ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བི་ནིཤྩ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๘ · หน้า 211b
ཤིང་ཤ་པ་ནི་སྣང་དུ་མི་རུང་བའི་ཕྱིར་རོ། །ཤིང་ནི་དམིགས་པའི་མཚན་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་དེ་མེད་པར་ངེས་ནུས་པ་དེའི་ཚེ་བལྟ་བར་བྱ་སྟེ། དེས་ན་ཁྱབ་པར་བྱེད་པ་མེད་པས་ཁྱབ་པར་བྱ་བ་ལ་ལྡོག་པ་ཡིན་ནོ། །དངོས་པོ་མེད་པ་སྒྲུབ་པའི་སྦྱོར་བ་འདི་ཐམས་ཅད་ནི་སྣང་བ་མི་དམིགས་པའི་ཡུལ་ལས་གཞན་དུ་རིག་
པར་བྱ་སྟེ། སྣང་བ་མི་དམིགས་པའི་ཡུལ་ལ་ནི་དངོས་པོ་མེད་པ་གྲུབ་ཟིན་པའི་ཕྱིར་རོ། །ཡུལ་ཡང་དཔེ་བརྗོད་པ་དག་ཏུ་ཅི་ལྟ་ཅི་ལྟར་བསྟན་ཟིན་པ་བཞིན་ནོ། །ཐ་སྙད་སྒྲུབ་པ་ལ་ནི་ཁྱད་པར་མེད་པ་ཞེས་བྱ་བར་རིགས་སོ། །གལ་ཏེ་རང་བཞིན་མི་དམིགས་པ་ཁོ་ན་ལ་སྣང་དུ་རུང་བ་དགག་པར་བྱ་བ་ཡིན་གྱི། མི་དམིགས་
པའི་སྦྱོར་བ་གསུམ་པོ་དག་ལ་དགག་བྱ་སྣང་དུ་མི་རུང་བ་མ་ཡིན་ནམ། འགལ་བའམ། དེའི་འབྲས་བུ་ལ་ནི་འགལ་བའི་དོན་སྣང་དུ་མི་རུང་བ་ཡིན་ལ། རྒྱུ་མེད་པ་ལ་ཡང་འབྲས་བུ་སྣང་དུ་མི་རུང་བ་དགག་པར་བྱ་བ་ཡིན་ཏེ་སྣང་དུ་རུང་བ་ཉིད་ཡིན་ན་ནི་རང་བཞིན་མི་དམིགས་པ་ཉིད་རབ་ཏུ་སྦྱོར་བའི་ཕྱིར་རོ། །སྣང་དུ་མི་རུང་
བ་འགོག་པ་ཡང་སྣང་བ་མི་དམིགས་པ་མ་ཡིན་ན། དེ་ཅི་ལྟར་སྦྱོར་བ་བཞི་ཀ་ལ་སྣང་བ་མི་དམིགས་པ་ཉིད་གོ་བར་བྱེད་པ་ཡིན་ཞེ་ན། གལ་ཏེ་འགའ་ཞིག་ཏུ་དགག་བྱ་སྣང་དུ་མི་རུང་བ་ཉིད་ཡིན་ན་ནི། ཐམས་ཅད་དུ་སྣང་བ་མི་དམིགས་པ་ཉིད་གོ་བར་བྱེད་པ་ཡིན་པར་མི་འགྱུར་ན། མེད་པ་དང་ཐ་སྙད་སྒྲུབ་པའི་མི་
དམིགས་པ་འདི་ཐམས་ཅད་ལ་ཡང་གང་ཞིག་འགོག་པ་དེ་དང་ནི་མི་དམིགས་པར་རིག་པར་བྱའོ། །རང་བཞིན་ཅི་ལྟ་བུ་ཞིག་ཅེ་ན། སྣང་བའི་དོན་ལས་གཞན་དུ་གྱུར་པའི་དམིགས་པའི་རྒྱུ་རྣམས། གང་ཞིག་མི་དམིགས་པ་ན་ཡོད་པ་སྟེ་དེ་འདྲ་བའོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་མི་དམིགས་
པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་འབའ་ཞིག་ཏུ་ནི་མ་ཟད་ཀྱི་འོན་ཀྱང་དམིགས་པར་ཡང་རིག་པར་བྱའོ། །གང་དག་ཅེ་ན། དེ་དག་དང་དེ་དང་འགལ་བ་དག་གོ། །གསུམ་པ་རྒྱུ་མི་དམིགས་པའི་དཔེར་བརྗོད་པ་ལ་ནི་དགག་པར་བྱ་བ་འབྲས་བུའི་ཁྱད་པར་རྣམས་དེ་དག་ཅེས་བྱ་བས་སྟོན་པར་བྱེད་
པ་ཡིན་ལ། འགལ་བའི་དཔེར་བརྗོད་པ་གཉིས་པོ་དག་ལ་ནི་དགག་པར་བྱ་བ་འགལ་ཟླ་དག་དེ་དག་ལས་འགལ་བ་ཞེས་བྱ་བས་བརྗོད་པར་བྱ་བ་ཡིན་ནོ། །དེ་དག་ཅེས་བྱ་བ་སྦྱར་བ་ནི་འགལ་བ་དང་དེའི་འབྲས་བུ་དག་བརྗོད་པ་ཡིན་ནོ། །གལ་ཏེ་འགལ་བའི་འབྲས་བུ་དམིགས་པའི་སྦྱོར་བ་ལ། དགག་བྱ་རྒྱུ་དང་
เล่ม ๑๘๘ · หน้า 212a
འགལ་བ་ཡིན་གྱི་འབྲས་བུ་དང་ནི་མ་ཡིན་ན། དེ་ཇི་ལྟར་ན་དེ་དག་དང་འགལ་བའི་སྒྲ་དགག་བྱ་ལ་བརྗོད་ཅེ་ན། བརྒྱུད་པ་སྟེ་དེའི་རྒྱུ་དང་འགལ་བའི་ཕྱིར་དེ་ཡང་འགལ་བར་བརྗོད་པས་ཉེས་པ་མེད་དོ། །དམིགས་པ་དང་སྣང་བ་མི་དམིགས་པ་དག་ནི་སྣང་དུ་མི་རུང་བ་ལ་ནི་མེད་དོ། །
དེས་བལྟར་རུང་བའི་ཞེས་སྨོས་སོ། །དེ་དག་དང་འགལ་བ་བལྟར་རུང་བ་དག་ཁོ་ན་དེ་ལྟར་གྱུར་པར་རིག་པར་བྱའོ། །གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་ཡིན་ཏེ་བལྟར་རུང་བ་ཁོ་ནའི་འབྲས་བུ་དང་རང་བཞིན་དང་འགལ་བ་དང་རྒྱུ་དང་འགལ་བ་དག་ཁོ་ན་དགག་པ་ཡིན་གྱི། བལྟར་
མི་རུང་བ་ནི་དགག་བྱ་མ་ཡིན་ཏེ། གང་གི་ཕྱིར་སྣང་དུ་རུང་བ་དག་ཁོ་ན་དམིགས་པ་དང་སྣང་བ་མི་དམིགས་པར་སྲིད་པ་དེས་ན་སྣང་དུ་མི་རུང་བ་ནི་དགག་བྱ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གང་དག་བལྟར་རུང་བའི་དེ་དག་མ་གྲུབ་པ་དང་། བལྟར་རུང་བའི་དེ་དག་དང་འགལ་བ་དག་གྲུབ་པ་ཞེས་ཅི་རིགས་པར་འབྲེལ་
པར་བྱེད་པ་དེ་དག་གི་ལྟར་ན་ཁྱད་པར་དོན་མེད་དེ་གཞན་ནི་དམིགས་པར་མི་འཐད་པས་སྣང་དུ་རུང་བ་ཁོ་ན་དམིགས་པ་ཡིན་པའི་ཕྱིར་རོ། །གང་ལས་སྣང་དུ་རུང་བ་དག་ཁོ་ན་དགག་པར་བྱ་བར་རྟོགས་པར་འགྱུར་བ་མེད་པ་སྒྲུབ་པའི་མི་དམིགས་པ་ཐམས་ཅད་ལ་དགག་པར་བྱ་བ་མི་དམིགས་པ་དང་སྣང་བ་མི་དམིགས་པ་དང་
ལྡན་པ་ཁོ་ནར་རིགས་པར་བྱ་བའི་ངེས་པ་འདི་ཉིད་ག་ལས་ཤེ་ན། དོན་གྱི་ཤུགས་ཀྱིས་སོ། །དེ་ཡང་གང་ཞེ་ན། གཞན་དག་ལ་ནི་ཞེས་བྱ་བ་སྨོས་སོ། །དམིགས་པ་དང་བལྟར་རུང་བ་མི་དམིགས་པ་དང་བྲལ་བ་དག་ལ་ནི་རྒྱུ་དང་འབྲས་བུ་ཡོད་པ་དང་མེད་པ་དང་འགལ་བ་དེ་དག་མི་འགྲུབ་པའི་ཕྱིར་རོ། །གང་དག་དམིགས་པ་དང་བལྟར་
རུང་བ་མི་དམིགས་པ་དང་ལྡན་པ་མ་ཡིན་པ་དེ་དག་ལ་ནི་འདི་གསུམ་ཀ་ཡང་མི་འགྲུབ་པོ། །འདི་ལྟར་ཡོད་པ་དག་གཞན་ཡོད་ན་མེད་པའི་ཕྱིར་ནི་འགལ་བར་རྟོགས་ལ། ཡོད་པ་དག་ཉིད་གཞན་མེད་ན་མེད་པ་ལས་ནི་རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་སོ། །འགལ་བ་དང་རྒྱུ་དང་འབྲས་བུ་རྣམ་པར་འཇོག་པའི་རྒྱུ་ཡོད་
པ་དང་མེད་པར་ངེས་པ་ཡང་མཐོང་བ་དང་བལྟར་རུང་བ་མི་དམིགས་པའི་རྒྱུ་མཚན་ཅན་ཡིན་ཏེ། དེའི་ཕྱིར་མཐོང་བ་དང་བལྟར་རུང་བ་མི་དམིགས་པ་དང་ལྡན་པ་ཡོད་པ་དང་མེད་པ་ངེས་པ་དག་ཁོ་ན་འགལ་བ་དང་རྒྱུ་དང་འབྲས་བུར་གྲུབ་པ་ཡིན་ལ། དེ་འདྲ་བ་དག་ཀྱང་བལྟར་རུང་བའི་བདག་ཉིད་ཡིན་ནོ། །དེ་བཞིན་དུ་དངོས་པོ་
เล่ม ๑๘๘ · หน้า 212b
མེད་པ་ཡང་གཉི་ག་ལས་གྲུབ་པ་ཡིན་ལ། གཉི་ག་ཡང་བལྟར་རུང་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་འདིས་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ལ་ཁྱབ་བྱ་བལྟར་རུང་བ་ཁོ་ན་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་བཤད་པར་རིག་པར་བྱའོ། །འདི་ལྟར་རིམ་དང་རིམ་མ་ཡིན་པ་མི་དམིགས་ན་ཡང་ཡོད་པ་ཉིད་དང་། ཤིང་མེད་ན་
ཤིང་ཤ་པ་མེད་པར་གྲུབ་པས་ཆོས་གཉིས་ཁྱབ་བྱ་ཁྱབ་བྱེད་དུ་གྲུབ་ལ། དེ་མེད་པར་གྲུབ་པ་ཡང་སྣང་བ་དང་སྣང་བ་མི་དམིགས་པ་དང་ལྡན་པ་ཡིན་ཏེ། དེས་ན་ཁྱབ་བྱ་བལྟར་རུང་བ་ཉིད་དུ་རྟོགས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་སྦྱོར་བའི་དུས་ན་དགག་བྱ་བལྟར་མི་རུང་བ་དེ་ལྟ་ན་ཡང་། འགལ་བ་དང་རྒྱུ་
དང་འབྲས་བུའི་དངོས་པོ་དང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་འཛིན་པའི་དུས་ན་ཡོད་པའི་སྣང་བ་མི་དམིགས་པ་འབྲས་བུ་དང་ཁྱབ་བྱ་མེད་པའི་ཡུལ་ཅན་གང་ཡིན་པ་དེ་ཉིད་ལས་དངོས་པོ་མེད་པར་ངེས་པ་ཡིན་ཏེ། དེ་སྦྱོར་བའི་དུས་སུ་མ་དྲན་ན་ནི་འགལ་བ་དང་རྒྱུ་དང་འབྲས་བུ་དང་ཁྱབ་པར་བྱ་བ་དང་ཁྱབ་པར་
བྱེད་པའི་དངོས་པོ་རྟོགས་པ་ཉིད་དུ་མི་འགྱུར་ན་འགལ་བ་མཐོང་བ་དང་རྒྱུ་མེད་པ་དང་ཁྱབ་པར་བྱེད་པ་མེད་པ་ལས་ཅིག་ཤོས་མེད་པར་རྟོགས་པར་ལྟ་ག་ལ་འགྱུར། འགལ་བ་དང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དང་རྒྱུ་དང་འབྲས་བུར་རྟོགས་པའི་དོན་ལ་མི་དམིགས་པའི་རྗེས་སུ་འབྲངས་པ་ན་ནི། དེ་ཉིད་ཀྱིས་
ཅིག་ཤོས་མེད་པ་རྟོགས་པར་འགྱུར་གྱི། འགལ་བ་ཙམ་རྒྱུ་དང་ཁྱབ་པར་བྱེད་པ་མེད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེས་ན་དེ་ལྟར་མེད་པའི་ཐ་སྙད་བསྒྲུབ་པའི་མི་དམིགས་པ་འདི་ཐམས་ཅད་ལ་ཡང་ཞེས་བྱ་བ་ལ་སོགས་པས་སྦྱོར་བ་ཐམས་ཅད་སྣང་བ་མི་དམིགས་པའི་ནང་དུ་འདུས་པར་བཤད་པ་ཡིན་ནོ། །
ཇི་སྐད་དུ། རྣམ་འགྲེལ་ལས། གཞན་དུ་ཆོས་གཅིག་ཡོད་བརྗོད་པས། །གཞན་མེད་དེ་ཉིད་གང་གིས་རྟོགས། །གལ་ཏེ་འགལ་ལས་ཡིན་དེ་ཡང་། །ཅིས་གྲུབ། ལྷན་ཅིག་མི་གནས་པའི་ཕྱིར་ཞེ་ན། དེ་གང་ལས་འདོད། སྣང་བ་མཐོང་མེད་ཕྱིར་ཞེ་ན། དེ་ནི་མཚན་ཉིད་མ་ཡིན་ཞེས་བཤད་ནས།
ཐ་མར། ཐམས་ཅད་དུ་ནི་སྦྱོར་བ་ཉིད། །ཐ་དད་དོན་ལ་ཐ་དད་མེད། །ཅེས་བཤད་པ་ཡིན་ནོ། །དགག་པ་གང་ཇི་སྙེད་པ་ནི་མི་དམིགས་པ་ལས་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ནས། གོ་བར་བྱེད་པ་ཐམས་ཅད་ནི་མི་དམིགས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་འདིའི་མཐར་ཐུག་པའི་གཞུང་གིས་དགག་པ་ཐམས་ཅད་ནི་
เล่ม ๑๘๘ · หน้า 213a
མི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པ་ཡིན་ནོ། །རྣམ་འགྲེལ་ལས། ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །དོན་གྱིས་ཟློག་པ་ཉིད་ལས་ཡིན། །ཞེས་བཤད་དོ། །བཤད་ཟིན་པ་དེ་ཉིད་དོན་བསྡུས་པའི་ཕྱིར་བཤད་པ། སྣང་བ་མཐོང་བ་མེད་པ་དང་། །དངོས་པོ་མི་
དམིགས་པ་ལ་ནི། །རྒྱུ་མི་སྲིད་པར་གྱུར་པ་ན། །དངོས་པོ་མེད་པ་དགག་པ་རྟོགས་པར་འགྱུར་རོ། །དེ་ལ་རང་བཞིན་མི་དམིགས་པ་དང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བའི་སྦྱོར་བ་ལ་ནི་སྣང་བ་མཐོང་བ་མེད་པ་ཡིན་ནོ། །འདི་ལྟར་དེ་ལ་དངོས་པོ་གཅིག་སྣང་བ་ན་རང་བཞིན་གཞན་སྣང་བ་ཉིད་དུ་ཁས་བླངས་
པའི་མཐོང་བ་མེད་པ་ཡིན་ཏེ། སྔར་ཇི་སྐད་བསྟན་པ་བཞིན་ནོ། །རྒྱུ་མི་དམིགས་པ་དང་ལྷན་ཅིག་མི་གནས་པའི་འགལ་བ་ལ་ནི་རྒྱུ་མི་སྲིད་པ་ཡིན་ཏེ། འདི་ལྟར་འགལ་བའི་མེས་ཀྱང་རྒྱུ་བཟློག་པའི་སྒོ་ནས་གྲང་བའི་རེག་པ་བཟློག་པ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་དེ་ལྟར་ཚིགས་སུ་བཅད་པ་འདི་ནི་སྔར་བཤད་པའི་དོན་མཐའ་
དག་སྡུད་པའི་ཚིགས་སུ་བཅད་པ་ཡིན་ནོ། །གལ་ཏེ་འགལ་བའི་འབྲས་བུ་དེ་དམིགས་པས་ཀྱང་འགལ་བ་ཅིག་ཤོས་མེད་པར་ངེས་ན། འགལ་བ་དེའི་རྒྱུ་དམིགས་པས་ཀྱང་མེད་པར་ཅི་སྟེ་མ་ངེས། རྒྱུས་ཀྱང་འབྲས་བུ་གདོན་མི་ཟ་བར་ཉེ་བར་འཇོག་གོ་སྙམ་དུ་བསམས་པའོ། །དེ་ལྟར་ནི་མ་ཡིན་ཏེ། རྒྱུ་དེ་ནི་འཁྲུལ་པའི་ཕྱིར་རོ། །རྒྱུ་ནི་
འབྲས་བུ་ལ་འཁྲུལ་པ་ཡིན་ནོ་ཞེས་དཔེར་བརྗོད་པ་ནི་དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ། ཤིང་ཡོད་པའི་ཕྱིར་ཏེ། ཤིང་མཐོང་བའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུའི་རྒྱུ་དེ་དམིགས་པ་ནི་འབྲས་བུའི་གོ་བར་བྱེད་པ་མ་ཡིན་ཏེ། རྩོམ་པར་མ་ངེས་པས་སོ། །དེས་ན་གང་དུ་གྲང་བ་བཟློག་པར་བྱ་བ་གྲང་བ་ཟློག་པའི་མེ་གདོན་
མི་ཟ་བར་འགྱུར་བ་ནི་མ་ཡིན་ནོ། །ཐ་མའི་གནས་སྐབས་ཀྱི་ཁྱད་པར་གྱི་སྐད་ཅིག་མ་ལ་ནི་འཁྲུལ་པ་མེད་དོ། དེས་ན་དེ་ལས་འབྲས་བུ་རྗེས་སུ་དཔག་གོ་ཞེས་དོགས་ན་མ་ཡིན་ཏེ་ཞེས་འགོག་པར་བྱེད་དོ། །སྐད་ཅིག་མ་ཐ་མར་གྱུར་པའི་རྒྱུས་ནི་འབྲས་བུ་རྗེས་སུ་དཔག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ།
མཐའི་སྐད་ཅིག་དེ་ལས་འབྲས་བུ་སྐྱེ་བ་གང་ཡིན་པ་དེ་ནི་སྡོད་པ་དུས་འགོར་བ་སྟེ། དེ་མེད་པའི་ཕྱིར་རོ། །མདོར་བསྟན་པའི་ཚིག་དེ་ཉིད་རྒྱས་པར་རྣམ་པར་དགྲོལ་བའི་ཕྱིར་མཐའི་སྐད་ཅིག་གི་བར་དུ་ནི་ཞེས་སྨོས་སོ། །འདི་ལ་རྒྱུའི་རྒྱུན་གྱི་མཐའི་སྐད་ཅིག་ལས་སྔོན་རོལ་གྱི་སྐད་ཅིག་གང་ཡིན་པ་དེ་དག་ལ་ནི་འབྲས་
เล่ม ๑๘๘ · หน้า 213b
བུ་སྐྱེད་པ་ལ་གེགས་བྱེད་པ་སྲིད་དེ། དེས་ན་དེ་དག་ལས་འབྲས་བུ་རྗེས་སུ་མི་དཔོག་གོ། །མཐའི་སྐད་ཅིག་ལ་ནི་རྣམ་པར་དབྱེར་མེད་པའི་ཕྱིར་གེགས་མེད་དེ། དེས་ན་དེ་ཁོ་ན་ལས་འབྲས་བུ་རྗེས་སུ་དཔོག་གོ། །དེས་ན་མཐའི་སྐད་ཅིག་དེ་ཉིད་ནི་རྟགས་ཡིན་ལ། དེའི་མཐོང་བ་དེ་ལས་རྗེས་སུ་དཔག་པར་
བྱ་བ་རྟོགས་པ་སྐྱེའོ། །ཁྱད་པར་ཅི་ལྟ་བུ་ཅན་ཞིག་ལས་ཤེ་ན། འབྲེལ་པ་དྲན་པ་ནི་རྗེས་སུ་དྲན་པ་སྟེ། དེ་ལ་ལྟོས་པའི་མཐོང་བ་གང་ཡིན་པ་ལས་སོ། །འདི་སྐད་བཤད་པ་ཡིན་ཏེ། སྐད་ཅིག་ཐ་མའི་རྒྱུ་ཡོད་ན་མཐོང་བ་སྐྱེ་ལ། མཐོང་བའི་འོག་ཏུ་ནི་རྟགས་དང་རྟགས་ཅན་གྱི་འབྲེལ་པ་དྲན་ནོ། །དྲན་པས་བར་དུ་
ཆོད་པའི་རྟགས་མཐོང་བ་ལས་ནི་རྗེས་སུ་དཔག་པར་བྱ་བ་རྟོགས་ཏེ། དེས་ན་དང་པོར་རྒྱུ་སྐད་ཅིག་གཉིས་པ་ལ་མཐོང་བ། མཐོང་བའི་དུས་དེ་ཉིད་དུ་སྐྱེས་པའི་འབྲས་བུ་མངོན་སུམ་ཡིན་པའི་ཕྱིར་འབྲེལ་པ་དྲན་པ་བས་ཀྱང་སྔ་བར་འགྱུར་རོ། །འདི་ཉིད་སྟོན་པ་ནི་མཐའི་སྐད་ཅིག་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །
རྟགས་མཐོང་ཞིང་འབྲེལ་པ་ཡང་དྲན་པ་ན་རྗེས་སུ་དཔག་པ་འཇུག་པ་གང་ཡིན་པ་འདི་ནི་ངེས་པ་ཡིན་ཏེ། འབྲེལ་པ་དྲན་པ་ལ་མི་ལྟོས་པར་རྟགས་འབའ་ཞིག་གམ་མཐོང་བ་ལས་ཀྱང་ནི་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །འདི་སྙམ་དུ་དཔེར་ན་མེ་མངོན་སུམ་པ་ལ་རྗེས་སུ་དཔོག་པ་མ་ཡིན་པ་དེ་བཞིན་དུ།
འབྲས་བུ་མངོན་སུམ་པ་ལ་ནི་རྗེས་སུ་མི་དཔོག་གི །ལྐོག་ཏུ་གྱུར་པ་ལ་ནི་རྗེས་སུ་དཔོག་པར་འགྱུར་རོ་སྙམ་ན། གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་མངོན་སུམ་མ་ཡིན་པ་གང་ཡིན་པ་དེ་ལ་ནི་མངོན་སུམ་དང་མི་དམིགས་པས་བསྒྲུབ་པར་བྱ་བའི་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པར་མི་
འགྱུར་རོ། །གལ་ཏེ་ཡང་མེ་དང་དུ་བ་དག་རྒྱུ་དང་འབྲས་བུའི་དངོས་པོར་མཐོང་བ་ཡིན་པ་དེ་ལྟ་ན་ཡང་། ཇི་སྲིད་འབྲས་བུ་མ་མཐོང་བ་དེ་སྲིད་དུ་ནི་མཐའ་ཉིད་དུ་ཡང་ངེས་པ་མི་ནུས་ན་རྒྱུ་ལྟ་ཅི་སྨོས། འདི་ལྟར་སྐད་ཅིག་ནི་རེ་ཞིག་ཚུ་རོལ་མཐོང་བས་རྣམ་པར་དབྱེ་བར་ནུས་པ་ཡིན་པ་ཉིད་ཡིན། དེའི་ནུས་པ་
རྣམ་པར་དབྱེ་བ་ལྟ་སྨོས་ཀྱང་ཅི་དགོས། འབྲས་བུ་སྣང་བ་ཡིན་ན་ནི་གང་གི་ཕྱིར་འབྲས་བུ་སྐྱེས་པའི་ཕྱིར་འདི་ནི་འདིའི་གནས་སྐབས་ཐ་མ་ཡིན་ནོ་ཞེས་ངེས་པར་ནུས་ཀྱི། འབྲས་བུ་མེད་པར་ན་ངེས་པ་མེད་དོ་ཞེས་འཆད་པ་ནི་འབྲས་བུ་མངོན་སུམ་མ་ཡིན་པ་ལ་ནི་རྒྱུའི་དངོས་པོར་རྟོགས་པ་མེད་
เล่ม ๑๘๘ · หน้า 214a
དོ་ཞེས་བྱ་བའོ། །དེའི་ཕྱིར་སྐད་ཅིག་མའི་རྒྱུ་ལས་འབྲས་བུ་མི་འགྲུབ་པོ། །གལ་ཏེ་དངོས་པོ་མཐོང་བ་རང་གི་འབྲས་བུ་དང་འགལ་བ་ཟློག་པར་བྱེད་པ་མ་ཡིན་ན། འོ་ན་ནི་མེ་ཡང་རང་གི་འབྲས་བུ་ལུས་ཡོངས་སུ་གདུང་བའི་འགལ་ཟླ་གྲང་བའི་རེག་པས་བྱས་པའི་ཡུལ་ལོ་
ཞེས་བྱེད་པ་ལ་སོགས་པ་ལྡོག་པའི་གོ་བར་བྱེད་པར་མི་འགྱུར་ན། འདོད་པ་ཡང་ཡིན་ནོ། །དེས་ན་ཇི་ལྟར་ཡིན་ཞེ་ན། རྒྱུ་མཚན་དག་འགལ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་འདི་སྐད་བརྗོད་པ་ཡིན་ཏེ། རྒྱུ་ནི་གཞན་དང་འགལ་བའི་འབྲས་བུ་ཉེ་བར་འཇོག་པས་འགལ་ཟླ་ཅིག་ཤོས་ཟློག་པ་ནི་མ་ཡིན་གྱི།
འོན་ཀྱང་འགལ་ཟླའི་རྒྱུ་གང་ཡིན་པ་དེ་ཟློག་པར་བྱེད་པ་ཉིད་ཀྱིས་ཟློག་པར་བྱེད་པ་ཡིན་ནོ། །འདི་དཔེར་བརྗོད་པས་སྟོན་པར་བྱེད་པ་ནི་འདི་ལ་ཞེས་བྱ་བ་ནི་ཆོས་ཅན་བསྟན་པའོ། །སྤུ་ལངས་ཞེས་བྱ་བ་ནི་གྱེན་དུ་ལངས་པའོ། །སོགས་པ་སྨོས་པས་ནི་སོ་ཏག་ཏག་བྱེད་པ་ལ་སོགས་པ་གཟུང་ངོ་། །དེ་དག་ཉིད་དགའ་བ་
དང་དད་པ་ལ་སོགས་པས་བྱས་པ་དག་ལས་ཁྱད་པར་དུ་འགྱུར་བས་བྱེ་བྲག་གོ། །མེད་དོ་ཞེས་བྱ་བ་ནི་བསྒྲུབ་བྱ་བསྟན་པའོ། །སྐྱེས་བུ་གང་ལ་གདུང་བར་བྱེད་པའི་བྱེ་བྲག་ཉེ་བར་ཏེ། གཏན་ཚིགས་དེའི་ཕྱིར་རོ། །གདུང་བར་བྱེད་པའི་བྱེ་བྲག་མངོན་སུམ་དུ་གྱུར་པ་ལས་གྲང་བའི་རེག་པ་ལྡོག་པར་དཔོག་ལ། དེས་ན་དེའི་འབྲས་
བུ་ཡང་ལྡོག་པ་ཡིན་ནོ། །དངོས་པོ་མེད་པ་སྒྲུབ་པའི་སྦྱོར་བ་འདི་ཡང་གྲང་བའི་རེག་པ་དང་དེའི་འབྲས་བུ་མི་དམིགས་པ་ལ་བྱ་བ་ཡིན་ནོ། །གལ་ཏེ་མེ་མཐོང་བ་ལས་ཡོངས་སུ་གདུང་བ་དཔག་པས་ན། ཡོངས་སུ་གདུང་བ་དང་འགལ་བ་སྤུ་ལངས་པ་ལ་སོགས་པ་ལྡོག་པ་མ་ཡིན་ནམ། འགལ་བ་དག་གི་རྒྱུ་གང་ཡིན་པ་དེ་
དག་འགལ་ན་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། བཤད་པ། སྤུ་ལངས་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་འགལ་བ་ཡོངས་སུ་གདུང་བ་ལུས་དྲོས་པའི་གནས་སྐབས་ཏེ། དྲོས་པའི་གནས་སྐབས་དེས་ནི་སྤུ་ལངས་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་ཟློག་པ་ཡིན་ནོ། །ཡོངས་སུ་གདུང་བ་དེའི་རྒྱུ་མེ་ཡིན་ལ། དེས་ནི་སྤུ་
ལངས་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་གྲང་བའི་རེག་པ་དང་འགལ་བའི་རྒྱུའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། སྤུ་ལངས་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ཡོངས་སུ་གདུང་བའི་གནས་སྐབས་དག་ནི་ཕན་ཚུན་འགལ་བ་ཡིན་ནོ། །མེ་མཐོང་བ་ལས་ཀྱང་ཡོངས་སུ་གདུང་བའི་གནས་སྐབས་རྗེས་སུ་
เล่ม ๑๘๘ · หน้า 214b
དཔག་པ་ན་སྤུ་ལངས་ཞེས་བྱེད་པ་ལ་སོགས་པ་ལྡོག་པ་ནི་མ་ཡིན་གྱི། འོན་ཀྱང་མེ་མཐོང་བ་ལས་སྤུ་ལངས་ཞེས་བྱེད་པ་ལ་སོགས་པའི་རྒྱུ་གྲང་བའི་རེག་པའི་མཚན་ཉིད་ལྡོག་པ་ཡིན་ནོ། །དེ་སྨྲས་པ་ནི་གྲང་བ་རྒྱུན་ཆད་པ་དངོས་པོ་མེད་པར་རྟོགས་ན་དེའི་འབྲས་བུ་ཡང་མེད་པར་ངེས་པ་ཡིན་ནོ། །སྦྱོར་བ་གཞན་དག་ཀྱང་བསྟན་པའི་ཕྱིར་
འདིས་ནི་ཞེས་སྨོས་སོ། །འགལ་བ་དེས་འབྲས་བུ་ལས་ཀྱང་སྟེ། གྲང་བའི་རེག་པ་དང་འགལ་བ་མེད་པའི་འབྲས་བུ་དུ་བས་མེད་དང་འགལ་བ་གྲང་བའི་རེག་པའི་འབྲས་བུ་སྤུ་ལངས་ཞེས་བྱེད་པ་ལ་སོགས་པ་གང་ཡིན་པ་དེ་མེད་པར་ངེས་པར་བཤད་པ་ཡིན་ནོ། །འདི་སྐད་བཤད་པ་ཡིན་ཏེ། དུ་བ་ལས་མེ་ངེས་པར་བྱས་པ་ན་
ཡོངས་སུ་གདུང་བའི་མཚན་ཉིད་ཀྱི་འབྲས་བུ་རྗེས་སུ་དཔག་པའི་སྒོ་ནས། སྤུ་ལངས་ཞེས་བྱེད་པ་ལ་སོགས་པ་ལྡོག་པ་ནི་མ་ཡིན་གྱི། འོན་ཀྱང་མེ་ངེས་པ་ལས་གྲང་བའི་རེག་པ་ལྡོག་ཅིང་དེ་ལས་ནི་དེའི་འབྲས་བུ་ལྡོག་པ་ཡིན་ནོ། །དེའི་དཔེར་བརྗོད་པ་ནི་དཔེར་ན་ཞེས་བྱ་བའོ། །ཕྱོགས་ཀྱི་བྱེ་བྲག་འདི་ནི་སྤུ་ལངས་ཞེས་བྱེད་པ་ལ་
སོགས་པའི་བྱེ་བྲག་སྔར་བསྟན་པ་དང་བཅས་པ་དེ་དང་འབྲེལ་པའི་མེ་དང་ལྡན་པ་མ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་བྱ་བསྟན་པའོ། །དུ་བ་ཡོད་པའི་ཕྱིར་ཏེ། མེ་དང་འབྲེལ་པའི་དུ་བ་ཁྱད་པར་ཅན་མཐོང་བའི་ཕྱིར་རོ། །དངོས་པོ་མེད་པ་སྒྲུབ་པའི་སྦྱོར་བ་འདི་ཡང་གང་དུ་མེ་གྲང་བའི་རེག་པ་དང་སྤུ་ལངས་ཞེས་བྱེད་པ་ལ་སོགས་པའི་
ཁྱད་པར་མི་སྣང་བ་དེར་སྦྱར་བར་བྱའོ། །གལ་ཏེ་སྐབས་སུ་བབ་པའི་མི་དམིགས་པའི་སྦྱོར་བ་རྣམ་པ་བཞི་ལས་འདི་དག་ཐ་དད་པ་མ་ཡིན་ནམ་ཞེས་དོགས་ན། དེ་དང་འགལ་བ་གྲུབ་པ་འདི་ཡང་སྔར་བསྟན་པའི་རྒྱུ་མ་གྲུབ་པ་མ་དམིགས་པ་ཉིད་ཡིན་ནོ་ཞེས་སྨྲས་སོ། །གང་གི་ཕྱིར་སྦྱོར་བ་འདི་དག་ཀྱང་རྒྱུ་མི་དམིགས་པ་ཉིད་
ལས་འབྲས་བུ་མེད་པར་རྟོགས་པར་བྱེད་པ་ཡིན་པ་དེའི་ཕྱིར་འདི་ནི་རྒྱུ་མི་དམིགས་པ་ཉིད་དུ་བཤད་དོ། །དེའི་ཕྱིར་སྣང་བ་མི་དམིགས་པ་འདི་ནི་སྦྱོར་བ་རྗོད་པར་བྱེད་པ་ཞེས་བྱ་བ་སྒྲའི་བྱེད་པ་དོན་གཞན་སྒྲུབ་པ་དང་དགག་པ་དག་གི་སྒོ་ནས་ཐ་དད་པའི་བྱེ་བྲག་གིས་སམ། དེ་ཉིད་ཀྱི་དོན་མི་དམིགས་པའི་བྱ་བ་དོན་གཞན་སྒྲུབ་པ་
དང་། དགག་པའི་སྒོ་ནས་ཉེས་པར་བླངས་པའི་སྦྱོར་བ་ཞེས་བྱ་བའི་བྱེ་བྲག་གིས་མི་དམིགས་པ་རྣམ་པ་བཅུ་ཡིན་ཏེ། སྐབས་སུ་བབ་པའི་དཔེར་བརྗོད་ཀྱིས་རྗེས་སུ་འབྲང་སྟེ་ཡོངས་སུ་བགྲང་བར་བྱའོ། །གལ་ཏེ་འགལ་བའི་འབྲས་བུ་དམིགས་པ་ལས་འཁྲུལ་པ་རྟོགས་པ་མ་ཡིན་ནམ། འདི་ལྟར་
เล่ม ๑๘๘ · หน้า 215a
ཡུལ་གང་དུ་དུ་བ་མཐོང་བ་དེ་ཉིད་དུ་རེ་ཞིག་གྲང་བའི་རེག་པ་བགག་པ་མེད་ན་གཞན་དུ་འགོག་པར་འགྱུར་བ་ལྟ་ཅི་སྨོས་སོ། །དེའི་ཕྱིར་སྦྱོར་བ་འདི་ལྡོག་པར་བྱེད་པ་ཅི་ལྟར་འགྱུར་ཞེ་ན། བཤད་པ། འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་དང་། སོགས་པ་སྨོས་པས་དུ་བའི་རང་བཞིན་གྱི་ཁྱད་པར་
གཞན་ཡང་རུང་སྟེ། གང་ཅུང་ཟད་མེ་ལ་མི་འཁྲུལ་བའི་ཆོས་དེ་གཟུང་ངོ་། །དེ་དག་ལ་ལྟོས་པར་འདོད་དེ། ཡུལ་གང་དུ་གནས་པའི་མེ་ལས་གང་གི་ཚེ་དུ་བ་སྐྱེས་པ་དེར་དེའི་ཚེ་གྲང་བའི་རེག་པ་མེད་པར་འགྱུར་བ་ཡིན་ནོ། །དུ་བའི་ཁྱད་པར་ལ་ཡང་ལྟོས་པར་བྱ་བ་ཡིན་ཏེ། གཙུབ་ཤིང་གཙུབས་པ་ལས་བྱུང་བའི་
དུ་བ་ནི་གྲང་བའི་རེག་པ་མེད་པར་ངེས་པ་མ་ཡིན་པའི་ཕྱིར་ཏེ། གྲང་བའི་རིག་པ་ཟློག་པར་རུང་བའི་མེ་མེད་པའི་ཕྱིར་རོ། །གཞན་དུ་ན་གལ་ཏེ་དེ་ལྟ་བུའི་ཁྱད་པར་མི་ལྟོས་པ་དེའི་ཚེ་ནི་རྟགས་འཁྲུལ་པར་འགྱུར་ཏེ། དཔེར་ན་མི་གྲང་ལ་གྲང་བའི་རེག་པ་མེད་པ་སྒྲུབ་པ་ལ་ཐལ་བ་བཞིན་ནོ། །ཅི་ལྟར་གྲང་བ་ལྡོག་པ་སྒྲུབ་པ་ལ་
ཐལ་བ་ཉེ་བར་བླངས་པ་གོ་བར་བྱེད་པ་མ་ཡིན་པ་བཞིན་ནོ། །འདིར་ཡང་ཡུལ་དང་དུས་ལ་ལྟོས་ན་གོ་བར་བྱེད་པ་ཁོ་ནའོ། །དེ་ལྟར་ན་སྣང་དུ་རུང་བའི་ཡུལ་མི་དམིགས་པ་ནི་གོ་བར་བྱེད་པའི་ཚད་མ་ཡིན་ལ། སྣང་དུ་མི་རུང་བའི་ཡུལ་ཅན་གྱི་མི་དམིགས་པ་ནི་དངོས་པོ་མེད་པར་ངེས་པའི་འབྲས་བུ་ཅན་མ་ཡིན་
ཏེ། དེས་ན་ཚད་མ་མ་ཡིན་ནོ། །ཇི་ལྟར་ཚད་མ་མ་ཡིན་ཞེ་ན། བཤད་པ། གང་གི་ཕྱིར་བསྐལ་བ་རྣམས་ལ་ནི། མེད་པར་ངེས་པ་ཡོད་མ་ཡིན། །བསྐལ་པ་དང་ལྡན་པ་རྣམས་ལའོ། །དེའི་ཕྱིར་ན་དེའི་ཡུལ་ཅན་གྱི་མི་དམིགས་པ་ནི་ངེས་པའི་འབྲས་བུ་ཅན་མ་ཡིན་པས་ཚད་མ་མ་ཡིན་ནོ། །བསྐལ་པ་དེ་དག་ཀྱང་
གང་ཡིན་ཞེ་ན། རྣམ་པ་གསུམ་ཞེས་སྨོས་ཏེ། འདི་དག་ལ་བསྐལ་པ་ཡོད་པ་ཡིན་ནོ། །ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པ་གང་དག་ལ་ཡོད་པ་དེ་དག་དང་ལྡན་པ་ཡིན་ནོ། །དེ་དག་བསྐལ་པ་ཞེས་ཅིའི་ཕྱིར་བརྗོད་དེ། གང་གི་ཕྱིར་ཡོད་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཡུལ་དེ་ན་གནས་པ་འགའ་ཞིག་གི་
དམིགས་པ་ཡིན་ནོ། །རང་བཞིན་གྱིས་བསྐལ་བའི་ཤ་ཟ་ཡང་རིགས་མཐུན་པ་དག་གིས་དམིགས་པ་ཡིན་ནོ། །དུས་ཀྱིས་བསྐལ་པ་གང་ཡིན་པ་དེ་ཡང་འདས་པ་ནི་འགའ་ཞིག་གིས་དམིགས་པ་ཡིན་ལ། མ་འོངས་པ་ནི་དམིགས་པར་འགྱུར་བ་ཡིན་ནོ། །འདི་ཉིད་སྟོན་པར་བྱེད་པ་ནི་འདས་པ་དང་མ་འོངས་པ་ན་
เล่ม ๑๘๘ · หน้า 215b
དམིགས་པ་གང་ལ་ཡོད་པའོ། །དེ་ཅི་ལྟར་གང་མི་དམིགས་པ་དེ་མེད་པ་མ་ཡིན་ཞེས་ངེས་པར་མི་རུང་། འདི་ལྟར་དམིགས་པ་ཐམས་ཅད་ལྡོག་པ་དེ་ནི་དངོས་པོ་མེད་པ་ཡིན་ནོ་ཞེ་ན། འདི་བཟློག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་ཏེ། ཐམས་ཅད་ཀྱི་དམིགས་པ་ལོག་པ་དེ་ནི་དངོས་པོ་མེད་པར་ངེས་པར་བྱ་བ་འདིར་
རྟགས་ཉིད་མ་ཡིན་ཏེ། གཏན་ཚིགས་དེའི་ཕྱིར་ན་ཐམས་ཅད་ཀྱི་དམིགས་པ་ལོག་པ་ལས་འགའ་ཞིག་ཀྱང་དངོས་པོ་མེད་པར་མི་འགྲུབ་པོ། །དངོས་པོ་མེད་པ་ནི་རྟོགས་པ་པོས་རང་ཉིད་ཀྱིས་རྟོགས་པར་བྱ་ཞིང་གཞན་ལ་ཡང་བསྟན་པར་བྱ་བ་ཡིན་ན། ཐམས་ཅད་ཀྱི་དམིགས་པ་ལོག་པ་ནི་དེ་རང་ཉིད་
ལ་གྲུབ་པ་མ་ཡིན་ཞིང་། གཞན་ལ་ཡང་མ་ཡིན་ནོ། །དེ་བཤད་པ་ནི་བདག་དང་གཞན་དག་ལ་གྲུབ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གང་གི་ཕྱིར་མི་དམིགས་པ་ཐམས་ཅད་མ་གྲུབ་པ་དེའི་ཕྱིར་ཕ་རོལ་པོ་འདི་བདག་ཉིད་ཀྱི་དམིགས་པ་ལོག་པ་ཉིད་ཚད་མ་གཏན་ཚིགས་སུ་བྱེད་པ་ན་དོན་སྤོང་པ་ཡིན་ནོ། །
ཇི་ལྟར་བལྟར་རུང་བའི་དོན་ལ་དེའི་དམིགས་པ་མེད་པ་དེ་བཞིན་དུ་བལྟར་མི་རུང་བ་དག་ལ་ཡང་ཡོད་ན། དེ་དག་མི་དམིགས་པའི་ཕྱིར་ན་མེད་པ་ཉིད་དུ་ནི་བརྗོད་པར་ནུས་པ་མ་ཡིན་ནོ། །བསྐལ་པ་དེར་ཡང་ཡོད་ན་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་ཡང་རུང་སྟེ་འཇུག་པ་ཉིད་དོ། །དེའི་ཕྱིར་བདག་ཉིད་
དང་འབྲེལ་པའི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་ལོག་པའི་མཚན་ཉིད་ཀྱི་མི་དམིགས་པ་ནི་ཚད་མ་ཡིན་གྱི། གང་དུ་གཅིག་ལོག་པ་ནི་མ་ཡིན་ནོ། །དེས་ན་དེའི་རྣམ་པ་དེ་ལྟ་བུའི་བདག་ཉིད་ཀྱི་དམིགས་པ་ལོག་པས་དངོས་པོ་མེད་པར་རྟོགས་པ་ཡིན་ནོ་ཞེས་གཞན་དག་དོགས་པ་བསལ་བའི་ཕྱིར་
བཤད་པ། དེ་ནི་དེ་ལྟ་མ་ཡིན་ཏེ་ཡུལ་ཁྱད་པར་ཅན་འབའ་ཞིག་ལ་བསྟན་བཅོས་ཀྱི་དབང་དུ་བྱས་པ་མེད་པའི་ཕྱིར་ཏེ། བྱེད་པ་མེད་པའི་ཕྱིར་རོ། །གང་འདི་ཉིད་རྣམ་པར་དགྲོལ་བའི་ཕྱིར་བསྟན་བཅོས་འཇུག་པ་ནི་ཞེས་སྨོས་སོ། །འདི་ལྟར་སྐྱེས་བུའི་དོན་ཉེ་བར་སྟོན་པ་ལྷུར་བྱེད་པ་ནི་བསྟན་བཅོས་སུ་བརྗོད་ལ།
སྐྱེས་བུའི་དོན་ཡང་ཐབས་ཉེ་བར་བསྟན་པའི་སྒོ་ནས་བསྟན་པར་བྱ་བ་ཡིན་ནོ། །དེས་ན་སྐྱེས་བུའི་དོན་སྒྲུབ་པར་བྱེད་པའི་ཐབས་འགའ་ཞིག་ལ་བརྟེན་ནས་ཏེ་བརྗོད་བྱར་བྱས་ནས་འཇུག་པ་ཡིན་ནོ། །སྐྱེས་བུའི་དོན་ཉེ་བར་སྟོན་པ་ལ་མི་ལྟོས་ན་ནི་བསྟན་བཅོས་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་
เล่ม ๑๘๘ · หน้า 216a
ན་ཞེས་སྨོས་ཏེ། སྐྱེས་བུའི་དོན་ཉེ་བར་མི་སྟོན་ནའོ། །འབྲེལ་པ་མེད་པ་ཞེས་བྱ་བ་ནི་ཉེ་བར་མི་མཁོ་བའི་དོན་ཏོ། །བརྗོད་པ་ཞེས་བྱ་བ་ནི་ཕན་ཚུན་མ་འབྲེལ་པའི་དོན་སྨྲ་བ་སྟེ། དེ་ལྟ་བུ་ནི་ཚད་མར་མི་འགྱུར་བའི་ཕྱིར་རོ། །འདི་སྙམ་དུ་གང་གི་ཕྱིར་བསྟན་བཅོས་སུ་སྐྱེས་བུའི་དོན་ཉེ་བར་སྟོན་
པ་དེ་ཁོ་ནའི་ཕྱིར་ན་དངོས་པོ་ཐམས་ཅད་བསྟན་བཅོས་སུ་བསྟན་པར་བྱ་བ་ཡིན་ནོ་སྙམ་ན། བཤད་པ། སྐྱེས་བུའི་དོན་ཉེ་བར་སྟོན་པའི་སྐབས་དེར་ཡང་དོན་མང་པོ་གདོན་མི་ཟ་བར་ཁོ་ནར་བསྟན་པར་བྱ་བ་ནི་མ་ཡིན་ཏེ་འགའ་ཞིག་ནི་བསྟན་པར་མི་ནུས་པ་དང་། འགའ་ཞིག་ནི་བསྟན་པར་མི་འོས་པ་དག་ཡིན་ནོ། །རེ་ཞིག་
བསྟན་པར་མི་ནུས་པ་བསྟན་པའི་ཕྱིར། བཤད་པ། དཔེར་ན་བདག་ཉིད་སོ་སོ་ལ་ངེས་པ་བདག་ཉིད་དང་། བདག་ཉིད་ལ་ངེས་པའི་སྐྱེས་བུ་རྣམས་ཀྱི་སེམས་ཀྱི་འཇུག་པ་རབ་ཏུ་རྒྱུ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ། སེམས་ཀྱི་འཇུག་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་གཞན་ལ་མེད་པ་ཉེ་བར་བསྟན་པར་མི་ནུས་ལ། ཉེ་བར་
བསྟན་པ་ལ་དགོས་པ་ཡང་ཅི་ཡང་མེད་དོ། །འདི་སྙམ་དུ་རྒྱུ་མཚན་གྱི་ཁྱད་པར་གྱིས་དེ་དག་བསྟན་པར་ནུས་པ་ཁོ་ནའོ་སྙམ་ན། བཤད་པ། རྒྱུ་མཚན་ངེས་པ་ལ་བྱུང་བ་མ་ཡིན་པའི་ཚུལ་འདི་ལ་ཡོད་པའོ། །འདི་སྐད་བརྗོད་པ་ཡིན་ཏེ། རང་གི་ངོ་བོས་བསྟན་པར་ནུས་པ་མ་ཡིན་ལ་རྒྱུ་མཚན་གྱི་སྒོ་ནས་ཀྱང་མ་ཡིན་ཏེ། རྒྱུ་
མཚན་ངེས་པ་མེད་པའི་ཕྱིར་རོ། །ཉེ་བར་བསྟན་པ་ལ་དགོས་པ་མེད་པ་བསྟན་པའི་ཕྱིར་བཤད་པ། ཡུལ་དང་དུས་དེ་དག་གིས་ཆོད་པའི་དངོས་པོ་གང་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར་སྐབས་སུ་ཞེས་བྱ་བ་སྐྱེས་བུའི་དོན་ཉེ་བར་སྟོན་པའི་སྐབས་སུ་མི་དགོས་པས་ན་ཉེ་བར་མཁོ་བ་མེད་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་
ཏེ། །དུས་ཀྱིས་ཆོད་པ་འདས་པ་དང་མ་འོངས་པའི་དངོས་པོ་ཡོད་པ་མ་ཡིན་པའི་རང་བཞིན་ཅན་དག་ནི་སྐྱེས་བུའི་དོན་ཉེ་བར་སྟོན་པའི་སྐབས་འགར་ཡང་དགོས་པ་མེད་ལ། ད་ལྟར་བ་ལ་ཡང་ཡུལ་གྱིས་ཆོད་པ་ཐག་རིང་བ་ན་འདུག་པ་ནི་ཉེ་བར་མཁོ་བ་མེད་ཅིང་། ཉེ་བ་ན་འདུག་པ་ཁ་ཅིག་ཀྱང་ཉེ་བར་མི་མཁོ་བ་
ཡིན་ཏེ། དེས་ན་ཉེ་བར་མཁོ་བ་མེད་པ་དེ་དག་ནི་བསྟན་བཅོས་ཀྱི་བརྗོད་བྱར་བྱེད་པ་མ་ཡིན། འདི་སྙམ་དུ་གལ་ཏེ་ལུང་གིས་དེ་དག་བསྡུས་པ་མ་ཡིན་ཡང་མངོན་སུམ་གྱིས་གཟུང་བར་བྱ་བ་ཡིན་ནོ་སྙམ་ན། དེ་ལྟར་བསྐལ་བ་དག་ལ་ནི། །ཞེས་བྱ་བ་ནི་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའོ། །རང་གི་བདག་
เล่ม ๑๘๘ · หน้า 216b
ཉིད་ཀྱི་མཐུ་དེས་ཉེ་བར་གནས་པ་ཉེ་བར་གཞག་པ་གང་ལ་ཡོད་པ་དེ་ནི་དེ་སྐད་བརྗོད་དོ། །དེ་གང་ཡིན་ཞེ་ན། སྨྲས་པ། ཤེས་པ་སྐྱེད་པ་ལ་ནུས་པ་གང་ཡིན་པའོ། །འདི་སྐད་བརྗོད་པ་ཡིན་ཏེ། ཁ་ཅིག་ནི་བརྒྱུད་ནས་ཤེས་པ་སྐྱེད་པར་ནུས་པ་ཡིན་ལ། ཁ་ཅིག་ནི་དངོས་སུའོ། །དེ་ལ་བརྒྱུད་པའི་ནུས་པ་གང་ཡིན་
པ་དེ་ནི་དོན་གཞན་ཉིད་ལ་རྣམ་པར་གནས་པ་ཡིན་ཏེ། གཞན་ལ་ནི་མེད་ན་མི་འབྱུང་བ་ཉིད་ཀྱིས་ཉེ་བར་བརྟགས་ནས་ནུས་པ་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེས་ན་གཞན་གྱི་མཐུས་ཉེ་བར་གནས་པ་དེ་ནི་དེས་ཉེ་བར་གཞག་པའི་ནུས་པ་ཡིན་གྱི། བདག་ཉིད་ཀྱི་མཐུས་ཉེ་བར་གནས་པ་ནི་མ་ཡིན་ནོ། །གང་ལ་དངོས་སུ་
རྣམ་པར་ཤེས་པ་སྐྱེ་བ་དེའི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་ནི་བདག་ཉིད་ཁོ་ན་ལས་རྣམ་པར་གནས་པ་ཡིན་པས་རང་གི་མཐུས་ཉེ་བར་གནས་པར་ཐ་སྙད་དུ་བྱ་བ་ཡིན་ནོ། །དེས་ན་རྣམ་པར་གཅོད་པར་བྱ་བ་ཡོད་པས་ན། རང་གི་མཐུས་ཉེ་བར་གནས་པའི་ནུས་པ་ཞེས་བསྟན་ཏེ། དེ་ལྟ་མ་ཡིན་ན་མཐུ་དང་ནུས་པ་
དག་རྣམ་གྲངས་ཡིན་པའི་ཕྱིར་ན་གཅིག་ལ་སྦྱོར་བར་མི་འགྱུར་རོ། །གཟུང་བའི་རང་བཞིན་གྱི་དོན་གང་ཡིན་པ་དེ་ནི་དབང་པོ་ཉམས་པ་མེད་པའི་རྣམ་པར་ཤེས་པ་དངོས་སུ་སྐྱེད་པར་བྱེད་པའི་ཕྱིར་གཟུང་བ་ཡིན་གྱི། གཞན་ནི་མ་ཡིན་ནོ། །གཟུང་བར་བྱ་བ་མ་ཡིན་པའི་ངོ་བོ་གང་ཡིན་པ་དེ་ནི་དངོས་སུ་སྐྱེད་པར་བྱེད་པ་ཡིན་
ཡང་གཟུང་བ་ནི་མ་ཡིན་ཏེ་དབང་པོ་བཞིན་ནོ། །རབ་རིབ་ལ་སོགས་པས་དབང་པོ་ཉམས་པ་ལས་སྐྱེས་པ་ལ་ནི་ཕྱིན་ཅི་ལོག་གི་རྣམ་པ་གཞག་པའི་ཕྱིར་སྐྱེད་པར་བྱེད་པ་ཡིན་ཡང་གཟུང་བ་མ་ཡིན་ཏེ། ཟླ་བ་གཉིས་ཀྱི་ཤེས་པ་ལ་ཟླ་བ་གཅིག་གི་རང་གི་རྣམ་པ་མ་བཞག་པའི་ཕྱིར་རོ། །ཤེས་པ་གཞན་གྱིས་གཟུང་བར་
ཇི་ལྟར་འགྱུར་ཞེ་ན། རྣམ་པར་འཇོག་པ་ལ་གགས་བྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །དོན་གཅིག་ཉིད་རྣམ་པར་ཤེས་པ་འཇོག་པར་ནུས་པ་དང་མི་ནུས་པ་འགལ་ལོ་ཞེ་ན། འོ་ན་ནི་སྣང་བ་ཡང་འུག་པ་དང་མིག་ལ་སོགས་པའི་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་བསྒྲུབ་པ་དང་གེགས་བྱེད་པ་འགལ་བར་འགྱུར་རོ། །སྣང་
བ་ནི་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་འགལ་བ་མེད་དོ་ཞེ་ན། ཡུལ་ཡང་རྣམ་པ་དང་ལྡན་པའི་རྣམ་པར་ཤེས་པའི་ལྷན་ཅིག་བྱེད་པ་ཡིན་གྱི། ཉེ་བར་ལེན་པ་ནི་མ་ཡིན་པའི་ཕྱིར་འགའ་ཞིག་ལ་རྣམ་པ་གཏོད་ཀྱི་ཐམས་ཅད་ལ་མ་ཡིན་པས་སྐྱོན་མེད་དོ། །ཆོད་པ་དག་ལ་ནི་ནུས་པ་དེ་འདྲ་བ་མེད་དེ། དེས་ན་མངོན་སུམ་མ་ཡིན་
เล่ม ๑๘๘ · หน้า 217a
ནོ། །འདི་སྙམ་དུ་དེ་དག་ནི་རྗེས་སུ་དཔག་པར་རྟོགས་སོ་སྙམ་ན་གང་གིས་ཞེས་སྨོས་སོ། །དེ་དག་གི་འབྲས་བུ་གདོན་མི་ཟ་བར་དམིགས་པ་ཡང་མ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། རང་གི་རྒྱུན་ལས་ཐ་དད་པའི་འབྲས་བུའི་རྒྱུ་ནི་གོར་མ་ཆག་པར་བསྐྱེད་པར་བྱ་བ་མ་ཡིན་ཏེ། དཔེར་ན་
མེས་དུ་བའི་རྒྱུན་བཞིན་ནོ། །བརྩམས་པའི་འབྲས་བུ་གདོན་མི་ཟ་བར་དམིགས་པ་ཡང་མ་ཡིན་ལ། དམིགས་ཀྱང་དེའི་འབྲས་བུ་ཉིད་དུ་གདོན་མི་ཟ་བར་ངོ་ཤེས་པ་ཡང་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་མངོན་སུམ་དང་། མི་དམིགས་པར་བསྒྲུབ་པར་བྱ་བ་ཡིན་ན། དེ་ནི་བསྐལ་བ་དག་ལ་མི་སྲིད་དོ། །ལྐོག་
ཏུ་གྱུར་པའི་དངོས་པོ་ལ་ཡང་སྣང་བའི་དོན་གྱིས་དངོས་པོ་གཞན་དུ་མི་འཐད་པས་ཡོད་པར་རྗེས་སུ་དཔོག་པ་ཡིན་ཏེ། དཔེར་ན་མིག་བཞིན་ནོ། །དེའི་དོན་དུ་གདོན་མི་ཟ་བར་ཞེས་སྨོས་ཏེ། དེ་ལྟ་མ་ཡིན་ན་འབྲས་བུ་མི་དམིགས་པ་ཁོ་ནའོ་ཞེས་བརྗོད་པར་འགྱུར་རོ། །དེས་ན་རྗེས་སུ་དཔག་པར་མི་ནུས་སོ། །དེ་དག་
ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་ལོག་ཏུ་ཟིན་ཀྱང་མེད་དོ་ཞེས་ངེས་པར་ནུས་པ་མ་ཡིན་ནོ། །གང་ཡང་ཤེས་པར་བྱེད་པ་གོ་བར་བྱེད་པ་མེད་པའི་ཕྱིར་དབང་པོ་ལས་འདས་པ་དབང་པོའི་སྤྱོད་ཡུལ་མ་ཡིན་པའི་དོན་ནམ། སྣང་བའི་དོན་གྱི་རང་བཞིན་གྱི་ཁྱད་པར་སྤོང་བར་བྱེད་པ་སྟོན་པར་བྱེད་པ་དེ་ཕྱིན་ཅི་ལོག་པ་
ཡིན་ནོ་ཞེས་བྱ་བའི་དེའི་སྒྲ་འདི་དང་འབྲེལ་ཏེ། གང་ཡང་ཞེས་པ་གང་གི་སྒྲ་ཡོད་པའི་ཕྱིར་རོ། །དབང་པོ་ལས་འདས་པ་གང་ཡིན་ཞིང་། རང་བཞིན་གྱི་ཁྱད་པར་ཡང་གང་ཞིག་ཡིན་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་འདོད་ཆགས་དང་བྲལ་བ་དང་ལྷའི་ཁྱད་པར་ནི་དབང་པོ་ལས་འདས་པར་
འགྱུར་བ་ཡིན་ལ། རྫས་གཏོང་བའི་སྦྱིན་པ་དང་འཚེ་བ་ལ་སོགས་པ་སྤོང་བ་དེ་དག་དོན་དུ་གཉེར་བའི་སེམས་པ་དེ་དག་ནི་མངོན་པར་མཐོ་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ལ། འདི་ལ་སྦྱིན་པ་ལ་སོགས་པའི་སེམས་པ་མངོན་སུམ་པ་དག་ལ་ཡང་མཐོ་རིས་ལ་སོགས་པའི་མཚན་ཉིད་ཀྱི་མངོན་པར་མཐོ་བའི་རྒྱུ་ཉིད་
ཀྱི་རང་བཞིན་དེ་སྤོང་བ་ནི་རང་བཞིན་གྱི་ཁྱད་པར་སྤོང་བ་ཡིན་གྱི། སྦྱིན་པའི་སེམས་པའི་མཚན་ཉིད་ཀྱི་དོན་ཐམས་ཅད་དུ་སྤོང་བ་ནི་མ་ཡིན་ནོ། །རྒྱུ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ལ་ཞེས་བྱ་བ་ནི་འདིས་འདི་ལྟར་གྱི་དོན་ཏེ། གང་ཡང་འདི་ལྟར་དབང་པོ་ལས་འདས་པའི་དོན་ནམ་རང་བཞིན་གྱི་ཁྱད་པར་སྤོང་བ་དེ་
เล่ม ๑๘๘ · หน้า 217b
ནི་ཕྱིན་ཅི་ལོག་ཡིན་ཏེ། སྤོང་བའི་དོན་དེ་ལས་སྤོང་བ་དེ་ཕྱིན་ཅི་ལོག་ཡིན་ནོ། །དེ་ལ་ཤེས་པར་བྱེད་པ་མེད་པ་ཁྱད་པར་མེད་པར་ཕྱིན་ཅི་ལོག་གི་རྒྱུ་བརྗོད་ནས། རང་བཞིན་གྱི་ཁྱད་པར་ལ་ཕྱིན་ཅི་ལོག་གི་རྒྱུ་བྱེ་བྲག་ཏུ་མངོན་སུམ་གྱིས་ཞེས་བྱ་བ་ལ་སོགས་པ་འཆད་དོ། །འབྲས་བུ་དེ་ཞེས་བྱ་བ་ནི་མངོན་པར་མཐོ་
བའོ། །འབྲས་བུ་དེ་དང་ལྡན་པ་མ་ཡིན་པ་ནི་དེ་མེད་པ་སྟེ། འབྲས་བུ་གཞན་དང་ལྡན་པ་གང་ཡིན་པའོ། །འབྲས་བུ་དང་ལྡན་པ་མ་ཡིན་པ་དེ་དང་ཆོས་མཚུངས་པས་ན་སྟེ་འདྲ་བ་ནའོ། །ཇི་ལྟར་མྱུ་གུ་ལ་སོགས་པའི་འབྲས་བུ་ས་བོན་ལ་སོགས་པ་འབྲས་བུ་དེ་མ་ཐག་པ་ཅན་ཡིན་པ་དེ་བཞིན་དུ་སྦྱིན་པ་ལ་
སོགས་པའི་སེམས་པ་མངོན་པར་མཐོ་བའི་འབྲས་བུ་ཅན་ཡིན་ན་ནི། འབྲས་བུ་དེ་མ་ཐག་ཏུ་འགྱུར་དགོས་ཞེས་འདྲ་བར་སྒྲོ་འདོགས་པས་འདྲ་བ་དེས་ན་ཕྱིན་ཅི་ལོག་པ་ཡིན་ནོ། །མངོན་པར་མཐོ་བ་འདི་ནི་སྦྱིན་པ་ལ་སོགས་པའི་སེམས་པའི་འབྲས་བུ་ཅན་མ་ཡིན་ཏེ། གལ་ཏེ་ཡིན་ན་ནི་གཞན་དང་འདྲ་བར་འགྱུར་ན།
འདྲ་བ་ཡང་མ་ཡིན་ཏེ། འབྲས་བུ་དེ་མ་ཐག་པ་བར་མ་ཆོད་པ་དེ་མེད་པའི་ཕྱིར་རོ། །ཇི་ལྟར་ས་བོན་ལ་སོགས་པའི་འབྲས་བུ་དེ་མ་ཐག་པ་ཡིན་པ་ལྟར་འདིའི་འབྲས་བུ་ནི་དེ་ལྟར་དེ་མ་ཐག་པར་འགྱུར་རོ། །གལ་ཏེ་འབྲས་བུ་དེ་མ་ཐག་ཏུ་སྐྱེས་ཀྱང་མི་མཐོང་བ་མ་ཡིན་ནམ། དེ་ཅི་ལྟར་དེ་མ་ཐག་ཏུ་མེད་པ་ཡིན་ཞེ་ན། སྨྲས་པ།
འབྲས་བུར་གྱུར་པ་མངོན་སུམ་གྱི་དོན་ལ་ཡང་ངོ་། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་མངོན་པར་མཐོ་བའི་མཚན་ཉིད་ཀྱི་འབྲས་བུ་ལྐོག་ཏུ་གྱུར་པ་ཡིན་ན་ནི། ཐེ་ཚོམ་ཟ་བ་ཉིད་ཡིན་ན་ལྐོག་ཏུ་གྱུར་པ་ནི་མ་ཡིན་ཏེ། འདི་ལྟར་ཡུལ་ངེས་པའི་རྒྱུ་མཚན་གྱི་བདེ་བ་རང་གི་རྒྱུད་ལ་ཡོད་པ་དང་། ཡུལ་ཡང་
བདག་ཉིད་དང་འབྲེལ་པར་རིག་པ་ནི་མངོན་པར་མཐོ་བ་ཡིན་ལ། དེ་ནི་འདིའི་ལྐོག་ཏུ་གྱུར་པ་མ་ཡིན་ཏེ། དེས་ན་དེ་མ་ཐག་པ་མེད་པར་ངེས་པས་འདྲ་བ་མེད་པར་ངེས་པ་ཡིན་ནོ། །འབྲས་བུ་དེ་དང་ལྡན་པ་མ་ཡིན་པ་དང་འདྲ་བར་ཡང་གདོན་མི་ཟ་བར་འགྱུར་བར་བརྟགས་པ་ཡིན་ཏེ། དེ་མེད་པས་དེའི་འབྲས་བུ་མེད་པའི་ཕྱིན་
ཅི་ལོག་པ་ཡིན་ནོ། །འདི་ཕྱིན་ཅི་ལོག་པ་ཡིན་གྱི་བདེན་པའི་དོན་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ག་ལས་ཤེ་ན། རྒྱུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱི་བ་དང་ཁྱི་སྨྱོན་པ་ཞེས་བྱ་བ་ཁྱི་སྨྱོན་གྱི་དུག་གིས་འགྱུར་བ་བཞིན་ནོ། །འདི་ལྟར་དེ་ནི་དུག་ཞུགས་མ་ཐག་ཉིད་དུ་ནི་མི་འགྱུར་གྱི། འོན་ཀྱང་ལྷན་ཅིག་བྱེད་པར་འདོད་པའི་
เล่ม ๑๘๘ · หน้า 218a
དུས་ཀྱི་ཁྱད་པར་ཉེ་བར་གྱུར་པ་ན་འབྱུང་བ་ཡིན་ཏེ། རྒྱུ་གཞན་ཉིད་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་ཀྱང་འགྱུར་རོ། །མཐོང་བ་དང་མ་མཐོང་བ་འབའ་ཞིག་ནི་མ་ཡིན་ཏེ། འོན་ཀྱང་དངོས་པོ་དེའི་འབྲས་བུ་ཆོད་པ་སྐྱེད་པའི་ནུས་པ་ཡོད་པ་དང་། དབང་པོ་ལས་འདས་པའི་དོན་ཡོད་པ་ལ་ཡང་འགལ་བ་
མེད་པའི་ཕྱིར་མངོན་པར་མཐོ་བའི་རྒྱུའམ་དབང་པོ་ལས་འདས་པའི་དངོས་པོ་འདི་ལ་བལྟར་རུང་བའི་ཁྱད་པར་དང་བྲལ་བའི་མི་དམིགས་པ་ཙམ་ནི་ཚད་མ་མ་ཡིན་ནོ། །མངོན་པར་མཐོ་བ་ལ་སོགས་པའི་རྒྱུ་དགག་པར་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། །བསྒྲུབ་པར་ཡང་མི་ནུས་པ་ཡིན་ནོ་ཞེས་བརྗོད་པ་ནི་དེ་འབྱུང་བ་ལ་ཚད་མ་ཅི་
ཡོད་ཅེ་ན་ཞེས་བྱ་བ་ཡིན་ནོ། །གཞན་དག་དེ་ལྟར་དོགས་པར་བྱས་ནས་སྤོང་བ་དེ་བཟློག་པའི་ཕྱིར་དེ་ཉིད་ཀྱི་ཕྱིར་ཞེས་སྨོས་སོ། །ཤིན་ཏུ་དབང་པོ་ལས་འདས་པའི་དོན་བསྒྲུབ་པ་དང་གནོད་པར་བྱེད་པ་མེད་པ་ལ་ནི་རྟོག་པ་དང་ལྡན་པ་ཐེ་ཚོམ་བྱ་བར་རིགས་སོ། །ཡང་ན་གལ་ཏེ་དངོས་པོ་གང་ཞིག་བཟློག་པར་ཡང་མི་ནུས་པ་
སྒྲུབ་པར་བྱེད་པའི་ཚད་མ་ཡང་མེད་པ་དེ་ལ་དེ་ལྟར་བརྟག་པར་ནི་མི་རིགས་ཏེ། འདི་ལ་རེས་འགའ་སྒྲུབ་པར་བྱེད་པའི་ཚད་མ་སྲིད་པ་ཡིན་ནོ། །བདག་ཉིད་ཀྱིས་སྔར་རེ་ཞིག་མ་ཤེས་པ་འགའ་ཞིག་ཕྱིས་ཤེས་པ་དེ་བཞིན་དུ་མ་ངེས་པའི་ཚད་མ་ཡང་གོམས་པའི་དབང་གིས་དུས་གཞན་དུ་ཤེས་པར་འགྱུར་བའམ། ཡང་ན་ཤེས་
པའི་སྐྱེས་བུ་གཞན་གྱིས་ཉེ་བར་སྟོན་པའི་ཕྱིར་རོ། །དེ་ལྟར་ན་གཞུང་གི་དོན་ནི་སྒྲུབ་པར་བྱེད་པའི་ཚད་མའི་ཡུལ་ཉིད་ལ་རྟོག་པ་དང་ལྡན་པ་ཐེ་ཚོམ་ཟ་བར་རིགས་ཀྱི་ཡུལ་མེད་པར་ངེས་པ་ནི་ཡིན་ནོ་ཞེས་བྱ་བ་འདི་ཡིན་གྱི། སློབ་དཔོན་བདག་ཉིད་ལ་ཚད་མ་ཡོད་པ་ནི་མ་ཡིན་ཏེ། སློབ་དཔོན་གྱིས་ནི་ཕྱོགས་གཞན་འགའ་
ཞིག་ཏུ་ཡང་མངོན་པར་མཐོ་བའི་རྒྱུ་འདི་སྒྲུབ་པར་བྱེད་པའི་ཚད་མ་ཉེ་བར་བཀོད་པ་མེད་པའི་ཕྱིར་རོ། །དེས་ན་དོན་ནམ་ཚད་མ་ལ་ཐེ་ཚོམ་ཟ་བའི་ཕྱིར་སྤང་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །གང་གི་ཕྱིར་འབྲས་བུ་ཆོད་པ་ཡང་སྐྱེད་པ་དེའི་ཕྱིར་དབང་པོ་ལས་འདས་པའི་དོན་འདི་ལ་མངོན་པར་མཐོ་བའི་རྒྱུ་ལ་སོགས་
པ་རང་བཞིན་ནམ་འདོད་ཆགས་དང་བྲལ་བ་ལ་སོགས་པའི་དོན་འགའ་ཞིག་གི་ཡོད་པའི་ཤེས་པར་བྱེད་པ་གོ་བར་བྱེད་པ་མ་གྲུབ་པ་ཡིན་ཏེ། མཐོང་བ་གསལ་བ་མེད་པའི་ཕྱིར་རོ། །འདི་སྐད་དུ་དོན་འགའ་ཞིག་གིས་ཤེས་པར་བྱེད་པ་ནི་མཐོང་བ་ཉིད་ཡིན་ན་དེ་ཡང་མི་གསལ་བ་དེས་ན་རྣམ་པ་ཐམས་ཅད་ལ་ངེས་པར་བྱེད་པ་མ་ཡིན་
เล่ม ๑๘๘ · หน้า 218b
ནོ་ཞེས་བརྗོད་པ་ཡིན་ནོ། །རྒྱུ་རྣམས་ནི་འབྲས་བུ་བསྐྱེད་པའི་ཕྱིར་ཡང་ངོ་། །དེས་ན་འབྲས་བུ་དེ་མ་ཐག་པ་མཐོང་བ་མེད་པའི་ཕྱིར་དེའི་འབྲས་བུའི་སྒོ་ནས་ཀྱང་མངོན་པར་མཐོ་བའི་རྒྱུ་ཉིད་ཁས་བླངས་པར་མི་ནུས་ཏེ། དཔེར་ན་དུ་བ་མཐོང་བས་མེ་སྐྱེད་པའི་ནུས་པ་བཞིན་ནོ། །དེ་བཞིན་དུ་དབང་པོ་ལས་འདས་པའི་དོན་རྣམས་ཀྱི་མཐོང་བ་
ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་གསལ་བ་མེད་པའི་ཕྱིར་མངོན་སུམ་གྱིས་གཟུང་བ་མ་ཡིན་ལ། མཐོང་བ་གསལ་བ་མེད་པ་ཉིད་ཀྱིས་ན་བསྒྲུབ་པར་བྱ་བའི་རང་བཞིན་ནམ་འབྲས་བུ་མཐོང་ངམ་དེ་ལྟར་ངེས་པར་མི་རྟོགས་པ་ཡིན་ནོ། །འདི་ནི་དངོས་པོ་ཡོད་པ་དག་ལ་ཡང་ལྟ་བ་པོའི་སྐྱོན་ཡིན་ནོ། །རྒྱུ་དང་འབྲས་བུར་ཡོད་
པ་དེ་དག་གི་སྐྱོན་དེ་ཡང་རྒྱུ་རྣམས་ནི་ཞེས་བྱ་བ་ལ་སོགས་པས་འཆད་དོ། །དེ་དག་རང་གི་རྒྱུན་ལ་ནུས་པ་ཡོད་པ་ཡིན་ཡང་རྒྱུ་ཐ་དད་པའི་མཚན་ཉིད་ཀྱི་འབྲས་བུ་སྐྱེད་པར་ངེས་པ་མེད་པའི་ཕྱིར་རོ། །རང་གི་རྒྱུད་ཀྱི་མཚན་ཉིད་ཀྱིས་འབྲས་བུ་མི་སྐྱེད་ན་ནི་དངོས་པོ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །རང་གི་རྒྱུད་ཀྱི་འབྲས་
བུ་མཐོང་བས་ནི་དངོས་པོ་དེ་རྗེས་སུ་དཔག་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་མཐོང་བ་ཉིད་ཡིན་ནོ། །དེའི་ཕྱིར་འདིར་གཞན་གྱི་རྒྱུད་ཀྱི་མཚན་ཉིད་ཀྱིས་འབྲས་བུ་ཉིད་བཟུང་བ་ཡིན་ནོ། །དེ་ནི་བྱེད་པར་མ་ངེས་པའམ་བྱས་ཀྱང་མཐོང་བར་མ་ངེས་པའམ་མཐོང་ཡང་དེའི་འབྲས་བུ་ཉིད་དུ་རྟོགས་པར་མི་འགྱུར་
ཏེ། དེ་ལ་མི་དམིགས་པ་དང་མངོན་སུམ་དག་མེད་པའི་ཕྱིར་རོ། །མིག་བཞིན་དུ་མཐོང་བ་གཞན་དུ་མི་འཐད་པའི་སྒོ་ནས་ནི་ཐམས་ཅད་འགྲུབ་པ་མ་ཡིན་ནོ། །དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་ཡང་ཤེས་པར་བྱེད་པ་མ་ཡིན་མོད་ཀྱི། དེ་ཙམ་གྱིས་ནི་དབང་པོ་ལས་འདས་པའི་དོན་སྤོང་བ་མ་ཡིན་ནོ། །གང་གི་ཕྱིར་འདི་
དག་གིས་མ་དམིགས་ཀྱང་ཡང་རིམ་གྱིས་མཐར་གྱིས་རྩིག་ཕུག་ན་གནས་པ་ལ་སོགས་པའི་དོན་འབའ་ཞིག་མངོན་སུམ་མམ་རྗེས་སུ་དཔག་པས་མངོན་པར་གསལ་བར་འགྱུར་བའི་ཕྱིར་ཏེ། སྣང་བར་འགྱུར་བའི་ཕྱིར་རོ། །གང་ཡང་ལུང་ལོག་ན་དོན་ལྡོག་གོ་ཞེས་སྨྲས་པ་དེ་ནི་མི་རིགས་ཏེ། འདི་ལྟར་གལ་ཏེ་ལུང་འཇུག་པ་
དོན་ལ་ལྟོས་ན་ནི་ལྡོག་པར་འགྱུར་བ་ཡིན་ན། གང་གི་ཕྱིར་ལུང་ནི་སྒྲའི་བདག་ཉིད་ཡིན་ལ། སྒྲ་རྣམས་ནི་དངོས་པོ་ཇི་ལྟ་བ་བཞིན་དངོས་པོ་ལས་མ་འདས་པར་འཇུག་པ་ཡང་མ་ཡིན་ནོ། །དངོས་པོ་ཇི་ལྟ་བ་བཞིན་འཇུག་པའི་རྒྱུ་གང་གི་ཕྱིར་སྒྲ་དེ་དག་ལས་དོན་གྱི་རང་བཞིན་ངོ་བོ་ཉིད་ངེས་པར་འགྱུར་བའོ། །གལ་ཏེ་དངོས་པོ་
เล่ม ๑๘๘ · หน้า 219a
ཇི་ལྟ་བ་བཞིན་དུ་འཇུག་པ་ཡིན་ན་ནི་དེ་ལས་དངོས་པོ་མེད་པར་ངེས་པར་འགྱུར་ན་དེ་ལྟ་ནི་མ་ཡིན་ནོ། །འོ་ན་དེ་དག་ཇི་ལྟར་འཇུག་པ་ཡིན་ཞེ་ན། དེ་དག་ནི་ཞེས་སྨོས་སོ། །བརྗོད་པར་འདོད་པ་ནི་ཁྱད་པར་ཅན་གྱི་དོན་བསྟན་པར་འདོད་པའོ། །སྒྲ་གང་ཡིན་པ་ནི་དེས་འཇུག་པ་ཡིན་ཏེ་དེའི་ཕྱིར་དེ་ལ་འཁྲུལ་པ་
མེད་པ་སྟེ། རྗོད་པར་འདོད་པ་དང་འབྲེལ་པས་ན་འདི་ནི་རྗོད་པར་འདོད་པ་དེ་ཉིད་ཀྱི་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་སྲིད་པར་འགྱུར་གྱི། དངོས་པོའི་ནི་མ་ཡིན་ནོ། །ཇི་ལྟར་བརྗོད་པར་འདོད་པ་གོ་བ་དེ་ལྟར་ནི་སྨྲ་བ་པོའི་འདོད་པའི་དོན་གོ་བའི་ཕྱིར་ཏེ་ཞེས་བྱ་བ་དེ་ལྟར་བསྟན་ཟིན་ཏོ། །འདི་སྙམ་དུ་འོ་ན་ནི་སྐྱེས་པའི་དོན་ལ་འཁྲུལ་
པ་མེད་པ་ཡིན་ནོ་སྙམ་ན་སྐྱེས་བུའི་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདོད་པ་འགའ་ཞིག་ནི་དོན་ཇི་ལྟ་བ་དང་འབྲེལ་པར་ཡང་འགྱུར་བ་ཡིན་ཏེ། དེས་ན་ཐམས་ཅད་ཅེས་ཁྱད་པར་དུ་བྱེད་པ་ཡིན་ནོ། །དོན་ཇི་ལྟ་བ་སྟེ་དོན་ལས་མ་འདས་པར་འགྱུར་བའི་ངང་ཚུལ་འདི་ལ་ཡོད་པ་མ་ཡིན་ནོ། །འདི་སྙམ་དུ་སྒྲ་རྣམས་ནི་
མེ་དང་དུ་བ་བཞིན་དུ་དོན་དང་འབྲེལ་པའི་ཕྱིར་ནི་དེའི་གོ་བར་བྱེད་པ་མ་ཡིན་གྱི། འོན་ཀྱང་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་ལས་ཡིན་ནོ་སྙམ་ན། དེ་ནི་མི་རིགས་ཏེ། འདི་ལྟར་གང་ཞིག་གང་དང་མ་འབྲེལ་པའི་རང་བཞིན་གྱི་དངོས་པོ་དེས་ནི་འབྲེལ་པའི་ཡུལ་མ་ཡིན་པའི་དངོས་པོ་གཞན་གོ་བར་བྱེད་པ་མ་ཡིན་ནོ། །
བསམ་པ་ནི་འདི་ཡིན་ཏེ། བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་ནི་དངོས་པོ་མ་ཡིན་གྱི་འོན་ཀྱང་བརྟགས་པ་ཡིན་ནོ། །བརྟགས་པའི་འབྲེལ་པ་ལས་ཀྱང་དོན་འགྲུབ་པ་ནི་མེད་ལ། དངོས་པོའི་འབྲེལ་པ་ནི་ཡོད་པ་མ་ཡིན་ནོ། །འདི་སྙམ་དུ་སྒྲ་ཐམས་ཅད་ནི་ཁོ་བོ་ཅག་གི་ལུང་མ་ཡིན་གྱི། འོན་ཀྱང་ཡིད་ཆེས་པས་བསྟན་པ་ཡིན་
ནོ། །ཡིད་ཆེས་པས་བསྟན་པའི་ཕྱིར་སྨྲས་པ། དོན་ཇི་ལྟར་གནས་པ་བཞིན་དུ་མཐོང་བ་གང་ཡིན་པ་དེ་ནི་དོན་ཇི་ལྟ་བ་བཞིན་དུ་མཐོང་བ་སྟེ། འདི་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཡོན་ཏན་གཅིག་ཡིན་ནོ། །བདེན་པའི་དོན་སྟོན་པའི་རྒྱུ་ཁྲོ་བ་མེད་པ་ལ་སོགས་པའི་ཡོན་ཏན་གཞན་ནི་སོགས་པ་
སྨོས་པས་གཟུང་བ་ཡིན་ནོ། །དེ་དག་དང་ལྡན་པའི་སྐྱེས་བུ་ནི་ཡིད་ཆེས་པ་ཡིན་ནོ། །ཡིད་ཆེས་པ་ནི་སྐྱོན་ཟད་པ་ཡིན་ལ། སྐྱོན་ཡང་ལོག་པའི་ཤེས་པ་ལ་སོགས་པ་ཡིན་ཞིང་། དེ་དག་ཀྱང་ཇི་ལྟ་བ་བཞིན་མཐོང་བ་ལ་སོགས་པས་སྤངས་པར་བརྗོད་པ་ཡིན་ནོ། །ཇི་ལྟ་བ་བཞིན་མཐོང་བ་དེས་བསྟན་པའི་ལུང་གང་
เล่ม ๑๘๘ · หน้า 219b
ཡིན་པ་ནི་བསྟན་པར་བྱ་བའི་དོན་ལ་མི་སླུ་བ་ཡིན་ཏེ། ཁོ་བོ་ཅག་གི་ལུང་དེ་ལྟ་བུ་ནི་ཚད་མ་ཡིན་ནོ་ཞེས་ཕ་རོལ་པ་དོགས་པ་བཟློག་པའི་ཕྱིར་བཤད་པ། དེ་ལྟ་བུའི་སྐྱེས་བུ་ནི་བདེན་པའི་དོན་ཉིད་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་འདོད་པ་ཉིད་དེ། འོན་ཀྱང་སྐྱེས་བུ་དེ་ལྟ་བུས་བསྟན་པའི་ཚིག་ཁོ་བོ་ཅག་གི་འཇུག་པའི་ཡན་
ལག་ནི་མ་ཡིན་ཏེ། འདི་ལྟར་ངེས་པས་ཡུལ་དུ་བྱས་པས་འཇུག་པའི་ཡན་ལག་དེ་ལྟ་བུའི་སྐྱེས་བུ་ཁྱད་པར་ཅན་ནི་ཤེས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་བཤད་པ། གལ་ཏེ་ཁྱད་པར་ཅན་དེ་ཉིད། །ཤེས་པར་ནུས་ན་དེ་ཡི་ཕྱིར། །དོན་འདི་འདོད་པ་ཉིད་ཡིན་ནོ། །གལ་ཏེ་ཁྱད་པར་དུ་འཕགས་པ་ངེས་པར་མི་
ནུས་ཀྱང་ཚིག་འཇུག་པའི་ཡན་ལག་མ་ཡིན་པར་ཅི་ལྟར་འགྱུར་ཞེ་ན། བཤད་པ། རྟོག་པ་སྔོན་དུ་གཏོང་བའི་ངང་ཚུལ་གང་ལ་ཡོད་པ་ནི་རྟོག་པ་སྔོན་དུ་གཏོང་བ་ཅན་ཏེ། ངེས་པར་རྟོགས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ལུང་ངམ་ལུང་མ་ཡིན་པ་ཚོལ་བ་དེ་ཐམས་ཅད་ནི་ཞེས་བྱ་བ་ལ། འདི་ནི་འཇིག་རྟེན་
པའི་ཚིག་གི་ཚུལ་ཡིན་ཏེ། འཇིག་རྟེན་ན་ཐམས་ཅད་དུ་མངོན་པར་འདོད་པའི་མི་མཐུན་པའི་ཕྱོགས་དོགས་པར་བྱས་ཏེ། དགེ་མི་དགེ་རྙེད་མ་རྙེད་ཅེས་མི་མཐུན་པའི་ཕྱོགས་དང་བཅས་པ་བརྗོད་དོ། །དེ་བཞིན་དུ་འདིར་ཡང་ལུང་ཚོལ་བ་ཡིན་མོད་ཀྱི། མངོན་པར་འདོད་པའི་མི་མཐུན་པའི་ཕྱོགས་དང་ལྡན་པའི་
ཕྱིར་ལུང་མ་ཡིན་པ་ཞེས་སྨོས་སོ། །ཡང་ན་ལུང་མ་ཡིན་པ་ཡང་ཚོལ་བ་ཉིད་དེ། དེ་ལྟ་ན་ནི་སྤང་བར་བྱ་བའི་ཡུལ་ལེགས་པར་ཤེས་པར་འགྱུར་བ་ཡིན་ནོ། །རྟོག་པ་དང་ལྡན་པ་ནི་དོན་དུ་གཉེར་བར་བྱ་བ་ཉིད་མེད་པར་འཇུག་པར་མི་རིགས་སོ། །རྟོག་པ་དང་ལྡན་པ་ལུང་ངམ་ལུང་མ་ཡིན་པ་ཡོངས་སུ་རྟོག་པ་
ཡང་དགོས་པ་དང་ལྡན་པ་ཉིད་ཡིན་ལ། ལུང་ཡོངས་སུ་རྟོག་པ་ལ་ནི་འཇུག་པ་ལས་མ་གཏོགས་པའི་དགོས་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་འདིར་འཇུག་པར་འདོད་པས་ཡིན་ཏེ། ལུང་གི་རྒྱུ་མཚན་གྱིས་འཇུག་པར་འདོད་པ་དེ་ཡོངས་སུ་རྟོག་པ་ཡིན་ནོ། །གལ་ཏེ་དེའི་རྒྱུ་མཚན་གྱིས་འཇུག་པ་
དོན་དུ་གཉེར་བ་མེད་པར་དེ་ཡོངས་སུ་རྟོག་ན་ནི་དགོས་པ་མེད་པའི་ཕྱིར་ན། ཞེན་པས་ཡོངས་སུ་རྟོག་པར་འགྱུར་ན། རྟོག་པ་དང་ལྡན་པ་ནི་ཞེན་པས་མ་ཡིན་ནོ། །རྟོག་པ་དང་མི་ལྡན་པ་འཇུག་པའི་ཡན་ལག་ཀྱང་དཔྱད་པར་བྱ་བ་མ་ཡིན་ནོ། །ཡོན་ཏན་ངེས་པ་ཉིད་ལས་འཇུག་པར་རིགས་ཏེ། ཡོན་ཏན་མ་ངེས་
เล่ม ๑๘๘ · หน้า 220a
པ་ལས་འཇུག་ན་ནི་ལམ་པོ་ཆེའི་སྐྱེས་བུའི་ངག་ལས་ཀྱང་འཇུག་པར་འགྱུར་རོ། །དེའི་ཕྱིར་སྐྱེས་བུ་འཇུག་པའི་ཡན་ལག་སེམས་པ་ནི་ཅི་ནས་ཀྱང་ཡོན་ཏན་དང་ལྡན་པའི་ལུང་གཟུང་བར་བྱའི། གཞན་ནི་མ་ཡིན་པ་དང་། དེ་བཞིན་དུ་ཡོན་ཏན་ངེས་པ་གཟུང་བར་བྱའི་གཞན་དག་ནི་མ་ཡིན་ནོ། །
དེའི་ཡོན་ཏན་ངེས་པ་ཡང་སྐྱེས་བུའི་ཡོན་ཏན་ངེས་པ་ལས་འགྱུར་བ་ཡིན་ཏེ། དེས་ན་དང་པོར་སྐྱེས་བུ་བརྟག་པར་བྱའོ། །དེ་སྐྱེས་བུ་བརྟགས་ལ་རྒྱུར་གྱུར་པ་ལས་འཇུག་པར་ཁས་ལེན་ན་ནི་འཇུག་པར་མི་འགྱུར་བ་ཉིད་དོ། །གཏན་ཚིགས་སྨྲས་པ། སྐྱེས་བུའི་ཁྱད་པར་དེ་ལྟ་བུ་ནི་ཤེས་པར་མི་ནུས་པའི་ཕྱིར་
རོ། །གལ་ཏེ་དབང་པོ་ལ་བརྟེན་པའི་ཤེས་པ་ཡོན་ཏན་ཡོངས་སུ་མ་བརྟགས་པ་ཡང་འཇུག་པའི་ཡན་ལག་ཏུ་མཐོང་བ་མ་ཡིན་ནམ་ཞེ་ན། བདེན་ཏེ། དབང་པོའི་ཤེས་པའམ་རྣམ་པར་རྟོག་པ་གཞན་ཡང་རུང་སྟེ། ཡོན་ཏན་ཡོངས་སུ་མ་བརྟགས་པ་ནི་སྐྱེས་བུའི་འཇུག་པའི་ཡན་ལག་ཡིན་ཏེ། དེ་མེད་པར་ནི་ཐ་
སྙད་ཉིད་མི་འཐད་པའི་ཕྱིར་རོ། །གང་གིས་ཡོན་ཏན་ངེས་པ་མ་ཤེས་ཀྱང་དབང་པོ་ལས་འདས་པའི་དོན་བརྗོད་པ་འཇུག་པའི་ཡན་ལག་ཏུ་བྱེད་པ་དབང་པོ་ལས་འདས་པའི་དོན་བརྗོད་པའི་སྒྲ་མེད་པར་སྐྱེས་བུའི་ཐ་སྙད་མི་འཐད་པ་ནི་མ་ཡིན་ནོ། །དེས་ན་ཡོན་ཏན་མེད་པའི་ཚིག་ལས་འཇུག་ན་ནི་ལམ་པོ་ཆེའི་མིའི་
ཚིག་ལས་ཀྱང་འཇུག་པར་འགྱུར་ལ། ཡོན་ཏན་བརྟགས་ནས་འཇུག་ན་ནི་འཇུག་པར་མི་འགྱུར་བ་ཡིན་ནོ་ཞེས་བྱ་བར་གོར་མ་ཆག་གོ། །མི་འདོད་པའི་ཕྱིར་ནི་མ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་མཐོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་འདྲ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་ཉིད་བརྗོད་པའི་ཕྱིར་རོ། །འདི་ལྟར་མི་
ཤེས་པའམ་ཁྲོ་བ་ལ་སོགས་པ་ནི་ཕྱིན་ཅི་ལོག་ཏུ་བརྗོད་པའི་རྒྱུ་ཡིན་ལ་གང་ལ་དེ་མེད་པ་དེ་ཕྱིན་ཅི་ལོག་ཏུ་སྨྲ་བ་ཇི་ལྟར་འགྱུར། རྣམ་པ་དེ་ལྟ་བུའི་སྐྱེས་བུ་ཁྱད་པར་དུ་འཕགས་པ་ཅི་ལྟར་ཤེས་པ་མི་ནུས་ཤེ་ན། འདི་ལྟར་ཞེས་སྨོས་ཏེ། གང་གི་ཕྱིར་གཞན་གྱི་སྐྱོན་ཁྲོ་བ་ལ་སོགས་པ་དང་ཡོན་ཏན་དོན་ཇི་ལྟ་བ་
བཞིན་དུ་མཐོང་བ་ལ་སོགས་པ་དེ་དག་ངེས་པ་ལ། ངེས་པའི་རྒྱུ་རྟགས་ནི་མེད་དོ། །འདི་སྙམ་དུ་རྟགས་མེད་དུ་ཆུག་ཀྱང་དེ་དག་ནི་མངོན་སུམ་ཉིད་ཀྱིས་རིག་པར་འགྱུར་རོ་སྙམ་ན་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་དེ་དག་ནི་སེམས་ཀྱི་ཆོས་ཏེ་ངོ་བོ་ཉིད་ཡིན་པས་དབང་པོ་ལས་འདས་པ་དེའི་ཕྱིར་རྗེས་
เล่ม ๑๘๘ · หน้า 220b
སུ་དཔོག་པ་ཡིན་ནོ། །རང་ལས་སྐྱེས་པའི་ལུས་དང་ངག་གང་ཡིན་པ་དེ་དག་གིས་བྱས་པའི་ཐ་སྙད་ཕན་ཚུན་རྟོགས་པར་བྱེད་པའི་མཚན་ཉིད་དེ་ལས་རྗེས་སུ་དཔག་པར་འགྱུར་རོ། །འདི་སྙམ་དུ་དེ་ལྟ་ན་ནི་འོ་ན་དེ་ལས་སྐྱེས་པའི་ལུས་དང་ངག་གི་ཐ་སྙད་དེ་རྟགས་སུ་འགྱུར་རོ་སྙམ་ན། ཐ་སྙད་ཀྱང་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །ཕལ་ཆེར་ཞེས་བྱ་བ་ནི་མང་དུའོ། །འདི་ལྟར་མི་ཚངས་པར་སྤྱོད་པ་ལ་སོགས་པའི་མཚན་ཉིད་ཀྱིས་ལུས་ཀྱི་ཐ་སྙད་འགའ་ཞིག་ནི་རྗེས་སུ་དཔག་པའི་རྒྱུར་འགྱུར་བ་ཁོ་ནའོ། །དེས་ན་ཕལ་ཆེར་ཞེས་སྨོས་སོ། །དེས་ན་ལུས་དང་འབྲེལ་པ་ཀུན་དུ་སྤྱོད་པའི་ཁྱད་པར་ཐ་སྙད་ནི་རྟགས་སུ་གཟུང་བ་ཡིན་ན། དེ་ནི་དངོས་
པོ་གཞན་དག་ཏུ་གནས་པ་ལ་ལག་བརྡ་ལ་སོགས་པའི་མཚན་ཉིད་ཀྱི་ཐ་སྙད་ཕྱིན་ཅི་ལོག་གི་དོན་གསལ་བར་བྱེད་པ་བྱ་བར་ནུས་སོ། །བློ་སྔོན་དུ་བཏང་ནས་ཞེས་བྱ་བ་ནི་བྱེད་པའི་ཁྱད་པར་རོ། །བློ་རྒྱུར་གྱུར་པས་གཞན་དུ་ཡང་བྱ་བར་ནུས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོ་གཞན་དུ་གནས་པ་ལ་བློས་ཅི་ལྟར་
གཞན་དུ་བྱེད་ཅེ་ན། བཤད་པ། སྐྱེས་བུའི་འདོད་པ་དེས་འཇུག་པ་གང་ཡིན་པ་དག་གོ། །འདི་སྙམ་དུ་སྐྱེས་བུའི་འདོད་པ་ནི་དངོས་པོ་ཇི་ལྟ་བ་བཞིན་འཇུག་གོ་སྙམ་ན། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་པ་སེམས་ཀྱི་རྒྱུ་བ་སྣ་ཚོགས་པ་གང་དག་ལ་ཡོད་པའོ། །འདི་སྐད་བརྗོད་པ་ཡིན་ཏེ། དེ་དག་
གི་བསམ་པ་ནི་དོན་ཅི་ལྟ་བ་བཞིན་མ་ཡིན་ནོ། །དགོས་པའི་དབང་གིས་དངོས་པོ་གཞན་དུ་གནས་ཀྱང་གཞན་དུ་སྟོན་པར་བྱེད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར་ལུས་དང་ངག་གི་ཐ་སྙད་ནི་རྟགས་སུ་འཐད་ལ། རྟགས་གཞན་ཡང་མེད་དོ། །དེས་ན་རྟགས་འཆོལ་བའི་ཕྱིར་འདི་ཇི་ལྟར་གཞན་གྱི་སྐྱོན་དང་ཡོན་ཏན་ངེས་པ་མེད་པ་རྟོགས་པར་
བྱེད། འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་རྟོགས་པའི་འཇུག་པ་ཇི་ལྟར་བྱེད། དེ་ལྟར་ཡིད་ཆེས་པས་བྱས་པའི་ལུང་ནི་རྟོག་པ་དང་ལྡན་པ་རྣམས་ཀྱི་ཚད་མ་མ་ཡིན་ནོ་ཞེས་རྗེས་སུ་བརྗོད་ནས། དཔྱོད་པ་རང་གི་གཞུང་བསྟན་པའི་ཕྱིར་གལ་ཏེ་བྱེད་པ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ལ་བརྟེན་པའི་
ཚིག་གང་ཡིན་པ་སྟེ། ཚིག་གང་ཞིག་སྐྱེས་བུའི་བྱེད་པས་བསྐྱེད་པའམ། གང་གི་རང་བཞིན་དུ་བཀོད་པ་དེ་ནི་སྐྱེས་བུ་ལ་བརྟེན་པ་ཡིན་ཏེ། དེ་ནི་ལུང་མ་ཡིན་ཏེ། བྱེད་པ་པོ་ཤེས་པར་དཀའ་བའི་ཕྱིར་རོ། །སྐྱེས་བུས་མ་བྱས་པ་སྐྱེས་བུས་མ་བསྒྲུབས་པ་ནི་ཕྱིན་ཅི་མ་ལོག་པ་བདེན་པའི་དོན་ཅན་ཡིན་ནོ། །འདི་ལྟར་སྐྱེས་བུ་ནི་
เล่ม ๑๘๘ · หน้า 221a
མ་རིག་པ་དང་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ལ། མི་ཤེས་པ་དང་ཆགས་པ་ལ་སོགས་པ་ལས་ཀྱང་ཕྱིན་ཅི་ལོག་ཏུ་ཡང་སྨྲ་བར་འགྱུར་གྱི། ཚིག་གང་ཞིག་སྐྱེས་བུས་མ་བཀོད་པ་དེ་ནི་ཕྱིན་ཅི་ལོག་གི་རྒྱུ་དང་མི་ལྡན་པའི་ཕྱིར་ཕྱིན་ཅི་མ་ལོག་པར་འགྱུར་རོ་ཞེས་བྱ་བ་འདི་དོགས་
པར་བྱས་ནས། མ་ཡིན་ཏེ་ཞེས་སྨོས་སོ། །སྐྱེས་བུས་མ་བྱས་པའི་ཚིག་དེ་ནི་མི་འཐད་པའི་ཕྱིར་རོ། །སྐྱེས་བུས་མ་བྱས་པ་ནི་རྣམ་པ་གསུམ་སྟེ། རང་བཞིན་རྟག་པའི་ཕྱིར་རམ། ཚིག་བཀོད་པའི་བདག་ཉིད་ཀྱི་ངག་སྐྱེས་བུས་མ་བྱས་པའི་ཕྱིར་རམ། དོན་ལས་སྐྱེས་བུ་འཇུག་པར་མ་བྱས་པའི་ཕྱིར་ཡིན་གྲང་ན།
སྐྱེས་བུས་མ་བྱས་པ་ཉིད་འདི་གསུམ་ཀ་ཡང་མི་སྲིད་དོ། །འདི་ལྟར་ཚིག་འདི་རྟག་པར་མི་འཐད་ལ། སྐྱེས་བུས་ངག་ཏུ་བསྡེབས་པ་མ་ཡིན་པ་ཞེས་བྱ་བར་ཡང་མི་སྲིད་དོ། །འོན་ཏེ་ཡང་དེ་དག་གི་དོན་དང་འབྲེལ་པ་སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེས་དོན་གྱི་སྒོ་ནས་སྐྱེས་བུས་མ་བྱས་པ་ཉིད་བཟློག་པའི་ཕྱིར་བཤད་
པ། སྒྲའི་དོན་བརྗོད་པ་སྟོན་པ་ནི་སྐྱེས་བུའི་ཉེ་བར་སྟོན་པ་དེ་ལ་ལྟོས་པ་ཡིན་ཏེ་དེའི་ཕྱིར་རོ། །འདི་སྐད་དུ་སྒྲ་རྣམས་ཀྱི་དོན་དང་འབྲེལ་པ་ཡང་སྐྱེས་བུས་མ་བྱས་པ་ཡིན་པར་མི་འཐད་ལ། རང་གི་ངོ་བོ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །རང་གི་ངོ་བོ་སྐྱེས་བུས་མ་བྱས་པ་ཉིད་བསལ་བའི་ཕྱིར་བཤད་པ།
དམིགས་པར་རུང་བ་དང་མི་རུང་བ་དེ་དག་གི་བདག་ཉིད་དེ་ཐོབ་པ་དང་གཏོང་བ་དེ་དག་ནི་རང་བཞིན་གཞན་སྐྱེ་བ་དང་ཉམས་པ་ཞེས་བྱ་བ་ལྡོག་པ་དེ་དག་མེད་ན་མེད་པ་སྟེ་འཁྲུལ་པ་མེད་པ་ཡིན་ཏེ། གང་གི་ཕྱིར་མི་འཁྲུལ་པ་ཡིན་པ་དེའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཚེ་སྒྲས་དམིགས་པར་རུང་བའི་ངོ་བོ་
ཉིད་ཐོབ་པ་དེའི་ཚེ་རང་བཞིན་གཞན་ཐོབ་པ་ཡིན་ལ། མི་རུང་བའི་ངོ་བོ་བཏང་བ་ན་ཡང་ངོ་བོ་གཞན་བཏང་བ་ཡིན་ནོ། །རུང་བ་དང་མི་རུང་བའི་རང་བཞིན་ཐོབ་པ་དང་གཏོང་བ་ཉིད་ཇི་ལྟར་ཞེ་ན། རྟག་ཏུ་དེའི་བདག་ཉིད་ཅེས་སྨོས་ཏེ། རྟག་ཏུ་དམིགས་པར་རུང་བའི་བདག་ཉིད་ཡིན་ན་ནི་རེས་འགའ་དམིགས་པ་
མེད་པར་འགྱུར་ལ། མི་རུང་བ་ཉིད་རྟག་པ་ཡིན་ན་ནི་རེས་འགའ་མི་དམིགས་པ་མེད་པར་ཐལ་ཏེ། གཏན་ཚིགས་དེའི་ཕྱིར་ངོ་བོ་ཉིད་གཞན་སྐྱེ་བ་དང་ཉམས་པའི་རང་བཞིན་རུང་བ་དང་མི་རུང་བ་དག་ཐོབ་པ་དང་གཏོང་བ་ཡོད་པ་ཡིན་ནོ་ཞེས་མཇུག་སྡུད་པའོ། །འདི་སྙམ་དུ་དམིགས་སུ་རུང་བའི་བདག་ཉིད་ཡིན་
เล่ม ๑๘๘ · หน้า 221b
ཡང་། ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་ནས། རེས་འགའ་དམིགས་པ་མེད་པར་བྱེད་པ་ཡིན་ནོ་སྙམ་ན་བཤད་པ། སྒྲ་རྟག་པ་ནི་ལྷན་ཅིག་བྱེད་པ་གཞན་ལ་ལྟོས་པ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་ལྷན་ཅིག་བྱེད་པ་དེས་སྒྲའི་བདག་ཉིད་དེ་ལ་ཅུང་ཟད་ཀྱང་མ་བྱས་པའི་ཕྱིར་རོ། །འདི་སྙམ་དུ་འདིའི་ཅུང་ཟད་བྱེད་
པ་ཉིད་ལྟོས་པའི་དངོས་པོ་ཡིན་མོད་ཀྱི། འོན་ཀྱང་སྒྲ་དེ་ལས་ཕན་པ་གཞན་དུ་གྱུར་པ་བྱེད་པ་ཡིན་ཏེ། ཐ་དད་པ་མ་ཡིན་པ་བྱེད་ན་ནི་དེ་ཉིད་སྒྲས་བྱས་པར་ཐལ་བའི་ཕྱིར་ལ། དེ་ཡང་རྟག་པ་ཉིད་ཀྱིས་བྱ་བར་མི་ནུས་པའི་ཕྱིར་རོ་ཞེ་ན། གཞན་བྱེད་ན་ནི་དེ་གཞན་གྱི་བྱེད་པ་པོར་འགྱུར་གྱི། སྒྲ་དེའི་ཞེས་
ཅི་ལྟར་བརྗོད་པར་འགྱུར་ཏེ། འབྲེལ་པ་མི་འཐད་པའི་ཕྱིར་ཏེ་མེད་པའི་ཕྱིར་རོ། །འདི་སྙམ་དུ་ལྟོས་པར་བྱ་བ་དེས་ཕན་པ་ཐ་དད་པར་བྱས་པ་གང་ཡིན་པ་དེ་སྒྲ་དང་འབྲེལ་པ་ཡིན་ཏེ། དེས་ན་དེ་དང་འབྲེལ་པའི་ཕན་པར་བྱེད་པའི་ཕྱིར་དེའི་ཞེས་བརྗོད་པ་ཡིན་ནོ་སྙམ་ན། ཕན་པ་དེ་དང་འབྲེལ་པ་ཡིན་ན་ཡང་ཞེས་
སྨོས་ཏེ། སྒྲ་དང་འབྲེལ་པ་ཡིན་ན་ཡང་ཕན་གདགས་བྱ་འདོགས་བྱེད་མ་ཡིན་པ་དག་ཅི་ཞིག་འབྲེལ་ཏེ། སྒྲ་དང་ཕན་པ་དག་ཅུང་ཟད་ཀྱང་འབྲེལ་པ་མེད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། ཕན་པ་དེས་སྒྲ་ལ་ཕན་འདོགས་པར་མི་བྱེད་ཅིང་སྒྲས་ཀྱང་ཕན་པ་ལ་མ་ཡིན་ནོ། །འདི་སྙམ་དུ་འཁར་གཞོང་དང་
རྒྱ་ཤུག་དག་ཕན་གདགས་བྱ་འདོགས་བྱེད་མ་ཡིན་ཡང་རྟེན་དང་བརྟེན་པའི་དངོས་པོ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ་སྙམ་ནས་རྟེན་དང་བརྟེན་པའི་དངོས་པོ་ཡིན་ནོ་ཞེས་སྨོས་ཏེ། སྒྲའམ་ཕན་པ་དེའི་བདག་ཉིད་ཀྱི་ཕན་པ་མེད་ན་རྟེན་དང་བརྟེན་པའི་དངོས་པོ་དེ་ཡང་མི་འགྲུབ་པོ། །ལྟུང་བའི་ཆོས་ཅན་གྱི་
རྒྱ་ཤུག་ནི། འཁར་གཞོང་གིས་རང་གི་ཉེ་བར་ལེན་པའི་མཚན་ཉིད་ཀྱི་ཕན་འདོགས་པར་བྱེད་པ་ཉིད་དོ། །དེ་ལྟ་མ་ཡིན་ན་དེ་དག་ཀྱང་འབྲེལ་པར་མི་འགྱུར་བ་ཉིད་དོ། །དེ་བཞིན་དུ་སྒྲས་ཀྱང་ཕན་པ་ལ་ཕན་འདོགས་དགོས་པར་འགྱུར་རོ། །དེ་ཡང་གཞན་ཁོ་ན་ལས་སྐྱེས་པའི་ཕྱིར་སྒྲས་ཕན་འདོགས་པ་མེད་ལ། དེས་ཀྱང་སྒྲ་ལ་
ཕན་བཏགས་པ་མེད་དོ། །འདི་སྙམ་དུ་དེས་སྒྲ་ལ་ཕན་འདོགས་པར་བྱེད་པའམ། སྒྲས་དེ་ལ་ཕན་འདོགས་པར་བྱེད་པ་ཉིད་དེ་སྙམ་ན། བཤད་པ། ཕན་པ་བདག་ཉིད་གཞན་ཡིན་ན་ནི་ཞེས་བྱ་བ་སྒྲ་ལའམ་སྒྲས་ཕན་པ་ཐ་དད་པ་བྱེད་ན་བརྒལ་ཞིང་བརྟགས་པ་མཚུངས་པ་ཡིན་ཏེ། ཇི་ལྟར་ཕན་པ་དང་པོ་ལ་སྒྲ་དང་ལྷན་ཅིག་འབྲེལ་
เล่ม ๑๘๘ · หน้า 222a
པ་བརྒལ་ཞིང་བརྟགས་པ་དེ་བཞིན་དུ་ཕན་པ་དེ་དང་སྒྲ་ལ་ཡང་འབྲེལ་པ་ཅི་ཞིག་ཅེས་དེ་ལྟ་བུར་གྱུར་པས་སོ། །ཅི་སྟེ་དེ་ལ་ཡང་ཕན་པ་གཞན་རྟོག་ན་དེའི་ཚེ་ཐུག་པ་མེད་པར་ཡང་འགྱུར་རོ་ཡང་ཞེས་བྱ་བ་ནི་སྐྱོན་གཞན་སྟོན་པའོ། །འདི་སྙམ་དུ་ཕན་པས་སྒྲ་ལ་ཕན་པར་བྱེད་པ་ནི་མ་ཡིན་
ཏེ། དེ་ཐ་དད་པར་ཁས་བླངས་ན་ནི་ཐུག་པ་མེད་པར་ཐལ་བའི་ཕྱིར་དང་། ཐ་དད་པ་མེད་ན་ཡང་སྒྲ་འབྲས་བུ་ཉིད་དུ་ཐལ་བའི་ཕྱིར་རོ། །འོན་ཀྱང་སྒྲས་རྐྱེན་གཞན་དང་ལྷན་ཅིག་ཏུ་ཕན་པ་དེ་སྐྱེས་པ་ཡིན་ནོ་ཞེས་དོགས་པ་ལ་བཤད་པ། བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོར་ཁས་ལེན་ན་ནི་རྐྱེན་གཞན་ལ་ལྟོས་པ་མེད་པའི་
ཕྱིར་སྒྲ་དང་ཕན་པ་དག་གི་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་དེ་རྟག་ཏུ་འགྱུར་རོ། །གལ་ཏེ་སྒྲ་ནི་ཕན་པ་དེ་བྱེད་པ་ལ་སོགས་པར་རུང་བ་ཡིན་ནོ་ཞེ་ན། རྟག་པ་ནི་གཞན་གྱིས་བོགས་དབྱུང་དུ་མེད་པས་ཐམས་ཅད་ཀྱི་ཚེ་ཕན་པ་བྱེད་པར་འགྱུར་རོ། །དེས་ན་རང་གིས་བྱས་པའི་ཕན་པ་དང་ལྡན་པ་དེ་ཉིད་ཀྱིས་ཤེས་པ་སྐྱེད་པའི་ཕྱིར་
སྔ་མ་བཞིན་དུ་ཐལ་བར་འགྱུར་རོ། །ཅི་སྟེ་ཡང་སྒྲ་ཕན་པ་དེ་སྐྱེད་པ་ལ་གཞན་ལ་ལྟོས་ན་ནི་དེའི་ཚེ་གཞན་ལ་ལྟོས་པ་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །འདི་ལྟར་སྒྲ་རྟག་པ་ཤེས་པ་བསྐྱེད་པར་བྱ་བ་ལ་ལྷན་ཅིག་བྱེད་པ་ལ་ལྟོས་ན་ཧ་ཅང་ཐལ་བ་དེ་བཞིན་དུ། ཕན་པ་ལ་ཡང་ལྷན་ཅིག་བྱེད་པ་ལ་ལྟོས་ན་ཐལ་བ་
མཚུངས་པར་འགྱུར་རོ། །དེ་ལྟར་མངོན་པར་འདོད་པའི་དོན་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར་བཤད་པ། དེའི་ཕྱིར་དམིགས་སུ་རུང་བའི་བདག་ཉིད་རེས་འགའ་བ་ཡིན་ནོ། །གང་གི་ཕྱིར་དེས་ན་མི་རྟག་པ་ཡིན་ལ། མི་རྟག་པ་ཡང་ཅི་ལྟར་ས་བོན་གྱི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པའི་མྱུ་གུ་ས་བོན་གྱི་
འབྲས་བུ་ཡིན་པ་དེ་བཞིན་དུ། དམིགས་སུ་རུང་བའི་བདག་འདི་ཡང་སྐྱེས་བུའི་བྱེད་པ་གནས་དང་བྱེད་པ་ཕྲད་པ་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་ཡིན་ཏེ། དེས་ན་སྐྱེས་བུའི་བྱེད་པས་བསྐྱེད་པ་སྐྱེས་བུས་བྱས་པ་སྐྱེས་བུ་ལས་བྱུང་བ་ཡིན་ནོ། །དེའི་ཕྱིར་སྒྲ་འདི་ནི་རེས་འགའ་བ་དང་སྐྱེས་བུའི་བྱེད་པ་
རྗེས་སུ་བྱེད་པ་ཡིན་པས་ན་མི་རྟག་པ་དང་སྐྱེས་བུས་བྱས་པ་ཡིན་ནོ། །གལ་ཏེ་རྟག་པར་གྱུར་ན་ནི་དོན་རྗོད་པར་བྱེད་པ་ཉིད་དུ་མི་འགྱུར་རོ་ཞེས་འཆད་པ་ནི་དེ་ལྟ་མ་ཡིན་ན་ཞེས་བྱ་བ་ཡིན་ནོ། །རྟག་པ་ཉིད་ཡིན་ན་ནི་མེད་ན་མི་འབྱུང་བར་འབྲེལ་བ་མེད་པའི་ཕྱིར་སྒྲ་དག་ལས་དོན་རྟོགས་པར་མི་འགྱུར་རོ། །ཡང་ཞེས་བྱ་བ་ནི་སྡུད་
เล่ม ๑๘๘ · หน้า 222b
པར་བྱེད་པའོ། །རྟག་པ་ནི་འབྲས་བུ་མ་ཡིན་ནོ། །སྒྲའི་བདག་ཉིད་ནི་དོན་ལས་གཞན་པ་ཡང་ཡིན་ཏེ། དེས་ན་དེའི་བདག་ཉིད་ཀྱིས་འབྲེལ་པ་ཡང་མེད་དོ། །དེས་ན་འབྲེལ་པ་གཉིས་ཀ་མེད་པ་ན་དོན་གཞན་གྱིས་དོན་གཞན་རྟོགས་པར་མི་འགྱུར་རོ། །འདི་སྙམ་དུ་སྒྲ་ནི་ངོ་བོ་ཉིད་དུ་འགྱུར་བའི་བདག་ཉིད་འབྲེལ་
པ་ལས་དོན་གོ་བར་བྱེད་པ་ཡིན་ལ། དེའི་ངོ་བོ་ཉིད་ཀྱང་ཡོད་པ་ཉིད་དོ་སྙམ་ན། སྒྲའི་ཡོད་པ་ཉིད་ནི་ཞེས་སྨོས་ཏེ། དོན་གྱི་ཁྱད་པར་ཁྱད་པར་ཅན་གྱི་དོན་དེ་ལ་ཡོད་པ་ངོ་བོ་ཉིད་ཀྱིས་འབྲེལ་པ་མ་ཡིན་ནོ། །གཏན་ཚིགས་བཤད་པ། ཡོད་པ་དེ་ནི་དོན་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། སྒྲའི་
ངོ་བོ་གྲུབ་ཟིན་པ་ནི་དོན་ལ་ལྟོས་པའི་རང་བཞིན་ཅུང་ཟད་ཀྱང་མེད་དོ། །དེས་ན་སྒྲ་ཡོད་པ་ཞེས་བྱ་བ་དེ་ཙམ་གྱིས་དོན་རྟོགས་པ་ན་ཡོད་པ་ལ་ཁྱད་པར་མེད་པའི་ཕྱིར་དོན་ཐམས་ཅད་རྟོགས་པར་འགྱུར་ན། ཁྱད་པར་ཅན་གྱི་དོན་རྟོགས་པར་ཡང་མཐོང་བ་ཡིན་ནོ། །དེའི་ཕྱིར་དོན་གྱི་ཁྱད་པར་དང་འབྲེལ་པ་ཡོད་པ་ཡིན་ལ།
དེ་ཡང་ཐ་དད་པའི་དོན་གྱི་དེ་ལས་སྐྱེས་པའི་རྒྱུ་མཚན་ཅན་ཉིད་དེ་རྣམ་པ་གཞན་མེད་པའི་ཕྱིར་རོ། །འདི་སྙམ་དུ་ཇི་ལྟར་ཡུལ་ལས་སྐྱེས་པ་མ་ཡིན་པའི་དབང་པོས་ཁྱད་པར་ཅན་གྱི་དོན་རྟོགས་པར་བྱེད་པ་ཡིན་ཏེ། དབང་པོ་ནི་ཁྱད་པར་ཅན་གྱི་དོན་ལ་ཤེས་པ་སྐྱེད་པར་རུང་བའི་ཕྱིར་དང་། དོན་ཀྱང་ཁྱད་པར་ཅན་གྱི་དབང་
པོས་གཟུང་བར་རུང་བ་ཡིན་པའི་ཕྱིར་རོ། །དབང་པོ་དང་ཡུལ་གཞན་དུ་སྒྲ་དང་དོན་དག་ཀྱང་ཕན་ཚུན་རུང་བ་ཉིད་ངེས་པར་བྱེད་པ་ཡིན་ནོ། །དོན་ནི་ཡུལ་ཉིད་ཀྱིས་ཁྱད་པར་ཅན་གྱི་སྒྲས་རྟོགས་པར་རུང་བ་ཡིན་ལ། སྒྲ་ཡང་ཡུལ་ཅན་ཉིད་ཀྱིས་ཁྱད་པར་ཅན་གྱི་དོན་རྟོགས་པར་རུང་བ་ཡིན་ནོ། །དེ་དག་གི་རུང་བ་
ཉིད་ནི་ཡུལ་ཅན་ཉིད་དུ་ངེས་པར་བྱེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བའི་དོགས་པ་བསུ་ནས། མ་ཡིན་ཏེ་ཞེས་སྨོས་སོ། །ཡུལ་དང་དབང་པོ་དེ་ལས་ཡང་དབང་པོའི་ཡུལ་གཅིག་ལ་སོ་སོར་ངེས་པ་གང་ཡིན་པའི་ངེས་པ་དེ་ནི་དོན་དེ་ལས་སྐྱེས་པའི་མཚན་ཉིད་ཀྱི་རྒྱུ་མཚན་ཅན་ཡིན་ཏེ། དབང་པོའི་དོན་དེ་ལ་ངེས་པ་ནི་
དེས་བསྐྱེད་པའི་རྒྱུ་མཚན་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་སྟོན་པ་ནི་ཡུལ་དེས་ཕན་བཏགས་པའི་ཞེས་བྱ་བ་ལ་སོགས་པའོ། །གདོན་མི་ཟ་བར་འདི་དེ་ལྟར་ཁས་བླང་དགོས་སྟེ། དེ་མ་ཡིན་ན་ཡུལ་ཕན་འདོགས་པ་མ་ཡིན་པར་འགྱུར་ལ། ཕན་མི་འདོགས་པ་དེ་ནི་དབང་པོས་ལྟོས་པར་བྱ་བར་མི་འགྱུར་ཏེ།
เล่ม ๑๘๘ · หน้า 223a
ཡུལ་གཞན་བཞིན་ནོ། །དཔེར་ན་སྒྲས་མ་བྱས་པའི་མིག་སྒྲ་ལ་མི་ལྟོས་པ་བཞིན་ནོ། །དེ་བཞིན་དུ་གཟུགས་ལ་ཡང་མི་ལྟོས་པར་འགྱུར་རོ། །སྐྱེས་བུ་ཉི་མ་ནས་གྲིབ་མར་ཞུགས་པའི་མིག་གི་དབང་པོ་ནི་གཟུགས་ལ་ལྟོས་པ་ཡང་ཡིན་ཏེ། དེ་ལ་གསལ་བའི་རྫས་ཀྱིས་ཉམས་
པའི་དབང་པོ་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་དག་གིས་འདུ་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་དེས་ལེགས་པར་བྱས་པ་དེ་ལ་ཤེས་པ་སྐྱེད་པ་ཡིན་ནོ། །གལ་ཏེ་ཕན་ཚུན་འདོགས་པ་དང་བྲལ་བའི་མིག་ལ་སོགས་པ་ཕན་ཚུན་ཉེ་བར་འདུ་བའི་རྒྱུ་ལས་སྐྱེས་པ་དག་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ན། དེ་ལ་
དབང་པོའི་ཡུལ་གྱིས་ཕན་བཏགས་པ་ཞེས་བྱ་བ་གང་ཡིན། འོན་ཀྱང་ཐག་རིང་པོ་ན་གནས་པའི་གཟུགས་ཀྱིས་དབང་པོ་ལ་ཕན་འདོགས་པ་དེས་ན་རྟག་ཏུ་དབང་པོ་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ་སྙམ་ན། དེ་ནི་མི་རིགས་ཏེ། ཐག་རིང་པོ་ན་གནས་པའི་གཟུགས་ཀྱང་གཟུང་བར་ཐལ་བའི་ཕྱིར་རོ། །འོན་ཏེ་གཟུགས་ཀྱི་
སྐད་ཅིག་གང་གི་རུང་བའི་ཡུལ་ན་གནས་པའི་གཟུགས་སྐྱེད་པ་དེ་ཉིད་ཀྱིས་དབང་པོ་ལ་ཕན་པར་བྱེད་པ་ཡིན་ནོ་སྙམ་ན། དེ་ལྟ་ན་ནི་འོ་ན་གཏན་ཚིགས་ཐིགས་པར་ཕན་ཚུན་ལྟོས་པ་མེད་པ་དག་ཀྱང་ཤེས་པ་བསྐྱེད་པར་ནུས་པར་བཤད་པ་དེ་འདིར་འགལ་བར་འགྱུར་རོ། །ཕྱོགས་འདི་ནི་རིགས་པ་ཡང་མ་ཡིན་
ཏེ། འདི་ལྟར་ས་ལ་སོགས་པ་དང་ལྷན་ཅིག་པའི་ས་བོན་གྱིས་མྱུ་གུ་སྐྱེ་བ་དང་མཐུན་པའི་ཁྱད་པར་དང་པོ་སྐྱེད་པར་བྱེད་དེ། དེ་ལ་ས་བོན་ནི་ཁྱད་པར་དང་པོ་སྐྱེད་པ་ས་ལ་སོགས་པའི་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པ་ཉིད་ཡིན་མོད་ཀྱི་དེ་དག་གིས་ཕན་འདོགས་པར་བྱེད་པ་ནི་མེད་དོ། །དེ་བཞིན་དུ་མིག་གི་དབང་
པོ་ཡང་ཡུལ་གྱིས་ཕན་མ་བཏགས་པར་ཡང་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ། །ཕན་འདོགས་པ་མེད་པ་དག་ལ་ཅི་ལྟར་ལྟོས་ཤེ་ན། ལྟོས་པ་ནི་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་ཉེ་བར་འདུ་བའི་རྒྱུ་ཁོ་ན་ལས་ས་བོན་གྱི་མྱུ་གུ་སྐྱེ་བ་དང་རྗེས་སུ་མཐུན་པའི་ངོ་བོ་ཉིད་ཀྱིས་ཁྱད་པར་དང་པོ་སྐྱེད་པ་ཡིན་ལ།
གཞན་གྱི་ཚེ་ནི་རྒྱུ་མེད་པས་དེའི་རང་བཞིན་མེད་པ་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་དུ་འདིར་ཡང་ཉེ་བར་ཚོགས་པའི་རྒྱུ་ཁོ་ན་ལས་རང་བཞིན་གྱི་ཁྱད་པར་ཡིན་ཏེ། དེས་ན་འདི་ནི་ལུང་དང་འགལ་བ་དང་རིགས་པ་དང་འགལ་བ་ཡིན་ནོ་ཞེ་ན། བཤད་པ། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། འབྲས་བུས་འགའ་ཞིག་སྐྱེད་པ་
เล่ม ๑๘๘ · หน้า 223b
ན་གང་གིས་གང་ལ་རེས་འགའ་ཡང་རང་གི་ངོ་བོའི་ཕན་གདགས་དགོས་པ་དེ་ནི་རེས་འགའ་དེ་ཉིད་ཀྱིས་ཕན་བཏགས་ནས་འབྲས་བུ་དེ་བྱེད་པ་ཡིན་པའམ། ཕན་མ་བཏགས་ན་ནི་ཉེ་བར་ཚོགས་པའི་རྒྱུ་དག་ལས་ཁྱད་པར་དུ་འགྲུབ་པ་དེ་ཉིད་ཀྱིས་བྱེད་པ་ཡིན་ཏེ། དཔེར་ན་སྐད་ཅིག་གཉིས་པ་ལ་སོགས་པ་ལ་ནི་ཞིང་ལ་
སོགས་པས་ཕན་བཏགས་པའི་ས་བོན་མྱུ་གུ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཁྱད་པར་སྐྱེད་པར་བྱེད་པ་ཡིན་ལ། སྐད་ཅིག་མ་དང་པོ་ལ་ནི་ཉེ་བར་ཚོགས་པར་བྱེད་པའི་རྒྱུ་དག་ཁོ་ན་ལས་ཁྱད་པར་ཅན་དུ་གྲུབ་པས་དེ་དག་དང་ལྷན་ཅིག་ཏུ་ཁྱད་པར་དང་པོ་སྐྱེད་པར་བྱེད་པ་བཞིན་ནོ། །གདོན་མི་ཟ་བར་ས་བོན་གྱི་ས་ལ་སོགས་
པས་ཕན་གདགས་པར་བྱ་བའི་རང་གི་ངོ་བོའི་ཁྱད་པར་ནི་རང་གི་རྒྱུ་བརྒྱུད་པ་ལས་འོངས་པར་ཁས་བླང་དགོས་པ་དེ་བཞིན་དུ། དབང་པོའི་ཡུལ་གྱི་ཁྱད་པར་གྱིས་ཕན་གདགས་པར་བྱ་བའི་རང་གི་ངོ་བོའི་ཁྱད་པར་ཡང་རང་གི་རྒྱུ་བརྒྱུད་པ་ལས་འོངས་པར་ཁས་བླང་བར་བྱའོ། །དེ་ཡང་རེས་འགའ་ནི་ཡུལ་གྱིས་སད་
པར་བྱེད་ལ། རེས་འགའ་ནི་ཉེ་བར་ཚོགས་པར་བྱེད་པའི་རྒྱུས་ཡིན་གྱི། རྟག་པའི་དངོས་པོ་ལ་ནི་ངེས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །གདོན་མི་ཟ་བར་དེ་ཁས་བླང་དགོས་ཏེ། དེ་ལྟ་མ་ཡིན་ན་ཕྱོགས་དང་ཕྱོགས་སུ་ཕན་མི་འདོགས་པ་ལ་ལྟོས་པ་མེད་དོ་ཞེས་བརྗོད་པ་དེ་མི་འཐད་པར་འགྱུར་རོ། །ས་བོན་གྱི་ཁྱད་
པར་དང་པོ་སྐྱེད་པ་ལ་ནི་ས་ལ་སོགས་པ་ལ་ལྟོས་པ་ཡིན་གྱི། དེ་དག་གིས་ཕན་གདགས་པ་ནི་འགའ་ཡང་མེད་དོ། །དེའི་ཕྱིར་བསམ་པ་ནི་འདི་ཉིད་ཡིན་ཏེ། རྟག་པའི་དངོས་པོ་ནི་ལྟོས་པར་མི་འཐད་ཀྱི། རྟག་པ་ནི་ཕན་ཚུན་འདུ་བའི་རྒྱུ་ལ་ལྟོས་པས་དེ་ལ་ལྟོས་པའམ། དེ་ལས་རང་གི་ངོ་བོའི་ཁྱད་པར་སྐྱེས་པ་
དེའི་ཕྱིར་དེ་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །གལ་ཏེ་དེས་ཕན་གདགས་པར་བྱ་བའི་ངོ་བོ་ཉིད་ཀྱིས་དབང་པོ་དེ་ལ་ཕན་པ་ཡིན་ནོ། །ཅིའི་ཕྱིར་ཡུལ་གཅིག་བུ་དེ་ཁོ་ནས་ཕན་འདོགས་པར་བྱེད་ཅེ་ན། དེ་ལས་དེ་བརྒལ་ཞིང་བརྟག་པ་དེ་ལ་དངོས་པོའི་རང་བཞིན་ཉིད་ལན་འདེབས་པར་བྱེད་པ་ཡིན་
ནོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་རྒྱུ་རྣམ་པ་སྣ་ཚོགས་པ་ཅན་གྱི་རང་བཞིན་སྣ་ཚོགས་པ་དག་ཁོ་བོ་ཅག་གིས་རྣམ་པར་གཞག་པར་མི་ནུས་ན་ནི། གཞན་གྱིས་བརྒལ་ཞིང་བརྟག་པར་བྱ་བ་ཉིད་ཡིན་གྱི། ཅིའི་ཕྱིར་དངོས་པོ་འདི་རྒྱུ་འདི་ལས་སྐྱེས་པ་ཡིན་ཞེས་དེ་ལྟར་ནི་ཁོ་བོ་ཅག་ལ་དྲི་བར་མི་བྱ་
เล่ม ๑๘๘ · หน้า 224a
སྟེ། གང་ཞིག་རང་གི་རྒྱུ་དག་ལས་དེ་ལྟ་བུར་གྱུར་པའི་ས་ལ་སོགས་པས་ས་བོན་ལ་སོགས་པ་ལ་ཅིའི་ཕྱིར་ཕན་འདོགས་ཤེས་པ་ལ་སོགས་པ་ཉིད་ལ་འདྲི་བར་བྱ་བ་ཡིན་ནོ། །དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བ་ཡིན་ནོ། །དེ་ཐམས་ཅད་ཀྱིས་ནི་དོན་འདི་ལྟར་བསྟན་པ་ཡིན་ཏེ། དེ་
ཁོ་ན་སེམས་པར་བྱེད་པས་ནི་དངོས་པོ་རྣམས་རྒྱུ་དང་བཅས་པ་དང་རྒྱུ་ཐ་དད་པ་དང་ལྡན་པར་རྣམ་པར་གཞག་པར་བྱ་བ་ཡིན་གྱི། རྒྱུ་མཚན་འདིས་ན་འདི་ལས་ནི་མི་སྐྱེའི། གཞན་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་སྐྱེས་བུས་བསམ་པར་བྱ་བ་མ་ཡིན་ཏེ། ཅི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་
བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་བཞིན་ནི། དེའི་ཕྱིར་གང་ཞིག་གང་དང་ལྷན་ཅིག་བྱེད་པར་སོ་སོར་ངེས་པ་དེ་ནི་རེས་འགའ་དེས་ཕན་གདགས་པར་བྱ་བ་ཡིན་ལ། རེས་འགའ་ནི་ཉེ་བར་ཚོགས་པར་བྱེད་པའི་རྒྱུས་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ནའི་དོན་ཡིན་ནོ། །དེ་བཞིན་དུ་གལ་ཏེ་སྒྲ་རྣམས་ཀྱང་རེས་འགའ་དོན་
ལས་སྐྱེ་བ་ཡིན་ན་ནི་དབང་པོ་བཞིན་དུ་དེ་ལ་རུང་བ་ཉིད་སོ་སོ་བར་འགྱུར་བ་ཡིན་ནོ། །དེ་ལས་སྐྱེ་བ་ཉིད་མེད་ན་ནི་དོན་གྱི་ཁྱད་པར་དང་འབྲེལ་པར་མི་འགྱུར་ལ། དེ་ལས་ཀྱང་ཁྱད་པར་རྟོགས་པར་བྱེད་པ་ཉིད་མ་ཡིན་པར་འགྱུར་རོ། །དེ་མེད་ན་སྟེ་དེ་ལས་སྐྱེ་བ་མེད་ན་ནི་འདི་ནི་འདིའོ་ཞེས་བྱ་བའི་སྒྲ་འདི་བརྗོད་པར་བྱ་བའི་འབྲེལ་
པའི་ཡུལ་ཅན་གྱི་ཤེས་པ་མེད་པར་འགྱུར་ལ། ཡུལ་ཅན་མེད་ན་དེའི་ཡུལ་འབྲེལ་པའི་དངོས་པོ་ལ་ཡང་མེད་པར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །དོན་ལས་མ་སྐྱེས་ན་ནི་འདི་ནི་འདིའོ་ཞེས་བྱ་བའི་འབྲེལ་པ་མི་འཐད་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྒྲ་རྣམས་དོན་དང་ལྡན་པར་ཡང་མི་འགྱུར་རོ། །དོན་མེད་པར་འགྱུར་
བ་དེ་ཉིད་སྟོན་པ་ནི། དོན་ལས་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རེ་ཞིག་དོན་ལས་ནི་མཐོང་བ་སྐྱེ་བ་ཡིན་ནོ། །མཐོང་བ་ལས་དེ་སྟོན་པར་འདོད་པ་ཡིན་ནོ། །འདོད་པ་དེས་ནི་དོན་ཤེས་པའི་ཕྱིར་ཡུལ་དེ་ལ་རབ་ཏུ་སྦྱོར་བ་ཡིན་ཏེ། བརྡ་ཉིད་དུ་རབ་ཏུ་སྦྱོར་རོ། །དོན་དེ་དང་དེ་དག་ལ་བརྡར་བྱས་པའི་སྒྲ་ནི་དོན་
དེས་དེ་དང་ལྡན་པར་འགྱུར་བ་ཡིན་ཏེ། དཔེར་ན་དོན་མཐོང་ནས་དོན་བསྟན་པར་འདོད་པ་ན་མིག་འཛུམས་པ་ལ་སོགས་པ་ལུས་ཀྱི་བྱ་བ་བརྡར་བྱ་བར་ནུས་པ་དེས་ན་དེ་དོན་དང་ལྡན་པར་འགྱུར་བ་བཞིན་ནོ། །དེ་ལྟར་དངོས་པོ་རྟག་པ་ནི་འདོད་པས་བརྡར་བྱ་བ་ནུས་པ་མ་ཡིན་ནོ། །དངོས་པོ་གང་ཞིག་འདོད་པས་རང་བཞིན་
เล่ม ๑๘๘ · หน้า 224b
ནམ། གནས་སྐབས་གཞན་དུ་བསྒྲུབ་པར་ནུས་པ་དེ་ནི་བརྡར་བྱ་ནུས་པ་ཡིན་ནོ། །བརྡ་ཞེས་བྱ་བ་ནི་རང་གི་བསམ་པ་སྟོན་པའི་མཚན་མ་ངེས་པར་སྦྱོར་བ་ཡིན་ཏེ། །དེས་ན་སྣང་བའི་དངོས་པོ་གང་ཞིག་སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་པའི་རང་བཞིན་དེ་ནི་རང་གི་བསམ་པའི་དུས་སུ་དེའི་དབང་གིས་
བསྐྱེད་པའམ་བཀོད་པའི་ཕྱིར་དེ་མཚོན་པར་བྱེད་པར་འགྱུར་ཏེ། རྩའི་ཐོ་ལ་སོགས་པ་བཞིན་ནོ། །རྟག་པའམ་མི་རྟག་པ་ཡིན་ཡང་རུང་སྟེ། དངོས་པོ་གང་ཞིག་སྐྱེས་བུའི་བསམ་པའི་དབང་གིས་འཇུག་པའམ་ལྡོག་པ་མ་ཡིན་པ་དེ་ནི་གང་ལས་དེ་མངོན་པར་འདོད་པའི་དོན་གྱིས་དོན་དང་ལྡན་པར་
འགྱུར་བ། བརྡའི་དུས་དང་ཐ་སྙད་ཀྱི་དུས་དང་བར་བར་གྱི་གནས་སྐབས་སུ་དུས་རྟག་ཏུ་རང་བཞིན་གཅིག་ཉིད་ཀྱིས་གནས་པའི་ཕྱིར་རྣམ་པ་གང་གིས་བསམ་པ་གོ་བར་བྱེད་པར་འགྱུར། དེས་ན་རྟག་གམ་མི་རྟག་ཀྱང་བླ་སྟེ། དངོས་པོ་གང་ཞིག་བསམ་པའི་རྗེས་སུ་མི་བྱེད་པ་དེ་ནི་བརྡར་བྱ་བར་མི་ནུས་སོ། །
འབྲེལ་པ་དངོས་པོ་ལ་ཡོད་ཀྱང་བརྡ་ནི་འབྲེལ་པ་གསལ་བར་བྱེད་པར་འདོད་པ་ཡིན་ནོ། །དེས་ན་འདི་ནི་དོན་འདི་བསྟན་པ་ཡིན་ཏེ། རྟག་པ་ནི་དངོས་པོའི་འབྲེལ་པ་གསལ་བར་བྱེད་པའི་བརྡ་མ་ཡིན་ཞིང་། བརྡ་ཙམ་དུ་བྱས་པ་ཡང་ཡིན་ཏེ། དེ་ནི་བརྡར་བྱ་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་བཤད་པ།
དོན་དེ་ལས་བྱུང་བ་སྐྱེ་བ་ཡོད་པ་མ་ཡིན་པ་གང་དག་ཡིན་པ་དེ་དག་གིས་ནི་དོན་དེ་རྟོགས་པར་བྱེད་པ་མ་ཡིན་ནོ། །གང་ཞིག་དོན་གང་ལས་མ་བྱུང་བ་དེ་བརྡ་ལ་ལྟོས་ནས་དེ་རྟོགས་པར་བྱེད་པའི་རྒྱུ་མ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་དེ་དག་ལས་བྱུང་བ་མ་ཡིན་པའི་ནམ་མཁའ་དེ་རྟོགས་པ་མ་ཡིན་
པ་བཞིན་ནོ། །དེས་ན་དེ་དག་ལས་བྱུང་བ་མ་ཡིན་པའི་སྒྲ་རྣམས་ནི་དོན་གྱི་ཁྱད་པར་དེས་དོན་དང་ལྡན་པར་མི་འགྱུར་རོ། །འདི་སྙམ་དུ་ངེས་པ་གང་གི་ཕྱིར་སྒྲའི་ངེས་པར་བྱེད་པ་དེ་ལས་སྐྱེ་བར་འགྱུར་བའི་སྒྲའི་རང་བཞིན་ནི་དོན་ལ་ངེས་པ་མ་ཡིན་ནོ། །རང་གི་ངོ་བོ་ངེས་པ་ཉིད་ཡིན་ན་ནི་སྐྱེ་བ་ལས་གཞན་
ངེས་པར་བྱེད་པ་མེད་པ་ཡིན་ནོ། །གལ་ཏེ་གང་ལ་ངེས་པར་རྟོགས་པར་འགྱུར་བ་རང་གི་ངོ་བོ་ངེས་པ་མ་ཡིན་ན། འོ་ན་སྒྲའི་ངེས་པ་ཅི་ཡིན་ཞེ་ན། སྨྲས་པ། ཤེས་པར་བྱེད་པའི་ནུས་པ་ངེས་པ་ཡིན་ནོ། །སྒྲའི་རང་གི་ངོ་བོ་ངེས་པ་མ་ཡིན་ཡང་བྱེད་པའི་མཚན་ཉིད་དོན་ཤེས་པར་བྱེད་པའི་ནུས་
เล่ม ๑๘๘ · หน้า 225a
པ་ངེས་པ་ཡིན་ནོ། །འདི་སྐད་དུ་རང་གི་ངོ་བོ་དོན་ཐམས་ཅད་ལ་ཁྱད་པར་མེད་པ་ཡིན་ཡང་སྒྲ་རྣམས་ཀྱི་ངེས་པ་ནི་རྟོགས་པར་རུང་བ་ཡིན་ལ། དེ་ཡང་འབྲས་བུ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་དེ་ཉིད་སྨྲས་པ་ནི་འདི་ནི་འདི་
ཁོ་ནའི་རྟོགས་པར་བྱེད་པ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའོ། །གཞན་དག་དེ་ལྟར་དོགས་པ་བསལ་བའི་ཕྱིར་བཤད་པ། ཡོད་པ་དང་མེད་པ་དག་གིས་ཏེ། དངོས་པོ་ཡོད་ན་དེའི་ནུས་པ་ཡོད་པ་དང་། མེད་ན་མེད་པ་འདིས་དངོས་པོ་དེར་འབྲེལ་པ་དེ་ཡང་ངོ་། །གལ་ཏེ་སྒྲ་རྟག་པ་ཉིད་ཡིན་ན་དེའི་
རྟོགས་པར་བྱེད་པའི་ནུས་པ་ཡང་རྟག་པ་མ་ཡིན་ནམ། དེ་ལྟར་ཡོད་པ་དང་མེད་པའི་རྗེས་སུ་བྱེད་ཅེ་ན། བདེན་མོད་ཀྱི་འོན་ཀྱང་ནུས་པ་དེ་དོན་ཤེས་པར་བྱེད་པ་ན། གལ་ཏེ་དོན་དེས་ཕན་གདགས་པར་བྱ་བ་མ་ཡིན་ན། དེས་དོན་ཤེས་པ་ངེས་པ་ཉིད་དུ་བྱེད་པར་མི་འགྱུར་རོ། །དེས་ན་དོན་དེ་ལ་ལྟོས་པས་དེའི་
རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ནུས་པ་ནི་དེའི་འབྲས་བུ་ཡིན་ནོ། །དངོས་པོ་གཞན་དག་ལ་ཡང་འབྲས་བུ་གང་ཡིན་པ་དེའི་མཚན་ཉིད་ནི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །གཞན་དུ་ཡང་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཙམ་འབྲས་བུ་ཡིན་ལ། དེ་ནི་འདིར་ཡང་མ་
ཚང་བ་མེད་པ་ཡིན་ཏེ། དེས་ནི་འབྲས་བུ་ཉིད་ལས་མ་འདས་སོ། །གལ་ཏེ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་མཚན་ཉིད་ཀྱི་འབྲས་བུ་དེ་ལས་འདས་ན་ནི་ངེས་པ་ཉིད་མེད་པར་འགྱུར་རོ། །གཞན་ཡང་གལ་ཏེ་ནུས་པ་ངེས་ན་རང་གི་ངོ་བོ་ཉིད་ངེས་པ་ཡིན་ཏེ། ནུས་པ་ནི་རང་བཞིན་ལས་དོན་གཞན་མ་ཡིན་པའི་ཕྱིར་
རོ། །དོན་གཞན་ཉིད་ཡིན་པར་ཁས་ལེན་ན་ནི་ནུས་པ་དེ་ཉིད་ལས་དོན་རྣམས་ལ་ཤེས་པ་སྐྱེ་བའི་ཕྱིར་ནུས་པ་དེ་ཉིད་རྗོད་བྱེད་ཡིན་པར་འགྱུར་གྱི་སྒྲ་མ་ཡིན་ནོ། །འདི་སྙམ་དུ་སྒྲ་དང་འབྲེལ་པའི་ནུས་པ་རྗོད་པར་བྱེད་པ་ཡིན་པའི་ཕྱིར་སྒྲ་རྗོད་པར་བྱེད་པར་འགྱུར་རོ་སྙམ་ན། དེའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐ་དད་པའི་
ཕྱོགས་ལ་ནུས་པ་འདི་ནི་སྒྲ་དེའི་ཡིན་ནོ་ཞེས་བྱ་བའི་འབྲེལ་པ་མི་འགྲུབ་སྟེ། སྒྲ་རྟག་པ་ཉིད་ཀྱིས་ནུས་པའི་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་དང་། ནུས་པས་ཀྱང་ཕན་གདགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ནུས་པ་རང་གི་ངོ་བོ་ལས་གཞན་མ་ཡིན་པ་དེའི་ཕྱིར་བརྗོད་པར་བྱ་བའམ་གསལ་བར་བྱ་བའམ་གཟུང་བར་
เล่ม ๑๘๘ · หน้า 225b
བྱ་བའི་ཡུལ་འགའ་ཞིག་ཏུ་ངེས་པའི་རང་བཞིན་བདག་ཉིད་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་རྒྱུ་ངོ་བོ་ཉིད་རང་བཞིན་ལས་བྱུང་བ་ཡིན་པས་སོ། །ངེས་པར་བྱེད་པ་ཞེས་བྱ་བ་ནི་ངེས་པའི་ཡུལ་ཏེ། གང་ཞིག་ཡུལ་གང་ལ་ངེས་པར་འདོད་པའི་ཡུལ་དེས་ངེས་པའི་དོན་དེ་ལ་ཕན་གདགས་པར་བྱ་བ་ཉིད་དེ། དེ་ལྟ་མ་
ཡིན་ན་ཅི་ལྟར་དེ་ལ་ངེས་པར་འགྱུར་གྱི་གཞན་ལ་ནི་མ་ཡིན། གལ་ཏེ་མེའི་བུད་ཤིང་སྲེག་པའི་ནུས་པ་དང་སྒྲོན་མེ་གསལ་བར་བྱེད་པའི་ནུས་པ་ཡུལ་ངེས་པ་ཡིན་ཡང་གསལ་བར་བྱ་བའི་དོན་ནམ། བསྲེག་པར་བྱ་བས་སྒྲོན་མ་དང་མེ་བསྐྱེད་པ་མ་ཡིན་པ་དེ་བཞིན་དུ་རང་གི་ཚོགས་པ་ལས་དོན་འགའ་ཞིག་འགའ་ཞིག་
ལ་ངེས་པར་སྐྱེ་བ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། འདི་ལྟར་དོན་འགའ་ཞིག་རང་གི་རྒྱུ་དེ་ལས་འབྲས་བུ་འགའ་ཞིག་བྱེད་ནུས་པར་སྐྱེས་པ་ཡིན་གྱི་འབྲས་བུ་དེས་བསྐྱེད་པར་བྱ་བ་ནི་མ་ཡིན་ཏེ། རྒྱུ་རྣམས་ཁྱད་པར་ཅན་གྱི་འབྲས་བུ་བྱེད་པའི་དངོས་པོ་སྐྱེད་པ་ལ་འགལ་བ་མེད་པ་ཡིན་ནོ། །དེས་ན་རྒྱུའི་འབྲས་བུ་བྱེད་པའི་ནུས་
པ་ནི་ངེས་པའི་ཡུལ་ཅན་ཡིན་ལ། ཡུལ་གྱིས་བསྐྱེད་པ་ནི་མ་ཡིན་ནོ། །སྒྲོན་མས་ནི་ནུས་པ་ལ་སོགས་པ་རང་གི་ཤེས་པ་སྐྱེད་པར་རུང་བར་བྱས་ལ། མེས་ཀྱང་སོ་སོར་ངེས་པའི་ཤིང་སོལ་བར་བྱེད་པ་ཡིན་གྱི། དབང་པོ་དང་སྒྲ་དང་ཤེས་པས་ནི་རང་གི་ཡུལ་བསྐྱེད་པ་མ་ཡིན་ནོ། །དབང་པོ་ནི་དེ་གང་ལ་ཤེས་པ་བསྐྱེད་པར་
ངེས་པའི་རང་བཞིན་དུ་འདོད་ཅིང་། སྒྲ་རྣམས་ནི་ཤེས་པ་བསྐྱེད་པ་ལ་ཤེས་པ་ནི་འཛིན་པ་ལ་སོ་སོར་ངེས་པའི་རང་བཞིན་ཡིན་ཏེ། དེས་ན་དབང་པོ་ལ་སོགས་པ་ལ་ནི་དེས་ཕན་པ་བྱ་དགོས་པ་ཁོ་ནའོ། །གལ་ཏེ་འབྲས་བུ་ཞེས་བྱ་བའི་ཡུལ་རྒྱུ་ངེས་པའི་སྐྱེད་བྱེད་མ་ཡིན་ཏེ། དེ་ནི་རྒྱུ་འདི་ཉིད་ཀྱི་ནུས་པ་ངེས་པ་ལས་སྐྱེས་པ་
འདི་བཞིན་དུ། དབང་པོ་གསལ་བར་བྱ་བ་ཡུལ་དང་ཤེས་པའི་གཟུང་བ་ཡང་དབང་པོ་དང་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ། རང་གི་རྒྱུའི་ནུས་པ་ངེས་པ་ཁོ་ན་ལས་སྐྱེས་པའི་ཕྱིར་རོ་ཞེ་ན། འདི་ལ་ཉི་མ་ནས་གྲིབ་ཁང་དུ་ཞུགས་པའི་དབང་པོ་ནི་རང་གི་རྒྱུ་ཉིད་ལས་དེ་ལྟར་སྐྱེས་པ་ཡིན་གྱི་དེ་ལ་མི་ལྟོས་པར་ནི་རིགས་སོ་
ཞེས་བཤད་ཟིན་ཏོ། །དེའི་ཕྱིར་རེས་འགའ་དེ་ལས་སམ། དེ་ཉེ་བར་ཚོགས་པར་བྱེད་པའི་རྒྱུ་ལས་ཀྱང་རུང་སྟེ། དབང་པོ་ཁྱད་པར་ཅན་དུ་གྱུར་པ་ན་དེ་ངེས་པར་འགྱུར་བ་ཡིན་ནོ། །དབང་པོ་བཞིན་དུ་དོན་གྱི་རྗེས་སུ་འགྲོ་ལྡོག་གྱི་རྗེས་སུ་བྱེད་པའི་ཤེས་པ་ལ་གལ་ཏེ་དོན་ཕན་འདོགས་པར་བྱེད་པ་མ་ཡིན་ན་ནི་གཞན་དག་
เล่ม ๑๘๘ · หน้า 226a
ཀྱང་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་ལས་གཞན་ལྟོས་པར་བྱ་བའི་ངེས་པའི་རྒྱུ་མཚན་ནི་སྐྱེད་པར་བྱེད་པ་ཉིད་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་གསལ་བར་བྱེད་པ་ཉིད་དམ། འཛིན་པར་བྱེད་པ་ཉིད་དམ། རྣམ་པ་ཐམས་ཅད་དུ་སྒྲའམ་ཤེས་པར་གྱུར་པའི་ངེས་
པ་ཉིད་ཐམས་ཅད་ནི་ངེས་པའི་ཡུལ་སྐྱེད་པར་བྱེད་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་པ་ཡིན་པའི་ཕྱིར་ནུས་པ་ངེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ངེས་པ་ལས་གཞན་མ་ཡིན་ལ། རྒྱུས་མ་བྱས་པ་ཡང་མ་ཡིན་ནོ། །གལ་ཏེ་སྒྲའི་དོན་རྟོགས་པ་འབྲེལ་པ་ངེས་པ་སྔོན་དུ་འགྲོ་བ་ཅན་ཡིན་ན་ནི་དེའི་ཚེ་དོན་དང་འབྲེལ་པ་མེད་
པའི་ཕྱིར་དང་། བརྡ་མེད་པའི་ཕྱིར་མ་བྱས་པའི་སྒྲ་རྗོད་པར་བྱེད་པ་མ་ཡིན་པར་འགྱུར་བ་ཡིན་ན། དེ་ལྟར་ན་ནི་མ་ཡིན་ནོ་ཞེས་སྨྲས་པ་ནི། གལ་ཏེ་མེད་ན་མི་འབྱུང་བ་ཉིད་ཀྱིས་སྒྲ་ལས་དོན་རྟོགས་པ་ནི་མ་ཡིན་གྱི། འོན་ཀྱང་སྒྲོན་མས་གཟུགས་བཞིན་དུ་རུང་བ་ཉིད་ཀྱིས་སྒྲ་ལས་དོན་རྟོགས་པ་ཡིན་ནོ། །དེས་ན་འབྲེལ་
པ་མེད་པའི་ཕྱིར་མ་བྱས་པའི་སྒྲ་ནི་དོན་གོ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་སྐྱོན་འདི་མེད་དོ་ཞེ་ན། མ་ཡིན་ཏེ་ཞེས་སྨོས་ཏེ། གཟུགས་ལ་སྒྲོན་མ་བཞིན་དུ་རང་གི་ངོ་བོས་དོན་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གང་ཞིག་རུང་བ་ཉིད་ཀྱིས་དོན་རྟོགས་པར་རུང་བ་དེ་ནི་ཉེ་བར་བསྟན་པ་མེད་པར་དོན་གོ་བར་བྱེད་པ་མ་
ཡིན་ཏེ། དཔེར་ན་སྒྲོན་མ་བཞིན་ནོ། །སྒྲ་ནི་དེ་ལྟར་ཉེ་བར་བསྟན་པ་མེད་པར་དོན་གོ་བར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་སྒྲ་དང་རྟགས་དག་ནི་རྟོགས་པར་བྱ་བའི་དོན་དེ་ཡོད་པ་དང་མེད་པ་ལ་གོ་རིམས་བཞིན་དུ་མཐོང་བ་དང་མ་མཐོང་བ་དེ་དག་དྲན་པ་ལ་ལྟོས་པ་ཡིན་ནོ། །འདིས་ནི་རྟགས་དཔེར་བརྗོད་པ་ཡིན་ཏེ་དཔེར་
ན་རྟགས་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ། མཐོང་བ་དང་མི་མཐོང་བ་དེ་དག་ལ་ལྟོས་ནས་དོན་གྱིས་གོ་བར་བྱེད་པ་ཡིན་པ་དེ་བཞིན་དུ། སྒྲ་ཡང་བརྗོད་པར་བྱ་བ་དང་བརྗོད་པར་བྱ་བ་མ་ཡིན་པ་དག་ལ་མཐོང་བ་དང་མ་མཐོང་བ་དེ་དྲན་པ་ལ་ལྟོས་ནས་རྗོད་པར་བྱེད་པ་ཡིན་ནོ། །མཐོང་བ་ལ་ལྟོས་
པའི་གཏན་ཚིགས་སུ་མ་མཐོང་བ་དང་ཞེས་སྨོས་ཏེ། གང་ཞིག་བརྗོད་པར་བྱ་བའི་དོན་ལ་མ་མཐོང་བའི་སྒྲ་དེ་ལས་ནི་དོན་མི་རྟོགས་པའི་ཕྱིར་ན་སྒྲ་ནི་མཐོང་བ་ལ་ལྟོས་པ་ཡིན་ནོ། །ཡང་མཐོང་བ་བརྗེད་པ་དྲན་པ་མེད་པ་དེ་ལ་ཡང་སྒྲས་རྟོགས་པ་བྱེད་པ་མ་ཡིན་ཏེ། གཏན་ཚིགས་དེའི་ཕྱིར་ན་མཐོང་བ་དྲན་པ་ལ་
เล่ม ๑๘๘ · หน้า 226b
ལྟོས་པ་ཡིན་ནོ། །མ་མཐོང་བ་དྲན་པ་ལ་ལྟོས་པའི་གཏན་ཚིགས་སྨྲས་པ། མ་མཐོང་བ་ཐེ་ཚོམ་ཟ་བར་གྱུར་ན་ཐེ་ཚོམ་དུ་འགྱུར་བའི་གཏན་ཚིགས་ཀྱི་ཕྱིར་མཐོང་བ་མེད་པ་དྲན་པ་ལ་ལྟོས་པ་ཡིན་ནོ། །བརྗོད་པར་བྱ་བ་ལས་གཞན་པ་གང་ལ་མཐོང་བར་ཐེ་ཚོམ་ཟ་བ་དེ་ལ་ནི་ཅི་སྒྲ་འདིས་བརྗོད་པར་བྱ་བ་མ་ཡིན་པར་ཡང་ཐེ་
ཚོམ་ཟ་བར་འགྱུར་བའི་ཕྱིར་ན་མ་མཐོང་བ་ལ་ཡང་ལྟོས་པ་ཡིན་ནོ། །གང་གི་ཕྱིར་མ་མཐོང་བ་ལ་ཐེ་ཚོམ་ཟ་ན་ཐེ་ཚོམ་ཟ་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི་མ་མཐོང་བ་ཉིད་མེད་ན་ཡང་ཐེ་ཚོམ་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། མང་པོ་མཐོང་བ་ལ་ནི་ཐེ་ཚོམ་དུ་འགྱུར་བའི་ཕྱིར་རོ་ཞེས་སྨོས་ཏེ། གང་གི་ཚེ་དོན་མང་པོ་
དག་ལ་སྒྲ་གཅིག་མཐོང་བ་དེའི་ཚེ། སྨྲ་བ་པོའི་མངོན་པར་འདོད་པའི་བརྗོད་བྱ་གཅིག་ལས་གཞན་པའི་དངོས་པོ་ལ་མཐོང་བས་མཐོང་བ་མེད་པ་གང་ཡིན་པ་དེ་བཟློག་པ་ཡིན་ལ། དེ་མེད་པའི་ཕྱིར་ན་ཡང་རྟོགས་པ་པོ་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ། །འདི་སྙམ་དུ་རྣམ་པ་དེ་ལྟ་བུ་དངོས་པོ་དུ་མ་ལས་མཐོང་བ་དང་ལྷན་
ཅིག་པའི་སྒྲ་ཉིད་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་སྙམ་ན། གཅིག་ལ་ཞེས་སྨོས་ཏེ། དངོས་པོ་གཅིག་ལ་མཐོང་བའི་ལྟ་བ་པོ་ལ་ཐེ་ཚོམ་མེད་པའི་ཕྱིར་རོ། །དོན་འདི་ཡིན་ཏེ་སྒྲ་གཅིག་བརྗོད་པ་ལས་གང་གིས་དེ་དོན་དུ་མ་ལ་མཐོང་བ་དེ་ནི་ཐེ་ཚོམ་དུ་འགྱུར་ལ། གང་གིས་སྒྲ་དེ་དོན་གཅིག་ལ་མཐོང་བ་དེ་ནི་ཐེ་ཚོམ་དུ་མི་འགྱུར་
བ་ཡིན་ཏེ་དེས་ན་དོན་མང་པོ་དག་ལ་མཐོང་བ་དང་ལྷན་ཅིག་པའི་སྒྲ་ནི་ཐེ་ཚོམ་གྱི་རྒྱུ་མ་ཡིན་ནོ། །འདི་སྙམ་དུ་ཐེ་ཚོམ་དུ་གྱུར་པ་གང་ཡིན་པ་དེ་ནི་རྟོགས་པ་པོའི་ཉེས་པ་ཡིན་ནོ་སྙམ་དུ་དོགས་ན། ཡང་མཐོང་ན་རྟོགས་པར་བྱེད་པ་གཅིག་ཉིད་ཐེ་ཚོམ་དུ་འགྱུར་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། རྟོགས་པར་བྱེད་པ་
གང་གིས་དོན་དུ་མ་ལ་མ་མཐོང་བའི་ཕྱིར་སྒྲ་དེས་དོན་ངེས་པའི་རྟོགས་པ་པོ་དེ་ཉིད་ཕྱི་ནས་དངོས་པོ་དུ་མ་ལ་མཐོང་བའི་ཕྱིར་སྒྲ་དེ་ཉིད་ལས་ཐེ་ཚོམ་དུ་འགྱུར་བ་ཡིན་ཏེ། དེའི་ཕྱིར་རྟོགས་པར་བྱེད་པའི་ཉེས་པ་མ་ཡིན་ལ། སྒྲའི་རང་བཞིན་ཡང་མ་ཡིན་གྱི་འོན་ཀྱང་མཐོང་བ་མེད་པའམ་ཐེ་ཚོམ་ཟ་བ་ལས་ཡིན་ནོ། །ད་ནི་
བསྒྲུབ་པའི་སྒོ་ནས་མཐོང་བའི་བྱ་བ་བསྟན་པའི་ཕྱིར་བཤད་པ། མཐོང་བ་ཇི་ལྟ་བ་བཞིན་མཐོང་བ་ལས་མ་འདས་པར་རྟོགས་པའི་ཕྱིར་རོ། །འདི་ག་ལས་ཤེ་ན། བཤད་པ་རྗོད་པར་བྱེད་པའི་སྒྲ་དེ་གང་ཞིག་སྨྲ་བ་པོས་བརྗོད་པར་འདོད་པའི་ཁྱད་པར་དེ་ལས་ཁྱད་པར་གཞན་ལ་མཐོང་ཞིང་རྟོགས་པར་གྱུར་ན་རྣམ་པ་གཞན་
เล่ม ๑๘๘ · หน้า 227a
དུ་བྱེད་པར་གཞན་ལ་སྒྲ་སྦྱར་བ་ཡང་ལོག་པར་དོན་གཞན་རྟོགས་པར་འགྱུར་བར་མཐོང་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། རྟོགས་པ་པོས་ཁྱད་པར་གང་ལ་མཐོང་བའི་ཁྱད་པར་དེ་ཉིད་སྒྲ་དེ་ལས་རྟོགས་པ་ཡིན་གྱི། སྨྲ་བ་པོ་མངོན་པར་འདོད་པའི་ཁྱད་པར་ནི་མ་ཡིན་ཏེ། གཏན་ཚིགས་
དེའི་ཕྱིར་ན་མཐོང་བ་ཇི་ལྟ་བ་བཞིན་རྟོགས་པ་ཡིན་ནོ། །མཐོང་བ་གཞན་དུ་གྱུར་ན་དེ་བརྡ་གཞན་དུ་གྱུར་ན་དོན་གཞན་ཡོངས་སུ་འཛིན་པ་ཡིན་ཏེ། དེའི་ཕྱིར་ན་མཐོང་བ་ཇི་ལྟ་བ་བཞིན་རྟོགས་པ་ཡིན་ལ། དེ་ལས་ཀྱང་སྒྲ་མཐོང་བ་ལ་ལྟོས་པ་དང་བཅས་པ་ཡིན་ནོ། །མཐོང་བ་ཇི་ལྟ་བ་བཞིན་རྟོགས་པའི་གཏན་ཚིགས་
མཐོང་བའི་དབང་གིས་དོན་གཞན་འཛིན་པ་དང་། ཁྱད་པར་གཞན་རྟོགས་པར་འགྱུར་བ་གང་ཡིན་པ་དེ་དག་གི་དཔེ་བསྟན་པའི་ཕྱིར་ཀ་ལི་ཞེས་སྨོས་ཏེ། དབུས་པས་དུས་ཀྱི་ཁྱད་པར་རྗོད་པར་བྱེད་པར་སྦྱར་བའི་ཀ་ལིའི་སྒྲ་ལས་འགྲོ་ལྡིང་བས་སྨྱོ་བར་རྟོགས་ལ། དབུས་པས་དང་འགྲོ་ལྡིང་བ་དག་ཡུལ་གཞན་དུ་ཕྱིན་
ན། འགྲོ་ལྡིང་བས་ཀྱང་མཐོང་བ་ཇི་ལྟ་བ་བཞིན་དུ་དུས་ཀྱི་ཁྱད་པར་རྟོགས་ཤིང་། དབུས་པས་ཀྱང་མཐོང་བ་ཇི་ལྟ་བ་བཞིན་དུ་སྨྱོ་བ་རྟོགས་པར་འགྱུར་རོ། །དེ་བཞིན་དུ་གསོད་པར་བརྗོད་པར་སྦྱོར་བའི་སྒྲ་ལས་ཀྱང་འགྲོ་ལྡིང་བས་ཆར་འབབ་པ་རྟོགས་ལ། བརྡ་གཞན་དུ་བྱས་ན་ནི་འགྲོ་ལྡིང་བས་ཀྱང་གསོད་པར་
རྟོགས་ཤིང་འཕགས་པས་ཀྱང་ཆར་འབབ་པ་རྟོགས་སོ། །དེས་ན་འགྲོ་ལྡིང་བ་དང་ཡུལ་དབུས་པ་དག་གིས་ཞེས་སྨོས་སོ། །དེ་ལྟར་ན་གང་གི་ཕྱིར་རུང་བ་ཉིད་ཀྱིས་རྟོགས་པ་མ་ཡིན་པ་དེའི་ཕྱིར་འདི་དག་མཐོང་བ་དང་མ་མཐོང་བ་ལ་ལྟོས་པ་ཡིན་པ་ན། མཐོང་བ་དང་མ་མཐོང་བ་འདིའི་སྒྲུབ་པར་བྱེད་པ་གོ་བར་བྱེད་པ་
མི་འཁྲུལ་པ་གང་ལ་ཡོད་པའི་མི་འཁྲུལ་པ་དེ་རྟོགས་པ་ལ་བརྟེན་པ་ཡིན་ཏེ། རྟགས་བཞིན་ནོ། །མི་འཁྲུལ་པ་ངེས་པ་དེ་ལས་ཀྱང་སྒྲ་རྗོད་པར་བྱེད་པར་འགྱུར་བ་ཡིན་གྱི། རུང་བ་ཉིད་ཀྱིས་ནི་མ་ཡིན་ནོ། །འབྲེལ་པ་ཡང་དེ་ལས་བྱུང་བའི་རྒྱུ་མཚན་ཅན་བརྡས་གསལ་བར་བྱ་བའི་དངོས་པོའམ་བརྡ་ལས་བྱུང་བ་
ཡིན་ལ། སྐྱེས་པ་དང་བརྡ་ལས་བྱུང་བ་ཡང་མ་བྱས་པར་མི་འཐད་དོ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རེས་འགའ་བའི་དམིགས་པར་རུང་བ་དང་དོན་ངེས་པར་རྟོགས་པའི་ནུས་པ་དང་། འབྲེལ་པ་ལ་ལྟོས་པའི་ཕྱིར་ན། སྒྲ་མི་རྟག་པར་བསྒྲུབ་པ་ན། གཞན་དག་སྒྲ་བྱས་པར་གྱུར་དུ་ཆུག་ཀྱང་། དོན་
เล่ม ๑๘๘ · หน้า 227b
དང་འབྲེལ་པ་ནི། སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོགས་པ་འདི་བཟློག་པའི་ཕྱིར་ཉེ་བར་བསྟན་པ་མེད་ན་མི་རྟོགས་པའི་ཕྱིར་རོ་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། དངོས་པོའི་འབྲེལ་པས་ནི་སྒྲ་འགལ་ཡང་དོན་རྟོགས་པར་བྱེད་པ་མ་ཡིན་ཏེ། སྒྲ་གང་ལ་ཡང་ཉེ་བར་བསྟན་པ་མེད་པ་ནི་དེ་ལས་
དོན་རྟོགས་པ་མེད་པའི་ཕྱིར་རོ། །འདི་སྙམ་དུ་ཉེ་བར་བསྟན་པས་དངོས་པོའི་འབྲེལ་པ་གསལ་བར་བྱེད་པ་ཡིན་ནོ་སྙམ་ན། ཉེ་བར་བསྟན་ན་ནི་ཞེས་སྨོས་སོ། །བཀག་པ་མེད་པའི་ཕྱིར་ཏེ། གེགས་མེད་པའི་ཕྱིར་རོ། །གལ་ཏེ་ཉེ་བར་བསྟན་པ་ཡོད་ཀྱང་དོན་རྟོགས་པ་ལ་གེགས་ཡོད་ན་ནི་དེའི་ཚེ་གང་ལ་ཉེ་བར་
བསྟན་པ་ཡོད་ཀྱང་དོན་རྟོགས་པ་མ་ཡིན་ན་དེ་ཉིད་ལ་དངོས་པོའི་འབྲེལ་པ་མེད་པ་ཡིན་ལ། གཞན་ལ་ཡོད་པ་ཡིན་ནོ་ཞེས་འབྲེལ་པ་དངོས་པོར་གྱུར་པ་གོ་བར་གྱུར་ན། གང་གི་ཕྱིར་ཉེ་བར་བསྟན་པ་ཁོ་ན་ལས་དོན་རྟོགས་པ་གེགས་མེད་པ་དེའི་ཕྱིར་སྐྱེས་བུའི་འདོད་པ་ཡུལ་མ་ངེས་པ་ཅན་གྱི་རང་དབང་ཉིད་ཡིན་པས་རྣམ་
པར་གནས་པ་ངེས་པ་སེལ་བ་ཡིན་ནོ། །འདི་སྐད་དུ་དངོས་པོའི་འབྲེལ་པ་ནི་འགའ་ཡང་ཡོད་པ་མ་ཡིན་གྱི། འོན་ཀྱང་འདོད་པས་དོན་རྗོད་པར་བྱེད་པའི་ཕྱིར་ན་བརྡ་ལས་བྱུང་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དངོས་པོ་འབྲེལ་པ་ཉིད་ཀྱི་རྩོད་པ་འདི་ཚད་མ་རྣམ་འགྲེལ་དུ་བཀག་པའི་ཕྱིར་མི་སྤྲོའོ། །རིག་བྱེད་སྐྱེས་
བུས་མ་བྱས་པ་འདི་ལ་ཡི་གེའམ་ཚིག་རྟག་པ་ཉིད་ནི་ཉེ་བར་མཁོ་བ་མ་ཡིན་ཏེ། དེ་དག་ནི་རིག་བྱེད་དང་འཇིག་རྟེན་པ་ལ་ཁྱད་མེད་པས་ལམ་པོ་ཆེའི་མི་ཚིག་ཀྱང་ཚད་མར་ཐལ་བའི་ཕྱིར་རོ། །འོན་ཀྱང་ངག་དང་ངག་གི་དོན་ཉིད་སྐྱེས་བུས་མ་བྱས་པར་བསྒྲུབ་པར་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་ཚིག་གི་རང་
བཞིན་སྐྱེས་བུས་བྱས་པར་བསྒྲུབ་པ་བསམ་པ་ནི་འདི་ཡིན་ཏེ། ངག་ནི་ཚིག་ལས་ཐ་དད་པ་མ་ཡིན་པས་དེ་སྐྱེས་བུས་བྱས་པ་ཡིན་ན་ངག་ཀྱང་སྐྱེས་བུས་བྱས་པར་འགྱུར་ལ། ངག་གི་ངོ་བོ་སྐྱེས་བུས་བྱས་ནས་དོན་ཀྱང་སྐྱེས་བུས་བྱས་པར་འགྲུབ་པ་ཡིན་ཏེ། དེས་ན་རིག་བྱེད་སྐྱེས་བུས་བྱས་པར་འགྲུབ་པ་
ཡིན་ནོ། །ཅི་སྟེ་སྐྱེས་བུས་བྱས་པའི་ཚིག་རྣམས་འདུས་པའི་བདག་ཉིད་ཀྱི་ངག་སྐྱེས་བུས་མ་བྱས་པ་ཡིན་ནམ། ཡང་ན་ཚིག་ཉིད་རྟག་པ་ཡིན་ན་དེ་ལྟ་ན་ཡང་དོན་སྐྱེས་བུས་མ་བྱས་ན་རིག་བྱེད་ཚད་མར་འགྱུར་གྱི། རང་གི་ངོ་བོ་ནི་མ་ཡིན་ནོ། །ཚིག་རྣམས་རྟག་པ་དང་དེ་བཀོད་པའི་བདག་ཉིད་ཀྱི་ངག་
เล่ม ๑๘๘ · หน้า 228a
སྐྱེས་བུས་མ་བྱས་པ་ནི་རྣམ་འགྲེལ་དུ་བཀག་པ་ཡིན་ཡང་ཁས་བླངས་ནས། རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་དག་གིས་དངོས་པོའི་དོན་དང་འབྲེལ་པ་འགོག་པར་སྟོན་པར་བྱེད་དོ། །རིག་བྱེད་ཀྱི་སྒྲ་ངག་གམ་ཚིག་ཏུ་གྱུར་པ་དག་གི་དོན་ནི་སྐྱེས་བུའི་ཉེ་བར་བསྟན་པ་མེད་པར་གང་གིས་ཀྱང་
ངེས་པར་ནུས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། རེ་ཞིག་སྐྱེས་བུ་བདག་ཉིད་ནི་རིག་བྱེད་ཀྱི་དོན་རིག་པ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །གཞན་ལས་ཀྱང་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཁྱད་པར་མེད་པའི་ཕྱིར་རོ། །རིག་བྱེད་ཀྱང་ཉེ་བར་བསྟན་
པ་མེད་པར་ཐོས་པ་ན་བདག་ཉིད་ཀྱི་དོན་སྟོན་པར་བྱེད་པ་མ་ཡིན་ཏེ། དེས་ན་རིག་བྱེད་ཀྱི་དོན་ནི་ཇི་ལྟར་ཡང་རྟོགས་པ་མ་ཡིན་ནོ། །དེས་ན་ཚིག་གི་དོན་དང་ངག་གི་དོན་ངེས་པ་མེད་པའི་ཕྱིར་མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ་ཞེས་བྱ་བའི་ངག་འདི་ལ་ཇི་ལྟར་རིག་བྱེད་ཚད་མར་བྱེད་པ་དག་གིས་བརྟགས་པ་དེ་ཁོ་ན་ལྟར་ཡིན་གྱི་ཁྱི་
ཤ་ཟོ་ཤིག་ཅེས་བྱ་བ་འདི་ནི་དོན་མ་ཡིན་ནོ་ཞེས་བྱ་བ་འདིར་ཚད་མ་ཅི་ཞིག་ཡོད། འདི་སྙམ་དུ་འདི་ནི་འདི་འཇིག་རྟེན་གྱི་ཚིག་སྒྲ་ལས་བྱུང་བའི་ཐ་སྙད་དུ་གྲགས་པ་ཡིན་པས་དེ་ཉིད་རིག་བྱེད་ཀྱི་དོན་ངེས་པའི་རྒྱུ་ཡིན་ནོ། །མེ་ལ་སྦྱིན་སྲེག་བྱ་བའི་སྒྲས་ཁྱི་ཤ་བརྗོད་པའམ། སྦྱིན་པར་བྱའོ་ཞེས་བྱ་བ་འདིའི་དོན་བཟའ་
བར་ནི་གྲགས་པ་མེད་ན། དེ་ཇི་ལྟར་དོན་འདི་ལྟར་རྟོག་ཅེས་དོགས་པ་ལ། བཤད་པ་འཇིག་རྟེན་འདིར་དབང་པོ་ལས་འདས་པའི་དོན་མཐོང་བ་གང་ཞིག་ཡོད་ན་གང་གིས་རིག་བྱེད་ལ་དོན་འདི་རྣམ་པར་ཕྱེ་བ་ཡིན། གང་གི་ཕྱིར་སྐྱེས་བུས་མ་བྱས་པའི་དོན་འདི་དབང་པོ་ལས་འདས་པ་ཡིན་པས་གཟུགས་ལ་
སོགས་པ་དེ་བཞིན་དུ་དབང་པོས་རྟོགས་པར་བྱ་བ་མ་ཡིན་ལ། དབང་པོ་ལས་འདས་པའི་དོན་མཐོང་བ་ཡང་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་སྐྱེས་བུས་མ་བྱས་པའི་དོན་ངེས་པར་ནི་སུས་ཀྱང་བསྟན་པར་མི་ནུས་སོ། །འཇིག་རྟེན་པའི་དོན་ནུས་པ་ཡང་ཉེ་བར་བསྟན་པ་ལ་ལྟོས་པ་དེའི་ཕྱིར་བརྡར་
བྱས་པ་ཡིན་གྱི། སྐྱེས་བུས་མ་བྱས་པ་ནི་མ་ཡིན་ནོ། །དེས་ན་བརྡ་ལས་བྱུང་བས་ཅི་ལྟར་སྐྱེས་བུས་མ་བྱས་པའི་དོན་ངེས་པར་འགྱུར། སྐྱེས་བུས་མ་བྱས་པའི་བཤད་པ་ལས་རིག་བྱེད་ཀྱི་དོན་ངེས་པ་ཡིན་ནོ་ཞེས་གང་བཤད་པ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། བཤད་པ་ཡང་དོན་
เล่ม ๑๘๘ · หน้า 228b
ངེས་པ་མེད་པ་ཅན་ཡིན་པའི་ཕྱིར་རོ། །འོན་ཏེ་ཡང་འཇིག་རྟེན་པའི་སྒྲ་དོན་གྱི་འབྲེལ་པ་བརྡ་ལས་བྱུང་བ་མ་ཡིན་པ་དེ་ལྟ་ན་ཡང་། འཇིག་རྟེན་པའི་སྒྲ་དོན་གྱི་འབྲེལ་པ་སྣ་ཚོགས་པ་ཅན་ཡིན་པས་ན། དེ་ལས་དོན་ངེས་པ་མ་ཡིན་ནོ། །གལ་ཏེ་འཇིག་རྟེན་པའི་སྒྲའི་དོན་གཅིག་ཡིན་ན་ནི་དེ་ལ་རིག་བྱེད་ཀྱི་དོན་
གཅིག་ཏུ་ངེས་པར་འགྱུར་བ་ཡིན་ན། འཇིག་རྟེན་པའི་སྒྲ་ནི་དོན་སྣ་ཚོགས་པ་ཅན་ཡིན་ཏེ། འདི་ལྟར་གོའི་སྒྲ་ལས་དོན་དགུ་རྟོགས་པ་ཡིན་ནོ། །དེ་བཞིན་དུ་བརྡ་ལ་ལྟོས་ནས་སྒྲ་ཐམས་ཅད་ལ་དོན་ཐམས་ཅད་མཐོང་བ་ཡིན་ནོ། །གྲགས་པས་བྱས་པའི་དོན་རྟོགས་པ་ལས་བརྡས་བྱས་པའི་དོན་རྟོགས་པ་ནི་
ཁྱད་པར་ཡོད་པ་མ་ཡིན་ཏེ། དེས་ན་འཇིག་རྟེན་པའི་སྒྲ་ཐམས་ཅད་ལ་དོན་ཐམས་ཅད་ཡོད་པ་ཡིན་ཏེ། གྲགས་པའི་ཕྱིར་དང་བརྡ་བྱས་པའི་ཕྱིར་རོ། །དེས་ན་དེ་དག་ལས་དོན་ངེས་པ་གཏན་ལ་ཕེབས་པར་ག་ལ་འགྱུར། ཡང་ན། མཐོ་རིས་ལྷ་མོ་ལ་སོགས་སྒྲ། །གྲགས་པ་མ་ཡིན་བརྗོད་མཐོང་སྟེ། །དཔྱོད་པ་
པ་དེ་ཉིད་ཀྱིས་མཐོ་རིས་ནི་བདེ་བ་ཁྱད་པར་ཅན་ཡིན་ལ། ལྷ་མོ་ནི་གཙུབ་ཤིང་ཡིན་པར་བརྗོད་པ་ཡིན་ནོ། །འདི་གཅིག་ལ་ཚད་མ་མ་ཡིན་པའི་གྲགས་པ་དེ་ཉིད་ཇི་ལྟར་གཞན་ལ་ཚད་མར་བྱེད། འདི་སྙམ་དུ་མེ་ལ་སྦྱིན་སྲེག་ཅེས་བྱ་བའི་སྒྲ་ཁྱི་ཤ་ལ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་རེ་ཞིག་རིགས་པ་མ་ཡིན་ཏེ། གང་
གི་ཕྱིར་དེའི་དོན་ནི་གཞན་དག་ཏུ་རིག་བྱེད་ཉིད་ཀྱིས་རྣམ་པ་གཞན་དུ་བཤད་པ་ཡིན་ནོ་སྙམ་ན། བཤད་པ་དེ་འདྲའི་རིག་བྱེད་ཀྱི་སྒྲ་གཞན་དག་ལ་ནི་མ་གྲགས་པའི་དོན་རྗོད་པར་རྟོག་པ་དེ་འདྲའི་རྣམ་རྟོག་ཉིད་དུ་འགྱུར། མེ་ལ་སྦྱིན་སྲེག་གི་ངག་ལ་ཅི་འདྲ་བ་དེ་འདྲ་བར་མེ་ལ་སྦྱིན་སྲེག་ལ་སོགས་པའི་ངག་ངེས་པར་བྱེད་
པའི་རྒྱུ་རིག་བྱེད་ཀྱི་ཕྱོགས་དེར་ཡང་འགྱུར་བ་ཡིན་ནོ། །དེའི་དོན་ནི་འཇིག་རྟེན་པ་ཉིད་ལས་བརྟག་པར་བྱ་བ་ཡིན་ན། འཇིག་རྟེན་ཡང་ཚད་མ་མ་ཡིན་ཏེ། དེས་ན་རྒྱལ་དཔོག་པ་བཞིན་དུ་ཁོ་བོ་ཡང་དེར་ཁྱི་ཤ་ཟ་བ་དང་མཐུན་པར་རྟོགས་པར་བྱེད་དོ། །གང་གི་ཕྱིར་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲ་གང་ཞིག་ངེས་
པའི་དོན་དང་ལྡན་པར་མ་གྲུབ་པ་དེ་ལ་ངེས་པའི་དོན་རབ་ཏུ་སྒྲུབ་པར་བྱེད་པ་བསྟན་པར་བྱ་བ་ལ། སྐྱེས་བུའི་ཉེ་བར་བསྟན་པ་མེད་ན་རང་ཞེས་བྱ་བ་མེ་ལ་སྦྱིན་སྲེག་ལ་སོགས་པའི་ངག་གི་དོན་སྟོན་པའི་རང་བཞིན་རིག་བྱེད་ཀྱི་ཕྱོགས་གཅིག་པོ་དོན་མ་གྲུབ་པས་ནུས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ལ་ཡང་
เล่ม ๑๘๘ · หน้า 229a
བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་ཏེ། ཅི་ལྟར་དེ་ལ་ངེས་པར་གཏན་ལ་ཕེབས་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་ཚུལ་དུའོ། །གཞན་ཡང་འཇིག་རྟེན་གྱི་གྲགས་པས་རིག་བྱེད་ཀྱི་སྒྲའི་དོན་ཡོངས་སུ་འཛིན་པ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་གྲགས་པ་ཞེས་བྱ་བས་འཆད་དོ། །མི་
རྣམས་ཀྱི་བརྗོད་པ་ནི་ཚད་མར་མི་འདོད་པ་དང་། དེ་ལས་རིག་བྱེད་ཀྱི་སྒྲའི་དོན་ཡང་རྟོགས་པར་བྱེད་པའི་སྡང་བ་དང་འདོད་པ་འདི་ཅི་ལྟ་བུ་ཞིག་ཡིན། གང་ཁོ་ནའི་ཚེ་འཇིག་རྟེན་པའི་ངག་གང་ལ་སྡང་བར་གྱུར་ཏེ། རིག་བྱེད་ཀྱི་ཚིག་ཚད་མར་འཛིན་པ་དེ་ཉིད་ཀྱི་ཚེ་དེ་ལ་འདོད་པ་ཡིན་ཏེ། དེའི་དབང་གིས་རིག་བྱེད་ཀྱི་དོན་ཡོངས་སུ་
འཛིན་པའི་ཕྱིར་རོ། །ཅི་སྟེ་གྲགས་པ་ལས་རྒལ་བ་སྟེ། ཡོངས་སུ་སྤངས་ནས་མ་གྲགས་པའི་དོན་ཁྱི་ཤ་ཟ་བ་རྟོགས་པ་ལ་རྒྱུ་ཅི་ཞིག་ཁྱེད་ལ་ཡོད་ཅེ་ན། །སློབ་དཔོན་གྱིས་རབ་གྲགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲགས་པ་ནི་ཚད་མ་མ་ཡིན་ན་ཚད་མ་མ་ཡིན་པ་དེ་ཉིད་ལས་རིག་བྱེད་ཀྱི་དོན་རྣམ་པར་འཇོག་པར་
ཇི་ལྟར་འགྱུར། དེ་རྣམ་པར་འཇོག་ན་ཡང་ཇི་ལྟར་ཚད་མ་དང་མི་ལྡན་པའི་དོན་ཁྱེད་ཀྱིས་བརྟགས་པ་དེ་ལྟར་ཁོ་བོ་ཡང་ཁྱི་ཤ་ཟོ་ཤིག་ཅེས་བྱ་བར་རྟོགས་པའི་ཕྱིར་འོ་སྐོལ་གཉིས་མཚུངས་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་འཇིག་རྟེན་གྱི་གྲགས་པ་གང་གིས་ཁོ་བོ་ཅག་རིག་བྱེད་ཀྱི་སྒྲའི་དོན་ལ་
ཐེ་ཚོམ་ཟ་བ་དེ་ཁོ་ནས་ཁྱོད་དོན་རྣམ་པར་གནས་པར་བྱེད་པར་ཅི་འདོད་འདི་ལྟར་གྲགས་པ་ཉིད་ཀྱིས་སྒྲའི་དོན་གཅིག་ཏུ་ངེས་པར་བྱ་བའི་སྐབས་སུ་འདིར་དོན་ཅི་ཞིག་ཡིན་ཞེས་བྱ་བ་དེ་འདྲ་བའི་དོགས་པ་ཐེ་ཚོམ་སྐྱེད་པར་བྱེད་དེ། གང་ཞིག་གང་ལ་ཐེ་ཚོམ་ཟ་བའི་རྒྱུ་དེ་ཉིད་དེ་ལ་ངེས་པའི་རྒྱུར་ནི་མི་རིགས་སོ། །ཅི་ལྟར་གྲགས་
པ་ཐེ་ཚོམ་གྱི་རྒྱུ་ཡིན་ཞེ་ན། གང་གི་ཕྱིར་འཇིག་རྟེན་གྱི་ཐ་སྙད་གྲགས་པ་དེ་ལ་སྣ་ཚོགས་ཀྱི་དོན་དག་ལ། སྒྲ་འཇུག་པར་མཐོང་བའི་ཕྱིར་རོ། །དོན་སྣ་ཚོགས་པ་ཅན་རྣམ་པ་གཉིས་གྲགས་པ་ལས་གྱུར་པ་དང་བརྡ་ལས་གྱུར་པ་ནི་སྔར་གཏན་ལ་ཕབ་ཟིན་ཏོ། །གལ་ཏེ་ཡང་འཇིག་རྟེན་གྱི་སྒྲ་ནི་དོན་སྣ་ཚོགས་པ་ཅན་
ཡིན་ཞིང་། འཇིག་རྟེན་པའི་སྒྲའི་དོན་ཉིད་གཟུང་བར་མ་བྱས་པ་ཡིན་པ་དེ་ལྟར་ཡང་འཇིག་རྟེན་པ་གང་ལ་བརྗོད་བྱ་རིགས་པ་ཚད་མས་གནོད་པ་མེད་པ་དེ་གཟུང་བར་བྱ་བ་ཡིན་ལ། གང་ཞིག་ཚད་མས་གནོད་པ་དེ་ནི་སྤངས་པ་ཡིན་ནོ། །མེའི་སྦྱིན་སྲེག་ལ་སོགས་པའི་ངག་གི་བརྗོད་བྱ་མར་ལ་སོགས་པའི་བསྲེག་རྫས་མེར་
เล่ม ๑๘๘ · หน้า 229b
འཇུག་པ་ལ་ནི་ཚད་མས་གནོད་པ་མེད་པ་དེ་ཕྱིར་དེ་ཉིད་གཟུང་བར་བྱ་བ་ཡིན་གྱི། ཁྱི་ཤ་བཟའ་བ་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་ཚད་མས་མི་གནོད་པའི་འཇིག་རྟེན་པའི་བརྗོད་བྱ་གཟུང་བ་ཡིན་ན། ད་ནི་སྐྱེས་བུས་མ་བྱས་པ་རླུང་གི་བུའི་ཚིག་ལས་ཁྱད་པར་ཅི་ཞིག་ཡོད་དེ། སྐྱེས་བུས་མ་བྱས་པ་ཡང་རིགས་
པ་དང་ལྡན་པ་ཡིན་པ་དེས་ན་གཟུང་བར་བྱ་བའི་དོན་ཡིན་པས་རླུང་གི་བུ་གཤོ་བ་ཅན་གྱི་ཚིག་གང་ཡིན་པ་དེ་གལ་ཏེ་རིགས་པས་གནོད་པ་མ་ཡིན་ན་ནི་ཅིའི་ཕྱིར་མི་གཟུང་། སྐྱེས་བུས་མ་བྱས་པ་ཡོངས་སུ་འཛིན་པ་ལ་མངོན་པར་ཞེན་པ་སུ་ཞིག་ཡོད། རིགས་པའི་སྟོབས་ཀྱིས་འཇུག་པ་ན་རླུང་གི་བུའི་ཚིག་གཟུང་བ་
ཉིད་གླའི་རིག་བྱེད་ནི་མ་ཡིན་ཏེ། རླུང་གི་བུ་ལ་ནི་རིགས་པ་ཡོད་ཀྱི་འདི་ལ་རིགས་པ་མི་སྲིད་པ་ཡིན་ནོ། །གང་གིས་གནོད་པ་ཁྱི་ཤ་ཟོས་པ་ནི་མཐོ་རིས་ཐོབ་ལ། མར་ལ་སོགས་པའི་བསྲེག་རྫས་བཅུག་པས་མ་ཡིན་པ་འདི་ལ་རིགས་པ་ཅི་ཡོད། འདི་ལྟར་དབང་པོ་ལས་འདས་པའི་མཐོ་རིས་ཐོབ་པའི་རྒྱུ་ཁྱི་ཤ་
ཟ་བའམ་གཞན་རྟག་པ་ནི་དབང་པོ་ལས་འདས་པ་ཉིད་དོ། །དབང་པོ་ལས་འདས་པའི་དོན་ལ་གནོད་པར་བྱེད་པའམ་སྒྲུབ་པར་བྱེད་པའི་རིགས་པ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་ཚུལ་གསུམ་པ་ལ་བརྟེན་པ་ནི་མ་ཡིན་གྱི། འོན་ཀྱང་ལུང་གི་དོན་གྱི་རྒྱུ་མཚན་ཉིད་དོ་ཞེས་གང་བཤད་པ་ནི། །དབང་པོ་
ལས་འདས་པ་ཞེས་བྱ་བ་ཡིན་ནོ། །དབང་པོ་ལས་འདས་པའི་དོན་ལ་འཇུག་པའི་རིགས་པ་གང་ཡིན་པ་དེ་ནི་ལུང་གི་དོན་ཉིད་ལ་བརྟེན་པ་ཚུལ་གསུམ་པ་རྣམ་པར་འཇོག་པའི་རྒྱུ་མཚན་ཅན་ཡིན་གྱི་གཞན་དངོས་པོའི་སྟོབས་ཀྱིས་ཞུགས་པའི་ཚུལ་གསུམ་ནི་ཡོད་པ་མ་ཡིན་ནོ། །འོ་ན་ནི་ལུང་ལ་བརྟེན་
པའི་རིགས་པ་ཉིད་ཀྱིས་ཁྱི་ཤ་ཟོས་པས་མཐོ་རིས་ཐོབ་པ་ལ་གནོད་པར་བྱེད་དོ་ཞེ་ན་བཤད་པ་དེའི་དོན་ཏེ། ལུང་གི་དོན་ཡང་གནས་མེད་ཕྱིར། །རྣམ་པར་གནས་པ་མེད་པའི་ཕྱིར་རིགས་པ་མ་ཡིན་ནོ། །བསྟན་བཅོས་ཐམས་ཅད་ཀྱི་དོན་ནི་རིགས་པས་རྣམ་པར་གཞག་པར་བྱ་བ་ཡིན་ལ། བསྟན་བཅོས་ཀྱི་
དོན་རྣམ་པར་གནས་པ་ཡང་། ཕྱོགས་གཞན་དུ་གྲུབ་པའི་དོན་ལ་ལྟོས་ནས་ལུང་གི་དོན་ལ་བརྟེན་པའི་རྗེས་སུ་དཔག་པ་འཇུག་པ་ཡིན་ན། རིགས་པ་མེད་པས་ཕྱོགས་གཞན་གྱི་དོན་རྣམ་པར་གནས་པ་ཡང་མེད་དེ། དེས་ན་བསྟན་བཅོས་འདིས་ཅི་ཞིག་བསྒྲུབ་པའམ། ཅི་ཞིག་བཀག་པ་ཡིན་ཞེས་རིགས་
เล่ม ๑๘๘ · หน้า 230a
པས་ལུང་གི་དོན་འགར་ཡང་ད་དུང་མ་གྲུབ་པས་རིགས་པ་མི་སྲིད་པ་ཡིན་ནོ། །གལ་ཏེ་རིགས་པ་མེད་མོད་གྲགས་པའི་སྟོབས་ཉིད་ཀྱིས་ཁ་ཅིག་ཏུ་དོན་དུ་མ་ལ་འཇུག་ལ། ཁ་ཅིག་ཏུ་ནི་ངེས་པ་ཉིད་ལ་འཇུག་པ་ཡིན་ཏེ། དེས་ན་གྲགས་པ་ཉིད་ཀྱིས་སྒྲ་དོན་ནི་ཞེས་བྱ་བ་ལ་སོགས་པ་
ཅིའི་ཕྱིར་བརྗོད་ཅེ་ན། རྣམ་གཞན་ཞེས་སྨོས་ཏེ། རྣམ་པ་གཞན་དོན་དུ་མ་ལ་འཇུག་པ་མི་སྲིད་པ་གང་ཡིན་པ་དེ་མེད་པའི་གཏན་ཚིགས་དེ་ཕྱིར་རོ། །སྒྲ་རྣམས་ནི་དོན་གཅིག་པ་ཡང་ཉེ་བར་བསྟན་པའི་དབང་གིས་ཞུགས་པ་ཡིན་ལ། དེ་ལ་དེ་ནི་བརྡ་གཞན་དུ་སྦྱར་ན་ཡང་འཇུག་པ་ཉིད་དོ། །དེས་ན་ཐེ་ཚོམ་
དུ་འགྱུར་རོ། །ཅི་སྒྲ་འདི་ངོ་བོ་ཉིད་ཀྱི་དོན་ཐམས་ཅད་རྟོགས་པར་རུང་བ་ཡིན་ནམ། འོན་ཏེ་ཉེ་བར་བསྟན་པའི་དབང་གིས་ཡིན། ཐམས་ཅད་དུ་ཡང་རུང་བ་ཉིད་ནི་དོན་ཐམས་ཅད་ལ་འཇུག་པ་མ་བཀག་པ་ཡིན་ནོ། །སྒྲ་གང་ལ་ནུས་པ་སྣ་ཚོགས་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །རང་ཉིད་ཅེས་བྱ་བ་ནི་བརྡའི་
སྟོབས་འབའ་ཞིག་གི་དོན་སྣ་ཚོགས་ལ་འཇུག་པ་ནི་མ་ཡིན་གྱི། འོན་ཀྱང་རང་ཉིད་གྲགས་པ་ལས་ཀྱང་རྣམ་པར་གནས་པ་ཡིན་ནོ། །དེའི་དོན་འདི་ཡིན་ཏེ། བརྡའི་དབང་དང་གྲགས་པ་ལས་སྒྲ་རྣམས་ནི་དོན་སྣ་ཚོགས་ལ་འཇུག་པར་གནས་ཏེ། དེས་ན་རིག་བྱེད་ཀྱི་སྒྲ་མེ་ལ་སྦྱིན་སྲེག་སྦྱིན་ནོ་ཞེས་བྱ་བ་ལ་སོགས་
པ་དག་ལ་ངེས་པར་བྱེད་པའི་རྒྱུ་མཐོང་བ་མེད་པའི་མཁས་པ་རྣམས་ཀྱི་བརྡའི་དབང་གིས་མི་འདོད་པའི་དོན་ཡིན་ནམ། འོན་ཏེ་གོའི་སྒྲ་བཞིན་དུ་རྒྱལ་དཔོག་པས་མི་འདོད་པ་དོན་གཞན་ཉིད་དུ་གསལ་བར་བྱེད་པ་ཡིན་ཞེས་གདོན་མི་ཟ་བར་ཐེ་ཚོམ་དུ་འགྱུར་རོ། །དེའི་ཕྱིར་དང་འདི་ལ་གྲགས་པའི་དབང་ཉིད་ཀྱིས་ཐེ་ཚོམ་
དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདི་ན་རིགས་པར་བརྗོད་པ་ཡིན་ནོ། །འདི་སྙམ་དུ་རིག་བྱེད་ཉིད་རང་གི་དོན་ངེས་པར་སྟོན་པ་ཡིན་ཏེ། འདི་ལྟར་རིག་བྱེད་ཀྱིས་ནི་རྒྱལ་དཔོག་པ་ལ་རང་གི་དོན་བསྟན་ལ། དེས་ན་དེ་ལ་རིག་བྱེད་ཀྱི་དོན་བསྟན་པ་ཡིན་ནོ་ཞེ་ན། དེ་བཟློག་པའི་ཕྱིར་བཤད་པ། འགའ་ཞིག་སྡོང་དུམ་འདི་ན་རེ་
ལམ་འདི་ཡིན་ནོ་ཞེས་སྨྲའོ་ཞེས་ཟེར་བ་དང་། གཞན་དག་བདག་ཉིད་ལམ་འདི་ཡིན་པར་སྨྲའོ་ཞེས་ཟེར་བ་དེ་ལྟར་རོ། །འདིས་ནི་དོན་གཞན་ཉེ་བར་བཀོད་པའི་སྒོ་ནས་དོན་འདི་བསྟན་པ་ཡིན་ནོ། །གལ་ཏེ་རིག་བྱེད་ལ་རང་གི་དོན་སྟོན་པའི་ནུས་པ་ཡོད་ན་ནི། བདག་ཅག་ལ་ཡང་རང་གི་དོན་སྟོན་པར་འགྱུར་བ་ཉིད་ཡིན་
เล่ม ๑๘๘ · หน้า 230b
ནོ། །དེས་ན་རྒྱལ་དཔོག་པ་ལ་ཡང་དེས་རང་གི་དོན་བསྟན་པ་ནི་མེད་དོ། །དེ་ནི་དོན་འདིར་རིག་བྱེད་ཀྱིས་བསྟན་པ་ཡིན་ནོ་ཞེས་སྨྲ་བ་ན་རིག་བྱེད་ལ་སྙད་བཏགས་ནས་བདག་ཉིད་སྟོན་པ་ཡིན་ལ། ཁོ་བོ་ནི་ཁྱི་ཤ་ཟ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་དོན་འདི་བདག་ཉིད་ཀྱིས་བརྟགས་པར་སྟོན་པ་ཡིན་ནོ། །དེ་ལ་དེའི་དང་པོ་
ཁོ་བོ་ལ་ཁྱད་པར་ནི་ཅུང་ཟད་ཀྱང་མེད་དོ། །དོན་དེ་བཤད་པ་ནི་དེ་གཉིས་བྱེ་བྲག་བརྟག་པར་གྱིས་ཞེས་བྱ་བ་ཡིན་ནོ། །ཚིགས་སུ་བཅད་པ་འདིས་ནི་གཏམ་སྟེར་བ་ལས་ཀྱང་རིག་བྱེད་ཀྱི་དོན་ངེས་པ་གཏན་ལ་ཕབ་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་རིག་བྱེད་ཀྱི་དོན་ངེས་པ་ནི་གྲགས་པས་གཏན་ལ་མི་ཕེབས་
ཤིང་རིགས་པས་མ་ཡིན། གཏམ་སྟེར་བས་ཀྱང་མ་ཡིན་ནོ། །གཞན་ཡང་གལ་ཏེ་དོན་ངེས་པ་ཞིག་ཡོད་ན་ནི་དེ་རྒྱལ་དཔོག་པས་ཤེས་ནས་ཉེ་བར་སྟོན་པ་ཡིན་ནོ། །དོན་གཅིག་ཉིད་གསལ་བར་བྱེད་པའི་ངེས་པ་དེ་ཉིད་གང་ལས་ཡིན་ཏེ། མ་ཡིན་པ་ཉིད་དོ། །བརྗོད་པར་བྱ་བའི་ཡུལ་ཐམས་ཅད་ལ་རུང་བའི་སྒྲས་ནི་
དོན་ཐམས་ཅད་བརྗོད་པར་ནུས་པ་དང་། སྒྲ་ནི་བརྡའི་དབང་གིས་འཇུག་པར་མཐོང་བ་ཡིན་ན་དེ་ཇི་ལྟར་དོན་གཅིག་ལ་ངེས་པར་འགྱུར། རིག་བྱེད་ལ་དོན་ངེས་པ་ཡོད་ཀྱང་དེ་ཤེས་པར་ཅི་ལྟར་འགྱུར་ཏེ། གང་ལས་མཐོང་བ་ཉིད་ཀྱིས་དོན་ངེས་པར་འགྱུར་བ་རིག་བྱེད་ཀྱི་སྒྲ་ལ་རང་བཞིན་གྱི་ཁྱད་པར་ནི་ཅུང་ཟད་ཀྱང་ཡོད་
པ་མ་ཡིན་ལ། ཡོད་ཀྱང་མངོན་སུམ་ནི་མ་ཡིན་ཏེ། ཉེ་བར་བསྟན་པ་མེད་ཀྱང་རྟོགས་པར་ཐལ་བའི་ཕྱིར་རོ། །དབང་པོ་ལས་འདས་པ་ནི་སུས་ཀྱང་ཤེས་པར་ནུས་པ་མ་ཡིན་ན། གང་གིས་དབང་པོ་ལས་འདས་པ་དེ་ཡང་ཤེས། འོ་ན་ནི་འཇིག་རྟེན་པའི་ངག་ལ་དོན་ངེས་པ་མེད་པར་འགྱུར་ཞིང་ཡོད་ཀྱང་ཤེས་པར་
ནུས་པ་མ་ཡིན་ནོ་ཞེ་ན་བཤད་པ། བརྗོད་འདོད་དེ་བརྗོད་པར་འདོད་པ་ལ་གནས་པའི་དོན་རྗོད་བྱེད་མ་གཏོགས་པར་ནི་ངེས་པར་བྱེད་པ་མེད་ལ། ཤེས་པར་ཡང་མི་ནུས་སོ། །བརྗོད་པར་འདོད་པ་ལ་སྣང་བའི་དོན་བརྗོད་ན་ནི་བརྗོད་པར་འདོད་པ་དོན་ངེས་པའི་རྒྱུ་ཡིན་ཏེ། གང་ཞིག་བརྗོད་པར་འདོད་པའི་དོན་དེ་ཉིད་བརྗོད་པར་
བྱ་བ་ཡིན་པའི་ཕྱིར་དོན་ངེས་པ་ཡིན་ལ། དོན་ངེས་པ་དེའི་གསལ་བར་བྱེད་པ་ནི་བརྡ་ཡིན་ནོ། །བྱས་པའི་ལུང་དང་འཇིག་རྟེན་པའི་ཐ་སྙད་ལ་ནི་སྨྲ་བ་པོ་གང་ཞིག་བརྗོད་པར་འདོད་པའི་བརྗོད་པར་བྱ་བ་དེ་ལ་བརྡར་བྱེད་ལ། དེའི་ཚེ་སྨྲ་བ་པོའི་ཐ་སྙད་ནས་རྟོགས་པ་པོ་ཡང་རང་གི་སློབ་མ་ལ། དེ་དག་ཀྱང་རང་གི་སློབ་མ་ལ་
เล่ม ๑๘๘ · หน้า 231a
རྟོགས་པར་བྱེད་པའི་ཕྱིར་མན་ངག་རྒྱུན་མ་ཆད་པས་ངེས་པའི་དོན་ཡོད་པར་ཤེས་པར་འགྱུར་བ་ཡིན་ནོ། །དོན་ངེས་པར་བརྗོད་པར་འདོད་པ་དེ་ནི་སྐྱེས་བུས་བྱས་པ་མ་ཡིན་པའི་ཡུལ་ལ་མེད་ཅིང་། དེ་གསལ་བར་བྱེད་པའི་བརྡའི་ཡང་མེད་དེ། དེས་ན་སྐྱེས་བུས་མ་བྱས་པ་དེ་ལ་དོན་གཅིག་པོ་
དེ་ཉིད་གང་ལས་ཡིན་ཏེ། གང་ལས་ཀྱང་མ་ཡིན་ལ་ཤེས་པར་ཡང་མི་འགྱུར་རོ། །སྒྲའི་དོན་ནི་འཇིག་རྟེན་གྱི་གྲགས་པས་གཟུང་བ་ཡིན་ནོ། །འཇིག་རྟེན་པའི་དོན་ནི་ངོ་བོ་ཉིད་ངེས་པས་ངེས་པ་ནི་འགའ་ཡང་མ་ཡིན་གྱི་འོན་ཀྱང་བརྡའི་དབང་གིས་ཡིན་ནོ། །རིག་བྱེད་ཀྱི་ཡང་དེ་ཉིད་ཡིན་ཏེ། དེས་ན་ཅི་ལྟར་དོན་སྐྱེས་
བུས་མ་བྱས་པ་ཡིན། འོན་ཏེ་ངོ་བོ་ཉིད་ཀྱིས་ངེས་པར་ཁས་ལེན་ན། དེ་ནི་མི་རིགས་ཏེ་འདི་ལྟར་སྒྲ་རྣམས་ངོ་བོ་ཉིད་ཀྱིས་ངེས་པར་ཁས་ལེན་ན། བརྗོད་པར་འདོད་པས་དེས་གཞན་དུ་སྦྱོར་བ་བརྡར་བྱེད་པ་མེད་པར་འགྱུར་རོ། །གཞན་ཡང་དོན་ལ་སྒྲ་རྣམས་ངོ་བོ་ཉིད་ཀྱིས་ཡིན་ན་བརྡ་ཡང་དོན་མེད་པར་འགྱུར་རོ། །
གང་ཞིག་དོན་གང་ངོ་བོ་ཉིད་ཀྱིས་རྟོགས་པར་ནུས་པ་དེ་ནི། དེ་ལ་བརྡར་བྱེད་པ་ལ་ལྟོས་པ་མ་ཡིན་ཏེ། དཔེར་ན་སྒྲོན་མ་བཞིན་ནོ། །སྒྲ་རྣམས་ཀྱང་ངོ་བོ་ཉིད་ཀྱི་ནུས་པ་ཡིན་ཏེ་དེས་ན་བརྡ་དོན་མེད་པ་ཡིན་ནོ། །ཅི་སྟེ་རུང་བ་ཉིད་བརྡ་གསལ་བར་བྱ་བ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་གསལ་བར་
ཁས་ལེན་ན་ཡང་ངེས་པ་གང་ལས་ཡིན་ཏེ། མི་འགྱུར་བ་ཉིད་དོ། །འདི་ལྟར་གང་གང་ལ་རྟོགས་པའི་ནུས་པ་ཡོད་པར་འདོད་པ་དེ་ཉིད་བརྡས་གསལ་བར་བྱེད་པའི་ཕྱིར་ངེས་པ་མེད་པར་འགྱུར་རོ། །འདི་ཉིད་སྟོན་པར་བྱེད་པ་ནི། གང་ལ་འདོད་པས་རང་རྒྱུད་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདོད་པས་རུང་བ་
གསལ་བར་བྱེད་ཅིང་བརྡར་བྱེད་པ་ན་འདོད་པའི་རུང་བ་ཉིད་གསལ་བར་མི་འགྱུར་གྱི། འོན་ཀྱང་མི་འདོད་པའི་རུང་བ་ཉིད་ཀྱང་བརྡས་གསལ་བར་བྱེད་པར་འགྱུར་རོ། །ཐམས་ཅད་ལ་རུང་དོན་གཅིག་གི །ཞེས་བྱ་བ་ལ་སོགས་པས་ནི་རིག་བྱེད་ལ་དོན་ངེས་པ་མེད་པ་དང་། ཡོངས་སུ་མི་ཤེས་པ་ཉིད་དུ་སྒྲུབ་པ་ཡིན་
ནོ། །དེའི་ཕྱིར་དེ་ལྟར་ངོ་བོ་ཉིད་དམ་དོན་སྐྱེས་བུས་མ་བྱས་པ་ཉིད་མེད་པའི་ཕྱིར་སྐྱེས་བུས་མ་བྱས་པ་ནི་ལུང་གི་མཚན་ཉིད་མ་ཡིན་ནོ། །ལུང་གི་མཚན་ཉིད་གཞན་སྤང་བའི་ཕྱིར་བཤད་པ། ཕྱོགས་གཅིག་ལ་མི་སླུ་བ་ནི་ལུང་གི་མཚན་ཉིད་ཡིན་ནོ། །ལུས་གང་ཞིག་མངོན་སུམ་དང་རྗེས་སུ་དཔག་པར་བྱ་བའི་
เล่ม ๑๘๘ · หน้า 231b
ཡུལ་ལ་མི་སླུ་བ་དང་བཅས་པ་དེ་ནི་དབང་པོ་ལས་འདས་པའི་ཡུལ་ལ་ཐེ་ཚོམ་ཟ་ན། ཕྱོགས་གཅིག་ལ་མི་སླུ་བ་ཉིད་ཡིན་ནོ། །སྦྱོར་བའི་དོན་ནི་འདི་ཡིན་ཏེ། གང་ཞིག་ལུང་འདིའི་ཕྱོགས་གཅིག་ཡིན་པ་དེ་ནི་མི་སླུ་བ་ཅན་ཡིན་ཏེ། དཔེར་ན་མེ་ཁ་བའི་གཉེན་པོ་ཡིན་ནོ་ཞེས་བྱ་བའི་ངག་བཞིན་ནོ། །
རྩོད་པའི་གཞིར་གྱུར་པ་མེ་ལ་སྦྱིན་སྲེག་སྦྱིན་ནོ་ཞེས་བྱ་བའི་ངག་དང་། སྲོག་གཅོད་པ་སྤོང་བ་ལ་སོགས་པའི་ངག་ཀྱང་ལུང་འདིའི་ཕྱོགས་གཅིག་ཡིན་ནོ། །དེ་ལུང་འདིའི་ཕྱོགས་གཅིག་ཡིན་པར་ནི་གྲུབ་པ་ཉིད་དེ། འདི་ལྟར་སྨྲ་བ་པོ་དེའི་ཚིག་གང་ཡིན་པ་དེའི་དོན་དེ་དང་རྗེས་སུ་འབྲེལ་པའི་དོན་དང་ལྡན་པའི་
གཞན་གང་ཡིན་པ་ནི་དེ་དང་འབྲེལ་པའི་དོན་རྗོད་པར་བྱེད་པ་ཡིན་པས་དོན་གྱི་སྒོ་ནས་དེའི་ཕྱོགས་གཅིག་ཏུ་འགྱུར་བ་ཡིན་ལ། སྐྱེས་བུས་མ་བྱས་པའི་ཡུལ་ལ་ཡང་ཕྱོགས་གཞན་གྱི་རྗེས་སུ་ཞུགས་པའི་རྗེས་སུ་བྱེད་པའི་ངག་གང་ཡིན་པ་དེ་ནི་དེའི་ཕྱོགས་གཅིག་ཏུ་གྱུར་པ་ཡིན་པར་བལྟའོ་ཞེ་ན། འདི་
ཡང་རྟོགས་པ་མེད་པ་ཉིད་དོ། །འདི་ལྟར་གལ་ཏེ་ལུང་འདིའི་ངག་འགའ་ཞིག་མི་སླུ་བར་མཐོང་བ་དེ་ཙམ་གྱིས་ཅི་ཐམས་ཅད་སླུ་བ་མ་ཡིན་པ་དང་། མི་སླུ་བ་ཡང་ཡིན་པར་འགྱུར་རམ། འདི་སྟོན་པ་ནི་མ་མཐོང་བ་ཙམ་གྱི་གཏན་ཚིགས་ཀྱིས་མི་འཁྲུལ་པ་མི་འགྲུབ་པའི་ཕྱིར་ལུང་དེའི་མཚན་ཉིད་ཀྱི་དོན་ནི་
མ་ངེས་པ་ཉིད་དོ། །ད་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ལུང་གི་ངག་རྣམས་རང་གི་དོན་ལ་འཁྲུལ་པ་མེད་པར་བསྒྲུབས་པས་ལུང་ཐམས་ཅད་མི་སླུ་བ་ཉིད་དུ་སྟོན་ཏོ། །སྒྲར་གཏོགས་པའི་སྦྱོར་བའི་ཤུགས་ཉིད་ཀྱིས་སྒྲ་རྣམས་དོན་དང་འབྲེལ་པ་མི་འཁྲུལ་པ་འགྲུབ་པ་ཡིན་ཏེ། སྣང་བ་ལ་སྣང་བའི་ངག་གི་དོན་
མེད་ན་ངག་མི་སྦྱོར་ལ། སྒྲའི་དོན་ཡང་དེ་ཉིད་ཡིན་པས་དེ་ལ་མི་འཁྲུལ་པ་ཡིན་ན་སྒྲ་ཇི་ལྟར་ཚད་མ་མ་ཡིན། གལ་ཏེ་འདི་སྙམ་དུ་དོན་དེ་ནི་ཚད་མ་གཞན་གྱིས་གནོད་པ་ཡིན་ཏེ། དེས་ན་ཚད་མ་མ་ཡིན་ནོ་སྙམ་ན། དེ་ནི་མི་འཐད་དེ། གང་གི་ཕྱིར་སྒྲའི་དོན་ལ་ནི། ཚད་མ་གཞན་འཇུག་པ་མ་ཡིན་ཏེ། བྱ་བ་དང་
བྱེད་པའི་འབྲེལ་པ་ནི་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ། །མངོན་སུམ་གྱིས་ནི་དངོས་པོ་ཙམ་འཛིན་པ་ཡིན་ནོ། །དངོས་པོ་རྣམས་ནི་ལྕགས་ཀྱི་ཐུར་མ་ལྟར་འབྲེལ་པ་མེད་པ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེས་ན་དངོས་སུ་མ་འབྲེལ་པའི་ངག་གི་དོན་ལ་ནི་མངོན་
เล่ม ๑๘๘ · หน้า 232a
སུམ་དང་རྗེས་སུ་དཔག་པ་འཇུག་པ་མ་ཡིན་ནོ། །དེས་ན་ཆུ་རླུང་གི་ངོགས་ན་བུ་རམ་གྱི་ཕུང་པོ་སྤུངས་པ་ཡོད་དོ་ཞེས་བྱ་བ་དང་། སོར་མོའི་རྩེ་མོ་ལ་གླང་པོ་ཆེ་བརྒྱ་ཡོད་དོ་ཞེས་བྱ་བ་དེ་ལྟ་བུ་དག་ལ་ཡང་དག་གི་དོན་ནི་འགའ་ཞིག་གིས་ཀྱང་ཡུལ་དུ་བྱེད་པའམ། གནོད་པ་མ་ཡིན་ནོ། །
དེར་མངོན་སུམ་གྱི་ཡུལ་ལ་ནི་གནོད་པ་ཡིན་ན། དེའི་སྒྲའི་དོན་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ངག་རྣམས་དབང་པོ་ལས་འདས་པའི་རང་གི་དོན་ལ་མ་འཁྲུལ་པ་དང་མངོན་སུམ་ལ་སོགས་པ་ཡང་མི་འཇུག་པ་ན་ཇི་ལྟར་ཚད་མ་མ་ཡིན་པ་ཡིན་ཞེ་ན། དེ་ལྟར་ནི་རིགས་མོད་ཀྱི་ཞེས་སྨོས་ཏེ་སྣང་བ་ལ་གནས་པ་བརྗོད་པ་དང་།
མངོན་སུམ་གྱིས་གཟུང་བ་རང་གི་མཚན་ཉིད་ཡུལ་མ་ཡིན་པར་གང་བརྗོད་པ་དེ་ནི་རིགས་མོད་ཀྱི་འོན་ཀྱང་མི་རིགས་སོ་ཞེས་སྨོས་པ་ནི་འོན་ཀྱང་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་རྣམ་པ་གང་གིས་དོན་ཡོད་པར་བསྟན་པར་བྱ་བ་དེ་ལྟ་བུ་ཉིད་རབ་ཏུ་གྲུབ་ཀྱང་། ཐོབ་པ་ཡིན་ཡང་སྒྲ་སྦྱོར་བ་ནི་འདོད་པ་ཙམ་དང་འབྲེལ་པ་ཡིན་
པའི་ཕྱིར་དོན་ལ་འཇུག་པ་ཡང་འདོད་པས་བཟློག་པ་མེད་པས་གཞན་དུ་དོན་ཇི་ལྟ་བ་ཉིད་མ་ཡིན་པར་ཡང་ཐ་སྙད་བྱེད་པའི་སྒྲ་མཐོང་བའི་ཕྱིར་ཏེ། དེས་ན་ཚད་མས་གནོད་པ་མེད་ཀྱང་དོན་ཇི་ལྟ་བ་བཞིན་མ་ཡིན་པར་ཐེ་ཚོམ་ཟ་བ་ཉིད་ནི་མི་ལྡོག་གོ། །སྣང་བ་ལ་གནས་པའི་དོན་ཚད་མའི་ཡུལ་ཡིན་ནོ་ཞེས་གང་བརྗོད་པ་
དེ་ཡང་རིགས་པ་མ་ཡིན་ཏེ། ཚད་མ་ནི་འཇུག་པར་བྱེད་པ་ཡིན་ན། བློ་ལ་གནས་པའི་དོན་ལ་ནི་སུ་ཡང་མི་འཇུག་སྟེ། དེ་དང་སྣང་བ་གཅིག་ཏུ་བྱས་ནས་མངོན་གསུམ་གྱིས་རྟོགས་པར་བྱ་བའི་དོན་བྱ་བ་བྱེད་པའི་ཕྱི་རོལ་ཉིད་ལ་དོན་བྱེད་པ་དོན་དུ་གཉེར་བའི་སྐྱེས་བུ་འཇུག་པ་ཡིན་ནོ། །དེས་ན་སྒྲ་རྣམས་ནི་ཞེས་
པའི་དབང་གིས་དོན་བྱེད་པའི་དངོས་པོའི་ཡུལ་ཅན་དང་ཚད་མ་ཉིད་ཡིན་ནོ། །མཐོང་བ་བཞིན་དུ་མ་མཐོང་བའི་དོན་ལ་ཡང་སྒྲ་ནི་འཁྲུལ་པར་དོགས་པ་ཉིད་དོ། །ཚུལ་འདིས་སྒྲའི་དོན་མངོན་སུམ་ལ་སོགས་པས་གནོད་པ་ཡོད་པ་ཉིད་དོ། །དེའི་ཕྱིར་སྒྲ་རྣམས་གང་ལ་ཚད་མ་ཡིན་པ་དེ་ལ་ནི་སླུ་བར་དོགས་པ་
ཡིན་ལ། གང་ལ་འཁྲུལ་པ་མེད་པའི་བློའི་དོན་དེ་ལ་ནི་ཚད་མ་མ་ཡིན་ནོ། །གང་གི་ཕྱིར་སྐྱེས་བུས་མ་བྱས་པའི་ལུང་ནི་འགའ་ཡང་མེད་པ་དང་། དོན་དང་དངོས་པོའི་འབྲེལ་པ་ཡང་མེད་པ་དེའི་ཕྱིར་ལུང་ལོག་ཀྱང་དོན་མེད་ལ་རྟོགས་པ་མ་ཡིན་ནོ། །ཀྱང་གི་སྒྲས་ནི་བསྐལ་པའི་ཡུལ་གྱི་མངོན་སུམ་དང་
เล่ม ๑๘๘ · หน้า 232b
རྗེས་སུ་དཔག་པ་ཡང་ངོ་། །མངོན་སུམ་ལོག་པ་ཉིད་ཀྱིས་མི་དམིགས་པ་ཉིད་ནི་དངོས་པོ་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ། །གལ་ཏེ་མངོན་སུམ་ཡང་དོན་གྱི་འབྲས་བུ་ཡིན་པའི་ཕྱིར་ལྡོག་པ་དོན་མི་ལྡོག་གོ་ཞེ་ན། མངོན་སུམ་ཙམ་ལྡོག་པས་ནི་དོན་ལྡོག་པར་མི་སྨྲའི། འོན་ཀྱང་རྒྱུ་མ་ཚང་བ་མེད་པ་ཞེས་བྱ་བ་མངོན་སུམ་གང་ལ་རྒྱུ་
མ་ཚང་བ་མེད་པ་ཡོད་པ་ནི་དོན་མེད་ན་དེ་ཉེ་བར་གནས་ན་མེད་པ་མི་འཐད་པའི་ཕྱིར་རོ། །གང་གི་ཚེ་ཤེས་པ་གཅིག་ལ་འདུ་བའི་དོན་གཞན་དམིགས་པ་དེ་ཉིད་ཀྱི་རྒྱུ་མ་ཚང་བ་མེད་པར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་གཞན་དམིགས་པ་དེ་དང་དེའི་རང་གི་ངོ་བོ་མ་དམིགས་པར་བརྗོད་པ་ཡིན་ནོ། །དོན་དེ་ལྟར་གནས་པ་དེ་ལ་ཚུ་རོལ་
མཐོང་བས་ནི་དངོས་པོ་མེད་པ་བསྒྲུབ་པ་ལ་བདག་ཉིད་ཀྱི་མངོན་སུམ་ལོག་པ་ཚད་མར་བྱ་བ་ཡིན་ལ། དེ་དེ་ལྟར་ཚད་མར་བྱེད་པས་ནི་བདག་གི་མངོན་སུམ་ལྡོག་པ་དེས་གང་གཟུང་བ་དེར་འོངས་པའི་དངོས་པོ་གང་ཡིན་པ་དེ་དགག་པར་རིགས་སོ། །ཐམས་ཅད་མཁྱེན་པ་ལ་ནི་ཐམས་ཅད་མངོན་སུམ་གྱིས་གཟུང་
བར་འོས་པ་ཡིན་པ་དང་། གཞན་ཐམས་ཅད་ཀྱི་མངོན་སུམ་ལོག་པ་མ་གྲུབ་པ་ཡིན་པའི་ཕྱིར་ཚུ་རོལ་མཐོང་བ་སྨོས་སོ། །ཐམས་ཅད་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཏེ། ཚུ་རོལ་མཐོང་བས་ནི་ཐམས་ཅད་མངོན་སུམ་གྱིས་གཟུང་བར་རུང་བ་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་ཐམས་ཅད་དགག་པ་ནི་མ་ཡིན་ནོ། །
དེའི་ཕྱིར་དེ་ལྟར་མེད་པར་ངེས་པའི་འབྲས་བུ་ཅན་མི་དམིགས་པར་བཤད་པ་ན། གཞན་གང་མངོན་སུམ་དང་རྗེས་སུ་དཔག་པ་ལོག་པའི་མཚན་ཉིད་དེ་ཅི་ཚད་མ་མ་ཡིན་ནམ་སྙམ་པའམ། བཤད་པ། བཤད་ཟིན་པའི་མི་དམིགས་པ་ལས་གཞན་པའི་དམིགས་པ་གང་ཡིན་པ་དེ་ནི་མི་འཇུག་པ་ཡོད་
པའི་ཐ་སྙད་མེད་པའི་འབྲས་བུ་གང་ལ་ཡོད་པའོ། །འཇུག་པའི་བློ་སྔོན་ཅན་ཉིད་ཕྱིར་རོ། །དམིགས་པ་ཉིད་ཡོད་པ་རྣམས་ཀྱི་ཡོད་པ་ཡིན་ཏེ། དེ་ནི་ཡོད་པའི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །གང་དུ་ཡོད་པའི་ཐ་སྙད་ཀྱི་རྒྱུར་གྱུར་པ་དེ་མེད་པ་དེར་ནི་ཡོད་པའི་ཐ་སྙད་ཀྱང་ལྡོག་པ་ཡིན་ཏེ། རྒྱུ་མཚན་མེད་
པའི་ཕྱིར་རོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར་བསྐལ་བའི་ཡུལ་ལ་ཞེས་སྨོས་ཏེ། དམིགས་པར་མི་རུང་བའི་ཡུལ་ཅན་གྱི་མི་དམིགས་པ་གང་ཡིན་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་མེད་པ་ཞེས་བྱ་བ་ནི་རང་གི་ངོ་བོ་སྟོན་པའོ། །མི་འཇུག་འབྲས་ཅན་ཞེས་བྱ་བ་དེ་རྣམ་པར་དགྲོལ་བའི་ཕྱིར་ཡོད་
เล่ม ๑๘๘ · หน้า 233a
པའི་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོད་པའི་ཤེས་པ་དང་ཡོད་དོ་ཞེས་བྱ་བའི་སྒྲ་དང་། ཡོད་པའི་ཡུལ་ལེན་པ་ལ་སོགས་པའི་ཐ་སྙད་དོ། །དེ་དག་འགོག་པ་མེད་པར་ངེས་པའི་འབྲས་བུ་གང་ལ་ཡོད་པའོ། །ཅི་ལྟར་ཞེ་ན། བཤད་པ། དམིགས་པ་སྔོན་
དུ་འགྲོ་བ་སྟེ་རྒྱུ་ཅན་གང་ཡིན་པ་དག་གོ། །དམིགས་པ་ཉིད་ཡོད་པ་རྣམས་ཀྱི་ཡོད་པ་ཡིན་ཏེ། དེས་ན་དེ་ཉིད་ཡོད་པའི་ཤེས་པ་དང་། སྒྲ་དང་ཐ་སྙད་རྣམས་ཀྱི་རྒྱུ་ཡིན་པས་དེ་མེད་པ་ལས་དེ་དག་མེད་དོ་ཞེས་ངེས་པ་ཡིན་ནོ། །འདི་ལས་གཞན་པའི་མི་དམིགས་པ་ནི་མེད་པའི་ཐ་སྙད་འཇུག་པའི་
འབྲས་བུ་གང་ལ་ཡོད་པའོ། །འཇུག་པར་བྱ་བ་མེད་པའི་ཐ་སྙད་དེའི་རྒྱུ་མཚན་མཐོང་བའི་ཕྱིར་རོ། །སྔ་མ་སྔར་བཤད་པ་ནི་མེད་པའི་ཤེས་པ་དང་། མེད་དོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པའི་སྒྲ་དང་། བུམ་པ་མེད་པར་ངེས་པ་སྔོན་དུ་འགྲོ་བ་ཅན་གྱི་དོགས་པ་མེད་པར་འོངས་པ་དང་འགྲོ་བའི་མཚན་ཉིད་
འཇུག་པའི་ཐ་སྙད་དེ་དག་འཇུག་པའི་འབྲས་བུ་དེ་ཉིད་གང་ལ་ཡོད་པ་དང་། ཡང་གི་སྒྲས་ནི་ཡོད་པའི་ཐ་སྙད་འགོག་པའི་འབྲས་ཅན་ཡང་ཡིན་ནོ། །དེའི་རྒྱུ་མཚན་ཞེས་བྱ་བ་དེ་དགྲོལ་བའི་ཕྱིར་བཤད་པ། ཡུལ་བུམ་པ་ལ་སོགས་པས་སྟོང་པའི་ས་ཕྱོགས་རབ་ཏུ་བསྟན་པས་རབ་ཏུ་གྲུབ་པའི་ཡུལ་ཅན་ཐ་སྙད་སྒྲུབ་པའི་ཕྱིར་རོ། །
ཚིག་ལེའུར་བྱ་བར་ནི་རྒྱུ་མཚན་སྨོས་པ་བྱ་བ་ལ། འགྲེལ་པར་ནི་ཡུལ་དུ་སྨོས་ཏེ། དེས་ན་འདིས་ནི་གཉི་གར་ཡང་གཉི་གའི་ཐ་སྙད་བྱ་བར་བསྟན་པ་ཡིན་ནོ། །རྒྱུ་མཚན་ནི་མི་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པ་ཡིན་ལ། ཡུལ་ནི་བུམ་པས་དབེན་པའི་ས་བཞི་ཡིན་ནོ། །གང་དུ་མེད་
པའི་ཐ་སྙད་དུ་བྱེད་པ་དེར་ནི་ཡུལ་སྨོས་པས། གཉི་ག་གཟུང་བར་བལྟ་སྟེ། །ཡུལ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །རྒྱུ་མཚན་སྨོས་པས་ཀྱང་གཉི་ག་ཡིན་ཏེ། རྒྱུ་མཚན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །ཡང་གི་སྒྲའི་དོན་སྟོན་པ་ནི་གཉི་ག་ཡོད་པའི་ཐ་སྙད་འགོག་པའི་འབྲས་བུ་ཅན་ཉིད་དུ་ནི་འདྲ་བར་
བཤད་དོ། །རང་ཞེས་བྱ་བ་ནི་ཡོད་པའི་ཐ་སྙད་ཀྱི་རང་བཞིན་གྱི་བདག་ཉིད་གཟུང་ངོ་། །བཟློག་པ་ནི་འགལ་བ་སྟེ། མེད་པའི་ཐ་སྙད་དོ། །དེ་དག་གི་རྒྱུ་དམིགས་པ་དང་སྣང་བ་མི་དམིགས་པ་དེ་གཉིས་གོ་རིམས་བཞིན་དུ་མེད་པ་དང་ཡོད་པའི་རྒྱུ་དེས་ན་འདྲ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ཐ་སྙད་ཀྱི་རྒྱུ་
เล่ม ๑๘๘ · หน้า 233b
མཚན་དམིགས་པ་ཉིད་ནི་ཡོད་པ་རྣམས་ཀྱི་ཡོད་པ་ཡིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པ་ལོག་པ་ལ་ནི་དེ་མེད་དོ། །དེས་ན་རྒྱུ་མེད་པའི་ཕྱིར་དེའི་ཡོད་པའི་ཐ་སྙད་ལྡོག་པ་ཡིན་ནོ། །ཅིག་ཤོས་ལ་ནི་ཡོད་པའི་ཐ་སྙད་དང་འགལ་བ་མེད་པའི་ཐ་སྙད་ཀྱི་རྒྱུ་ཡོད་པའི་ཕྱིར་འགལ་བ་ཞུགས་པ་ནི་ཅིག་
ཤོས་ལྡོག་པ་ཡིན་ནོ། །གལ་ཏེ་དེ་ལས་བློ་ལྡོག་པ་ཡིན་ཡང་ཅི་དེ་ཙམ་གྱིས་དོན་ཡང་ལྡོག་གམ། ལྡོག་ན་ནི་དམིགས་པ་ཙམ་གོ་བར་བྱེད་པ་ཡིན་པར་འགྱུར་རོ། །ཅི་སྟེ་དོན་མི་ལྡོག་ན་ནི་དེའི་ཐ་སྙད་ཀྱི་ཅི་ལྟར་ལྡོག་ཅེ་ན། བཤད་པ། ལྡོག་པ་ཙམ་གྱིས་མི་དམིགས་པ་གཅིག་ལ་ནི་ཡོད་པར་ཐེ་ཚོམ་
ཟ་བའི་ཕྱིར་རོ། །དེས་ན་ངེས་པ་སྔོན་དུ་འགྲོ་བའི་ཐ་སྙད་ལྡོག་པ་ཉིད་དོ། །ཐེ་ཚོམ་ཟ་བའི་ཡོད་པའི་ཐ་སྙད་ནི་མི་ལྡོག་གོ། །གཞན་སྣང་བ་མི་དམིགས་པ་ལ་ནི་བཟློག་པའི་ཕྱིར་རོ། །ཐེ་ཚོམ་ལས་བཟློག་པ་ནི་ངེས་པ་ཡིན་ཏེ། དེའི་ཕྱིར་ཐེ་ཚོམ་དང་ངེས་པའི་ཡོད་པའི་ཐ་སྙད་ལྡོག་པ་ཡིན་ནོ། །དེའི་ཕྱིར་དེ་
ལྟར་གཏན་ཚིགས་སྔ་མ་དག་གིས་ནི་ཡོད་པའི་ཐ་སྙད་གཉི་ག་ཡང་དགག་པའི་འབྲས་བུ་ཅན་ཡིན་ལ། གཏན་ཚིགས་ཕྱི་མ་དག་གིས་ནི་ཡོད་པའི་ཐ་སྙད་གཉིས་ཀྱི་ཁྱད་པར་འགོག་པར་བཤད་པ་ཡིན་ནོ། །གཅིག་ལ་ནི་ཐེ་ཚོམ་ཟ་བའི་ཕྱིར་ངེས་པ་ཉིད་ཀྱི་ཡོད་པའི་ཐ་སྙད་འགོག་པ་ཡིན་ལ། གཞན་
ལས་ནི་ཡོད་པའི་ཐ་སྙད་མཐའ་དག་འགོག་པ་ཡིན་ཏེ། མེད་པ་ཉིད་དུ་ངེས་པའི་ཕྱིར་རོ། །བཤད་མ་ཐག་པའི་མི་དམིགས་པ་གཉིས་པོ་དེ་ལ་གཉིས་པ་ལྡོག་པའི་མཚན་ཉིད་ཙམ་གྱི་མི་དམིགས་པ་ཙམ་གྱི་ཡོད་པའི་ཐ་སྙད་འགོག་པ་ལ་ཉེ་བར་མཁོ་བའི་ཕྱིར་ཚད་མར་བཤད་དོ། །འོ་ན་དེ་གང་ལ་ཚད་
མ་མ་ཡིན་ཞེ་ན། ལྡོག་པ་མེད་པ་མཐོང་བ་ངེས་པའོ། །དེ་ལ་སོགས་པ་དེའི་རྒྱུ་མཚན་ཅན་སྒྲ་དང་ཐ་སྙད་གང་ཡིན་པ་དེ་ལ་ཉེ་བར་སྦྱོར་བ་ནི་མ་ཡིན་ཏེ། ཐེ་ཚོམ་ཟ་བའི་ཕྱིར་ཏེ། གང་གི་ཕྱིར་དངོས་པོ་མེད་པར་ངེས་པ་མི་སྐྱེད་པ་དེས་ན་ཚད་མ་མ་ཡིན་ནོ། །ཉེ་བར་མི་སྦྱོར་བ་ཉིད་སྒྲུབ་པའི་ཕྱིར་བཤད་
པ་ཤེས་པར་བྱེད་པའི་ཡན་ལག་མ་ངེས་པའི་མི་དམིགས་པ་གང་ཡིན་པའོ། །མི་འཁྲུལ་པ་ནི་རྟགས་ཐམས་ཅད་ཀྱི་ཡན་ལག་ཡིན་ན། མི་དམིགས་པ་འདི་ལ་ནི་མི་འཁྲུལ་པ་མེད་དེ། དེས་ན་དེ་ལས་རྟོགས་པ་མ་ཡིན་ནོ། །དང་པོ་སྣང་བ་མི་དམིགས་པ་ནི་ཚད་མ་ཡིན་ཏེ། ངེས་པའི་
เล่ม ๑๘๘ · หน้า 234a
འབྲས་བུ་གང་ལ་ཡོད་པའོ། །འདི་སྐད་བརྗོད་པ་ཡིན་ཏེ། མི་དམིགས་པ་དང་པོ་ནི་དངོས་པོ་མེད་པ་ངེས་པར་བྱེད་པས་ཚད་མ་ཡིན་ནོ། །ཚད་མ་ནི་འཇུག་པར་བྱེད་པ་ཉིད་ལ་བརྗོད་ལ། འཇུག་པར་བྱེད་པ་ཡང་ངེས་པའི་རྒྱུ་ཅན་ཡིན་ནོ། །སྣང་བ་མི་དམིགས་པ་ནི་བུམ་
པས་དབེན་པའི་ས་ཕྱོགས་དང་བུམ་པ་མེད་པར་ངེས་པར་བྱེད་པ་ཡིན་པས་བུམ་པ་དོན་དུ་གཉེར་བ་ལྡོག་པར་བྱེད་པ་དང་། བུམ་པ་མེད་པ་དོན་དུ་གཉེར་བའི་སྐྱེས་བུ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་ནོ། །མི་སྣང་བ་མི་དམིགས་པ་ནི་ངེས་པར་བྱེད་པ་མ་ཡིན་པས་ན་དོན་གང་ལ་ཡང་སྐྱེས་བུ་འཇུག་
པར་བྱེད་པ་མ་ཡིན་ནོ། །ངེས་པ་སྔོན་དུ་འགྲོ་བའི་ཡོད་པའི་ཐ་སྙད་ནི་འགོག་པར་བྱེད་ཀྱི། ཐེ་ཚོམ་སྔོན་དུ་འགྲོ་བའི་ཐ་སྙད་ནི་འགོག་པ་མ་ཡིན་ནོ། །དེས་ན་ཐེ་ཚོམ་ལས་ཀྱང་འཇུག་པ་ནི་ཡོད་པ་ཉིད་དོ། །དེའི་ཚད་མ་ཉིད་ནི་ངེས་པ་སྔོན་དུ་འགྲོ་བ་ཅན་གྱི་ཡོད་པའི་ཐ་སྙད་འགོག་པར་ངེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །མི་
དམིགས་པ་བཤད་ནས་རང་བཞིན་བཤད་པའི་ཕྱིར་སྨྲས་པ། བདག་ཉིད་ངོ་བོ་ཉིད་ཀྱི་གཏན་ཚིགས་གང་ཡིན་པ་དེ་ནི་རང་བཞིན་ཡིན་ནོ། །ཁྱད་པར་ཅི་ལྟ་བུ་དང་ལྡན་པའི་ངོ་བོ་ཡིན་ཞེ་ན། བཤད་པ་སྒྲུབ་པར་བྱེད་པའི་ཆོས་དེ་ཡོད་པ་དེའི་དངོས་པོ་ཉིད་དེ་ཁོ་ན་ཙམ་གྱི། དེ་ཡོད་ཙམ་དང་རྗེས་འབྲེལ་ཅན། །མི་
གཉིས་པར་རྗེས་སུ་འགྲོ་བའི་ངོ་བོ་ཉིད་གང་ལ་ཡོད་པའི་ངོ་བོ་ཉིད་དེའི་ཡིན་ནོ། །ཅིའི་ཕྱིར། དེ་ཡོད་ཙམ་དང་རྗེས་འབྲེལ་ཅན། །ཞེས་བརྗོད་ཀྱི། དེའི་བདག་ཉིད་ཀྱི་གཏན་ཚིགས་གང་ཡིན་པ་དེ་ནི་རང་བཞིན་ཡིན་ནོ་ཞེས་དེ་ཙམ་ཞིག་མི་བརྗོད་ཅེ་ན། དོན་གྱི་དེའི་བདག་ཉིད་ཅེས་སྨོས་སོ། །བསྒྲུབ་
པར་བྱ་བའི་ཆོས་དེའི་བདག་ཉིད་གང་ཡིན་པའི་སྒྲུབ་པར་བྱེད་པའི་ཆོས་དེའི་འོ། །དེའི་བདག་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་དེ་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཉིད་དུ་གྱུར་པ་ལ་འཐད་པ་ཡིན་གྱི། དོན་གཞན་དང་འབྲེལ་པ་ལ་ནི་མ་ཡིན་ནོ། །འདི་ལྟར་ཞེས་པ་ནི་གང་གི་ཕྱིར་ཏེ། དེའི་ཕྱིར་ཁྱད་པར་ཉེ་བར་
བཀོད་པ་ཡིན་ནོ། །དེ་གང་ལས་ཤེ་ན། སྒྲུབ་པར་བྱེད་པའི་ཆོས་དེ་ཡོད་ན་ཡང་ཡོད་པར་མ་གྱུར་པ་གྲུབ་པར་མ་གྱུར་པ་ཕྱིས་འབྱུང་བ་ལ་ནི་སྒྲུབ་པར་བྱེད་པའི་ཆོས་ཀྱི་དེའི་བདག་ཉིད་རང་བཞིན་ཉིད་གང་ཡིན་པ་དེ་འགལ་བའི་ཕྱིར་རོ། །ཕྱིས་གྲུབ་པ་ཞེས་བྱ་བ་གང་ཡིན་པ་དེ་ཅི་ལྟར་སྔར་གྲུབ་པའི་རང་བཞིན་
เล่ม ๑๘๘ · หน้า 234b
ཡིན་པར་འགྱུར། དེ་ལྟར་རྟོག་ན་ནི་སྔར་གྲུབ་པ་བདག་ཉིད་མེད་པ་ཅན་དུ་འགྱུར་ཏེ། དེས་ན་གྲུབ་པ་ཉིད་མི་འཐད་དོ། །གཞན་ཡང་ཐ་དད་པ་ནི་འགལ་བའི་ཆོས་དང་འབྲེལ་པ་ཡིན་ནོ། །གྲུབ་པ་དང་མ་གྲུབ་པ་ཡང་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ཀྱི་འགལ་བ་ཡིན་པས་གཅིག་པར་མི་འཐད་དོ། །གཞན་
ཡང་དངོས་པོ་རྣམས་ཀྱི་ཐ་དད་པ་ནི་རྒྱུ་ཐ་དད་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །གང་ཞིག་སྔར་སྐྱེས་པ་དང་། ཕྱིས་རྒྱུ་གཞན་གྱིས་སྐྱེད་པར་འགྱུར་བ་གང་ཡིན་པ་དེ་དག་གལ་ཏེ་ཐ་མི་དད་པ་ཡིན་ན་འོ་ན་གང་ལས་ཐ་དད་པར་འགྱུར་བ་ཡིན། དེ་ན་འགལ་བའི་ཆོས་དང་ལྡན་པ་དང་། རྒྱུ་ཐ་དད་པའི་ཕྱིར་སྔ་མ་དང་ཕྱི་
མའི་དུས་སུ་འབྱུང་བ་དག་ཐ་དད་པ་ཡིན་པས་དེའི་བདག་ཉིད་མ་ཡིན་ནོ། །གལ་ཏེ་དེའི་བདག་ཉིད་མ་ཡིན་མོད། གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོར་ནི་འགྱུར་རོ་ཞེ་ན། རྒྱུ་རྣམས་ཀྱང་ཞེས་སྨོས་ཏེ། སྒྲུབ་པར་བྱེད་པའི་ཆོས་གྲུབ་པ་ན་ཕྱིས་རྒྱུ་གཞན་ལས་འགྲུབ་པའི་བསྒྲུབ་བྱའི་ཆོས་ནི་འབྲས་བུར་འགྱུར་
གྲང་ན། རྒྱུ་རྣམས་ཀྱང་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་ནོ། །དེས་ན་འབྲས་བུ་ལ་འཁྲུལ་པའི་ཕྱིར་གོ་བར་བྱ་བ་དང་། གོ་བར་བྱེད་པའི་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཕྱིས་རྒྱུ་གཞན་ལས་འགྲུབ་པ་དེའི་བདག་ཉིད་མ་ཡིན་ཞིང་། དེའི་གོ་བར་བྱ་བ་ཡང་མ་ཡིན་པ་དེའི་ཕྱིར་བསྒྲུབ་
པར་བྱ་བ་དེ་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པ་ཉིད་ཀྱི་གཏན་ཚིགས་ནི་རང་བཞིན་དང་གོ་བར་བྱེད་པ་ཡང་ཡིན་ཏེ། དེས་ན་དེ་ཡོད་ཙམ་དང་རྗེས་འབྲེལ་ཅན། །ཞེས་ཁྱད་པར་དུ་བྱས་སོ། །རང་བཞིན་དེ་ཡང་རང་གི་བདག་ཉིད་ཀྱི་གཏན་ཚིགས་ཉིད་དུ་སྒྲས་ཉེ་བར་འགོད་པ་ན་ཁྱད་པར་ནི་བྱེ་བྲག་སྟེ། དེ་ལ་ལྟོས་པ་ཉེ་བར་
འགོད་པའམ། ཡང་ན་དག་པ་སྟེ། དཔེར་ན་འཇིག་པ་མི་རྟག་པ་བསྒྲུབ་པར་བྱ་བ་ལ་འབྲས་བུ་བྱས་པ་ཉིད་ཁྱད་པར་ལ་ལྟོས་པ་དང་བཅས་པ་དང་། ཡོད་པ་ཉིད་དེ་དོན་བྱེད་པར་ནུས་པ་ཉིད་ཙམ་དུ་བརྗོད་པའི་དག་པ་ཉིད་བརྗོད་པ་བཞིན་ནོ། །གལ་ཏེ་བྱས་པའི་སྒྲ་ལ་ཁྱད་པར་བརྗོད་པའི་སྒྲ་སྦྱར་བ་ནི་མེད་ཀྱི།
བྱས་པའི་དངོས་པོ་ཙམ་ཉིད་བྱས་པའི་སྒྲར་བརྗོད་པ་མ་ཡིན་ནམ། ཅི་ལྟར་བྱས་པའི་སྒྲས་ཁྱད་པར་ལ་ལྟོས་པའི་རང་བཞིན་བརྗོད་པ་ཡིན་ཞེ་ན། རང་གི་ངོ་བོར་གྲུབ་པར་བྱ་བའི་ཕྱིར་ཞེས་སྨོས་ཏེ། གྲུབ་པར་བྱ་བའི་དོན་དུ་རྒྱུ་དང་རྐྱེན་གཞན་དག་གི་བྱེད་པ་ལ་ལྟོས་པའོ། །དོན་ནི་འདི་ཡིན་ཏེ། གང་གི་
เล่ม ๑๘๘ · หน้า 235a
ཕྱིར་བྱེད་པ་ལ་ལྟོས་པ་བྱས་པར་བརྗོད་པ་ཡིན་པ་དེའི་ཕྱིར་བྱས་པའི་སྒྲས་ནི་ཁྱད་པར་ལ་ལྟོས་པའི་རང་བཞིན་བརྗོད་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སྒྲ་གཞན་སྦྱར་བ་ཉིད་ཀྱིས་དོན་གཞན་རྟོགས་པ་ནི་མ་ཡིན་ནོ། །ཁ་ཅིག་ཏུ་ཁྱད་པར་རྟོགས་པར་འགྱུར་བ་ཉིད་དེ། དེས་ན་སྒྲ་སྦྱོར་རོ། །
དཔེར་ན་བུམ་པ་བྱས་སོ་ཞེས་བརྗོད་པ་ན་རྫ་མཁན་གྱིས་སོ་ཞེས་ཁྱད་པར་རྟོགས་པར་འགྱུར་བ་ནི་སྨྲ་བ་པོའི་བསམ་པའི་དབང་གིས་ཁྱད་པར་སྦྱར་བར་བྱ་བའམ་མ་བྱས་ཀྱང་སླའོ། །གང་དུ་ཁྱད་པར་ནང་དུ་འདུ་བ་དེར་ནི་དེའི་སྒྲ་སྦྱར་བར་བྱ་བ་མ་ཡིན་ཏེ། དཔེར་ན་འཚོའོ་ཞེས་བྱ་བ་འདིར་གནས་སོ་ཞེས་བྱ་བར་
རྟོགས་པ་ཡིན་པས། དེར་སྲོག་གི་སྒྲ་སྦྱར་བར་བྱ་བ་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་བྱས་པའི་སྒྲས་རྒྱུ་ལ་ལྟོས་པ་ནང་དུ་འདུས་པ་ཡིན་ནོ། །དེས་ན་འདིར་བྱས་སོ་ཞེས་བྱ་བའི་སྒྲས་ནི་ཁྱད་པར་རྟོགས་པ་ཡིན་ལ། བྱས་པའི་སྒྲས་ནི་ཁྱད་པར་ནང་དུ་འདུས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུ་
དག་གིས་བྱས་པ་ཞེས་སྦྱོར་བ་མ་ཡིན་ནོ། །རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ཅན་ལ་སོགས་པ་ལ་ནི་ཁྱད་པར་སྦྱར་བ་ཡིན་ཏེ། དེས་ན་ཁྱད་པར་ལ་ལྟོས་པའི་སྒྲས་རང་བཞིན་ཉེ་བར་འགོད་པ་ན་ཁྱད་པར་བརྗོད་པར་སྦྱར་བའི་སྒྲ་དང་མ་སྦྱར་བའི་སྒྲ་ཡོད་པ་ཡིན་ནོ། །ཁྱད་པར་གྱི་སྒྲ་མ་སྦྱར་བ་ནི་ཁྱད་
པར་བརྗོད་པ་ལ་རྩོད་པ་དང་བཅས་པ་ཡིན་ཏེ། དེས་ན་ཚིག་ལེའུར་བྱས་པར་ཁྱད་པར་རྟོགས་པའི་འབྲས་བུའི་སྒྲ་དཔེར་བརྗོད་ན། འགྲེལ་པར་ནི་ཁྱད་པར་ནང་དུ་འདུས་པར་བྱས་པའི་སྒྲ་དཔེར་བརྗོད་པ་ཡིན་ནོ། །རྣམ་པ་དེ་ལྟ་བུ་ནི་རང་བཞིན་དག་པ་རྗོད་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པའི་
ཕྱིར། དེའི་ཁྱད་པར་གཞན་དེ་འདྲ་བའི་རང་བཞིན་དེ་དག་འཕེན་པ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་གཞན་དག་ཀྱང་བསྟན་པའི་ཕྱིར་འདིར་ནི་ཞེས་སྨོས་སོ། །རྐྱེན་གྱི་བྱེ་བྲག་གི་ཐ་དད་པ་ཉིད་ཅན་གྱི་མཚན་ཉིད་ཀྱི་རང་བཞིན་འདི་ལ་ནི་ཁྱད་པར་རྗོད་པར་བྱེད་པ་རྐྱེན་གྱི་སྒྲ་སྦྱར་བ་ཉིད་དོ། །དེ་ལྟར་
རང་བཞིན་གྱི་གཏན་ཚིགས་ཁྱད་པར་དང་བཅས་པ་ཡིན་ནོ། །ཁྱད་པར་མེད་པ་ཡང་དཔེར་ན་མི་རྟག་པ་ཉིད་ལ་ཡོད་པ་ཉིད་བཞིན་ནོ། །ཡོད་པའི་སྒྲས་ནི་དོན་བྱེད་པ་ཉིད་བརྗོད་ཀྱི་གཞན་ནི་མ་ཡིན་ནོ། །ཁྱད་པར་དང་བཅས་པའི་རང་བཞིན་ཡང་རྣམ་པ་གཉིས་ཏེ། བདག་ཉིད་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་ལ་ལྟོས་
เล่ม ๑๘๘ · หน้า 235b
པ་དང་། འབྲེལ་པ་གཞན་ལ་ལྟོས་པའོ། །འདི་ལྟར་འགའ་ཞིག་ལས་ལྡོག་པ་ལ་ལྟོས་ནས་དངོས་པོའི་སྐྱེ་བ་ཐ་དད་པ་ལྟ་བུར་བརྟགས་པ་ཡིན་ལ། སྐྱེ་བ་དེ་དང་འབྲེལ་པའི་དངོས་པོ་ནི་གཏན་ཚིགས་སུ་བཀོད་པ་ཡིན་ནོ། །འབྲེལ་པ་དེ་ཡང་དངོས་པོའི་རང་བཞིན་ཉིད་ཡིན་ནོ། །དེ་ཉིད་སྟོན་པ་ནི་རང་བཞིན་དུ་
གྱུར་པའི་ཆོས་གང་ཡིན་པ་དེ་ཡོངས་སུ་བཟུང་ནས་རང་བཞིན་གྱི་གཏན་ཚིགས་ཡིན་ཞེས་འབྲེལ་ཏོ། །དཔེར་བརྗོད་པ་ནི་དཔེར་ན་དེ་ཉིད་ལས་སྐྱེ་བ་བཞིན་ནོ། །སྐྱེ་བའི་སྒྲས་ནི་སྐྱེ་བ་དང་ལྡན་པའི་དངོས་པོ་ཉིད་བརྗོད་པ་ཡིན་ནོ། །རྟེན་མེད་པའི་སྐྱེ་བ་ཉིད་ནི་འགའ་ཡང་གཏན་ཚིགས་མ་ཡིན་ནོ། །དེས་ན་སྐྱེ་བའི་ཁྱད་
པར་ཅན་གྱི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེའི་ཕྱིར་ཇི་སྙེད་སྐྱེ་བ་དང་ལྡན་པར་བརྗོད་པ་ཡིན་པ་དེ་ཐམས་ཅད་ནི་སྐྱེ་བ་ཡིན་ནོ། །ཕྱོགས་འདིས་ཞེས་བྱ་བ་ནི་དག་པ་དང་། ཁྱད་པར་གཞན་ལ་ལྟོས་པ་དང་། རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་ལ་ལྟོས་པའི་རང་བཞིན་གྱི་རབ་ཏུ་དབྱེ་བ་བཤད་པ་
གང་ཡིན་པའི་ཕྱོགས་འདི་ཉིད་ཀྱིས་གཞན་དུ་ཡང་རང་བཞིན་གྱི་གཏན་ཚིགས་ཀྱི་དབྱེ་བ་བལྟ་བར་བྱའོ། །འདི་ཐམས་ཅད་ཀྱིས་ནི་དོན་འདི་བརྗོད་པ་ཡིན་ཏེ། གང་དུ་རང་བཞིན་གྱི་སྒྲའམ། ཡོད་པའི་སྒྲས་རང་གི་ངོ་བོ་ཉེ་བར་བཀོད་པ་དེ་ཉིད་ཀྱི་རང་བཞིན་གྱི་གཏན་ཚིགས་སུ་འགྱུར་བ་ནི་མ་ཡིན་གྱི།
འོན་ཀྱང་ཁྱད་པར་དང་འབྲེལ་པའི་དོན་བརྗོད་པའི་སྒྲས་བསྒྲུབ་པར་བྱ་བ་ལ་ཐ་དད་པ་མེད་པའི་སྒྲུབ་པར་བྱེད་པའི་ཆོས་གང་ཅི་བཀོད་པ་དེ་ཐམས་ཅད་ཀྱང་རང་བཞིན་ཉིད་དོ། །ཁྱད་པར་ཉེ་བར་བཀོད་པས་ནི་རྨོངས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཡང་ཇི་ལྟར་ན་རང་བཞིན་འདི་གོ་བར་བྱེད་པ་ཡིན་ཞེ་ན། རང་
བཞིན་དེ་ཡང་ཞེས་སྨོས་ཏེ། བྱས་པ་དེ་ཡང་གལ་ཏེ་མི་རྟག་པས་ཁྱབ་པ་རྗེས་སུ་འགྲོ་བ་ཚད་མས་ངེས་པ་ཡིན་པ་དེ་ལྟ་ན་ནི་གོ་བར་བྱེད་པ་ཡིན་ནོ། །ཁྱབ་པ་ངེས་པ་མེད་པའམ། ཆོས་ཅན་ལ་བརྟེན་པའི་ཕྱོགས་ཀྱི་ཆོས་ཉིད་མ་ངེས་ན་ནི་རྗེས་འགྲོ་ལྡོག་དང་ཕྱོགས་ཀྱི་ཆོས་དེའི་རང་བཞིན་གྱིས་གང་ཞིག་གོ་
བར་བྱེད་པ་ཡིན་པའི་གོ་བར་བྱེད་པ་དེ་ནི་གོ་བར་བྱེད་པ་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། དོན་གང་ཞིག་རང་གི་རང་བཞིན་རྟོགས་པ་ལ་ལྟོས་ནས། འགའ་ཞིག་གི་གོ་བར་བྱེད་པ་ཡིན་པ་དེ་ནི་རང་གི་ངོ་བོའི་ཡུལ་ཅན་གྱི་ཤེས་པ་མེད་པ་རང་གི་གོ་བར་བྱ་བ་གོ་བར་བྱེད་པ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด