རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ན་ཡ་བིནྡུ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๙ · หน้า 62b
མཐུན་པ་ཅན་གཉིས་ཀྱི་རྗེས་སུ་དཔག་པ་ཅན་དེ་གཉིས་ལའོ། །རེ་ཞིག་ཆོས་མཐུན་པ་ཅན་མི་དམིགས་པའི་དཔེ་དགོད་པའི་ཕྱིར། དམིགས་པའི་མཚན་ཉིད་དུ་གྱུར་པ་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པ་གང་སྣང་བ་གང་ཡིན་པ་མ་དམིགས་པ་ཞེས་བྱ་
བ་འདིས་ནི་སྣང་བ་མི་དམིགས་པ་དེ་རྗེས་སུ་བརྗོད་པའོ། །དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དེ་མེད་དོ་ཞེས་བྱ་བར་ཐ་སྙད་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་མེད་པའི་ཐ་སྙད་དུ་རུང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་བས་ན་མེད་པའི་ཐ་སྙད་དུ་རུང་བའི་ཉིད་ལ་སྣང་བ་མི་
དམིགས་པ་ངེས་པར་བསྟན་ཏེ། སྣང་བ་མི་དམིགས་པ་ནི་མེད་པའི་ཐ་སྙད་དུ་རུང་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བའི་དོན་ལ་ངེས་པར་སྟོན་པས་ཡང་ཁྱབ་པ་བསྟན་པ་ཡིན་ཏེ། ཇི་སྐད་དུ་ཁྱབ་པར་བྱེད་པའི་ཁྱབ་པ་ནི་དེ་ལ་ཡོད་པ་ཁོ་ན་ཡིན་ལ།
ཁྱབ་པར་བྱ་བ་ཡང་དེ་ཁོ་ན་ལ་ཡོད་པ་ཡིན་ནོ་ཞེས་བསྟན་པ་ཁྱབ་པ་སྒྲུབ་པ་ཚད་མའི་ཡུལ་ནི་དཔེ་ཡིན་པས་དེ་ཉིད་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་སྨོས་ཏེ། དཔེ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་གཞན་ཡིན་ནོ་ཞེས་བྱ་བའི་དོན་སྟོན་ཏོ། །མཐོང་བ་ཞེས་བྱ་བ་ནི་ཚད་ངེས་པ་ཡིན་ཏེ། རི་བོང་
གི་རྭ་ནི་མིག་གི་ཡུལ་དུ་བྱས་པ་མ་ཡིན་མོད་ཀྱི། འོན་ཀྱང་ཚད་མའི་སྒོ་ནས་མེད་པའི་ཐ་སྙད་དུ་རུང་བར་ཤེས་སོ། །རི་བོང་གི་རྭ་ལ་སོགས་པའི་གང་མེད་པའི་ཐ་སྙད་ཀྱི་ཡུལ་དེ་ལ་དེ་སྐད་ཅེས་བྱ་སྟེ། རི་བོང་གི་རྭ་ལ་སོགས་པ་ནི་སྣང་བ་མི་དམིགས་པ་ཙམ་གྱིས་མེད་པའི་ཐ་སྙད་ཡིན་པར་ཚད་མར་གྲུབ་
པ་ཡིན་ནོ། །དེ་བས་ན་ངག་འདིས་བརྗོད་པར་བྱ་བའི་ཁྱབ་པ་ནི་ཚད་མ་ལས་ཤེས་པར་བྱ་བ་ཡིན་ནོ། །ཁྱབ་པ་བསྟན་ནས་ད་ནི་སྣང་བ་མི་དམིགས་པའི་ཕྱོགས་ཀྱི་ཆོས་ཉིད་བསྟན་པའི་ཕྱིར། ཕྱོགས་ཀྱི་བྱེ་བྲག་གང་ན་ཞེས་བྱ་བ་སྨོས་ཏེ། ཕྱོགས་ནི་སའི་ཕྱོགས་གཅིག་གོ། །དེ་ཉིད་གཞན་ལས་བྱེ་
བྲག་ཏུ་གྱུར་པ་ནི་བྱེ་བྲག་ཡིན་ཏེ། ཕྱོགས་གཅིག་གི་བྱེ་བྲག་ཡིན་པས་ན་ཕྱོགས་གཅིག་ནའོ། །འགའ་ཞིག་ཅེས་བྱ་བ་ནི་རྟོགས་པ་པོའི་མངོན་སུམ་ལ་བྱ་སྟེ། ཕྱོགས་གཅིག་དེ་ཡང་མེད་པའི་ཐ་སྙད་ཀྱི་གཞིར་གྱུར་པ་སྒྲུབ་པ་པོའི་མངོན་སུམ་གང་ཡིན་པ་དེ་ཡིན་གྱི། གཞན་ནི་མ་ཡིན་
เล่ม ๑๘๙ · หน้า 63a
ནོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་ནི་སྣང་བ་སྟེ། ཇི་ལྟར་བུམ་པ་མེད་དུ་ཟིན་ཀྱང་སྒྲོ་བཏགས་ནས་དམིགས་པའི་རིག་བྱར་གྱུར་པ་ཉིད་ཡིན་པར་དེ་ལྟར་ན་བཤད་ཟིན་ཏོ། །རང་བཞིན་གྱི་གཏན་ཚིགས་ཀྱི་ཆོས་དང་མཐུན་པ་ཉིད་ཅན་དེའི་སྦྱོར་བ་བསྟན་པའི་ཕྱིར་དེ་
བཞིན་དུ་ཞེས་བྱ་བ་སྨོས་ཏེ། མི་དམིགས་པ་ལ་ཇི་ལྟ་བ་དེ་བཞིན་དུ་རང་བཞིན་གྱི་ཆོས་མཐུན་པ་ཅན་གྱི་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཡོད་པ་ཞེས་བྱ་བས་ཡོད་པ་རྗེས་སུ་བརྗོད་ནས། དེ་ཐམས་ཅད་མི་རྟག་པ་དེ་ཞེས་བྱ་བས་ནི་མི་རྟག་པ་ཉིད་སྒྲུབ་པའོ། །ཐམས་ཅད་སྨོས་པ་ནི་ངེས་
པའི་དོན་ཡིན་ཏེ། ཐམས་ཅད་མི་རྟག་པ་ཡིན་གྱི། མི་རྟག་པ་ཉིད་མ་ཡིན་པ་འགའ་ཡང་མེད་དེ། གང་ཡོད་པ་དེ་མི་རྟག་པ་ཁོ་ན་ཡིན་ཏེ། མི་རྟག་པ་ལས་གཞན་དུ་རྟག་པ་ལ་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་ལ་ཡོད་པ་ཉིད་ངེས་པར་བསྟན་པ་ཡིན་ནོ། །
དེ་ལྟར་ན་འདིར་ཁྱབ་པ་བསྟན་པའི་ཚིག་ཡིན་ནོ། །དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་འདི་ནི་ཁྱབ་པ་སྒྲུབ་པར་བྱེད་པ་ཚད་མའི་ཡུལ་སྟོན་པར་བྱེད་པ་ཡིན་ནོ། །དག་པ་ཞེས་བྱ་བས་ནི་བྱེ་བྲག་མེད་པའི་རང་བཞིན་གྱི་སྦྱོར་བའོ། །བྱེ་བྲག་དང་བཅས་པ་བསྟན་པའི་ཕྱིར། གང་
སྐྱེ་བ་དང་ལྡན་པ་ཞེས་བྱ་བ་སྨོས་ཏེ། སྐྱེ་བར་རང་གི་ངོ་བོ་ཐོབ་པ་གང་ལ་ཡོད་པ་དེ་སྐྱེ་བ་དང་ལྡན་པའོ། །གང་སྐྱེ་བ་དང་ལྡན་པ་ཞེས་བྱ་བས་ནི་སྐྱེ་བ་དང་ལྡན་པ་ཉིད་རྗེས་སུ་བརྗོད་ནས། དེ་ནི་མི་རྟག་པའོ་ཞེས་བྱ་བ་མི་རྟག་པ་ཉིད་བསྒྲུབ་པའོ། །དེ་ལྟ་ཡིན་དང་སྐྱེ་བ་དང་ལྡན་པ་ནི་མི་རྟག་
པ་ཉིད་ལ་ངེས་པར་བསྟན་ཏོ། །རང་བཞིན་དུ་གྱུར་པ་རང་བཞིན་གྱི་བདག་ཉིད་ཀྱི་ཆོས་དེའི་བྱེ་བྲག་གིས་བྱེ་བྲག་ཏུ་གྱུར་པ་གཏན་ཚིགས་སུ་བྱས་པའི་སྦྱོར་བའོ། །སྐྱེ་བ་མེད་པ་ལས་ལྡོག་པ་ལ་བརྟེན་ནས་དངོས་པོ་ལ་སྐྱེ་བ་ཞེས་བརྗོད་དོ། །ལྡོག་པ་དེ་ཉིད་ནི་གང་གི་ཚེ་ལྡོག་པ་གཞན་ལས་མི་
ལྟོས་པར་བརྗོད་པར་འདོད་པ་དེའི་ཚེ་དངོས་པོའི་སྐྱེ་བ་ཞེས་ཐ་དད་པར་འདྲ་བར་བསྟན་ཅིང་སྐྱེ་བ་ཐ་དད་པ་ལྟ་བུ་དེས་ཁྱད་པར་ཅན་དུ་གྱུར་པའི་དངོས་པོ་ཡང་སྐྱེ་བ་དང་ལྡན་པར་བརྗོད་པ་ཡིན་ནོ། །དེས་ན་རང་བཞིན་དུ་གྱུར་པའི་ཆོས་རྟག་པའི་ཐ་དད་པས་ཁྱད་པར་ཅན་དུ་གྱུར་པའི་རང་བཞིན་གྱི་སྦྱོར་བ་ཡིན་པར་
เล่ม ๑๘๙ · หน้า 63b
བལྟའོ། །གང་བྱས་པ་དེ་ནི་ཞེས་བྱ་བ་ནི་བྱས་པ་ཉིད་རྗེས་སུ་བརྗོད་ནས་མི་རྟག་པའོ་ཞེས་སྒྲུབ་པ་སྟེ། དེས་ན་མི་རྟག་པ་ཉིད་ལ་བྱས་པ་ཉིད་ངེས་པར་བསྟན་ཏོ། །དེ་བས་ན་མི་རྟག་པ་ཉིད་ཀྱིས་བྱས་པ་ལ་ཁྱབ་པར་བསྟན་པ་ཡིན་ནོ། །ཁྱད་པར་གྱི་བྱེ་བྲག་གིས་ཞེས་བྱ་བ་ནི་རང་བཞིན་གྱི་སྦྱོར་བ་ཞེས་
བྱ་བར་སྦྱར་རོ། །ཁྱབ་པར་ནི་ཁྱབ་པར་དུ་བྱེད་པའོ། །དེའི་བྱེ་བྲག་གིས་དེ་ཁྱད་པར་ཐ་དད་པས་ཁྱད་པར་ཅན་དུ་གྱུར་པའི་རང་བཞིན་གྱི་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །འདི་ལ་རེས་འགའ་ནི་དག་པ་ཁོ་ནའི་དོན་རྗོད་པར་བྱེད་དོ། །རེས་འགའ་ནི་ཐ་དད་པ་མ་ཡིན་པའི་བྱེ་བྲག་གིས་བྱེ་བྲག་ཏུ་གྱུར་པའོ། །
རེས་འགའ་ནི་ཐ་དད་པ་སྟེ། དཔེར་ན་ལྷ་སྦྱིན་ཞེས་བྱ་བ་དག་པ་ཡིན་ནོ། །རྣ་བ་འཕྱང་བ་ཅན་ཞེས་བྱ་བ་ནི་ཐ་དད་པ་མེད་པའི་རྣ་བ་གཉིས་ཀྱི་བྱེ་བྲག་ཅན་དུ་གྱུར་པའོ། །བ་ཁྲ་མོ་ཅན་ཞེས་བྱ་བ་ནི་ཐ་དད་པའི་བ་ཁྲ་མོའི་བྱེ་བྲག་ཅན་ནོ། །དེ་བཞིན་དུ་ཡོད་པ་ནི་དག་པ་ཡིན་ནོ། །སྐྱེ་བ་དང་ལྡན་པ་ནི་ཐ་དད་
པ་མེད་པའི་བྱེ་བྲག་ཡིན་ནོ། །བྱས་པ་ཉིད་ནི་ཐ་དད་པའི་བྱེ་བྲག་ཡིན་ནོ། །བ་ཁྲ་མོ་ཅན་གྱི་སྒྲ་ལ་ནི་ཐ་དད་པའི་བྱེ་བྲག་བརྗོད་པ་སྟེ། ཁྲ་མོའི་སྒྲ་དང་བའི་སྒྲ་ཡང་ཡོད་པ་མ་ཡིན་ནམ། བྱས་པའི་སྒྲ་ལ་ནི་བྱེ་བྲག་བརྗོད་པའི་སྒྲའི་སྦྱོར་བ་ཡོད་པ་མ་ཡིན་ནོ་སྙམ་དུ་དོགས་པ་ལ། རང་གི་
ངོ་བོ་བསྒྲུབ་པར་བྱ་བའི་ཕྱིར་གཞན་གྱི་བྱེད་པ་ལ་ལྟོས་པའི་ངོ་བོ་ཞེས་བྱ་བ་སྨོས་ཏེ། རྒྱུ་གཞན་གྱི་བྱེད་པའོ། །རང་གི་ངོ་བོ་བསྒྲུབ་པར་བྱ་བའི་ཕྱིར་འགྲུབ་པའི་དོན་དུ་གཞན་གྱི་བྱེད་པ་ལ་ལྟོས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་
ཕྱིར་གཞན་གྱི་བྱེད་པ་ལ་ལྟོས་པས་བཤད་པ་དེ་བས་ན་ཐ་དད་པའི་བྱེ་བྲག་ཏུ་གྱུར་པའི་རང་བཞིན་དུ་བརྗོད་དོ། །ཐ་དད་པའི་བྱེ་བྲག་གི་ཚིག་མ་སྦྱར་དུ་ཟིན་ཀྱང་བྱས་པའི་སྒྲ་ཉིད་ཀྱིས་ཐ་དད་པའི་བྱེ་བྲག་གི་ཚིག་ནང་དུ་འདུས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྱས་པའི་སྒྲ་འདི་ནི་མིང་གི་བྱེ་བྲག་ཡིན་ཏེ། གང་
གི་ཕྱིར་བྱས་པའི་རྐྱེན་འདི་ནི་མི་ལ་བྱེད་པ་ཡིན་ནོ། །གང་དུ་བྱེ་བྲག་འདུས་པ་དེར་ནི་བྱེ་བྲག་གི་ཚིག་སྦྱར་བར་མི་བྱ་བ་ཡིན་ལ། ཁ་ཅིག་ཏུ་ནི་བྱེ་བྲག་རྟོགས་པ་ཡིན་ཏེ། དཔེར་ན་བྱས་སོ་ཞེས་བརྗོད་པ་ན་རྒྱུ་རྣམས་ཀྱིས་ཞེས་བྱ་བ་འདི་རྟོགས་པ་བཞིན་ནོ། །དེར་ནི་རེས་འགའ་ནི་རྒྱུའི་སྒྲ་སྦྱོར་བར་
เล่ม ๑๘๙ · หน้า 64a
བྱེད་ལ། །རེས་འགའ་ནི་སྦྱོར་བར་མི་བྱེད་དོ། །རང་གི་སྒྲ་སྦྱོར་བ་ཡང་དཔེར་ན་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་ཀྱིས་སྒྲ་ལ་རྐྱེན་ཐ་དད་པ་ལྟ་བུའོ། །ཇི་ལྟར་བྱས་པའི་སྒྲ་ཐ་དད་པའི་བྱེ་བྲག་ཅན་གྱི་རང་བཞིན་རྗོད་པར་བྱེད་པ་དེ་བཞིན་དུ། རྐྱེན་གྱི་བྱེ་བྲག་གིས་ཐ་དད་
པ་ཉིད་ཅན་ལ་སོགས་པ་གང་དག་ཡིན་པ་དང་། བརྩལ་མ་ཐག་ཏུ་འབྱུང་བ་ལ་སོགས་པའི་ཐ་དད་པའི་བྱེ་བྲག་ཅན་གྱི་རང་བཞིན་རྗོད་པར་བྱེད་པ་དེ་དག་ཀྱང་རང་བཞིན་རྗོད་པར་བྱེད་པའི་ཚིག་གི་སྦྱོར་བ་ཡིན་པར་བལྟ་བར་བྱའོ། །རྐྱེན་རྒྱུ་རྣམས་ཀྱི་བྱེ་བྲག་ཁྱད་པར་ཡིན་ཏེ། རྐྱེན་གྱི་བྱེ་བྲག་དེས་ཐ་དད་
པ་ཅན་དུ་གྱུར་པ་ངོ་བོ་གང་ཡིན་པ་དེ་ནི། རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་རྐྱེན་གྱི་སྒྲའོ། །དེའི་ངོ་བོ་ནི་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ཡིན་ནོ། །རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་རྐྱེན་དེ་ལས་ནི་སྒྲའི་བྱས་པ་བསྒྲུབ་པར་བྱ་བ་ཡིན་ལ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ལས་ནི་མི་རྟག་པ་ཉིད་ཡིན་
ནོ། །དེ་ནི་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པའི་སྒྲ་ལ་ནི་ཐ་དད་པའི་ཁྱད་པར་བརྗོད་པ་རྐྱེན་གྱི་བྱེ་བྲག་གི་སྒྲ་སྦྱོར་བ་ཡིན་ལ་བརྩལ་མ་ཐག་ཏུ་བྱུང་བའི་སྒྲ་ལ་ཡང་བརྩལ་བའི་སྒྲ་སྦྱར་བ་ཡིན་ནོ། །དེ་ལྟར་ན་རང་བཞིན་གྱི་གཏན་ཚིགས་ཀྱིས་སྦྱོར་བ་རྣམ་པ་གསུམ་དུ་བསྟན་ཏེ། དག་པ་དང་ཐ་དད་པ་མ་ཡིན་པའི་
བྱེ་བྲག་ཅན་དང་ཐ་དད་པའི་བྱེ་བྲག་ཅན་ནོ། །འདི་དེའི་ལྟར་བཤད་པའི་དོན་ནི་འགའ་ཚིག་གིས་འཁྲུལ་པས་རང་བཞིན་གྱི་གཏན་ཚིགས་སྦྱར་བ་ལ་རྨོངས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །འོན་ཏེ་རང་བཞིན་གྱི་གཏན་ཚིགས་དེ་དག་ཅི་འབྲེལ་པ་མ་གྲུབ་པའི་བསྒྲུབ་པར་བྱ་བའི་རང་བཞིན་ལ་སྦྱོར་བར་
བྱ་བ་ཡིན་ནམ། འོན་ཏེ་གྲུབ་པའི་རང་བཞིན་ལ་ཞེས་དོགས་པ་ལ། གྲུབ་པའི་རང་བཞིན་ལ་སྦྱོར་བར་བྱའོ་ཞེས་བསྟན་པའི་ཕྱིར། སྒྲུབ་པའི་ཆོས་དེ་དག་ཐམས་ཅད་ནི་ཞེས་བྱ་བ་སྨོས་ཏེ། རྟོགས་པར་བྱེད་པ་ཡིན་པའི་ཕྱིར་སྒྲུབ་པའོ། །གཞན་ལ་བརྟེན་པའི་ཕྱིར་ཆོས་སོ། །སྒྲུབ་པའི་ཆོས་ཁོ་
ན་ཙམ་སྟེ། ཙམ་གྱི་སྒྲས་ལྟོས་པར་བྱ་བ་ལྷག་པ་བསལ་བ་ཡིན་ནོ། །དེ་དང་རྗེས་སུ་འབྲེལ་པ་ནི་རྗེས་སུ་ཞུགས་པ་དང་རྗེས་སུ་འགྲོ་བའོ། །སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གིས་གྲུབ་ཅེ་ན། རང་གི་ཚད་མ་ཇི་ལྟ་བུ་དག་གིས་ཏེ། བསྒྲུབ་པར་
เล่ม ๑๘๙ · หน้า 64b
བྱ་བའི་ཆོས་གང་གི་བདག་ཉིད་ཀྱི་ཚད་མ་གང་ཡིན་པའི་ཚད་མ་དེ་ཉིད་ཀྱིས་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་གྱི་གཏན་ཚིགས་ལ་ཡང་དབྱེ་ན་རྣམ་པ་མང་དུ་ཡོད་པའི་ཕྱིར་འབྲེལ་པ་བསྒྲུབ་པ་ཡང་ཚད་མ་མང་བས་ཚད་དག་གིས་ཞེས་མང་པོའི་ཚིག་ཏུ་བསྟན་ཏོ། །རྟོགས་པར་བྱ་བ་ཡིན་པའི་ཕྱིར་
བསྒྲུབ་པར་བྱ་བའོ། །གཞན་ལ་བརྟེན་པའི་ཕྱིར་ཆོས་ཏེ། བསྒྲུབ་པར་བྱ་བའི་ཆོས་སོ། །དེའི་དོན་ནི་འདི་ལྟ་སྟེ། སྒྲོན་མ་བཞིན་དུ་རུང་བའི་སྒོ་ནས་ནི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་གྱི། འོན་ཀྱང་མེད་ན་མེད་པ་ཉིད་དུ་ངེས་པ་ཡིན་ཏེ། བསྒྲུབ་པར་བྱ་བ་མེད་ན་ནི་མི་འབྱུང་བར་ངེས་པ་ཁོ་ན་
གཏན་ཚིགས་ཀྱི་རྟོགས་པར་བྱེད་པའི་བྱེད་པ་ཡིན་གྱི་གཞན་འགའ་ཡང་མ་ཡིན་ནོ། །ཐོག་མ་གནོད་པར་བྱེད་པའི་ཚད་མས་བསྒྲུབ་པར་བྱ་བ་གཏན་ཚིགས་དང་འབྲེལ་པ་གཏན་ལ་དབབ་པར་བྱེད་པ། ཕྱིས་རྗེས་སུ་དཔོག་པར་བྱེད་པའི་ཚེ་ནི་བྱས་པ་ཞེས་བྱ་བ་ནི་མི་རྟག་པའི་རང་བཞིན་ཡིན་ནོ་ཞེས་ཀྱང་སྒྲུབ་
པར་བྱེད་པ་དང་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་དུ་སྤྱིར་དྲན་པར་བྱ་བ་ཡིན་ནོ། །སྤྱིར་དྲན་པའི་དོན་དེ་ཉིད་ཡང་ཁྱད་པར་ལ་སྦྱོར་བར་བྱེད་པ་ནི་སྒྲ་ལ་ཡོད་པའི་བྱས་པ་འདི་ཡང་མི་རྟག་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའོ། །དེ་ལ་སྤྱིར་དྲན་པ་ནི་རྟགས་ཤེས་པ་ཡིན་ལ། བྱེ་བྲག་ཏུ་གྱུར་པ་སྒྲ་ལ་ཡོད་པའི་
བྱས་པ་ཉིད་མི་རྟག་པའི་རང་བཞིན་དུ་དྲན་པའི་ནི་རྗེས་སུ་དཔག་པའི་ཤེས་པ་ཡིན་ནོ། །དེ་ལྟར་ཡིན་དང་ལྐོག་ཏུ་གྱུར་པའི་དོན་རྟོགས་པར་བྱེད་པ་ཞེས་བྱ་བ་ནི་མེད་ན་མི་འབྱུང་བར་ཤེས་པ་ཉིད་ཡིན་ནོ། །དེས་ན་དེ་ཙམ་དང་རྗེས་སུ་འབྲེལ་པར་ངེས་པའི་བསྒྲུབ་པར་བྱ་བའི་ཆོས་ལ་རང་བཞིན་གྱི་གཏན་
ཚིགས་སྦྱར་བར་བྱའོ། །གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །སྒྲུབ་པར་བྱེད་པ་གལ་ཏེ་དེ་ལྟར་སྒྲུབ་པར་བྱེད་པ་དང་ལྷན་ཅིག་འབྲེལ་པ་ངེས་པར་བྱ་བ་ཡིན་མོད། བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་ངེས་པ་ཅིའི་ཕྱིར་གསལ་བར་བྱ་ཞེ་ན། དེ་ཉིད་
ཅེས་བྱ་བ་སྨོས་ཏེ། སྒྲུབ་པར་བྱེད་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་གྲུབ་པ་ནི། དེའི་རང་བཞིན་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་གང་ཞིག་སྒྲུབ་པར་བྱེད་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་དང་ལྡན་པ་དེ་ཉིད་
เล่ม ๑๘๙ · หน้า 65a
སྒྲུབ་པར་བྱེད་པའི་ཆོས་དེའི་ངོ་བོ་ཡིན་གྱི། གཞན་ནི་མ་ཡིན་ནོ། །འདི་འདྲ་བ་ཁོ་ན་རང་བཞིན་ཡིན་དུ་ཟད་མོད་བསྒྲུབ་པར་བྱ་བའི་རང་བཞིན་ཉིད་ལ་ཅིའི་ཕྱིར་གཏན་ཚིགས་སྦྱོར་ཞེ་ན། རང་བཞིན་ཡང་གཏན་ཚིགས་ཡིན་པའི་ཕྱིར་ཏེ། འདིར་ནི་རང་བཞིན་ཁོ་ནའི་
གཏན་ཚིགས་ཀྱི་སྐབས་ཡིན་ཏེ། དེ་བས་ན་སྒྲུབ་པར་བྱེད་པའི་རང་བཞིན་དུ་གྱུར་པ་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ལ། རང་བཞིན་ཡང་སྒྲུབ་པར་བྱེད་པའི་ཆོས་ཙམ་དང་འབྲེལ་པ་ཡིན་གྱི། གཞན་ནི་མ་ཡིན་གྱི། གཞན་ནི་བསྒྲུབ་པར་བྱ་བའི་ཆོས་སྒྲུབ་པར་བྱེད་པའི་རང་བཞིན་ཡིན་ན། འོ་
ན་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ་ཞེ་ན། དངོས་སུ་ན་ཞེས་བྱ་བ་སྨོས་ཏེ། དོན་དམ་པར་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་དེའི་བདག་ཉིད་ཡིན་གྱི། སྒྲོ་བཏགས་ཏེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་
དངོས་པོ་ནི་ངེས་པ་ལ་གནས་པའི་ངོ་བོ་ཡིན་ལ། ངེས་པ་ལ་གནས་པའི་ངོ་བོ་ཕན་ཚུན་ལྡོག་པས་བྱས་པའི་སྒྲོ་བཏགས་པའི་བྱེ་བྲག་གིས་ཐ་དད་པ་དེས་ན་སྒྲུབ་པར་བྱེད་པ་ཡང་གཞན། སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བ་ཡང་གཞན་ཡིན་ནོ། །འདི་ལྟར་ཐག་རིང་པོ་ནས་ཡལ་ག་ལ་སོགས་པ་དང་
ལྡན་པའི་དོན་ལ་ཤིང་ཞེས་ནི་ངེས་ལ། ཤིང་ཤ་པ་ཞེས་ནི་མ་ངེས་མོད་ཀྱི། དེ་ལྟ་ན་དེ་ཉིད་ཤིང་ཡིན་ལ་ཤ་པ་ཡང་དེ་ཉིད་དེ། དེས་ན་དངོས་པོ་ལ་ཐ་དད་པ་མེད་ཀྱང་ངེས་པས་ལྡོག་པའི་དབྱེ་བ་ཐ་དད་པར་ཀུན་དུ་སྟོན་པར་བྱེད་དོ། །དེ་ལྟ་བས་ན་ངེས་པ་ལ་གནས་པའི་ངོ་བོ་ལ་ལྟོས་ནས། སྒྲུབ་པར་
བྱེད་པ་ཡང་གཞན་བསྒྲུབ་པར་བྱ་བ་ཡང་གཞན་ཡིན་ལ། དེས་ན་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་མ་ཡིན་ལ། དངོས་སུ་ན་དེའི་བདག་ཉིད་ཀྱང་ཡིན་ནོ། །ཅིའི་ཕྱིར་སྒྲུབ་པར་བྱེད་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་ཁོ་ན་སྒྲུབ་པར་བྱེད་པའི་རང་བཞིན་ཡིན་གྱི་གཞན་མ་ཡིན་ཞེ་
ན། དེ་གྲུབ་པ་ལ་ཞེས་བྱ་བ་སྨོས་ཏེ། གང་ཞིག་གང་དང་རྗེས་སུ་འབྲེལ་པ་དེ་ནི་དེ་གྲུབ་པ་ན་མ་གྲུབ་པ་མ་ཡིན་ཏེ། གང་གི་ཕྱིར་དེ་གྲུབ་པ་ན་མ་གྲུབ་པ་དེ་ནི་སྒྲུབ་པར་བྱེད་པའི་རང་བཞིན་ཉིད་དུ་མི་རིགས་སོ། །འདི་ལྟར་གྲུབ་པ་དང་མ་གྲུབ་པ་གཉིས་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཡིན་ལ།
เล่ม ๑๘๙ · หน้า 65b
དངོས་པོ་དང་དངོས་པོ་མེད་པ་ཡང་ཕན་ཚུན་སྤངས་ཏེ། གནས་པ་ཡིན་ཏེ། ཅི་སྟེ་སྔར་གྲུབ་པ་དང་མ་གྲུབ་པ་གཅིག་ཡིན་པར་གྱུར་ན་ནི་དོན་གཅིག་ཁོ་ན་ལ་དུས་གཅིག་ཏུ་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་འགྱུར་ན། དངོས་པོ་དང་དངོས་པོ་མེད་པ་འགལ་བ་དག་གཅིག་ཏུ་རིགས་སུ་ཡང་མ་ཡིན་ཏེ།
གཅིག་མ་ཡིན་པ་ནི་འགལ་བའི་ཆོས་དང་ལྡན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་ཕྱིས་སྐྱེ་བ་ནི་སྔར་སྐྱེ་བ་ལས་ཐ་དད་པའི་རྒྱུ་ཅན་ཡིན་ལ། འབྲས་བུ་ཐ་དད་པ་ཡང་རྒྱུ་ཐ་དད་པ་སྔོན་དུ་སོང་བ་ཡིན་ནོ། །དེ་བས་ན་གྲུབ་པ་དང་མ་གྲུབ་པ་གཉིས་མི་མཐུན་པའི་ཆོས་ཚོགས་པའི་བདག་
ཉིད་ཀྱི་ཐ་དད་པ་ཡིན་ལ་ཐ་དད་པའི་རྒྱུ་ཅན་ཡང་བྱེད་རྒྱུ་ཐ་དད་པ་ཡིན་པས་ཇི་ལྟར་གཅིག་ཡིན། དེ་བས་ན་སྒྲུབ་པར་བྱེད་པ་ཙམ་དང་རྗེས་སུ་འབྲེལ་པ་ཁོ་ན་བསྒྲུབ་པར་བྱ་བའི་རང་བཞིན་ཡིན་གྱི། གཞན་ནི་མ་ཡིན་ནོ། །ཕྱིས་གྲུབ་པ་སྔར་སྐྱེས་པའི་རང་བཞིན་མ་ཡིན་དུ་ཟད་མོད་ཀྱི། བསྒྲུབ་པར་བྱ་བ་ཅིའི་
ཕྱིར་མ་ཡིན་ཞེ་ན། སྔར་སྐྱེས་པས་ཕྱིས་གྲུབ་པ་ལ་འཁྲུལ་པ་སྟེ། ཡོངས་སུ་གཏོང་བ་གང་ཡིན་པ་དེ་ཡང་སྲིད་པའི་ཕྱིར་ཕྱིས་འགྲུབ་པ་ནི་སྔར་གྲུབ་པའི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེ་བས་ན་སྒྲུབ་པར་བྱེད་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་ཁོ་ན་རང་བཞིན་ཡིན་ལ། དེ་ཡང་བསྒྲུབ་པར་
བྱ་བ་ཡིན་ནོ། །དེ་ལྟར་ན་ནི་སྒྲུབ་པར་བྱེད་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་གྲུབ་པ་ཁོ་ན་ལ་རང་བཞིན་གྱི་གཏན་ཚིགས་སྦྱར་བར་བྱ་བར་གནས་སོ། །འབྲས་བུའི་གཏན་ཚིགས་ཀྱི་སྦྱོར་བ་ལ་སྐབས་ཀྱིས་ན་ཆོས་མཐུན་པ་ཉིད་ཅན་ཞེས་བྱ་བ་ལྟོས་པར་བྱ་བ་ཡིན་ནོ། །གང་ན་དུ་བ་ཡོད་པ་ཞེས་
དུ་བ་རྗེས་སུ་བརྗོད་ནས། དེ་ན་མེ་ཡོད་དེ་ཞེས་བྱ་བ་ནི་མེ་ཡོད་པ་རྗེས་སུ་སྒྲུབ་པའོ། །དེ་ལྟར་ན་སྔ་མ་བཞིན་དུ་ངེས་པའི་དོན་ཁོང་དུ་ཆུད་པར་བྱའོ། །དེས་ནི་རྒྱུ་དང་འབྲས་བུ་ཡོད་པའི་རྒྱུ་མཚན་གྱི་ཁྱབ་པ་བསྟན་པ་ཡིན་ནོ། །ཁྱབ་པ་སྒྲུབ་པ་ཚད་མའི་ཡུལ་བསྟན་པའི་ཕྱིར། དཔེར་ན་ཚང་
བང་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། ཚང་བང་ལ་སོགས་པར་མངོན་སུམ་དང་མི་དམིགས་པ་གཉིས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོའི་བདག་ཉིད་མེད་ན་མི་འབྱུང་བ་ངེས་པ་ཡིན་ནོ། །འདི་ན་ཡང་དུ་བ་ཡོད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཕྱོགས་ཀྱི་ཆོས་ཉེ་བར་བསྡུས་པའོ། །
เล่ม ๑๘๙ · หน้า 66a
འདིར་ཡང་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་འབའ་ཞིག་ལ་མ་ཡིན་གྱི། འབྲས་བུའི་གཏན་ཚིགས་འདིར་ཡང་ངོ་། །གྲུབ་པ་ཁོ་ན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུར་འབྲེལ་པ་ངེས་པ་ཁོ་ན་ལ་སྟེ། ངེས་པ་ནི་གདོན་མི་ཟ་བར་བྱ་དགོས་སོ། །འདི་བལྟར་རུང་
བ་ཙམ་གྱི་སྒོ་ནས་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་གྱི། མེད་པ་མ་ཡིན་པའི་ཕྱིར་ཞེས་བཤད་ཟིན་ཏོ། །ཆོས་མཐུན་པ་ཅན་གྱི་རང་བཞིན་དང་འབྲས་བུ་དང་མི་དམིགས་པའི་སྦྱོར་བ་བསྟན་པ་ཡིན་ནོ། །ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་བསྟན་པའི་ཕྱིར། ཆོས་མི་མཐུན་པ་ཉིད་ཅན་ཞེས་
བྱ་བ་སྨོས་ཏེ། གང་ཡོད་པ་ཞེས་བྱ་བ་ནི་དམིགས་པའི་རིག་བྱར་གྱུར་པ་གང་ཡིན་པ་སྟེ། བལྟར་རུང་བ་ཡོད་པ་གང་ཡིན་པ་ཞེས་བོད་པ་ཉིད་དུ་རྗེས་སུ་བརྗོད་པའོ། །དེ་ནི་དམིགས་པ་ཁོ་ནར་འགྱུར་ཏེ་ཞེས་བྱ་བ་ནི་དམིགས་པ་ཉིད་བསྒྲུབ་པའོ། །དེས་ན་འདིས་ནི་སྣང་བ་ཡོད་པ་ལ་མཐོང་
བའི་ཡུལ་ཉིད་ཀྱིས་ཁྱབ་པ་བསྟན་ཏོ། །མེད་པ་ལོག་པ་ངེས་པའི་ཕྱིར་སྒྲུབ་པར་བྱེད་པ་ལོག་པས་ཁྱབ་པ་བསྟན་ཏོ། །དེ་བས་ན་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བའི་ཆོས་མེད་ན་ནི་གཏན་ཚིགས་ཀྱང་ཡོད་པར་མི་འགྱུར་ཏེ། གཏན་ཚིགས་མེད་པས་བསྒྲུབ་པར་བྱ་བ་མེད་པ་ལ་ཁྱབ་པའི་ཕྱིར་
རོ། །གཏན་ཚིགས་ཀྱང་ཡོད་དོ། །དེ་བས་ན་ཁྱབ་པར་བྱེད་པ་སྒྲུབ་པར་བྱེད་པ་མེད་པས་ཁྱབ་པར་བྱ་བ་བསྒྲུབ་པར་བྱ་བ་མེད་པ་མེད་དེ། དེས་ན་བསྒྲུབ་པར་བྱ་བ་ངེས་པ་ཡིན་ན། དེ་བས་ན་ཆོས་མི་མཐུན་པའི་སྦྱོར་བ་ཐམས་ཅད་དུ་སྒྲུབ་པར་བྱེད་པ་མེད་པ་ངེས་པར་བསྟན་པར་བྱ་བ་
ཡིན་ནོ་ཞེས་རིགས་པ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་ཀྱི་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་བསྟན་པའི་ཕྱིར། མི་རྟག་པ་ཉིད་མེད་ན་ཞེས་བྱ་བ་སྨོས་ཏེ། འདིར་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་མེད་པ་གཏན་ཚིགས་མེད་པ་ལ་ངེས་པར་བརྗོད་པ་ཡིན་ཏེ། དེ་བས་ན་རང་བཞིན་གྱི་
གཏན་ཚིགས་གསུམ་ཆར་ཡང་གཏན་ཚིགས་མེད་པར་བསྒྲུབ་པར་བྱ་བ་མེད་པ་ལ་ངེས་པར་ཁྱབ་པར་བསྟན་ཏོ། །སྒྲ་ནི་ཡོད་པའམ། སྐྱེ་བ་དང་ལྡན་པའམ། བྱས་པའོ་ཞེས་བྱ་བ་ནི་གསུམ་ཀའི་ཡང་ཕྱོགས་ཀྱི་ཆོས་བསྟན་པའོ། །འདིར་ཡང་ཁྱབ་པར་བྱེད་པ་སྒྲུབ་པར་བྱེད་པ་
เล่ม ๑๘๙ · หน้า 66b
མེད་པར་བརྗོད་པ་ཡིན་ཏེ། དེ་བས་ན་ཁྱབ་པར་བྱེད་པ་སྒྲུབ་པར་བྱེད་པ་མེད་པ་ཡང་ལོག་པས་བསྒྲུབ་པར་བྱ་བ་རྟོགས་པ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ཀྱི་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི། མེ་མེད་ན་ཞེས་བྱ་བ་སྨོས་ཏེ། འདིར་ཡང་མེ་མེད་པ་ལ་དུ་བ་མེད་པས་ཁྱབ་པར་
བསྟན་ཏོ། །འདི་ན་ནི་དུ་བ་ཡོད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དུ་བ་མེད་པ་མེད་དོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེ་བས་ན་ཁྱབ་པར་བྱ་བ་མེ་མེད་པས་ན་བསྒྲུབ་པར་བྱ་བ་རྟོགས་པ་ཡིན་ནོ། །ཆོས་མཐུན་པ་ཉིད་ཅན་ལ་ཡང་ལྡོག་པ་མ་བསྟན་ལ། ཆོས་མི་མཐུན་པ་ཉིད་ཅན་ལ་ཡང་རྗེས་སུ་འགྲོ་བ་མ་
བསྟན་ན་དེ་ཇི་ལྟར་ཚུལ་གསུམ་པའི་རྟགས་བརྗོད་པ་ཡིན་ཞེ་ན། དོན་གྱིས་ན་ཆོས་མཐུན་པས་ཀྱང་ནི་ཞེས་བྱ་བ་སྨོས་ཏེ། བརྗོད་པར་བྱ་བ་ཆོས་མཐུན་པ་ཉིད་དང་ལྡན་པའི་སྦྱོར་བ་བྱས་པ་ལ་ཡང་དོན་གྱིས་ཏེ་ཤུགས་ཀྱིས་ན། ཆོས་མི་མཐུན་པ་ཉིད་ལྡོག་པ་རྟོགས་པར་འགྱུར་རོ། །ནིའི་དོན་ནི་
གང་གི་ཕྱིར་ཏེ། དེ་ལྟ་ན་ནི་དེ་བས་ན་ཚུལ་གསུམ་པའི་རྟགས་འཆད་པ་ཉིད་ཡིན་ནོ། །གལ་ཏེ་ཡང་རྗེས་སུ་འགྲོ་བ་ལ་ལྡོག་པ་མ་སྨྲས་སུ་ཟིན་ཀྱང་རྗེས་སུ་འགྲོ་བའི་ཚིག་གི་ཤུགས་ཉིད་ཀྱིས་ཁོང་དུ་ཆུད་པར་འགྱུར་རོ། །ཇི་ལྟ་ཞེ་ན། བློས་རྟོགས་པའི་ལྡོག་པ་དེ་མེད་ན་སྒྲུབ་པར་བྱེད་པ་
ལ་གཏན་ཚིགས་རྗེས་སུ་འགྲོ་བ་བློས་ཡིད་ཆེས་པ་མེད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ངེས་པར་ནི་རྗེས་སུ་འགྲོ་བའི་ཚིག་ལས་ཁོང་དུ་ཆུད་པར་བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པར་བྱེད་པ་ཡོད་པར་དོགས་པ་མི་བྱ་སྟེ། དེ་ལྟར་མ་ཡིན་ན་བསྒྲུབ་པར་བྱ་བ་ལ་ངེས་པ་ཉིད་ཡིན་པར་
མི་རྟོགས་པར་འགྱུར་རོ། །བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པར་བྱེད་པ་མེད་པར་རྟོག་པ་ཡང་ལྡོག་པ་རྟོགས་པ་ཡིན་ཏེ། དེ་བས་ན་རྗེས་སུ་འགྲོ་བའི་ཚིག་ལས་བསྒྲུབ་པར་བྱ་བ་ལ་སྒྲུབ་པར་བྱེད་པ་ཡོད་པར་རྗོད་པའི་ཤུགས་ཀྱིས་ལྡོག་པ་རྟོགས་པ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་
ཚིག་ལ་ཇི་ལྟ་བ་དེ་བཞིན་དུ་དོན་གྱིས་ན་ཆོས་མི་མཐུན་པ་ཅན་གྱི་སྦྱོར་བ་རྗེས་སུ་འགྲོ་བ་མ་བརྗོད་དུ་ཟིན་ཀྱང་རྟོགས་སོ། །ཇི་ལྟ་བུ་ཞེ་ན། བློས་བཟུང་བའི་རྗེས་སུ་འགྲོ་བ་དེ་མེད་ན་ནི་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པ་ཉིད་དུ་མི་འགྲུབ་སྟེ། ཁོང་དུ་ཆུད་པར་མི་འགྱུར་བའི་ཕྱིར་རོ། །
เล่ม ๑๘๙ · หน้า 67a
གཏན་ཚིགས་མེད་པ་ལ་བསྒྲུབ་བྱ་མེད་པ་ངེས་པར་ནི་ལྡོག་པའི་ཚིག་ལས་ཁོང་དུ་ཆུད་པས་གཏན་ཚིགས་ཡོད་པ་ལ་བསྒྲུབ་པར་བྱ་བ་མེད་པར་དོགས་པར་མི་བྱ་སྟེ། དེ་ལྟར་མ་ཡིན་ན་གཏན་ཚིགས་མེད་པ་ལས་ངེས་པར་མི་འགྱུར་རོ། །གཏན་ཚིགས་ཡོད་ན་ཡང་
བསྒྲུབ་པར་བྱ་བ་ཡོད་པར་རྟོགས་ཀྱང་རྗེས་སུ་འགྲོ་བ་རྟོགས་པ་ཡིན་ཏེ། དེ་བས་ན་ལྡོག་པའི་ཚིག་ལ་སྒྲུབ་པར་བྱེད་པ་མེད་པ་ལས་བསྒྲུབ་པར་བྱ་བ་མེད་པར་ངེས་པར་བརྗོད་པའི་ཤུགས་ཀྱིས་རྗེས་སུ་འགྲོ་བ་རྟོགས་པ་ཡིན་ནོ། །ཅི་སྟེ་ནམ་མཁའ་ལ་སོགས་པ་ལས་བསྒྲུབ་པར་བྱ་བ་མེད་ན་
སྒྲུབ་པར་བྱེད་པ་མེད་དུ་ཟིན་ཀྱང་། དེ་ལྟ་མོད་ཀྱི་འོན་ཀྱང་ཅིའི་ཕྱིར་གཏན་ཚིགས་ཡོད་ན་བསྒྲུབ་པར་བྱ་བ་ཡོད་ཅེ་ན། རང་བཞིན་འབྲེལ་པ་མེད་ན་ནི་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེའི་རང་བཞིན་གྱིས་འབྲེལ་པ་གང་ཡིན་པ་དེ་མེད་ན་བསྒྲུབ་པར་བྱ་བ་ཅིག་ཤོས་ལོག་པས་སྒྲུབ་པར་བྱེད་
པ་གཞན་ངེས་པ་དང་ལྡན་ཞིང་ངེས་པ་ཅན་དུ་ལོག་པ་མ་ཡིན་ནོ། །འབྲེལ་པ་ཐམས་ཅད་ཀྱི་རང་བཞིན་འབྲེལ་པ་དེ་ཡང་རྣམ་པ་གཉིས་ཏེ་གང་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་རྒྱུ་མཚན་དུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ལ་དེ་ལས་མཚན་ཉིད་ཡོད་པ་དེ་ལ་དེ་སྐད་བྱ་སྟེ། གང་ཞིག་
གང་དུ་འབྲེལ་པའི་ཡུལ་གྱི་དོན་དེ་ནི་རང་བཞིན་ནམ་རྒྱུ་ཡིན་ཏེ། གཞན་དུ་འབྲེལ་པ་ཉིད་མི་འཐད་པའི་ཕྱིར་རོ། །དེ་བས་ན་རྣམ་པ་གཉིས་ཡིན་ནོ་ཞེས་བསྒྲུབ་པར་བྱ་བའི་དོན་རྟགས་འབྲེལ་པ་དེ་ཡང་ཞེས་བྱ་བ་དེར་བཤད་ཟིན་ཏོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་
ཕྱིར་རང་བཞིན་འབྲེལ་པ་ཡོད་ན་བཟློག་པར་བྱ་བ་དང་ལྡོག་པར་བྱེད་པ་ཡོད་པ་ཡིན་པ་དེ་བས་ན་བསྒྲུབ་པར་བྱ་བ་ལོག་ན་སྒྲུབ་པར་བྱེད་པ་ལྡོག་པར་བརྗོད་པས་ནི་ཟློག་པར་བྱེད་པ་གཉིས་ཀྱི་འབྲེལ་པ་བསྟན་པར་བྱ་བ་ཡིན་ཏེ། ཅི་སྟེ་སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བ་དང་འབྲེལ་པ་ཡིན་པ་དེ་
ལྟ་ན་ནི་བསྒྲུབ་པར་བྱ་བ་ལ་ལོག་པ་ན་ངེས་པར་ལྡོག་པར་འགྱུར་རོ། །གང་གི་ཕྱིར་འབྲེལ་པར་བྱ་བ་ཡིན་པ་དེ་ལྟར་ན་བསྒྲུབ་པར་བྱ་བ་ལོག་ན་སྒྲུབ་པར་བྱེད་པ་ལོག་པའི་ཚིག་གང་ཡིན་པ་དེ་འབྲེལ་པ་བསྟན་པས་བསྡུས་པ་ཡིན་ལ། གང་ཡང་དེས་བསྡུས་པ་འབྲེལ་པ་བསྟན་པ་དེ་ཉིད་རྗེས་
เล่ม ๑๘๙ · หน้า 67b
སུ་འགྲོ་བའི་ཚིག་ཡིན་ནོ། །འབྲེལ་པ་ཡང་ངེས་པ་བསྟན་པར་བྱ་བ་ཡིན་ཏེ། དེ་ལྟར་ན་བརྗོད་པར་བྱ་བ་ནི་རྗེས་སུ་འགྲོ་བ་ཡིན་ནོ། །གང་གི་ཕྱིར་དཔེ་ལ་ཚད་མས་འབྲེལ་པ་བསྟན་པ་ཉིད་རྗེས་སུ་འགྲོ་བ་ཡིན་གྱི། གཞན་ནི་གང་ཡིན་ཏེ། དེ་བས་ན་བཟློག་པར་བྱ་བ་དང་ཟློག་པར་བྱེད་པ་
དག་འབྲེལ་བར་བྱེད་པར་ཤེས་པར་བྱའོ། །དེ་ལྟར་ན་ཡང་རྗེས་སུ་འགྲོ་བ་ཉིད་ཀྱང་ཤེས་པར་འགྱུར་རོ། །དེ་ལྟ་བས་ན་ཞེས་བྱ་བའི་སྒྲ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་རྗེས་སུ་འགྲོ་བ་ལ་ཡང་ལྡོག་པ་རྟོགས་ལ། ལྡོག་པས་ཀྱང་རྗེས་སུ་འགྲོ་བ་རྟོགས་པ་དེ་བས་ན་ཚིག་གཅིག་གིས་ཀྱང་མཐུན་པའི་
ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་གཉི་ག་བསྟན་པ་ཡིན་ནོ། །འདི་བརྗོད་བྱར་ཡིན་པའི་ཕྱིར་ན་རྗེས་སུ་འགྲོ་བའི་སྒོ་སྟེ། ཐབས་གང་ལ་ཡོད་པ་དེ་ནི་རྗེས་སུ་འགྲོ་བའི་སྒོ་ཅན་ཏེ་དག་གོ། །དེ་བཞིན་དུ་ལྡོག་པའི་སྒོ་སྟེ་ཐབས་གང་ཡོད་པ་ཞེས་བྱ་བ། བས་ཞེས་
བྱ་བ་ནི་རྒྱུའི་དོན་ཏེ། གང་གང་གི་ཕྱིར་གཅིག་གིས་ཀྱང་གཉི་ག་རྟོགས་པ་དེ་བས་ན་སྒྲུབ་པར་བྱེད་པའི་ཚིག་གཅིག་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་ཚིག་གི་སྦྱོར་བ་གཉི་ག་ངེས་པར་བྱ་བ་མེད་དེ། དོན་རྟོགས་པར་བྱེད་པའི་ཕྱིར་སྒྲ་སྦྱོར་བར་བྱེད་པ་ཡིན་ལ། དོན་ཀྱང་རྟོགས་ཟིན་ན་
སྦྱོར་བས་ཅི་ཞིག་བྱ་སྟེ། རྗེས་སུ་འགྲོ་བའི་ཚིག་གཅིག་པོ་ཞིག་སྦྱོར་བར་བྱའོ། །མི་དམིགས་པ་ལ་ཡང་ལྡོག་པ་བསྟན་པའི་སྒོ་ནས་རྗེས་སུ་འགྲོ་བ་རྟོགས་པ་ཡིན་ཏེ། གང་ཡོད་པ་ལ་དམིགས་པའི་རིག་བྱར་གྱུར་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མེད་པའི་ཐ་སྙད་དུ་རུང་བ་ཉིད་ལོག་
པའི་རང་བཞིན་བལྟར་རུང་བ་ཡོད་པ་ཉིད་བསྟན་པའོ། །དེ་ནི་དམིགས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་མི་དམིགས་པ་ལོག་པའི་རང་བཞིན་མི་དམིགས་པ་ཉིད་བརྗོད་པའོ། །དེས་ན་འདིས་ནི་བསྒྲུབ་པར་བྱ་བ་ལོག་པ་ལ་སྒྲུབ་པར་བྱེད་པ་ལོག་པས་ཁྱབ་པ་བསྟན་ཏོ། །ཅི་སྟེ་སྒྲུབ་པར་
བྱེད་པ་ཡོད་ཀྱང་བསྒྲུབ་པར་བྱ་བ་ལྡོག་པར་འགྱུར་ན་ནི་སྒྲུབ་པར་བྱེད་པ་མེད་པས་ཁྱབ་པ་མ་ཡིན་པར་འགྱུར་རོ། །དེ་བས་ན་ཁྱབ་པ་བསྟན་པ་ཁོང་དུ་ཆུད་པར་བྱེད་པས་སྒྲུབ་པར་བྱེད་པ་ཡོད་པ་ལ་ནི་བསྒྲུབ་པར་བྱ་བ་ཡོད་པས་ཁྱབ་པ་བསྟན་པར་བྱའོ། །དེ་བས་ན་དེ་འདྲ་བ་མི་དམིགས་པ་
เล่ม ๑๘๙ · หน้า 68a
ནི་ཞེས་བྱ་བ་སྨོས་ཏེ། སྣང་བ་མེད་དོ་ཞེས་བྱ་བར་ཡིད་ཆེས་པ་ལ་རྗེས་སུ་འགྲོ་བ་སྒྲུབ་པའོ། །གང་གི་ཕྱིར་སྒྲུབ་པར་བྱེད་པ་ནི་བསྒྲུབ་པར་བྱ་བའི་ཆོས་དང་། དེའི་བདག་ཉིད་དང་དེ་ལས་བྱུང་བ་གཉིས་ཀྱི་འབྲེལ་པར་རྟོགས་པར་བྱ་བ་ཡིན་པ་དེའི་ཕྱིར། སྦྱོར་བ་
གཉི་ག་ལ་ཡང་ཕྱོགས་བསྟན་པར་བྱ་བ་ངེས་པ་མེད་དོ། །བསྒྲུབ་པར་བྱ་བ་ངེས་པར་རྟོགས་པའི་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཉིད་ཆོས་ཅན་ལ་མཐོང་བ་ལས་བསྒྲུབ་པར་བྱ་བ་རྟོགས་པའི་ཕྱིར་ཏེ། དེས་ན་བསྒྲུབ་པར་བྱ་བ་བསྟན་པས་ནི་ཅི་ཡང་བྱར་མེད་དོ། །དེ་བས་བསྒྲུབ་
པར་བྱ་བ་བསྟན་པའི་དགོས་པ་མེད་དོ། །དོན་འདི་ཉིད་མི་དམིགས་པའི་སྦྱོར་བ་ལ་སྟོན་ཏོ། །ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཤུགས་ཀྱིས་ཕྱོགས་འདི་ནི་བུམ་པ་མེད་དོ་ཞེས་བྱ་བར་འགྱུར་རོ། །ཤུགས་དེ་ཅི་ཞེ་ན། དམིགས་པའི་མཚན་ཉིད་དུ་གྱུར་པ་
གང་ཡང་མ་དམིགས་པ་ཞེས་བྱ་བ་ནི་མི་དམིགས་པ་རྗེས་སུ་བརྗོད་པའོ། །དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་པ་ལ་ཞེས་བྱ་བ་དེ་ནི་མེད་པའི་ཐ་སྙད་དུ་རུང་བ་ཉིད་སྒྲུབ་པའོ། །དེ་ལྟ་ཡིན་དང་སྣང་བ་མི་དམིགས་པ་ལ་ནི་མེད་པའི་ཐ་སྙད་དུ་རུང་བ་ཉིད་ཀྱིས་ཁྱབ་པར་བསྟན་པ་ཡིན་ནོ། །འདི་ན་ཡང་དམིགས་
པའི་མཚན་ཉིད་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པས་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་རྟགས་ཡོད་པར་བསྟན་ཏོ། །ཅི་སྟེ་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མེད་ན་ནི་སྒྲུབ་པར་བྱེད་པའི་ཆོས་ཀྱང་མེད་པར་འགྱུར་རོ། །སྒྲུབ་པར་བྱེད་པའི་ཆོས་ནི་བསྒྲུབ་པར་བྱ་བའི་ཆོས་ལ་ངེས་པའི་
ཕྱིར་ཞེས་བྱ་བ་ནི་ཤུགས་ཡིན་ནོ། །ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཇི་ལྟ་བ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་ཤུགས་ཉིད་ཀྱིས་འདིར་ཡོད་པའི་ཐ་སྙད་ཀྱི་ཡུལ་བུམ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ཤུགས་བསྟན་པའི་ཕྱིར་ཡོད་པའི་ཐ་སྙད་ཀྱི་ཡུལ་ཞེས་བྱ་བ་
སྨོས་ཏེ། ཡོད་པའམ་དམིགས་པའི་མཚན་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་སྣང་བ་ཞེས་བྱ་བ་ཡིན་ཏེ། འདི་བསྒྲུབ་པར་བྱ་བ་ལ་ལོག་པ་ཡིན་ནོ། །དམིགས་པ་ཁོ་ནར་གྱུར་ན་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ལོག་པའོ། །འདིས་ནི་བསྒྲུབ་པར་བྱ་བ་ལོག་པ་ལ་སྒྲུབ་པར་བྱེད་པ་ལོག་པས་ཁྱབ་པ་
เล่ม ๑๘๙ · หน้า 68b
བསྟན་ཏོ། །འདི་ན་དེ་འདྲ་བའི་བུམ་པ་མི་དམིགས་སོ་ཞེས་བྱ་བ་ནི་ཇི་ལྟར་གཞན་ན་སྣང་བ་མི་དམིགས་པ་དེ་ལྟར་ཕྱོགས་འདི་ན་སྣང་བ་དེ་འདྲ་བའི་བུམ་པ་མི་དམིགས་སོ་ཞེས་བྱ་བ་ཡིན་ནོ། །འདིས་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བསྒྲུབ་པར་བྱ་བ་ལོག་པའི་ཁྱབ་པར་བྱེད་བསྒྲུབ་པར་བྱེད་པ་
ལོག་པ་མེད་པར་བསྟན་ཏོ། །ཅི་སྟེ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་མེད་ན་ནི་སྒྲུབ་པར་བྱེད་པའི་ཆོས་ཀྱང་མེད་པར་འགྱུར་ན་སྒྲུབ་པར་བྱེད་པའི་ཆོས་ཅན་ནི་ཡོད་དོ་ཞེས་བྱ་བ་ནི་ཤུགས་ཡིན་ནོ། །དེ་བས་ན་ཤུགས་ཀྱིས་འདི་ན་བུམ་པ་མེད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་འགྱུར་
བས་ཕྱོགས་མི་བསྟན་པ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ལ་ཡང་དེ་ཁོང་དུ་ཆུད་པར་འགྱུར་བས་ཕྱོགས་མི་བསྟན་ཏོ། །ཕྱོགས་ཞེས་བྱ་བའི་སྒྲ་འདིས་དོན་ཇི་ལྟ་བུ་ཞིག་བསྟན་པར་བྱ་བ་ཡིན་བརྗོད་པར་བྱ་བ་ཡིན་ཞེ་ན། རང་གི་ངོ་བོ་ཁོ་ནར་ཞེས་སྨོས་ཏེ། བསྒྲུབ་པར་
བྱ་བའི་ཁོ་ནར་རོ། །བདག་ཉིད་དང་ཞེས་བྱ་བ་ནི་རྒོལ་བའོ། །འདོད་པ་ཞེས་བྱ་བ་ནི་སྨྲས་པ་འགའ་ཞིག་མ་ཡིན་གྱི། འདོད་པ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་དེ་ཡང་མངོན་སུམ་ལ་སོགས་པས་མ་བསལ་བའི་དོན་གང་ཡིན་པ་དེ་ཕྱོགས་ཞེས་བརྗོད་དོ། །ཅི་སྟེ་ཕྱོགས་བསྟན་པར་བྱ་
བ་མ་ཡིན་ན་གོ་ཇི་ལྟར་མི་བསྟན་པར་བྱ་བའི་མཚན་ཉིད་བརྗོད་ཅེ་ན། སྒྲུབ་པར་བྱེད་པའི་རང་གི་ཡན་ལག་ཡིན་པའི་ཕྱིར་འདིའི་མཚན་ཉིད་བསྟན་པ་ནི་མ་ཡིན་གྱི། འོན་ཀྱང་ཁ་ཅིག་བསྒྲུབ་པར་བྱ་བ་མ་ཡིན་པ་ལ་ནི་བསྒྲུབ་པར་བྱ་བ་དང་། བསྒྲུབ་པར་བྱ་བ་ལ་ཡང་བསྒྲུབ་པར་བྱ་བ་མ་ཡིན་
པར་ཤེས་ཏེ། དེ་བས་ན་བསྒྲུབ་པར་བྱ་བ་དང་བསྒྲུབ་པར་བྱ་བ་མ་ཡིན་པ་དེ་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་བསྟན་ཏོ། །རང་གི་ངོ་བོར་འདོད་པ་ཞེས་བྱ་བ་འདིའི་བཤད་པ་ནི། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཡིན་གྱི་ཞེས་བྱ་བ་ཡིན་ཏེ། ཕྱོགས་ལ་ནི་བསྒྲུབ་པར་
བྱ་བའི་ཆོས་ཡིན་པའི་ཕྱིར་ངོ་བོ་གཞན་མེད་དོ། །དེ་བས་ན་རང་གི་ངོ་བོ་ནི་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །ཁོ་ནའི་སྒྲའི་བཤད་པའི་ཕྱིར། རང་གི་ངོ་བོ་ཁོ་ན་ཞེས་བྱ་བ་སྨོས་ཏེ། ཁོ་ནའི་སྒྲའི་ལོགས་ཤིག་ཏུ་བཤད་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་རང་གི་ངོ་བོའི་སྒྲ་དང་འབྲེལ་པར་བཤད་ཅེ་ན།
เล่ม ๑๘๙ · หน้า 69a
བརྗོད་པ་ཁོ་ནའི་སྒྲ་ནི་གསལ་བར་བྱེད་པའི་ཚིག་གི་ཕྲད་ཡིན་པས་ཚིག་གཞན་གྱིས་བརྗོད་པར་བྱ་བའི་དོན་གྱི་ཁྱད་པར་གསལ་བར་བྱེད་པ་ཡིན་ཏེ། དེས་ན་ཁྱད་པར་ཅན་བརྗོད་པའི་ཚིག་གཞན་དང་ལྷན་ཅིག་གཅིག་ཏུ་བསྟན་ཏོ། །སྒྲུབ་པ་ཉིད་ཡིན་ཡང་རུང་བ་ནི་མ་
ཡིན་ཏེ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ཡིན་ལ། མ་གྲུབ་པ་ཡིན་པའི་ཕྱིར་ན་བསྒྲུབ་པར་བྱ་བ་ཉིད་དུ་ཡང་འདོད་པ་དེ་བསལ་བའི་ཕྱིར། ཁོ་ནའི་སྒྲ་སྨོས་སོ། །དེའི་དཔེ་བསྟན་པའི་ཕྱིར་དཔེར་ན་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་མིག་གིས་གཟུང་བ་ཉིད་སྒྲ་
ལ་མ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ན་ནི་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་བསྟན་ཏོ། །དེ་ཞེས་བྱ་བ་ནི་མིག་གིས་བཟུང་བ་ཉིད་ལ་བྱའོ། །འདིར་ནི་ཞེས་བྱ་བ་ནི་སྒྲ་ལ་བྱའོ། །བསྒྲུབ་པར་བྱ་བ་ཁོ་ནར་ནི་མི་འདོད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ངེས་པ་མེད་པར་
སྟོན་པའོ། །སྒྲུབ་པ་ཁོ་ནར་བརྗོད་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་སྒྲུབ་པར་བྱེད་པ་ཉིད་དུ་ཡང་འདོད་པ་ཡིན་གྱི། བསྒྲུབ་པར་བྱ་བ་ཁོ་ནར་ནི་མ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་འདིས་ནི་རང་ཉིད་ཀྱི་སྒྲ་བཤད་བྱར་བཀོད་ནས་དེའི་དོན་བསྟན་པའི་ཕྱིར། རྒོལ་བས་ཞེས་བྱ་བ་སྨོས་སོ། །རང་
ཉིད་ཅེས་བྱ་བའི་ཚིག་ཕྲད་ཀྱི་སྒྲ་ནི་བདག་ཉིད་ཀྱི་ཞེས་དྲུག་པའི་དོན་དང་། བདག་ཉིད་ཅེས་གསུམ་པའི་དོན་ལ་འཇུག་གོ། །དེས་ན་འདིར་ནི་རང་ཉིད་ཀྱི་སྒྲས་གསུམ་པའི་མཐའ་ཅན་གྱི་རང་ཉིད་ཀྱི་སྒྲའི་དོན་ལ་འཇུག་པ་ཡིན་ནོ། །བདག་ཉིད་ཀྱི་སྒྲ་ནི་འབྲེལ་པ་ཅན་གྱི་སྒྲ་ཡིན་ལ། ཉེ་བ་
ཡང་རྒོལ་བ་ཡིན་པ་དེའི་ཕྱིར་རྒོལ་བ་གང་གི་བདག་ཉིད་གསུམ་པའི་དོན་དུ་བརྗོད་པ་དེ་ཉིད་རྒོལ་བས་ཞེས་གསུམ་པའི་དོན་དང་ལྡན་པར་བསྟན་པ་ཡིན་གྱི། རྒོལ་བའི་ཞེས་བྱ་བ་འདི་རང་ཉིད་ཀྱི་སྒྲའི་རྣམ་གྲངས་ནི་མ་ཡིན་ནོ། །རྒོལ་བ་དེ་ཡང་ཡིན་ཞེ་ན། དེའི་ཚེ་བསྒྲུབ་པ་སྨྲ་བ་གང་ཡིན་
པའོ་ཞེས་བྱ་བ་སྨོས་ཏེ། རྩོད་པའི་ཚེ་ན་བསྒྲུབ་པ་སྨྲས་པ་གང་ཡིན་པའོ། །འདིས་ནི་རྒོལ་བ་དུ་མ་ཡོད་པའི་ལས་རང་ཉིད་ཀྱི་སྒྲས་བརྗོད་པར་བྱ་བའི་རྒོལ་བའི་ཁྱད་པར་དུ་བྱས་པའོ། །གལ་ཏེ་དེ་ལྟར་ན་རྒོལ་བའི་འདོད་པ་བསྒྲུབ་བྱ་ཡིན་ནོ་ཞེས་བརྗོད་པར་འགྱུར་ན། བརྗོད་པ་དེ་
เล่ม ๑๘๙ · หน้า 69b
ཉིད་ཀྱིས་ཇི་ལྟར་འགྱུར་ཞེ་ན། འདིས་རྩོད་པའི་དུས་དེའི་ཚེ་རྒོལ་བ་འདིས་ནི་བསྒྲུབ་པར་བྱ་བ་ཉིད་དུ་རང་འདོད་པའི་ཆོས་གང་ཡིན་པ་དེ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི། ཆོས་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། ཚིག་འདིའི་འབྲས་བུ་ནི་རྒོལ་བས་མི་འདོད་པའི་ཆོས་བསྒྲུབ་
པར་བྱ་བ་ཉིད་བཀག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བསྒྲུབ་པར་བྱ་བ་ཉིད་དུ་སྲིད་པའི་ཆོས་གཞན་གང་ན་ཡོད་པ་དེ་བསལ་བའི་ཕྱིར་འདི་བརྗོད་ཅེ་ན། བསྟན་བཅོས་དེ་བྱེད་པས་ཞེས་བྱ་བ་སྨོས་ཏེ། རྒོལ་བ་དེས་བསྟན་བཅོས་དེ་བྱེད་པས་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ལ་
ཆོས་དུ་མ་ཁས་བླངས་པ་ན་ཆོས་གཞན་བསྒྲུབ་པར་བྱ་བ་ཉིད་དུ་སྲིད་པ་མ་ཡིན་ནོ། །འདི་ལྟར་གང་གིས་བསྟན་བཅོས་གང་ཞིག་ཁས་བླངས་པ་དེ་ལས་བསྒྲུབ་པའི་ཆོས་དེ་ཐམས་ཅད་དེས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ལོག་པར་རྟོག་པ་ཡོད་པས་ན་ཆོས་མང་པོ་ཞིག་ཁས་བླངས་སུ་ཟིན་ཀྱང་རྒོལ་བའི་
འདོད་པ་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་བ་ཡིན་ནོ། །དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྟགས་ནི་བསྟན་བཅོས་ལ་མི་ལྟོས་པ་མ་ཡིན་ནམ། དེ་ལྟ་བས་ན་ལྟོས་བར་བྱེད་པ་མ་ཡིན་པའི་ཕྱིར་བསྟན་བཅོས་ལ་གནས་ཏེ་བཙད་པར་བྱ་བ་མ་ཡིན་ནོ་ཞེ་ན།
བདེན་མོད་ཀྱི། གལ་ཏེ་ཡང་གཟུ་ལུམས་ཀྱིས་བསྟན་བཅོས་འགའ་ཞིག་ལ་གནས་པར་འགྱུར་བས་ན་བསྟན་བཅོས་འགའ་ཞིག་ཁས་བླངས་ནས། སྒྲུབ་པར་སྨྲ་བ་དེ་ལྟ་ན་ཡང་དེའི་འདོད་པ་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཕྱིར་འདི་སྨོས་སོ། །འདོད་པ་ཞེས་བྱ་བ་འདོད་
པའི་སྒྲས་བླངས་ནས་འཆད་པའི་དོན་བདག་གང་ལ་འགལ་བའི་རྩོད་པ་རྩོམ་པ་སྟེ། བདག་མེད་དོ་ཞེས་བདག་འགོག་པར་སྨྲ་བ་ནི་བདག་ཡོད་པར་སྨྲ་བ་དང་འགལ་བ་ཡིན་ནོ། །སྒྲུབ་པ་དང་འགོག་པ་གཉིས་འགལ་བའི་ཕྱིར་རོ། །རྩོད་པའི་རྒྱུ་དེས་སྒྲུབ་པ་བཀོད་པའི་དོན་བདག་དེ་གྲུབ་པ་
སྟེ། ངེས་པར་འདོད་པའི་རྒོལ་བས་ནི་དོན་དེ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་འདོད་པའི་སྒྲས་བརྗོད་པར་འགྱུར་རོ། །བརྗོད་པར་རོ་ཞེས་མཐར་སྨོས་པའི་འགྱུར་རོའི་སྒྲ་འདིར་འབྲེལ་པ་དག་བརྗོད་པར་བྱའོ། །གལ་ཏེ་ཡང་གི་དོན་གྱི་རྗེས་སུ་དཔག་པ་ལ་སྨྲས་པ་ཁོ་ན་བསྒྲུབ་པར་བྱ་བ་རིགས་
เล่ม ๑๘๙ · หน้า 70a
མོད་ཀྱི། འོན་ཀྱང་ཚིག་གིས་མ་སྨྲས་སུ་ཟིན་ཀྱང་དེ་ནི་ཤུགས་ཀྱིས་སྨྲས་པའི་ཕྱིར་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་དོན་དེའོ། །གང་གི་གཞི་རྟེན་ཡིན་པས་དེའི་རྩོད་པའི་གཞི་ཡིན་ནོ། །དེའི་དངོས་
པོ་ནི་དེ་ཉིད་དེ་དེ་བས་ནའོ། །འདི་སྐད་བསྟན་ཏེ། གང་གི་ཕྱིར་རྩོད་པ་བསལ་བར་འདོད་དེ་རྒོལ་བས་སྒྲུབ་པ་བཀོད་པ་དེ་བས་ན་རྩོད་པའི་གཞི་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་ལྟར་འགལ་བའི་རྩོད་པ་བསལ་བའི་དོན་དུ་བསྒྲུབ་པ་བཀོད་དེ། གལ་ཏེ་བསྒྲུབ་པར་བྱ་བ་མ་ཡིན་
ན་ད་བསྒྲུབ་པར་བྱ་བར་རིགས་ངེས་པ་གཞན་འདི་ཅི་ཞིག་ཡོད་ཅེས་བྱ་བའོ། །དཔེར་ན་འདུས་པ་ཡིན་པའི་ཕྱིར་མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་དེ་ཞེས་བྱ་བ་ནི་གཞན་གྱི་དོན་རྗེས་སུ་དཔག་པ་ལ་མ་སྨྲས་སུ་ཟིན་ཀྱང་བསྒྲུབ་པར་བྱ་བ་ཡིན་པར་སྣང་བའི་དཔེར་བྱེད་དོ། །མིག་ལ་སོགས་
པ་གང་དག་ཡིན་པ་རྣ་བ་ལ་སོགས་པ་དེ་ནི་མིག་ལ་སོགས་པ་ཞེས་བྱ་སྟེ་ཆོས་ཅན་ནོ། །འདི་གཞན་གྱི་ཆེད་ཡིན་པས་གཞན་གྱི་དོན་ཞེས་བྱ་སྟེ། གཞན་གྱི་དོན་བྱེད་པ་ཉིད་ནི་བསྒྲུབ་པར་བྱ་བའོ། །འདུས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །མལ་ཆ་དང་། སྟན་ལ་
སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་པའི་ཡུལ་སྟོན་ཏོ། །མལ་ཆ་དང་སྟན་དེ་དག་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་མལ་ཆ་དང་སྟན་ལ་སོགས་པ་སྟེ། སྐྱེས་བུ་ཉེ་བར་ལོངས་སྤྱོད་པའི་ཡན་ལག་འདུས་པའི་ངོ་བོ་ཡིན་པ་དེ་བཞིན་དུ་ཚད་མ་འདིར་གལ་ཏེ་ཡང་མིག་ལ་སོགས་པ་ནི་
བདག་གི་དོན་བྱེད་པ་ཡིན་ནོ་ཞེས་བདག་གི་དོན་ཉིད་མི་བརྗོད་མོད་ཀྱི། མ་བརྗོད་ཀྱང་བསྒྲུབ་པར་བྱ་བ་ནི་བདག་གི་དོན་ཉིད་ཡིན་ནོ། །འདི་ལྟར་གྲངས་ཅན་རྣམས་ཀྱིས་ནི་བདག་ཡོད་པར་སྨྲས་ལ། དེ་དང་མི་མཐུན་པ་སངས་རྒྱས་པ་རྣམས་ཀྱིས་ནི་བདག་མེད་དོ་ཞེས་སྨྲས་སོ། །དེ་བས་ན་གྲངས་
ཅན་རྣམས་ཀྱིས་རང་གི་སྨྲ་བ་དང་མི་མཐུན་པ་སངས་རྒྱས་པ་རྣམས་ཀྱིས་སྨྲ་བ་གང་ཡིན་རྒྱུར་བྱས་ནས་མཐུན་པར་སྨྲ་བ་བསལ་བའི་ཕྱིར་དང་། རང་གི་སྒྲ་གཞག་པའི་ཕྱིར་སྒྲུབ་པ་བཀོད་དེ་དེ་བས་ན་མ་སྨྲས་སུ་ཟིན་ཀྱང་བདག་གི་དོན་ཉིད་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ནི་རྩོད་པའི་གཞི་ཡིན་པའི་ཕྱིར་རོ། །
เล่ม ๑๘๙ · หน้า 70b
མལ་ཆ་དང་སྟན་ལ་སོགས་པ་སྐྱེས་བུ་ལ་མཁོ་བའི་ཡན་ལག་རྣམས་ནི་འདུས་པ་ཉིད་བདག་གི་དོན་ཉིད་དང་རྗེས་སུ་འགྲོ་བ་མ་གྲུབ་པ་ལ་གཞན་གྱི་དོན་ཙམ་དང་ནི་གྲུབ་པ་དེ་བས་ན། གཞན་གྱི་དོན་ཞེས་སྨྲས་སོ། །མིག་ལ་སོགས་པ་ཞེས་བྱ་བ་འདིར་སོགས་པ་སྨྲས་པས་ནི་རྣམ་པར་ཤེས་པ་ཡང་གཞན་
གྱི་དོན་བྱེད་པ་གྲུབ་པར་འདོད་དོ། །རྣམ་པར་ཤེས་པ་ལས་གཞན་པ་ནི་བདག་ཁོ་ན་ཡིན་པས་རྣམ་པར་ཤེས་པ་གཞན་གྱི་དོན་བྱེད་དོ་ཞེས་གྲུབ་པའི་ཤུགས་ཀྱིས་མིག་ལ་སོགས་པ་བདག་གི་དོན་ཉིད་དུ་གྲུབ་པར་འགྱུར་རོ་སྙམ་དུ་བསམས་ནས། གཞན་གྱི་དོན་བྱེད་ཅེས་སྨོས་པ་བྱས་སོ། །འདོད་པ་བསྒྲུབ་
བྱར་བརྗོད་པ་དེས་ན་སྨྲས་པ་ཙམ་ཁོ་ན་བསྒྲུབ་པར་བྱ་བ་མ་ཡིན་གྱི། འོན་ཀྱང་ཕྱིར་རྒོལ་གྱི་རྩོད་པའི་གཞི་ཡིན་པའི་ཕྱིར་ན་རྒོལ་བས་བསྒྲུབ་བྱར་འདོད་པར་སྐབས་ཀྱིས་རྟོགས་པར་བྱ་བ་ནི་སྨྲས་སམ་མ་སྨྲས་ཀྱང་རུང་བསྒྲུབ་བྱ་ཡིན་པར་བསྟན་པ་ཡིན་ནོ། །མ་བསལ་བ་ཞེས་བྱ་བ་ནི་བཤད་པར་བྱའོ། །མཚན་
དེ་དག་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ལ་སོགས་པའི་མཚན་ཉིད་སྨྲས་པ་གང་ཡིན་པ་ཐལ་མ་ཐག་པའོ། །མཚན་ཉིད་དེ་དག་དང་ལྡན་པ་ཡིན་དུ་ཟིན་ཀྱང་ཕྱོགས་མ་ཡིན་དུ་ཟིན་པའི་ཕྱིར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མ་བསལ་བ་ཞེས་བྱ་བ་སྨོས་སོ། །སྒྲུབ་པར་འདོད་དུ་ཟིན་ཀྱང་ཕྱོགས་
མ་ཡིན་པ་ཅི་འདྲ་བ་ཞིག་ཅེ་ན། སྒྲུབ་པར་འདོད་པའི་དོན་མངོན་སུམ་དང་རྗེས་སུ་དཔག་པ་དང་གྲགས་པ་དང་རང་བཞིན་ཚིག་རྣམས་ཏེ། དེ་དག་གིས་སེལ་བའི་ཕྱིན་ཅི་ལོག་ཏུ་སྒྲུབ་པ་དེ་ནི་ཕྱོགས་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་བཞིས་བསལ་བ་དེ་ལའོ། །མངོན་སུམ་
གྱིས་བསལ་བ་ཅི་འདྲ་ཞེ་ན། དཔེར་ན་ཞེས་བྱ་བ་སྨོས་ཏེ། དཔེར་ན་འདི་མངོན་སུམ་གྱིས་བསལ་བ་ཡིན་པ་དེ་བཞིན་དུ་གཞན་ལ་ཡང་བལྟ་བར་བྱའོ་ཞེས་བྱ་བ་ནི་དཔེར་ན་སྒྲའི་དོན་རྣ་བས་གཟུང་དུ་རུང་བ་ནི་ཉན་དུ་རུང་བའོ། །མཉན་དུ་རུང་བ་མ་ཡིན་པ་ནི་མཉན་དུ་མི་རུང་བ་སྟེ། རྣ་བས་གཟུང་བ་
མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་ཏོ། །སྒྲ་རྣ་བས་གཟུང་བར་མི་རུང་བ་ནི་སྒྲ་རྣ་བས་གཟུང་བར་བྱར་རུང་མངོན་སུམ་དུ་གྲུབ་པ་དང་འགལ་ལོ། །རྗེས་སུ་དཔག་པས་བསལ་བ་ནི་སྒྲ་རྟག་གོ་ཞེས་བྱ་བ་ལྟ་བུ་སྟེ་སྒྲ་རྟག་པ་ཉིད་དུ་དམ་བཅའ་བ་ནི་མི་རྟག་པ་ཉིད་དུ་རྗེས་སུ་དཔག་པས་གྲུབ་པ་
เล่ม ๑๘๙ · หน้า 71a
བསལ་ཏོ། །གྲགས་པས་བསལ་བ་ནི་རི་བོང་ཅན་ནི་ཟླ་བའི་སྒྲས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་ཡིན་ནོ། །འདི་ནི་གྲགས་པས་བསལ་བ་ཡིན་ཏེ། གྲགས་པ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་ཡུལ་ཏེ་དོན་ལ་བརྗོད་དོ། །གྲགས་
པ་སྟེ་རྟོག་པར་བྱ་བ་ཉིད་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་ཡུལ་དུ་བརྗོད་པ་ཡིན་ལ་རྟོགས་པར་བྱ་བའི་རང་བཞིན་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་ཡུལ་ཉིད་དེས་ནི་རི་བོང་ཅན་གྱི་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་གྲུབ་པ་ཡིན་ནོ། །འདི་ལྟར་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་གཟུང་
བར་བྱ་བ་གང་ཡིན་པ་དེ་ནི་སྒྲའི་རྣམ་པ་དང་འདྲེར་རུང་བ་ཡིན་ལ། སྒྲའི་རྣམ་པ་དང་འདྲེར་རུང་བ་གང་ཡིན་པ་དེ་ཡང་བརྡ་ལས་བྱུང་བའི་སྒྲས་བརྗོད་པར་ནུས་པ་ཡིན་ནོ། །དེ་བས་ན་གྲགས་པའི་རང་བཞིན་རྣམ་པར་རྟོག་པའི་ཡུལ་ཉིད་ཀྱིས་གྲུབ་པ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་ཟླ་བའི་སྒྲས་བརྗོད་
པར་བྱ་བ་མ་ཡིན་པ་ཉིད་ལ་གནོད་པར་བྱེད་དོ། །གྲགས་པ་ནི་རང་བཞིན་གྱི་གཏན་ཚིགས་ཀྱང་ཡིན་ཏེ། གང་གི་ཕྱིར་བརྡ་ལས་བྱུང་བའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་རྣམ་པར་རྟོག་པའི་ཡུལ་ཉིད་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །དེ་བས་ན་རང་བཞིན་གྱི་གཏན་ཚིགས་ནི་དམ་བཅས་པའི་དོན་བདག་ཉིད་
ཀྱིས་རྗོད་པར་བྱེད་པའི་སྒྲའོ། །དེས་བསལ་བའི་དམ་བཅས་པའི་དོན་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འདིར་དམ་བཅས་པའི་དོན་ནི་རྗེས་སུ་དཔག་པ་ཚད་མས་འགོག་པའོ། །རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་
རང་གི་ཚིག་གི་ངག་འདིས་དེ་བསལ་བ་ཡིན་ནོ། །འདི་ལྟར་སྦྱོར་བའི་ངག་འདི་ནི་སྨྲ་བ་པོ་སྒྲ་ལས་བྱུང་བའི་ཤེས་པ་དོན་ཡོད་པ་ཉིད་དུ་འདོད་པར་སྟོན་པར་བྱེད་དེ། འདི་ལྟར་ངའི་ལས་ཁྱོད་ལ་དོན་གང་ལས་རྟོག་པ་སྐྱེད་དེ་དོན་བདེན་པ་ཡིན་ནོ་ཞེས་སྟོན་པར་མི་བྱེད་ན་སྨྲ་བ་པོ་ངག་བརྗོད་པ་ཉིད་དུ་མི་འགྱུར་
ཏེ། བརྗོད་པའི་དོན་བདེན་པར་གཞན་གྱིས་ཤེས་པར་བྱ་བ་མ་ཡིན་ན་ནི་བརྗོད་པའི་དོན་མེད་དོ། །གང་ཡང་ངག་སྨྲ་བ་ཐམས་ཅད་བརྫུན་པ་ཡིན་ནོ་ཞེས་བརྗོད་པ་དེ་ཡང་ངག་འདིའི་དོན་བདེན་པ་ཉིད་སྟོན་པས་ངག་བརྗོད་པ་ཡིན་ནོ། །གལ་ཏེ་ངག་འདིའི་དོན་བདེན་པར་བསྟན་ན་དེ་ལྟ་ན་ནི་བདག་ཉིད་
เล่ม ๑๘๙ · หน้า 71b
ཀྱི་ངག་ཀྱང་གཞན་མི་བདེན་པར་འགྱུར་གྱི། གལ་ཏེ་འདི་ཉིད་ཀྱི་དོན་མི་བདེན་ན་ནི་གཞན་མི་བདེན་པའི་དོན་ཅན་དུ་བསྟན་པར་མི་འགྱུར་ལ། དེ་ལྟ་ན་ཡང་སྨྲས་པའི་འབྲས་བུ་ཅི་ཡང་མེད་པས་མི་སྨྲ་བར་འགྱུར་རོ། །དེ་བས་ན་ངག་ལས་བྱུང་བ་ངག་གི་དོན་ལ་དམིགས་པའི་ཤེས་པ་བདེན་
པའི་དོན་ཅན་དུ་བསྟན་པ་ཁོ་ནས་སྨྲས་པ་པོ་དག་བརྗོད་པ་ཡིན་ནོ། །དེ་ལྟ་ཡིན་དང་སྒྲའི་ཕྱིའི་དངོས་པོ་མེད་ན་མི་འབྱུང་བར་བསྟན་པ་སྒྲ་ལས་སྐྱེས་པའི་ཤེས་པ་བདེན་པའི་དོན་དུ་བསྟན་པར་བྱ་བ་ཡིན་ནོ། །དེ་བས་ན་ཕྱིའི་དོན་གྱི་འབྲས་བུ་སྒྲ་ལས་སྐྱེས་པའི་ཤེས་པ་བདེན་པའི་དོན་ཅན་དུ་སྟོན་
པས་ནི་འབྲས་བུ་ཤིང་ལས་སྐྱེས་པའི་རྗེས་སུ་དཔག་པ་སྒྲ་ལས་བྱུང་བ་ཚད་མར་བསྟན་པ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པ་ནི་ཚད་མ་ཡིན་ནོ་ཞེས་བྱ་བས་ནི་སྒྲ་ལས་བྱུང་བའི་ཤེས་པ་གཟུང་བར་བྱ་བ་མེད་པར་བསྟན་པ་ཡིན་ནོ། །ཚད་མ་མ་ཡིན་པ་ནི་དོན་མེད་པ་ཉིད་ལ་བརྗོད་ཀྱི་གཞན་ནི་
མ་ཡིན་ནོ། །སྒྲ་བརྗོད་པའི་ཤུགས་ཀྱིས་ཀྱང་རང་གི་སྒྲ་དོན་མེད་པར་མི་འབྱུང་བ་ཡིན་པར་བསྟན་པ་ཡིན་ཞིང་། དེ་ལྟ་ན་ཡང་དོན་ཡོད་པར་བསྟན་པ་ཡིན་ནོ། །དེ་བས་ན་དོན་གྱི་འབྲས་བུར་བརྟགས་པའི་སྒྲ་ལས་བྱུང་བའི་དོན་ཡོད་པར་དམ་བཅས་པས་མེད་པ་ལས་གནོད་པ་ཡིན་ནོ། །དེ་བས་ན་འདིར་
དེ་ལྟར་རང་གི་ཚིག་གིས་དཔག་པའི་ཡོད་པས་མེད་པ་ལ་གནོད་པས་རང་གི་ཚིག་དང་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པ་ཡིན་ནོ། །གཞན་དང་ནི་བསལ་བའི་འབྲས་བུ་སྒྲ་ལས་སྐྱེས་པའི་ཤེས་པ་ནི་བསལ་བ་ལ་དམིགས་ཤིང་དོན་ཡོད་པར་འདོད་དེ་སྒྲ་སྦྱོར་བ་ནི་དེས་ཚད་མ་མ་ཡིན་པས་དམ་
བཅས་པ་ལ་གནོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་དམིགས་ཏེ་འདི་ལྟར་འདིར་གྲགས་པ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ལ། རང་གི་ཚིག་ནི་འབྲས་བུའི་གཏན་ཚིགས་ཉིད་དུ་བརྟགས་པར་འདོད་ཀྱི་དངོས་སུ་ནི་མ་ཡིན་ནོ། །བསམས་པའི་འབྲས་བུའི་སྒྲ་ནི་དངོས་ཁོ་ནར་འདོད་དེ། དེ་བས་ན་
དེ་འདིར་མི་གཟུང་ངོ་། །གཞན་ཡང་ཇི་ལྟར་རྗེས་སུ་དཔག་པར་མི་འདོད་པ་ནི་དུ་བ་མེད་པ་མི་འཁྲུལ་བར་མི་ཚོལ་བ་དེ་བཞིན་དུ་སྒྲ་བསམ་པ་ལ་མི་འཁྲུལ་པར་མི་ཚོལ་ཏེ། སྒྲ་སྦྱར་བ་ནི་ཕྱིའི་འབྲས་བུ་རྟོགས་པའི་དོན་དུ་ཡིན་ནོ། །དེ་བས་ན་སྒྲ་བསམ་པ་མེད་ན་མི་འབྱུང་བ་ཉིད་ཁས་བླངས་སྔོན་དུ་
เล่ม ๑๘๙ · หน้า 72a
བཏང་ནས་སྒྲ་སྦྱོར་བ་ནི་མ་ཡིན་ནོ། །གཞན་ཡང་རང་གི་བསམ་པ་རྟོགས་པར་བྱ་བའི་ཕྱིར་སྒྲ་བརྗོད་པ་མ་ཡིན་གྱི། འོན་ཀྱང་ཕྱིའི་དངོས་པོ་ཡོད་པར་རྟོགས་པར་བྱ་བའི་ཕྱིར་རོ། །དེ་བས་ན་སྒྲ་སྦྱོར་བ་ནི་ཕྱིའི་དངོས་པོ་མེད་ན་མི་འབྱུང་བ་ཉིད་དུ་ཁས་བླངས་པ་སྔོན་དུ་
འགྲོ་བ་ཅན་ཡིན་ཏེ། དེ་ལྟར་ན་བཤད་པ་སྔ་མ་ཉིད་སྐྱོན་མེད་དོ། །དེ་ལྟ་ཡིན་དང་མ་བསལ་བ་ཞེས་སྨོས་པས་ཕྱོགས་ལྟ་བུར་མངོན་པས་ན། ཕྱོགས་ལྟར་སྣང་བ་སྟེ་བཤད་མ་ཐག་པ་བཞི་པོ་བསལ་བ་ཡིན་ནོ། །དེ་ནི་ཕྱོགས་ཀྱི་མཚན་ཉིད་ཀྱི་ཚིག་གིས་ངག་དག་རྣམ་པར་གཅོད་པར་
བྱེད་པ་དེ་དག་རྣམ་པར་གཅད་པས་ཕྱོགས་ཀྱི་དོན་ཅི་འདྲ་བ་ཞིག་ཐོབ་པ་དེ་བསྟན་པའི་ཕྱིར་རྣམ་པར་གཅད་པར་བྱ་བ་བསྡུས་ནས་བསྟན་ཏོ། །དེ་ལྟར་ན་ཞེས་བྱ་བ་ནི་བསྟན་མ་ཐག་པའི་ཚུལ་གྱིས་སོ། །གྲུབ་པ་ལས་བཟློག་སྟེ་ཕྱིན་ཅི་ལོག་ཏུ་འདུག་པའི་རྒྱུས་བསྒྲུབ་པར་བྱ་བ་ཡིན་པར་བལྟ་
བར་བྱ་སྟེ། གྲུབ་པ་ལས་བཟློག་པའི་དོན་གང་ཡིན་པ་དེ་ནི་ཕྱོགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲུབ་པ་ལས་ཕྱིན་ཅི་ལོག་ཀྱང་མ་གྲུབ་པ་ཡིན་ཏེ། དེ་བས་ན་མ་གྲུབ་པ་ནི་བསྒྲུབ་པར་བྱ་བ་ཡིན་ཡང་ཐམས་ཅད་མ་ཡིན་གྱི། འོན་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་མ་གྲུབ་པ་ལས་
ཀྱང་བཟློག་པ་དང་། རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་པར་མི་འདོད་པའི་མ་གྲུབ་པ་ལས་བཟློག་པ་དང་། དེ་བཞིན་དུ་སྨྲས་པ་ཙམ་མ་གྲུབ་པ་ལས་བཟློག་པ་དང་། དེ་བཞིན་དུ་བསལ་བ་ལས་བཟློག་པ་ནི་སྒྲུབ་པར་བྱེད་པ་ཡིན་ནོ། །རྣམ་པར་གཅད་པ་ལྔ་དང་འབྲས་བུའི་དོན་གང་ཡིན་པ་འདི་ནི་མ་
གྲུབ་པ་དང་། གྲུབ་པར་བྱེད་པ་མ་ཡིན་པ་དང་། རྒོལ་བ་བདག་ཉིད་བསྒྲུབ་པར་འདོད་པ་དང་། སྐབས་ཀྱིས་སྨྲས་པའམ་མ་སྐྱེས་པ་དང་། མ་བསལ་བ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། དོན་ནི་དེ་ཉིད་ནི་ངོ་བོ་ཁོ་ནར་བདག་ཉིད་འདོད་པ་མ་བསལ་བ་ཞེས་བྱ་བའི་ཚིག་དེ་དག་གིས་བརྗོད་པ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །ཕྱོགས་ཞེས་བརྗོད་པ་གང་ཡིན་པ་དེ་ནི་སྒྲུབ་པར་བྱེད་པ་འདི་ཡིན་ནོ། །དེ་ལྟར་ན་གང་ཞེས་བྱ་བའི་སྒྲ་ནི། དེ་བས་ན་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཀྱི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ཉེས་པ་མེད་པ་གང་ཡིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པར་བསྟན་པ་བཤད་པ་
เล่ม ๑๘๙ · หน้า 72b
ཡིན་ནོ། །ཚུལ་གསུམ་པའི་རྟགས་བཤད་པ་རྫོགས་ཏེ། ཞར་ལ་འོངས་པའི་ཕྱོགས་ཀྱི་མཚན་ཉིད་བརྗོད་ནས། གཏན་ཚིགས་ལྟར་སྣང་བ་བརྗོད་པར་འདོད་དེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ནི་ཚུལ་གསུམ་པའི་རྟགས་ཞེས་བྱ་བ་ལ་སོགས་པ་དེ་དག་གི་སྐབས་འབྱེད་པར་བྱེད་དོ། །
འདི་ལྟར་བསྟན་ཏེ། ཚུལ་གསུམ་པའི་རྟགས་འཆད་པར་འདོད་པས་རྗོད་པར་བྱ་བ་ཡིན་ལ། ཅི་སྟེ་དེ་ཉིད་དང་དེ་དང་ཆ་འདྲ་བ་ཡང་བརྗོད་ན་ནི་སྤང་བར་བྱ་བ་ཤེས་པ་དེ་དང་བྲལ་བའི་བླང་བར་བྱ་བ་བདེ་བླག་ཏུ་ཤེས་པར་འགྱུར་བ་དེ་ལྟར་ན་དེ་བསལ་བར་སྨྲས་པ་ཡིན་ནོ། །གཞན་གྱི་དོན་གྱི་རྗེས་སུ་
དཔག་པ་ནི་ཚུལ་གསུམ་པ་བརྗོད་པ་སྟེ་ཞེས་སྔར་སྨྲས་ཟིན་ཏོ། །དེ་ལ་ཞེས་བྱ་བ་ནི་དེ་ལྟར་ཡིན་པ་ན་སྟེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཚུལ་གསུམ་པའི་རྟགས་བརྗོད་པ་ཡིན་པས་ན་ཞེས་བྱ་བའི་དོན་ཏོ། །ཚུལ་གསུམ་པའི་ནང་ནས་གཅིག་མ་སྨྲས་ན་ཡང་ཞེས་བྱ་བ་ལ། ཡང་གི་སྒྲས་
གཉིས་ཀྱང་རུང་སྟེ། བསྒྲུབ་པ་ལྟར་སྣང་བ་ཡིན་ཏེ། སྒྲུབ་པ་དང་འདྲ་བ་ཡིན་གྱི་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཚུལ་གསུམ་ལས་སྒྲུབ་པ་མ་རྫོགས་པའི་ཉེས་པ་ཡིན་ནོ། །མ་སྨྲས་པ་འགའ་ཞིག་ཏུ་མ་ཟད་ཀྱི། སྨྲས་ཀྱང་མ་གྲུབ་པའམ་ཐེ་ཚོམ་ཟ་ན་ཡང་ངོ་། །སུའི་ཞེ་
ན། སྨྲས་པ། གོ་བར་བྱེད་པ་སླར་རྒོལ་བ་དང་། གོ་བར་བྱེད་པ་རྒོལ་བ་གཉིས་ཀྱི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །འོན་ཏེ་ཚུལ་གང་མ་གྲུབ་པའམ་ཐེ་ཚོམ་ཟ་བ་ཡིན། གཏན་ཚིགས་ལྟར་སྣང་བའི་མིང་ཅི་ཡིན་ཞེ་ན། ཆོས་ཅན་དང་འབྲེལ་པའི་ཚུལ་གཅིག་མ་གྲུབ་པའམ་ཞེས་བྱ་བ་
སྨོས་ཏེ། ཆོས་ཅན་དང་ལྷན་ཅིག་ཏུ་འབྲེལ་པ་ནི་ཆོས་ཅན་དང་འབྲེལ་པ་ཡིན་ཏེ། གཏན་ཚིགས་ཆོས་ཅན་ལ་ཡོད་པ་ལ་བྱའོ། །དེ་མ་གྲུབ་པའམ་ཐེ་ཚོམ་ཟ་ན་མ་གྲུབ་པ་ཞེས་བྱ་བ་སྨོས་ཏེ། ཆོས་ཅན་ལ་མ་གྲུབ་པ་ཉིད་ཀྱི་ཕྱིར་མི་རྟོགས་པའི་རྒྱུ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་འགལ་བར་
རྟོགས་པའམ་ཐེ་ཚོམ་གྱི་རྒྱུ་ནི་མ་ཡིན་གྱི། འོན་ཀྱང་མི་རྟག་པའི་རྒྱུ་ཡིན་ཏེ། འདི་ལས་དོན་འགའ་ཡང་མི་རྟོགས་སོ། །དོན་འདི་ཡང་མ་གྲུབ་པར་མིང་བཏགས་པ་ཉིད་ལས་རྟག་པར་བྱའོ། །དཔེ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྲ་མི་རྟག་
เล่ม ๑๘๙ · หน้า 73a
པའོ་ཞེས་བྱ་བ་སྒྲ་མི་རྟག་པ་ཉིད་ཀྱིས་བྱེ་བྲག་ཅན་དུ་བསྒྲུབ་པར་བྱ་བ་ལ་མིག་གིས་གཟུང་བ་ཉིད་མིག་གི་ཡུལ་ཉིད་ནི་སྒྲ་ལ་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ཡང་མ་གྲུབ་པ་ལྟ་བུའོ། །ཤིང་རྣམས་ལ་སེམས་ཡོད་པར་ཞེས་བྱ་བ་ནི་ཤིང་སེམས་ཡོད་པར་བསྒྲུབ་པར་བྱ་
བ་ལ། ཤུན་པ་ཐམས་ཅད་ནི་ཤུན་པ་ཐམས་ཅད་ཡིན་ཏེ། དེ་བཤུས་པར་གྱུར་ན་འཆི་བར་ནམ་མཁའི་གོས་ཅན་དག་གིས་སྨྲས་པ་ནི་ཕྱིར་རྒོལ་བ་སངས་རྒྱས་པ་རྣམས་ལ་མ་གྲུབ་པོ། །ཅིའི་ཕྱིར་མ་གྲུབ་ཅེ་ན། བཤད་པ། དེ་ནི་རྣམ་པར་ཤེས་པ་དང་། དབང་པོ་དང་། ཚེ་ཞེས་ཟླས་
དབྱི་བའོ། །དེ་ལ་རྣམ་པར་ཤེས་པ་ནི་དམིགས་པར་སྐྱེད་པའོ། །གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་ལས་དཔག་ཏུ་ཡོད་པ་གང་ཡིན་པ་ལུས་ཀྱི་ནང་དུ་འདུས་པ་མིག་གི་འབྲས་བུ་ལ་སོགས་པར་གནས་པའི་ངོ་བོ་དེ་ནི་དབང་པོ་ཡིན་ནོ། །ཚེ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་སྲོག་ཟེར་
རོ། །ལུང་ལས་གྲུབ་པར་འདིར་བརྗོད་པར་འོས་པ་མ་ཡིན་པ་དེ་བས་ན་འདིར་སྲོག་གི་ངོ་བོ་ལ་ཚེ་ཞེས་བྱའོ། །དེ་འགགས་ཤིང་ནུབ་པའི་མཚན་ཉིད་དེ་ཁོ་ན་གང་ཡིན་པ་དེ་ལ་དེ་སྐད་ཅེས་སྨོས་སོ། །དེ་ལྟ་བུའི་འཆི་བ་ཡིན་པ་ནི་སངས་རྒྱས་པས་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་ཡིན་དུ་ཟད་
མོད། འོན་ཀྱང་ཅིའི་ཕྱིར་མ་གྲུབ་ཅེ་ན། སྨྲས་པ། རྣམ་པར་ཤེས་པ་ལ་སོགས་པ་འགགས་པའི་བདག་ཉིད་ད་ཡང་ཤིང་དག་ལ་མི་སྲིད་པའི་ཕྱིར་རོ། །འགགས་པ་ནི་ཡོད་པ་སྔོན་དུ་སོང་བ་ཡིན་ཏེ། དེས་ན་གང་ཞིག་ཤིང་དག་ལ་རྣམ་པར་ཤེས་པ་འགགས་པར་འདོད་པ་དེ་རྣམ་པར་ཤེས་པ་
མི་འདོད་པར་ཅི་ལྟར་འགྱུར། དེ་བས་ན་རྣམ་པར་ཤེས་པ་ཤིང་ལ་ཡོད་པར་མི་འདོད་ན་ནི་དེ་འགགས་པར་ཡང་མི་འདོད་པ་ཡིན་ནོ། །སྐམ་པ་ཡང་འཆི་བ་ཞེས་བརྗོད་ལ། དེ་ནི་ཤིང་ལ་གྲུབ་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། འོན་ཀྱང་རྣམ་པར་ཤེས་པ་ཡོད་པས་ཁྱབ་པའི་ཤི་བ་གང་ཡིན་པ་དེ་འདིར་
གཏན་ཚིགས་སུ་བྱེད་ལ། དེ་ཡོད་པས་ཁྱབ་པ་ཡང་རྣམ་པར་ཤེས་པ་འགགས་པ་ཡིན་གྱི། སྐམ་པ་ཙམ་ནི་མ་ཡིན་ནོ། །དེ་བས་ན་གཏན་ཚིགས་འཆི་བ་གང་ཡིན་པ་དེ་ནི་ཤིང་ལ་མ་གྲུབ་པ་ཡིན་ལ། སྐམ་པའི་བདག་ཉིད་འཆི་བ་གྲུབ་པ་གང་ཡིན་པ་ནི་གཏན་ཚིགས་མ་ཡིན་ནོ། །ནམ་
เล่ม ๑๘๙ · หน้า 73b
མཁའི་གོས་ཅན་གྱིས་ནི་བསྒྲུབ་པར་བྱ་བས་ཁྱབ་པའམ་མ་ཁྱབ་པའི་འཆི་བ་མ་བརྟགས་པར་འཆི་བ་ཙམ་གཏན་ཚིགས་སུ་སྨྲས་པ་ཡིན་ནོ། །དེས་ན་རྒོལ་བ་འདིས་ནི་གཏན་ཚིགས་སུ་གྱུར་པའི་འཆི་བ་དེ་ནི་མ་ཤེས་ལ། མ་ཤེས་པའི་ཕྱིར་གྲུབ་པ་ཡིན་ཏེ། སྐམ་པའི་རང་བཞིན་གྱི་འཆི་
བ་ཤིང་ལ་མཐོང་བའི་ཕྱིར་རོ། །ཕྱིར་རྒོལ་བས་ནི་ཤེས་པས་དེའི་ཕྱིར་མ་གྲུབ་བོ། །གང་གི་ཚེ་རྒོལ་བས་ཀྱང་ཤེས་པ་དེའི་ཚེ་ནི་རྒོལ་བ་ལ་ཡང་མ་གྲུབ་པར་འགྱུར་རོ་ཞེས་བྱ་བར་རིགས་སོ། །བདེ་བ་ལ་སོགས་པ་སེམས་པ་མེད་པར་སྒྲུབ་པས་ཞེས་བྱ་བ་ནི་བདེ་བ་དང་པོར་བྱས་པའི་སྡུག་བསྔལ་
ལ་སོགས་པ་གང་དག་ཡིན་པ་དེ་བདེ་བ་ལ་སོགས་པའོ། །དེ་དག་སེམས་པ་མེད་པར་བསྒྲུབ་པར་བྱ་བ་ལ། སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པ་དེ་བས་ན་སེམས་མེད་པ་ཡིན་ནོ། །གང་སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པ་དེ་ནི་སེམས་པ་མེད་པ་ཡིན་ཏེ། དཔེར་ན་གཟུགས་ལ་སོགས་པ་ལྟ་བུའོ། །དེ་བཞིན་
དུ་བདེ་བ་ལ་སོགས་པ་ཡང་སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པ་དེ་བས་ན་སེམས་མེད་པ་ཡིན་ནོ། །སེམས་ཅན་ནི་སྐྱེས་བུའི་ངོ་བོ་ཡིན་ནོ། །འདིར་ཡང་སྐྱེ་བ་ཅན་དང་མི་རྟག་པ་ཉིད་ནི་གཏན་ཚིགས་ཀྱི་རྣམ་གྲངས་ཡིན་གྱི་ཅིག་ཅར་མ་ཡིན་ནོ། །དེ་གཉི་ག་ཡང་གྲངས་ཅན་རྒོལ་བ་ལ་མ་གྲུབ་བོ། །གཞན་གྱི་དོན་
དུ་གཏན་ཚིགས་སྨྲ་བ་དེས་ནི་གཞན་ལ་གྲུབ་པ་གང་ཡིན་པ་དེ་གཏན་ཚིགས་སུ་བརྗོད་པ་ཡིན་ལ། གཞན་ལ་ཡང་མེད་པ་ལས་སྐྱེ་བའི་སྐྱེ་བ་ཅན་ཉིད་དང་། ཡོད་པ་གཏན་ནས་འཇིག་པའི་མི་རྟག་པར་གྲུབ་པ་ཡིན་ནོ། །དེ་འདྲ་བ་ཉིད་གཉི་ག་ཡང་གྲངས་ཅན་རྣམས་ལ་མ་གྲུབ་བོ། །འདིར་ཡང་མི་རྟག་པ་ཉིད་
དང་སྐྱེ་བ་ཅན་གྱི་གྲུབ་པར་བྱེད་པ་མི་ཤེས་པའི་ཕྱིར་རྒོལ་བ་ལ་མ་གྲུབ་པ་ཡིན་གྱི། ཅི་སྟེ་མི་རྟག་པ་ཉིད་དང་སྐྱེ་བ་ཅན་གཉིས་ཀྱི་ཚད་མ་རྒོལ་བས་ཀྱང་ཤེས་ན་ནི་རྒོལ་བ་ལ་ཡང་གྲུབ་པར་འགྱུར་རོ། །དེས་ནས་ཚད་མ་ཡོངས་སུ་མ་ཤེས་པའི་ཕྱིར་འདི་རྒོལ་བ་ལ་མ་གྲུབ་པ་ཡིན་ནོ། །ཐེ་ཚོམ་ཟ་ན་མ་གྲུབ་པར་བསྟན་
པའི་ཕྱིར་དེ་བཞིན་དུ་བདག་ཉིད་དམ་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་ཀྱི་བདག་ཉིད་ལ་ཐེ་ཚོམ་ཟ་ན་མ་གྲུབ་པ་ཡིན་ནོ། །དེའི་གཞི་ལ་ཞེས་བྱ་བ་ནི་གཏན་ཚིགས་དེའི་གཞི་སྟེ། འདི་ལ་གཏན་ཚིགས་བརྟེན་པས་ན་གཞི་ཡིན་ཏེ། གཏན་ཚིགས་ལས་གཞན་གཞིར་གྱུར་པ་བསྒྲུབ་པར་བྱ་བའི་ཆོས་
เล่ม ๑๘๙ · หน้า 74a
ཅན་ལ་བྱའོ། །དེ་ལ་གཏན་ཚིགས་གནས་པ་ན་རྟོགས་པར་བྱེད་པའི་ཚུལ་གྱིས་གནས་པའོ། །གཞི་དེ་ལ་ཐེ་ཚོམ་ཟ་བ་ནི་ཡིད་གཉིས་ཟ་བའོ། །བདག་ཉིད་ལ་ཐེ་ཚོམ་ཟ་བའི་དཔེ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་སྨོས་ཏེ། རླངས་པ་ཐོག་མར་བྱས་པ་གང་ཡིན་པ་
དེ་ནི་རླངས་པ་ལ་སོགས་པའོ། །དེའི་དངོས་པོ་རླངས་པ་ལ་སོགས་པ་ཉིད་དུ་ཐེ་ཚོམ་ཟ་བའོ། །འབྱུང་བ་འདུས་པ་ཞེས་བྱ་བ་ནི་ས་ལ་སོགས་པའི་འབྱུང་བའི་ཚོགས་འདུས་པའི་འདུས་པ་བསགས་པའོ། །མེ་གྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མེ་གྲུབ་པར་བྱ་བའི་ཆེད་དུ་བཟུང་ན་མ་གྲུབ་པ་ཡིན་ནོ། །
འདི་སྐད་བསྟན་ཏེ་གང་གི་ཚེ་དུ་བ་ཡང་རླངས་པ་ལ་སོགས་པ་ཉིད་དུ་ཐེ་ཚོམ་ཟ་བར་གྱུར་ན་དེའི་ཚེ་མ་གྲུབ་པ་ཡིན་ཏེ། རྟོགས་པར་བྱེད་པའི་ངོ་བོ་མ་ངེས་པའི་ཕྱིར་རོ། །དུ་བ་ཉིད་དུ་ངེས་པ་ནི་མེས་བསྐྱེད་པར་བྱ་བའི་ཕྱིར་རྟོགས་པར་བྱེད་པར་འགྱུར་བ་ཡིན་ལ། གང་གི་ཚེ་ཐེ་ཚོམ་ཟ་བ་དེའི་ཚེ་རྟོགས་
པར་བྱེད་པ་མ་ཡིན་པས་མ་གྲུབ་པ་ཞེས་བྱ་བའི་ཉེས་པ་ཡོད་དོ། །དཔེར་ན་ཞེས་བྱ་བ་ནི་གཞི་མ་གྲུབ་པའི་དཔེར་བྱེད་པ་ཡིན་ནོ། །རི་སུལ་འདི་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །རི་མཐོན་པོའི་ཕན་ཚུན་བསྣོལ་བའི་ས་ཕྱོགས་ཀྱི་རི་སུལ་ན་རྨ་བྱ་ཡོད་དོ་ཞེས་བྱ་བ་ནི་བསྒྲུབ་པར་ཞེས་བྱ་བའོ། །
སྒྲ་གྲག་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །སྒྲ་གྲག་པ་ནི་རྨ་བྱའི་སྒྲ་གྲག་པའོ། །ཅི་ལྟར་ན་གཞི་མ་གྲུབ་པ་ཡིན་ཞེ་ན། །དེ་གྲག་པའི་ཡུལ་མི་རྟོགས་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། རྨ་བྱའི་སྒྲ་དེ་གྲག་སྟེ་འོངས་པའི་ཡུལ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྨ་བྱའི་སྒྲ་ཡུལ་གང་ན་གྲག་པ་
དེ་མི་རྟོགས་ཏེ་རྨོངས་པར་གྱུར་ན་འདི་ནི་གཞི་མ་གྲུབ་པ་ཡིན་ཏེ། རི་སུལ་མང་པོ་ཕན་ཚུན་བསྣོལ་བར་འདུག་པ་ལ། ཅི་རི་སུལ་འདི་ཁོ་ན་རྨ་བྱའི་སྒྲ་གྲག་གམ། འོན་ཏེ་གཞན་ན་ཞེས་གང་གི་ཚེ་རྨ་བྱའི་སྒྲ་གྲག་པའི་རི་སུལ་ལ་རྨོངས་པ་དེ་ནི་ཚེ་འདིར་ནི་གཞི་མ་གྲུབ་པ་ཞེས་བྱའོ། །དཔེར་ན་ཞེས་
བྱ་བ་ནི་ཆོས་ཅན་མ་གྲུབ་ན་ཡང་མ་གྲུབ་པའི་དཔེར་བྱེད་པའོ། །ཡུལ་ཐམས་ཅད་ན་གནས་ཤིང་འདུག་པ་ནི་ཐམས་ཅད་ན་གནས་པ་སྟེ། ཁྱབ་པ་ཞེས་བྱ་བའི་དོན་ཏོ། །བདག་ཁྱབ་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། ཡོན་ཏན་ཉིད་ཐམས་ཅད་ན་དམིགས་པ་ལྟ་བུ་ཞེས་བྱ་བ་ནི་རྟགས་ཡིན་ཏེ། བདག་
เล่ม ๑๘๙ · หน้า 74b
གི་ཡོན་ཏན་བདེ་བ་དང་སྡུག་བསྔལ་བ་དང་། འདོད་པ་དང་ཞེ་སྡང་ལ་སོགས་པ་ཡུལ་ཀུན་ན་དམིགས་པ་དེའི་དངོས་པོ་དེ་ཉིད་དོ། །ཡོན་ཏན་ནི་ཡོན་ཏན་ཅན་མེད་པར་ཡོད་པ་མེད་དེ། ཡོན་ཏན་རྣམས་ནི་ཡོན་ཏན་ཅན་དང་འབྲེལ་བ་ཡོད་པའི་ཕྱིར་དང་། བདག་གཡོ་བ་མེད་པའི་ཕྱིར་རོ། །དེ་བས་ན་ཅི་སྟེ་
ཁྱབ་པ་མ་ཡིན་ན་ལྷོ་ཕྱོགས་ན་དམིགས་པའི་བདེ་བ་ལ་སོགས་པ་ཅི་ལྟར་ཡུལ་དབུས་ན་དམིགས་པར་འགྱུར། དེ་ལྟར་ན་བདག་ཐམས་ཅད་ན་གནས་པ་ཡིན་ནོ། །དེ་ལ་འདིར་སངས་རྒྱས་པ་རྣམས་ལ་བདག་མ་གྲུབ་པ་ཁོ་ན་ཡིན་ན། དེའི་ཡོན་ཏན་ཉིད་ཐམས་ཅད་ན་དམིགས་པ་ཅི་ཞིག་གྲུབ་པར་འགྱུར་ཏེ།
མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །འདི་གཉིས་ཀྱི་བྱེ་བྲག་ནི་སྔ་མ་ནི་གཞི་ལ་ཐེ་ཚོམ་ཟ་བའི་སྒོ་ནས་ཆོས་ཅན་ལ་ཐེ་ཚོམ་ཟ་བར་བསྟན་ཏོ། །འདི་ནི་ཆོས་ཅན་མ་གྲུབ་པར་བསྟན་པ་ཡིན་ནོ། །དེ་ལྟར་ན་ཚུལ་གཅིག་གི་ཆོས་ཅན་དང་འབྲེལ་པར་མ་གྲུབ་པ་ཡང་མ་གྲུབ་པའི་གཏན་ཚིགས་
ལྟར་སྣང་བ་ཡིན་ནོ། །དེ་བཞིན་དུ་གཞན་མི་མཐུན་པའི་ཕྱོགས་ལ་མེད་པ་ཞེས་བྱ་བའི་ཚུལ་གཅིག་མ་གྲུབ་ན་ཡང་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། ངེས་པ་ནི་གཅིག་ཁོ་ནར་ངེས་པ་སྟེ། དགོས་པ་སྟེ་འདི་ལ་ཡོད་པས་ན་ངེས་པའོ། །ངེས་པ་མེད་པ་ཡིན་ཏེ། འདི་ལྟར་བསྒྲུབ་པར་
བྱ་བ་ལ་ངེས་པ་ཡང་མ་ཡིན་བཟློག་པ་ལ་ངེས་པ་ཡང་མ་ཡིན་གྱི། འོན་ཀྱང་ཕྱིན་ཅི་ལོག་ཏུ་ཐེ་ཚོམ་ཟ་བ་ཡིན་ཏེ། ངེས་པ་ནི་གཅིག་ཁོ་ནར་ཅིག་ཤོས་པ་ཡིད་གཉིས་ཟ་བའི་གཏན་ཚིགས་ནི་མ་ངེས་པ་ཞེས་བསྟན་ཏོ། །དཔེར་ན་ཞེས་བྱ་བ་ལ་སོགས་པས་ནི་དཔེར་བྱེད་པ་ཡིན་ནོ། །རྟག་པ་ལ་སོགས་
པ་གང་ཡིན་པ་དེ་ནི་རྟག་པ་ལ་སོགས་པའི་ཆོས་སོ། །སོགས་པའི་སྒྲས་བཙལ་མ་ཐག་པ་འབྱུང་བ་མ་ཡིན་པ་ཉིད་དང་། རྩོལ་བ་ལས་བྱུང་བ་ཉིད་དང་རྟག་པ་ཉིད་དུ་གཟུང་ངོ་། །གཞལ་བྱ་ཉིད་ལ་སོགས་པ་གང་ཡིན་པ་དེ་གཞལ་བྱ་ཉིད་ལ་སོགས་པའི་ཆོས་སོ། །སོགས་པའི་སྒྲས་མི་རྟག་པ་ཉིད་
དང་། ཡང་མི་རྟག་པ་ཉིད་དང་། ལུས་ཅན་མ་ཡིན་པ་ཉིད་གཟུང་ངོ་། །ཆོས་ཅན་སྒྲ་ལ་རྟག་པ་ལ་སོགས་པའི་ཆོས་བསྒྲུབ་པར་བྱ་བ་ན། གཞལ་བྱ་ཉིད་ལ་སོགས་པའི་ཆོས་ཅན་བཞི་ཆར་ཡང་མི་མཐུན་པའི་ཕྱོགས་ལ་མེད་པར་མ་གྲུབ་པ་མ་ངེས་པ་ཡིན་ཏེ། འདི་ལྟར་སྒྲ་རྟག་སྟེ། གཞལ་བྱ་
เล่ม ๑๘๙ · หน้า 75a
ཉིད་ཡིན་པའི་ཕྱིར་ནམ་མཁའ་བཞིན་དང་བུམ་པ་བཞིན་ནོ་ཞེས་བྱ་བ་ལ། གཞལ་བྱ་ཉིད་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཁྱབ་པ་ཡིན་ནོ། །སྒྲ་བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་གློག་བཞིན་དང་། ནམ་མཁའ་བཞིན་དང་། བུམ་
པ་བཞིན་ནོ་ཞེས་བྱ་བ་ནི་མི་རྟག་པ་འདི་ནི་གློག་ལ་སོགས་པ་ཡོད་ལ། ནམ་མཁའ་ལ་སོགས་པ་ལ་མེད་པས་ན་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ཡོད་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་ནི་ཁྱབ་པ་ཡིན་ཏེ། བརྩལ་མ་ཐག་ཏུ་བྱུང་བ་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །སྒྲ་བརྩལ་མ་ཐག་
ཏུ་བྱུང་བ་ཡིན་ཏེ། མི་རྟག་པ་ཉིད་ཡིན་པའི་ཕྱིར་བུམ་པ་བཞིན་དང་། གློག་བཞིན་དང་། ནམ་མཁའ་བཞིན་ནོ་ཞེས་བྱ་བའི་མི་རྟག་པ་ཉིད་ནི་གློག་ལ་སོགས་པ་ལ་ཡོད་ལ། ནམ་མཁའ་ལ་སོགས་པ་ལ་མེད་པ་ཡིན་པས་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་ཡིན་ནོ། །མཐུན་པའི་
ཕྱོགས་ལ་ནི་ཁྱབ་པ་ཡིན་ཏེ། བརྩལ་མ་ཐག་ཏུ་བྱུང་བ་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །སྒྲ་རྟག་པ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་ནམ་མཁའ་བཞིན་དང་། རྡུལ་ཕྲ་རབ་བཞིན་དང་། ལས་བཞིན་དང་། བུམ་པ་བཞིན་ནོ་ཞེས་བྱ་བའི་ལུས་ཅན་མ་ཡིན་པ་ཉིད་ནི་གཉི་གའི་ཕྱོགས་
གཅིག་ལ་ཡོད་པ་ཡིན་ཏེ། གཉི་གའི་ཕྱོགས་གཅིག་ནམ་མཁའ་དང་ལས་ལ་ནི་ཡོད་པ། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་རྡུལ་ཕྲ་རབ་དང་། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་བུམ་པ་ལ་སོགས་པ་ལ་མེད་པ་ཡིན་ཏེ། བུམ་པ་དང་རྡུལ་ཕྲ་རབ་ལ་སོགས་པ་ལུས་ཅན་ཡིན་པའི་ཕྱིར་
རོ། །བྱེ་བྲག་པ་དག་རྡུལ་ཕྲ་རབ་རྟག་པར་ཁས་ལེན་པ་དེ་བས་ན་མཐུན་པའི་ཕྱོགས་ཀྱི་ནང་དུ་གཏོགས་སོ། །ཆོས་རྣམ་པ་འདི་བཞི་ཆར་ཡང་མི་མཐུན་པའི་ཕྱོགས་ལ་མེད་པར་མ་གྲུབ་པར་དེ་བས་ན་མ་ངེས་པ་ཡིན་ནོ། །ཇི་ལྟར་ཚུལ་འདི་མ་གྲུབ་པའི་མ་ངེས་པ་ཡིན་པ་དེ་བཞིན་དུ་མི་མཐུན་པའི་ཕྱོགས་
ལ་མེད་པ་ཞེས་བྱ་བ་ཚུལ་དེ་ཉིད་ལ་ཐེ་ཚོམ་ཟ་ན་ཡང་མ་ངེས་པ་ཡིན་ནོ། །དེའི་དཔེར་བྱེད་པ་ནི་དཔེར་ན་བརྗོད་པར་འདོད་པའི་མི་ལ་ལ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་ཞེས་བྱ་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པ་ནི་བསྒྲུབ་བྱའོ། །བརྗོད་པར་འདོད་པ་ནི་སྨྲ་བར་འདོད་པའོ། །མི་ནི་ཆོས་
เล่ม ๑๘๙ · หน้า 75b
ཅན་ནོ། །འདོད་ཆགས་ལ་སོགས་པ་དང་ཞེ་སྡང་ལ་སོགས་པ་གང་ཡིན་པ་དེ་འདོད་ཆགས་ལ་སོགས་པ་དང་ལྡན་པ་སྟེ་བསྒྲུབ་པར་བྱ་བ་གཉིས་པའོ། །འམ་ཞེས་སྨོས་པ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པར་བསྒྲུབ་པར་བྱ་བ་ཐ་དད་པར་བསྟན་པའི་ཕྱིར་རོ། །དེ་བས་ན་བསྒྲུབ་པར་བྱ་བའི་
སྐབས་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དམ་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ནོ། །སྨྲ་བ་ནི་ཚིག་གི་ནུས་པའོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་མིག་འཛུམས་པ་དང་འབྱེད་པ་ལ་སོགས་པའོ། །སྨྲ་བ་ལ་སོགས་པའི་ཆོས་དེ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་
མ་ངེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་བསྒྲུབ་པར་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ནི་མི་མཐུན་པའི་ཕྱོགས་སོ། །དེ་ལ་ཚིག་ལ་སོགས་པ་ཡོད་དམ་མེད་ཐེ་ཚོམ་ཟ་བ་ཡིན་ཏེ། དེ་བས་ན་སྨྲ་བ་ཐམས་ཅད་མཁྱེན་པ་ཡིན་ནམ། འོན་ཏེ་ཐམས་ཅད་མཁྱེན་
པ་མ་ཡིན་ཞེས་བྱ་བར་མངོན་པ་མེད་པས་སྨྲ་བ་ཉིད་ནི་མ་ངེས་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་སྨྲ་བ་མི་དམིགས་པ་མ་ཡིན་ནམ། ཐམས་ཅད་མཁྱེན་པ་ལ་ཚིག་དེ་ཇི་ལྟར་ཐེ་ཚོམ་ཟ་ཞེ་ན། དེ་ཉིད་ཀྱི་ཕྱིར། ཐམས་ཅད་མཁྱེན་པ་སྨྲ་བ་མ་དམིགས་སོ་ཞེས་བྱ་བར་མངོན་པར་མི་དམིགས་པ་གང་ཡིན་
པའི་རྣམ་པ་དེ་ལྟ་བུའི་རིགས་ཅན་དེ་ལྟ་བུ་ནི་ཐེ་ཚོམ་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཡུལ་བལྟར་མི་སྣང་བའི་བདག་ཉིད་གང་ཡིན་པ་དེའི་དངོས་པོ་ནི་ཡུལ་བལྟར་མི་སྣང་བའི་བདག་ཉིད་དོ། །འདི་ལྟར་ཡུལ་བལྟར་མི་སྣང་ཞིང་མི་དམིགས་པ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་གྱི། ངེས་པའི་རྒྱུ་མ་ཡིན་པ་དེ་
བས་ན་ཐམས་ཅད་མཁྱེན་པ་མ་ཡིན་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ཉིད་དང་སྨྲ་བ་ཉིད་དང་ལྡོག་པ་ནི་ཐེ་ཚོམ་དུ་གྱུར་པ་ཡིན་ནོ། །མི་དམིགས་པའི་ཕྱིར་ཐམས་ཅད་མཁྱེན་པ་ལ་སྨྲ་བ་ཉིད་མེད་དོ་ཞེས་ནི་མི་སྨྲའི། འོན་ཀྱང་ཐམས་ཅད་མཁྱེན་པ་ཉིད་དང་སྨྲ་བ་ཉིད་ལྷན་ཅིག་འགལ་བའི་ཕྱིར་
རོ་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་དང་སྨྲ་བ་ཉིད་གཉིས་ལ་འགལ་བ་མེད་དོ། །འགལ་བ་མེད་པའི་རྒྱུའི་ཕྱིར་ཡང་ལྡོག་པ་མ་གྲུབ་བོ་ཞེས་བྱ་བར་སྦྱར་རོ། །ཁྱབ་པ་དང་ལྡན་པའི་ལྡོག་པ་སྟོན་པ་ནི། ཐམས་ཅད་མཁྱེན་པ་གང་ཡིན་པ་ཞེས་བསྒྲུབ་བྱ་མེད་པའི་རང་བཞིན་ཐམས་ཅད་མཁྱེན་པར་རྗེས་སུ་བརྗོད་
เล่ม ๑๘๙ · หน้า 76a
ནས། དེ་སྨྲ་བ་མ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པ་སྨྲ་བ་ཉིད་མེད་པར་སྒྲུབ་པའོ། །དེ་བས་ན་བསྒྲུབ་པར་བྱ་བ་མེད་པ་ནི་སྒྲུབ་པར་བྱེད་པ་མེད་པ་ལ་ངེས་པ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་མེད་པས་ཁྱབ་པ་བསྟན་ཏོ། །ལྡོག་པའི་ཁྱབ་པ་འདི་འདྲ་བ་ནི་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་གཉིས་
འགལ་བ་ཡོད་ན་འགྲུབ་པར་འགྱུར་ན། འགལ་བ་ཡང་ཡོད་པ་མ་ཡིན་པ་དེ་བས་ན་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འགལ་བ་མེད་པ་དེ་བས་ན་ཐེ་ཚོམ་ཟ་བ་ཡིན་ནོ། །ཐེ་ཚོམ་ཟ་བའི་ཕྱིར་ལྡོག་པ་མི་གྲུབ་བོ། །ཅིའི་ཕྱིར་འགལ་བ་མེད་ཅེ་ན།
གང་གི་ཕྱིར་འགལ་བ་ནི་རྣམ་པ་གཉིས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །གང་གི་ཕྱིར་འགལ་བ་མེད་པ་དེ་བས་ན་ཐེ་ཚོམ་པ་གཉིས་ཁོ་ན་སྟེ། གཞན་མེད་པ་དེ་བས་ན་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་གཉིས་འགལ་བ་མེད་དོ། །འགལ་བ་རྣམ་པ་གཉིས་པོ་གང་ཞེ་ན། རྒྱུ་མ་ཚང་བ་མེད་
པར་ཞེས་བྱ་བ་སྨོས་ཏེ། རྒྱུ་མ་ཚོགས་ཏེ་མ་ཚང་བ་མེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུ་མ་ཚང་བ་ལས་མེད་པ་གང་ཡིན་པ་དེ་ནི་གང་ཡང་འགལ་བར་མི་རྟོགས་ཏེ། དེ་ནི་གང་དང་ཡང་འགལ་བ་ཡོད་པ་མ་ཡིན་པ་དེ་བས་ན། རྒྱུ་མ་ཚང་བ་མེད་པ་སྨྲས་སོ། །རྒྱུ་ཚོགས་པ་གང་ཡིན་
པ་དེ་ཡང་དགག་པར་སུས་ཀྱང་མི་ནུས་པ་མ་ཡིན་ནམ། དེ་བས་ན་འགལ་བ་གང་ལས་རྟོགས་ཤེ་ན། དེ་ལྟ་ན་འོ་ན་ནི་རྒྱུ་མ་ཚང་བ་མེད་པ་ཡང་གང་གིས་རྒྱུ་མ་ཚང་བར་བྱས་པས་མེད་པ་དེ་དང་འགལ་བར་རྟོགས་པ་ཡིན་ནོ། །དེ་ལྟ་ན་ཡིན་དང་གང་ཞིག་གང་དང་འགལ་བ་དེ་ནི་དེ་ལ་ཅུང་ཟད་བྱེད་པ་
ཁོ་ན་ཡིན་ཏེ། འདི་ལྟར་གྲང་བའི་རེག་པའི་སྐྱེད་བྱེད་དུ་གྱུར་པས་གྲང་བའི་རེག་པ་བཞིན་སྐྱེད་པའི་ནུས་པ་འཇོམས་པར་བྱེད་པ་ནི་ཟློག་པར་བྱེད་པས་གྲང་བའི་རེག་པ་དང་འགལ་བ་ཡིན་ནོ། །དེ་བས་ན་བཟློག་པར་བྱ་བའི་རྒྱུ་མ་ཚང་བའི་བྱེད་པས་སྐྱེད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །འགལ་
བ་འདི་ལྷན་ཅིག་ཏུ་མི་གནས་པ་ཡང་ཡིན་ཏེ། དེ་བས་ན་འགལ་བ་གཉིས་ནི་སྐད་ཅིག་གཅིག་ལ་ཡང་ལྷན་ཅིག་ཏུ་གནས་པར་བྱ་བ་དང་། བར་རིང་པོར་གནས་པ་གཉིས་ལ་འགལ་བ་མེད་པས་ན་ཉེ་བར་གནས་པ་དག་ཟློག་པར་བྱེད་པ་དང་། བཟློག་པར་བྱ་བའི་དངོས་པོར་གཞག་གོ། །དེ་བས་
เล่ม ๑๘๙ · หน้า 76b
ན་གང་ཞིག་གང་གིས་ཟློག་པར་བྱེད་པ་དེས་ནི་དེ་ལྟར་མྱུར་ན་དེ་སྐད་ཅིག་གསུམ་པ་ལ་ཟློག་པར་བྱེད་དོ། །སྐད་ཅིག་མ་དང་པོ་ལ་ནི་ཚོགས་པ་ན་ནུས་པ་མེད་པའི་གནས་སྐབས་སུ་རུང་བར་བྱེད་པ་ཡིན་ནོ། །གཉིས་པ་ལ་ཡང་འགལ་བ་ནུས་པ་མེད་པར་བྱེད་དོ། །གསུམ་པ་ལ་ནི་ནུས་པ་མེད་པར་
འགགས་པའི་ཡུལ་དེར་འོང་བར་བྱེད་དོ། །དེ་ལ་སྣང་བ་ནི་འགྲོ་བའི་ཆོས་ཅན་ཡིན་ཏེ། ཆུ་རླབས་ཀྱི་ཚུལ་མཐར་གྱིས་ཡུལ་གནོད་པ་ན་གང་གི་ཚེ་མུན་པ་དང་བར་མ་ཆོད་པའི་སྣང་བའི་སྐད་ཅིག་སྐྱེད་པར་བྱེད་པ་དེའི་ཚེ་སྣང་བ་དང་ཉེ་བའི་མུན་པ་སེལ་བ་མེད་པར་སྐྱེད་པར་བྱེད་དོ། །དེས་ན་སྣང་
བ་དང་ཉེ་བར་འདུག་པ་གང་ཡིན་པ་དེ་ནུས་པ་མེད་པར་འགྱུར་རོ། །མུན་པ་མེད་དེ་འགགས་པ་དང་ཡུལ་དེར་སྣང་བ་སྐྱེད་དེ། དེ་ལྟར་ན་རིམ་གྱིས་སྣང་བས་མུན་པ་སེལ་བར་བྱེད་དོ། །དྲོ་བའི་རེག་པས་གྲང་བའི་རེག་པ་ཟློག་པའི་ཚུལ་ཡང་དེ་བཞིན་ནོ། །གང་གི་ཚེ་མུན་ནག་གི་ཡུལ་དེ་ཉིད་དུ་
སྣང་བ་སྐྱེད་པར་བྱེད་པ་དེའི་ཚེ་སྐད་ཅིག་གང་ལ་མུན་ནག་གི་ཡུལ་དུ་སྣང་བ་སྐྱེད་པའི་སྐད་ཅིག་མ་སྐྱེད་པ་དེ་ཉིད་ལས་མུན་པ་ནི་མུན་པ་གཞན་ལ་ནུས་པ་མེད་པར་འབྱུང་ངོ་། །དེ་ལྟར་ན་ནུས་པ་མེད་པའི་གནས་སྐབས་ན་སྐྱེད་པར་བྱེད་པ་ཉིད་ཀྱི་སྒོ་ནས་ཟློག་པར་བྱེད་པས་འགལ་བ་ཡིན་ནོ། །དེ་བས་
ན་སྐད་ཅིག་གང་ལ་སྐྱེད་པར་བྱེད་པ་དེ་ལ་ཅི་སྟེ་མྱུར་བར་ཟློག་པར་བྱེད་ན་སྐད་ཅིག་གསུམ་པ་ལ་ཟློག་པར་བྱེད་པས་འགལ་བ་ཡིན་ནོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་རྒྱུན་གཉིས་འགལ་བ་ཡིན་གྱི། སྐད་ཅིག་མ་གཉིས་ནི་འགལ་བ་མ་ཡིན་ནོ། །ཅི་སྟེ་རྒྱུན་
ཅེས་བྱ་བ་དངོས་པོར་ཡོད་པ་མ་ཡིན་པ་དེ་ལྟ་ན་རྒྱུན་ཅན་དངོས་པོར་གྱུར་པ་ཡིན་ནོ། །དེས་ན་དོན་དམ་པར་ནི་སྐད་ཅིག་མ་གཉིས་ནི་འགལ་བ་མ་ཡིན་ཏེ། འོན་ཀྱང་སྐད་ཅིག་མ་མང་པོ་རྣམས་ཡིན་ཏེ། འདི་ལྟར་སྲེག་པར་བྱེད་པའི་སྐད་ཅིག་མ་ཡོད་པ་ན་གྲང་བའི་སྐད་ཅིག་མ་བྱུང་དུ་ཟིན་ཀྱང་འགག་
པའི་ཆོས་ཅན་དུ་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །རྒྱུ་གཉིས་བཟློག་པར་བྱ་བ་དང་ཟློག་པར་བྱེད་པ་ཉིད་ཀྱི་རྒྱུ་མཚན་གྱི་འགལ་བར་གནས་པ་ན་ཡང་རྡུལ་ཕྲ་རབ་ཐམས་ཅད་ཡུལ་གཅིག་ན་གནས་པ་མེད་ཀྱང་འགལ་བ་ནི་མ་ཡིན་ཏེ། དེ་དག་རྒྱུན་གཅིག་ལ་གཅིག་ཟློག་པར་མི་བྱེད་པའི་ཕྱིར་རོ། །
เล่ม ๑๘๙ · หน้า 77a
འགྲོ་བའི་ཆོས་ཅན་གྱི་སྣང་བས་ཡུལ་གང་ཞིག་གནོད་པར་བྱེད་པའི་ཡུལ་དེ་ན་གནས་པའི་འགལ་བའི་རྒྱུན་ཟློག་པར་བྱེད་པ་ཡིན་ནོ། །དེ་བས་ན་ཁང་པའི་གྲྭའི་ཕྱོགས་གཅིག་ན་གནས་པའི་སྒྲོན་མའི་འོད་མུན་པ་དང་ཉེ་བར་གནས་ཀྱང་མུན་པ་སེལ་བར་བྱེད་པ་མ་ཡིན་ནོ། །མུན་
པས་ནོན་པའི་ཕྱོགས་སུ་སྣང་བའི་སྐད་ཅིག་མ་གཞན་སྐྱེད་པར་ནུས་པའི་ཕྱིར་རོ། །རྒྱུ་ནུས་པ་མེད་པའི་བྱ་བའི་རྒྱུ་མཚན་ཅན་གྱི་འགལ་བ་ནི་རྒྱུན་ལ་གནས་པ་ཉིད་དུ་བསྟན་པའི་ཕྱིར། བྱུང་བ་ཞེས་པ་སྨོས་ཏེ། གྲང་བའི་རེག་པ་རྒྱུན་རྒྱུད་མར་འཇུག་པ་འབྱུང་བ་ལ་གཞན་དྲོ་བའི་རེག་པ་རྒྱུན་ཡོད་
ན་མེད་པ་ཞེས་བྱ་བ་ཡིན་ནོ། །གང་དག་འགལ་བ་ནི་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པ་དེ་ལ་འདི་བརྗོད་པར་བྱ་སྟེ། ཇི་ལྟར་འབྲས་བུ་མ་སྐྱེས་པ་ལ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཞེས་བྱ་བ་གཉིས་ལ་གནས་པ་ཡོད་པ་མ་ཡིན་ཡང་འབྲས་བུ་ཡོད་པ་ནི་རྒྱུ་སྔོན་དུ་འགྲོ་
བ་ཅན་ཡིན་པ་དེ་བས་ན་དངོས་པོ་ཉིད་ཡིན་ནོ། །དེ་བཞིན་དུ་ལྡོག་པའི་དངོས་པོ་ལ་ནི་འགལ་བ་ཞེས་བྱ་བ་གཉིས་ལ་འགལ་བ་ཡོད་པ་མ་ཡིན་ཡང་། མེའི་རྒྱུ་མཚན་གྱིས་གྲང་བའི་རེག་པའི་སྐད་ཅིག་མ་གཞན་ལ་ནུས་པ་མེད་པར་འགྱུར་དེ་བས་ན་འགལ་བ་ཡང་དངོས་པོ་ཡོད་པ་ཁོ་ན་ཡིན་
ནོ། །དཔེ་བསྟན་པའི་ཕྱིར། གྲང་བ་དང་ཚ་བ་ཞེས་བྱ་བ་སྨོས་ཏེ། དེ་དག་ཉིད་རེག་པ་ཡིན་ཏེ། དེ་གཉིས་བཞིན་ནོ། །གྲང་བ་དང་དྲོ་བའི་རེག་པ་གཉིས་ཀྱི་འགལ་བ་ཡང་སྔ་མ་དེ་དག་བཞིན་དུ་སྦྱར་བར་བྱའོ། །འགལ་བ་གཉིས་པ་བསྟན་པའི་ཕྱིར། གཅིག་གིས་གཅིག་
སྤངས་ཏེ་ཞེས་བྱ་བ་སྨོས་ཏེ། ཡོངས་སུ་དོར་བའོ། །དེས་གནས་པའི་མཚན་ཉིད་དེ་ངོ་བོ་ཉིད་གང་དག་ལ་ཡོད་པ་དེའི་དངོས་པོ་ནི་གཅིག་གིས་གཅིག་སྤངས་ཏེ་གནས་པའི་མཚན་ཉིད་དོ། །འདི་ལ་གང་ཡོངས་སུ་གཅོད་པ་ན་གང་རྣམ་པར་གཅོད་པ་སྟེ། ཡོངས་སུ་གཅོད་པ་ཞེས་བྱ་བ་དེ་ནི་རྣམ་
པར་གཅད་པར་བྱ་བ་ཡོངས་སུ་སྤངས་ཏེ་གནས་པའི་ངོ་བོར་བལྟ་བར་བྱའོ། །སྔོན་པོ་ཡོངས་སུ་གཅོད་པ་ན་ཡང་དེའི་ངོ་བོ་ཉམས་པར་བཅད་པ་ཡིན་ཏེ། དེ་རྣམ་པར་མ་བཅད་ན་སྔོན་པོ་ཡོངས་སུ་མི་གཅོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དངོས་པོ་རྣམས་ཀྱི་ཡོད་པ་དང་མེད་
เล่ม ๑๘๙ · หน้า 77b
པ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་ངོ་བོ་ཡིན་ལ། སྔོན་པོ་ལས་གཞན་པའི་ངོ་བོ་གང་ཡིན་པ་དེ་ནི་སྔོན་པོའི་དངོས་པོ་མེད་པ་ལ་མི་འཁྲུལ་པ་ཡིན་ཏེ། སྔོན་པོ་ལྟར་རུང་བ་སེར་པོ་ལ་སོགས་པ་དམིགས་པ་ན་ནི་དམིགས་པས་མེད་པར་ངེས་པའི་ཕྱིར་རོ། །ཇི་ལྟར་སྔོན་པོ་ནི་དངོས་
པོ་མེད་པ་ཡོངས་སུ་སྤོང་བར་བྱེད་པ་དེ་བཞིན་དུ་སེར་པོ་ལ་སོགས་པ་མེད་པ་ལ་མི་འཁྲུལ་བ་ལ་ཡང་ཡིན་ནོ། །དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་གཉིས་ནི་དངོས་སུ་འགལ་བ་ཡིན་ལ། དངོས་པོ་ནི་མེད་པ་ལ་མི་འཁྲུལ་བ་ལས་འགལ་བ་ཡིན་ནོ། །ཡང་གང་ཞིག་གཞན་ལ་མེད་པར་ངེས་ཤེ་ན།
གང་རྣམ་པ་ངེས་པ་དང་ལྡན་པའི་དོན་ཡིན་གྱི། རྣམ་པ་མ་ངེས་པ་ནི་མ་ཡིན་ཏེ། སྐད་ཅིག་མ་ཉིད་ལ་སོགས་པ་བཞིན་ནོ། །སྐད་ཅིག་མ་ཉིད་ནི་སྔོན་པོ་ལ་སོགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་ཡིན་ཏེ། དེས་ན་རྣམ་པ་ངེས་པ་མ་ཡིན་ནོ། །དེ་བས་ན་སྐད་ཅིག་མ་ཉིད་སྤངས་པར་
སྣང་བ་ནི་འགའ་ཡང་མེད་དོ། །གལ་ཏེ་དེ་ན་དངོས་པོ་མེད་པ་ཡང་རྣམ་པར་མ་ངེས་པར་འགྱུར་རོ་ཞེ་ན། རྣམ་པ་ངེས་པ་ཞེས་བྱ་བར་ཇི་ལྟར་འགྱུར་ཏེ། གང་གི་ཕྱིར་དངོས་པོ་མེད་པ་ནི་ངོ་བོས་དབེན་པའི་རྣམ་པར་རྟོག་པ་ཡིན་ནོ། །དེ་བས་ན་མཐོང་བའམ་བརྟག་པ་ཡང་རུང་སྟེ། ངེས་པའི་རང་
བཞིན་ཉིད་གཞན་ལ་མེད་པར་ངེས་པ་ཡིན་གྱི་མ་ངེས་པ་ཞེས་བྱ་བར། དེ་ལྟར་ན་བརྟག་པ་དང་འདྲེ་ལ་སོགས་པ་ཡང་རྣམ་པ་ངེས་པ་བརྟགས་པ་ཡིན་པར་ལྟ་བར་འདི་ནི་བདག་ཉིད་གཅིག་པར་འགལ་བར་ཡང་ཡིན་ཏེ། གང་ཞིག་ཕན་ཚུན་སྤངས་ཏེ་གནས་པ་དེ་དག་ནི་གཅིག་པ་ཉིད་མེད་པ་ཡིན་
ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་མཚན་ཉིད་ལས་གྱུར་པའི་འགལ་བ་ཞེས་བྱ་སྟེ། དངོས་པོ་རྣམས་ཀྱི་རང་བཞིན་འདིའི་དགོས་པ་ཡིན་པས་སོ། །འགལ་བ་འདིས་ནི་དངོས་པོའི་དེ་ཉིད་ཐ་དད་པར་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྣང་བའི་རང་བཞིན་ལ་འགོག་པ་གང་ཡིན་
པ་དེ་ནི་སྣང་བ་ཉིད་དུ་ཁས་བླངས་ནས་དགག་པར་བྱ་བ་ཡིན་ཏེ། འདི་ལྟར་དངོས་པོ་མེད་པ་དང་ཤ་ཟ་ཡང་གང་གི་ཚེ་སེར་པོ་ལ་འགོག་པར་འདོད་པ་དེའི་ཚེ་སྣང་བའི་བདག་ཉིད་ཁོ་ནས་དགག་པར་བྱ་བ་ཡིན་པས་སྣང་བ་ཉིད་དུ་ཁས་བླངས་ནས་དགག་པར་བྱ་བ་ཡིན་ཏེ། འདི་ལྟར་དངོས་པོ་
เล่ม ๑๘๙ · หน้า 78a
མེད་པ་དང་ཤ་ཟ་ཡང་གང་གི་ཚེ་སེར་པོ་ལ་འགོག་པར་འདོད་པ་དེའི་ཚེ་སྣང་བའི་བདག་ཉིད་ཁོ་ན་དགག་པར་བྱ་བ་ཡིན་པས་སྣང་བ་ཉིད་དུ་ཁས་བླངས་ནས་སྣང་བ་མི་དམིགས་པ་ཁོ་ན་ལས་འགོག་པ་ཡིན་ནོ། །དེ་ལྟ་ན་ཡང་གཅིག་གི་ངོ་བོ་ལ་ཡང་ཡོངས་སུ་བཅད་པ་
ན་དེ་མེད་པའི་ལྟར་རུང་བ་རྣམ་པར་གཅད་པར་བྱ་བ་ཡིན་ཞིང་། གང་ཞིག་དེ་མེད་པ་ལ་ངེས་པའི་རྣམ་པ་ཅན་གྱི་བལྟར་རུང་བ་དེ་ཡང་སྣང་བ་རྣམ་པར་གཅད་པར་བྱ་བ་ཡིན་ཏེ། དེས་ན་རང་ཉམས་པ་བཞིན་དུ་ཉམས་པ་དང་ལྡན་པ་ཡང་རྣམ་པར་གཅོད་པ་ཡིན་ནོ། །ཕན་ཚུན་སྤངས་ཏེ་གནས་པའི་
ངོ་བོ་གང་ཡིན་པ་དེ་ཐམས་ཅད་ནི་དེས་གཅིག་པ་ཉིད་བཀག་པ་ཡིན་ཏེ། དེས་ན་འགལ་བ་འདི་ཡོད་ཀྱང་ལྷན་ཅིག་ཏུ་གནས་པར་ཡང་འགྱུར་རོ། །དེའི་ཕྱིར་འགལ་བ་གཉིས་ཀྱི་བྱེད་པ་ཐ་དད་དེ། གཅིག་གིས་ནི་གྲང་བ་དང་དྲོ་བའི་རེག་པ་དག་གཅིག་པ་ཉིད་འགོག་པར་བྱེད་ལ། གཞན་གྱིས་
ནི་ལྷན་ཅིག་ཏུ་གནས་པའོ། །ཡུལ་ཡང་ཐ་དད་པ་ཡིན་ཏེ། ཕན་ཚུན་སྤངས་པ་ནི་དངོས་པོ་དང་དངོས་པོ་མེད་པ་མཐའ་དག་ལ་ཡིན་ལ། ལྷན་ཅིག་ཏུ་མི་གནས་པའི་འགལ་བ་ནི་དངོས་པོ་ཉིད་འབའ་ཞིག་ལ་ཡིན་ནོ། །དེ་བས་ན་བྱེད་པ་ཐ་དད་པ་དང་ཡུལ་ཐ་དད་པ་ཡིན་པ་དེའི་ཕྱིར་འདི་
ཉིད་གཅིག་གི་ནང་དུ་འདུས་པ་མེད་དོ། །འགལ་བ་རྣམ་པ་དེ་གཉིས་ཀ་ཡང་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་འདི་གཉིས་ལ་མི་སྲིད་དེ། འདི་ལྟར་རྒྱུ་མ་ཚང་བ་མེད་པའི་ཐམས་ཅད་མཁྱེན་པ་ཉིད་ནི་སྨྲ་བ་ཉིད་ཡོད་པའི་ཕྱིར་མེད་པར་རྟོག་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ནི་མི་སྣང་བ་
ཡིན་ལ། མི་སྣང་བ་ཡང་དངོས་པོ་མེད་པར་ངེས་པར་མ་ཡིན་ནོ། །དེ་བས་ན་འདིས་ནི་གཞན་དང་འགལ་བར་རྟོགས་པ་མ་ཡིན་ནོ། །སྨྲ་བ་ཉིད་ཡོངས་སུ་སྤངས་ཏེ་ཐམས་ཅད་མཁྱེན་པ་གནས་པ་ཡང་མ་ཡིན་ཏེ། སྨྲ་བ་ཡོངས་སུ་སྤངས་པའི་ཤིང་ལ་སོགས་པ་དེ་དག་ཀྱང་ཐམས་ཅད་མཁྱེན་
པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །སྨྲ་བ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྤངས་པ་ཡང་མ་ཡིན་ཏེ། ཤིང་ལ་སོགས་པ་ཡང་སྨྲ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འགལ་བ་མེད་པ་དེ་ཉིད་ཀྱི་ཕྱིར་སྨྲ་བ་ཉིད་ཀྱིས་ཡོད་པས་ཐམས་ཅད་མཁྱེན་པ་ཉིད་འགོག་པར་འགྱུར་
เล่ม ๑๘๙ · หน้า 78b
བ་མ་ཡིན་ནོ། །ཅི་སྟེ་དེ་ལྟ་དེ་ལ་འགལ་བ་མེད་ན་བུམ་པ་དང་སྣམ་བུ་གཉིས་བཞིན་དུ་དེ་གཉིས་ཀྱང་ལྷན་ཅིག་ཏུ་གནས་པར་སྣང་བར་འགྱུར་བ་ཞིག་ན། མི་སྣང་བས་ན་འགལ་བ་སྣང་བ་ཡིན་ལ། འགལ་བའི་ཕྱིར་དངོས་པོ་མེད་པར་རྟོགས་སོ་སྙམ་དུ་དོགས་པ་ལ། མི་འགལ་བ་བསྒྲུབ་པ་
ལས་ནི་ཞེས་བྱ་བ་སྨོས་ཏེ། མི་དམིགས་ཀྱང་འདི་འགལ་བར་གྲུབ་པ་མ་ཡིན་ནོ། །གལ་ཏེ་ཡང་ལྷན་ཅིག་ཏུ་གནས་པ་མ་དམིགས་པ་དེ་ལ་ཡང་འོན་ཀྱང་དེ་ཉིད་འགལ་བ་མ་ཡིན་ནོ། །གང་གི་ཕྱིར་ལྷན་ཅིག་པ་མ་དམིགས་པ་ཙམ་གྱིས་འགལ་བ་མ་ཡིན་གྱི། འོན་ཀྱང་གཉི་ག་དམིགས་
པ་ན་བཟློག་པར་བྱ་བ་ཟློག་པར་བྱེད་པའི་དངོས་པོས་ངེས་པ་ལས་ཡིན་པའི་ཕྱིར་རོ། །དེ་བས་ན་མ་དམིགས་སུ་ཟིན་ཀྱང་སྨྲ་བ་ཉིད་བསྒྲུབ་པས་མ་ཡིན་ཏེ། དེའི་ཕྱིར་དེ་ལས་གཞན་མེད་པར་རྟོགས་པ་མ་ཡིན་ནོ། །དེ་བཞིན་དུ་སྨྲ་བ་ཉིད་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་དང་ལྡན་པར་རྟོག་པ་མ་
ཡིན་ཏེ། འདི་ལྟར་ཅི་སྟེ་ཚིག་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པའི་འབྲས་བུར་གྱུར་པ་ཡིན་ན་ནི་ཚིག་ལ་སོགས་པ་ལས་འདོད་ཆགས་ལ་སོགས་པ་རྟོགས་པར་འགྱུར་ན། འབྲས་བུ་ཡང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་ཚིག་ལ་སོགས་པ་ཡང་རྒྱུ་དང་འབྲས་བུའི་
དངོས་པོར་མ་གྲུབ་པའི་རྒྱུའི་ཕྱིར་འབྲས་བུ་མ་ཡིན་པ་དེ་བས་ན་འདི་ལས་རྟོགས་པ་མ་ཡིན་ནོ། །ཚིག་ན་འདོད་ཆགས་ལ་སོགས་པའི་འབྲས་བུ་མ་ཡིན་ཡང་ལྷན་ཅིག་ཏུ་རྒྱུ་བ་ཡིན་ནོ། །དེ་བས་ན་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་ཏུ་རྒྱུ་བ་ལོག་པས་ཚིག་ལྡོག་གོ་སྙམ་དུ་དོགས་པ་
ལ་སྨྲས་པ། དོན་གཞན་རྒྱུ་མ་ཡིན་པ་ལོག་པས་ལྷན་ཅིག་ཏུ་རྒྱུ་བ་མཐོང་བ་ཙམ་གྱི་སྒོ་ནས་གཞན་ཚིག་ལ་སོགས་པ་ལྡོག་པ་ནི་མ་ཡིན་ཏེ། དེ་བས་ན་སྨྲ་བ་ཉིད་ཀྱང་ཡིན་ལ་འདོད་ཆགས་ལ་སོགས་པ་དང་བྲལ་བར་ཡང་འགྱུར་རོ། །དེ་ལྟར་ན་ཞེས་བྱ་བ་ན་གང་གི་ཕྱིར་གྱི་དོན་ཏེ། དེ་བས་
ན་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ལས་བཟློག་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཐམས་ཅད་མཁྱེན་པ་དང་། འདོད་ཆགས་ལ་སོགས་པ་དང་ལྡན་པ་མ་ཡིན་པ་ལ་ཚིག་ལ་སོགས་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེ་བས་ན་ཚིག་ལ་སོགས་པ་མ་ངེས་པ་ཡིན་ཏེ། དེ་ལྟར་ཚུལ་རེ་རེ་མ་
เล่ม ๑๘๙ · หน้า 79a
གྲུབ་པ་དང་ཐེ་ཚོམ་ཟ་བར་གཏན་ཚིགས་ཀྱི་སྐྱོན་དུ་སྨྲས་ནས། ཚུལ་གཉིས་མ་གྲུབ་པ་དང་ཐེ་ཚོམ་ཟ་ན་གཏན་ཚིགས་ཀྱི་སྐྱོན་དུ་སྨྲ་བར་འདོད་ནས། ཚུལ་གཉིས་ཞེས་བྱ་བ་སྨོས་ཏེ། ཚུལ་གཉིས་ཕྱིན་ཅི་ལོག་ཏུ་གྲུབ་པར་གྱུར་ན་འགལ་བ་ཡིན་ནོ། །ཚུལ་ནི་གསུམ་
ཡོད་པ་དེ་བས་ན་བྱེ་བྲག་ཤེས་པར་བྱ་བའི་ཕྱིར། གཉིས་པོ་གང་གིས་ཞེས་སྨོས་སོ། །ཁྱད་པར་ཅན་གྱི་རང་བཞིན་སྟོན་པ་ནི། མཐུན་པའི་ཕྱོགས་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པའོ་ཞེས་བྱ་བ་སྟེ། ཕྱིན་ཅི་ལོག་ཏུ་གྲུབ་པའོ་ཞེས་བྱ་བར་སྦྱར་རོ། །བྱས་པ་ཉིད་དང་ཞེས་བྱ་བ་
ནི་རང་བཞིན་གྱི་གཏན་ཚིགས་སོ། །བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་འབྲས་བུའི་གཏན་ཚིགས་ཡིན་ཏེ། བརྩལ་མ་ཐག་ཏུ་བྱུང་བའི་སྐྱེ་བ་དང་ཤེས་པ་ནི་བརྩལ་མ་ཐག་ཏུ་བྱུང་བ་ཞེས་བྱའོ། །སྐྱེ་བ་ནི་སྐྱེ་བ་བཞིན་པའི་རང་བཞིན་ལ་བྱའོ། །ཤེས་པ་ནི་ཤེས་བྱའི་འབྲས་བུའོ། །དེ་ལ་འདིར་ནི་བརྩལ་
མ་ཐག་ཏུ་བྱུང་བའི་ཤེས་པ་གཟུང་སྟེ། དེས་ན་འབྲས་བུའི་གཏན་ཚིགས་ཡིན་ནོ། །གཏན་ཚིགས་འདི་གཉིས་ནི་རྟག་པ་ཉིད་དང་བསྒྲུབ་པ་ལ་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །ཅིའི་ཕྱིར་འདི་གཉིས་འགལ་བ་ཡིན་ཞེ་ན། འདི་གཉིས་ཀྱི་ཞེས་བྱ་བ་སྨོས་ཏེ། མཐུན་པའི་
ཕྱོགས་རྟག་པ་ལ་ནི་བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་བྱུང་བ་གཉིས་མེད་པ་ཁོ་ནར་ངེས་པ་ཡིན་ལ། མི་མཐུན་པའི་ཕྱོགས་མི་རྟག་པ་ཉིད་ཁོ་ན་ལ་ཡོད་པར་ངེས་པར་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ནོ། །འདི་གཉིས་གྲུབ་ཀྱང་ཅིའི་ཕྱིར་འདི་གཉིས་འགལ་བ་ཡིན་ཞེ་ན། སྨྲས་པ། དེ་ཉིད་
ནི་བསྒྲུབ་པར་བྱ་བ་རྟག་པ་ཉིད་ལས་ཕྱིན་ཅི་ལོག་མི་རྟག་པ་ཉིད་དུ་བསྒྲུབ་པའི་ཕྱིར་རོ། །དེ་བས་ན་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བ་དག་ཡིན་ནོ། །ཅི་སྟེ་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འདི་དག་ཉིད་འགལ་བ་ཡིན་ནོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་
པ་ལ་ནི་སྨྲས་པ་བསྒྲུབ་པར་བྱ་བ་ཡིན་གྱི། མ་སྨྲས་པ་ནི་མ་ཡིན་ལ། འགོད་པ་ནི་མ་སྨྲས་པ་ཡིན་ནོ། །དེ་བས་ན་འདོད་པ་ལ་གནོད་པ་བྱེད་པ་འདི་གཉིས་ལས་གཞན་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདོད་པ་སྒྲས་མ་སྨོས་པ་ལ་གནོད་པར་བྱེད་པ་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་
เล่ม ๑๘๙ · หน้า 79b
འགལ་བ་གསུམ་པ་ཡང་ཡོད་པ་མ་ཡིན་ནམ། གཉིས་ནི་སྨྲས་པ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ཡིན་ལ། འདི་ནི་གསུམ་པ་ཡིན་ནོ། །འདོད་པ་ལ་གནོད་པའི་དཔེ་བརྗོད་པ་ནི་དཔེར་ན་ཞེས་བྱའོ། །མིག་ལ་སོགས་པ་ནི་ཆོས་ཅན་ནོ། །གཞན་གྱི་དོན་ནི་དགོས་པ་པོ་ལ་ལེགས་པར་ཉེ་བར་
བྱེད་པ་གང་ཡིན་པ་ནི་གཞན་གྱི་དོན་ཏེ་བསྒྲུབ་པར་བྱའོ། །འདུས་པ་ཡིན་པའི་ཕྱིར། བསགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཏེ། མིག་ལ་སོགས་པ་ནི་རྡུལ་ཕྲ་རབ་བསགས་པའི་ངོ་བོ་ཡིན་པ་དེ་བས་ན་འདུས་པའི་ངོ་བོ་ཞེས་སྨོས་སོ། །མལ་ཆ་དང་སྟན་ལ་སོགས་པ་གང་དག་ཡིན་
པ་དེ་མལ་ཆ་དང་སྟན་ལ་སོགས་པའོ། །དེ་དག་ཉིད་ཡན་ལག་སྟེ་སྐྱེས་བུའི་ལོངས་སྤྱོད་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ། །འདི་ནི་ཁྱབ་པའི་ཡུལ་བསྟན་པའི་དཔེ་ཡིན་ནོ། །འདིར་ནི་གཞན་གྱི་དོན་བྱེད་པ་ཉིད་ཅེས་བྱ་བ་ལ་ཁྱབ་པ་ཡིན་ཏེ། འདི་ལྟར་མལ་ཆ་དང་སྟན་ལ་སོགས་པ་འདུས་པའི་ངོ་
བོ་ཡིན་པ་ནི་སྐྱེས་བུའི་ལོངས་སྤྱོད་པ་ཡིན་ཞིང་ཕན་པར་བྱེད་པ་ཡིན་པའི་ཕྱིར་གཞན་གྱི་དོན་བྱེད་པ་ཉིད་ཅེས་བྱའོ། །ཇི་ལྟར་འདི་འདོད་པ་ལ་གནོད་པར་བྱེད་པ་ཡིན་ཞེ་ན། དེ་ནི་འདུས་པ་མ་ཡིན་གྱི། གཞན་གྱི་དོན་བྱེད་པ་ཉིད་དུ་འདོད་དེ། ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བའོ་ཞེས་བྱ་
བ་སྨོས་ཏེ། འདོད་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་ནི་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ཉིད་དུ་འདོད་པ་ཡིན་པས་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ཉིད་དུ་འདོད་པའོ། །རྒོལ་བ་གྲངས་ཅན་དེ་ནི་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ཉིད་དུ་འདོད་པའོ། དེ་ཕྱིན་ཅི་ལོག་
པ་ནི་འདུས་པ་གཞན་གྱི་དོན་བྱེད་ཅེས་བྱ་བ་ཡིན་ཏེ། དེ་བསྒྲུབ་པའི་ཕྱིར་འགལ་བ་ཡིན་ནོ། །གྲངས་ཅན་དག་བདག་ཡོད་དོ་ཞེས་སྨྲ་བ་ན་སངས་རྒྱས་པ་རྣམས་ཀྱིས། དེ་ཅིའི་ཕྱིར་ཞེས་དྲིས་པ་དང་། བདག་གྲུབ་པར་བྱ་བའི་ཕྱིར་ཚད་མ་སྨྲ་བ་ཡིན་ཏེ། དེ་བས་ན་མིག་ལ་སོགས་པ་ནི་
འདུས་པ་མ་ཡིན་པའི་བདག་ལ་ཕན་པར་བྱེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །གཏན་ཚིགས་འདི་ནི་ཕྱིན་ཅི་ལོག་གིས་ཁྱབ་པ་ཡིན་ཏེ། འདི་ལྟར་གང་ཞིག་གང་ལ་ཕན་པར་བྱེད་པ་དེ་ནི་སྐྱེད་པར་བྱེད་པ་ཡིན་ལ། བསྐྱེད་པར་བྱ་བ་ཡང་ཅིག་ཆར་རམ་རིམ་གྱིས་འདུས་པར་འགྱུར་ཏེ། དེ་
เล่ม ๑๘๙ · หน้า 80a
བས་མིག་ལ་སོགས་པ་གཞན་གྱི་དོན་བྱེད་པ་ནི་འདུས་པ་གཞན་གྱི་དོན་བྱེད་དོ་ཞེས་པར་འགྲུབ་བོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་འགལ་བ་འདི་ཡང་བསྟན་ན། རྣམ་འགྲེལ་བྱེད་པ་ཁྱོད་བཞིན་དུ། །དེ་ཅིའི་ཕྱིར་མ་སྨོས་ཤེ་ན། ཅིག་ཤོས་ཀྱིས་སྨྲས་པ། བསྒྲུབ་
པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་འདི་གཉིས་ཁོ་ནའི་ནང་དུ་འདུས་པའི་ཕྱིར་རོ། །སྨྲས་པའི་ཕྱིན་ཅི་ལོག་སྒྲུབ་པར་བྱེད་པ་ནི་མ་ཡིན་ན་ཅི་ལྟར་སྨྲས་པའི་ཕྱིན་ཅི་ལོག་སྒྲུབ་པར་བྱེད་པ་གཉིས་ཀྱི་ནང་དུ་འདུས་ཤེ་ན། དེ་ནི་ཞེས་བྱ་བ་སྨོས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ།
གང་གི་ཕྱིར་འདོད་པ་ལ་གནོད་པ་དེ་བསྒྲུབ་པར་བྱ་བའི་ལོག་པར་བསྒྲུབ་པའི་སྒོ་ནས་གཏན་ཚིགས་འདི་གཉིས་ལས་ཐ་དད་པ་མ་ཡིན་ནོ། །སྨྲས་པ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་ཡིན་ཡང་རུང་མ་ཡིན་ཡང་རུང་སྟེ། ཇི་ལྟར་དེ་གཉིས་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་དེ་བཞིན་དུ་
འདིར་ཡང་ཡིན་པས་དེ་བས་ན་སྨྲས་པ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ཅི་ཞིག་བྱ། དེ་བས་ན་འདི་གཉིས་ཀྱི་ནང་ཁོ་ནར་འདུག་པ་ཡིན་ནོ། །སྨྲས་པ་ཁོ་ན་བསྒྲུབ་པར་བྱ་བ་མ་ཡིན་ནམ། དེ་ཇི་ལྟར་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་བསྒྲུབ་པའི་སྒོ་ནས་ཐ་དད་པ་མ་ཡིན་ཞེ་ན། འདོད་པ་ཞེས་བྱ་བ་སྨོས་
ཏེ། གང་གི་ཕྱིར། འདོད་པ་དང་སྨྲས་པ་གཉིས་ལ་བསྒྲུབ་པར་བྱ་བ་ཉིད་ཀྱི་སྒོ་ནས་ནི་ཕན་ཚུན་བྱེ་བྲག་ཐ་དད་པ་ཅི་ཡང་མེད་དོ། །དེ་བས་ན་འདི་གཉིས་ཁོ་ནར་འདུས་པ་ཡིན་ནོ་ཞེས་བྱ་བར་མཇུག་བསྡུས་པའོ། །འདི་ལྟར་ཕྱིར་རྒོལ་བས་ཤེས་པར་འདོད་པ་གང་ཡིན་པ་དེ་ནི་སྐབས་སུ་བབ་པ་ཡིན་ནོ། །སྐབས་
སུ་བབ་པ་ཡིན་པ་དེ་ཡང་འདོད་པ་སྨྲ་བ་ཡིན་ཡང་རུང་སྟེ། སྒྲུབ་པར་འདོད་པས་ཡུལ་དུ་བྱ་བ་ཡིན་གྱི། སྨྲ་བ་ཙམ་འབའ་ཞིག་ནི་མ་ཡིན་པ་དེ་བས་བྱེ་བྲག་མེད་དོ། །ཚུལ་གཉི་ག་མ་གྲུབ་ན་འགལ་བ་ཡིན་པར་བཤད་ཟིན་ཏོ། །དེ་གཉིས་ཀྱི་ནང་ནས། གཅིག་ནི་མ་གྲུབ་པ་ལ་ཅིག་ཤོས་ལ་ཐེ་ཚོམ་ཟ་ན་
ཡང་མ་ངེས་པ་ཡིན་ནོ། །དེ་ཅི་འདྲ་བ་ཞིག་ཅེ་ན། འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བའོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཅིག་དང་། ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བ་བསྒྲུབ་པར་བྱ་བ་གཉིས་པའོ། །སྨྲ་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདི་ལ་ལྡོག་
เล่ม ๑๘๙ · หน้า 80b
པ་ནི་མ་གྲུབ་པ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་འདོད་ཆགས་དང་བཅས་པ་དང་། ཐམས་ཅད་མཁྱེན་པ་མ་ཡིན་པ་མི་མཐུན་པའི་ཕྱོགས་ལ་ནི་སྨྲ་བ་ཉིད་མཐོང་བས་ན་ལྡོག་པ་མ་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བ་ཡིན་ཞེ་ན། ཕྱོགས་དང་མཐུན་པར་འགྱུར་བ་ཐམས་ཅད་མཁྱེན་
པ་དང་། འདོད་ཆགས་དང་བྲལ་བ་དག་ནི་བསྐལ་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། དབང་པོའི་ཡུལ་ལས་འདས་པའི་ཕྱིར་རོ། །ཚིག་ལ་སོགས་པ་དག་ནི་དབང་པོའི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡིན་ཡང་། དབང་པོའི་ཡུལ་ལས་འདས་པ་ཐམས་ཅད་མཁྱེན་པ་དང་། འདོད་ཆགས་དང་བྲལ་
བ་གཉིས་ལ་ཡོད་དམ་མེད་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བས་ནི་སྨྲ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་བྱ་བར་མངོན་པ་མེད་པས་མ་ངེས་པ་ཡིན་ནོ། །ད་ནི་གཉིས་ཉིད་ལ་ཐེ་ཚོམ་ཟ་ན་མ་ངེས་པར་བརྗོད་པའི་ཕྱིར་སྨྲས་པ། རྗེས་སུ་འགྲོ་བ་དང་ལྡོག་པའི་ཚུལ་དེ་ཉིད་ལ་ཐེ་
ཚོམ་ཟ་བའི་ཕྱིར་ཡིད་གཉིས་ཀྱི་རྒྱུ་ཡིན་ནོ། །དཔེ་དགོད་དེ་བདག་དང་བཅས་པར་འདུག་པ་ནི་བདག་དང་བཅས་པར་འདུས་པ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །ལུས་ཞེས་བྱ་བ་ནི་ཆོས་ཅན་ནོ། །གསོན་པོའི་ཞེས་བྱ་བ་ནི་ཆོས་ཅན་གྱི་བྱེ་བྲག་སྟེ། ཤི་བ་ལ་བདག་ཡོད་པར་མི་འདོད་
དོ། །སྲོག་ནི་དབུགས་རྒྱུ་བ་ལ་སོགས་པའོ། །སོགས་པ་ནི་མིག་འབྱེད་པ་དང་། འཛུམས་པ་ལ་སོགས་པ་སྲོག་ཆགས་ཀྱི་ཆོས་དེ་ནི་སྲོག་ལ་སོགས་པའོ། །དེ་དག་གང་ལ་ཡོད་པ་དེ་ནི་སྲོག་ལ་སོགས་པ་དང་ལྡན་པ་གསོན་པོའི་ལུས་སོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེ་བས་ཞེས་བྱ་སྟེ།
འདི་གཏན་ཚིགས་སོ། །ཐུན་མོང་མ་ཡིན་པ་འདི་ཡང་ཐེ་ཚོམ་ཟ་བའི་རྒྱུ་ཉིད་དུ་བསྒྲུབ་པར་བྱའོ། །ཕྱོགས་ཀྱི་ཆོས་ནི་རྒྱུ་རྣམ་པ་གཉིས་ཀྱིས་ཐེ་ཚོམ་གྱི་རྒྱུར་གྱུར་པ་ཉིད་ཡིན་ཏེ། ཐེ་ཚོམ་གྱི་རྣམ་པ་གང་ཡིན་པ་དེ་དག་གཉིས་ཀྱི་དངོས་པོ་ཐམས་ཅད་བསྡུས་པའི་ཕྱིར་དང་། ཁྱབ་པར་བྱེད་པའི་རྣམ་པ་དེ་
གཉིས་ལས་ཡང་ཡོད་པར་མ་ངེས་པའི་ཕྱིར་རོ། །རྣམ་པ་གང་དག་གིས་དངོས་པོ་ཐམས་ཅད་མ་བསྡུས་པའི་རྣམ་པ་དེ་དག་ལ་ནི་ཐེ་ཚོམ་དུ་མི་འགྱུར་ཏེ། འདི་རྣམ་པ་གཞན་སྲིད་ན་ནི་ཕྱོགས་ཀྱི་ཆོས་ཅན་དེ་ཆོས་གཉིས་ལས་གཅིག་དང་འབྲེལ་བར་བསྟན་པར་མི་ནུས་ཏེ། དེ་བས་ན་ཐེ་ཚོམ་གྱི་རྒྱུར་མི་
เล่ม ๑๘๙ · หน้า 81a
འགྱུར་རོ། །ཆོས་གཉིས་མ་ངེས་པར་ཡོད་པར་སྟོན་ན་ནི་ཐེ་ཚོམ་གྱི་རྒྱུར་འགྱུར་རོ། །གཉིས་མ་ངེས་པར་ཡོད་པར་ཡང་བསྟན་པར་མི་ནུས་ན་ནི་མི་རྟོག་པའི་རྒྱུར་འགྱུར་རོ། །ངེས་པར་ཡོད་པར་བསྟན་ན་ནི་འགལ་བའམ་གཏན་ཚིགས་སུ་འགྱུར་རོ། །དེ་བས་ན་གཉིས་ཀྱི་དངོས་
པོ་ཐམས་ཅད་བསྡུས་པ་ཡིན་ལ། ཅི་སྟེ་དེ་གཉིས་ལ་གཅིག་པ་ཡང་ཡོད་པར་ངེས་པ་མ་ཡིན་ན་ནི་དེ་ཉིད་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ནོ། །ཡོད་པར་ངེས་པར་ཡང་འགལ་ཏེ་གཅིག་ལ་མི་འཁྲུལ་པར་ཡོད་པར་ངེས་ན་ནི་འགལ་བའམ་གཏན་ཚིགས་སུ་འགྱུར་རོ། །མི་འཁྲུལ་པ་མ་ཡིན་པར་ཡོད་
པར་ངེས་པ་ཡིན་ན་ནི་ཐུན་མོང་གིས་མ་ངེས་པ་དང་། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང་། ལྡོག་པ་མ་གྲུབ་ལ་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བར་འགྱུར་རོ། །གཅིག་ལ་ཡང་ཡོད་པར་ངེས་པ་མེད་པའི་ཕྱིར་ནི་ཐུན་མོང་མ་ཡིན་པའི་མ་ངེས་པར་འགྱུར་རོ། །དེ་བས་ན་ཐུན་
མོང་མ་ཡིན་པའི་མ་ངེས་པ་ཉིད་ཀྱི་རྒྱུ་རྣམ་པ་གཉིས་བསྟན་པའི་ཕྱིར་བདག་དང་བཅས་པ་དང་ཞེས་བྱ་བ་སྨོས་ཏེ། བདག་དང་ལྷན་ཅིག་ཏུ་འདུག་པ་ནི་བདག་དང་བཅས་པའོ། །གང་ལ་འབྲེལ་པ་དེ་ནི་བདག་མེད་པ་སྟེ། གང་གི་ཕྱིར་དེ་དག་ལས་ཕུང་པོ་གཞན་ནི་ཡོད་པ་མ་ཡིན་ནོ། །ཇི་ལྟ་བུ་ཞིག་
ཅེ་ན་གང་ལ་དངོས་པོའི་ཆོས་སྲོག་ལ་སོགས་པ་འདི་གནས་པར་གྱུར་པའོ། །དེ་བས་འདི་དེ་གཉིས་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ནོ། །ཅིའི་ཕྱིར་ཕུང་པོ་གཞན་མེད་ཅེ་ན། སྨྲས་པ། བདག་སྨྲས་པ་ལ་ནི་དངོས་པོ་ཡོད་པ་དང་། རྣམ་པར་གཅད་པ་ནི་དངོས་པོ་མེད་པ་སྟེ། དེ་གཉིས་ཀྱིས་དངོས་པོ་
ཐམས་ཅད་བསྡུས་པའི་ཕྱིར་དེའི་ནང་དུ་འདུས་པའི་ཕྱིར་རོ། །གང་ལ་བདག་ཡོད་པ་དེ་ནི་བདག་དང་བཅས་པ་ཡིན་ལ། གཞན་ནི་བདག་མེད་པ་དེའི་ཕྱིར་ཕུང་པོ་གཞན་མེད་དོ། །ཐེ་ཚོམ་གྱི་རྒྱུ་ཉིད་དུ་གྱུར་པའི་རྒྱུ་རྣམ་པ་གཉིས་ཀྱིས་དངོས་པོ་ཐམས་ཅད་བསྡུས་པ་བསྟན་ནས། གཉིས་པ་བསྟན་
པའི་ཕྱིར། འདི་གཉིས་ལས་ཞེས་བྱ་བ་སྨོས་ཏེ། བདག་དང་བཅས་པ་དང་བདག་མེད་པ་རྣམ་པ་གཉིས་ཀྱི་ནང་ནས་བདག་དང་བཅས་པའམ། བདག་མེད་པར་ཅིག་ལ་ཡང་གནས་ཤིང་ཡོད་པར་ངེས་པ་མེད་དོ། །སྲོག་ལ་སོགས་པ་ནི་དངོས་པོ་ཆོས་ཡིན་པའི་ཕྱིར་ཕུང་པོ་གཉིས་ལས་མ་
เล่ม ๑๘๙ · หน้า 81b
གཏོགས་པར་གནས་པ་མེད་དོ། །དེ་བས་ན་འདི་ཉིད་ཁོ་ན་ལ་གནས་སོ་ཞེས་བྱ་བ་དེ་ཙམ་དུ་ནི་ཤེས་ན། བྱེ་བྲག་ཏུ་འདུག་པར་ངེས་པ་ནི་མེད་དོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །དེ་བསྟན་པའི་ཕྱིར་སྨྲས་པ། བདག་དང་བཅས་པ་ཉིད་ཀྱི་བྱེ་བྲག་དང་ལྡན་པར་སྒྲུབ་པ་ལ་དངོས་པོ་ངེས་པ་ལ་ནི་སྲོག་
ལ་སོགས་པའི་ཆོས་མ་གྲུབ་སྟེ། མ་ངེས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྒྱུ་རྣམ་པ་གཉིས་བསྟན་ཏོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་ཀྱི་ཆོས་ཡིན་པར་གྱུར་པ་ཐམས་ཅད་ཐུན་མོང་ངམ་ཐུན་མོང་མ་ཡིན་པའི་མ་ངེས་པར་འགྱུར་བ་དེ་བས་ན་མཇུག་བསྡུ་
བའི་ཐབས་ཀྱིས་ཕྱོགས་ཀྱི་ཆོས་ཁོ་ན་སྟོན་པར་བྱེད་དེ། གསོན་པོའི་ལུས་དང་འབྲེལ་པ་ཅན་གྱི་ཕྱོགས་ཀྱི་ཆོས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དེ་གཉིས་ལས་གཅིག་ལ་ཡང་གནས་པར་ངེས་པ་མེད་པ་དེ་བས་ན། དེ་གཉིས་དང་བྲལ་བ་མེད་དེ། འདི་ལྟར་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་
པའི་དངོས་པོའི་ཆོས་རྣམ་པ་གཉིས་ལས་གཅིག་ལ་ངེས་པར་ཡོད་པ་ཡིན་ན་ནི་རྣམ་པ་གཞན་ལས་ངེས་པར་ལོག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་དང་བཅས་པ་དང་། བདག་མེད་པ་ཐམས་ཅད་ཀྱི་དངོས་པོ་ལས་ལོག་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། རེ་ཞིག་སྲོག་ལ་སོགས་
པ་ནི་བུམ་པ་ལ་སོགས་པ་ཁ་ཅིག་ལས་ནི་ལོག་པ་ཁོ་ན་ཡིན་ནོ། །དེ་བས་ན་བདག་དང་བཅས་པའམ། བདག་མེད་པ་འགའ་ཞིག་ལས་ལོག་པ་ཡིན་ན་ཞེས་བྱ་བ་ནི་དེ་ཙམ་དུ་ནི་ངེས་པར་བྱ་ནུས་ན། ཐམས་ཅད་ལས་ལོག་པ་ཡིན་པར་ནི་ངེས་པར་མི་ནུས་སོ། །དེ་བས་ན་གང་ལས་ཀྱང་ལོག་
པ་མེད་དོ། །ཅི་སྟེ་དེ་ལྟ་ན་དེ་གཉིས་ལ་རྗེས་སུ་འགྲོ་བ་ངེས་པ་ཡིན་མོད་ཅེ་ན། དེ་ལ་ཞེས་བྱ་བ་སྨོས་ཏེ། བདག་དང་བཅས་པའམ་བདག་མེད་པའི་དོན་ལ་སྲོག་ལ་སོགས་པ་རྗེས་སུ་འགྲོ་བ་མེད་དོ། །ཅིའི་ཕྱིར་ཞེ་ན། བདག་གཅིག་ལ་ཡང་ཞེས་བྱ་བ་སྨོས་ཏེ། བདག་དང་བཅས་པའམ་
བདག་ལ་མེད་པ་ལ་མ་གྲུབ་པའི་རྒྱུའི་ཕྱིར་ཏེ། སྲོག་ལ་སོགས་པ་དངོས་པོའི་ཆོས་ཡིན་པས་དེ་ཉིད་ལས་འགའ་ཞིག་ལ་འཇུག་པ་ཡིན་ནོ་ཞེས་བྱ་བར་ནི་ངེས་ན། བདག་མེད་པ་ཁོ་ན་ལ་འཇུག་པར་ནི་ངེས་པ་མེད་པས་ཇི་ལྟར་རྗེས་སུ་འགྲོ་བ་ངེས་པ་ཡོད། ཕྱིར་རྒོལ་བ་ལ་ནི་བདག་དང་
เล่ม ๑๘๙ · หน้า 82a
བཅས་པ་འགའ་ཡང་མེད་པ་ཡིན་པས་དེ་བས་ན་གཏན་ཚིགས་འདིའི་བདག་དང་བཅས་པ་ལ་རྗེས་སུ་འགྲོ་བ་ཡང་མེད་ལྡོག་པ་ཡང་མེད་པས་བདག་དང་བཅས་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་མེད་པར་ངེས་པ་མ་ཡིན་ནམ། དེ་ཡོད་པར་ཐེ་ཚོམ་ཟ་བ་མ་ཡིན་ནོ་སྙམ་
དུ་དོགས་པ་ལ། བདག་དང་བཅས་པའི་དངོས་པོ་ལས་སྲོག་ལ་སོགས་པ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་མེད་པར་ངེས་པ་མེད་ལ། བདག་མེད་པ་ལ་ཡང་མེད་དོ། །བདག་དང་བཅས་པ་དང་བདག་མེད་པ་ལས་ཞེས་བྱ་བའི་སྔ་མའི་སྒྲ་ལ་ལྟོས་པར་བལྟའོ། །ཇི་ལྟར་རྗེས་སུ་འགྲོ་བ་
དང་ལྡོག་པ་གཉིས་མེད་པར་ངེས་པ་མེད་ཅེ་ན། སྨྲས་པ། རྗེས་སུ་འགྲོ་བའམ་ལྡོག་པ་གང་ཡིན་པ་གཅིག་མེད་པར་ངེས་པ་ནི་ཅིག་ཤོས་གཉིས་པ་ཡོད་པར་གདོན་མི་ཟ་བར་མེད་ན། མེད་པ་ཡིན་ཏེ། ཅིའི་ཕྱིར་ཡོད་པར་ངེས་པ་མི་འཁྲུལ་པ་ཡིན་ནོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེ་བས་ནའོ། །
གང་གི་ཕྱིར་གཅིག་མེད་པར་ངེས་པ་ནི་ཅིག་ཤོས་ཡོད་པ་མེད་ན་མེད་པ་ཡིན་ཏེ། དེ་བས་ན་གཅིག་ལ་གཉི་ག་མེད་པར་ངེས་པ་མེད་དོ། །ཅིའི་ཕྱིར་གཅིག་མེད་པར་ངེས་པ་ནི་ཅིག་ཤོས་ཡོད་པར་ངེས་པ་མི་འཁྲུལ་པ་ཡིན་ཞེ་ན། རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ནི་ཕན་ཚུན་རྣམ་
པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཕན་ཚུན་རྣམ་པར་གཅོད་པ་ནི་དངོས་པོ་མེད་པའོ། །དེ་ཉིད་ངོ་བོ་གང་ཡིན་པ་སྟེ། དེ་ཉིད་ཀྱི་ངོ་བོ་ནི་དེ་ཉིད་དེ་དེ་བས་ནའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ནི་ཡོད་པ་དང་མེད་པ་ཡིན་ནོ། །ཡོད་པ་དང་མེད་པ་གཉིས་ནི་ཕན་ཚུན་
རྣམ་པར་གཅོད་པའི་ངོ་བོ་ཡིན་ནོ། །གང་རྣམ་པར་བཅད་པས་གང་ཡོངས་སུ་གཅོད་པ་དེ་ནི་ཡོངས་སུ་སྤངས་ཏེ་གནས་པ་ཡིན་ལ་རང་མེད་པ་རྣམ་པར་གཅོད་པས་ཀྱང་ཡོད་པ་ཡོངས་སུ་གཅོད་དོ། །དེ་བས་ན་རང་མེད་པར་རྣམ་པར་བཅད་པས་ཡོད་པར་གནས་པ་ཡིན་ནོ། །མེད་པ་ནི་རྣམ་པར་རྟོག་
པས་ཇི་ལྟར་བསྟན་པའི་ངོ་བོ་མེད་པ་ཡིན་ལ། ངོ་བོ་ཡང་རྣམ་པར་བཅད་པའི་ངོ་བོ་ཡིན་ཏེ། བདག་དང་བདག་མེད་པ་བཞིན་དུ་ཡོངས་སུ་གཅོད་པར་བྱེད་དོ། །དེ་ལྟ་ཡིན་དང་རྗེས་སུ་འགྲོ་བ་མེད་པ་ནི་ལྡོག་པ་ཡིན་ལ། ལྡོག་པ་མེད་པ་ནི་རྗེས་སུ་འགྲོ་བ་ཡིན་ནོ། །དེ་བས་ན་རྗེས་སུ་འགྲོ་བ་
เล่ม ๑๘๙ · หน้า 82b
མེད་པར་ངེས་པ་ན་ཡང་ལྡོག་པ་ཡོད་པར་ངེས་པ་ཡིན་ལ། ལྡོག་པ་མེད་པར་ངེས་པ་ན་ཡང་རྗེས་སུ་འགྲོ་བ་ཡོད་པར་ངེས་པ་ཡིན་ནོ། །དེ་བས་ན་གལ་ཏེ་བདག་དང་བཅས་པ་ནི་དངོས་པོ་མེད་ལ། བདག་མེད་པ་ནི་དངོས་པོ་ཡིན་པ་དེ་ལྟ་ན་ཡང་དེ་ཉིད་སྲོག་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་
པ་གཉིས་མེད་པར་ངེས་པ་མེད་དེ། དངོས་པོ་གཅིག་ལ་དུས་གཅིག་ཏུ་ཡོད་པ་དང་མེད་པ་གཉིས་ཅིག་ཅར་འགལ་བའི་ཕྱིར་དེ་གཉིས་ཀ་མེད་པར་ངེས་པ་མི་རུང་བའི་ཕྱིར་རོ། །ཕྱིར་རྒོལ་བའི་ངོར་བྱས་ཏེ། བདག་དང་བཅས་པ་དང་བདག་མེད་པའི་དངོས་པོ་ཡོད་མེད་དུ་བྱ་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན།
ཚད་མའི་དབང་གིས་ཏེ། དེས་ན་གཉི་ག་ལ་ཐེ་ཚོམ་ཟའོ། །དེ་བས་ན་དེ་གཉིས་ལ་སྲོག་ལ་སོགས་པའི་ལྡོག་པ་ཡོད་མེད་དུ་ཐེ་ཚོམ་ཟ་བ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་འགའ་ཞིག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཡོད་པར་ངེས་པ་ཡང་མ་ཡིན། མེད་པར་ངེས་པ་ཡང་མ་ཡིན་པ་དེ་བས་ན་
རྗེས་སུ་འགྲོ་བ་ལྡོག་པ་གཉིས་ལ་ཐེ་ཚོམ་ཟའོ། །ཅི་སྟེ་འགའ་ཞིག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཅིག་མེད་པར་ངེས་པ་ཡིན་ན་ནི་དེ་ཉིད་ཀྱིས་གཉིས་ཡོད་པར་ངེས་པ་ཡིན་པས་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཁོ་ནར་མི་འགྱུར་རོ། །གང་གི་ཕྱིར་འགའ་ལ་ཡང་ཡོད་པ་དང་མེད་པར་
ངེས་པ་མེད་པ་དེ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ཐེ་ཚོམ་ཟ་བས་མ་ངེས་པ་ཡིན་ནོ། །ཅིའི་ཕྱིར་མ་ངེས་པ་ཡིན་ཞེ་ན། བསྒྲུབ་པར་བྱ་བ་དང་ཅིག་ཤོས་འགལ་བ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་དེ་ལྟར་ཐེ་ཚོམ་ཟ་བས་ངེས་པ་མེད་པའི་ཕྱིར་ཏེ། མཐུན་
པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ལ་ཡོད་མེད་ཐེ་ཚོམ་ཟ་ན་བསྒྲུབ་པར་བྱ་བ་མི་འགྲུབ་པ་ལ་འགལ་བ་ཡང་མི་འགྲུབ་བོ། །བདག་དང་བཅས་པ་དང་བདག་མེད་པའི་རྣམ་པ་ལས་རྣམ་པ་གཞན་ཡང་མི་སྲིད་པ་དེ་བས་ན་སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་གསོན་པོའི་ལུས་ཆོས་ཅན་
ལ་བདག་ཡོད་མེད་ཐེ་ཚོམ་ཟ་བའི་སྲོག་ལ་སོགས་པ་མ་ངེས་པ་ཡིན་ནོ། །ཚུལ་གསུམ་པ་མ་གྲུབ་པ་དང་ཐེ་ཚོམ་ཟ་བ་གཏན་ཚིགས་ཀྱི་ཉེས་པར་བསྟན་ནམ། མཇུག་བསྡུ་བའི་ཕྱིར་སྨྲས་པ། དེ་ལྟར་ན་བསྟན་མ་ཐག་པའི་རིམ་པས་ན་ཚུལ་གསུམ་པོ་དག་གི་ནང་ནས་གང་གི་ཚེ་ཚུལ་རེ་རེ་ན་
เล่ม ๑๘๙ · หน้า 83a
གྲུབ་པའམ་ཐེ་ཚོམ་ཟ་བར་གྱུར་པ་དང་། ཚུལ་གཉིས་གཉིས་མ་གྲུབ་པའམ། ཐེ་ཚོམ་ཟ་བར་གྱུར་པ་དེའི་ཚེ་མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་དང་། ཅི་རིགས་པར་ཞེས་བྱ་བ་ནི་གང་མ་གྲུབ་པ་དང་། ཐེ་ཚོམ་ཟ་ན་གཏན་ཚིགས་
ལྟར་སྣང་བ་གང་དུ་རིགས་པ་དེ་ནི་མ་གྲུབ་པའམ་ཐེ་ཚོམ་ཟ་བར་རྣམ་པར་གཞག་པའི་ཕྱིར་ཏེ། གང་དང་གང་ལ་གང་གི་སྦྱོར་བ་ནི་ཅི་ལྟར་རིགས་པ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་འགལ་བ་མི་འཁྲུལ་པ་ཅན་ཡང་ཐེ་ཚོམ་གྱི་རྒྱུར་བཤད་པ་མ་ཡིན་ནམ། གཏན་ཚིགས་ཀྱི་འགལ་བར་སྒྲུབ་པ་གང་
ཡིན་པ་དེ་མི་འཁྲུལ་བའི་འགལ་བ་ནི་འགལ་བ་མི་འཁྲུལ་པ་ཅན་ནོ། །ཡང་ན་འདི་འགལ་བ་ཡང་ཡིན་ཏེ། སྒྲུབ་པར་བྱེད་པ་གཞན་གྱིས་གྲུབ་པའི་ཆོས་དང་འགལ་བ་སྒྲུབ་པའི་ཕྱིར་དང་། མི་འཁྲུལ་པ་ཅན་ཡང་ཡིན་ཏེ། རང་གི་བསྒྲུབ་པར་བྱ་བ་འགལ་བ་མི་འཁྲུལ་བའི་ཕྱིར་འགལ་བ་ལ་
མི་འཁྲུལ་བ་ཅན་ནོ། །རང་གི་བསྒྲུབ་པར་བཤད་པ་བདེན་ཡང་ངས་འདིར་མ་སྨོས་སོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། རྗེས་སུ་དཔག་པའི་ཡུལ་ནི་ཚད་མས་གྲུབ་པའི་ཚུལ་གསུམ་པ་ལས་རྗེས་སུ་དཔག་པ་འབྱུང་བ་དེ་བས་ན་དེ་ཉིད་རྗེས་སུ་དཔག་པའི་ཡུལ་ན། སྐབས་དེ་ལ་ནི་འགལ་བ་མི་འཁྲུལ་བ་ཅན་མི་སྲིད་དོ། །
ཚད་མས་མ་གྲུབ་པའི་ཚུལ་གསུམ་པའི་གནས་སྐབས་ལ་ནི་གང་གི་ཚུལ་ཚད་མས་གྲུབ་པ་དེ་ཉིད་ལ་གཏན་ཚིགས་ལྟར་སྣང་བ་དེ་ནི་སྲིད་པ་ཡིན་ན། ཚད་མས་གྲུབ་པའི་ཚུལ་གང་ཡིན་པ་ལ་ནི་ཚད་མས་གྲུབ་པའི་ཚུལ་འགལ་བ་མི་འཁྲུལ་བ་ཅན་ཡོད་པ་མ་ཡིན་ཏེ། དེ་བས་ན་མི་སྲིད་
ལ། མི་སྲིད་པ་དེའི་ཕྱིར་མ་སྨོས་སོ། །ཅིའི་ཕྱིར་མི་སྲིད་ཅེ་ན། འབྲས་བུའམ་རང་བཞིན་ནམ་མི་དམིགས་པའི་ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་འགལ་བ་མི་སྲིད་པའི་ཕྱིར་ཏེ། འབྲས་བུ་དང་རང་བཞིན་དེ་གཉིས་ཀྱི་མཚན་ཉིད་སྨོས་པ་ལ་ཞེས་བྱ་བ་ལ། འབྲས་བུ་ནི་རྒྱུ་ལས་སྐྱེ་བའི་
མཚན་ཉིད་ཀྱི་དེ་ཁོ་ན་ཡིན་ནོ། །རང་བཞིན་ཡང་བསྒྲུབ་པར་བྱ་བས་ཁྱབ་པ་ཉིད་ཡིན་ནོ། །འབྲས་བུ་གང་ཡིན་པ་དང་རང་བཞིན་གང་ཡིན་པ་དེ་གང་གིས་ན་འགལ་བར་འགྱུར་བ་ཇི་ལྟར་ན་བདག་གི་རྒྱུ་དང་ཁྱབ་པར་བྱེད་པའི་རང་བཞིན་ཡོངས་སུ་འདོར་བར་གྱུར་ན་མི་དམིགས་པའི་མཚན་ཉིད་སྨོས་
เล่ม ๑๘๙ · หน้า 83b
པ་ལ་ཡང་ཞེས་བྱ་བ་ནི་སྣང་བ་མི་དམིགས་པ་ཉིད་མི་དམིགས་པའི་མཚན་ཉིད་ཡིན་ཏེ། དེ་ཡང་དངོས་པོ་མེད་པར་མི་འཁྲུལ་བ་ཡིན་པའི་ཕྱིར་འགལ་བ་ཉིད་མི་སྲིད་དོ། །འོན་ཏེ་དེ་དག་ལས་གཞན་ལས་འགྱུར་རོ་སྙམ་ན། གསུམ་པོ་དེ་དག་ལས་མི་འཁྲུལ་པ་ཅན་གཞན་མེད་དོ་ཞེས་བྱ་བ་
སྨོས་ཏེ། དེ་བས་ན་དེ་དག་ཉིད་རྒྱུ་ཉིད་ཡིན་ནོ། །འོ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་གཏན་ཚིགས་ཀྱི་སྐྱོན་འདི་གང་ལ་གསུངས་ཤེ་ན། སྨྲས་པ། གང་གི་ཕྱིར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་མི་སྲིད་པ་དེ་བས་ན། ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་བརྟེན་
ཏེ། འགལ་བ་མི་འཁྲུལ་པ་ཅན་བསྟན་ཏེ། ལུང་ལས་གྲུབ་པ་ལ་རྗེས་སུ་དཔག་པ་གང་གི་ཚུལ་གསུམ་བྱེད་པ་དེ་ལུང་ལ་བརྟེན་པའོ། །ལུང་ལས་གྲུབ་པའི་ཚུལ་གསུམ་པའི་ཚད་མས་གྲུབ་པ་མ་ཡིན་ནམ་ཞེ་ན། དངོས་པོ་མ་མཐོང་བའི་སྟོབས་ཀྱིས་ཞུགས་པ་ཡིན་པས་ན་ཞེས་སྨོས་ཏེ། དངོས་
པོ་མཐོང་བ་ནི་རྣམ་པར་རྟོག་པ་ཙམ་མོ། །དེའི་སྟོབས་ནི་མཐུའོ། །དེས་ཞུགས་པ་ནི་ཚད་མ་མ་ཡིན་པའི་ཕྱིར་ཏེ། རྣམ་པར་རྟོག་པ་ཙམ་ལས་རྣམ་པར་གཞག་པ་ལུང་ལས་གྲུབ་པའི་ཚུལ་གསུམ་པའི་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་པའི་ཕྱིར་རོ། །འོ་ན་ལུང་ལས་གྲུབ་པའི་ཚུལ་གསུམ་པའི་རྗེས་སུ་
དཔག་པ་དེ་གང་གི་ཆེད་དུ་བྱས་ཤེ་ན། དེའི་དོན་དཔྱད་པ་དག་ལས་ཞེས་བྱ་བ་སྨོས་ཏེ། ལུང་གི་དོན་སྤྱི་ལ་སོགས་པ་གང་ཡིན་པ་དེ་ནི་དབང་པོའི་ཡུལ་ལས་འདས་པ་དང་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཀྱིས་ཕུལ་དུ་མ་བྱས་པ་དེ་དཔྱད་པ་ལ་ཞུགས་པ་ནི། སློབ་དཔོན་གྱིས་ལུང་ལ་བརྟེན་པའི་འགལ་
བ་མི་འཁྲུལ་བ་ཅན་བཤད་པ་ཞེས་བྱ་བ་གང་ཡིན་པ་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་སྲིད་པར་འགྱུར་རོ། །ཅིའི་ཕྱིར་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་ཡང་སྲིད་པར་འགྱུར་ཞེ་ན། སྨྲས་པ། བསྟན་བཅོས་བྱེད་པ་རྣམས་ལ་རང་བཞིན་ལོག་པར་འགལ་བའི་ངོ་བོ་སྟོན་ཏེ། སྒྲུབ་པ་དེ་
སྲིད་པའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་སྲིད་དོ། །འཁྲུལ་པས་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གིས་ཏེ། ཕྱིན་ཅི་ལོག་པར་བསྟན་བཅོས་བྱེད་པ་རྣམས་ནི་མེད་པའི་ངོ་བོ་དེ་དང་དེ་སྒྲོ་འདོགས་པར་བྱེད་པའི་ཕྱིར་རོ། །ཅི་སྟེ་བསྟན་བཅོས་བྱེད་པ་ཡང་འཁྲུལ་པ་ཡིན་ན་སྐྱེས་བུ་གཞན་ལ་ཡིད་
เล่ม ๑๘๙ · หน้า 84a
བརྟན་དུ་ཅི་ཡོད་ཅེ་ན། དངོས་པོ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་རྣམས་ནི་རྟོགས་པས་གཏན་ཚིགས་ཉིད་དུ་རྣམ་པར་གཞག་པ་མ་ཡིན་གྱི། རང་བཞིན་གནས་པས་གཞག་པ་ཡིན་ནོ། །དེ་བས་ན། དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པར་
འདུག་པ་བདག་དང་འབྲས་བུ་དང་མི་དམིགས་པ་དག་ལ་ནི་མི་སྲིད་དེ་གནས་པ་ནི་དོན་དམ་པར་ཡོད་པའོ། །དངོས་པོ་ནི་ཡོད་པའོ། །དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པར་འདུག་པ་རྣམ་པར་གཞག་པ་གང་དག་ཡིན་པ་དེ་དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པར་འདུག་པ་དག་གོ། །དེ་དག་
ནི་ཇི་ལྟར་གནས་པའི་དེ་བཞིན་དུ་བཞག་པ་ཡིན་གྱི། རྟོགས་པས་ནི་མ་ཡིན་ནོ། །དེ་བས་ན་དེ་རྣམས་ལ་ནི་གང་གིས་ན་འགལ་བ་མི་འཁྲུལ་པ་ཅན་སྲིད་པར་འགྱུར་བ་ནོར་བའི་གོ་སྐབས་མེད་དོ། །དེ་ལ་འགལ་བ་མི་འཁྲུལ་པ་ཅན་གྱི་དཔེ་ནི་གང་ཞིག་ཡུལ་འདི་ཐམས་ཅད་གནས་པ་རང་དང་
འབྲེལ་པ་ཅན་དག་དང་། ཅིག་ཅར་མངོན་པར་འབྲེལ་པ་ནི་ཡུལ་ཐམས་ཅད་ན་གནས་པ་དང་མངོན་པར་འབྲེལ་པ་ཡིན་ནོ། །སྤྱི་ནི་ཡུལ་ཐམས་ཅད་ན་གནས་པ་དང་མངོན་པར་འབྲེལ་པ་བསྟན་ནས་དེ་ཐམས་ཅད་དུ་སོང་བ་ཡིན་པ་ཉིད་དུ་བསྟན་ཏོ། །དེས་ན་ཅིག་ཅར་དུ་མངོན་པར་
འབྲེལ་པ་ཅན་དང་ཐམས་ཅད་དུ་སོང་བ་ལ་ངེས་པས་དེས་ཁྱབ་པ་སྟོན་ཏོ། །སྤྱི་དེ་ལ་དྲང་སྲོང་ཆེན་པོ་གཟེགས་ཟན་ནི་གཅིག་པུ་གཡོ་བ་མེད་པ་ཡིན་ལ། ཐམས་ཅད་ན་གནས་པ་རང་དང་འབྲེལ་པ་ཅན་དག་ཏུ་འདུ་བའི་སྒོ་ནས་འབྲེལ་པར་སྨྲའོ། །དེ་ལ་གཟེགས་ཟན་པའི་སློབ་མ་བེ་ལུ་ཀས་
ནི་བསལ་བ་དང་བྲལ་བའི་ཡུལ་ན་ཡང་སྤྱི་གནས་པར་བསྒྲུབ་པའི་ཕྱིར་ཚད་མ་འདི་སྨྲས་སོ། །དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་པ་བསྟན་པའི་ཡུལ་གྱི་དཔེ་སྟེ། ནམ་མཁའ་ཡང་ཡུལ་ཐམས་ཅད་ན་གནས་པའི་ཤིང་ལ་སོགས་པ་རང་དང་ལྡན་པ་ཅན་དག་དང་ཅིག་ཅར་དུ་མངོན་པར་
འབྲེལ་ཅིང་ཐམས་ཅད་དུ་སོང་བ་ཡང་ཡིན་ནོ། །སྤྱི་ཡང་ཡུལ་ཐམས་ཅད་ན་གནས་པ་རང་དང་འབྲེལ་པ་ཅན་དག་དང་ཅིག་ཅར་དུ་འབྲེལ་ཏོ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་ཡིན་ནོ། །འདི་རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་པར་སྦྱར་བའི་ཕྱིར་དེ་དང་འབྲེལ་བ་ཅན་གྱི་
เล่ม ๑๘๙ · หน้า 84b
ཞེས་བྱ་བ་སྨོས་ཏེ། ཡུལ་ཐམས་ཅད་ན་ཡོད་པའི་རྫས་དེ་དག་དང་འབྲེལ་པ་ཅན་སྤྱི་ལ་ཡོད་པའི་རང་བཞིན་དེ་ཁོ་ན་ཙམ་ནི། དེ་དག་འབྲེལ་པའི་རང་བཞིན་ཙམ་ཡིན་ལ། དེ་དང་རྗེས་སུ་འབྲེལ་པ་ནི་རྗེས་སུ་འཇུག་པའོ། །དེ་གང་ཞེ་ན། དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་ཡིན་ནོ། །
འབྲེལ་པ་ཅན་དེ་དག་གི་ཡུལ་ནི་དེའི་ཡུལ་ལོ། །དེའི་ཡུལ་ན་འདུག་པའི་རང་བཞིན་གང་ཡིན་པ་དེ་ནི་དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་ཡིན་ཏེ། དེའི་དངོས་པོ་དེ་བས་ནའོ། །གང་ཞིག་དེ་དག་དང་འབྲེལ་པ་ཅན་གྱི་རང་བཞིན་དེ་ནི་གདོན་མི་ཟ་བར་དེ་དག་གི་ཡུལ་ན་འདུག་པ་ཡིན་ནོ། །
དེ་བས་ནི་སྤྱི་ནི་འབྲེལ་པ་ཅན་དེའི་རྗེས་སུ་འཇུག་པའི་ཡུལ་ཅན་དེའི་ཡུལ་ན་འདུག་པ་ཡིན་ནོ། །བདག་པོ་ནི་བ་ལང་དང་རྗེས་སུ་འབྲེལ་པ་ཅན་ཡིན་ཡང་བ་ལང་གི་སྟེང་ན་མི་འདུག་པའི་རང་བཞིན་མ་ཡིན་ནམ། དེ་ཇི་ལྟར་ན་འབྲེལ་པ་ཅན་ཡིན་པའི་ཕྱིར་དེའི་ཡུལ་ཉིད་ན་འདུག་པ་ཡིན་ཞེ་ན། གང་
ན་གང་མེད་པ་ཞེས་བྱ་བ་སྨོས་ཏེ། ཡུལ་གང་ན་གང་མེད་པ་དེ་ནི་དེའི་ཡུལ་གང་ཡིན་པའི་ཡུལ་དེ་ལ་དེའི་རང་གི་ངོ་བོ་བདག་ཉིད་ཀྱིས་ཁྱབ་པར་བྱེད་པ་མ་ཡིན་ནོ། །འདིར་ནི་དེ་དང་ལྡན་པར་ནི་འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ལ། དེ་གཉིས་ཀྱང་ཡུལ་ཐ་དད་པ་མ་ཡིན་པ་ཁོ་ན་ཡིན་ནོ། །དེ་
བས་ན་གང་དུ་གང་འདུ་བ་དེ་ནི་དེས་བདག་གི་བའི་ངོ་བོར་པང་དུ་བླངས་ཤིང་འདུ་བ་ཅན་གྱི་ངོ་བོའི་ཡུལ་ན་བདག་ཉིད་གནས་པས་སོ། །ཡུལ་དེའི་ངོ་བོ་ན་གནས་པ་ཉིད་དེ་པང་དུ་བླངས་པ་ཡིན་ནོ། །དེ་ལྟར་ན་དེ་དང་འདུ་བ་ཡིན་ནོ། །དེ་བས་ན་རྫས་གང་ལ་གང་ཞིག་འདུ་བ་དེ་ནི་དེ་ལ་བདག་ཉིད་ཀྱིས་ཁྱབ་པ་
དང་ལྡན་པ་ཡིན་ཏེ། དེའི་ཡུལ་ན་གནས་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། དེའི་ཡུལ་ནི་གནས་པའི་དངོས་པོ་ལ་ཁྱབ་པ་དེའི་ཡུལ་ན་ཡོད་པས་ཁྱབ་པ་ཡིན་ནོ། །དེའི་ཡུལ་ན་ཡོད་པ་མ་ཡིན་ན་ནི་དེ་ལ་ཁྱབ་པ་ཡང་མེད་པའི་ཕྱིར་ཏེ། ཁྱབ་པའི་མཚན་ཉིད་ཀྱི་འདུག་པའི་འགྲེལ་པར་ཡང་
མི་འགྱུར་བ་ཞིག་ན། ཁྱབ་པ་ཡང་ཡོད་པ་དེ་བས་དེའི་ཡུལ་ན་འདུག་པ་ཁོ་ན་ཡིན་ཏེ། འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དཔེ་ཐ་རའི་སྦྱོར་བ་བསྟན་པའི་ཕྱིར། སྦྱོར་བ་གཉིས་པ་ཡང་ཞེས་བྱ་བ་སྨོས་སོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་གང་ཞིག་ཅེས་བྱ་བ་ནི་སྣང་བ་ཞེས་བྱ་
เล่ม ๑๘๙ · หน้า 85a
བའི་དོན་ཏོ། །དེ་བས་ན་སྣང་བ་མི་དམིགས་པ་རྗེས་སུ་བརྗོད་ནས། དེ་ནི་དེ་ན་མེད་དེ་ཞེས་བྱ་བ་ནི་ཐ་སྙད་དུ་བྱ་བ་མེད་པ་ཉིད་བསྒྲུབ་པའོ། །དེ་ལྟར་ན་ཁྱབ་པར་བྱ་བ་ན་སྣང་བ་མི་དམིགས་པ་ཡིན་ལ། ཐ་སྙད་དུ་བྱ་བ་ཉིད་ནི་ཁྱབ་པར་བྱེད་པ་ཡིན་པར་བསྟན་ཏོ། །དཔེར་ན་
འགའ་ཞིག་ན་བུམ་པ་མེད་དོ་ཞེས་བྱ་བ་ནི་དཔེའོ། །ཕྱོགས་ཀྱི་ཆོས་ཉིད་བསྟན་པའི་ཕྱིར། །གསལ་བའི་བར་རྣམས་ལ་ཡང་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་སོ་ཞེས་བྱ་བ་སྨོས་ཏེ། །གསལ་བ་རྣམས་ཀྱི་བར་ནི་གསལ་བའི་བར་ཡིན་ནོ། །གསལ་བས་སྟོང་པའི་ནམ་མཁའ་བཞིན་
ན། །སྤྱི་སྣང་བ་ཡིན་ཡང་གསལ་བའི་བར་ན་རྟ་ལ་སོགས་པའི་གསལ་བ་ཁ་ཅིག་དང་། སྟོང་པ་ནམ་མཁའ་ལ་མི་དམིགས་ཏེ། དེ་བས་ན་དེ་དག་ལ་མེད་དོ་ཞེས་བྱ་བར་མངོན་ནོ། །མི་དམིགས་པ་འདི་དང་སྔར་སྨོས་པའི་རང་བཞིན་ནི་ཕན་ཚུན་འགལ་བའི་དོན་གང་ཡིན་པ་དེ་དག་སྒྲུབ་པར་བྱེད་པའི་
ཕྱིར་དེ་གཉིས་ཆོས་ཅན་ལ་གཅིག་ལ་ཐེ་ཚོམ་སྐྱེད་པར་བྱེད་དོ། །དོན་གཅིག་ལ་ནི་ཕན་ཚུན་འགལ་བའི་རང་ངོ་བོར་འགྱུར་བ་མི་རིགས་ཏེ། འདི་དག་གཅིག་གིས་ནི་གསལ་བའི་བར་གསལ་བས་སྟོང་པའི་ནམ་མཁའ་ན་ཡོད་པ་བསྒྲུབས། ཅིག་ཤོས་ཀྱིས་ནི་དེ་མི་དམིགས་པས་ན་མེད་པར་བསྒྲུབ་
པར་གཅིག་ལ་དུས་གཅིག་ལྷན་ཅིག་ཏུ་ཡོད་པ་དང་མེད་པ་མི་རིགས་ཏེ། དེ་གཉིས་འགལ་བའི་ཕྱིར་རོ། །ལུང་ལས་གྲུབ་པའི་ཕྱིར་ནི་ཐམས་ཅད་དུ་སོང་བ་ཉིད་དང་ཐམས་ཅད་དུ་སོང་བ་མ་ཡིན་པ་ཉིད་དང་རྗེས་སུ་བསྒྲུབ་པ་དེ་གཉིས་ནི་འགལ་བ་མི་འཁྲུལ་པ་ཅན་དུ་གྱུར་པ་ཡིན་ཏེ། འདི་ལྟར་ཅི་གཅིག་
ཡིན་ལ། ཡུལ་ཐམས་ཅད་ན་གནས་པ་དང་ཅིག་ཅར་མངོན་པར་འབྲེལ་པ་དང་། སྣང་བར་ཡང་ཁས་ལེན་ཏོ། །དེ་བས་ན་འབྲེལ་པ་ཅན་ཡིན་པའི་ཕྱིར་ཐམས་ཅད་དུ་སོང་བ་ཉིད་དང་། སྣང་བ་ཡིན་པའི་ཕྱིར་བར་ན་མི་དམིགས་པས་ན་དེ་ཐམས་ཅད་དུ་སོང་བ་མ་ཡིན་པ་ཉིད་དོ། །དེ་བས་ན་བསྟན་
བཅོས་བྱེད་པས་འགལ་བས་ཁྱབ་པ་མ་མཐོང་བར་འགལ་བས་ཁྱབ་པར་ཆོས་སྨྲ་བ་ནི་འགལ་བ་མི་འཁྲུལ་པའི་གོ་སྐབས་འབྱེད་པ་ཡིན་གྱི། དངོས་པོ་ལ་ནི་འདི་མི་སྲིད་དོ་ཞེས་བྱ་བས་གཏན་ཚིགས་ལྟར་སྣང་བ་མ་བསྟན་པ་ཡིན་ནོ། །སྒྲུབ་པར་བྱེད་པའི་ཡན་ལག་ཡིན་པའི་ཕྱིར་ཇི་ལྟར་གཏན་
เล่ม ๑๘๙ · หน้า 85b
ཚིགས་བསྟན་ཅིང་དེའི་ཞར་ལ་གཏན་ཚིགས་སྣང་བ་ཡང་བསྟན་པ་མ་ཡིན་ནམ། དེ་བཞིན་དུ་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་པའི་ཕྱིར་དཔེ་དང་དེའི་ཞར་ལ་དཔེ་ལྟར་སྣང་བ་བསྟན་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་མི་བསྟན་ཅེ་ན། སྨྲས་པ། གཏན་ཚིགས་ཀྱི་མཚན་ཉིད་གསུམ་སྨོས་ཟིན་
པས་དཔེ་དེས་ཅི་ཞིག་བྱ། འོན་ཏེ་དེ་ཙམ་གྱིས་དོན་ཁོང་དུ་མི་ཆུད་དོ་ཞེ་ན། དེ་ཙམ་གྱིས་ཞེས་བྱ་བ་སྨོས་ཏེ། མཚན་ཉིད་བསྟན་ཟིན་པའི་གཏན་ཚིགས་དེ་ཁོ་ནས་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར་བ་དེའི་ཕྱིར་དེ་ཁོ་ན་གོ་བར་བྱེད་པ་ཡིན་ནོ། །དེ་བས་ན་དེའི་ཚིག་ཁོ་ན་སྒྲུབ་པར་བྱེད་པ་ཡིན་གྱི།
དཔེ་ཞེས་བྱ་བ་སྒྲུབ་པར་བྱེད་པའི་ཡན་ལག་ནི་ལོགས་ཤིག་ན་ཅི་ཡང་མེད་དོ། །གང་གི་ཕྱིར་འདི་ཡན་ལག་མ་ཡིན་པ་དེ་བས་ན་དཔེ་དེའི་མཚན་ཉིད་ལས་ལོགས་ཤིག་ཏུ་མ་བརྗོད་དོ། །འོ་ན་གཏན་ཚིགས་ཀྱི་དཔེ་མེད་ན་གཏན་ཚིགས་ཁྱབ་པ་ངེས་པར་ཇི་ལྟར་འགྱུར་ཞེ་ན། གཏན་ཚིགས་ཀྱི་
དཔེ་མེད་དོ་ཞེས་མི་ཟེར་རོ། །འོན་ཀྱང་གཏན་ཚིགས་ལས་ལོགས་ཤིག་ན་དཔེ་ཞེས་བྱ་བ་མེད་དེ། གཏན་ཚིགས་ཉིད་དུ་དཔེ་འདུས་པ་ཡིན་ནོ། །དེ་བས་ན་དེའི་མཚན་ཉིད་ལོགས་ཤིག་ཏུ་མ་བརྗོད་དོ་ཞེས་སྨྲས་ཀྱི། དཔེའི་མཚན་ཉིད་ནི་མི་བརྗོད་དོ་ཞེས་དེ་སྐད་དུ་ནི་མ་སྨྲས་སོ། །ཅི་སྟེ་དེ་ལྟ་ན་
ཚིག་ལ་མཁོ་བའི་མཚན་ཉིད་ཀྱང་བརྗོད་པར་བྱ་དགོས་པ་ཁོ་ན་ཡིན་ནོ་ཞེ་ན། དོན་གོ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གོ་བའི་དོན་ནི་དཔེའི་མཚན་ཉིད་གང་ལ་དོན་ཏེ་དགོས་པའམ་བརྗོད་པར་བྱ་བ་གོ་བར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེ་བས་ནའོ། །དཔེའི་མཚན་ཉིད་
བཤད་པ་ནི་ཇི་ལྟར་དཔེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡིན་ལ། དཔེ་ཡང་གཏན་ཚིགས་ཀྱི་མཚན་ཉིད་ཁོ་ནས་ཁོང་དུ་ཆུད་པ་ཡིན་ནོ། །དེ་བས་ན་དཔེའི་མཚན་ཉིད་ཀྱང་དགོས་པ་དཔེ་རྟོགས་པ་གང་ཡིན་པ་དེ་ནི་བགོ་བ་སྟེ། གྲུབ་པའམ་བརྗོད་པར་བྱ་བ་དཔེ་ཞེས་བྱ་བ་ཡང་གོ་བ་སྟེ་ཤེས་པ་ཡིན་ནོ། །ཇི་
ལྟར་དེ་དོན་གོ་བ་ཡིན་ཞེ་ན། སྨྲས་པ། འབྲས་བུ་དང་རང་བཞིན་དང་མི་དམིགས་པ་རྣམས་ཀྱི་གཏན་ཚིགས་ཀྱི་ཚུལ་དེ་དག་སྤྱིར་ཐུན་མོང་དུ་བྱེ་བྲག་མེད་པར་བཤད་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གང་ཞེ་ན། མཐུན་པའི་ཕྱོགས་ལ་ཡོད་པ་གང་ཡིན་པ་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་
เล่ม ๑๘๙ · หน้า 86a
ལས་ལྡོག་པའི་ཚུལ་གཉིས་པོ་དེ་ནི་བྱེ་བྲག་མེད་པར་བཤད་ཟིན་ཏོ། །སྤྱིར་བཤད་ཟིན་ཀྱང་རྟོགས་པར་མི་ནུས་པས་དེ་བས་ན་དེ་ཉིད་ཀྱི་བྱེ་བྲག་གི་མཐའ་བརྗོད་པར་བྱ་དགོས་སོ། །དེ་བས་ན་བྱེ་བྲག་ཏུ་ནི་འབྲས་བུ་དང་རང་བཞིན་གཉིས་སྐྱེ་བ་དང་། དེ་ཙམ་གྱི་རྗེས་སུ་འཇུག་
པ་ཡིན་པར་བསྟན་པར་བྱ་བ་བཤད་དེ། འབྲས་བུ་ནི་སྐྱེ་བར་ཤེས་ན་ནི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ལྡོག་པ་ཡིན་པར་ཤེས་པར་འགྱུར་རོ། །རང་བཞིན་ནི་དེ་ཙམ་གྱི་རྗེས་སུ་འཇུག་པ་ཡིན་པར་བསྟན་
པར་བྱ་བ་བཤད་དེ། དེ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའོ། །དེ་ཉིད་ཙམ་ཡིན་ཏེ། སྒྲུབ་པར་བྱེད་པ་ཙམ་གྱིས་རྗེས་སུ་འཇུག་པ་རྗེས་སུ་འགྲོ་བ་ནི་སྒྲུབ་པར་བྱེད་པ་ཙམ་ཡོད་ན་སྒྲུབ་པར་བྱེད་པ་ཡོད་པ་ཡིན་ལ། སྒྲུབ་པར་བྱེད་པ་ཡང་གང་གི་ཚེ་བསྒྲུབ་པར་བྱ་བ་ཡོད་པ་ཙམ་ཉིད་ཀྱི་དེའི་བདག་
ཉིད་ཤེས་པར་འགྱུར་བ་དེའི་ཚེ་རང་བཞིན་གྱི་གཏན་ཚིགས་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ལོག་པར་ཤེས་པར་འགྱུར་རོ། །དེ་ལྟར་ན་སྤྱིའི་མཚན་ཉིད་ནི་བྱེ་བྲག་གི་བདག་ཉིད་ཅན་དུ་ཤེས་པར་བྱའི། གཞན་དུ་ནི་མ་ཡིན་ཏེ། དེ་བས་ན་བྱེ་
བྲག་གི་མཚན་ཉིད་བཤད་དོ། །ཅི་སྟེ་དེ་ལྟ་ཡིན་ན། དེས་ཅིར་འགྱུར་ཞེ་ན། དེ་ཡང་ཞེས་བྱ་བ་སྨོས་ཏེ། སྤྱིའི་མཚན་ཉིད་བསྟན་པར་འདོད་པས་བྱེ་བྲག་གི་མཚན་ཉིད་སྟོན་པར་བྱེད་པ་ཁོ་ནས་བསྟན་པར་བྱ་བ་ཡིན་པར་སྦྱར་རོ། །གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་ལ་ཞེས་བྱ་བ་ནི་འབྲས་བུའི་
གཏན་ཚིགས་ལ་ཁྱབ་པར་བསྟན་པ་ཡིན་ཏེ། ཁྱབ་པ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་བསྒྲུབ་པའི་ཕྱིར་ཚད་མ་ལས་ངེས་པ་ཡིན་ནོ། །དེ་བས་ན་དཔེར་ན་ཚང་བང་ལྟ་བུའི་ཞེས་བརྗོད་པར་བྱ་དགོས་སོ། །མེ་མེད་ན་དུ་བ་ཡང་མེད་དོ་ཞེས་བྱ་བ་ནི་ལྡོག་པ་བསྟན་ཏོ། །དེ་ཡང་དཔེར་ན་གཞན་པ་ལྟ་བུའི་
ཞེས་བྱ་བར་བསྟན་པར་བྱ་དགོས་ཏེ། མེ་ལོག་ན་དུ་བ་ངེས་པར་ལྡོག་པ་ཡིན་པར་བསྟན་པར་བྱ་དགོས་ལ། དེ་ཡང་ཚང་བང་ལས་གཞན་པ་ལྟ་བུའི་ཞེས་བསྟན་པར་བྱའོ། །གང་ན་བྱས་པ་ཉིད་ཡོད་པ་དེ་ན་རྟག་པ་ཉིད་ཡོད་ལ་ཞེས་བྱ་བས་ནི་རང་བཞིན་གྱི་གཏན་ཚིགས་ལ་ཁྱབ་པར་བསྟན་ཏོ། །མི་རྟག་པ་
เล่ม ๑๘๙ · หน้า 86b
ཉིད་ཡིན་ན་བྱས་པ་ཡང་མི་སྲིད་དེ་ཞེས་བྱ་བས་ནི་ལྡོག་པ་བསྟན་ཏོ། །ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མ་ཡང་ཆོས་དང་མཐུན་པའི་དཔེ་ལས་བསྟན་པར་བྱ་བ་ཡིན་ལ། ཁྱབ་པར་རབ་ཏུ་གྲུབ་པའི་གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བ་ལོག་ན་ལྡོག་པར་བསྟན་པར་བྱ་དགོས་སོ། །དེ་བས་ན་གདོན་མི་ཟ་
བར་དེ་དཔེར་ན། བུམ་པ་དང་ནམ་མཁའ་ལྟ་བུའོ་ཞེས་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟར་ཅིའི་ཕྱིར་ཞེ་ན། གཞན་དུ་ན་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གཞན་དུ་ན་སྤྱིའི་མཚན་ཉིད་ཀྱི་ངོ་བོ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་ཇི་སྐད་སྨོས་པའི་རྣམ་པ་དག་
ཅེས་བྱ་བ་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་མི་མཐུན་པའི་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་ཇི་སྐད་དུ་སྨོས་པའི་རྣམ་པ་དེ་དག་བསྟན་པར་མི་ནུས་སོ། །བྱེ་བྲག་གི་མཚན་ཉིད་བསྟན་ནས་ནི་ཇི་སྐད་སྨོས་པའི་རྣམ་པ་ཡོད་པ་དང་མེད་པ་ཉིད་བསྟན་པ་ཡིན་ནོ། །བྱེ་བྲག་གི་མཚན་ཉིད་ཀྱང་
གཞན་དུ་བསྟན་པར་མི་ནུས་ཏེ། བསྒྲུབ་པར་བྱ་བ་དེའི་འབྲས་བུ་ནི་དེའི་འབྲས་བུ་སྟེ་དུ་བའོ། །དེའི་དངོས་པོ་ནི་དེའི་འབྲས་བུ་ཉིད་དོ། །དེ་ཉིད་ངེས་པ་ཡིན་ཏེ། །འདི་ལྟར་མེ་ལ་དུ་བ་ནི་དེའི་འབྲས་བུ་ཉིད་དུ་ངེས་པ་ཡིན་ནོ། །དེའི་འབྲས་བུ་ཉིད་དུ་ངེས་པ་བྱེ་བྲག་གི་མཚན་ཉིད་ཀྱི་ངོ་བོ་གང་
ཡིན་པ་དེ་ནི་གཞན་དུ་བསྟན་པར་མི་ནུས་སོ། །རང་བཞིན་གྱི་རྟགས་ནི་བསྒྲུབ་པར་བྱ་བའི་རང་བཞིན་གྱི་ཁྱད་པར་ཡིན་པའི་བྱེ་བྲག་གི་མཚན་ཉིད་ཀྱི་ངོ་བོ་ཡང་གཞན་དུ་བསྟན་པར་མི་ནུས་སོ། །འདི་ལྟར་རྒྱུ་དང་འབྲས་བུ་དང་། དེའི་བདག་ཉིད་ཀྱིས་དངོས་པོ་ཚང་བང་དང་བུམ་པ་ལས་ཤེས་པར་
བྱ་བ་ཡིན་ནོ། །དེ་བས་ན་ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མས་སྟོན་པར་ནི་ཆོས་དང་མཐུན་པའི་དཔེ་བསྟན་པར་བྱ་བ་ཡིན་ནོ། །དེའི་འབྲས་བུ་ཉིད་དུ་རབ་ཏུ་བསྒྲུབ་པ་ལ་ནི་རྒྱུའི་དངོས་པོ་མེད་པ་ཡིན་པར་རྟོགས་པར་བྱ་བའི་ཕྱིར་ཆོས་དང་མི་མཐུན་པའི་དཔེ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གདོན་མི་ཟ་བར་དངོས་པོ་
ཡང་མ་ཡིན་རྒྱུའི་ངོ་བོ་མེད་ན་འབྲས་བུའི་ངོ་བོ་མེད་པ་ནི་དངོས་པོའམ་དངོས་པོ་མ་ཡིན་པ་ཡིན་ནོ། །དེ་ལྟར་ན་དངོས་པོའམ་དངོས་པོ་མེད་པ་ཆོས་དང་མི་མཐུན་པའི་དཔེར་འདོད་དོ། །དེ་བས་ན་དཔེ་མེད་པ་ནི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའམ་ལྡོག་པ་བསྟན་པར་མི་ནུས་སོ། །དེའི་ཕྱིར་ན་གཏན་
เล่ม ๑๘๙ · หน้า 87a
ཚིགས་ཀྱི་ཚུལ་བཤད་པ་ཁོ་ནས་གཏན་ཚིགས་ལ་ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མ་སྟོན་པར་བྱེད་པ་ཆོས་དང་མཐུན་པའི་དཔེ་ཡིན་ལ། ཁྱབ་པར་རབ་ཏུ་བསྒྲུབ་པའི་གཏན་ཚིགས་ཀྱང་གྲུབ་པ་མེད་ན་མེད་པ་གང་ཡིན་པ་བསྟན་པའི་ཕྱིར་ཆོས་དང་མི་མཐུན་པའི་དཔེ་བླང་བར་བྱ་
བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དོན་འདི་བསྟན་ན་དཔེ་བསྟན་པ་ཁོ་ན་ཡིན་ཏེ། ཁྱབ་པ་གྲུབ་པའི་ཚད་མ་སྟོན་པ་དང་ལྡོག་པ་སྟོན་པ་གྲུབ་པ་མེད་ན་མེ་བླང་བར་བྱ་བའི་དོན་གང་ཡིན་པ་དེའི་དོན་བསྟན་པ་ན་ཡང་དཔེ་བསྟན་པ་ཡིན་ནོ། །འདི་ག་ལས་ཤེ་ན་བཤད་པ། གང་གི་ཚུལ་དེ་ཙམ་དུ་ཟད་པ་དེའི་
དངོས་པོ་ནི་དེ་ཉིད་དེ་དེ་བས་ནའོ། །དཔེའི་ཚུལ་ནི་དེ་ཙམ་དུ་ཟད་དེ། འདི་ལྟ་སྟེ། ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མས་སྟོན་པ་ཉིད་ཅེས་བྱ་བ་ནི་ཆོས་དང་མཐུན་པའི་དཔེ་ཡིན་ལ། ཁྱབ་པ་རབ་ཏུ་གྲུབ་པ་ལ་ཡང་བསྒྲུབ་པར་བྱ་བ་ལོག་ན་ལྡོག་པ་རབ་ཏུ་སྟོན་པ་ཉིད་ཡིན་ཏེ། དེ་ཡང་གཏན་ཚིགས་
ཀྱི་ངོ་བོ་བཤད་པ་ཁོ་ནས་བཤད་པ་ཡིན་པས་དེའི་མཚན་ཉིད་ཀྱིས་ཅི་ཞིག་བྱ། གཏན་ཚིགས་ཀྱི་ཚུལ་བཤད་པ་ལས་དཔེའི་དེ་ཁོ་ན་ཉིད་བསྟན་པ་འདིས་ནི་དཔེའི་ཉེས་པ་དཔེ་ལྟར་སྣང་བ་ཡང་བསྟན་པ་ཡིན་ཏེ། འདི་ལྟར་སྔར་བཤད་པ་གྲུབ་པར་བྱ་བའི་ཕྱིར་དཔེ་བླངས་པ་ཡིན་ཡང་རང་གི་འབྲས་བུ་སྒྲུབ་
པར་བྱེད་མི་ནུས་པ་དེ་ནི་དཔེའི་ཉེས་པ་ཡིན་ནོ་ཞེས་ཤུགས་ཀྱིས་བསྟན་པ་ཡིན་ནོ། །དཔེར་ན་ཞེས་བྱ་བས་ནི་དཔེ་ལྟར་སྣང་བའི་དཔེ་དགོད་པ་ཡིན་ཏེ། སྒྲ་ནི་རྟག་པ་ཡིན་ཏེ་ཞེས་བྱ་བ་ནི་སྒྲ་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །ལུས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ལས་དང་
རྡུལ་ཕྲ་རབ་དང་བུམ་པ་བཞིན་ནོ་ཞེས་བྱ་བ་དེ་དག་ནི་ཆོས་དང་མཐུན་པའི་དཔེ་བསྟན་པ་ཡིན་ནོ། །དེ་དག་ཀྱང་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ཆོས་དང་། གཉི་ག་མེད་པའི་དཔེ་ཉེས་པ་ཡིན་ནོ། །བསྒྲུབ་པར་བྱ་བ་མེད་པ་ནི་ལས་ཏེ། དེ་མི་རྟག་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་མེད་པ་ནི་
རྡུལ་ཕྲ་རབ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ལུས་ཅན་ཡིན་པའི་ཕྱིར་རོ། །རྫས་ཐམས་ཅད་དུ་སོང་བ་མ་ཡིན་པ་ཚད་མ་ཡོད་པ་ནི་ལུས་ཅན་ཡིན་ལ། ཐམས་ཅད་དུ་སོང་བ་མ་ཡིན་པ་དང་། རྫས་ཀྱི་རྡུལ་ཕྲ་རབ་ནི་བྱེ་བྲག་པ་དག་རྟག་པར་འདོད་དོ། །དེ་བས་ན་བསྒྲུབ་པར་བྱ་བ་མེད་པ་མ་ཡིན་ནོ། །
เล่ม ๑๘๙ · หน้า 87b
བུམ་པ་ནི་གཉིས་ཀ་མེད་པ་མ་ཡིན་ཏེ། བུམ་པ་མི་རྟག་པ་ཡིན་པའི་ཕྱིར་དང་ལུས་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གང་ལ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་དེ་ནི་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟའོ། །དེ་ལ་སོགས་པ་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། བསྒྲུབ་པར་བྱ་བའི་ཆོས་ལ་
ཐེ་ཚོམ་ཟ་བ་དང་། སྒྲུབ་པར་བྱེད་པའི་ཆོས་ལ་ཐེ་ཚོམ་ཟ་བ་དག་གཉི་ག་ལ་ཐེ་ཚོམ་ཟའོ། །དཔེར་ན་ཞེས་བྱ་བ་ནི་དཔེ་འགོད་པ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །སྨྲ་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ལམ་པོ་ཆེའི་མི་བཞིན་
ནོ་ཞེས་བྱ་བའི་དཔེ་ལ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །འདི་ནི་འཆི་བའི་ཆོས་དང་ལྡན་པ་ཡིན་པས་འཆི་བའི་ཆོས་ཅན་ཡིན་པ་ནི་བསྒྲུབ་པར་བྱ་བའོ། །མི་འདི་ནི་ཞེས་བྱ་བ་ནི་ཆོས་ཅན་ཡིན་ནོ། །འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་
གཏན་ཚིགས་ཏེ། ལམ་པོ་ཆེའི་མི་བཞིན་ནོ་ཞེས་བྱ་བ་ནི་དཔེ་ལ་ཡོད་པ་ཐེ་ཚོམ་ཟ་བ་ཡིན་ལ། བསྒྲུབ་པར་བྱ་བ་འཆི་བའི་ཆོས་ཅན་དུ་ངེས་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་མ་ཡིན་ཏེ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ནི་བསྒྲུབ་པར་བྱ་བའོ། །འདོད་ཆགས་ལ་སོགས་པ་
དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། དེ་གཉི་ག་ཡང་ལམ་པོ་ཆེའི་མིའི་དཔེ་ལས་ཐམས་ཅད་མཁྱེན་པ་ཉིད་དང་། འདོད་ཆགས་ལ་སོགས་པ་དང་མི་ལྡན་པ་ཡང་ཡོད་པས་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་མེད་པ་ཞེས་བྱ་བ་ནི་དཔེ་གང་ལ་བསྒྲུབ་པར་བྱ་བ་དང་། སྒྲུབ་
པར་བྱེད་པ་གཉིས་སྲིད་པ་ཙམ་དུ་སྣང་བ་ལ། སྒྲུབ་པར་བྱེད་པས་ཁྱབ་པ་མ་ཡིན་པའི་གཏན་ཚིགས་དེ་ནི་རྗེས་སུ་འགྲོ་བ་མེད་པ་ཞེས་བྱའོ། །རྗེས་སུ་འགོ་བ་རབ་ཏུ་མ་བསྟན་པ་ནི་དཔེ་གང་ལ་རྗེས་སུ་འགྲོ་བ་ཡོད་ཀྱང་སྨྲ་བ་པོས་མ་བསྟན་པ་དེ་ནི་རྗེས་སུ་འགྲོ་བ་མ་བསྟན་པ་ཡིན་ནོ། །དཔེར་ན་ཞེས་
བྱ་བ་ནི་རྗེས་སུ་འགྲོ་བ་མེད་པའི་དཔེ་དགོད་པ་ཡིན་ནོ། །གང་སྨྲས་པ་དེ་ནི་ཞེས་བྱ་བས་སྨྲས་པ་ཉིད་རྗེས་སུ་བརྗོད་ནས་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་བསྒྲུབ་པར་བྱ་བའོ། །དེ་བས་ན་སྨྲ་བ་ཉིད་འདོད་ཆགས་ལ་སོགས་པ་དང་ལྡན་པ་ངེས་པ་ན་ཁྱབ་པ་བསྟན་པ་ཡིན་ནོ། །འདོད་པའི་མི་
เล่ม ๑๘๙ · หน้า 88a
བཞིན་ནོ་ཞེས་བྱ་བ་ལ་འདོད་པའི་སྒྲས་སླར་རྒོལ་བ་ཡང་གཟུང་བར་བྱའོ། །དེས་ན་འདོད་པའི་མི་ལ་སྨྲ་བ་ཉིད་དང་། འདོད་ཆགས་ལ་སོགས་པ་དང་ལྡན་པ་གཉིས་ཡོད་པ་ཙམ་དུ་ནི་གྲུབ་ན་ཁྱབ་པ་མ་གྲུབ་སྟེ། དེས་ན་རྗེས་སུ་འགྲོ་བ་མེད་པའི་དཔེ་ཡིན་ནོ། །སྒྲ་མི་རྟག་
པ་སྟེ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ནི་བསྒྲུབ་པར་བྱ་བའོ། །བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །བུམ་པ་བཞིན་ནོ་ཞེས་བྱ་བ་ནི་དཔེ་འདི་ལ་རྗེས་སུ་འགྲོ་བ་མ་བསྟན་པ་ཡིན་ནོ། །འདིར་བྱས་པ་ཉིད་དུ་བུམ་པ་དང་སྒྲ་འདྲ་མོད་ཀྱི། འོན་ཀྱང་མི་རྟག་པའི་སྒོ་ནས་འདྲ་བར་ནི་རྟོགས་པར་མི་ནུས་
ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་བྱས་པ་ཉིད་མི་རྟག་པའི་ངོ་བོ་ཡིན་པར་ཤེས་པར་གྱུར་ན་ནི་དེ་ལྟ་ན་ནི་བྱས་པ་ཡིན་པའི་ཕྱིར་མི་རྟག་པར་རྟོགས་པར་འགྱུར་ཏེ། དེ་བས་ན་གང་བྱས་པ་དེ་ནི་མི་རྟག་པ་ཡིན་ནོ་ཞེས་བྱ་བ་ཉིད་མི་རྟག་པ་ཉིད་ལ་སོགས་པ་བརྗོད་ནས་ངེས་པ་བསྒྲུབ་པའི་
ཕྱིར་རྗེས་སུ་འགྲོ་བའི་ཚིག་གི་དོན་རྟོགས་པར་བྱ་བའི་ཡུལ་དཔེར་བླངས་པ་ཡིན་ལ། དོན་དེ་ཡང་རྗེས་སུ་འགྲོ་བ་བསྟན་པ་ཉིད་ཡིན་ནོ། །འདིས་ནི་རྗེས་སུ་འགྲོ་བའི་ཚིག་མ་སྨྲས་པ་ཁོ་ནར་དཔེར་བླངས་པ་ཡིན་ནོ། །འདི་འདྲ་བ་ནི་ཆོས་དང་མཐུན་པ་ཙམ་ཁོ་ནར་ཉེ་བར་སྦྱར་བ་ཡིན་ལ། ཆོས་དང་
མཐུན་པས་ནི་བསྒྲུབ་པར་བྱ་བ་མི་འགྲུབ་པོ། །དེ་བས་ན་རྗེས་སུ་འགྲོ་བའི་དོན་དང་ལྡན་པ་དཔེ་ཡིན་ལ། དོན་དེ་ཡང་འདིར་མ་བླངས་ལ། ཆོས་དང་མཐུན་པའི་དོན་བླངས་པ་ཉེ་བར་མཁོ་བ་མ་ཡིན་ཏེ། དེ་བས་འདི་སྨྲ་བ་པོས་ཉེས་པའི་ཕྱིར་དཔེའི་ཉེས་པ་ཡིན་ནོ། །སྨྲ་བ་པོས་ནི་འདིར་གཞན་ལ་
ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །དེ་བས་ན་ཅི་སྟེ་དངོས་པོ་ལ་སྐྱོན་མེད་མོད་ཀྱི། འོན་ཀྱང་སྨྲ་བ་པོས་ཉེས་པར་བསྟན་པ་ཡིན་པས་ཉེས་པ་ཉིད་ཡིན་ནོ། །དེ་བཞིན་དུ་དཔེ་གང་ལས་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་མི་རྟག་པ་དེ་ནི་བྱས་པའོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་དཔེ་
དགོད་པ་བྱས་པ་ཉིད་ཀྱི་དཔེ་རྟག་པ་ངེས་པར་ནི་དཔེ་བསྟན་པར་བྱ་བ་ཡིན་ཏེ། དེ་ལྟ་ན་ནི་བྱས་པའི་ཕྱིར་མི་རྟག་པ་ཁོང་དུ་ཆུད་པར་འགྱུར་བ་ཞིག་ན་འདིར་ནི་མི་རྟག་པ་ལ་བྱས་པ་ཉིད་ངེས་པར་ཡོད་པར་བསྟན་པས་བྱས་པ་ཉིད་དུ་མི་རྟག་པ་ལ་ངེས་པ་ཁོ་ན་ཡིན་ནོ། །དེ་བས་ན་བྱས་པ་ཉིད་མི་རྟག་པ་ཉིད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด