུ་མ་ཉིད་ཀྱི་ཐ་སྙད་ཡུལ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསུམ་པོ་དེ་རྣམས་ནི་ཐ་དད་
པ་མེད་པ་གཅིག་པ་ཉིད་དུ་བརྟག་པར་མི་ནུས་ཏེ། དངོས་མཐོང་མེད་པའི་ཕྱིར་ཏེ། གཅིག་གིས་དངོས་པོ་མཐོང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བློས་དངོས་པོ་ཐ་དད་པ་མེད་པ་འགལ་བའི་ཆོས་འདུ་བས་སྟོང་པའི་རང་བཞིན་མཐོང་ན་ནི་ཐ་དད་པ་མེད་པར་ངེས་པར་འགྱུར་བ་ཡིན་ན་འདི་ལ་ནི་
ཐ་དད་པ་མེད་པ་མཐོང་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྣང་བའི་དངོས་པོ་གཅིག་དང་དུ་མའི་བདག་ཉིད་གང་གིས་རྣམ་པར་དཔྱད་པ་དེའི་རང་བཞིན་ནི་དེ་ཁོ་ནར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་འོངས་པ་ཡིན་ནོ། །དེ་ཉིད་སྟོན་པ་ནི་གང་གི་ཕྱིར་ན་ཞེས་བྱ་བ་ལ་སོགས་པའོ། །འདི་སྐད་བརྗོད་པ་ཡིན་ཏེ་
ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རྣམ་པར་ཤེས་པ་གཅིག་དང་དུ་མའི་ཁོ་ན་སྣང་བས་འདི་གཅིག་ཉིད་དུ་སྣང་བས་རིགས་པ་ཡིན་ན་དུ་མར་སྣང་བ་དེའི་ཕྱིར་འདི་ནི་གཅིག་གི་རང་བཞིན་མ་ཡིན་ནོ། །དེའི་ཕྱིར་སྣང་བ་འདི་ནི་གཅིག་མ་ཡིན་ལ་དུ་མ་ཡང་མ་ཡིན་ཏེ། གཟུང་འཛིན་གྱི་རྣམ་པ་དག་དངོས་པོ་མ་
ཡིན་པའི་ཕྱིར་རོ། །གལ་ཏེ་ཆོས་མཐུན་པ་འདྲ་བའི་མཐོང་བ་དེའི་ཕྱིར་འཁྲུལ་པ་སྐྱེ་བ་ཞེས་བྱ་བ་འདི་ནི་འཇིག་རྟེན་ན་སྲིད་པ་ཡིན་ཏེ། དེ་ལྟར་མཐོང་བའི་ཕྱིར་རོ། །འཁྲུལ་པ་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། དེ་བདག་མིན་ལ་དེ་བདག་ཏུ་ཞེན་པའི་ངོ་བོའོ། །ཞེན་པ་ཡིས་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་
པའི་མཚན་ཉིད་ཀྱི་གསུམ་པའོ། །རྣམ་པར་ཤེས་པ་སྨྲ་བ་འདིར་ནི་ཆོས་མཐུན་པར་མཐོང་བ་དེ་ཡོད་པ་མ་ཡིན་ནོ། །གཏན་ཚིགས་སྨྲས་པ། འགྲོ་བ་འདི་ལ་ནི་འདྲ་བ་དེའི་བདག་ཉིད་གཅིག་ཀྱང་མཐོང་བ་མེད་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཚུ་རོལ་མཐོང་བས་གཟུང་པ་དང་
འཛིན་པ་དང་། རིག་པའི་དབྱེ་བས་ཐ་དད་པ་དང་ལྡན་པར་དོན་དམ་པ་འགའ་ཞིག་ཉམས་སུ་མྱོང་བར་གྱུར་ལ། ཕྱིས་དེ་དང་འདྲ་བའི་རྣམ་པར་ཤེས་པ་ཡང་ཉམས་སུ་མྱོང་བ་ཡིན་ན་ནི་དེའི་ཚེ་གཉིས་མཚམས་སྦྱར་བས་འཁྲུལ་པར་འཐད་པར་འགྱུར་ན་རྣམ་པར་ཤེས་པར་སྨྲ་བ་ལ་ནི་གང་ལ་
เล่ม ๑๘๘ · หน้า 156b
གང་གི་རང་བཞིན་སྒྲོ་གདགས་པར་བྱ་བ་འདྲ་བའི་དོན་གཉི་ག་ཡང་མཐོང་བ་མེད་པ་ཡིན་ནོ། །ཅིག་ཤོས་ཀྱིས་ཀྱང་ཕ་རོལ་པོའི་རྗེས་སུ་བརྗོད་པ་སྨྲས་པ་ནི། འཁྲུལ་པ་དེ་ཡང་ཡོད་ན་སྟེ། ཡང་གི་སྒྲས་ནི་གཞན་ཡང་ཡོད་དོ་ཞེས་བྱ་བའོ། །ཆོས་མཚུངས་པའི་རྒྱུ་མཚན་ལ་ལྟོས་ནས་སྒྲོ་
འདོགས་པར་བྱེད་པའི་འཁྲུལ་པར་འགྱུར་བ་ནི་རྟོག་པ་ཉིད་ཡིན་གྱི། གཞན་རྟོག་པ་མེད་པ་གང་ཡིན་པ་དེ་ཡང་ཆོས་མཐུན་པ་ལ་ལྟོས་པ་ནི་མ་ཡིན་ཏེ། ནང་ན་གནས་པའི་བསླད་པ་ལས་བྱུང་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཏེ། རང་གི་ངོ་བོ་ཁོ་ནས་ཕྱིན་ཅི་ལོག་ཏུ་སྣང་བར་འགྱུར་ཏེ་ཉེས་
པས་སྐྱེད་པའི་རྒྱུའི་ཕྱིར་རོ། །གང་གི་ཕྱིར་ཉེས་པ་དང་འབྲེལ་པ་དེ་ནི་མི་བདེན་པའི་དོན་སྟོན་པར་བྱེད་དེ། མི་བདེན་པའི་དོན་གྱི་ངོ་བོ་ཉིད་དུ་སྐྱེ་བར་འགྱུར་རོ། །ཆོས་མཐུན་མཐོང་བ་ནི་སྣང་བའོ། །སོགས་པ་སྨོས་པས་ནི་འདྲ་བར་མཐོང་བ་སྟེ། གང་གི་ཕྱིར་སྔར་ནི་སྒྲོ་འདོགས་པའི་རང་བཞིན་
མཐོང་བར་འགྱུར་ལ། ཕྱིས་སྒྲོ་འདོགས་པའི་ཡུལ་ཡིན་ཞིང་དེས་ན་དེ་འདྲ་བ་ཡིན་ལ། དེས་ན་ཐ་དད་པ་མེད་པར་སྒྲོ་འདོགས་པ་ཡིན་ནོ་ཞེས་སོགས་པ་སྨོས་པས་རིམ་གྱིས་མཚོན་པར་འགྱུར་བ་ཡིན་ནོ། །ཆོས་མཐུན་པ་མཐོང་བ་ལ་སོགས་པ་ལ་ལྟོས་པ་མེད་པ་གང་ཡིན་པ་སྟེ། འདི་ལྟར་དཔེར་ན་
རབ་རིབ་ལས་སྐྱེས་པའི་རྣམ་པར་ཤེས་པ་སྐྲ་ཤད་དང་སྦྲང་བུ་ལ་སོགས་པ་འདྲ་བའི་དངོས་པོ་མཐོང་ནས་སྒྲོ་འདོགས་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ལྟ་བུར་འགྱུར་བའི་རང་གི་ངོ་བོར་རབ་ཏུ་སྟོན་པ་ཉིད་དུ་སྐྱེད་པ་དེ་བཞིན་དུ་ལོག་པར་འཛིན་པའི་བག་ཆགས་ཀྱིས་བསླད་པའི་རྣམ་པར་ཤེས་པ་མི་བདེན་
པའི་གཟུང་བ་དང་འཛིན་པའི་རྣམ་པ་སྟོན་པ་སྐྱེ་བ་ནི་ཆོས་མཐུན་པ་ལ་སོགས་པ་ལ་ལྟོས་པ་མེད་པ་ཁོ་ནའོ། །རྣམ་པར་ཕྱེ་བའི་རང་བཞིན་དུ་རབ་ཏུ་གསལ་བ་དེ་ཡང་གཅིག་ནི་མ་ཡིན་ཏེ། དེ་ལྟར་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །དུ་མ་ཡང་མ་ཡིན་ཏེ། རྣམ་པར་ཤེས་པ་ལས་ཐ་དད་པ་འགའ་ཡང་མེད་པའི་
ཕྱིར་རོ། །དེ་ནི་བསླད་པ་ཡིན་ལ་བསླད་པའི་རང་བཞིན་དང་བྲལ་བ་དགའ་བ་དང་ཞུམ་པ་ལ་སོགས་པའི་རང་བཞིན་རིག་པ་ཙམ་ནི་བདེན་པ་མ་ཡིན་ནོ། །ཞར་ལ་འོངས་པའི་དོན་ཚིག་ལེའུར་བྱས་པས་མ་བཟུང་བ་འཆད་པར་བྱེད་པ་བར་མ་སྐབས་སུ་གནས་པའི་ཚིགས་སུ་བཅད་པའོ། །འདི་རྣམ་པར་རིག་པ་ཙམ་
เล่ม ๑๘๘ · หน้า 157a
ཞེས་བྱ་བ་ནི་གལ་ཏེ་ཕྱི་རོལ་གྱི་དོན་བཟློག་ནས་རྣམ་པར་རིག་པ་ཙམ་ཉིད་དུ་རྣམ་པར་གནས་པ་ཡིན་ན་ནི། འཁྲུལ་པའི་རྗེས་སུ་འབྲངས་ནས་ཚད་མ་ལ་སོགས་པ་རྣམ་པར་གཞག་པ་ཡིན་པར་འགྱུར་ན། དེ་ཉིད་ད་དུང་ཡང་རྣམ་པར་གནས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་ཞེས་
སྨྲས་པ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་རྣམ་པ་མེད་པའི་ཕྱོགས་ལ་ཤེས་པ་འཛིན་པ་ཉིད་དང་། དོན་གཟུང་བ་ཉིད་སྔར་གསལ་ལ། རྣམ་པ་དང་བཅས་པའི་ཕྱོགས་ལ་ཡང་རྣམ་པར་རིག་པ་སྨྲ་བ་རྩོམ་པ་ཉིད་ཀྱི་ཚེ་གཟུང་བའི་མཚན་ཉིད་གསལ་བ་ཡིན་ནོ་ཞེས་གསུངས་པ་ནི། བཤད་ཟིན་ཏོ་ཞེས་བྱ་
བ་ཡིན་ཏེ། གཟུང་བའི་མཚན་ཉིད་དེ་དང་མི་ལྡན་པའི་ཕྱིར་རོ་ཞེས་སྨོས་སོ། །རྣམ་པ་མེད་པའི་ཕྱོགས་ལ་འཐད་པ་གཞན་ཡང་ཡོད་པས་དེ་ཉིད་བསྟན་པའི་དོན་དུ་གཞན་ཡང་ཞེས་བསྡུ་བ་གསུངས་ཏེ། ལྷན་ཅིག་ཅེས་བྱ་བ་ནི་ལྷན་ཅིག་ཏུ་དམིགས་པ་དེ་ངེས་པ་སྟེ་དེའི་ཕྱིར་རོ། །སྔོ་དང་དེ་ཡི་བློ་དག་གཞན་
མ་ཡིན། ཞེས་བྱ་བ་ནི་ཐ་དད་པ་མེད་པའོ། །བསྒྲུབ་པར་བྱ་བའི་ཆ་ཉིད་བསྟན་པའི་ཕྱིར་གསུངས་པ་ནི། གང་གི་ཕྱིར་ཞེས་བྱ་བའོ། །གལ་ཏེ་སྔོན་པོ་དང་དེ་དམིགས་པ་དག་ཐ་དད་པ་མེད་ན་ཇི་ལྟར་གཟུང་བ་དང་འཛིན་པའི་རྣམ་པ་དག་ཐ་དད་པར་སྣང་ཞེ་ན། གང་ལ་ཐ་དད་པར་སྣང་བའི་ངང་ཚུལ་ཡོད་པ་ཞེས་
རྗེས་སུ་བརྗོད་པའོ། །གང་གི་ཕྱིར་གང་ཇི་སྙེད་སྣང་བ་དེ་ཁོ་ན་ལྟར་ཐམས་ཅད་བདེན་པ་ནི་མ་ཡིན་ཏེ། འཁྲུལ་པས་མེད་པ་ཡང་སྣང་བའི་ཕྱིར་རོ། །དོན་གཞན་པའི་རང་བཞིན་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་སྟོན་པའོ། །འདི་སྐད་དུ་འདི་དག་གཅིག་པར་ནི་བསྒྲུབ་པར་བྱ་བ་མ་ཡིན་གྱི། འོན་ཀྱང་
ཐ་དད་པ་དག་དགག་པ་ཙམ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །ཅིའི་ཕྱིར་ཐ་དད་པ་དགག་པ་ཙམ་བསྒྲུབ་པར་བྱ་བ་ཡིན་གྱི། གཅིག་ཉིད་དུ་ནི་བསྒྲུབ་པ་མ་ཡིན་ནོ་ཞེས་སྨྲ། གཅིག་ཏུ་ནི་འཐད་པ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་གཟུང་བའི་རྣམ་པ་གསལ་བ་ཡང་མི་བདེན་ན། རིག་པ་ཡང་བདེན་པ་ཉིད་དུ་གང་གིས་རྟོག་
པར་བྱེད། ཡང་གལ་ཏེ་རྣམ་པར་ཤེས་པ་མི་བདེན་པ་གསལ་བར་བྱེད་ན་བདེན་པ་ཡང་གསལ་བར་བྱེད་དེ། བདེན་པས་ནི་ཉེས་པ་ཅུང་ཟད་ཀྱང་བྱས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གཟུང་བའི་རྣམ་པ་དེ་གལ་ཏེ་གཅིག་གི་ངོ་བོ་ཡིན་ན་ནི་ཕྱོགས་ཆས་བྱས་པའི་འགལ་བའི་ཆོས་དང་ལྡན་པ་མི་འཐད་དོ། །
เล่ม ๑๘๘ · หน้า 157b
ཕྱོགས་ཆ་ཐ་དད་པ་དེ་ཡང་གཅིག་ཉིད་ཡིན་ན་ནི་ཡན་ལག་ཅན་གྱི་རྫས་གཅིག་ཅིའི་ཕྱིར་མི་འདོད་དེ་ཁྱད་པར་ཅི་ཡོད། ཡན་ལག་ཅན་གྱི་རྫས་ལ་ནི་ཁ་བསྒྱུར་བ་དང་མ་བསྒྱུར་བ་ཡོད་པའི་ཕྱིར་འགལ་གྱི། བློ་ལ་ནི་མ་ཡིན་པའི་ཕྱིར་འདི་ཉིད་ཁྱད་པར་ཡིན་ནོ་ཞེ་ན། ཤེས་པ་མ་ཡིན་པའི་རགས་པ་གཅིག་
མ་ཤེས་པ་ཡང་རུང་སྟེ་ཁྱད་པར་ཅི་ཡོད་དེ། བློའི་རང་བཞིན་ཉིད་ནི་རགས་པའི་ཉེས་པ་ཉམས་པ་མ་ཡིན་ནོ། །གཞན་ཡང་ཁ་བསྒྱུར་བ་དང་མ་བསྒྱུར་བ་ལ་སོགས་པ་དང་ལྡན་པ་ཁོ་ན་ནི་འགལ་བ་མ་ཡིན་གྱི། འོན་ཀྱང་ཕྱོགས་ཆ་ཐ་དད་པ་ཡང་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །དེའི་ཕྱོགས་ཆ་ཐ་
དད་པའི་རྒྱུ་མཚན་གྱིས་ཀྱང་འགལ་བ་ན། གལ་ཏེ་རྣམ་པར་ཤེས་པ་གཅིག་ཡིན་ན་ནི་ཡན་ལག་ཅན་ཡང་གཅིག་ཉིད་ཡིན་ལ། འདི་དུ་མ་ཉིད་ཡིན་ན་ནི་ཁྱད་པར་མེད་པའི་ཕྱིར་ཤེས་པའི་རགས་པ་ཡང་དུ་མ་ཉིད་དོ། །གཞན་ཡང་རྒྱུ་ཅན་ཞེས་བྱ་བ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །སྐད་ཅིག་
མའི་རྫས་ལ་ནི་གང་དུ་ཁ་བསྒྱུར་བ་དང་། གཡོ་བ་དང་བསྒྲིབས་པ་ཡོད་པ་དང་མེད་པས་བྱས་པའི་ཐ་དད་པ་མ་མཐོང་བ་དེ་ཉིད་རྫས་གཅིག་ཏུ་འགྱུར་རོ། །གཡོ་བ་ལ་སོགས་པས་བྱས་པའི་ཐ་དད་པའི་གནས་སྐབས་སུ་ཐ་དད་པ་མཐོང་བས་གཞན་དུ་ཡང་རྗེས་སུ་འཇུག་པར་བྱས་པ་ནི་མ་ཡིན་པས་ཚད་མ་
འགའ་ཞིག་ཡོད་པ་ཡིན་ནོ། །དེའི་ཕྱིར་རགས་པ་ཐམས་ཅད་ལ་ཕྱོགས་གཞན་དང་འབྲེལ་པས་ཆ་ཤས་ཡོངས་སུ་བཅད་པ་ལས་གྱུར་པའི་འགལ་བའི་ཆོས་འདུ་བར་མཐོང་བས་ཐ་དད་པ་མེད་པ་སྤང་བར་བྱ་བ་ཡིན་ནོ་ཞེས་རིག་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་གཟུང་བའི་རྣམ་པའི་རང་བཞིན་དུ་མ་ཡིན་ན་ཞེ་
ན། འདི་ལ་ཡང་ཇི་ལྟར་རྡུལ་ཕྲ་རབ་རྣམས་དྲུག་གི་ཅིག་ཅར་སྦྱར་བས་དངོས་པོ་མེད་པ་དེ་བཞིན་དུ་ཤེས་པའི་རྡུལ་ཕྲ་རབ་རྣམས་ལ་ཡང་ཐལ་བར་འགྱུར་རོ། །ལུས་ཅན་ཉིད་ལ་སྐྱོན་འདིར་འགྱུར་གྱི་ལུས་ཅན་མ་ཡིན་པ་ལ་ནི་མ་ཡིན་པ་མ་ཡིན་ནམ། ལུས་ཅན་ཞེས་བྱ་བར་རྭ་ཟེད་དེ་བ་ནི་མེད་ཀྱི། འོན་
ཀྱང་ཚད་ཆུང་ངུ་མང་པོ་རྣམས་ཕན་ཚུན་གྱི་རང་བཞིན་གྱི་ཡུལ་ཡོངས་སུ་སྤངས་ནས་སྐྱེས་པའི་ཕྱིར་ཡུལ་རྒྱས་པ་དང་ལྡན་པར་འགྱུར་བ་ནི་ལུས་ཅན་ཡིན་ལ། དེ་ནི་རྣམ་པར་ཤེས་པ་ལ་ཡང་བྱེ་བྲག་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡོད་པར་མཚུངས་པར་ཐལ་བས་དེ་ནི་དུ་མར་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་
เล่ม ๑๘๘ · หน้า 158a
རྣམ་པར་ཤེས་པའི་རྡུལ་ཕྲ་རབ་ཉམས་སུ་མྱོང་བར་གྱུར་པ་རྣམས་ལ། རགས་པའི་རྣམ་པ་ཉམས་སུ་མྱོང་བ་ནི་བཟློག་པར་ནུས་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་བདག་ཉིད་གཅིག་ལ་ནི་རགས་པ་ཡོད་པ་མ་ཡིན་ཞིང་། རྣམ་པར་ཤེས་པའི་རྡུལ་ཕྲ་རབ་མང་པོ་རྣམས་ཀྱང་སོ་སོར་
རགས་པའི་རང་བཞིན་མ་ཡིན་ནོ། །ཇི་ལྟར་ཕྱི་རོལ་གྱི་རྡུལ་ཕྲ་རབ་ཤེས་པ་གཅིག་ལ་སྣང་བ་རྣམས་ཀྱི་སོ་སོར་སྣང་བའི་ཆོས་རགས་པ་ཡིན་པ་དེ་བཞིན་དུ། འདིར་ཡང་ཤེས་པ་གཅིག་ལ་སྣང་བའི་ཕྱིར་རགས་པ་ཉིད་དུ་སྣང་བར་འགྱུར་བ་ཡང་མ་ཡིན་ཏེ། དུ་མ་རྣམས་གཞན་འགའ་ཞིག་གིས་ཀྱང་
མ་བཟུང་བའི་ཕྱིར་རོ། །དེའི་ཕྱིར་ཉམས་སུ་མྱོང་བའི་རྗེས་སུ་འབྲངས་པ་ན་རགས་པ་གསལ་བར་སྣང་བར་ཉམས་སུ་མྱོང་བར་མི་འགྱུར་བ་ཞིག་ན་ཉམས་སུ་མྱོང་སྟེ། དེའི་ཕྱིར་གང་དང་ལྡན་པས་ཡོད་པ་མ་ཡིན་པའི་རགས་པའི་བདག་ཉིད་ལ་སྟོན་པར་བྱེད་པ་ཤེས་པའི་མེད་པ་གསལ་བར་བྱེད་ནུས་པ་ཡང་
ཡོད་པ་ཉིད་དོ། །རགས་པའི་རྣམ་པ་མེད་ན་ནི་རྣམ་པར་ཤེས་པའི་རྡུལ་ཕྲ་རབ་གཞན་ཅི་ཞིག་ལུས་ལ་དེ་བརྟགས་པས་ཀྱང་ཅི་ཞིག་བྱ་སྟེ། གང་གི་ཕྱིར་རགས་པའི་རྣམ་པ་འདི་ཉིད་དེ་ཁོ་ན་ཉིད་མ་ཡིན་པར་མི་འགྱུར་བ་དང་། རྣམ་པར་ཤེས་པ་ཡང་མེད་པ་གསལ་བར་བྱེད་པའི་ནུས་པ་དང་ལྡན་པར་མི་འགྱུར་
བར་བྱ་བའི་ཕྱིར་གཟུང་བའི་རྣམ་པ་རྣམ་པར་ཤེས་པའི་བདག་ཉིད་དུ་བརྟགས་པ་ཡིན་ན་གཟུང་བའི་རྣམ་པ་མི་བདེན་པ་དང་རྣམ་པར་ཤེས་པ་ཡང་མེད་པ་གསལ་བར་བྱེད་པའི་ནུས་པ་དང་ལྡན་པར་ཁས་བླངས་ན། རྣམ་པར་ཤེས་པའི་རྡུལ་ཕྲ་རབ་རྟོག་པ་ནི་དོན་དམ་པ་ཡིན་ནོ། །རགས་པར་སྣང་བ་རྣམ་
པར་རྟོག་པས་སྤྲུལ་པ་ཡང་རིགས་པ་མ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར་དང་། རྣམ་པར་རྟོག་པ་རྣམས་ནི་གསལ་བར་སྣང་བ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་སྨིག་རྒྱུ་དག་ལ་ཆུར་རྣམ་པར་རྟོག་པ་གསལ་བར་སྣང་བ་དེ་བཞིན་དུ་རགས་པར་རྣམ་པར་རྟོག་པ་ཡང་ཡིན་ནོ་ཞེས་ནི་བརྗོད་པར་མི་ནུས་ཏེ།
གང་གི་ཕྱིར་སྨིག་རྒྱུའི་རང་གི་མཚན་ཉིད་འཛིན་པའི་རྣམ་པར་ཤེས་པ་དང་དུས་གཅིག་ཏུ་འཇུག་པའི་ཆུའི་རྣམ་པར་རྟོག་པ་སྣང་བ་དང་རྣམ་པར་བརྟག་པ་དག་གཅིག་ཏུ་བྱེད་པའི་ཕྱིར་གསལ་བར་སྣང་བར་ངེས་པར་འགྱུར་ན། འདིར་ནི་གང་ཞིག་དང་ལྷན་ཅིག་རྒྱུ་བ་ལས་རགས་པའི་རྣམ་པར་རྟོག་པ་
เล่ม ๑๘๘ · หน้า 158b
གསལ་བར་སྣང་བར་རྟོགས་པར་འགྱུར་བ་རགས་པ་ཉམས་སུ་མྱོང་བ་གསལ་བར་སྣང་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཡང་བདག་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་ཁོ་ན་ཉམས་སུ་མྱོང་བར་འགྱུར་བ་ཡིན་ན། དེ་ལ་ནི་རགས་པ་ཡོད་པ་མ་ཡིན་ཏེ། དེའི་
ཕྱིར་སྣང་བར་མི་འགྱུར་རོ། །རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་རང་གི་བདག་ཉིད་དོན་མེད་པ་ལ་དོན་དུ་ལྷག་པར་ཞེན་ནས་འཇུག་པ་ཡིན་ནོ་ཞེ་ན། དོན་མེད་པ་སྟོན་པ་ནི་ངེས་པར་བརྟགས་པ་ན་མེད་པ་གསལ་བར་བྱེད་པ་ཉིད་དུ་གནས་པ་ཡིན་ཏེ། གང་གི་ཕྱིར་དོན་མེད་པ་གསལ་བ་ན་བདག་ཉིད་
གསལ་བར་བྱེད་པའམ། གཞན་གསལ་བར་བྱེད་པར་འགྱུར་ཏེ། རྣམ་པ་གཞན་ནི་མི་སྲིད་པའི་ཕྱིར་རོ། །རེ་ཞིག་བདག་ཉིད་ནི་གསལ་བར་བྱེད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་གསལ་བའི་རང་བཞིན་ཡིན་པའི་ཕྱིར་དང་། དོན་མེད་པ་ནི་དངོས་པོ་མ་ཡིན་པའི་ཡང་ཕྱིར་རོ། །གཞན་གྱིས་
གསལ་བར་བྱེད་ན་ཡང་དེ་གསལ་བར་བྱེད་པ་ནི་ཤེས་པའི་བདག་ཉིད་དེ་ཉིད་མི་བདེན་པ་གསལ་བར་བྱེད་པར་སྐྱེས་པ་ཡིན་ནོ། །འདི་སྙམ་དུ་མ་རིག་པའི་དབང་གིས་དེ་ལྟར་གསལ་བ་ཡིན་ནོ་སྙམ་ན། གལ་ཏེ་མ་རིག་པ་དེ་དངོས་པོ་མེད་པ་ཡིན་ན་དངོས་པོ་མེད་པས་དངོས་པོ་མེད་པ་གསལ་བར་བྱེད་
དོ་ཞེས་བྱ་བའི་ཚིག་གི་ཚུལ་འདི་ཅིར་ཡང་མི་རུང་ངོ་། །ཅི་སྟེ་དངོས་པོ་ཡིན་པ་དེ་ལྟ་ན་ཡང་དེ་ནི་རྣམ་པར་ཤེས་པའི་རང་བཞིན་ཉིད་ཡིན་ན་དེ་ལས་ཀྱང་དངོས་པོ་མེད་པ་ཇི་ལྟར་གསལ་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་ལ་ནི་འབྲེལ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་མ་རིག་པའི་ནུས་པ་དང་
ལྡན་པའི་ཤེས་པ་མི་བདེན་པའི་རང་བཞིན་གསལ་བའི་བྱེད་པ་ཡིན་པའི་ཕྱིར་མ་རིག་པའི་དབང་གིས་གསལ་བ་ཡིན་ནོ་ཞེས་བརྗོད་པ་ལ་ནི་ཁ་ན་མ་ཐོ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དོན་མེད་པར་འཛིན་པའི་ཤེས་པ་ཐམས་ཅད་མི་བདེན་པ་གསལ་བར་བྱེད་པའི་མ་རིག་པའི་བདག་ཉིད་དུ་བལྟ་བར་
བྱའོ། །ཐམས་ཅད་དུ་གལ་ཏེ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ཡོད་པ་ཡིན་ན་ཚངས་པས་ཀྱང་ཤེས་པ་འབའ་ཞིག་ཀྱང་འཁྲུལ་པར་བརྟག་པར་མི་ནུས་སོ། །ཅི་སྟེ་མི་བདེན་པ་ཡང་ཡོད་ན་ནི་བརྒྱ་བྱིན་གྱིས་ཀྱང་། ཤེས་པ་མི་བདེན་པ་གསལ་བར་བྱེད་པའི་ནུས་པ་བསྙོན་པར་མི་ནུས་སོ། །འདོད་དུ་
เล่ม ๑๘๘ · หน้า 159a
ཟིན་ཀྱང་ཉམས་སུ་མྱོང་བ་ཐམས་ཅད་བདེན་པ་ཡིན་པར་ནི་སུས་ཀྱང་གཞག་པར་ནུས་པ་མ་ཡིན་པའི་ཕྱིར་ཤེས་པའི་མི་བདེན་པ་གསལ་བའི་ནུས་པ་ལས་འདའ་བར་བྱ་བ་མ་ཡིན་ནོ། །མི་བདེན་པའི་རང་བཞིན་ཉིད་མ་རིག་པའི་དབང་གིས་སྟོན་པར་བྱེད་པའི་བདེན་པ་ནི་མ་
ཡིན་ཏེ། བདེན་པ་དང་ལྷན་ཅིག་འབྲེལ་པ་ངེས་པ་མེད་པའི་ཕྱིར་རོ། །ཉམས་སུ་མྱོང་བ་ངེས་པའི་རང་བཞིན་མི་སླུ་བ་ནི་སྤང་བར་ནུས་པ་མ་ཡིན་ཏེ། དེ་ནི་ཁས་བླང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་གང་ཉམས་སུ་མྱོང་ཡང་གནོད་པར་བྱེད་པ་མཐོང་བའི་ཕྱིར་སླུ་བ་དེ་ནི་སྤང་བར་བྱ་བ་ཡིན་ཏེ།
དཔེར་ན་ཟླ་བ་གཉིས་ཀྱི་རང་བཞིན་ལྟ་བུའོ། །གནོད་པར་བྱེད་པ་མེད་པའི་ཕྱིར་འཁྲུལ་པ་མི་འགྲུབ་བོ་ཞེས་གང་འཆད་པར་འགྱུར་རོ། །དེ་བཞིན་དུ་རྣམ་འགྲེལ་ལས་ཀྱང་། གནོད་བྱེད་རིག་པ་དམ་པ་ནི། །མེད་ན་ཉམས་མྱོང་ཡང་བྱ་མིན། །ཞེས་སོ། །དགའ་བ་ལ་སོགས་པའི་རང་བཞིན་ཡང་དག་
པར་རིག་པ་ནི་སྤང་བར་བྱ་བ་མ་ཡིན་ཏེ། གནོད་པར་བྱེད་པ་མེད་པའི་ཕྱིར་རོ། །དེས་ན་གཅིག་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ཉིད་ཀྱི་ཕྱིར་འཁྲུལ་པའི་ཤེས་པ་དཔེར་བརྗོད་དོ། །གཞན་དུ་ན་སྔོན་པོ་དང་སྔོན་པོའི་རང་བཞིན་དག་ལྷན་ཅིག་དམིགས་པས་ངེས་པ་ན་ཐ་དད་པ་ཡོད་པ་མ་ཡིན་གྱི། འོན་
ཀྱང་གཅིག་ཉིད་ཡིན་པ་དེ་བཞིན་དུ། སྔོན་པོ་དང་དེའི་བློ་དག་ཀྱང་ཞེས་བྱ་བ་ཉིད་བརྗོད་པར་བྱ་བར་འགྱུར་རོ། །སྔོན་པོ་དང་འབྲེལ་པའི་རང་བཞིན་གང་ཡིན་པ་དེ་ནི་ཉམས་སུ་མྱོང་བ་ལས་དོན་གཞན་པ་སྟེ། གཞན་དུ་གྱུར་པ་ཉིད་མ་ཡིན་ནོ། །གཏན་ཚིགས་ཀྱི་དོན་སྦྱོར་བར་བྱེད་པ་ནི་དེ་དག་ལྷན་ཅིག་
པ་ཉིད་དུ་དམིགས་པ་ངེས་པའི་ཕྱིར་ཟླ་བ་གཉིས་ལ་སོགས་པ་བཞིན་ནོ། །ཇི་ལྟར་འཁྲུལ་པའི་ཤེས་པ་གཅིག་ལ་སྣང་བའི་ཟླ་བ་གཉིས་དག་ལྷན་ཅིག་པ་ཉིད་དུ་ངེས་པར་དམིགས་པའི་ཕྱིར་ཕན་ཚུན་དང་ཤེས་པ་ལས་ཐ་དད་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་འདི་དག་ལ་ཡང་བལྟ་བར་བྱའོ། །གཏན་
ཚིགས་ཀྱི་དོན་རང་ཉིད་སྟོན་པར་བྱེད་པ་ནི་འདི་དག་ལས་ཞེས་བྱ་བ་ཡིན་ཏེ། ཤེས་པ་དང་ཤེས་བྱ་འདི་དག་ལས་ཤེས་པའམ་ཤེས་བྱའི་རྣམ་པ་སྟེ། རང་བཞིན་གཅིག་མ་དམིགས་ན་གཞན་ཏེ་གཉིས་པ་དམིགས་པ་མེད་དོ། །དེས་ན་འདི་ནི་ངེས་པའི་དོན་དུ་བསྟན་པ་མ་ཡིན་ཏེ། ཤེས་བྱ་དམིགས་
เล่ม ๑๘๘ · หน้า 159b
པ་ནི་ཤེས་པ་དམིགས་པའི་བདག་ཉིད་ཅན་ཉིད་ཡིན་གྱི་གཞན་དུ་མ་ཡིན་ལ། ཤེས་པ་དམིགས་པ་ཡང་ཤེས་བྱ་དམིགས་པའི་བདག་ཉིད་ཡིན་ནོ་ཞེས་གཞན་དུ་གྱུར་པ་ཉིད་བཟློག་པ་ཡིན་ནོ། །གར་དང་གྱད་ལ་ལྟ་བ་ལ་སོགས་པ་རྣམས་ལ་གང་ཤེས་བྱ་དམིགས་པར་མི་འགྱུར་བའི་ཤེས་པ་ནི་འགའ་
ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་ཤེས་བྱ་མི་དམིགས་པའམ། ཤེས་པ་མི་དམིགས་པར་ཤེས་བྱ་དམིགས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་རྣམ་པ་གཞན་ཉིད་འགོག་པ་ཡིན་གྱི། དམིགས་པ་ཐམས་ཅད་ལ་ཐ་དད་པ་ཉིད་འགོག་པ་ནི་མ་ཡིན་ནོ། །གང་ཡང་བཅོམ་ལྡན་འདས་ཀྱིས་ཤེས་
བྱ་དང་ཐུགས་ལ་ལྷན་ཅིག་དམིགས་པ་ངེས་པ་ཡོད་ཀྱང་། ཐ་དད་པ་མེད་པ་ནི་མ་ཡིན་ནོ་ཞེས་སྨྲས་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་དེ་ལ་ནི་ལྷན་ཅིག་དམིགས་པ་ངེས་པ་ཉིད་མེད་དེ། ཐ་དད་པ་ཉིད་དུ་རྒྱུད་གཞན་གྱིས་རང་གི་སེམས་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སེམས་དང་སེམས་ལས་བྱུང་
བས་ཀྱང་འཁྲུལ་པར་འགྱུར་བ་མ་ཡིན་ཏེ། དེ་དག་རྣམས་ཀྱང་སོ་སོར་བདག་ཉིད་ཡང་དག་པར་རིག་པའི་ཕྱིར་རོ། །གང་ཞིག་གཅིག་དམིགས་པ་ན་ཅིག་ཤོས་མི་དམིགས་པ་གང་ཡིན་པ་དེ་དག་ལ་ནི་འཁྲུལ་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཐུགས་དམིགས་པ་ཉིད་ནི་ཤེས་བྱ་དམིགས་
པ་མ་ཡིན་གྱི། འོན་ཀྱང་གཞན་ཡང་ཡོད་པ་ཡིན་ནོ། །གཅིག་གིས་སམ་གཅིག་ཅེས་བྱ་བའི་ཕྱོགས་ནི་ཁས་མ་བླངས་པའི་ཕྱིར། དེ་ལ་བརྗོད་པའི་སྐྱོན་མི་སྲིད་པ་ཉིད་དོ། །རང་བཞིན་ཐ་དད་པ་སྟེ། རང་བཞིན་ཕན་ཚུན་དབེན་པ་ལ་ནི་ངེས་པར་ལྷན་ཅིག་ཏུ་འཛིན་པ་འདི་འཐད་པ་མ་ཡིན་ཏེ། འབྲེལ་
པ་ཉིད་དུ་གྱུར་པའི་རྒྱུ་མཚན་དེ་མེད་པའི་ཕྱིར་རོ། །འདི་སྐད་དུ་བརྗོད་པ་ཡིན་ཏེ། ཕན་ཚུན་འབྲེལ་པ་མེད་པར་ནི་ཐ་དད་པ་དག་ལྷན་ཅིག་དམིགས་པ་ངེས་པ་མ་ཡིན་ལ། དེ་ཡང་རེ་ཞིག་ནི་བདག་ཉིད་ཀྱི་རྒྱུ་མཚན་ཅན་དུ་ནི་རང་ཉིད་མི་འདོད་དོ། །དེ་ལས་བྱུང་བ་ཡང་མེ་དང་དུ་བ་དག་བཞིན་དུ་ལྷན་ཅིག་
དམིགས་པར་མ་ངེས་སོ། །ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་ཀྱང་རྣམ་པ་དང་བཅས་པའི་ཕྱོགས་ལ་ནི་བཀག་ཟིན་ཏོ། །རྣམ་པ་མེད་པའི་ཕྱོགས་ལ་ཡང་ཁྱད་པར་མེད་པའི་ཤེས་པ་འབའ་ཞིག་ཉམས་སུ་མྱོང་བ་ན་ཁྱད་པར་དང་ལྡན་པར་བསྟན་པར་མི་ནུས་སོ། །ཡུལ་ཡང་ཤེས་པ་དམིགས་པ་ལས་ཐ་དད་པར་
เล่ม ๑๘๘ · หน้า 160a
དམིགས་པ་མ་ཡིན་ལ། ཤེས་པ་དམིགས་པ་དེ་ལ་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ། །འཛིན་པའི་རྣམ་པ་ཉམས་སུ་མྱོང་བ་གྲུབ་པ་ནི་ཟློག་པ་མ་ཡིན་གྱི། འབའ་ཞིག་པོ་དེ་ལ་ཡུལ་སོ་སོ་ལས་ཁྱད་པར་ཡོད་པ་མ་ཡིན་ལ། མ་དམིགས་པའི་ཁྱད་པར་ཡང་ཁྱད་པར་དུ་
རྣམ་པར་འཇོག་པའི་རྒྱུ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེས་ན་མངོན་སུམ་ཡང་དག་པར་རིག་པ་ལ་ནི་ཁྱད་པར་ཡོད་པ་མ་ཡིན་ཏེ། ཁྱད་པར་གྱི་ཐ་སྙད་ནི་ཉམས་སུ་མྱོང་བར་གྱུར་པའི་དོན་ལ་བརྟེན་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ཏེ། གང་གི་ཕྱིར་དོན་ཉམས་སུ་མྱོང་བར་གྲུབ་ན་ནི་རྣམ་
པར་ཤེས་པའི་ཁྱད་པར་གྱི་ཐ་སྙད་ཉམས་སུ་མྱོང་བར་གྱུར་པ་ལ་བརྟེན་པར་གྱུར་ན་དེ་ཉིད་མ་གྲུབ་པའི་ཕྱིར་རོ། །འདི་དག་ཇི་ལྟར་སྣང་བ་བཞིན་དུ་བརྟགས་པའི་ཐ་དད་པ་ནི་ཁོ་ན་ཉིད་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་བརྟགས་པའི་ཐ་དད་པའི་རྒྱུ་མཚན་ཅན་ལྷན་ཅིག་པའི་སྒྲ་སྦྱར་བའི་ཕྱིར་
འགལ་བ་ཅི་ཡོད། ད་ནི་འབྲེལ་པ་གཞན་བསལ་བ་ན་འབྲེལ་པ་མེད་པར་ལྷན་ཅིག་དམིགས་པ་ངེས་པ་གང་ཡིན་པ་ཞེས་དེ་ལྟར་གཏན་ཚིགས་ཁྱད་པར་དུ་བྱས་ཀྱང་མ་གྲུབ་པ་མ་ཡིན་པའམ། ཡང་ན་གཟུགས་དང་སྣང་བ་དག་འཁྲུལ་པའི་ཡུལ་ཉིད་དུ་མི་གནས་པའི་ཕྱིར་ཁྱད་པར་འདོད་པ་མ་ཡིན་
ཏེ། དེ་དག་གནས་ན་ནི་ཁྱད་པར་ལ་ལྟོས་པར་འགྱུར་རོ། །དེས་ན་ཁྱད་པར་མེད་པ་གཏན་ཚིགས་ཡིན་ནོ། །གཟུགས་དང་སྣང་བ་དག་གིས་འཁྲུལ་པར་དོགས་པ་ལ། བཤད་པ། གཟུགས་དང་སྣང་བ་དག་ལ་ནི་དེའི་ཤེས་པ་སྐྱེད་པར་རུང་བ་གང་ཡིན་པ་དེ་ཐོབ་པའི་མཚན་ཉིད་དམ། ངོ་བོ་
གང་ཡིན་པའོ། །གང་གི་ཕྱིར་གཟུགས་ཀྱིས་ཤེས་པ་སྐྱེ་བར་རུང་བ་ཉིད་ནི་སྣང་བ་ལས་ཐོབ་པའི་ཕྱིར་སྣང་བ་དང་འབྲེལ་པ་ཡིན་ནོ། །དབང་པོ་རུང་བ་བསྐྱེད་པའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ཡིན་ཏེ། ཡུལ་ལ་ཤེས་པ་སྐྱེད་པར་རུང་བ་ཉིད་སྣང་བ་ལས་ཐོབ་པ་དེའི་ཕྱིར་དབང་པོ་ཉིད་རང་གི་ཡུལ་
གྱི་ཤེས་པ་སྐྱེད་པར་བྱེད་པ་སྣང་བ་དང་འབྲེལ་པ་ཡིན་ནོ། །དེའི་ཕྱིར་གཟུགས་ནི་སྣང་བ་དང་ལྷན་ཅིག་ཏུ་དམིགས་པ་ངེས་པ་ཡིན་ནོ། །གཏན་ཚིགས་བཤད་པ་འབྲས་བུ་གཟུགས་སམ། སྨིག་རྒྱུ་སྣང་བ་འཁྲུལ་པ་མེད་པའི་ཕྱིར་རོ། །འབྲས་བུ་རྒྱུའི་རྗེས་སུ་འགྲོ་བ་ཡོད་ཀྱང་མེ་དང་དུ་བ་དག་ལ་
เล่ม ๑๘๘ · หน้า 160b
ལྷན་ཅིག་དམིགས་པ་ངེས་པ་འཁྲུལ་པར་མཐོང་བ་མ་ཡིན་ནམ་ཞེ་ན། གཟུགས་དང་ལྷན་ཅིག་གཟུང་བའི་སྣང་བ་ནི་གདོན་མི་ཟ་བར་གཟུང་བར་བྱ་བ་ཡིན་གྱི། མེ་དང་དུ་བ་དག་ནི་གདོན་མི་ཟ་བར་གཟུང་བར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྣང་བ་བར་ཆད་མེད་པས་ཞེས་གསུངས་ཏེ།
གཟུགས་ཀྱི་ཤེས་པ་སྐྱེད་པར་རུང་བ་ནི་བར་དུ་ཆོད་ཅིང་བར་མཚམས་མེད་པའི་སྣང་བ་མེད་པར་མི་འགྱུར་བ་ཡིན་ཏེ། འདི་ལྟར་བུམ་པ་ནི་སྣང་བ་མང་པོའི་བར་དུ་ཞུགས་པར་སྐྱེ་བ་ཉིད་ཡིན་ན། སྣང་བས་ཤེས་པ་སྐྱེད་པར་རུང་བ་སྐྱེད་པ་ཡིན་ཏེ། སྣང་བས་ཁྱབ་པའི་གཟུགས་ཉིད་མཐོང་བའི་
ཕྱིར་རོ། །གལ་ཏེ་མིག་གིས་གཟུང་བར་བྱ་བའི་རང་བཞིན་མ་ཡིན་ན་ནི་སྣང་བ་བར་ཆད་མེད་པ་ཉིད་ཡིན་ཡང་ལྷན་ཅིག་སྤྱོད་པའི་རེག་པ་ལ་སོགས་པ་ལྟར་གཟུང་བར་མི་འགྱུར་ན། གཟུང་བའི་མཚན་ཉིད་ཀྱི་རང་བཞིན་ཡིན་པ་དེས་ན་གཟུགས་དང་ལྷན་ཅིག་གདོན་མི་ཟ་བར་གཟུང་བར་བྱ་བ་ཡིན་
ནོ། །དམིགས་པའི་སྤྱོད་ཡུལ་དུ་གྱུར་པ་དག་ལས་གཅིག་འཛིན་པར་ངེས་པར་བྱེད་པའི་རྒྱུ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དུས་མཚུངས་པའི་གཟུགས་དང་སྣང་བ་དག་ཁོ་ན་གསལ་བར་བྱ་བ་དང་གསལ་བར་བྱེད་པའི་དངོས་པོ་ཡིན་ནོ། །དེ་ཡང་སྣང་བ་གཟུགས་ཀྱི་རྒྱུ་ལས་གཞན་
དུ་འཐད་པ་མ་ཡིན་པ་དེའི་ཕྱིར་རྒྱུའི་དངོས་པོ་རྒྱུ་མཚན་དུ་འདོད་པ་ཡིན་གྱི། རྒྱུ་དངོས་པོ་ཉིད་ནི་གསལ་བར་བྱེད་པའི་ངོ་བོ་མ་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱི་ཡུལ་ན་གནས་པ་ཉིད་ཀྱི་སྣང་བ་ནི་མིག་དང་རང་གི་རྒྱུན་སྐྱེད་པར་བྱེད་པ། དེ་ལས་ཀྱང་གཟུགས་སྣང་བ་དང་བར་ཆད་མེད་པ་དེའི་
ཕྱིར་སྣང་བ་དང་ཡུལ་ལྷན་ཅིག་ཏུ་མཐོང་བ་ཉིད་དོ། །སྣང་བའི་རང་བཞིན་དུ་གྱུར་པ་ཉིད་ཀྱི་མེ་ནི་དུ་བའི་སྐྱེད་པར་བྱེད་པ་མ་ཡིན་པ་དེས་དེ་དག་ལ་ལྷན་ཅིག་དམིགས་པ་ངེས་པ་མེད་པ་ཡིན་ནོ། །དེ་ལྟར་ན་ཡང་གཟུགས་དང་སྣང་བ་དག་ནི་ཤེས་པ་གཅིག་གི་ཡུལ་གྱི་དངོས་པོ་ལ་ཕན་ཚུན་འབྲེལ་པ་ཡིན་
གྱི། ཤེས་པ་དང་ཤེས་བྱ་དག་ནི་དེ་ལྟ་མ་ཡིན་ནོ། །ཡང་ན་གཟུགས་དང་སྣང་བ་དག་ལ་ནི་ལྷན་ཅིག་དམིགས་པ་ངེས་པ་ཡོད་པ་མ་ཡིན་ཏེ། གཟུགས་དང་བྲལ་བའི་སྣང་བ་འབའ་ཞིག་ཀྱང་མཐོང་བའི་ཕྱིར་དང་། སྣང་བ་མེད་པའི་གཟུགས་ཀྱང་བྱི་བ་ལ་སོགས་པའི་སྲོག་ཆགས་ཀྱི་བྱེ་བྲག་འགའ་
เล่ม ๑๘๘ · หน้า 161a
ཞིག་གིས་མཐོང་པའི་ཕྱིར་རོ། །སྔོན་པོའི་དམ་པ་དང་རིག་པ་དག་ནི་ལྷན་ཅིག་དམིགས་པ་ངེས་པ་ཉིད་དོ། །རང་བཞིན་ཐ་དད་པ་སྟེ་བྲལ་བ་ལ་ནི་དེ་རིགས་པ་མ་ཡིན་ཏེ། སྔོན་པོ་དང་སེར་པོ་དག་བཞིན་ནོ། །གང་གི་ཕྱིར་དེ་དག་ནི་ཕན་ཚུན་ཐ་དད་པ་དང་འབྲེལ་པ་ཡང་འགའ་ཡང་མེད་དེ། དེས་
ན་ལྷན་ཅིག་དམིགས་པ་ངེས་པ་མ་ཡིན་ནོ། །ཤེས་པ་དང་ཤེས་བྱ་དམིགས་པ་གཅིག་ཉིད་དོ་ཞེས་ཇི་ལྟར་བརྗོད་དེ། གང་གི་ཕྱིར་ཡུལ་ནི་སྔར་དམིགས་ཏེ་ཤེས་པའི་རྒྱུ་ཡིན་པས་དེ་ནི་སྔར་ཉེ་བའི་ཕྱིར་རོ། །དེའི་འབྲས་བུ་ཤེས་པ་ནི་ཕྱིས་ཉེ་བ་ཡིན་ལ། ཉེ་བ་དེའི་འབྲས་བུར་གྱུར་པའི་འཛིན་པའི་གཞན་སྐྱེ་བ་དེས་
ན། ཡུལ་གྱི་ཤེས་པ་ནི་རང་གི་འབྲས་བུའི་དུས་ན་དམིགས་ལ། ཡུལ་ནི་རང་གི་འབྲས་བུ་ཤེས་པའི་དུས་ན་ཡིན་ནོ། །དུས་ཐ་དད་ན་ཡང་མྱོང་བ་ཐ་དད་པར་ངེས་པར་འགྱུར་ཏེ། དུས་ཐ་དད་པ་ཡང་དངོས་པོ་ཐ་དད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱིས་ཤེས་པ་དང་ཤེས་བྱ་དག་གི་མྱོང་བ་དུས་ཐ་དད་པ་
དགག་པའི་ཕྱིར་གཞི་འདིངས་པར་མཛད་པ་ནི། དམིགས་པ་མངོན་སུམ་མ་ཡིན་པ་གང་ཡིན་པ་དེའི་དོན་མཐོང་བ་ལྟ་བའི་མཐོང་བ་ཉིད་རབ་ཏུ་གྲུབ་པར་མི་འགྱུར་རོ། །འདི་སྙམ་དུ་དམིགས་པ་མངོན་སུམ་ཡིན་ནམ་མ་ཡིན་ཡང་བླ་སྟེ། དེས་ཡུལ་ཡོད་པ་མངོན་སུམ་དུ་བྱས་པ་དེས་ན། དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །
ཞེས་ཅིའི་ཕྱིར་བརྗོད་ཅེ་ན་ནི་ཞེས་བྱ་བ་ནི་གཏན་ཚིགས་ཏེ། ཡུལ་ཡོད་པས་ནི་ཡུལ་དམིགས་པ་རྣམ་པར་གནས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན་སྨྲས་པ། ཡུལ་དེའི་དམིགས་པ་དེ་ཡོད་པས་སོ། །བསམ་པ་ནི་འདི་ཡིན་ཏེ་ཤེས་པས་ཡུལ་དུ་བྱས་པའི་དོན་བདག་ཉིད་ཀྱི་རང་བཞིན་ནི་མྱོང་བ་མ་ཡིན་
གྱི། འོན་ཀྱང་ཤེས་པ་ཉིད་ཡིན་ན་དེ་ཡང་མ་གྲུབ་པོ། །འདི་སྙམ་དུ་ཤེས་པས་དོན་ཉམས་སུ་མྱོང་བ་དེས་ན་ཤེས་པ་ཉམས་སུ་མྱོང་ཅི་དགོས་སྙམ་ན། གལ་ཏེ་དོན་ཉམས་སུ་མྱོང་བ་ཤེས་པ་ཉམས་སུ་མྱོང་བ་ལས་གཞན་ཡིན་ན་ནི་དེ་ལྟར་འགྱུར་ན་གཞན་ནི་མ་ཡིན་ནོ། །འདི་ལྟར་བདག་ཉིད་གསལ་ཞིང་ཉམས་སུ་
མྱོང་བ་ན་ཤེས་པ་དོན་རིག་པར་འགྱུར་གྱི། གསལ་བ་མ་རིག་ན་ནི་གསལ་བའི་ཁྱད་པར་ཅན་གྱི་གསལ་བར་བྱ་བའི་དོན་རིག་པར་མི་འགྱུར་ཏེ། དབྱིག་པ་མ་རྟོགས་པར་དབྱིག་པ་ཅན་དུ་མི་རྟོགས་པ་བཞིན་ནོ། །དེ་ན་དོན་བཞིན་དུ་དོན་རིག་པ་ཉམས་སུ་མྱོང་བ་ནི་ཡོད་དོ། །དོན་གྱི་རང་བཞིན་ཉིད་ནི་གསལ་བ་མ་ཡིན་གྱི་
เล่ม ๑๘๘ · หน้า 161b
འོན་ཀྱང་ཤེས་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་བདག་ཉིད་དོན་གསལ་བར་བྱེད་པའི་བདག་ཉིད་དུ་མཐོང་ན་ནི། ཤེས་པས་དོན་ཉམས་སུ་མྱོང་བར་འགྱུར་བ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེས་ན་ཤེས་པ་ཉམས་སུ་མྱོང་བ་ཉིད་དོན་མྱོང་བ་ཡིན་པ་དེའི་ཕྱིར་ཏེ། དེ་ཤེས་པ་ཡོད་པར་མ་གྲུབ་པར་གཟུང་བར་མི་འགྱུར་རོ། །ཤེས་པ་མེད་
པར་དོན་གྱི་རང་བཞིན་འབའ་ཞིག་ཉམས་སུ་མྱོང་བར་ངེས་ན་ནི་ཡུལ་ཡོངས་སུ་རྫོགས་པ་ཡང་མ་ཡིན་ཏེ། འདི་ལྟར་རང་གི་ངོ་བོ་བདག་ཉིད་སོ་སོ་ལ་ཁྱད་པར་མེད་པའི་ཕྱིར་བདག་གིས་རིག་གོ་ཞེས་ཁྱད་པར་གྱི་ཐ་སྙད་མེད་པར་ཐལ་བར་འགྱུར་རོ། །གང་ཉམས་སུ་མྱོང་བར་འགྱུར་བ་དེ་ཉིད་ཉམས་སུ་མྱོང་བ་ལས་ཐ་སྙད་དུ་
བྱ་བ་ཞེས་བྱ་བ་ཡིན་ན་ནི། དོན་གྱི་རང་བཞིན་འབའ་ཞིག་ཉམས་སུ་མྱོང་ལ། དེ་ཡང་ཁྱད་པར་མེད་པ་ཡིན་པའི་ཕྱིར་ཁྱད་པར་གྱི་ཐ་སྙད་གང་ལས་འགྱུར། དོན་ཉམས་སུ་མྱོང་བར་གྱུར་པའི་ཐ་སྙད་ཐམས་ཅད་ནི་མྱོང་བ་པོའི་ཁྱད་པར་ངེས་པ་ལ་བརྟེན་པ་ཡིན་ཏེ། དེའི་ཕྱིར་གང་ཞིག་རྒྱུར་གྱུར་པས་དོན་རིག་པའི་ཐ་སྙད་འདི་
ཁྱད་པར་ལ་བརྟེན་པར་གསལ་བར་འགྱུར་བ་རིག་པ་དེ་ཡང་ཉམས་སུ་མྱོང་བ་ཡིན་ནོ། །བྱ་བའི་ཁྱད་པར་འགའ་ཞིག་རིག་པ་བྱེད་པ་པོ་ལ་མི་བརྟེན་པར་འགྱུར་བ་མྱོང་བའི་ཐ་སྙད་གཞན་ནི་ཡོད་པ་མ་ཡིན་ནོ། །དམིགས་པ་ཡོད་པ་དེ་ཡང་ཚད་མ་དང་མི་ལྡན་པ་མངོན་སུམ་གྱི་རིག་པ་མ་ཡིན་པས་མངོན་སུམ་གྱི་ཡུལ་མ་
ཡིན་པའི་ཤེས་པ་ཡོད་པའི་རྒྱུ་མཚན་ཅན་གྱི་ཐ་སྙད་གང་དག་ཡིན་པ་སྟེ། ཡུལ་ཡོད་པའི་ཐ་སྙད་འདི་རིག་གོ་ཞེས་རིག་པའི་ཐ་སྙད་དམ། བདག་གིས་རིག་གོ་ཞེས་བདག་ཉིད་བྱེད་པ་པོར་གྱུར་པའི་རིག་པའི་ཐ་སྙད་དོ། །མི་དམིགས་པའི་རང་བཞིན་ཅན་གྱི་ཤེས་པ་ཡོད་པའི་རྒྱུ་མཚན་ཅན་གྱི་ཐ་སྙད་འཇུག་པར་མི་འགྱུར་ཏེ།
ལྡོག་པར་འགྱུར་རོ། །ཤེས་པ་ཡོད་པ་ནི་མི་དམིགས་པ་ཡིན་ལ། དེ་ལས་ཀྱང་དེའི་དམིགས་པ་མ་གྲུབ་ན་སྔར་བཤད་པའི་ཐ་སྙད་ཅན་གྱི་ཡུལ་ཡང་ཡོད་པའི་ཐ་སྙད་དུ་རུང་བ་ཉིད་རབ་ཏུ་མི་འགྲུབ་པའི་ཕྱིར་ཤེས་པ་དང་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་ནུབ་པ་སྟེ། ཡོད་པའི་ཐ་སྙད་ལས་འདས་པར་འགྱུར་རོ་ཞེས་བྱ་
བ་ནི་ཧ་ཅང་ཐལ་བའོ། །འདི་སྙམ་དུ་གལ་ཏེ་ཤེས་པ་མི་དམིགས་པ་དེ་ལྟ་ན་ཡང་དོན་གྱི་ཡུལ་ཅན་གྱིས་དམིགས་པའི་ཐ་སྙད་དུ་བྱེད་པ་ཡིན་ཏེ། དཔེར་ན་མིག་མ་དམིགས་ཀྱང་གཟུགས་འཛིན་པ་བཞིན་ནོ་ཞེ་ན། ཡོད་ཀྱང་ཞེས་སྨོས་ཏེ། མདོག་ཏུ་ཟིན་ཀྱང་མ་གྲུབ་སྟེ། མ་དམིགས་པ་ལ་དམིགས་པར་ཡོད་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด