གཏན་ཚིགས་ཐིགས་པའི་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཧེ་ཏུ་བིནྡུ་བི་བ་ར་ཎ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๙ · หน้า 234a

གནོད་པར་ཇི་ལྟར་ཚད་མར་འགྱུར། དེའི་སྣང་བ་ཐ་དད་པ་མེད་པའི་ངོ་བོ་ནི་བརྫུན་པ་ཉིད་དོ། །དབང་པོ་ལས་བྱུང་བའི་ཉམས་སུ་མྱོང་བ་འཇུག་པ་ཡོད་པ་འདི་ལ་རབ་ཏུ་སྦྱོར་བ་མེད་པའི་ཕྱིར་རབ་རིབ་ལ་སོགས་པས་བསྐྱེད་པ་བཞིན་དུ་མངོན་སུམ་དུ་ག་ལ་འགྱུར།

དོན་བྱེད་པའི་རྒྱུ་མཚན་ཅན་གྱི་ངོ་བོ་ཡང་ས་བོན་ལ་སོགས་པ་ལས་གཞན་མ་ཡིན་ཏེ་དོན་དམ་པ་ཡིན་པའི་ཕྱིར་རོ། །རང་བཞིན་གྱིས་ཡོད་པ་གང་ཁོང་དུ་ཆུད་པའི་ཕྱིར་ངོ་ཤེས་པ་ཚད་མར་འགྱུར་ན་དོན་བྱེད་པའི་ནུས་པའི་མཚན་ཉིད་ཡིན་པའི་ཕྱིར་དོན་དམ་པར་ཡོད་པའོ། །དེའི་ཕྱིར་འདྲ་བ་གཞན་

བྱུང་བའི་རྒྱུ་མཚན་འདི་ཡིན་ཏེ། སྐྲ་ཤད་དང་ཆུ་ཤིང་གི་སྡོང་པོ་ལ་སོགས་པ་བཞིན་དུ་རྣམ་པ་འདྲ་བ་ཙམ་གྱིས་སྙིང་འཕྲོགས་པ་རྣམས་འཁྲུལ་པ་ཉིད་དུ་དེ་ཁོ་ན་ཉིད་ངེས་པས་བསམ་པར་བྱའོ། །དེས་ན་ཡོད་ཀྱང་སྐད་ཅིག་མ་རེ་རེའི་ཐ་དད་པ་ཉེ་བར་མི་རྟོགས་པས་བྱིས་པ་རྣམས་གང་གི་

ཚེ་མི་མཐུན་པའི་རྐྱེན་དང་ཕྲད་པས་མི་འདྲ་བའི་དངོས་པོ་གཞན་སྐྱེད་པ་དེའི་ཚེ་འདིའི་དེ་ཁོ་ན་ངེས་པར་གྱུར་ན་ངོ་ཤེས་པའི་དམིགས་པ་མི་འབྱུང་ངོ་། །དེ་རྣམས་པ་གཅིག་ཏུ་ངེས་པའི་ཤེས་པ་སྐྱེད་པར་བྱེད་པ་ལ་གཞན་ཞིག་འདྲ་བ་ཐ་དད་པ་ཡང་མེད་དེ་རང་གི་རྒྱུའི་སྟོབས་ལས་འོངས་པའི་རང་བཞིན་

གྱི་དབང་གིས་ཁ་ཅིག་ཏུ་རྣམ་པ་གཅིག་ཏུ་ངེས་པའི་ཤེས་པའི་མཚན་ཉིད་དམ། དོན་ཤེས་པ་ལ་སོགས་པའི་མཚན་ཉིད་དོན་གྱི་བྱ་བ་བྱེད་པ་ལས་གཞན་ནི་མེད་དོ་ཞེས་མཁས་པ་བསྟན་བཅོས་མཛད་པས་རྣམ་འགྲེལ་དུ་བཤད་པས་འདིར་མི་སྨྲའོ། །གདོན་མི་ཟ་བར་ས་བོན་ལ་སོགས་པ་སྐྱེད་པར་བྱེད་

པ་དང་སྐྱེད་པར་མི་བྱེད་པའི་གནས་སྐབས་ནི་དངོས་པོ་ཐ་དད་པས་ཇི་སྐད་བཤད་པ་བཞིན་དུ་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པའི་ཕྱིར་ཐ་མི་དད་པ་ལ་རྗེས་སུ་དཔག་པས་གནོད་པ་ནི་དངོས་པོ་རྣམས་ཞེས་བྱ་བ་སྨོས་ཏེ། ས་བོན་ལ་སོགས་པ་རྣམས་རང་གི་འབྲས་བུ་སྐྱེད་པར་བྱེད་པས་སོ། །རང་གི་ངོ་

བོ་དེ་དང་དེ་རྣམས་ལ་ཡོད་པ་ལས་གཞན་དུ་གྱུར་པ་མེད་པའི་ཕྱིར་རེས་འགའ་བའི་སྐྱེད་པར་བྱེད་པ་ནི་མི་སྲིད་པའི་ཕྱིར་རོ། །དེའི་ངོ་བོ་མྱུ་གུ་ལ་སོགས་པ་སྐྱེད་པའི་རང་གི་ངོ་བོ་ཕྱིས་བཞིན་དུ་ནི་འབྲས་ལ་སོགས་པའི་རྒྱུ་ཉེ་བ་བཞིན་དུའོ། །སྔ་མ་སྦྱང་ལ་སོགས་པ་ན་གནས་པའི་དུས་སུ་ཡང་རང་གི་

เล่ม ๑๘๙ · หน้า 234b

འབྲས་བུ་སྐྱེད་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་འབྲས་བུ་ལ་སོགས་པ་ཉེ་བ་ཡང་ས་བོན་ལ་སོགས་པའི་རང་གི་ངོ་བོ་ཁོ་ནས་འབྲས་བུ་སྐྱེད་ཀྱི་གཞན་གྱི་ངོ་བོས་ནི་མ་ཡིན་ནོ། །གང་ཡང་འདི་དེའི་ཚེ་འབྲས་བུ་སྐྱེད་པར་བྱེད་པའི་རང་བཞིན་ཕྱིས་ཡོད་པ་གང་ཡིན་པ་དེ་ཉིད་ཡིན་ནོ་ཞེས་ངོ་ཤེས་པས་མདུན་ན་གནས་

པའི་སྐྱེད་པར་བྱེད་པའི་རང་བཞིན་སྔ་མའི་ངོ་བོ་ལ་ཐ་མི་དད་པར་ངེས་པ་ཡིན་པ་དེས་ན་སྔར་ཡང་ཅིས་ན་དེའི་འབྲས་བུ་བྱེད་པ་མ་ཡིན། སྦྱོར་བ་ནི་གང་དང་གང་གི་ཚེ་སྐྱེད་པའི་རང་བཞིན་དེ་དང་དེ་ནི་དེའི་ཚེ་སྐྱེད་པར་བྱེད་པ་ཉིད་དེ། སྐྱེད་པར་མི་བྱེད་པ་དང་སྐྱེད་པར་བྱེད་པ་འགལ་བའི་ཕྱིར་གཞན་ཡང་དེའི་

རང་བཞིན་ཐོབ་པར་འགྱུར་རོ། །དཔེར་ན་དེ་ཉིད་ཀྱིས་ས་བོན་ལ་སོགས་པ་ཉེ་བའི་དུས་བཞིན་ནོ། །སྦྱང་ལ་སོགས་པ་ན་ས་བོན་ལ་སོགས་པ་འདི་ཡང་རང་གི་འབྲས་བུ་སྐྱེད་པར་བྱེད་པའི་རང་བཞིན་ཉིད་དུ་ངོ་ཤེས་པས་རྣམ་པར་འཇོག་པའི་ཕྱིར་ཞེས་བྱ་བ་ནི་ཐལ་བར་རང་བཞིན་གྱི་གཏན་ཚིགས་སོ། །དེ་

སྐྱེད་པ་ནི་མ་ཡིན་ཏེ་དེའི་ཕྱིར་དེ་སྐྱེད་པའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པའི་སྦྱོར་བའོ། །གང་དང་གང་གི་ཚེ་སྐྱེད་པའི་རང་བཞིན་ལ་ལོག་པའི་འབྲས་བུ་མི་སྐྱེད་པ་དེ་དང་དེ་ནི་དེའི་ཚེ་སྐྱེད་པའི་རང་བཞིན་མ་ཡིན་ཏེ། དཔེར་ན་འབྲས་ཀྱི་མྱུ་གུ་སྐྱེ་བའི་རང་བཞིན་ལས་ལོག་པའི་འབྲས་བུ་མི་སྐྱེད་

པའི་ཀོ་ཏྲ་བའི་ས་བོན་བཞིན་ནོ། །འབྲས་ལ་སོགས་པའི་རྒྱུ་ཉེ་བ་ལས་སྔར་འབྲས་བུ་སྐྱེད་པའི་རང་བཞིན་ལས་ལྡོག་པ་ཅན་གྱི་འབྲས་བུའི་ས་བོན་ལ་སོགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེའི་ཕྱིར་རྗེས་སུ་དཔག་པས་ཀྱང་གནོད་པར་ཉམས་སུ་མྱོང་

བས་ངོ་ཤེས་པ་ཇི་ལྟར་ཚད་མར་འགྱུར། འདིས་གནོད་པར་བྱེད་པས་ཚད་མ་མ་ཡིན་པའི་ཕྱིར་ཇི་ལྟར་གནོད་པར་བྱེད་པར་འགྱུར། ཚད་མས་མ་ངེས་པར་གྱུར་ན་གང་གིས་ན་གནོད་པ་གཅིག་ལ་གཅིག་བརྟེན་པར་འགྱུར། ངོ་ཤེས་པ་ཚད་མ་མ་ཡིན་པས་འདི་རྗེས་སུ་དཔག་ཚད་མ་གནོད་པ་མེད་

དེ་འོན་ཀྱང་རང་གི་བསྒྲུབ་བྱ་ལ་འབྲེལ་པའི་ཕྱིར་རོ། །དེ་ཡང་བཟློག་པ་ལ་གནོད་པར་བྱེད་པ་ནི་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར་རོ། །མ་ཡིན་ཏེ་མངོན་སུམ་ནི་གཞན་པས་ཚད་མའི་གཙོ་བོ་ཡིན་ནོ་ཞེ་ན། ངོ་ཤེས་པ་མངོན་སུམ་དུ་གྲུབ་པ་མེད་དོ་ཞེ་ན་རྗེས་སུ་དཔག་པས་མངོན་སུམ་གྱི་

เล่ม ๑๘๙ · หน้า 235a

བདག་ཉིད་དུ་ཡོད་པ་ལ་གནོད་པ་ཡིན་ནོ་ཞེས་ནི་མི་སྨྲའི། མངོན་སུམ་སྟོབས་དང་ལྡན་པས་ཅི་ཞིག་བྱེད། དེ་ནི་དོན་མེད་ན་མེད་པའི་ཕྱིར་ཚད་མར་བརྗོད་དོ། །རྗེས་སུ་དཔག་པ་དེ་ཡང་དོན་དང་འབྲེལ་པའི་རྟགས་ལས་སྐྱེད་པས་མཚུངས་པའི་ཕྱིར་ཁྱད་པར་ཅི་ཡང་མེད་དོ། །གལ་

ཏེ་རྗེས་སུ་དཔག་པ་དང་འགལ་བར་བརྗོད་ཀྱང་ངོ་ཤེས་པའི་ཚད་མ་དེ་དང་རྣམ་པ་མཚུངས་པས་གཅིག་ཏུ་སྟོན་ན་ནི་སྔོན་པོ་དང་ཅིག་ཤོས་ཀྱི་མེ་ཏོག་ལ་སོགས་པ་ཁ་ཕྱེ་བའི་དངོས་པོར་གཅིག་ནས་ཚད་མ་མ་ཡིན་ནོ། །མེ་ཏོག་གི་འབྲས་བུ་ལ་སོགས་པའི་འབྲས་བུ་མཐོང་བས་དཔག་པ་ནས་ཐ་དད་པ་ནི་མ་

ཡིན་ཏེ། མངོན་སུམ་གྱིས་དེ་ལྟར་མེད་པར་མྱོང་བ་དང་ངོ་ཤེས་པའི་ཚད་མ་འགེགས་པའི་སྐད་ཅིག་མའི་འཇིག་པའི་གྲུབ་པར་རྒྱས་པར་བྱས་པས་ཆོག་གོ། །གང་གི་ཕྱིར་དེ་ལྟར་གནས་པའི་རྣམ་པས་སྐྱེད་པར་བྱེད་པ་དང་སྐྱེད་པ་མེད་པའི་གནས་སྐབས་ཀྱི་ས་བོན་གྱི་དངོས་པོ་ཐ་དད་པ་དེའི་ཕྱིར་མཐའ་མའི་

གནས་དང་ཁྱད་པར་མེད་པ་དེ་མ་ཐག་ཏུ་མྱུ་གུ་ལ་སོགས་པའི་འབྲས་བུ་སྐྱེད་པ་གང་ཡིན་པ་དེ་ཁོ་ན་མྱུ་གུ་སྐྱེད་པའི་རང་བཞིན་ནོ། །འབྲས་བུ་མཐོང་བས་དཔག་པའི་ངོ་བོ་ཉིད་དེ་སྐྱེད་པའི་རང་བཞིན་ཡིན་པས་སོ། །གལ་ཏེ་དེ་ལྟ་ན་དེ་ཁོ་ན་མྱུ་གུ་སྐྱེད་པའི་རང་བཞིན་ཡིན་ལ་སྔར་བྱུང་བའི་གནས་སྐབས་ནི་དེ་སྐྱེད་

པའི་རང་བཞིན་མ་ཡིན་པའི་ཕྱིར་ཇི་ལྟར་དེ་རྣམས་ལ་དེའི་རྒྱུར་བཤད། མྱུ་གུ་དོན་དུ་གཉེར་བ་རྣམས་ཀྱིས་དེ་ཉེ་བར་ལེན་ཏོ་ཞེ་ན། སྔོན་གྱི་གནས་སྐབས་ཞེས་བྱ་བ་སྨོས་ཏེ། སྦྱང་ལ་སོགས་པ་ན་གནས་པའི་དུས་སུ་ཡོད་པའི་གནས་སྐབས་དང་ཁྱད་པར་མེད་པའི་མྱུ་གུ་ལ་སོགས་པའི་རྒྱུ་ཐ་མའི་

གནས་སྐབས་དང་ཁྱད་པར་མེད་པའི་རྒྱུ་ནི་རྐྱེན་གཞན་ལ་རག་ལས་པའི་ཁྱད་པར་གྱིས་ཡིན་ནོ། །བརྒྱུད་པས་སྐྱེ་བ་དེའི་ཕྱིར་དེ་རྣམས་ནི་བཏགས་པའི་ཕྱིར་རོ། །མྱུ་གུ་དོན་དུ་གཉེར་བ་རྣམས་ཀྱིས་རྒྱུར་བརྗོད་པ་ཉེ་བར་ལེན་ཏོ། །གང་གི་ཕྱིར་ས་བོན་ལ་སོགས་པ་དེའི་ངོ་བོ་རྒྱུ་གཞན་ལ་ལྟོས་པ་ནི་སྐྱེད་

པར་བྱེད་པ་དེ་ལ་ལྟོས་པའི་ཕྱིར་དེའི་དེ་སྐྱེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱའོ། །དེའི་ཕྱིར་ས་བོན་ལ་སོགས་པ་དང་ལྡན་པས་མ་ངེས་པ་མ་ཡིན་ཏེ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བས་གཏན་ཚིགས་ཀྱི་མཇུག་བསྡུ་བ་ཡིན་ནོ། །དེ་ལྟ་ན་དེ་ནི་གང་གི་ཚེ་རེ་ཞིག་ངོ་ཤེས་པ་མངོན་སུམ་གྱི་ཚད་མ་རྟག་པ་གྲུབ་པར་

เล่ม ๑๘๙ · หน้า 235b

གཞན་དག་བརྗོད་པས་ས་བོན་ལ་སོགས་པ་དང་ལྡན་པས་མ་ངེས་པར་བསྟན་པ་དེའི་ཚེ་སྔར་བཤད་པའི་རྣམ་པས་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་གནོད་པའི་ཕྱིར་དེའི་བདག་ཉིད་མེད་པ་ཡིན་ན་གང་གིས་ན་དེ་ལས་གཅིག་པ་ཉིད་དུ་ཡོད་པ་ཡིན། གང་གི་ཕྱིར་མ་ངེས་པར་འགྱུར་ཞེས་

བསྟན་ཟིན་ཏོ། །གང་གི་ཚེ་ངོ་ཤེས་པ་ཡིན་པའི་ཕྱིར་ས་བོན་ལ་སོགས་པ་སྔ་མ་དང་ཕྱི་མའི་དུས་དག་རང་བཞིན་གཅིག་པ་ཡིན་ནོ་ཞེས་གཏན་ཚིགས་སུ་གཞན་དག་བརྗོད་ན། དེ་ནི་འདིར་གཏན་ཚིགས་མ་གྲུབ་པ་ཡིན་ཏེ་ལ་ལར་དངོས་སུ་ཡོད་པ་ནི་མ་ཡིན་ཏེ། འདིར་སྐད་ཅིག་མའི་དངོས་

པོ་རྣམས་ལ་གཅིག་པ་ཉིད་མེད་པའི་ཕྱིར་རོ་ཤེས་ཁོ་བོ་ཅག་འདོད་དོ་ཞེས་བྱ་བར་སྦྱར་རོ། །འོན་ཏེ་གང་ཡང་སྐད་ཅིག་མའི་དངོས་པོ་དེ་ཡང་ས་བོན་ལ་སོགས་པའི་སྐད་ཅིག་མ་རེ་རེའི་གཅིག་པའི་ངོ་བོ་བྱེ་བྲག་ཀྱང་མི་རྟོགས་པའི་ཕྱིར་སྐད་ཅིག་མ་ཐ་མ་བཞིན་དུ་ཐམས་ཅད་ཀྱང་སྐྱེད་པར་བྱེད་པའི་རང་

བཞིན་ཡིན་ཏེ། དེའི་ངོ་བོ་ནི་ཆུ་ལ་སོགས་པ་ལ་ལྟོས་པའི་ཕྱིར་དེའི་གནས་སྐབས་ཀྱི་མ་ངེས་པ་ཡིན་ནོ་ཞེས་དོགས་པ་ལ། གཞན་དང་གཞན་སྐྱེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་ལ་མ་ངེས་པ་མེད་དོ། །རྐྱེན་གཞན་དང་གཞན་ལས་སྐད་ཅིག་མ་སོ་སོར་སྐྱེ་བས་སྐད་ཅིག་མ་རྣམས་ཐ་

དད་པས་ནུས་པའི་ཕྱིར་སྐད་ཅིག་མ་ཐ་མ་བཞིན་དུ་སྐྱེད་པར་བྱེད་པའི་རང་བཞིན་སྤངས་ནས་དེ་ཡང་གང་གིས་ན་མ་ངེས་པ་ཡིན། རྒྱུ་ཐ་དད་པ་ལ་རག་ལས་པའི་སྐྱེ་བ་རྣམས་ནི་བྱེ་བྲག་ཉེ་བར་རྟོགས་སུ་ཟིན་ཀྱང་ཐ་མི་དད་པར་མི་རིགས་སོ། །རྒྱུ་ཐ་དད་པའི་རྗེས་སུ་མི་བྱེད་ན་རྒྱུ་མེད་པར་ཐལ་བར་འགྱུར་རོ། །

དེ་སྐད་དུ་ཡང་འདུ་བྱེད་པའི་རྒྱུན་ལས་གཞན་དང་གཞན་པའི་རྐྱེན་དང་ལྡན་པས་སྐད་ཅིག་མ་རེ་རེ་ལ་ནུས་པ་ཐ་དད་པ་ཅན་དག་འགའ་ཞིག་མཚུངས་པས་ངོ་བོ་འདྲ་བར་ཤེས་མོད་ཀྱི་དེ་ལྟ་ན་དེ་དག་གི་ངོ་བོ་ཐ་དད་པ་ཁོ་ན་ཡིན་ཏེ། དེས་ན་འགའ་ཞིག་གི་རྒྱུ་ཡིན་ཞེས་གསུངས་སོ། །ཇི་སྐད་དུ་དེའི་ངོ་བོ་ཉིད་བསྐྱེད་

པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་གཞན་དག་མ་ངེས་པ་བརྗོད་པ་ནི་དེ་ཞེས་བྱ་བ་སྨོས་ཏེ། ས་བོན་དང་ཞིང་ལ་སོགས་པའོ། །མཐའ་མ་ནི་ཐ་མའི་དངོས་པོ་སོ་སོར་མྱུ་གུ་སྐྱེད་པར་ནུས་པ་རྒྱུ་རྣམས་ཀྱིས་ནས་འབྲས་བུ་སྐྱེད་པ་མེད་པར་ཁྱེད་རྣམས་འདོད་པ་ཡིན་ཡང་ཅིའི་ཕྱིར་རེ་རེ་སྐྱེད་པར་མི་བྱེད། དེས་ན་འདི་

เล่ม ๑๘๙ · หน้า 236a

རྣམས་ཀྱི་རེ་རེ་ཉིད་འགའ་ཞིག་ལས་མྱུ་གུ་སྐྱེ་བར་འགྱུར་གྱི་དེ་དག་གཞན་དེའི་ངོ་བོ་ཡིན་དུ་ཟིན་ཀྱང་མི་སྐྱེད་པ་ཡིན་ན་ནི་དེའི་ངོ་བོ་སྐྱེད་པ་ཡིན་ནོ་ཞེས་བྱ་བ་མ་ངེས་པ་ཡིན་པས་དེ་བཞིན་དུ་སྦྱང་ལ་ལ་སོགས་པ་ན་གནས་པ་ས་བོན་ལ་སོགས་པ་ཡང་མྱུ་གུ་ལ་སོགས་པ་སྐྱེད་པའི་རང་བཞིན་

ཡིན་དུ་ཟིན་ཀྱང་མི་སྐྱེད་པར་འདོད་པའི་ཕྱིར་རོ། །དེ་མ་ངེས་པ་ཡིན་པས་དེའི་གནས་སྐབས་ཁོ་ན་ཡིན་ནོ་ཞེས་གཞན་དག་སེམས་པ་ན། འདིར་མི་བྱེད་ཅེ་ན་ཞེས་བྱ་བ་སྨོས་ཏེ། དེ་ལྟར་གལ་ཏེ་གཞན་གྱིས་བསམ་པས་སྤྱིའི་སྒོ་ནས་བརྗོད་པ་སྤྱི་ཡིས་ལན་བཏབ་པ་ནི་སྐྱེད་པར་བྱེད་པ་ཁོ་ནའོ་ཞེས་བྱ་བ་སྨོས་པ་

སྟེ་འདིར་རང་གི་འབྲས་བུ་སྐྱེད་པའོ། །དེ་ལྟ་མ་ཡིན་ན་དངོས་པོ་སྐྱེད་པར་བྱེད་པ་མ་ཡིན་པར་དོགས་སོ། །གང་ལས་ཤེ་ན། ངོ་བོ་ཉིད་ལྡོག་པ་མེད་པའི་ཕྱིར་རོ། །གལ་ཏེ་སྐྱེད་པར་བྱེད་པའི་རང་བཞིན་མ་ཡིན་ན་སྐྱེད་པར་བྱེད་པར་མི་འགྱུར་ཏེ་དེའི་རང་བཞིན་དུ་འདོད་ན་ནི་གདོན་མི་ཟ་བ་སྐྱེད་པ་ཡིན་ནོ། །

དེ་ལྟ་ན་ཡང་གང་ལས་མ་ངེས་པའི་དངོས་པོར་འགྱུར། མཐའ་མའི་སྐྱེད་པར་བྱེད་པ་གཅིག་ཡོད་པས་འབྲས་བུ་གཅིག་པ་ཉིད་སྐྱེད་པ་ཡིན་གྱི་གཞན་དག་ནི་ཉེ་བར་སྦྱོར་བའི་ཡུལ་མེད་པའི་ཕྱིར་སྐྱེད་པར་བྱེད་པ་མ་ཡིན་ནོ་སྙམ་དུ་གཞན་དག་སེམས་པས་གལ་ཏེ་དེ་ལྟ་ན་ལྷན་ཅིག་བྱེད་པ་ཞེས་བྱ་བ་སྨོས་ཏེ། ལྷན་

ཅིག་པ་ནི་ཅིག་ཅར་བའི་རྒྱུར་རུང་བ་རྣམས་སོ། །དེའི་འབྲས་བུ་བྱེད་པའི་རུང་བས་ཁས་བླངས་པའི་ཡོད་པའི་འབྲས་བུ་ལ་གཅིག་ཁོ་ནས་བསྐྱེད་པའི་ཕྱིར་གཞན་གྱི་ཉེ་བར་སྦྱོར་བར་ཅི་ཞིག་དགོས་ཏེ་ཅི་ཡང་མ་ཡིན་ནོ། །དེ་སྐྱེད་པར་བྱེད་པ་ཁོ་ནའོ་ཞེས་བྱ་བ་ཅི་ཞིག་བརྗོད་ཅེ་ན། འདིའི་ལན་ནི་དངོས་པོ་རྣམས་

ཞེས་བྱའོ། །དངོས་པོ་རྣམས་ནི་ས་བོན་ལ་སོགས་པའོ། །རྟོག་པ་སྔོན་དུ་གཏོང་པར་བྱེད་ཅིང་བློ་སྔོན་དུ་གཏོང་པར་བྱེད་པ་ནི་འགའ་ཡང་མེད་དོ། །གང་གི་ཕྱིར་རྟོག་པ་སྔོན་དུ་གཏོང་པར་བྱེད་པས་འདི་ཁོ་བོ་ཅག་གང་ཡང་རུང་བ་གཅིག་པུས་ཀྱང་འབྲས་བུ་སྐྱེད་པར་ནུས་ན་བདག་ཅག་གིས་ཅི་ཞིག་བྱ་ཞེས་བརྟགས་

ནས་གཞན་དག་ལྡོག་པར་འགྱུར་ཞིང་བཏང་སྙོམས་སུ་འདུག་པ་ལ་བརྟེན་པ་ན་དེའི་འབྲས་བུ་སྐྱེད་པར་བྱེད་པ་ནའོ། །གང་གི་ཕྱིར་ས་བོན་ལ་སོགས་པའི་དངོས་པོ་དེ་ནི་སེམས་པ་མེད་པའི་བྱེད་པ་ཅན་ནོ། །དཔྱད་ན་སྟོང་པའི་བྱེད་པ་ནི་གཅིག་གིས་སྐྱེད་པ་ན་གཅིག་གི་འབྲས་བུ་ལ་ཐམས་ཅད་བྱེད་པ་ཁོ་ན་ཡིན་ནོ། །

เล่ม ๑๘๙ · หน้า 236b

དངོས་པོ་ཆོས་ཅན་གྱི་འབྲས་བུ་དེ་དག་སྔར་ཡོད་པའི་བྱེད་པ་ལས་དེ་བཞིན་ན་མི་རིགས་སོ། །གང་གི་ཚེ་བྱེད་པ་ཅན་དེ་ལས་གཞན་པའི་བྱེད་པ་ཡིན་པ་དེའི་ཚེ་དེ་ཉིད་ལས་འབྲས་བུ་སྐྱེད་པའི་བྱེད་པ་དང་ལྡན་པས་བྱེད་པ་པོ་ཉིད་དོར་བར་བྱའོ། །གལ་ཏེ་དེ་འདི་བྱེད་པ་ནི་བྱེད་པ་པོ་དེ་ལས་དེ་ཡིན་ནོ་ཞེ་ན། འོ་ན་ནི་

དེ་ལྟར་བྱེད་པ་པོ་ནི་ཉེ་བར་མཁོ་བ་ཡིན་གྱི། འབྲས་བུ་ལ་ཉེ་བར་མི་མཁོ་བ་ནི་དེ་ལ་བཏགས་པ་ཡིན་པས་དོན་དམ་པར་ན་བྱེད་པ་པོ་དོར་བར་བྱའོ། །བྱེད་པ་འདི་དང་སུ་ཞིག་འབྲེལ་པ་ཡིན་འདུ་བ་ཡིན་ན་ནི་སྔར་བསལ་ཟིན་པའི་ཕྱིར་རོ། །འདུ་བ་ཡང་བྱེད་པ་དང་ལྡན་པ་ཡིན་ན། གཞན་ཡང་དེའི་འབྲས་

བུ་ལ་ཉེ་བར་མི་མཁོ་བ་དེ་ཡོད་པར་ཐལ་བར་འགྱུར་རོ། །འདུ་བ་འདིའི་བློའི་རྒྱུ་ཡིན་ནོ་སྙམ་ན་གཅིག་པ་ཉིད་ཀྱིས་ཐམས་ཅད་མཚུངས་པའི་ཕྱིར་རོ། །གལ་ཏེ་མངོན་པར་འདོད་པ་ཉིད་བྱེད་པ་ཡིན་པས་དེའི་བྱེད་པ་བསྐྱེད་པ་ཡིན་པས་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན། འོ་ན་ནི་དེས་ན་དེ་ལས་སྐྱེ་བར་དེ་ཉིད་ལ་འདུ་

བར་བརྗོད་དེ་དེ་ཡང་ཐམས་ཅད་ལ་མཚུངས་ཏེ། གང་གིས་བྱེད་པའི་འབད་པས་སྐྱེ་བ་ཡིན་ན། དེས་འབྲས་བུ་ཉིད་ཅིས་ན་མི་སྐྱེད། གང་གིས་བར་དུ་ཆོད་པ་ལ་བརྟེན་པ་དེ་ལྟ་ན་རང་དང་ཉེ་བ་ཙམ་གྱི་བྱེད་པ་འདིས་བསྐྱེད་པ་ཡིན་ནོ། །བྱེད་པ་གཞན་གྱིས་ནི་མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །

དེ་ལྟ་ན་དེ་ཉིད་ཀྱི་ཕྱིར་རང་དང་ཉེ་བ་ཙམ་གྱི་བྱེད་པས་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་ཕྱིས་འབྱུང་བའི་འབྲས་བུ་ནི་སྔར་ཡོད་པ་རྒྱུའི་བྱེད་པས་ཡིན་ནོ། །དེ་ཡང་ཐམས་ཅད་ལ་ཡོད་པ་ཡིན་ནོ་ཞེས་ཐམས་ཅད་ཀྱི་འབྲས་བུ་སྐྱེད་པའི་བྱེད་པར་བསྟན་ཏེ། འབྲས་བུ་ཐམས་ཅད་སྐྱེད་པར་བྱེད་པ་དེ་ཡོད་པའི་ཕྱིར་

རོ། །འབྲས་བུའི་རྒྱུར་མངོན་པར་འདོད་པ་ནི་ཡོད་ན་ཡོད་པ་མ་ཡིན་པ་གཞན་ལས་སྐྱེ་བ་མེད་དོ། །དེ་ལྟར་ཡོད་པ་ནི་དེ་ཉིད་ལ་རྒྱུའི་བྱེད་པས་འབྲས་བུ་བྱེད་པ་འདི་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཡོད་དུ་ཟིན་ཀྱང་རྒྱུ་རྣམས་ལ་ཇི་ལྟར་ཉེ་བར་དམིགས་པར་མི་འགྱུར། གལ་ཏེ་དེ་དང་འབྲེལ་པ་ལས་སྐྱེ་བའི་

རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། མེད་པ་དེས་འབྲེལ་པར་མི་རིགས་པའི་ཕྱིར་རོ། །བདག་ཉིད་ཡོད་པ་ཁོ་ནས་སྐྱེད་པའི་དོན་ནི་མི་འཐད་པའི་ཕྱིར་སྐྱེ་བའི་དུས་ན་ཉེ་བར་དམིགས་པའི་བདག་ཉིད་ཡིན་ན་སྔར་ཡང་འབྱུང་བ་བཞིན་དུ་དམིགས་པར་ཐལ་བར་འགྱུར་རོ། །ངོ་བོ་གཞན་གྱིས་ཡོད་པ་ཡིན་ན་

เล่ม ๑๘๙ · หน้า 237a

ནི་དངོས་པོར་མི་འགྱུར་རོ། །དངོས་པོ་ནི་མཚན་ཉིད་ཐ་དད་པའི་ཕྱིར་དངོས་པོ་ཐ་དད་དོ། །དེའི་ཕྱིར་ཉེ་བར་དམིགས་པའི་བྱ་བའི་བདག་ཉིད་ཀྱི་སྐྱེ་བ་ལས་སྔར་ཡོད་པའི་མི་དམིགས་པ་དེའི་ཕྱིར་སྐྱེ་བ་ཡང་འབྲེལ་པ་ག་ལ་ཡིན། དེའི་ཕྱིར་འབྲས་བུ་མ་བྱུང་བ་ཉིད་རྒྱུ་ཡོད་པ་

ལས་བྱུང་བ་དེས་ན་སྐྱེ་བ་ཡིན་ནོ་ཞེས་ཐམས་ཅད་ཀྱིས་དེ་ལྟར་བསྐྱེད་དོ། །འོན་ཏེ་གཅིག་གིས་ཀྱང་དེ་སྐྱེད་པར་ནུས་ན་གཞན་དག་དེ་ལ་དེ་ཉེ་བའི་མཚན་ཉིད་ཀྱི་བྱེད་པ་དོན་མེད་དོ་སྙམ་ནས་དེ་ལ་གཞན་དག་ཡོད་པ་དང་འབྲེལ་པ་མ་ཡིན་ནོ་ཞེ་ན། རང་གི་རྒྱུ་ཞེས་བྱ་བ་སྨོས་ཏེ། ཞིང་དང་ཆུ་དང་ས་བོན་གྱི་

ཚོགས་པའི་མཚན་ཉིད་ཡོངས་སུ་གྱུར་བས་འབྲས་བུ་སྐྱེད་པ་དང་རྗེས་སུ་མཐུན་པའི་ཡོན་ཏན་གྱི་བྱེ་བྲག་དང་ལྡན་པ་ནི་སྐད་ཅིག་མ་རེ་རེ་ཉེ་བར་བསགས་པ་ཕུལ་དུ་བྱུང་བ་ལས་སྐད་ཅིག་མ་གཞན་སྐྱེའོ། །དེས་ན་ཉེ་བ་ནི་འབྲས་བུ་དང་ཡུལ་ཉེ་བ་རྣམས་གང་ཡིན་པ་དེ་ལྟར་གྱུར་པ་ལ་འབྲས་བུ་དང་ཀླན་ཀ་བཙལ་

བར་འོས་པ་མ་ཡིན་ནོ། །རྒྱུ་གཅིག་གིས་ཀྱང་དེའི་འབྲས་བུ་ནུས་པའི་ཕྱིར་འདིར་ཁྱེད་ཉེ་བས་ཅི་ཞིག་བྱ་ཞེས་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ། །དེ་ལ་གཞན་པ་དང་ཉེ་བ་མེད་ན་གཅིག་གིས་ཀྱང་ཡོད་པར་མི་སྐྱེད་དོ། །གང་ལས་དེའི་རང་བཞིན་ཡིན་ཞེ་ན། དེའི་རང་བཞིན་ལས་ཞེས་བྱ་བ་ནི་

དངོས་པོ་གཙོ་བོར་བསྟན་ཏེ་ཞིང་དང་ཆུ་དང་ས་བོན་ལ་སོགས་པའི་ཚོགས་པ་ཡོངས་སུ་གྱུར་པ་སྐྱེད་པའི་རང་བཞིན་ཡིན་པའི་ཕྱིར་རེ་རེ་ལ་ནུས་པ་དེ་མེད་དོ་ཞེ་ན། ཚོགས་པའི་སྒྲས་བརྗོད་པ་ཐ་དད་པའི་ནུས་པས་རང་རང་གི་མཚན་ཉིད་གཞན་པ་སྐྱེད་པའི་ཕྱིར་དང་དེ་ཡང་སྐད་ཅིག་མ་རེ་རེ་བསགས་པ་ཕུལ་

དུ་བྱུང་བ་སྐྱེད་པའི་ཕྱིར་འབའ་ཞིག་པ་རྣམས་ལ་ནི་དེ་སྐྱེད་པའི་རང་བཞིན་མ་ཚང་བ་དེ་ལས་གཞན་རྐྱེན་ནི་སྐྱེད་པར་རུང་བའི་རང་བཞིན་ཡིན་པའི་ཕྱིར་སྐྱེད་པའི་བྱེད་པར་ནུས་རྒྱུ་ལས་སོ། །འདི་ཡང་ཇི་ལྟར་སྐབས་སུ་བབ་པ་དེ་དང་དེར་བསལ་བར་བྱའོ། །དེའི་ཕྱིར་ཚོགས་པ་སྐྱེ་བའི་རང་བཞིན་དག་ཡོད་པ་གང་

ཡིན་པ་དེ་དང་དེ་ལ་གཅིག་མེད་དམ་རྒྱུ་མ་ཚང་བ་ལས་མི་སྲིད་པའི་ཕྱིར་རོ། །ཚོགས་པ་གཅིག་པ་ལས་སྐྱེ་བ་ནི་ལྷན་ཅིག་འབྱུང་བར་ངེས་ཏེ་དེ་དག་ཡོད་ན་ཡོད་པ་ལས་འབྲས་བུ་ཐམས་ཅད་སྐྱེད་པའི་ཕྱིར་རོ། །དེའི་ངོ་བོ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འདིར་མ་ངེས་པ་མེད་དོ་ཞེས་གང་གིས་བསམས་

เล่ม ๑๘๙ · หน้า 237b

ནས་མཐའ་མའི་ནུས་པས་ཅིས་ན་སྐྱེད་པར་མི་བྱེད་ཅེས་སྔར་དེ་བསལ་བར་བཤད་དོ། །གལ་ཏེ་ནུས་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲུབ་པའི་མཐའ་སྨྲ་བས་ཀྱང་མཐའ་མ་བསྐྱེད་པ་ཡིན་ནོ་ཞེས་བྱ་བའི་དགོངས་པ་གང་ཡིན་པ་དེ་ནི་བཤད་ཟིན་པ་སྟོན་པ་ནི་མ་ཡིན་ཏེ། དེ་ཁོ་ན་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། དེ་དག་ཉིད་བཤད་པ་ནི་གཅིག་པུ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དགོངས་པ་འདི་ནུས་པ་དག་མངོན་སུམ་དང་མི་དམིགས་པའི་གྲུབ་པར་བྱེད་པ་དག་གིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཐ་དད་བྱེད་པ་ལས་རྒྱུ་མཚན་གཞན་མེད་པའི་ཕྱིར་རོ། །དེ་ཡང་རྗེས་སུ་

འགྲོ་བ་དང་ལྡོག་པ་དག་གཅིག་ལ་མཐོང་བ་ནི་གཞན་དག་གཞན་ལ་མ་ཡིན་ལ། གཅིག་པུ་དེ་ཉིད་བསྐྱེད་པར་བྱ་བར་ནུས་པར་རྟོགས་པར་བྱའོ། །གཞན་དང་གཞན་ནི་བསྐྱེད་པར་བྱ་བ་མ་ཡིན་ནོ། །དེ་ཡང་གང་གི་གནས་སྐབས་སུ་སྐྱེད་པར་མཐོང་བ་དེ་ཅིས་སྐྱེད་པའི་རང་བཞིན་ཡིན། དེ་ཉིད་ཡིན་

ནམ་ཡང་ན་སྔར་ཡང་ཡིན་ཞེས་འདིར་བརྩོད་དེ། དེ་ལ་སྔར་ཡང་དེའི་རང་བཞིན་ཡིན་ན་ཕྱི་མ་བཞིན་དུ་ནི་སྔ་མ་ཡང་སྐྱེད་པར་ཐལ་བར་འགྱུར་རོ། །སྐད་ཅིག་མ་རེ་རེ་ཐ་དད་པར་བརྗོད་ན་ནི་སླར་གཞན་གཅེར་བུ་པ་དང་། རྒྱལ་དཔོག་པ་དག་མ་ངེས་པ་བརྗོད་ཅིང་སྨྲ་སྟེ། ཐ་དད་པ་ཕན་ཚུན་ལྡོག་པ་མིག་ལ་

སོགས་པ་གང་ཡིན་པ་དེ་དག་གི་ལྷན་ཅིག་བྱེད་པ་དག་གིས་ཅིག་ཅར་དུ་བྱེད་པ་རྣམས་ཀྱིས་རྣམ་པར་ཤེས་པའི་མཚན་ཉིད་འབྲས་བུ་གཅིག་པ་སྐྱེད་པ་བདེན་ཏེ་ཕལ་ཆེར་ཐ་དད་པའི་རང་བཞིན་གྱི་རྒྱུ་རྣམས་འབྲས་བུ་གཅིག་ཏུ་ཐ་དད་པའི་རང་བཞིན་ཡིན་ན་ནི་རྒྱུའི་བྱེ་བྲག་ལས་འབྲས་བུའི་བྱེ་བྲག་མེད་པར་

འགྱུར་རོ། །དེས་ན་མིག་ལ་སོགས་པ་ཐ་དད་པའི་བདག་ཉིད་ཀྱི་འབྲས་བུ་གཅིག་སྐྱེད་པར་འདོད་པར་མི་བྱ་སྟེ། འོན་ཀྱང་ཐ་མི་དད་པའི་འབྲས་བུ་གཅིག་པ་འདི་སྐྱེད་པར་བྱེད་པ་ནི་སྤྱིར་གྱུར་པའི་ངོ་བོ་ཁས་བླངས་པ་གང་གིས་ཐ་མི་དད་པའི་འབྲས་བུ་སྐྱེད་དོ། །དེ་ཡང་ཚོགས་པའི་གནས་སྐབས་ཉིད་

ལ་འབྲས་བུ་སྐྱེའི། །མ་ཚོགས་པའི་གནས་སྐབས་ནི་མ་ཡིན་ནོ། །རེ་རེ་ཡོད་པ་ལ་དེའི་བདག་ཉིད་མེད་པ་ནི་མ་ཡིན་ཏེ། རེས་འགའ་མེད་པ་འགལ་བའི་ཕྱིར་རོ། །དེ་འདི་སྐྱེད་པར་བྱེད་པའི་རང་བཞིན་ནི་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པ་ལྡན་པ་ནི་མ་ཡིན་ཏེ། ཚོགས་པ་དང་ཅིག་ཤོས་ཀྱི་གནས་སྐབས་ཐ་

เล่ม ๑๘๙ · หน้า 238a

དད་པ་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་སྤྱིའི་རང་བཞིན་ཉམས་པ་ཡིན་པ་དེའི་ཕྱིར་མིག་ལ་སོགས་པ་ཚོགས་པ་རྣམས་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་ནི་རེ་རེ་ཡོད་དུ་ཟིན་ཀྱང་སྐྱེད་པར་བྱེད་པ་མ་ཡིན་གྱི་དེ་ནི་ངོ་བོ་སྐྱེད་པའི་ཕྱིར་ཞེས་བྱ་བ་མ་ངེས་པ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་མ་

ཡིན་ཏེ། བདག་ཉིད་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་དགོངས་པ་ཡིན་ཏེ། ཅི་བྱེད་ཀྱང་མངོན་པར་འདོད་པའི་རྒྱུ་འདི་མིག་ལ་སོགས་པ་རེ་རེ་ལས་གལ་ཏེ་ཡིན་ན་དེ་མི་རིགས་ལ། །ཚོགས་པའི་རང་བཞིན་ལས་སྐྱེ་བའི་ཕྱིར་འབྲས་བུ་རྒྱུ་ནི་དེ་ཁོ་ན་ཡིན་པའི་ཕྱིར་རོ། །འོ་ན་ནི་དེའི་གནས་སྐབས་

ན་རེ་རེ་ལ་སོགས་པའི་སྒྲས་བརྗོད་པ་སྐྱེད་པའི་རང་བཞིན་དུ་ཁས་བླངས་པས་མིག་ལ་སོགས་པ་རེ་རེ་རྒྱུ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ངེས་པ་འདི་ལ་ཅི་ཞིག་ཡོད། གང་ཁྱེད་དུ་མ་ལས་ཡིན་གྱི་གཅིག་ལས་མ་ཡིན་ནོ་ཞེས་བྱ་བ་ལ་ཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །གཅིག་དེའི་འབྲས་བུ་

བྱ་དགོས་སོ་ཞེས་བྱ་བ་ངེས་པ་ནི་མ་མཐོང་སྟེ། གཅིག་དེའི་འབྲས་བུ་བྱེད་དོ་ཞེས་བྱ་བ་གང་ལས་ངེས་པ་ཡིན། དེ་ཡོད་པ་ལས་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་འདིར་དུ་མ་ལས་འདི་མཚུངས་སོ། །དེ་སྐད་ཅིག་དེ་ཉིད་སྐྱེད་པར་ནུས་ཀྱི་གཞན་ལ་ནི་མ་ཡིན་པས་གཞན་དང་གཞན་བསྐྱེད་པ་མ་ཡིན་ནོ་ཞེས་བཤད་

དོ། །དུ་མ་ཡིན་པ་ལས་དུ་མ་ཐོབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཁོ་བོ་ཅག་གིས་ཁྱེད་བཞིན་དུ་རྒྱུ་ཁོ་ནས་འབྲས་བུའི་བདག་ཉིད་དུ་ཁས་མ་བླངས་ཏེ། གང་དུ་མ་ཡོངས་སུ་གྱུར་པ་ལས་དུ་མའི་རང་བཞིན་ཡིན་པའི་ཕྱིར་འབྲས་བུ་དུ་མར་འགྱུར་བ་ཞིག་ན། འོན་ཀྱང་སྔ་མ་ཉིད་འགའ་ཞིག་ཡོད་པར་གྱུར་པ་དེ་ཡང་

དུ་མ་ཡོད་པ་ཉིད་ལས་ཡོད་པའི་ཕྱིར་དེའི་འབྲས་བུར་བརྗོད་ན་དེ་གང་ལས་དུ་མར་ཐལ་བར་འགྱུར་བ་ཡིན། གང་ཡང་ཐ་མི་དད་པར་སྐྱེད་པར་བརྗོད་པའི་ཕྱིར། དེ་གཅིག་ཏུ་གནས་ཀྱང་ཁྱེད་ཀྱི་དེའི་འབྲས་བུ་སྐྱེད་པའི་རང་བཞིན་ཉིད་ཡིན་པ་དེའི་ཕྱིར་འབྲས་བུ་སྐྱེད་པར་ཐལ་བར་འགྱུར་རོ། །དེ་གཞན་ཉེ་བ་དང་དེ་ལ་བྱེ་

བྲག་མེད་པའི་ཕྱིར་རམ་དེ་ཡང་མི་སྐྱེད་པར་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཡོད་པ་དང་མེད་པ་དང་ལྡན་པ་ལས་རང་གི་འབྲས་བུ་ཡོད་པ་དང་མེད་པ་དང་ལྡན་པ་མཐོང་སྟེ་དེ་ཉིད་བྱེ་བྲག་ཏུ་སྐྱེད་པ་ཡིན་པའི་ཕྱིར་མ་ངེས་པ་ག་ལ་ཡིན། འོན་ཏེ་ཚོགས་པའི་རྒྱུ་ལ་བརྟེན་པར་བརྗོད་ན་ནི་རྒྱུ་ཐ་དད་པས་འབྲས་བུ་ཐ་དད་པར་མི་

เล่ม ๑๘๙ · หน้า 238b

འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་ཇི་ལྟར་བདག་ཉིད་གང་དང་གང་གི་ཚོགས་པའི་བདག་ཉིད་ཀྱིས་རང་བཞིན་དེ་ཐ་དད་པས་དེ་ཁྱད་པར་ལ་ཉེ་བར་སྦྱར་ན་དེའི་རྣམ་པར་ཤེས་པ་འབྲས་བུའི་མཚན་ཉིད་གང་གི་ཁྱད་པར་ནི་ཚོགས་པའི་ངོ་བོའི་བྱེ་བྲག་གིས་དེ་རྣམས་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེའི་ཉེ་བར་

སྦྱོར་བས་ཚོགས་པ་ཐ་དད་པའི་བྱེད་པས་བྱ་བའི་རང་བཞིན་གྱི་ཁྱད་པར་ནི་བྱ་བ་དང་ཁྱད་པར་ཅན་གྱི་རང་བཞིན་དེ་དག་ཚོལ་བ་མེད་པའི་ཕྱིར་རོ། །ཕན་ཚུན་ཐ་དད་པའི་ངོ་བོ་ཡིན་པའི་ཕྱིར་ཚོགས་པ་ཐ་དད་པ་ཐ་མི་དད་པའི་ངོ་བོའི་འབྲས་བུ་ཡིན་ན་ཇི་ལྟར་རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་མི་དད་པར་འགྱུར།

དེ་ལྟ་ན་ཚོགས་པ་གཅིག་པའི་ཡིད་ལ་བྱེད་པ་ཡོད་པའི་ནུས་པ་ལ་སོགས་པའི་མཚན་ཉིད་དེ་ལས་རྣམ་པར་རྟོག་པའི་ཤེས་པ་བསྐྱེད་དོ། །གཞན་ཡང་འདི་ལ་བྱེད་པ་དང་དབང་པོ་ཙམ་གྱི་མཚན་ཉིད་དེ་ལས་འཁྲུལ་པའི་དབང་པོའི་ཤེས་པ་འབྱུང་ངོ་། །དེ་ལས་གཞན་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པའི་

བདག་ཉིད་དེ་ལས་མ་འཁྲུལ་པའི་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་ཚོགས་པ་ཐ་དད་པས་བསྐྱེད་པའི་འབྲས་བུའི་རང་བཞིན་ཁྱད་པར་མ་འཆོལ་བ་ཡོད་པ་ཉིད་དེ་ཚོགས་པའི་མཚན་ཉིད་རྒྱུ་ཐ་དད་པས་འབྲས་བུ་ཐ་དད་པའི་ཕྱིར་རོ། །འོ་ན་ནི་གང་གི་ཚེ་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་རྣམས་ཀྱིས་རྣམ་

པར་ཤེས་པ་སྐྱེད་པ་དེའི་ཚེ་དེ་དག་ཉེ་བར་སྦྱོར་བའི་ཡུལ་གཅིག་པའི་ཕྱིར་ཇི་ལྟར་འཆོལ་བ་མེད་པ་ཡིན་ཞེ་ན། རྣམ་པ་དེ་ལྟ་བུ་འཆོལ་བ་འདོད་པའི་ཕྱིར་སྐྱོན་མེད་དོ། །དེ་སྐད་དུ་དེ་ལ་གཅིག་པུས་ཀྱང་ནུས་ཞེས་བྱ་བ་ལ་སོགས་པ་བཤད་དོ། །དེ་ལྟ་ན་ཇི་ལྟར་སྐྱེད་པར་བྱེད་པ་ཡིན། གལ་ཏེ་དེ་དག་ཐ་

དད་པས་འབྲས་བུ་ཐ་དད་པ་ནི་མེད་དེ། འོན་ཀྱང་ཚོགས་པ་རྣམས་གཞན་དང་གཞན་གྱི་འབྲས་བུ་སྐྱེས་པ་ནི་སྐྱེད་པར་བྱེད་པ་ཉིད་དེ་གང་གི་ཕྱིར་མེད་ན་མེད་པར་འགྱུར་ཏེ། དེ་དག་གི་སྐྱེད་པར་བྱེད་པ་དེ་ཡོད་ན་འགའ་ཞིག་ཡོད་པའི་ཕྱིར་རོ། །དེ་ལ་གཅིག་གམ་དུ་མ་ཡོད་པ་དེ་དག་གཅིག་གམ་དུ་མའི་

སྐྱེད་པར་བྱེད་པར་བརྗོད་དོ། །འོ་ན་ནི་ཚོགས་པ་གཅིག་དང་ཚོགས་པ་དུ་མའི་དངོས་པོ་སྐྱེད་པས་ཕན་ཚུན་ཐ་དད་པར་འགྱུར་ན། དེ་དང་དེ་མ་ཡིན་པའི་ངོ་བོའི་རྒྱུ་ལས་སྐྱེད་པ་ཉིད་དེ་དང་དེ་མ་ཡིན་པའི་དངོས་པོར་མི་འདོད་དོ། །དེ་ལ་གང་གི་ཚེ་མིག་དང་གཟུགས་དང་ཡིད་ལ་བྱེད་པ་རྣམས་རྣམ་པར་ཤེས་པ་

เล่ม ๑๘๙ · หน้า 239a

བསྐྱེད་པའི་བདག་ཉིད་ཡིན་པ་དེའི་ཚེ་མིག་དང་གཟུགས་དག་ཀྱང་རྣམ་པར་ཤེས་པའི་དངོས་པོར་ཐ་མི་དད་པའི་རྒྱུ་ལས་སྐྱེས་པའི་ཕྱིར་དེ་དག་གི་རྣམ་པར་ཤེས་པའི་བདག་ཉིད་རྣམ་པར་ཤེས་པའམ། དེ་གཟུགས་ཉིད་དུ་ཇི་ལྟར་ཐལ་བར་མི་འགྱུར་སྙམ་དུ་ན། དེ་དང་དེ་མིན་

དངོས་པོ་ནི། །དེ་དང་དེ་མིན་རྒྱུ་ལས་སྐྱེས། །གཟུགས་སོགས་ཅིས་ཏེ་ཤེས་པ་ཡིན། །རྣམ་ཤེས་ཐ་དད་རྒྱུ་ལས་སྐྱེས། །ཞེས་བཤད་པས། ཉེས་པ་འདི་དག་མེད་དོ། །དེ་དག་ཇི་ལྟར་རང་རང་གི་ངོ་བོ་ཐ་དད་པའི་རྒྱུ་མཚན་ནི་ཉེ་བར་ལེན་པས་དེར་ཉེ་བར་སྦྱར་རོ། །ཡིད་ལ་བྱེད་པ་ནི་རྣམ་པར་ཤེས་པའི་ཉེ་

བར་ལེན་པའི་རྒྱུ་སྟེ། དབང་པོ་ནི་རང་གི་རྣམ་པར་ཤེས་པའི་སྐྱེད་པར་རུང་བ་སྐྱེ་བ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །དེ་བཞིན་གཞན་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །དེས་ན་གཞན་འདྲ་བའི་ཚོགས་པ་དབང་པོའི་སྐད་ཅིག་མ་སྐྱེད་པར་བྱེད་པ་ནི་རྣམ་པར་ཤེས་པ་དང་མི་འདྲ་བའི་ཕྱིར་མཚན་ཉིད་

མི་མཐུན་པའི་འབྲས་བུ་མཚན་ཉིད་མི་མཐུན་པའོ། །ཅི་སྟེ་དེ་དག་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དེའི་ཚེ་དབང་པོ་ལ་སོགས་པའི་སྐད་ཅིག་མ་འདི་ཐ་དད་པ་ག་ལ་ཡིན་ཞེ་ན། འདི་དག་ཉེ་བར་ལེན་པའི་དངོས་པོས་འདི་ཉེ་བར་སྦྱོར་གྱི་གཞན་ལ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་

ཕྱིར། རྟོགས་པའི་ངོ་བོ་ལ་ཕན་འདོགས་པ་དང་ཕན་མི་འདོགས་པ་དག་སྟེ་ཡོད་པ་ལ་མི་འཁྲུལ་པ་དང་འཁྲུལ་པ་ཡིན་ནོ། །དེ་ལྟ་ན་རྣམ་པར་ཤེས་པ་རྟོགས་པའི་ངོ་བོར་ཡིད་ལ་བྱེད་པས་ཕན་འདོགས་པའི་ཕྱིར་དབང་པོ་བེམས་པོའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་གཞན་ལའང་དེ་བཞིན་དུ་ཤེས་པར་བྱའོ། །

རྣམ་པར་ཤེས་པ་ཙམ་གྱི་དངོས་པོ་ནི་དེ་མ་ཐག་པའི་རྐྱེན་གྱི་བྱེད་པ་ལས་ཡིན་པར་ངེས་པ་ཉིད་དབང་པོ་ལ་སོགས་པ་ནི་མ་ཡིན་ནོ། །དབང་པོའི་སྐད་ཅིག་མ་ཕྱི་མ་སྐྱེད་པ་ནི་སྔ་མའི་དབང་པོ་ལས་ཕྱི་མ་ཡིན་གྱི་རང་གི་རྣམ་པར་ཤེས་པར་རུང་བའི་རྒྱུ་མཚུངས་པ་དེ་མ་ཐག་པ་ནི་རྐྱེན་མ་ཡིན་ནོ། །དེ་བཞིན་དུ་

གཟུགས་ལ་སོགས་པ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་གནས་སྐབས་ཐ་དད་ཀྱང་རྣམ་པ་གཅིག་ཏུ་ངེས་པར་བྱེད་པའི་ཤེས་པའི་རྒྱུ་མཚན་གྱིས་རང་གི་རྒྱུན་འབྱུང་བའི་འབྲས་བུ་སྐྱེད་པའི་རྒྱུ་མཚན་ཡིན་ཏེ། དེ་ནི་ཉེ་བར་ལེན་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་རྒྱུན་གཞན་ནི་སྔར་གྱི་གནས་སྐབས་ལ་

เล่ม ๑๘๙ · หน้า 239b

ལྟོས་ནས་ཁྱད་པར་ལ་སོགས་པའི་རྒྱུ་མཚན་དེ་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ཏེ། དེ་ཡང་དངོས་པོ་འདི་རྣམས་རང་གི་རྒྱུ་བརྒྱུད་པ་ལས་འོངས་པའི་རང་བཞིན་ནོ། །ཅུང་ཟད་ཅིག་རང་གི་འབྲས་བུའི་རྒྱུན་རྣམ་པར་འཇོག་པའི་རྒྱུ་མཚན་སྐྱེད་པ་ཡིན་ཏེ། གཞན་ཡང་རྒྱུན་གཞན་དུ་བརྗོད་པའི་རྒྱུ་མཚན་

ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཚོགས་པ་གཞན་གྱིས་བྱེ་བྲག་ཏུ་བྱས་པའི་ཕྱིར་དབང་པོ་དང་། གཟུགས་དང་རྣམ་པར་ཤེས་པའི་སྐད་ཅིག་མ་རྣམས་ནི་ཕན་ཚུན་མཚན་ཉིད་མི་མཐུན་པ་ལ་འགལ་བ་མེད་དོ། །དེའི་ཕྱིར་གང་གི་ཚེ་རེ་རེའི་རྒྱུ་དུ་མ་ཡིན་པའི་ཕྱིར་འབྲས་བུའི་བྱེ་བྲག་ཉིད་ཡིན་པ་དེའི་ཚེ་

འབྲེལ་བ་མེད་པས་མ་ངེས་པར་འགྱུར་ན་དེ་ཡང་ཁས་བླངས་པའི་ཕྱིར་ཅི་ཡང་མེད་དོ། །འོན་ཏེ་ཚོགས་པའི་མཚན་ཉིད་ཀྱི་རྒྱུའི་བྱེ་བྲག་གི་ཚོགས་པ་གཞན་ལས་འབྲས་བུའི་བྱེ་བྲག་ཀྱང་མཚན་ཉིད་མི་མཐུན་པ་དེའི་ཕྱིར་རྒྱུ་རྣམས་ལས་རང་བཞིན་ཐ་དད་པར་བརྗོད་པ་དེའི་ཚེ་དེ་འདིར་མེད་པས་ཇི་ལྟར་རྒྱུའི་བྱེ་

བྲག་ལས་འབྲས་བུའི་བྱེ་བྲག་ཏུ་མི་འགྱུར་ཞེས་བྱ་བའི་བསམ་པ་ནི་རྒྱུའི་བྱེ་བྲག་ལས་འབྲས་བུའི་བྱེ་བྲག་ཏུ་མི་འགྱུར་བ་མ་ཡིན་ནོ་ཞེས་གང་ལས་ཡིན་ཞེ་ན། བདག་ཉིད་ཅི་ལྟ་བ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །གཉིས་ག་ཡང་འདི་དག་གི་འབྲས་བུར་ཚད་མས་མཐོང་བ་ཡིན་ནོ་ཞེས་བྱ་བ་བསྟན་

པ་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིམ་པའི་གོང་བུ་ལ་སོགས་པ་དག་ལས་བྱུང་བའི་བུམ་པ་རྒྱུ་དུ་མ་ཡིན་དུ་ཟིན་ཀྱང་དུ་མའི་ངོ་བོར་མི་འགྱུར་རོ། །ཚོགས་པ་གཞན་གྱིས་བསྐྱེད་པ་མ་ཡིན་པས་ཐ་མི་དད་པའི་ངོ་བོ་འདི་དཔེ་བརྗོད་པའི་ཕྱིར་རོ། །དེ་ལ་ཚོགས་པ་གཞན་གྱིས་བསྐྱེད་པ་ནི་རེ་

ཞིག་ཐ་དད་པར་བསྟན་པ་ནི་འཇིམ་པའི་གོང་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་འཇིམ་པའི་གོང་བུ་དང་རྫ་མཁན་དང་སྐུད་པ་མ་ཚོགས་པའི་རང་བཞིན་ནི་རྒྱུ་གཞན་པ་དང་ལྷན་ཅིག་པས་སོ་ཕག་ལ་སོགས་པའི་མཚན་ཉིད་གཞན་གྱིས་བསྐྱེད་པས་དངོས་པོ་ཐ་དད་པའི་འབྲས་བུ་རྣམས་

སྒྲུབ་པ་ཡིན་ནོ། །ཚོགས་པའི་མཚན་ཉིད་མི་མཐུན་པ་དེ་དག་གིས་བུམ་པའི་བདག་ཉིད་སྐྱེད་པ་དེ་བཞིན་དུ་རྫ་མཁན་ལ་སོགས་པ་ལ་ལྟོས་པ་མེད་པ་འཇིམ་པའི་གོང་བུ་དེ་ལས་གཞན་སྐྱེད་པའི་ཤིང་ལ་སོགས་པ་མཚན་ཉིད་མི་མཐུན་པའི་ཉེ་བར་ལེན་པ་ལས་བྱུང་བས་སའི་བདག་ཉིད་ཀྱི་

เล่ม ๑๘๙ · หน้า 240a

འབྲས་བུ་སྐྱེ་བ་མཐོང་ངོ་། །རྫ་མཁན་ལ་སོགས་པ་དང་ལྷན་ཅིག་པས་ཀྱང་དེའི་བདག་ཉིད་ཀྱི་བུམ་པ་དེའི་རྒྱུས་བྱས་པའི་བྱེ་བྲག་ནི་འཇིམ་པའི་གོང་བུ་འབའ་ཞིག་ལས་ཐ་དད་པའི་ངོ་བོས་དེའི་འབྲས་བུ་སོ་ཕག་ལ་སོགས་པ་དང་མཚན་ཉིད་མི་མཐུན་པ་བྱེད་དོ། །དེ་

ལྟར་རྫ་མཁན་ལ་སོགས་པས་ཀྱང་གཞན་གྱི་ཉེ་བར་ལེན་པའི་ལྷན་ཅིག་བྱེད་པའི་དངོས་པོས་འབྲས་བུ་བྱེད་པ་གང་ཡིན་པ་དེ་ནི་མཚན་ཉིད་མི་མཐུན་པ་ཉིད་འཇིམ་གོང་དང་ལྷན་ཅིག་ཏུ་དེའི་རྒྱུས་བྱེད་པའི་བྱེ་བྲག་ཅན་དག་བུམ་པའི་བདག་ཉིད་ཀྱི་འབྲས་བུ་སྐྱེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་

ལ་འཇིམ་པའི་གོང་བུ་ལས་ཐ་དད་པའི་རང་བཞིན་བུམ་པ་ལས་གཞན་པའི་ཉེ་བར་ལེན་པའི་རྒྱུ་དེ་ནི་འཇིམ་པའི་ངོ་བོ་མ་ཡིན་པ་ཤིང་ལ་སོགས་པ་དེ་རྣམས་ལས་འབྱུང་ངོ་། །རྫ་མཁན་དང་འཇིམ་པའི་གོང་བུའི་ཉེ་བར་ལེན་པའི་བྱེད་པ་ཕུལ་དུ་བྱུང་བ་ལ་ལྷན་ཅིག་བྱེད་པའི་དངོས་པོས་ཉེ་བར་སྦྱོར་བས་བུམ་

པ་དེ་ཉིད་ཀྱི་འཇིམ་པའི་གོང་བུའི་ཉེ་བར་ལེན་པས་སའི་བདག་ཉིད་ཡིན་པ་དེ་ཉིད་དབྱིབས་ཀྱི་བྱེ་བྲག་ཆུ་འཛིན་པ་ལ་སོགས་པའི་རྣམ་པ་དེའི་བདག་ཉིད་ཀྱིས་དེ་ལས་གཞན་པ་གང་དག་འཇིམ་པའི་གོང་བུ་དེ་ལས་གཞན་པའི་རྒྱུ་མཚན་དང་ཉེ་བར་ལེན་པའི་རྒྱུ་ལྷན་ཅིག་ཏུ་སོ་ཕག་ལ་སོགས་པ་

ནི་དེ་དག་ལས་ཐ་དད་པའི་ངོ་བོར་འགྱུར་ཏེ། སྐུད་པ་ལས་ནི་འཇིམ་པའི་གོང་བུ་དང་རྫ་མཁན་གྱི་རྒྱུས་བྱས་པའི་བྱེ་བྲག་ལས་བུམ་པ་དེ་ཉིད་སའི་དབྱིབས་ཀྱི་བྱེ་བྲག་ནི་འཇིམ་པའི་གོང་བུ་ལ་རྫ་མཁན་དག་དེ་སྐྱེད་པའི་ངོ་བོ་ཡིན་པའི་ཕྱིར་བུམ་པའི་ངོ་བོར་རིགས་སོ། །དེ་དག་ཀྱང་སྐུད་པའི་རྒྱུས་

བྱས་པའི་བྱེ་བྲག་དེ་དག་ལ་མི་ལྟོས་པའི་གནས་སྐབས་ཐ་དད་པའི་བདག་ཉིད་འཁོར་བ་ལ་སོགས་པ་ལས་རྣམ་པར་ཕྱེ་ཞིང་རྣམ་པར་དཔྱད་པའི་རང་བཞིན་དུ་འགྱུར་རོ། །དེའི་ཕྱིར་རྒྱུ་རྣམ་པ་གསུམ་དུ་གནས་པ་ལས་སྐྱེ་བའི་བུམ་པ་དེ་ལས་གཞན་པ་རེ་རེའི་འབྲས་བུ་དང་གཉིས་པའི་འབྲས་བུ་

ཐ་དད་པའི་ངོ་བོ་སྐྱེད་པའི་ཕྱིར་ཚོགས་པ་ཐ་དད་པས་ཐ་དད་པའི་རྒྱུ་ཉིད་ཕན་ཚུན་མི་མཐུན་པའི་ངོ་བོར་འགྱུར་རོ། །དེས་ན་ཉེ་བར་སྦྱོར་བའི་འབྲས་བུའི་རང་བཞིན་གྱི་བྱེ་བྲག་མ་འཁྲུལ་པར་གྲུབ་བོ། །དེ་ཡང་རེ་རེ་གནས་སྐབས་སུ་འབྱུང་བ་དེ་ནི་རྒྱུའི་བྱེ་བྲག་གི་རྗེས་སུ་འགྲོ་བ་དང་ལྡེག་པའི་རྗེས་སུ་

เล่ม ๑๘๙ · หน้า 240b

བྱེད་པ་དེས་ཆ་ཤས་ཀྱིས་སྐྱེད་པ་ནི་མེད་དོ། །དེ་དག་རེ་རེའི་སྐྱེད་པ་ཉིད་ཀྱང་དངོས་པོ་ཉིད་དེ་རེ་རེའི་རིགས་མི་མཐུན་པའི་རྒྱུ་གཞན་དང་ཉེ་བ་ལས་མཐོང་ལ་དེ་དང་ཉེ་བ་ལས་བྱེ་བྲག་མཐོང་བའི་ཕྱིར་དེ་སྐྱེའོ་ཞེས་བྱ་བ་འདི་ནི་དེ་ཁོ་ན་ཉིད་སེམས་པས་རྣམ་པར་དཔྱད་པ་ཡིན་ནོ། །གང་གི་ཕྱིར་འབྲས་

བུའི་བྱེ་བྲག་དོན་དུ་གཉེར་བ་རྒྱུ་དུ་མ་ཡོངས་སུ་བཟུང་བ་བྱས་ནས་ཕན་ཚུན་ཕན་འདོགས་པར་བྱེད་པ་བརྒྱུད་པའི་འབྲས་བུ་ལ་མི་སླུ་བ་ནི་འབྲས་བུ་སྐྱེད་པར་འོས་པའི་རྒྱུའི་ཚོགས་པའི་དངོས་པོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཚོགས་པའི་བྱེ་བྲག་ལས་བྱེ་བྲག་ཏུ་གྱུར་པའི་སོ་ཕག་དང་

འཁོར་ལོས་རྣམ་པར་ཕྱེ་བའི་བུམ་པ་སྟེ། དེས་རྣམ་པར་ཕྱེ་བ་ནི་བུམ་པའི་མཚན་ཉིད་འབྲས་བུར་འགྱུར་རོ། །དེའི་ཕྱིར་དེ་ལྟར་བཤད་པས་རྫ་མཁན་ལས་ནི་འཇིམ་པའི་གོང་བུ་སྤངས་པ་དེ་ནི་ཚོགས་པ་གཞན་པའི་ནང་དུ་འདུས་པའི་འཇིམ་པའི་ངོ་བོ་མ་ཡིན་ཏེ། འབྲས་བུ་འགའ་ཞིག་

འཇིམ་པའི་གོང་བུའི་རྒྱུས་ཕན་བཏགས་པའི་བདག་ཉིད་ཁོ་ན་དེ་དང་བྱེ་བྲག་ཏུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཇིམ་པ་འབའ་ཞིག་ནི་མ་ཡིན་ཏེ། དེ་དང་དེའི་ཚོགས་པ་ལས་ཕྱི་རོལ་དུ་གྱུར་པའི་དབྱིབས་ཀྱི་བྱེ་བྲག་རྫ་མཁན་གྱི་ཉེ་བར་ལེན་པས་ཕན་བཏགས་པར་བྱས་པ་ཉིད་ཀྱིས་འཇིམ་པའི་དབྱིབས་

ཀྱི་བྱེ་བྲག་གི་བདག་ཉིད་ཀྱི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཚོགས་པའི་བྱེ་བྲག་ལས་འབྲས་བུའི་བྱེ་བྲག་ཏུ་འགྱུར་བའི་དཔེ་བསྟན་ནས་ལྷན་ཅིག་བྱེད་པ་ཉིད་དུ་མས་ཀྱང་དུ་མའི་བདག་ཉིད་དུ་འགྱུར་བ་སྤངས་པར་སྟོན་པ་ནི། དེ་ཉིད་ཀྱི་བུམ་པ་ཞེས་བྱ་བ་སྨོས་ཏེ། འཇིམ་པ་དང་རྫ་མཁན་

གཉིས་ལྷན་ཅིག་བྱེད་པ་དག་ཕན་ཚུན་ཕན་འདོགས་པར་བྱེད་པའི་བདག་ཉིད་གང་གིས་ནུས་པའི་བྱེ་བྲག་ནི་རྐྱེན་གཞན་དང་ལྷན་ཅིག་པའི་གནས་སྐབས་བྱེ་བྲག་ཅན་དུ་རུང་བ་དེའི་ཡུལ་དེ་ནི་གནས་སྐབས་གཞན་པའི་ཡུལ་ཐ་དད་པར་གྱུར་ཀྱང་ཇི་ལྟར་དེ་གཞན་ལས་ཐ་དད་པ་དེ་ལྟར་ངོ་བོ་ནི་ཐ་དད་པ་

མེད་དོ། །འབྲས་བུའི་རང་གི་ངོ་བོ་ཡང་དུ་མ་ཉིད་དང་གཅིག་པ་ཉིད་མ་ཡིན་ཏེ། དེ་རྣམས་ཀྱིས་བསྐྱེད་པའི་འཇིག་པ་དང་དབྱིབས་ཀྱི་བྱེ་བྲག་གི་བདག་ཉིད་དེ་བཞིན་གྱི་ཚོགས་ལས་སྐྱེ་བས་ཐ་དད་པའི་ཕྱིར་ཐ་དད་པའོ། །གལ་ཏེ་དེ་གཞན་ལས་ཡིན་པ་བཞིན་དུ་རང་གི་ངོ་བོ་ལ་ཐ་དད་པ་མེད་དོ་ཞེས་

เล่ม ๑๘๙ · หน้า 241a

ཇི་ལྟར་ཤེས་པར་བྱ་ཞེ་ན། འཇིམ་པ་དང་དབྱིབས་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྫ་མཁན་དང་འཇིམ་པ་དེའི་གནས་སྐབས་སུ་འབྱུང་བའི་ནུས་པའི་བྱེ་བྲག་གི་ཡུལ་འཛིན་པ་དང་དབྱིབས་དག་གི་བྱེ་བྲག་གི་བདག་ཉིད་དེ་ནི་གཞན་ལས་

ཡིན་པ་བཞིན་དུ་རང་གི་ངོ་བོ་དག་ཀྱང་ཐ་དད་པ་དེའི་ཚེ་འཇིམ་པ་དང་དབྱིབས་ཕན་ཚུན་བདག་ཉིད་མ་ཡིན་པ་ཕན་ཚུན་སྤངས་པའི་བདག་ཉིད་ཀྱི་རྒྱུས་དབྱིབས་ཀྱི་ཁྱད་པར་དང་འཇིམ་པའི་ངོ་བོ་དང་དབྱིབས་ཀྱི་བྱེ་བྲག་ནི་དེ་གཞན་གྱི་ངོ་བོ་བཞིན་དུ་སྣང་བ་མེད་དོ། །གང་དང་གང་གི་རང་བཞིན་མ་ཡིན་པ་དེ་དང་

དེའི་བདག་ཉིད་ནི་རང་གི་འཛིན་པའི་ཤེས་པ་ལས་སྣང་བ་མེད་དེ་གཟུགས་དང་རོའི་ཤེས་པ་བཞིན་ནོ། །དེ་མ་ཚང་བའི་ནུས་པ་ལས་སྐྱེ་བ་ན་དེའི་ངོ་བོའི་རྗེས་སུ་བྱེད་པར་མི་རིགས་ཏེ་འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་བས་དེའི་དབང་གིས་དོན་རྣམ་པར་གཞག་པ་མེད་པར་ཐལ་བར་འགྱུར་རོ། །དེའི་

ཕྱིར་འཇིམ་པ་དང་དབྱིབས་དག་གཅིག་གི་བདག་ཉིད་ཡིན་པའི་ཕྱིར་རྒྱུ་དུ་མ་ལས་འབྲས་བུ་དུ་མའི་བདག་ཉིད་ཡིན་པའི་མ་ངེས་པ་ཡིན་ནོ། །མིག་ལ་སོགས་པ་ཐ་དད་པའི་ངོ་བོ་དག་ལྷན་ཅིག་བྱེད་པ་ལས་འབྲས་བུ་གཅིག་བྱེད་པ་འགལ་བ་ཡིན་ནོ། །དེ་དག་ཐུན་མོང་པའི་ཚོགས་པ་ཟེར་གཅིག་པས་

འབྲས་བུ་གཅིག་བྱེད་པའམ། ཐ་མི་དད་པའི་ངོ་བོས་ཐུན་མོང་མ་ཡིན་པའི་རྒྱུ་དང་འབྲས་བུར་འདོད་པ་ཡིན་ཏེ། འདི་དག་ཀྱང་ཚོགས་པ་གཅིག་པ་ལ་ལྟོས་ནས་རྒྱུ་དང་འབྲས་བུ་གཅིག་པ་ཉིད་བརྗོད་ཀྱི་དོན་དམ་པར་དེའི་ཚོགས་པའི་ནང་དུ་འདུས་པའི་རིགས་མཐུན་པའི་སྐད་ཅིག་མ་གཞན་སྐྱེད་པས་

ཚོགས་པ་གཞན་པའི་བདག་ཉིད་ཀྱིས་འབྲས་བུ་གཞན་སྐྱེད་པ་ཡིན་དུ་ཟིན་ཀྱང་ཇི་ལྟར་རྐྱེན་གཅིག་སྐྱེད་པར་བྱེད་པ་ཅུང་ཟད་ཀྱང་མེད་པ་དེ་བཞིན་དུ་རྐྱེན་དུ་མ་ཡང་སྐྱེད་པ་ཡིན་ནོ། །རྒྱུ་དུ་མ་ལས་འབྲས་བུ་དུ་མ་ཉིད་ཁས་བླངས་པ་ལ་རེས་འགའ་ཞིག་ཀྱང་གནོད་པ་མེད་དོ། །དེ་ན་འབྲས་བུ་གཅིག་

པ་ལ་ལྟོས་ནས་དུ་མར་ཐལ་བར་འགྱུར་བ་ནི་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། སྒྲུབ་པར་བྱེད་པ་ཐུན་མོང་དུ་གྲུབ་པས་བསྒྲུབ་པར་བྱ་བ་ཡིན་ནོ། །འོ་ན་ནི་འཇིམ་པ་དང་དབྱིབས་ཀྱི་བྱེ་བྲག་དག་ངོ་བོ་གཅིག་ཀྱང་ངོ་ཚ་མེད་པར་གྲངས་ཅན་ལ་སོགས་པ་རྣམས་ཐ་དད་པ་དང་ཐ་མི་དད་པ་འདོད་པ་ཇི་ལྟར་རྐྱེན་དུ་

เล่ม ๑๘๙ · หน้า 241b

མ་ལས་སྐྱེ་བ་གཅིག་ཉིད་འདི་དཔེར་འགྱུར། ཐམས་ཅད་དུ་རྫས་དང་རྣམ་གྲངས་དང་མིང་དང་མཚན་ཉིད་དང་འབྲས་བུ་དང་ཐ་དད་པས་ཐ་དད་པ་ཡིན་གྱི། ཡུལ་དང་དུས་དང་ངོ་བོ་ཐ་མི་དད་པར་འདོད་དེ་དཔེར་ན་བུམ་པ་དང་གཟུགས་ལ་སོགས་པ་དེ་བཞིན་དུ་བུམ་པ་ནི་གཅིག་དང་གཟུགས་ལ་

སོགས་པ་ནི་མང་པོ་ཞེས་བརྗོད་པ་ནི་གྲངས་སོ། །བུམ་པ་དང་གཟུགས་པ་ལ་སོགས་པ་ཞེས་བྱ་བ་ནི་མིང་ཐ་དད་པའོ། །རྗེས་སུ་འཇུག་པའི་མཚན་ཉིད་རྫས་དང་རྟག་པའོ། །ལྡོག་པའི་མཚན་ཉིད་ཐ་དད་པ་དང་སྐད་ཅིག་མའོ། །རྒྱལ་དཔོག་པས་ཀྱང་ཅུང་ཟད་ཅིག་དུས་གཞན་དུ་གནས་པའི་མཚན་

ཉིད་ཀྱང་ཐ་དད་པའོ། །བུམ་པ་ཆུ་འཛིན་པར་བྱེད་ཀྱི་གཟུགས་ནི་མ་ཡིན་ལ། གཟུགས་ཀྱི་དངོས་པོ་ལ་ཆགས་པ་ཞེས་བྱ་བ་འབྲས་བུ་ཐ་དད་དོ། །དེ་ལྟར་ཐམས་ཅད་དུ་རྫས་དང་རྣམ་གྲངས་ལ་སོགས་པ་ཐ་དད་པ་དང་ཡུལ་ལ་སོགས་པ་རྣམས་ཀྱིས་ཀྱང་ཐ་མི་དད་པའི་ཕྱིར་འཇིམ་པ་དང་དབྱིབས་དག་

འཇིམ་པ་དང་རྫ་མཁན་དག་གིས་རྣམ་པ་འགའ་ཞིག་སྐྱེད་པས་རྒྱུ་གཅིག་པ་ལ་གཅིག་ཡོད་པ་ཉིད་དོ། །ཇི་ལྟར་གཅིག་པ་དེ་བཞིན་དུ་དེ་རྣམས་ཐ་མི་དད་པའི་བདག་ཉིད་སྐྱེ་བའི་ཕྱིར་རོ། །དུ་མའི་རྒྱུ་གང་ཡིན་པ་དེ་ལས་དུ་མ་ཉིད་དེ་གང་གཅིག་པ་ཉིད་གང་ཡིན་པ་དེ་ནི་ལྷན་ཅིག་བྱེད་པས་ཐ་མི་དད་པའི་ངོ་བོ་

གཅིག་པ་ནི་རྒྱུ་གཅིག་པ་ཉིད་ཡིན་པའི་ཕྱིར་འཁྲུལ་པ་མེད་དོ་ཞེ་ན། དེ་ནི་མི་རིགས་ཏེ། རང་བཞིན་གྱིས་ཐ་དད་པར་ཁས་མི་ལེན་ན་གཞན་དུ་ན་ཐ་དད་པར་མི་འགྲུབ་པས་དུ་མ་ལས་གཅིག་པའི་འབྲས་བུ་སྐྱེད་པ་ལ་འགལ་བ་མེད་དོ། །རང་བཞིན་གྱིས་ཐ་དད་པར་ཁས་བླངས་པ་འཇིམ་པ་དང་

དབྱིབས་དག་ཐ་དད་པ་མེད་པའི་བདག་ཉིད་དེ། དབྱིབས་དང་འཇིམ་པའི་ངོ་བོའི་བྱེ་བྲག་རྣམས་དེ་དག་སྣང་བ་མེད་པ་ནི་སྤང་བར་དཀའ་བ་ཉིད་དོ། །གལ་ཏེ་རང་བཞིན་གྱིས་ཐ་དད་པ་མེད་པ་ཆོས་དང་ཆོས་ཅན་གྱི་རྣམ་གྲངས་ལ་སོགས་པ་ཐ་དད་དུ་ཟིན་ཀྱང་ཐ་མི་དད་དོ། །གཞན་གྱི་ངོ་བོ་ཐ་དད་པར་

གྲངས་ལ་སོགས་པས་ཀྱང་བདག་ཉིད་ཐ་མི་དད་པ་ལ་གནོད་པར་མི་ནུས་སོ། །རེ་ཞིག་གྲངས་ཐ་དད་པས་ནུས་པ་མེད་དེ། རྫས་གཅིག་པ་ལ་ཐ་སྙད་མང་པོ་མཐོང་བའི་ཕྱིར་རོ། །དཔེར་ན་བླ་མ་ཞེས་བྱ་བ་བཞིན་དུ་མང་པོའི་ཚིག་བརྗོད་པ་ལ་ངེས་པ་མ་མཐོང་བའི་ཕྱིར་གཟུགས་ལ་སོགས་པ་འདིར་རྒྱུ་

เล่ม ๑๘๙ · หน้า 242a

མཚན་མ་ཡིན་ཏེ། གཟུགས་ལ་སོགས་པ་རྒྱུ་མཚན་ཡིན་ན་ནི་བླ་མ་ཞེས་གཅིག་གི་ཚིག་རེས་འགའ་ཞིག་ཀྱང་མི་བརྗོད་པར་འགྱུར་རོ། །གལ་ཏེ་ཆོས་ཅན་གྱི་ངོ་བོ་བརྗོད་པ་སྲིད་པས་བརྗོད་པར་འདོད་དོ་ཞེ་ན། དེ་གཅིག་པ་ཉིད་བརྗོད་པར་འདོད་པ་ཐམས་ཅད་དང་།

བླ་མ་དག་མི་སྣང་བ་ཡིན་པར་ཐལ་བར་འགྱུར་རོ། །འབྲུ་ཞེས་རིགས་བརྗོད་པ་ན་ཆོས་ཅན་དང་། གཟུགས་ལ་སོགས་པ་མ་བརྗོད་པས་གཉིས་ཀའི་ངོ་བོ་ཅུང་ཟད་ཀྱང་བཤད་པ་མེད་དེ། །དངོས་པོ་རྣམས་ལ་བླ་མའི་སྒྲས་བརྗོད་པའི་ཕྱིར། ཇི་ལྟར་ཆོས་ཅན་གྱི་ངོ་བོ་ལ་སྲིད་པས་གཅིག་ཏུ་

བརྗོད་པ་འདོད་པ་ཡིན་དེའི་ཕྱིར་བླ་མ་གཅིག་པུ་ཞེས་གཞི་མཐུན་པར་བསྟན་པས་རྣམ་གྲངས་པ་ཡང་གཅིག་གི་གྲངས་ཀྱི་ཡུལ་ལ་དེ་ཡང་རྣམ་གྲངས་པའི་ངོ་བོས་ཐ་དད་པ་ཡིན་ནོ། །ཇི་ལྟར་གྲངས་ཐ་དད་པས་ཐ་དད་པར་གྲུབ་པ་ཡིན། མིང་ཡང་བརྡའི་རྒྱུ་མཚན་ཅན་ཏེ། དེ་ཡང་འདོད་པ་ལ་རག་ལས་

ནས་འཇུག་པའི་ཕྱིར་གང་ལས་དོན་ཐ་དད་པ་ཡིན། གཅིག་ལ་ཡང་མིང་ཐ་དད་པ་མཐོང་ན་ཇི་ལྟར་ཐ་དད་པའི་རྒྱུ་མཚན་ཡིན། དཔེར་ན་དབང་པོ་དང་བརྒྱ་བྱིན་དང་རྩེག་མ་འཛིན་ཅེས་བྱ་བ་བཞིན་ནོ། །འདིར་ཡང་དབང་བྱེད་པ་དང་བརྒྱ་སྟེར་བ་དང་། རྩེག་མ་འཛིན་པའི་ནུས་པ་ཐ་དད་པར་རྟོགས་སོ་ཞེ་

ན། མ་ཡིན་ཏེ། ཐམས་ཅད་བྱ་བ་དང་བྱེད་པ་པོ་མ་ཡིན་པའི་ཕྱིར། དབང་སྟེར་བ་དང་། བརྒྱ་སྟེར་བར་ནུས་སོ་འཛིན་ཏོ་ཞེས་བྱ་བ་མ་ཡིན་ནོ། །དེ་ལྟ་ན་ཅི་ཞིག་ཡིན། ཆོས་ཅན་གྱི་ངོ་བོ་ཡང་གཅིག་ཏུ་ཁས་བླངས་པའི་ཕྱིར་དང་། ནུས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་དེ་བརྗོད་པ་ན་གཞི་

མཐུན་པ་མཐོང་བའི་ཕྱིར་རོ། །འཁྲུལ་པའི་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་ཉེ་བར་བཏགས་པ་མི་རིགས་སོ། །གང་དག་གི་རྣམ་གྲངས་ཀྱི་དོན་འགའ་ཡང་རྗེས་སུ་རྟོགས་པ་མེད་ན་འདི་དེ་ལ་ཅི་ཞིག་བརྗོད་པར་བྱ། མཚན་ཉིད་ཐ་དད་པའི་གཏན་ཚིགས་ཀྱང་མ་གྲུབ་པའི་ཕྱིར་དང་། གཅིག་

གི་དངོས་པོ་ལ་ལར་རྗེས་སུ་འགྲོ་བར་གྲུབ་པ་མེད་པའི་ཕྱིར་རོ། །དེ་ལྟ་ན་གཏན་དུ་གནས་པའི་རྟག་པས་རྫས་རྟག་པ་མ་ཡིན་པར་ངོ་ཚ་མེད་པར་འདོད་དེ། ཡོངས་སུ་གྱུར་པའི་རྟག་པ་ཁས་བླངས་པའི་ཕྱིར་སྔ་མ་དང་ཕྱི་མའི་སྐད་ཅིག་མའི་རྒྱུན་ཏུ་གནས་པ་འདི་རྣམ་གྲངས་པ་ལྟ་བུ་ནི་མ་ཡིན་ཏེ། རྒྱུན་ཆད་

เล่ม ๑๘๙ · หน้า 242b

པའི་ངོ་བོས་རྣམ་གྲངས་པ་ཉིད་དེ། རྣམ་གྲངས་པའི་ངོ་བོ་འགལ་བའི་ཕྱིར་རྫས་རྟག་པ་ཡིན་ནོ་ཞེས་ཁས་བླང་བར་མི་བྱའོ། །འདི་ཡོངས་སུ་གྱུར་པའི་རྟག་པ་ནི་གཏན་དུ་གནས་པའི་རྟག་པ་བཞིན་དུ་སྲིད་པར་མི་འགྱུར་རོ། །རྣམ་གྲངས་ལས་ཐ་དད་པའི་རྫས་མ་གྲུབ་ལ་དེ་དམིགས་པའི་རིག་བྱར་གྱུར་པ་

ལས་དེ་ལྟ་བུའི་གཅིག་པ་མི་རྟོགས་སོ། །རྣམ་གྲངས་པ་རྣམས་ནི་བྱ་བ་དང་བྱེད་པ་ངོ་བོ་མཚུངས་པ་རྣམས་ལ་རྫས་སུ་མངོན་པར་ཞེན་ནས་བློ་དམན་པ་རྣམས་ཀྱིས་གཞན་ཡང་མཚན་ཉིད་མི་མཐུན་པ་མི་རྟོགས་སོ། །འབྲས་བུ་ཐ་དད་པ་ནི་ཁོ་བོ་ཅག་ལ་མ་གྲུབ་པ་ཉིད་དེ། གཟུགས་ལ་སོགས་པ་

འགའ་ཞིག་གི་བྱ་བ་དང་བྱེད་པ་ཡིན་པའི་ཕྱིར། དེ་བཞིན་དུ་ཁས་བླང་བར་བྱ་བར་བརྗོད་དོ། །འབྲས་བུ་ནི་དུས་མཉམ་པ་དང་མི་མཉམ་པ་རྣམ་པ་གཉིས་ཏེ་དེ་ལ་སྔར་ཡོད་པ་ལས་འདི་འབྱུང་བ་ནི་ཐ་དད་པའི་རྒྱུ་མཚན་ཡིན་ན་དེ་ནི་མི་སྲིད་དེ། ཆོས་དང་ཆོས་ཅན་དུས་མཚུངས་པའི་ཕྱིར་རོ། །དུས་མཉམ་

པ་འབྲས་བུ་ཐ་དད་པ་ནི་མ་ངེས་པ་ཡིན་ཏེ་རྣམ་པར་ཕྱེ་བའི་ཡོངས་སུ་གྱུར་པ་ནི་སྣམ་བུ་ལ་སོགས་པ་ལ་སྲིད་པའི་ཕྱིར་རོ། །འབྲས་བུ་གཅིག་པ་ཉིད་དུ་བརྗོད་ཀྱི་དོན་དམ་པར་དེའི་ཚོགས་པའི་ནང་དུ་འདུས་པའོ། །སྣམ་བུ་ལ་སོགས་པ་ནི་རྣམ་པར་ཕྱེ་བའི་ཡོངས་སུ་གྱུར་པ་ཡིན་ནོ། །འབྲས་བུ་དུ་མ་བྱེད་པ་མཐོང་

ཡང་ཆོས་ཅན་གྱི་ངོ་བོ་ལས་ཐ་དད་པ་མེད་པའི་ཕྱིར་དང་། གཅིག་ཏུ་མི་བྱེད་པ་ལ་འགལ་བ་མེད་པའི་ཕྱིར། འདིར་རྒྱུ་ཉིད་འབྲས་བུའི་བདག་ཉིད་དུ་ཁས་མ་བླངས་པའི་ཕྱིར་རོ། །གང་གི་ཕྱིར་རྒྱུ་གཅིག་གི་བདག་ཉིད་ལས་འབྲས་བུ་གཅིག་གི་བདག་ཉིད་དུ་ཁས་ལེན་པ་ན། དེ་ལས་གཞན་པའི་

ངོ་བོ་མེད་པས་དེ་གཞན་གྱི་བདག་ཏུ་ཁས་བླང་བར་མི་བྱ་སྟེ། འོན་ཀྱང་སྔར་འགའ་ཞིག་ཡོད་པ་ཉིད་ལ་སྔར་མེད་པའི་ཕྱིར་རོ། །དེ་ལ་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་གཅིག་ལ་གཅིག་ཉེ་བར་ལེན་པས་བྱས་པའི་ངོ་བོ་ཐ་དད་པ་རྣམས་དང་ཉེ་བའི་བྱེ་བྲག་ཅན་རང་དང་གཞན་པའི་སྐད་ཅིག་མ་

རེ་རེར་ཡོད་པ་ན་ཡོད་པ་དེ་རྒྱུ་མཚན་ཡིན་ལ། དེ་ཡང་དུ་མར་བྱེད་པར་རྗེས་སུ་བྱེད་པའི་ཕྱིར་རོ། །དུ་མ་བྱེད་པར་ཁས་བླངས་པ་ལ་འགལ་བ་མེད་དོ། །གང་གི་ཕྱིར་གཅིག་བྱེད་པ་ཡང་དེ་ཡོད་པ་ཡོད་པ་དེ་རྒྱུ་མཚན་ཡིན་ལ། དེ་ཡང་དུ་མ་བྱེད་པར་མཚུངས་སོ། །འོ་ན་ནི་དེ་དང་ཉེ་བའི་རྣམ་པར་ཤེས་པའི་

เล่ม ๑๘๙ · หน้า 243a

མཚན་ཉིད་ཀྱི་འབྲས་བུ་སྲིད་པ་དེ་སྐྱེད་པའི་རང་བཞིན་ཁོ་ནར་དེ་དག་ངེས་པ་ཡིན་ནོ། །འབྲས་བུའི་རང་བཞིན་ལ་ལྟོས་ནས་རྒྱུ་སྐྱེད་པར་བྱེད་པར་རྣམ་པར་འཇོག་པ་དེའི་ཕྱིར་རྣམ་པར་ཤེས་པའི་རང་བཞིན་རེ་རེ་དག་གིས་ཇི་ལྟར་གཞན་འབྲས་བུ་སྐྱེད་པ་ཡིན། ཡང་ན་དེ་ཡོད་ན་

དེ་དག་སྐྱེད་པའི་རང་བཞིན་དུ་འགྱུར་ན། དེས་ཀྱང་རྣམ་པར་ཤེས་པ་ཁོ་ན་བྱེད་པར་མི་འགྱུར་ཏེ། དེ་གཞན་སྐྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་ཉེས་པ་མེད་དེ། དེ་དག་དུ་མའི་འབྲས་བུ་བྱེད་པ་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེའི་གནས་སྐབས་སུ་རེ་རེའི་བྱེ་བྲག་གིས་རིགས་

མཐུན་པ་དང་ཅིག་ཤོས་ཀྱི་སྐད་ཅིག་མ་སྐྱེད་པའི་བདག་ཉིད་དུ་དེ་དག་དེ་ཡོད་པ་ལས་མཐོང་བའི་ཕྱིར་རོ། །དེ་ལ་རྣམ་པར་ཤེས་པ་སྐྱེད་པའི་རང་བཞིན་ཁོ་ན་ཡིན་པའི་ཕྱིར་དེ་སྐྱེད་པའི་རང་བཞིན་རྒྱུན་མི་འཆད་དོ། །དེ་ཉིད་དང་མི་མཐུན་པའི་ཕྱིར་རང་བཞིན་གཞན་སྐྱེད་པ་མ་ཡིན་ནོ། །དེས་ན་དེ་དག་

དུ་མའི་བདག་ཉིད་དུ་མི་འགྱུར་ཏེ། གཅིག་གི་བདག་ཉིད་དུ་ཕུལ་དུ་བྱུང་བའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་གཞན་ལ་ལྟོས་ནས་མི་མཐུན་པ་ལས་ལྡོག་པ་ལ་ཉེ་བར་བརྟེན་པ་ལ་སྒྲ་དུ་མས་བརྗོད་པ་ན་དངོས་པོ་དུ་མའི་ངོ་བོར་བསྟན་པ་ནི་མེད་དེ། བྱེ་བྲག་དུ་མ་གཅིག་པའི་བདག་ཉིད་ལ་དེ་བཞིན་

བརྗོད་པའི་ཕྱིར། དཔེར་ན་གཟུགས་དང་བསྟན་དུ་ཡོད་པ་དང་ཐོགས་པ་དང་བཅས་པ་ཞེས་བྱ་བ་བཞིན་དུ་རང་བཞིན་ཐ་དད་པའི་རྒྱུ་མཚན་ནི་སྒྲ་མ་ཡིན་ཏེ་གཞི་མཐུན་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེའི་རྒྱུ་མཚན་གཅིག་པ་ཡོད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་དག་གཅིག་

པ་ཉིད་ཀྱི་ཕན་འདོགས་པ་ལ་མི་ལྟོས་པ་ནི་མི་རིགས་པའི་ཕྱིར་རམ་ལྟོས་པ་ལ་ཇི་ལྟར་གཅིག་པ་ལས་དུ་མའི་འབྲས་བུར་མི་འགྱུར། གལ་ཏེ་དུ་མ་ཉིད་ཀྱི་བདག་ཉིད་ཉེ་བར་མི་རིགས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་གཞི་མཐུན་པ་མེད་པའི་སྐྱོན་དེའི་གནས་སྐབས་སུ་ཐལ་བར་འགྱུར་བ་མེད་དོ། །སྔོན་

པོ་ལ་སོགས་པ་ལ་བདག་ཉིད་ཐ་དད་པ་མངོན་སུམ་གྱིས་མཐོང་བ་མེད་ལ། འབྲས་བུ་ཐ་དད་པས་དེ་དག་ཐ་དད་པར་རྗེས་སུ་དཔག་ན་ནི་འབྲེལ་པ་མེད་པའི་ཕྱིར་དང་། དེ་འཛིན་པའི་ཚད་མ་མེད་པའི་ཕྱིར་རོ། །སྔོན་གྱི་འབྲས་བུ་མ་ཡིན་དུ་ཟིན་ཀྱང་དངོས་པོ་རྣམས་བདག་ཉིད་གཅིག་པ་ཁོ་ནར་རྟོགས་ཏེ་

เล่ม ๑๘๙ · หน้า 243b

མར་མེ་ལ་སོགས་པ་བཞིན་ནོ། །རྗེས་སུ་དཔག་པ་ནི་མ་ཡིན་ཏེ། དེ་བཟློག་པ་ལ་ཡང་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང་། གཅིག་གིས་དུ་མ་བྱེད་པར་ཁས་བླངས་པ་གང་ཡིན་པ་གཟུགས་དང་རོ་དང་དྲི་དང་རེག་བྱའི་བྱེ་བྲག་རྣམས་འདི་ལ་ལར་ལྷན་ཅིག་འབྱུང་བར་ངེས་པའི་ཚད་མས་དེ་

ཡོངས་སུ་མཐོང་བར་མི་འགྱུར་ཏེ་ཐ་དད་པའི་རྒྱུ་མཚན་ཅན་ལྷན་ཅིག་འབྱུང་བར་ངེས་པ་མི་རིགས་པའི་ཕྱིར་རོ། །དེའི་རྒྱུ་མཚན་རྣམས་ཀྱང་རྒྱུ་གཅིག་པ་དེ་ལ་རག་ལས་ནས་སྐྱེ་བར་ངེས་པ་ནི་ལྷན་ཅིག་འབྱུང་བ་མེད་པའི་ཕྱིར་རོ། །གལ་ཏེ་ཆོས་ཅན་གཅིག་གི་རང་བཞིན་གྱིས་གཅིག་ལ་ལྷན་ཅིག་འབྱུང་

བར་ངེས་སོ་ཞེ་ན། མ་ཡིན་ཏེ་གཅིག་པ་ནི་དུ་མའི་རང་བཞིན་ཁོ་ནར་བསམས་པའི་ཕྱིར་དང་། དུ་མ་ནི་གཅིག་གི་ངོ་བོ་ཉམས་སུ་མྱོང་བའི་ཕྱིར་དེ་དང་ལྡན་པའི་དུ་མ་ནི་སྤང་བར་དཀའ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཆོས་དང་ཆོས་ཅན་གྱི་ཐ་དད་པ་ཇི་ལྟར་ངེས་པར་འགྱུར། དེ་ལྟར་ན་བདག་ཉིད་ཀྱི་མདུན་

ན་གནས་པ་ལ་འདི་ཆོས་ཅན་དང་རྣམ་གྲངས་སོ་ཞེས་རྣམ་པར་གཞག་པར་འགྱུར་ཏེ། གང་གི་ཚེ་ཐ་དད་པ་དེའི་ཚེ་ཐ་དད་པ་ཉིད་ཡིན་ན་ནི་དུ་མས་ཀྱང་འབྲས་བུ་གཅིག་ཏུ་མི་འགྱུར་ན། ཕན་ཚུན་ཕན་འདོགས་པར་བྱེད་པ་ལ་མི་ལྟོས་ན་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པས་ལྷན་ཅིག་པ་ཁོ་ནས་འབྲས་བུ་

གཅིག་རྩོམ་པ་མི་རིགས་ཏེ། གཅིག་པ་ཉིད་ནི་ཅུང་ཟད་ཅིག་ལ་ལར་སྐྱེད་པ་མེད་དོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་ཐམས་ཅད་ཀྱི་དངོས་པོ་རྒྱུན་ཆད་པར་འགྱུར་རོ། །གཅིག་པས་དུ་མ་དང་དུ་མས་གཅིག་བྱེད་པ་སྤངས་པ་ན་རྣམ་པ་གཞན་ནི་མི་སྲིད་པའི་ཕྱིར་དང་། སྣ་ཚོགས་རྒྱུ་མེད་པ་ཉིད་ཀྱང་མ་ཡིན་

ཏེ་ཡུལ་དང་དུས་དང་རང་བཞིན་སོ་སོར་ངེས་པའི་ཕྱིར་རོ། །དེའི་ཕྱིར་ཚོགས་པ་གཅིག་ལ་རག་ལས་པའི་སྐྱེ་བ་ཉིད་ལྷན་ཅིག་འབྱུང་བར་ངེས་པའི་དངོས་པོ་རྣམས་འབྲས་བུ་གཅིག་བྱེད་པར་ངེས་པ་ཁོ་ན་ཡིན་ནོ། །དེ་བས་ན་རང་གི་རྒྱུན་གྱི་སྐད་ཅིག་མ་དང་ཅིག་ཤོས་ཀྱི་ཉེ་བར་ལེན་པ་ཅིག་ཅར་བྱེད་པ་

ཡིན་ནོ། །ཇི་ལྟར་གཅིག་ལས་དུ་མའི་འབྲས་བུར་མི་འགྱུར། དེའི་ཕྱིར་ཇི་ལྟར་འབྲས་བུ་ཐ་དད་པས་ཐ་དད་པར་བརྟག་པ་ཡིན། རྫས་དང་རྣམ་གྲངས་དག་ངོ་བོ་གཅིག་པར་བརྗོད་ན་གཅིག་པས་དུ་མའི་འབྲས་བུ་ནུས་པའི་ཕྱིར་ཇི་ལྟར་མི་སྐྱེད་པ་ཡིན། རང་བཞིན་ནི་དངོས་པོ་ཡིན་པའི་ཕྱིར་རོ། །

เล่ม ๑๘๙ · หน้า 244a

དེ་ལྟ་མ་ཡིན་ན་དེ་ནི་རང་བཞིན་མེད་པར་ཐལ་བར་འགྱུར་རོ། །རང་བཞིན་གཅིག་པའི་རྫས་དང་རྣམ་གྲངས་དེ་འབྲས་བུ་ཐ་དད་པ་དངོས་པོ་ནི་གཅིག་དང་འབྲེལ་པ་ཡིན་ནོ་སྙམ་ནས། འབྲས་བུ་ཐ་དད་པས་ཐ་དད་པར་བརྗོད་པ་ན། འདི་ནི་ངོ་ཚ་མེད་པར་བསལ་བས་སྤང་བར་

འོས་པ་ཡིན། བྱེ་བྲག་པ་རྣམས་ཀྱང་རྫས་གཅིག་པའི་རྫས་དང་། ཡོན་ཏན་དང་ལས་དང་འདུ་བའི་རྒྱུར་བརྗོད་པ་ན། ལས་ནི་གཅིག་ལ་འབྲེལ་པའི་བྱེ་བྲག་གི་འདུ་བྱེད་པའི་རྒྱུ་མཚན་ཅན་གཅིག་པ་དུ་མ་བྱེད་པ་སྤོང་བ་ན་རང་གིས་བྱས་པ་ལ་ཞེ་སྡང་བས་སྤོང་བ་ཡིན་ནོ། །འདིར་ནུས་པ་ཐ་དད་

པ་ནི་རྒྱུ་མཚན་མ་ཡིན་ཏེ། གང་གི་ཕྱིར་དེ་གཅིག་པ་ལ་མི་ལྟོས་ན་ཇི་ལྟར་དེ་ནུས་པ་ངེས་པའི་དོན་ལ་བརྟེན་ནས་སླར་ཆ་ཤས་མེད་པ་གསལ་བར་བྱེད་པ་ཡིན། གང་ལས་གཅིག་པའི་བདག་ཉིད་ཕུལ་དུ་བྱུང་བས་དུ་མའི་ནུས་པ་ལ་ཕན་འདོགས་པ་དེ་ཁོ་ན་ལས་འབྲས་བུ་དུ་མ་བྱེད་པ་ཡིན་ནོ་ཞེས་བྱ་

བ་རྒྱས་པར་བརྗོད་པས་ཆོག་གོ། །ཡུལ་དང་དུས་དང་རང་བཞིན་ཐ་མི་དད་པར་ཁས་བླངས་པ་དེ་ཡང་མི་འཐད་པ་ཉིད་དེ། དེ་ལྟ་ན་ཡུལ་དང་དུས་དག་ཐ་མི་དད་ཀྱང་གཟུགས་དང་རོ་དང་དྲི་དང་རེག་བྱ་རྣམས་རྣམ་གྲངས་པའི་ངོ་བོས་ཐ་དད་པ་དེའི་ཕྱིར་ཇི་ལྟར་རང་བཞིན་ཡང་ཐ་མི་དད་པར་གྲུབ། གང་

གི་ཚེ་རྫས་དང་རྣམ་གྲངས་དག་ཀྱང་གཅིག་ལ་རྗེས་སུ་འཇུག་པ་དང་ལྡོག་པའི་ངོ་བོ་ཡིན་པ་དེའི་ཚེ་བུམ་པ་དང་སྣམ་བུ་བཞིན་དུ་དངོས་པོ་གཉིས་སུ་འགྱུར་གྱི་གཅིག་གི་ངོ་བོ་ནི་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ཐ་མི་དད་པར་གྲུབ་པ་ཡིན། རྗེས་སུ་འཇུག་པ་དང་ལྡོག་པའི་ངོ་བོར་མི་རིགས་

ཏེ། དེ་དག་རྗེས་སུ་འཇུག་པ་ཅན་དང་། ལྡོག་པ་ཅན་ལ་རག་ལས་པའི་ཕྱིར་དང་། དེའི་ཕྱིར་རྗེས་སུ་འཇུག་པ་དང་ལྡོག་པ་དང་ལྡན་པ་དག་གི་རང་བཞིན་ལས་གཞན་དུ་ན་བརྗོད་པར་བྱའི། དེ་དག་རྗེས་སུ་འཇུག་པ་དང་ལྡོག་པ་ཉིད་རང་བཞིན་ཡོད་པ་ཉིད་ཀྱིས་ཡོད་པ་ལ་རག་མི་ལས་པའི་ཕྱིར་

རོ། །དྲན་པ་དྲན་པར་བྱེད་པ་རང་བཞིན་དུ་མི་འགྱུར་ཏེ་ཁྱབ་པ་དང་ལྡོག་པའི་རང་བཞིན་གྱི་མཚན་ཉིད་ཡིན་པའི་ཕྱིར་རང་བཞིན་ཐ་དད་པར་བརྗོད་པར་བྱའོ། །གལ་ཏེ་ས་ལ་སོགས་པའི་ངོ་བོར་རང་བཞིན་ཡིན་ནོ་ཞེ་ན། འདིར་ཡང་ཐ་མི་དད་དོ་ཞེས་བྱ་བ། གང་གི་ཚེ་འདྲ་བར་བརྗོད་ན་དེ་ནི་ཐ་དད་པ་ཁོ་ན་

เล่ม ๑๘๙ · หน้า 244b

ཡིན་ཏེ། འདྲ་བའི་དབང་དུ་བྱེད་པས་འདྲ་བའི་ཕྱིར་རོ། །དེའི་ཕྱིར་དོན་གཉིས་སུ་འགྱུར་ན་གཅིག་ལ་ངོ་བོ་གཉིས་ནི་མེད་དོ། །འོན་ཏེ་གཅིག་ནི་གཉིས་ཀྱི་ངོ་བོ་སྤངས་པ་དེ་ཐ་མི་དད་པར་ཁས་ལེན་ན་དེ་ལྟ་ན་ཇི་ལྟར་གཟུགས་དང་སྒྲ་ངོ་བོ་གཉིས་འདིར་རང་བཞིན་དུ་བརྗོད་པ་ཡིན། དེའི་གཅིག་

པ་ཇི་ལྟར་གཉིས་ཀྱི་ངོ་བོ་ཡིན། གཅིག་གི་རང་བཞིན་དེ་བཀག་པས་གཉིས་ཀྱི་ངོ་བོ་ཡིན་ནོ་སྙམ་ན། འོན་ཏེ་རང་བཞིན་གཅིག་པ་ཡང་ཁས་མ་བླངས་པས་དེ་ལྟ་ན་ཇི་ལྟར་དེ་གཅིག་ཏུ་བརྗོད་པ་ཡིན། རེ་ཞིག་དུ་མ་རྣམས་རྒྱུ་གཅིག་ལས་སྐྱེ་བའི་ཕྱིར་ཐམས་ཅད་དུ་ཉེ་བར་ལེན་པའི་རྒྱུ་མཚན་

གྱི་བྱེད་པ་ཐ་དད་པས་རྒྱུ་ཐ་དད་པར་མི་འགྲུབ་སྟེ། འབྲས་བུ་གཅིག་བྱེད་པ་མ་ཡིན་པའི་ཡང་ཕྱིར་རོ། །གཅིག་ཀྱང་ཡོངས་སུ་འགྱུར་བའི་རྣམ་པར་དབྱེ་བ་དང་རྣམ་པར་མ་ཕྱེ་བའི་ཡོངས་སུ་འགྱུར་བས་འབྲས་བུ་ཐ་དད་པར་ཁས་བླངས་པའི་ཕྱིར་རོ། །རྗོད་པར་བྱེད་པ་གཅིག་པས་བརྗོད་པར་བྱ་བ་

གཅིག་པའི་ཕྱིར་ཡང་གཅིག་པ་ལ་རྣམ་གྲངས་དུ་མ་མི་སྲིད་པའི་ཕྱིར་དང་། བྱས་པ་དང་མ་བྱས་པ་སྣ་ཚོགས་པའི་རུང་བ་རྣམས་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་གཅིག་པ་ཉིད་ལ་ལར་མི་སྲིད་པའི་ཕྱིར་རོ། །ནུས་པ་ཐ་དད་པ་ཡུལ་ཐ་དད་པར་བརྗོད་པ་ན་ལན་བཤད་ཟིན་ཏོ། །རྣམ་པར་ཤེས་པ་གཅིག་

གི་ཡུལ་མ་ཡིན་པའི་དང་རེ་རེ་ལ་ཡང་རྣམ་པར་ཤེས་པ་དུ་མ་སྐྱེ་སྟེ། དེ་ལྟ་ན་ཟླ་བ་ལ་སོགས་པ་ལ་མང་པོས་མཐོང་བ་ན་དེ་ཇི་ལྟར་གཅིག་པ་ཉིད་དུ་ཁས་བླང་བར་བྱ་བ་ཡིན། མང་པོ་རྣམས་ཀྱང་རྣམ་པར་ཤེས་པ་གཅིག་གི་ཡུལ་ཡིན་པར་སྲིད་པས་སྔོན་པོ་ལ་སོགས་པ་རྣམས་གཅིག་ཏུ་ཐལ་བར་འགྱུར་

རོ། འདི་ལྟར་གཅིག་གཉིས་ཀྱི་ངོ་བོ་ཡིན་ནོ་ཞེས་བྱ་བ་འདི་དག་ནི་ཐམས་ཅད་དུ་རྣམ་པ་འགའ་ཞིག་ཀྱང་འབྲེལ་པ་མེད་དོ། །རྣམ་པར་ཤེས་པ་ཡང་སྔོན་པོའི་གཟུགས་བརྙན་ལས་སྐྱེས་པ་ན་སེར་པོར་སྣང་བ་རྣམ་པར་བཅད་ནས་བྱེ་བྲག་ཅན་དུ་སྣང་བ་ཡིན་གྱི་འདི་ཡང་ཁྱོད་ཀྱི་གཉིས་ཀྱི་ངོ་བོར་ནི་མེད་

དོ། །འོན་ཏེ་རྫས་དང་རྣམ་གྲངས་དག་ཀྱང་ལྷན་ཅིག་འདྲེས་པའི་ཕྱིར་མིའི་སེང་གེ་བཞིན་དུ་གཅིག་པ་འདྲེན་མའི་ངོ་བོ་ཡིན་པའི་ཕྱིར་གཉིས་ཀྱི་ངོ་བོར་བརྗོད་དོ་ཞེ་ན། དེ་མི་རིགས་ཏེ། མིའི་སེང་གེ་འདྲེན་མའི་ངོ་བོར་མ་གྲུབ་སྟེ། རྡུལ་ཕྲ་རབ་དུ་མ་དང་འབྲེལ་པའི་ངོ་བོར་ལྷན་ཅིག་པ་དེ་ཡང་རྡུལ་

เล่ม ๑๘๙ · หน้า 245a

ཕྲ་རབ་རེ་རེ་མིའི་སེང་གེའི་ངོ་བོར་མི་འགྱུར་ཏེ། དེའི་སྟེང་གི་ཆ་ནི་སེང་གེའི་གཟུགས་ཡིན་ལ་འོག་གི་ཆ་ནི་མིའི་གཟུགས་ཡིན་ན་རིགས་གཞན་དེ་ཉིད་མིའི་སེང་གེ་ཡིན་པས་འདྲེན་མའི་ངོ་བོ་མེད་དོ། །སྣ་ཚོགས་པའི་ངོ་བོ་ནི་འདྲེན་མར་བརྗོད་དོ། །སྣ་ཚོགས་པ་ནི་དུ་མའི་

ངོ་བོ་ཡིན་ཏེ་དུ་མའི་ངོ་བོ་ཡིན་ན་གཅིག་གི་ངོ་བོ་ག་ལ་ཡིན། དུ་མ་ཉིད་དེ་དག་ཀྱང་ནགས་དང་དཔུང་ཞེས་བྱ་བ་བཞིན་དུ་མང་པོ་རྣམས་ལས་འབྲས་བུ་གཅིག་པ་མཐོང་བའི་ཕྱིར་གཅིག་གི་ཐ་སྙད་དུ་བྱེད་དོ། །བླུན་པོ་བློ་ཞན་པ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་དག་དེ་ལྟར་རེ་ཞིག་རྒྱུས་སོ་སོ་བ་ཉིད་དུ་ཡུལ་དང་

དུས་དང་རང་བཞིན་རྣམས་གཅིག་སྒྲུབ་པར་བྱེད་པ་ཚོགས་པ་རྣམས་ཀྱང་རྣམ་གྲངས་པ་ལ་འཁྲུལ་པ་ཡིན་ནོ། །དེ་ལྟ་ན་རྣམ་གྲངས་ནི་ཡུལ་དང་དུས་དང་རང་བཞིན་དག་རྣམ་གྲངས་པའི་ངོ་བོས་ཐ་དད་པར་སྔར་བཤད་པ་དང་། ཆོས་དང་ཆོས་ཅན་བཀག་པས་གཉིས་དང་ལྡན་པ་མི་སྲིད་པའི་ཕྱིར་རོ། །

རྫས་དང་རྣམ་གྲངས་ངོ་བོའི་ཕྱིར། །དངོས་པོ་གཉིས་ཀྱི་ངོ་བོར་གྲགས། །དེ་དག་བདག་ཉིད་གཅིག་པ་དང་། །ཐ་དད་མིང་སོགས་ཀྱིས་འབྱེད་པས། །དབང་པོ་ཡི་ནི་ཤེས་པ་ལ། །དངོས་པོའི་ངོ་བོ་མི་སྣང་བ། །སྒྲ་ཡི་སྤྱོད་ཡུལ་མིན་ན་ཅིས། །དེ་མིང་ཐ་དད་ཐ་དད་འགྱུར། །དོན་དམ་པར་ནི་

གཅིག་པ་ཉིད། །ཅེས་བྱ་ལ་སོགས་དེ་བཞིན་གསུངས། །སྒྲ་ཡི་བྱེད་པའི་དོན་དག་ནི། །དབང་པོའི་བློ་ལ་སྣང་མེད་ཕྱིར། །མཐོང་བ་བཞིན་དུ་དེ་ཡི་སྒྲ། །རྟོགས་པ་ཡི་ནི་སྤྱོད་ཡུལ་ལོ། །གལ་ཏེ་རྟགས་དེས་ཐ་དད་ཉིད། །མིང་གིས་ཐ་དད་འགྱུར་ཞེ་ན། །འགའ་ཞིག་ལྡོག་པའི་ཐ་དད་པ། །

དངོས་པོ་ལ་ནི་རྣམ་འགགས་མིན། །གྲངས་ཐ་དད་ཀྱང་གཞན་འདོད་པའི། །ཚིག་ལས་ཐ་དད་མེད་ཕྱིར་རོ། །དེ་ཕྱིར་བརྟགས་པ་ཉིད་ཀྱང་ནི། །རྣམ་འགས་ཐ་དད་པར་འགྱུར་གྱི། །གང་དག་གི་ཚིག་དངོས་པོའི་དབང་། །ཞེས་བྱ་སོགས་ཀྱིས་དངོས་ལ་མིན། །འཇིག་པ་མེད་པ་ལྡོག་

མེད་པ། །ལྡོག་པ་འཇིག་པར་བརྗོད་པ་ཡིན། །རྫས་ཀྱི་རྣམ་གྲངས་འཇིག་པ་ན། །འཇིག་ན་བདག་མིན་ཅིས་མི་འདོད། །གལ་ཏེ་རྣམ་གྲངས་ངོ་བོ་ཞེས། །རྫས་ཀྱི་རང་བཞིན་ཉིད་ཡིན་ནོ། །ཅི་དེ་གཞན་པའི་ངོ་བོར་འགྱུར། །གལ་ཏེ་མིན་ན་དེ་བཞིན་འཇིག །ཇི་ལྟར་རྫས་དག་གནས་

เล่ม ๑๘๙ · หน้า 245b

པ་ལས། །ཕྱིས་བྱུང་དེ་ཡང་དེ་བདག་གམ། །འགལ་བའི་ཆོས་ནི་གནས་པ་ན། །རྣམ་གྲངས་སུ་ཞིག་ཅི་ཞིག་འགྱུར། །གང་ཕྱིར་དེ་ལ་བརྟག་པ་ཡི། །ཐ་དད་ངོ་བོར་གལ་ཏེ་འདོད། །གལ་ཏེ་རྣམ་གྲངས་ཐ་དད་དངོས། །རྫས་ཀྱི་ངོ་བོས་འགྱུར་ཞེ་ན། །དེ་འདི་ཐ་དད་མེད་གྱུར་པ། །འདི་

ལ་འབྲེལ་པ་མེད་ཉིད་ཡིན། །རྫས་དང་རྣམ་གྲངས་རང་བཞིན་དག །གཅིག་པ་ཉིད་དུ་ཁས་ལེན་ན། །གཅིག་ལས་སྐྱེ་དང་མི་སྐྱེ་དང་། །འཇིག་དང་མི་འཇིག་ཐལ་བར་འགྱུར། །དེའི་ཕྱིར་མཚན་ཉིད་ཐ་དད་པས། །དེ་དག་ཐ་དད་ཉིད་མི་འགྱུར། །གལ་ཏེ་འབྲས་བུ་ཐ་དད་པས། །རང་

བཞིན་དེས་ཐ་དད་འགྱུར་ན། །རང་བཞིན་ཐ་དད་མེད་གྱུར་དེས། །ཐ་དད་མེད་ན་དེ་བཞིན་དུ། །རང་བཞིན་ཁོ་ནས་ཐ་དད་པས། །ཅིས་ན་ཐ་དད་གྲགས་མི་འགྱུར། །ཕྱིས་འབྱུང་འབྲས་བུ་ཐ་དད་པས། །དེ་ཡི་ཐ་དད་བྱེད་པ་མིན། །རང་བཞིན་འགྱུར་བ་མེད་པའི་ཕྱིར། །འཇིག་པའི་རྒྱུ་ནི་མི་རིགས་

སོ། །གཅིག་དེས་ཐ་དད་མེད་པ་ན། །དེའི་དངོས་པོ་ཡང་དེ་བཞིན་ནོ། །དེ་དག་གི་ནི་ཐ་དད་རྣམས། །གང་གིས་དབྱེར་མེད་ཐ་དད་འགྱུར། །གལ་ཏེ་དེ་དག་ཐ་དད་གྲུབ། །ཐ་དད་དོན་ལ་བརྟག་ཅེ་ན། །དེ་ཡང་གཞན་གྱི་རང་བཞིན་དུ། །གང་དེ་ཐ་དད་མེད་གྲུབ་པའི། །གཞན་གྱི་རང་བཞིན་

བརྟག་ན་ནི། །དེ་བཞིན་ཐུག་པ་མེད་པར་འགྱུར། །མཐའ་ཡས་པ་ཡི་རང་བཞིན་ཉིད། །དོན་བྱེད་ནུས་ལས་བྱུང་བ་ཡི། །ཤེས་ལ་སྣང་བ་མེད་པ་ལ། །གང་གི་དེ་བཞིན་ཁས་ལེན་འགྱུར། །གལ་ཏེ་གཅིག་ངེས་དབྱེར་མེད་འགྱུར། །ཐ་དད་མེད་པས་དབྱེར་མེད་ན། །དེ་ནི་གཅིག་ལས་ལྡོག་

མེད་ཕྱིར། །ཐ་དད་པ་ཉིད་རྣམ་པར་ཉམས། །ཐ་དད་མེད་ཡོངས་མ་སྤངས་པར། །ཐ་དད་རྟོག་པས་བྱས་པར་འགྱུར། །དེ་ནི་བདེན་པར་ཡོད་གྱུར་ན། །ཐ་དད་མེད་དོན་བརྫུན་པར་འགྱུར། །ཕན་ཚུན་མེད་པའི་ངོ་བོ་རྣམས། །གཞན་མིན་པ་ཡི་རྒྱུ་ཅན་ཡིན། །གང་ཕྱིར་གཅིག་པའི་དངོས་

དེའི་ཕྱིར། །གཅིག་ལ་གཉིས་པའི་ངོ་བོ་མེད། །ཕན་ཚུན་མེད་པའི་ངོ་བོ་ཡང་། །རྣམ་གྲངས་ཡིན་ན་ཐ་དད་མེད། །རྫས་ནི་འཇིག་པའམ་མི་འཇིག་འགྱུར། །དེ་ལྟར་དེ་ནི་གཞན་ཞིག་ཡིན། །གཏན་དུ་གནས་པའི་རྟག་པའི་རྫས། །ཐ་དད་སྐད་ཅིག་མས་འཇིག་པར། །ཅིས་ན་མི་

เล่ม ๑๘๙ · หน้า 246a

འདོད་འགལ་ཞེ་ན། །ཐ་དད་མཚན་ཉིད་འདོད་བྱ་མིན། །དེ་འདོད་ཅི་ཡི་ཕྱིར་ན་སྤྱི། །གསལ་བ་ཀུན་གྱི་རྗེས་འགྲོ་བ། །གཅིག་འདོད་ན་ནི་མ་དང་ཡང་། །ཆུང་མ་ཅིས་ན་གཅིག་མི་འདོད། །ཐ་དད་ཐ་དད་མེད་པའི་སྐྱོན། །བཤད་ཟིན་དེ་དག་འདོད་ན་གང་། །ཇི་

ལྟར་སོ་སོར་ཐལ་མི་འགྱུར། །དེ་ནི་ཇི་ལྟར་གཉིས་འགྱུར་མིན། །བུ་རམ་བད་ཀན་རྒྱུར་འགྱུར་ལ། །དོང་གྲ་མཁྲིས་པའི་རྒྱུ་ཡིན་ཞེ། །དེ་ཡི་རྩ་བའམ་གཞན་སྦྱར་འདི། །བུ་རམ་དོང་གྲའི་མིང་ཅན་ཡིན། །མངར་ཀུན་གྱིས་ནི་བད་ཀན་གྱི། །རྒྱུ་མིན་དཔེར་ན་སྦྲང་རྩི་བཞིན། །དཔེར་ན་མ་ག་དྷཱ་

ཅན་བཞིན། །རྣོ་བའང་མཁྲིས་པ་སྐྱེད་པ་མིན། །སོ་སོ་ཉེ་བར་གྱུར་པ་གང་། །མ་ཤའི་སྣུམ་དང་རྣོ་བ་ཡིས། །བད་ཀན་མཁྲིས་པ་སྐྱེད་པ་བཞིན། །རང་གི་བདག་འདྲེས་ཅི་མི་འདོད། །ནུས་ལ་ལྟོས་པའི་འབྲས་ཡིན་ན། །ཡོན་ཏན་ཙམ་དང་འབྲེལ་པ་ནི། །འགའ་ཞིག་ཅུང་ཟད་ཉིད་

ཡིན་གྱི། །དེ་ནི་ཀུན་ལ་ཡོད་པ་མིན། །ཐ་དད་ཐ་མི་དད་ཙམ་གྱིས། །སྐྱོན་གང་ཇི་ལྟར་འབྱུང་བ་ཡིན། །འགལ་བ་ཉེ་བར་འགྱུར་བའི་སྐྱོན། །དེ་ནི་སྐྱེ་བར་གྱུར་ན་ཡང་། །དེ་ནི་དེ་བདག་ཉིད་གྱུར་པ། །མི་འདོད་ལྡོག་པར་མི་འགྱུར་ན། །དེ་ལྟ་དེ་ལྟར་དབྱིབས་དག་ནི། །ཆ་ཤས་ཉིད་ནི་སྣང་གྱུར་

པ། །དེ་བཞིན་འགའ་ཞིག་ཀྱང་མ་ཡིན། །ཆ་ཤས་སྣང་བ་མེད་པའི་ཕྱིར། །དེ་ཡང་སྒྲ་གཅིག་གིས་བརྗོད་པའི། །རྣམ་འགས་ཐ་དད་མེད་པ་མེད། །རང་གི་མཚན་ཉིད་ཤེས་པ་ལ། །སྒྲ་ཡི་དོན་ནི་སྣང་བ་མེད། །སྒྲ་དག་གིས་ནི་དེ་ཉིད་ལ། །མི་གསལ་བ་ཡི་ངོ་བོར་རྟོགས། །དེ་ཕྱིར་

ཐ་དད་དབྱེར་མེད་རྟགས། །གང་གིས་འདི་དག་ལྷན་ཅིག་འགྱུར། །ཆ་མེད་པ་ཡང་དུ་མ་ཡི། །ཐ་དད་ཡུལ་སྦྱོར་ཇི་ལྟར་འདོད། །གལ་ཏེ་རྟོགས་སོ་ཞེ་ན་ནི། །སྐད་ཅིག་འཇིག་པར་ཉམས་མྱོང་བའི། །རྣམ་གྲངས་པ་ནི་རྟོགས་པ་ལ། །གནས་པ་འཛིན་པར་ག་ལས་འདོད། །ཚད་མ་གཞན་

གྱིས་ཡིན་ཞེ་ན། །དེ་འདིར་གནོད་པ་བྱེད་པར་མཚུངས། །གཅིག་ཡིན་ན་གཞན་གཞན་མིན་ཕྱིར། །ཐ་དད་ཐ་དད་མེད་བརྗོད་དག །ཕན་ཚུན་དེ་དག་ཐ་དད་པར། །དེས་ན་ཆོས་དང་ཆོས་ཅན་ནི། །དེ་དག་ཀྱང་ནི་ཐ་དད་འགྱུར། །གལ་ཏེ་གང་གི་བདག་ཉིད་དེས། རྣམ་གྲངས་རྫས་དེ་ཡིན་སྙམ་

เล่ม ๑๘๙ · หน้า 246b

ན། །གལ་ཏེ་ཐ་དད་དེས་བདག་ན། །ཐ་དད་ལྡན་པའི་མཚན་ཉིད་གྱུར། །གཅིག་པ་གཉིས་ཀྱི་ངོ་བོ་མིན། །རྫས་དང་རྣམ་གྲངས་ངོ་བོ་ལས། །འགའ་ཞིག་འདིར་ནི་གཞན་ཡོད་མིན། །རང་བཞིན་གང་ཡིན་རྒྱུ་མཚན་གྱུར། །དེ་དག་གཅིག་པ་ཉིད་དུ་བཏགས། །དེ་ཕྱིར་དེ་དག་ཐ་དད་མེད། །

རང་གི་བདག་ཉིད་ཉམས་པར་ཐལ། །དེ་ཐ་དད་ཀྱང་དེ་དག་ཡིན། །ཞེ་ན་གང་ཚེ་བདག་ཉིད་གང་། །ཆོས་དང་ཆོས་ཅན་དེ་འམ་གཞན། །གལ་ཏེ་ཐ་དད་དེ་བདག་ན། །ཐ་དད་ཉིད་དམ་དེ་ལ་ཡང་། །དེ་ལས་གཞན་དུ་ཡོངས་སུ་བརྟགས། །དེ་དག་ཐ་དད་མེད་གྲུབ་ཕྱིར། །སྔ་མ་བཞིན་དུ་ཐལ་

བར་འགྱུར། །དེ་ནི་དེ་དབང་ཡིན་པའི་ཕྱིར། །ཆོས་ཅན་བཞིན་དུ་དེ་འགྱུར་རོ། །དེ་གཞན་དེ་བཞིན་རྟོགས་མེད་པ། །དེས་ན་རྒོལ་ངན་བརྗོད་འདི་བརྟགས། །ལས་ཀྱི་ནུས་པ་རྣམས་ཀྱིས་ཀྱང་། །ཆ་ནི་མེད་པར་གནས་པ་ན། །གང་ལ་མངོན་པར་ཞེན་པའི་དངོས། །སྲོག་ཆགས་རྣམས་

ཀྱི་བདེ་སྡུག་སོགས། །ལས་རྣམས་ཀྱིས་ནི་བསྐྱེད་པ་དེ། །དེ་དག་ཉིད་ལས་ཚད་མེད་པར། །ཕན་ཚུན་ཅན་ལ་ལྟོས་ཡོད་པ། །དེ་བཞིན་ལུས་ནི་གནས་པ་ཡིན། །ཞེས་མང་དུ་བརྗོད་པས་ཆོག་གོ། །དེ་ལྟར་འཇིམ་པ་དང་དབྱིབས་དག་གཅིག་པའི་རང་བཞིན་ཡིན་པ་དེ་ནི་རྣམ་པ་འགས་

ཐ་དད་པ་མི་སྲིད་པའི་ཕྱིར་ལྷན་ཅིག་བྱེད་པ་རྣམས་ཀྱང་འབྲས་བུ་དུ་མ་ཡིན་ནོ་ཞེས་བྱ་བ་འདིར་དཔེར་གྱུར་པ་ནི་འདི་ཡིན་ནོ། །འདི་བྱེ་བྲག་པའི་འདོད་པའི་དོགས་པ་བསུ་བ་ནི་ཡོན་ཏན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱིབས་ནི་ཆ་ཤས་ཀྱི་བཀོད་པ་ཡིན་པར་བརྗོད་དེ། དེ་ཡང་ལྡན་པའི་

མཚན་ཉིད་ཡིན་པའི་ཕྱིར། ཡོན་ཏན་གྱི་ངོ་བོ་ཡིན་ནོ། །དེའི་ཕྱིར་འཇིམ་པའི་རྫས་ལས་གཞན་པ་ཉིད་དེ་རྫས་དང་དབྱིབས་ནི་མ་འདྲེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་གང་གི་ཚེ་འཇིམ་པའི་གོང་བུ་ནི་འཇིམ་པའི་བདག་ཉིད་བྱེད་པ་ཡིན་ལ། དེ་ཡང་རྫ་མཁན་གྱིས་ནི་དབྱིབས་ཀྱི་

བྱེ་བྲག་བྱེད་པར་བརྗོད་པ་དེའི་ཚེ་དེ་དག་ཤིན་ཏུ་ཐ་དད་པས་རྒྱུ་དུ་མ་ཉིད་ལས་འབྲས་བུ་དུ་མ་ཉིད་འཐོབ་བོ། །གྲུབ་པའི་མཐའ་སྨྲ་བས་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་སོ། །འཇིམ་པ་དང་དབྱིབས་རང་བཞིན་ཐ་དད་པ་ལས་འཇིམ་པ་དང་། དབྱིབས་དག་ཕན་ཚུན་བདག་ཉིད་ཅན་མ་ཡིན་ཞེས་བྱ་བ་

เล่ม ๑๘๙ · หน้า 247a

ལ་སོགས་པའི་སྐྱོན་བཤད་ཟིན་ཏོ། །དབྱིབས་ལས་འཇིམ་པའི་རྫས་གཞན་པ་ནི་མ་ཡིན་ཏེ། དེའི་ཕྱིར་འཇིམ་པའི་གོང་བུ་ཉེ་བར་ལེན་པ་ཕུལ་དུ་བྱུང་བས་བྱས་པ་དེའི་འབྲས་བུའི་མཚན་ཉིད་ལ་རྫ་མཁན་ནི་ལྷན་ཅིག་བྱེད་པ་ཡིན་ལ། །དེའི་ཉེ་བར་ལེན་པའི་

བདག་ཉིད་ཀྱིས་བྱས་པ་དེའི་འབྲས་བུའི་མཚན་ཉིད་ལ་འཇིམ་པའི་གོང་བུ་ནི་ལྷན་ཅིག་བྱེད་པ་སོ་སོ་བའམ། མ་ལུས་པ་ཉིད་ལས་འཇིམ་པའི་དབྱིབས་ཀྱི་བདག་ཉིད་ཀྱི་འབྲས་བུ་བྱེད་པའི་ཕྱིར་རྒྱུ་དུ་མ་ལས་ཀྱང་འདི་དུ་མ་ཉིད་མ་ཡིན་ནོ། །འདིར་གཏན་ཚིགས་ལྷག་པ་བཤད་པ་ནི་གཞན་ཡང་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པར་གཏོགས་པའི་དབྱིབས་གང་ཡིན་པ་དེ། གང་གི་ཚེ་དེ་འཇིམ་པ་ལས་འཇིམ་པ་ཐ་དད་པར་གྱུར་པ་དེའི་ཚེ་རྫ་མཁན་གྱིས་ཅིའི་ཕྱིར་ལོགས་ཤིག་ཏུ་མི་བྱེད་ཐ་དད་པ་ནི་གདོན་མི་ཟ་བར་ལོགས་ཤིག་ཏུ་མི་བྱེད་པ་མ་ཡིན་ནོ། །རྫ་མཁན་གྱི་རྗེས་སུ་

འགྲོ་བ་དང་ལྡོག་པ་དག་གིས་དེ་དབྱིབས་ཀྱི་རྒྱུར་རྟོགས་པར་བྱ་བའི་ཕྱིར་དེ་ལོགས་ཤིག་ཏུ་བྱེད་པར་འགྱུར་རོ། །གཞན་ཡང་གལ་ཏེ་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་རྫས་ལ་བརྟེན་པའི་ཡོན་ཏན་ལྡན་པ་མ་ཡིན་པ་ལྡན་པའི་རྣམ་པར་དབྱེ་བ་རྣམས་རྒྱུ་མ་ཡིན་པ་ལ་མི་ལྟོས་པ་ཞེས་བྱ་བ་ལ་

ཡོན་ཏན་གྱི་མཚན་ཉིད་ཐམས་ཅད་དུ་ཡོན་ཏན་ནི་རྫས་ཀྱི་གཞན་གྱི་དབང་ཡིན་པས་དེ་ཇི་ལྟར་རེས་འགའ་ཞིག་ལོགས་ཤིག་ཏུ་བྱེད་པ་ཡིན། བྱེ་བྲག་པ་ཉིད་སངས་རྒྱས་པ་ལ་རྩོད་པར་དོགས་པ་ནི་གལ་ཏེ་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རང་བཞིན་གྱིས་དབྱིབས་

ནི་དེའི་ཡོན་ཏན་གྱི་བདག་ཉིད་ཡིན་ཏེ། བྱ་བ་དང་ལྡན་པ་ལས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་བརྗོད་པས་རྫས་དེ་ནི་རྟེན་གྱི་རང་བཞིན་ནམ། དབྱིབས་ནི་གྱོ་མོག་གི་རྣམ་པ་དེ་ལྟ་བུའོ། །དེ་ལ་རག་ལས་པ་བདག་ཉིད་ཡིན་ན་དེའི་ཚེ་རྫ་མཁན་གྱི་བྱེད་པ་ལ་ལྟོས་པ་ཅི་ཞིག་དགོས་རང་ཉིད་ཁོ་ན་ཅིའི་

ཕྱིར་མ་ཡིན་ཞེས་རྩོད་པའི་བསམ་པས་དེ་ལྟར་བྱེ་བྲག་པ་རྩོད་པར་དོགས་པ་ལ་ལན་བཤད་པ་ནི་མ་ཡིན་ཏེ་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིམ་པའི་རྫས་སུ་ཆུ་འཛིན་པར་བྱེད་པ་ལ་སོགས་པ་གང་ཡིན་པ་དེའི་དབྱིབས་དེ་དག་གི་འབྲས་བུ་དང་འབྲེལ་པ་རྟེན་པ་དང་བརྟེན་པའི་མཚན་

เล่ม ๑๘๙ · หน้า 247b

ཉིད་དོ། །དེ་ལ་རུང་བ་གང་ཡིན་པ་དེ་ནི་གཉི་ག་ཡང་ཡིན་ནོ། །དེ་རྫ་མཁན་ལས་གང་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་རྫ་མཁན་ལ་ལྟོས་པ་ཡིན་ནོ། །རྫ་མཁན་ལ་མི་ལྟོས་པའི་སྐྱོན་ནི་དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་དེ་དག་ཕན་ཚུན་འབྲེལ་པར་རུང་བ་འདི་རྫ་མཁན་ལ་ལྟོས་པ་

མ་ཡིན་ན། དེའི་ཚེ་འཇིམ་པའི་རང་བཞིན་ཁོ་ན་རྣམ་པ་དེ་ལྟ་བུ་དབྱིབས་དང་འབྲེལ་པར་རུང་བ་ཉིད་དོ། །དེ་ལ་ཡང་དངོས་པོ་ཁོ་ནར་གྱུར་པའི་དབྱིབས་དང་འབྲེལ་པར་རུང་བའི་ཆོས་ཡོད་པའི་རྫ་མཁན་དང་ཉེ་བ་ལས་སྔོན་ཡང་དབྱིབས་ཀྱི་ཁྱད་པར་དང་འབྲེལ་པར་འགྱུར་སྙམ་པའི་བྱེ་བྲག་

པའི་རྩོད་པའི་ལན་ནི་གྲུབ་པའི་མཐའ་སྨྲ་བས་དེ་ལ་ཡིན་ན་ཞེས་བྱ་བ་སྨོས་ཏེ། གང་གི་ཕན་ཚུན་འབྲེལ་པར་རུང་བ་ནི་རྫ་མཁན་ལ་སོགས་པ་དང་ལྟོས་པ་དེ་ལྟ་ཡིན་ན་འོ་ན་འཇིམ་པའི་རྫས་ཀྱི་རུང་བ་རྫ་མཁན་ལས་གྱུར་པ་འཐོབ་པ་ཡིན་ནོ། །འཇིམ་པའི་རྫས་དང་རུང་བ་འདི་གཉིས་སོ། །རང་

བཞིན་ཐ་དད་པ་དུ་མ་མ་ཡིན་པའོ། །གང་གི་ཚེ་རུང་བ་ཉིད་མ་ཡིན་པ་དེ་ནི་རྫས་ལས་ལོགས་ཤིག་ཏུ་བྱེད་པར་སྔ་མ་བཞིན་དུ་ཐལ་བར་འགྱུར་རོ། །ཡང་ན་རུང་བ་ཡིན་ན་ཡང་རྫས་ཀྱི་གཞན་དབང་ཡིན་པས་ལོགས་ཤིག་ཏུ་གྲུབ་པར་བརྗོད་པ་མ་ཡིན་ཏེ། དེའི་ཚེ་དེ་ཡང་དངོས་པོའི་ཆོས་

ཉིད་ཁོ་ནས་སྔ་མ་བཞིན་དུ་འབྲེལ་པར་མི་འགྱུར་རོ་སྙམ་ནས་རྫས་དང་ལྷན་ཅིག་འབྲེལ་པར་རུང་བ་དང་གཞན་རྫ་མཁན་ལས་བྱུང་བའི་རུང་བར་འདོད་པར་བྱའོ། །དེ་ཡང་ལོགས་ཤིག་བྱེད་པར་ཐལ་བར་འགྱུར་བས་རྫས་ལ་ཐ་དད་པའི་རང་བཞིན་དུ་ཁས་བླང་བར་མི་བྱ་སྟེ། ལོགས་ཤིག་

བྱེད་པའི་ཐལ་བ་ཡང་འགྱུར་བ་དེ་ཉིད་ཀྱིས་ལན་གདབ་པར་བྱའོ། །ཡང་དེ་ཉིད་ཀྱི་ལན་ཡིན་ན་ནི་ཐུག་པ་མེད་པར་ཐལ་བས་གདོན་མི་ཟ་བར་གྱོ་མོག་གི་བདག་ཉིད་དང་འཇིམ་པའི་རྫས་ཀྱི་རུང་བ་དག་རང་བཞིན་ཐ་མི་དད་པར་ཁས་བླང་བར་བྱའོ། །དེ་ལྟ་ཡིན་ན་ཅིར་འགྱུར་ཞེ་ན། གྲུབ་

པའི་མཐའ་སྨྲ་བས་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིམ་པའི་གོང་བུ་དང་རྫ་མཁན་དག་གི་གྱོ་མོག་གི་རྫས་དང་ལྡན་པའི་ཁྱད་པར་གྱི་འབྲེལ་པར་རུང་བ་སྐྱེད་པའི་ཕྱིར་གཅིག་གི་རང་བཞིན་ལ་ཡང་གཅིག་ལ་རྐྱེན་དུ་མས་ཁྱད་པར་དུ་བྱ་བའི་བྱེ་བྲག་ཉིད་གང་ཡིན་པ་དེ་གྲུབ་བོ། །

เล่ม ๑๘๙ · หน้า 248a

ཁོ་བོ་ཅག་གི་ཕྱོགས་དེ་ལས་ཀྱང་ཁོ་བོ་ཅག་འཇིམ་པ་དང་དབྱིབས་དག་རང་བཞིན་གཅིག་པ་ཉིད་དུ་སྒྲུབ་པ་ལ་ཤིན་ཏུ་འབད་པས་ཅི་ཞིག་བྱ། གང་གི་ཚེ་རུང་བ་ལ་བརྟེན་ན་ཡང་རྐྱེན་དུ་མས་སྐྱེད་པའི་གཅིག་པ་ཡང་དུ་མ་ཉིད་དུ་ཐལ་བར་འགྱུར་བ་འགྲུབ་སྟེ། འབྲས་

བུ་ནི་རྫས་དང་ཡོན་ཏན་དང་ལྡན་པ་སྤངས་པས་འདིར་དགོས་པ་ཅི་ཡང་མེད་ཀྱི་གཞན་པ་ཉིད་དེ་སྤོང་བར་བྱེད་པའི་ཕྱིར་ཞེས་བྱ་བ་དགོངས་པ་ཡིན་ནོ། །འབད་པར་འཛིན་པས་ཀྱང་འཇིམ་པ་དང་དབྱིབས་དག་ཕན་ཚུན་བདག་ཉིད་མ་ཡིན་པ་འདི་གཉིས་དབྱིབས་དང་འཇིམ་པའི་ཁྱད་པར་གྱི་

ངོ་བོ་དག་ཏུ་མི་སྣང་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་འཐད་པ་འདིས་སྒྲུབ་པ་ཉིད་དེ། འདིས་གཅིག་པ་ཉིད་རིགས་པ་གཞན་སྲིད་ཀྱང་དེ་རྗོད་པར་བྱེད་པའི་མཚན་ཉིད་ལ་འཐད་པ་མི་བྱེད་དེ་རང་བཞིན་གྱིས་གྲུབ་པ་ལས་གཞན་དུ་ཡང་འབྱུང་བ་ཡིན་ནོ་ཞེས་བརྗོད་དོ། །དེ་ལྟ་ན་དེ་

ནི་ཚོགས་པ་ཐ་དད་པ་ལས་ཚོགས་པ་གཞན་སྐྱེད་པས་ཐ་དད་པ་ཡིན་ནོ། །ལྷན་ཅིག་བྱེད་པ་རྣམས་དུ་མ་ལས་ཀྱང་འབྲས་བུ་གཅིག་པ་ཉིད་ལ་འགལ་བ་མེད་དེ་ཞེས་བསྟན་པའི་ཕྱིར་མཇུག་བསྡུ་བ་ནི་དེས་ན་དངོས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་རྐྱེན་གཞན་བསགས་པ་དེའི་

ཚོགས་པ་མ་ཚང་བ་ལས་ཚོགས་པ་གཞན་སྐྱེད་དོ། །དེ་ཡང་ཚོགས་པ་སྔ་མ་ལས་སྐྱེ་བས་ཐ་དད་པའི་འབྲས་བུ་གཞན་ཉིད་སྐྱེད་པ་དང་། ཚོགས་པ་གཅིག་པར་བསྟན་པ་ཡུལ་ལ་ལྷན་ཅིག་བྱེད་པ་དུ་མ་ཉིད་ཀྱང་དུ་མ་གཅིག་བྱེད་པ་ལ་འགལ་བ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པའི་

རྗེས་སུ་བྱེད་པའི་འབྲས་བུ་གཅིག་མཐོང་བའི་ཕྱིར་རང་བཞིན་གཅིག་པ་ཉིད་སྒྲུབ་པར་བྱེད་པའི་རྒྱུ་དེས་ན་ལྷན་ཅིག་བྱེད་པ་ནི་ལྷན་ཅིག་བྱེད་པའི་ངང་ཚུལ་ཅན་ཚོགས་པ་གཅིག་པའི་ནང་དུ་འདུས་པའོ། །རྐྱེན་ནི་ཚོགས་པ་གཞན་པའི་ལྷན་ཅིག་ལ་ཉེ་བར་སྦྱོར་བ་མེད་དེ་ཡུལ་གཅིག་ལ་

ཉེ་བར་སྦྱོར་བ་གང་ཡིན་པ་དེ་མ་ཡིན་ནོ། །ཚོགས་པ་གཞན་པ་ཉིད་ནི་ལྷན་ཅིག་པ་ཐ་དད་པའི་ཡུལ་ལ་ཉེ་བར་སྦྱོར་བའི་རིགས་པའི་སྟོབས་ཀྱིས་རྟོགས་སོ། །གང་སྔར་རྣམ་པར་རྟོག་པ་འདིས་གང་གི་ཚེ་བྱེད་པའི་སྒྲས་ནི་ཚོགས་པར་བརྗོད་པ་དེའི་ཚེ་ཐ་དད་པ་ཡོད་པ་དེ་ནི་ཚོགས་པ་རྣམས་

เล่ม ๑๘๙ · หน้า 248b

ལས་སྐྱེ་བ་ཡིན་ནོ། །འབྲས་བུ་ཐ་དད་པ་ཡིན་ནོ་ཞེས་བྱ་བས་ཅི་ཞིག་བརྗོད་ཅེ་ན་རྒྱུ་ཐ་དད་པས་ཐ་དད་པ་ནི་མ་ཡིན་ཏེ། འདི་དག་གི་དཔེ་བསྟན་པའི་མཇུག་བསྡུ་བའོ། །ཡང་ན་རྒྱུའི་སྒྲས་ནི་ཚོགས་པར་བཤད་པའི་ཡུལ་ལྷན་ཅིག་བྱེད་པར་བརྗོད་དོ། །དེའི་ཚེ་ཐ་དད་པས་དུ་མའི་མཚན་

ཉིད་ལས་འབྲས་བུ་དུ་མའི་མཚན་ཉིད་ཐ་དད་པར་མི་འདོད་པ་ཁོ་ན་སྟེ། དུ་མའི་བྱེད་པ་ལ་འགལ་བ་མེད་པས་གཅིག་པ་དུ་མ་ཉིད་ལས་སྐྱེ་བ་མཐོང་བའི་ཕྱིར་རོ། །འཇིམ་པ་དང་དབྱིབས་དག་བདག་ཉིད་གཅིག་པར་བསྟན་པའི་མཇུག་བསྡུ་བ་ནི་འཇིམ་པ་དང་དབྱིབས་ཀྱི་བདག་ཉིད་ཀྱི་འབྲས་

བུའི་རང་བཞིན་གཅིག་པ་ཉིད་ཀྱང་དུ་མའི་རང་བཞིན་མ་ཡིན་པ་ཡང་ངོ་། །དངོས་སུ་ནི་དོན་དམ་པར་རོ། །རྣམ་པར་རྟོག་པའི་བློ་ལ་འཇིམ་པ་དང་དབྱིབས་དག་ཐ་དད་པར་སྣང་བའི་ཕྱིར་རོ། །དེ་སྐད་དུ་ཚོགས་པ་ཐ་དད་པས་འབྲས་བུ་ཐ་དད་པ་ནི་དུ་མའི་ཚོགས་པའི་ཡུལ་ལ་རྐྱེན་ཐ་དད་པས་དུ་མའི་

འབྲས་བུ་ཡིན་པའི་དཔེ་བསྟན་པ་ནི་མིག་ལ་སོགས་པ་གང་སྐྱེད་པའི་གནས་སྐབས་སོ། །ཇི་ལྟར་ཞེས་བྱ་བ་སྨོས་པ་ནི་དཔེའོ། །རྒྱུ་ཐ་དད་པ་ནི་ཚོགས་པ་ཐ་དད་པའོ། །རྫ་མཁན་མ་ཚང་བའི་འཇིམ་པའི་གོང་བུ་དང་དེ་ལྷན་ཅིག་སྐུད་པ་དབང་དུ་བྱས་པའི་ཚོགས་པ་རྣམ་པ་གསུམ་གྱི་མཚན་ཉིད་ཐ་དད་

པ་རྣམས་རང་བཞིན་དུ་མའི་བྱེ་བྲག་རྣམས་ནི་སོ་ཕག་དང་འཁོར་ལོས་གཅོད་པ་དང་བུམ་པ་དེའི་རྣམ་པར་དབྱེ་བ་ནི་བུམ་པའི་མཚན་ཉིད་ལ་ཉེ་བར་སྦྱོར་བས་འབྲས་བུ་གཅིག་མ་ཡིན་ནོ། །འོན་ཀྱང་འབྲས་བུ་ཐ་དད་པ་ཁོ་ན་སྟེ། དེ་བཞིན་དུ་རྣམ་པ་དེ་ཉིད་ཀྱིས་མིག་ལ་སོགས་པ་ལས་མིག་གི་རྣམ་པར་

ཤེས་པ་སྐྱེ་སྟེ། ཚོགས་པ་གཞན་པའི་ཚོགས་པའི་མཚན་ཉིད་ཐ་དད་པའི་རྒྱུ་ལས་འབྲས་བུ་དུ་མ་ཡིན་པར་རིག་པར་བྱའོ། །དེ་ཉིད་རྣམ་པར་དབྱེ་བ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་མིག་གི་ངོ་བོ་སྤངས་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་བཤད་པ་ནི་རྣམ་པར་ཤེས་པའི་

མཚན་ཉིད་དེ། རྐྱེན་གཞན་ལ་ལྟོས་པ་དང་བཅས་པ་དེ་ལས་རྣམ་པར་རྟོག་པའི་རྣམ་པར་ཤེས་པའམ། ཅིག་ཤོས་དེ་ཉེ་བར་བརྟེན་ནས་རྟོགས་པའི་ངོ་བོ་དང་ཉེ་བར་དམིགས་པ་དང་བཅས་པའི་མིག་གི་རྣམ་པར་ཤེས་པ་ཡང་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་དེ་ཉིད་ཉེ་བར་དམིགས་པའི་བདག་

เล่ม ๑๘๙ · หน้า 249a

ཉིད་ཅི་འདྲ་བ་ཞིག་ཅེ་ན། དེ་ལས་བྱུང་བའི་སྐྱེ་བ་དེ་ཉིད་འབྲས་བུ་གཅིག་པ་སོ་སོར་ངེས་པ་སྟེ་མིག་གི་དབང་པོ་དང་ཉེ་བ་ལ་ལས་ནི་མཚུངས་པ་དེ་མ་ཐག་པའི་ཉེ་བར་ལེན་གྱིས་བྱས་པ་དེ་ལས་གཟུགས་འཛིན་པར་སོ་སོར་ངེས་པའི་གཟུགས་ཀྱི་རྣམ་པ་སོ་སོར་ངེས་པའོ། །

སྒྲ་ལ་སོགས་པའི་རྣམ་པས་དབེན་པ་ཉིད་ཀྱི་འབྲས་བུ་སྟེ། མིག་དང་ལྷན་ཅིག་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་ཚོགས་པ་སྐྱེད་པར་བྱེད་པའི་ཕྱིར་ཡུལ་ལ་དབང་བྱེད་པའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་དང་དབང་པོ་དེ་དང་ཡུལ་ནི་འདྲ་བའི་ངོ་བོ་ཉིད་དེ་གཟུགས་དེ་འབའ་ཞིག་པ་སྣང་

བ་ནི་འཁྲུལ་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་ཚོགས་པའི་མཚན་ཉིད་ཀྱི་འབྲས་བུ་ཁོ་ནར་བསྟན་ཏོ། །དེ་དང་གཞན་པའི་འབྲས་བུ་གཅིག་པ་དང་གཉིས་སྐྱེ་བ་ནི་རང་ཉིད་ཀྱིས་བརྟགས་པ་ནི་འདི་ཐ་དད་པ་ཡང་དངོས་པོའི་འབྲས་བུ་སྟེ། མིག་གི་རྣམ་

པར་ཤེས་པའི་མཚན་ཉིད་ཀྱི་རྒྱུ་རྣམས་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་རྣམས་ཀྱི་ངོ་བོ་འབའ་ཞིག་དེ་དག་ངོ་བོ་དེ་ལས་ཐ་དད་པ་ཉིད་དེ། དེས་བསྐྱེད་པའི་བྱེ་བྲག་རྣམས་རྟོགས་པའི་ངོ་བོ་ལ་སོགས་པའི་མཚན་ཉིད་དུ་འགྱུར་རོ། །དེའི་ཕྱིར་སྐྱེད་པར་བྱེད་པ་ལ་ལྟོས་ནས་གཅིག་གི་བདག་

ཉིད་ཀྱང་དུ་མར་བསྟན་ཏོ། །དེ་ལྟར་ན་གང་གི་ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། རྒྱུ་ཐ་དད་པ་མ་ཡིན་ཡང་ཇི་ལྟར་ཚོགས་པ་གཅིག་གི་ནང་དུ་འདུས་པའི་རྐྱེན་ཀྱང་ཐ་མི་དད་པ་དེ་བཞིན་དུ་ཚོགས་པའི་མཚན་ཉིད་ཐ་དད་ཀྱང་ཐ་མི་དད་དོ། །ཚོགས་པ་གཞན་སྐྱེས་པ་རྣམས་ཀྱི་འབྲས་བུའི་ཁྱད་

པར་ནི་འབྲས་བུ་ཁྱད་པར་ཅན་ནོ་ཞེས་བྱ་བ་དེས་གང་བརྗོད་པའོ། །གལ་ཏེ་ལྷན་ཅིག་བྱེད་པ་རྣམས་ཐ་དད་ཀྱང་འབྲས་བུ་ཐ་མི་དད་པར་འགྱུར་བ་ནི་ཚོགས་པ་ཐ་དད་ཀྱང་ཐ་མི་དད་པ་ཡོད་པ་ཡིན་ནོ། །འོན་ཏེ་ཚོགས་པ་ཐ་དད་པས་ཐ་དད་པར་འགྱུར་ཏེ། ལྷན་ཅིག་བྱེད་པ་ཐ་དད་ཀྱང་ཅིས་ན་ཐ་

མི་དད་པར་འགྱུར་བ་ཡིན། ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་བསལ་བ་ཡིན་ཏེ་དེ་ལ་ཕན་ཚུན་འདུས་པ་ལ་བརྟེན་ནས་རྐྱེན་གྱི་ཁྱད་པར་ལས་འབྲས་བུ་གཅིག་པར་བསྟན་པ་དང་གཅིག་ལ་གཅིག་གི་རྒྱུན་ལ་ཕན་འདོགས་པ་སྟེ། ལྷན་ཅིག་བྱེད་པ་སོ་སོར་ངེས་པའི་ནུས་པ་རྣམས་ལས་སྐྱེས་

เล่ม ๑๘๙ · หน้า 249b

པའི་འབྲས་བུ་གཅིག་མི་སྐྱེད་དོ། །མཚུངས་པ་དེ་མ་ཐག་པའི་འབྲས་བུ་གཞན་སྐྱེད་པར་ནུས་པ་དང་འབྲེལ་པ་རྣམས་ནི་གཞན་པ་ལས་ཡིན་ཏེ། རང་བཞིན་ཐ་དད་པ་དང་ལྡན་པ་ཡོད་པས་འབྲས་བུ་ཐ་དད་པ་སྐྱེད་པའི་ཕྱིར། གང་ལས་ཁྱད་པར་མེད་པ་ཡིན། འོ་ན་ནི་འབྲས་བུ་སྒྲུབ་པར་

བྱེད་པའི་གཞི་ནི་ཇི་ལྟར་རྟེན་པའི་ངོ་བོ་དེ་འབྱུང་བ་དག་གིས་བསྐྱེད་པ་དེ་ནི་གཞན་པ་ཉིད་ལ་བརྟེན་པ་ཡིན་ནོ་ཞེས་ཁྱེད་འདོད་པ་དེ་བཞིན་དུ་གཞན་རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་ལ་ཡང་ཡིན་ན། དེའི་ཕྱིར་འདིས་ཀྱང་རྒྱུ་ཅུང་ཟད་ཅིག་ལ་བརྟེན་པ་དང་། དེའི་རྒྱུ་སྔ་མ་ནི་སྐྱེད་པར་

བྱེད་པ་ཉིད་འབྲས་བུ་ཕྱི་མའི་རྟེན་ཉིད་དེ་སྐྱེད་པ་མ་ཡིན་པ་དེའི་ཕྱིར་དེ་ནི་ངོ་བོ་ཡིས་སྐྱེད་པ་ཡིན་ནོ་ཞེས་བྱ་བ་དེ་དག་མ་ངེས་པའི་གནས་སྐབས་སུ་འགྱུར་ཞེ་ན། རྒྱུའི་ནུས་པ་ཐ་དད་པ་དེ་དག་ཁོ་ན་ཞེས་བྱ་བ་སྨོས་ཏེ། བཤད་མ་ཐག་པའི་རྒྱུའི་ནུས་པ་ཐ་དད་པ་ནི་རྒྱུ་རྣམས་ཀྱི་ནུས་པའི་ཁྱད་པར་

རོ། །ཅི་འདྲ་བའི་བདག་ཉིད་ཇི་ལྟ་བ་དེ་དག་གི་རྒྱུའི་ནུས་པ་ཐ་དད་པ་རྣམས་ལྷན་ཅིག་བྱེད་པའི་མཚན་ཉིད་གང་གི་བདག་ཉིད་ཀྱི་ཚོགས་པས་སྐྱེད་པའི་ཕྱིར་ཁྱད་པར་ཅན་གྱི་འབྲས་བུ་དེ་སྐྱེད་པའོ། །བར་དུ་ཆོད་པ་མེད་པ་ནི་བར་དུ་གཅོད་པའམ་གགས་བྱེད་པར་མི་ནུས་པ་སྟེ་ནུས་པ་མེད་

པ་གང་གི་དངོས་པོ་དེ་དག་གི་ནུས་པ་ཆོད་པ་མེད་པའོ། །གདོན་མི་ཟ་བར་འབྲས་བུ་བྱེད་པར་ནུས་པར་ཉེ་བར་གནས་སོ་ཞེས་བཤད་དོ། །ཚོགས་པ་ཡོད་པའི་འབྲས་བུ་ནི་རྐྱེན་གཅིག་ལས་སྐྱེ་བ་ནི་རེས་འགའ་ཡང་མི་སྲིད་པས་ཐམས་ཅད་ཚོགས་པ་ཁོ་ནས་འབྲས་བུ་བྱེད་པའི་ཕྱིར་

ཚོགས་པ་འབྲས་བུའི་ངོ་བོ་ཉིད་གནས་པའི་རྟེན་ཡིན་ནོ་ཞེས་བརྗོད་དོ། །ཅིའི་ཕྱིར་ནུས་པ་ཆོད་པ་མེད་པ་ཡིན་ཞེ་ན། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མའི་ནུས་པ་ལ་གགས་བྱ་བར་མི་ནུས་སོ། །རང་བཞིན་གཞན་ལ་བརྟེན་པ་བཞིན་དུ་ཇི་སྲིད་འབྲེལ་པས་བྱེད་པ་དེ་སྲིད་དུ་སྐད་

ཅིག་མ་རང་གི་འབྲས་བུ་བྱས་ནས་འགག་པའི་ཕྱིར་རོ། །ཇི་ལྟར་དུས་མི་མཉམ་པའི་རྒྱུ་རྟེན་དུ་སྦྱོར་བ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གང་གི་ཕྱིར་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་འབྲས་བུ་དེ་དག་ཀྱང་མིག་ལ་སོགས་པའི་ངོ་བོ་མ་ལུས་པ་དག་ལས་རྟོགས་པ་

เล่ม ๑๘๙ · หน้า 250a

པ་ལ་སོགས་པ་གཞན་ལས་དེ་མ་ཡིན་པའི་ཁྱད་པར་ཅན་སྐྱེད་དོ། །རང་གི་ངོ་བོ་ལ་ཆ་ཤས་སུ་འབྲས་བུ་མི་སྐྱེད་པས་རེ་རེ་ལས་མ་ལུས་པ་ཉིད་འབྱུང་བས་གཅིག་སྐྱེད་པ་དེའི་ཕྱིར་རྟེན་དུ་བཤད་དོ། །སྐྱེད་པར་བྱེད་པ་ལས་གཞན་པ་ཉིད་ཕན་འདོགས་པར་

བྱེད་པ་ཡིན་གྱི་ཕན་འདོགས་པར་མི་བྱེད་པ་ནི་རྟེན་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་རོ། །དེའི་ཕྱིར་དུས་ཐ་དད་པ་རྟེན་པའི་དངོས་པོར་འགལ་བ་མེད་དོ། །གང་ཡང་འབྱུང་བ་རྣམས་རྟེན་པའི་ངོ་བོ་འཇུག་པར་བརྗོད་དོ། །དེ་ཡང་རང་གི་ཡུལ་འདི་སྐྱེད་པར་བྱེད་པ་ཉིད་ཡིན་ནོ་ཞེས་སྔ་

མའི་འབྱུང་བ་སྐྱེད་པར་བྱེད་པ་ནི་ཕྱི་མ་འཇོག་པའི་རྒྱུ་ཡིན་ནོ། །གང་གི་ཕྱིར་མ་ངེས་པ་ཡིན་གཞན་ཡང་དེའི་ངོ་བོ་སྐྱེད་པ་ཡིན་ནོ་ཞེས་བྱ་བ་འདིར་མ་ངེས་པར་བརྗོད་པར་གྱུར་པར་གཞན་དག་དོགས་པ་ན་གལ་ཏེ་ནུས་པ་འགོག་པ་མེད་པ་ཞེས་བྱ་བ་སྨོས་ཏེ། འགོག་པ་མེད་པ་ནི་གགས་བྱེད་

པའི་ནུས་པ་མེད་པའོ། །གང་དག་ནུས་པ་འགོག་པ་མེད་པ་དེ་ནི་འབྲས་བུ་མཇུག་ཐོགས་པ་ཡིན་པའི་ཕྱིར་གང་སྐྱེས་པའི་དུས་ལ་མི་སྡོད་པའི་འབྲས་བུ་བྱེད་པ་དེ་དག་ཀྱང་ནུས་པ་འགོགས་པ་མ་ཡིན་གྱི་སྐྱེས་པའི་མཇུག་ཐོགས་སུ་འབྲས་བུ་བྱེད་དོ། །སྐད་ཅིག་མ་འདི་ཟད་པ་ལ་གནོད་

པ་བྱེད་པ་མེད་ལ་ཕན་འདོགས་པ་སྤོང་བར་བརྗོད་པ་ནི་ཁྱད་པར་དུ་བོགས་དབྱུང་དུ་མེད་པ་དག་ཅེས་བྱ་བ་སྨོས་ཏེ། དེ་ཡང་ཁྱད་པར་བོགས་དབྱུང་དུ་མེད་པའི་སྐད་ཅིག་མ་རྣམས་ཞེས་བྱ་བ་འདིས་སྐད་ཅིག་མ་བྱེ་བྲག་ཏུ་བྱེད་པར་མི་ནུས་པའི་ཕྱིར་རོ་ཞེས་བཤད་དོ། །ཁྱད་པར་དུ་བོགས་འབྱིན་

པས་ལྷན་ཅིག་འབྱུང་བའི་མཇུག་ཐོགས་ཏེ་སྐྱེ་བའི་ཕྱིར་དང་དེའི་ཚེ་དེ་འགགས་པའི་ཕྱིར་རོ། །དེ་རྣམས་ལ་རྣམ་པ་དེ་ལྟ་བུའི་རྐྱེན་རྣམས་ཕན་ཚུན་ལྷན་ཅིག་བྱེད་པའི་དོན་ཅི་ཞིག་ཡིན་གང་གིས་ལྷན་ཅིག་བྱེད་པར་བརྗོད། འོན་ཏེ་ཁྱད་པར་བོགས་དབྱུང་དུ་མེད་པ་ཉིད་ཀྱིས་ལྷན་ཅིག་

བྱེད་པ་ཉིད་མེད་དོ་ཞེས་བསྟན་པའི་དོན་འདི་ཅི་ཞིག་ཡིན། ནུས་པ་འགོག་པ་མེད་དོ་ཞེས་བྱ་བའི་ནུས་པ་འགོག་པར་བྱེད་པའི་ལྷན་ཅིག་བྱེད་པར་བརྗོད་པ་མེད་དོ་ཞེ་ན། བདེན་ཏེ། ཐམས་ཅད་དུ་དེ་ལ་ཅུང་ཟད་ཅིག་བྱེད་པ་མེད་པར་ཤེས་པར་བྱ་བའི་དོན་དུ་འདི་དག་བཤད་དོ། །ནུས་པ་

เล่ม ๑๘๙ · หน้า 250b

ལ་གེགས་བྱེད་པ་མེད་པས་ཕན་འདོགས་པ་ཉིད་དུ་བཏགས་པའི་ལྷན་ཅིག་བྱེད་པ་ནི་འགགས་པ་དེའི་ཕྱིར་ཁྱད་པར་ཕུལ་དུ་བྱུང་བ་མི་སྲིད་པའི་ཕྱིར་རོ། །སྐད་ཅིག་མ་རྣམས་རང་གི་རྒྱུ་ཙམ་དང་འབྲེལ་པ་ཉིད་སྐྱེད་པར་བྱེད་པ་ཉིད་དེ་ཡང་རྣམ་པ་དེ་ལྟ་བུའི་ཐམས་ཅད་དུ་ཡོད་པ་འབའ་

ཞིག་སྐྱེད་པ་མ་ཡིན་ཏེ་དེའི་ངོ་བོ་སྐྱེད་པ་ཡིན་ནོ་ཞེས་བྱ་བ་མ་ངེས་པ་ཡིན་ནོ་སྙམ་དུ་སེམས་ན། འདི་དག་ཡོངས་སུ་སྤོང་པ་ནི་བོགས་འབྱིན་པ་ཉེ་བར་ལེན་པའི་ལྷན་ཅིག་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་མེད་པས་ལྷན་ཅིག་བྱེད་པར་མི་འགྱུར། གང་ལ་བོགས་དབྱུང་བའི་ཉེ་བར་ལེན་

པ་ནི་ལྷན་ཅིག་བྱེད་པར་ཡང་མི་འགྱུར་ཐམས་ཅད་དུ་ལ་ལར་ཡང་ལྷན་ཅིག་འབྱུང་བ་ཕུལ་དུ་བྱུང་བའི་ཉེ་བར་ལེན་པའི་མཚན་ཉིད་མི་སྲིད་དོ། །དེ་ལྟ་ན་ལྷན་ཅིག་བྱེད་པ་ཅི་ཞིག་ཡིན་ཞེ་ན། མང་པོ་དག་དོན་གཅིག་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་གཅིག་སྒྲུབ་པའོ། །

གང་མང་པོ་དག་ལ་ཡང་སྲིད་དེ་རིགས་པའི་སྟོབས་ཀྱིས་རྣམ་པ་དེ་ལྟ་བུ་ལྷན་ཅིག་བྱེད་པ་ཐམས་ཅད་ལ་སྲིད་པ་ནི་གཞན་མ་ཡིན་ནོ། །འདི་དཔེ་ནི་དཔེར་ན་རྒྱུའི་ཚོགས་པ་ཐ་མ་ལྟ་བུ་ཞེས་བྱ་བ་ནི་དེ་མ་ཐག་ཏུ་མྱུ་གུའི་འབྲས་བུའོ། །རྒྱུའི་ཚོགས་པ་ནི་རྐྱེན་གྱི་ཚོགས་པའོ། །འདི་དག་ནི་ཉེ་

བར་བཏགས་པར་གྱུར་ན་ལྷན་ཅིག་བྱེད་པ་འདི་དག་ཕུལ་དུ་བྱུང་བ་བསྐྱེད་པས་དངོས་པོ་ཡིན་ནོ་ཞེ་ན། འདི་ཉིད་ཅེས་བྱ་བ་སྨོས་ཏེ། འབྲས་བུ་གཅིག་བྱེད་པའི་མཚན་ཉིད་ནི་གཙོ་བོ་ཡིན་གྱི་ལྷན་ཅིག་བྱེད་པ་རྣམས་ནི་ཕུལ་དུ་བྱུང་བ་མི་བསྐྱེད་པའི་མཚན་ཉིད་དེ་ཉིད་ནི་ཕལ་པ་ཡིན་པའི་ཕྱིར་

རོ། །འདི་དག་གི་ལན་ནི་ཕྱིས་གདབ་པར་བྱའོ། །འདི་ག་ལས་ཤེ་ན། ཐ་མ་དེ་ཉིད་ཅེས་བྱ་བ་སྨོས་ཏེ། བརྗོད་པར་འདོད་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ། །རྒྱུ་ནི་ལྷན་ཅིག་བྱེད་པར་བཤད་པ་ནི་རྒྱུ་མ་ཡིན་ཏེ། གང་གི་ཕྱིར་ཅིག་ཅར་ལྷན་ཅིག་བྱེད་པ་ནི་ལྷན་ཅིག་བྱེད་པར་

བརྗོད་དེ། མཐའ་མའི་རྒྱུའི་ཚོགས་པའི་རྣམ་པ་དེ་ལྟ་བུ་ཡིན་པའི་ཕྱིར་དཔེར་ན་ཐ་མའི་དོན་གཅིག་པའི་ལྷན་ཅིག་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་སྔ་མའི་ཚོགས་པ་ལས་ཕྱི་མ་ཕྱི་མའི་སྐད་ཅིག་མ་ཁྱད་པར་ཅན་ཐ་དད་པར་ངེས་ཏེ་ཐ་མ་ཉིད་དཔེར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་མྱུ་གུ་

เล่ม ๑๘๙ · หน้า 251a

ལ་སོགས་པའི་འབྲས་བུ་ཐམས་ཅད་ཀྱི་བྱེ་བྲག་གི་མཚན་ཉིད་དུ་མའི་རྐྱེན་གྱིས་བསྐྱེད་པའི་ཕྱིར་རོ། །ཐམས་ཅད་དུ་དོན་གཅིག་བྱེད་པའི་འབྲས་བུ་འཕེལ་པ་དང་འགྲིབ་པའི་རྒྱུ་ནི་ལྷན་ཅིག་བྱེད་པའི་རྒྱུའི་ཚོགས་པ་ཉིད་དུ་ཁྱད་པར་དུ་སྐྱེད་པ་ཡིན་ནོ་ཞེས་བྱའོ། །

འདི་དག་དོན་གཅིག་བྱེད་པ་ཡང་དེ་ལ་ལྷན་ཅིག་བྱེད་པ་ཡོད་ན་ཁྱད་པར་དུ་སྐྱེད་པ་མཚན་ཉིད་ཡིན་ནོ་ཞེ་ན། སྐད་ཅིག་མ་དེ་ལ་ཞེས་བྱ་བ་སྨོས་ཏེ། ཐ་མའི་བྱེ་བྲག་ཏུ་བྱེད་པར་མི་ནུས་པ་ཉིད་ན་ལྷན་ཅིག་བྱེད་པས་ཀྱང་ཁྱད་པར་དུ་བྱེད་པ་མ་ཡིན་ནོ། །གང་ལས་ཁྱད་པར་དུ་བྱེད་པར་མི་ནུས་

ཤེ་ན། གཅིག་ལ་ཞེས་བྱ་བ་སྨོས་ཏེ། ངོ་བོ་ཉིད་གཅིག་ལ་ཆ་ཤས་དབྱེར་མེད་པ་དེ་ལ་འདི་ཁྱད་པར་དུ་མི་བྱེད་པ་ནི་ཆར་མི་བྱེད་པའོ། །རང་གི་རྒྱུ་ལས་སྐྱེས་པ་འདི་ལྷན་ཅིག་བྱེད་པས་ཁྱད་པར་དུ་བྱེད་པའི་ཕྱིར་དབྱེ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དབྱེར་མེད་པ་ལ་ཁྱད་པར་ཡོད་ན་ཅིའི་

ཕྱིར་མི་བྱེད་ཅེ་ན། ཁྱད་པར་དུ་འབྱུང་བའི་མཚན་ཉིད་ནི་ངོ་བོ་ཉིད་གཞན་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཆ་མེད་པ་ག་ལ་ཡིན་ངོ་བོ་ཉིད་གཞན་རྣམ་པར་འཇོག་པ་ན་བདག་ཉིད་ལས་གཞན་པའི་ཁྱད་པར་ཡོད་པ་ཡིན་ནོ་ཞེ་ན། ངོ་བོ་གཞན་འབྱུང་ན་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། གང་གི་ཚེ་དངོས་པོ་གཞན་པའི་མཚན་ཉིད་ཁྱད་པར་དུ་འགྱུར་བ་དེའི་ཚེ་ཐ་མའི་རྒྱུ་ཉམས་པ་ཡིན་ཏེ། གལ་ཏེ་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་ཐ་མ་མ་ཡིན་པའི་ཕྱིར་མངོན་སུམ་གྱི་རྒྱུར་མི་འགྱུར་རོ། །དེ་ལྟ་བས་ན་གང་གི་ཕྱིར་རྒྱུའི་གཙོ་བོ་ནི་ལྷན་ཅིག་བྱེད་པ་རྣམས་མ་

ཡིན་ནོ། །དངོས་སུ་ཁྱད་པར་དུ་སྐྱེད་པའི་ཕྱིར་དོན་གཅིག་བྱེད་པ་ཉིད་ལྷན་ཅིག་བྱེད་པ་ཡིན་ནོ། །འོ་ན་ནི་ལྷན་ཅིག་བྱེད་པ་རྣམས་ཁྱད་པར་དུ་སྐྱེད་པ་མི་བདེན་ན་འབྲས་བུ་སྐྱེད་པའི་ནུས་པ་དེ་དག་མི་རིགས་སོ་ཞེ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་དག་གི་ངོ་

བོ་ཉིད་ཀྱི་ནུས་པས་སྐྱེ་བ་དེ་དང་དེ་དག་ལྷན་ཅིག་བྱེད་པ་དག་གི་ནུས་པ་ལས་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །ཇི་སྲིད་ཐ་མའི་ངོ་བོ་ཉིད་ཀྱི་ནུས་པ་ནི་རྐྱེན་དང་ལྷན་ཅིག་ཏུ་སྐད་ཅིག་མ་ཙམ་ཐོགས་ནས་དེ་དག་སྐད་ཅིག་མ་གཅིག་ལ་སྐྱེད་པ་ངེས་པའི་ཕྱིར་རོ། །དེས་ན་སྔོན་དང་ཕྱི་མ་ཐ་

เล่ม ๑๘๙ · หน้า 251b

དད་པའི་ངོ་བོ་མེད་པ་གང་གི་མཇུག་ཐོགས་སུ་འབྲས་བུ་འབྱུང་ཞིང་སྐྱེད་ཀྱི་དུས་གཞན་དུ་ནི་མ་ཡིན་ནོ། །དེ་ལ་ནི་དེ་རྣམས་ལའོ། །རྣམ་པ་དེ་ལྟ་བུ་རྣམས་ལ་བྱ་བ་གཅིག་པ་ཁོ་ནའི་ལྷན་ཅིག་བྱེད་པ་ཉིད་ཡིན་གྱི་ཁྱད་པར་དུ་སྐྱེད་པའི་མཚན་ཉིད་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་ནུས་པའི་

དངོས་པོ་དང་ཕན་ཚུན་འགལ་བས་ནུས་པ་ལས་སྐྱེད་པར་ཁས་ལེན་པར་རིགས་པ་མ་ཡིན་ནོ་སྙམ་དུ་གཞན་དག་སེམས་ནས། གལ་ཏེ་ནུས་པ་དེ་དག་གང་ལས་ཞེས་བྱ་བ་སྨོས་སོ། །གྲུབ་པའི་མཐའ་སྨྲ་བས་རང་གི་རྒྱུ་དག་ལས་ཞེས་བྱ་བ་སྨོས་ཏེ། གཞན་གྱི་འདོད་པ་ལ་ལྟོས་

ནས་འདིར་ངོ་བོ་ཉིད་ཅེས་བྱ་བ་བཤད་དོ། །གཞན་དག་སྐྱེད་པ་ལ་རྒྱུ་དང་ལྷན་ཅིག་པ་རྣམས་ཀྱི་ནུས་པ་འདོད་ན་ནི་དེ་དགག་པའི་ཕྱིར་གཞན་ལ་ངོ་བོ་ཉིད་ཅེས་བརྗོད་ཀྱི་ངོ་བོ་ཉིད་ཅུང་ཟད་ཅིག་སྐྱེད་པ་མེད་དེ། དེའི་རྒྱུ་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་གཅིག་བྱེད་པར་ངེས་

པའི་སྐད་ཅིག་མ་ནི་མི་རིགས་ཏེ། མཐའ་མའི་སྐད་ཅིག་མ་འབའ་ཞིག་དང་འདྲ་བ་མཐོང་བའི་ཕྱིར་རོ། །འདི་ལྟར་འདི་ལྟ་བུའི་ངོ་བོ་དང་། འདི་ལྟ་བུའི་ངོ་བོ་མ་ཡིན་པ་ཞེས་མཐོང་བ་དང་མ་མཐོང་བ་དག་ལས་རྣམ་པར་འབྱེད་པའི་ཕྱིར་རོ། །དེ་ཞིང་ལ་སོགས་པ་ཅི་འདྲ་བ་དེ་ལ་རྐྱེན་

གཞན་དང་ཉེ་བ་ལས་ཉེ་བར་དམིགས་པས་དེ་འདྲ་བ་ཉིད་འབའ་ཞིག་དང་ཡིན་ནོ། །དེའི་ཕྱིར་དེ་ལས་གཞན་པ་དང་ལྷན་ཅིག་པ་ལྟ་བུ་འབའ་ཞིག་གི་ནུས་པ་ལས་ཀྱང་མྱུ་གུ་ལ་སོགས་པ་སྐྱེད་པ་ནི་རང་རང་གི་སྐད་ཅིག་མའི་མཇུག་ཐོགས་སུ་སྐྱེ་བ་ཡིན་ནོ། །འབའ་ཞིག་ཀྱང་མྱུ་གུ་

ལ་སོགས་པ་སྐྱེད་པའི་ཕྱིར་རང་བཞིན་མི་སྐྱེད་པ་ཡིན་ན། དེའི་ངོ་བོ་ལས་སྐྱེད་པ་ཡིན་ནོ་ཞེས་བྱ་བ་མ་ངེས་པ་ཡིན་ནོ་སྙམ་དུ་བསམས་ནས་གཞན་གྱིས་གལ་ཏེ་དེ་དག་གིས་ཞེས་བྱ་བ་སྨོས་ཏེ། རང་གི་རྒྱུ་ནི་ཞིང་དང་ས་བོན་ལ་སོགས་པ་ལས་གཞན་པའི་ནུས་པ་ལས་གཞན་

པའི་རྐྱེན་གཞན་ཉེ་བ་ཁོ་ནས་སྐྱེད་ལ་ཅིའི་ཕྱིར་འབའ་ཞིག་པས་མ་ཡིན། ལྷན་ཅིག་བྱེད་པ་ནི་ཐམས་ཅད་ཀྱི་ཚེ་མི་སྲིད་པའི་ཕྱིར་རོ་སྙམ་ན། རེས་འགའ་ཞིག་ནི་ཞེས་བྱ་བ་སྨོས་ཏེ། དུས་འགའ་ཞིག་གི་ཚེའོ། །གཞན་དུ་ཡང་ནི་འབའ་ཞིག་པ་ལས་ཀྱང་འབྱུང་བར་འགྱུར་རོ། །འདི་ལྟར་

เล่ม ๑๘๙ · หน้า 252a

ནང་གི་བདག་ཉིད་དང་ཕྱི་རོལ་དུ་མཐོང་སྟེ་ལ་ལར་འབྲས་བུ་ཅི་འདྲ་བ་དང་ལྷན་ཅིག་པ་གང་དེ་འདྲ་བ་ཉིད་དེ་སྤངས་པའི་འབའ་ཞིག་པས་ཀྱང་སྐྱེད་པར་འགྱུར་བའི་ནུས་པ་ལ་རྐྱེན་ཅི་ཞིག་ཡོད་ཅེ་ན། དེས་ན་འབའ་ཞིག་ཁོ་ན་ཞེས་བྱ་བ་སྨོས་ཏེ་གཅིག་ཀྱང་སྐྱེད་པར་བྱེད་

པ་སྲིད་པས་དུ་མ་ཉི་ཚེ་ནི་མ་ཡིན་ནོ། །འགའ་ཞིག་ཏུ་ཡུལ་ལ་སོགས་པའི་ནུས་པས་སྐྱེད་པ་ནི་ཞིང་དང་ས་བོན་ལ་སོགས་པ་འབྲས་བུ་སྐྱེད་པའོ། །གང་གི་ཚེ་དེའི་རང་བཞིན་ནི་གདོན་མི་ཟ་བར་སྐྱེད་པ་ན་འབའ་ཞིག་སྐྱེད་པ་མ་ཡིན་ནོ། །དེའི་རང་བཞིན་སྲིད་ན་ཡང་དེ་ལས་གཞན་དག་མ་ངེས་

པ་ཡིན་ནོ་ཞེས་ཟེར་བའི་ལན་ནི་འདི་ཡིན་ཏེ་གཞན་དང་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཞན་དང་གཞན་སྦྱར་ནས་ཁུར་ཁྱེར་བའི་སྐྱེས་བུའི་འབད་པས་སྒྱེ་ལ་སོགས་པར་བཅུག་ན་ཞིང་དུ་འགྲོ་བ་དང་བཙུགས་པ་ལ་སོགས་པའི་རྐྱེན་གྱིས་སྦྱོར་བ་གང་ཡིན་པ་དེ་ནི་རྒྱུ་སྐད་ཅིག་

མ་ཐ་དད་པའི་ནུས་པ་ནི་རེས་འགའ་ཞིག་ཀྱང་སྔ་མ་དང་ཕྱི་མའི་དུས་སུ་འབྱུང་བ་ནུས་པ་གཅིག་པ་མ་ཡིན་ནོ། །གཞན་དང་གཞན་རྐྱེན་ལྡན་པའི་མཚན་ཉིད་རྒྱུ་ཐ་དད་པ་ཡང་ནུས་པ་ཐ་དད་པ་ནི་རྒྱུ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་འབྲས་ལ་སོགས་པའི་ས་བོན་གྱི་ནུས་པ་ཐ་དད་

པ་ནི་རྒྱུ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་འབྲས་ལ་སོགས་པའི་ས་བོན་གྱི་ནུས་པ་ཐ་དད་པའི་རྒྱུ་ཐ་དད་པ་དང་འབྲེལ་པའི་ཕྱིར་འདུ་བྱེད་པ་དང་ཉེ་བར་ཚོགས་པའོ། །རྐྱེན་གྱི་བྱེད་པ་རྒྱུད་མ་ལས་རྒྱུ་འབྱུང་ངོ་། །གལ་ཏེ་ཁ་དོག་དང་དབྱིབས་སམ་གཞན་པ་མཚུངས་པ་ནི་མེད་དེ་རྣམ་

པ་ཅུང་ཟད་ཅིག་འདྲ་བས་རྣམ་པ་གཅིག་ཏུ་ཤེས་པ་སྐྱེད་པའི་མཚན་ཉིད་མཚུངས་པའི་ངོ་བོ་དེ་དག་ཡིན་པའི་ཕྱིར་འདྲ་བ་དང་མཚུངས་པར་རྟོགས་པ་ངོ་ཤེས་པ་ཡིན་ནོ། །དེ་ལྟར་བཅོས་མ་དང་མ་བཅོས་པའི་ནོར་བུ་དང་མུ་ཏིག་ལ་སོགས་པ་རྐྱེན་གཞན་དང་འབྲེལ་པའི་མཚན་ཉིད་ཚོགས་པ་

ཐ་དད་པས་ཐ་དད་པ་ཉིད་དེ། མི་འདྲ་བ་ཉིད་ལ་ངོ་བོ་ཤེས་པའི་དབང་གིས་ཐ་མི་དད་པ་ནི་མ་ཡིན་ཏེ། ས་བོན་ལ་སོགས་པ་འདི་དག་གི་རང་བཞིན་མཚུངས་པའོ། །དེ་ལྟར་ན་གང་གི་ཕྱིར་ངོ་བོ་ཐ་དད་པས་ནུས་པ་ཐ་དད་པ་གཞན་དང་གཞན་པའི་ཚོགས་བསྐྱེད་པ་ཉིད་ཀྱིས་སྐད་ཅིག་མ་གྲུབ་

เล่ม ๑๘๙ · หน้า 252b

པོ། །གང་ཅུང་ཟད་ཅིག་ཞིང་དང་ས་བོན་ལ་སོགས་མྱུ་གུ་ལ་སོགས་པ་འབྲས་བུ་འགའ་ཞིག་དེས་སྐྱེད་པར་ནུས་ཀྱི། ཐམས་ཅད་ཀྱིས་ཐམས་ཅད་སྐྱེད་པ་མ་ཡིན་ནོ། །ཞིང་དང་ས་བོན་ལ་སོགས་པ་མ་ཚོགས་པ་ལ་མྱུ་གུ་སྐྱེད་པའི་རང་བཞིན་ནམ་སྐད་ཅིག་མའི་ནུས་པའི་ངོ་བོ་

མེད་པས་དེའི་རང་བཞིན་སྐྱེད་པ་དང་མི་སྐྱེད་པའི་ངོ་བོ་ཡིན་པའི་ཕྱིར་འདིར་མ་ངེས་པ་མ་ཡིན་ནོ། །གང་གི་ཕྱིར་གང་དང་གང་གི་ངོ་བོ་ཡིན་པ་དེ་ནི་རང་གི་རྒྱུས་བསྐྱེད་པ་ཉིད་དེ་དང་འདྲ་བར་འགྱུར་གྱི། དེ་ནི་རྒྱུའི་ངོ་བོ་གཞན་ལ་ལྟོས་པ་མེད་ན་ནི་མ་ངེས་པར་འབྱུང་བར་འགྱུར་ན་ངོ་ཤེས་

པའི་འདྲ་བའི་ཡུལ་ལ་ཚོགས་པ་ཐ་དད་པའི་ངོ་བོས་གནོད་པས་ཚད་མ་མ་ཡིན་པ་དེས་ན་འདྲ་བ་གྲུབ་པ་མེད་དོ། །སྐད་ཅིག་མ་ཟད་པས་སྔ་མ་དེ་ཉིད་དེ་དག་གི་གནས་སྐབས་ཀྱི་དངོས་པོ་ཐ་དད་པར་ངེས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ངོ་ཤེས་པ་མེད་པའི་ཡུལ་གཅིག་པ་

མེད་པས་བསལ་ཏོ། །དེ་ལྟར་ནི་མཚུངས་པའི་ངོ་བོ་དང་ཡུལ་ཐ་དད་པའི་སྒོ་ནས་འདི་དག་ཀྱང་དེ་ལ་གཞན་དང་གཞན་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འདི་བཤད་ཟིན་པ་དེ་ཡུལ་བསྟན་པའི་དོན་དུ་འདིར་ཉེ་བར་བཀོད་དོ། །ཅུང་ཟད་ཅིག་འགའ་ཞིག་གི་རྒྱུ་ཡིན་ནོ་ཞེས་བཤད་ཟིན་

ཏོ། །དེ་ཅི་སུ་ཞིག་གི་རྒྱུ་ཡིན་ཞེས་བྱ་བའི་ནུས་པ་གཅོད་པ་ནང་གི་བདག་ཉིད་ཅན་རྣམས་ལ་རེ་ཞིག་བསྟན་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ནི་དེ་རྣམས་ལའོ། །སྐད་ཅིག་མ་ཐ་མའི་ནུས་པའི་ངོ་བོའི་སྐད་ཅིག་མའི་དངོས་པོ་རྣམས་ལ་བར་དུ་གཅོད་པ་ཅན་ནོ། །སོགས་པ་སྨོས་པ་

ནི་གང་བདག་ཉིད་ཤིན་ཏུ་རིང་བའམ་ཉེ་བ་ལ་སོགས་པའོ། །དེའི་ཡུལ་ཆོད་པ་མེད་པ་གང་ལ་དེ་ཆོད་པ་མེད་པའོ། །ཡུལ་ཆོད་པ་མེད་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཡུལ་ཆོད་པ་མེད་པ་སྟེ། གཟུགས་དང་དབང་པོ་ལ་སོགས་པས་ནི་ཡིད་ལ་བྱེད་པ་དང་འདྲ་བའི་དབང་པོ་ལ་སོགས་པའོ། །

དེ་ཡང་ཚོགས་པ་ནི་ཚོགས་པ་ཅན་གྱི་མཚན་ཉིད་བཤད་དོ། །ཡུལ་ལ་སོགས་པ་མ་ཆོད་པ་ནི་ཡུལ་དང་འདིར་དབང་པོ་ལ་སོགས་པའི་ཚོགས་པ་དེ་རྣམ་པར་ཤེས་པ་སྐྱེད་པར་ནུས་པའི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ཡོད་པ་ཉིད་ནི་དེ་ཡོད་ཀྱི་གཞན་ཡོད་ན་ཡང་མེད་པས་འདི་དག་ཙམ་རྒྱུ་

เล่ม ๑๘๙ · หน้า 253a

མཚན་ཡིན་པས་ནུས་པ་དང་མི་ནུས་པ་རྣམ་པར་གཞག་གོ། །གང་དབང་པོ་ལ་སོགས་པ་དེ་དག་ཕན་ཚུན་ཉེ་བར་སྡུད་པའོ། །སོགས་པ་སྨོས་པ་ནི་བར་དུ་ཆོད་པ་དང་འགྲིབ་པ་ལ་སོགས་པའོ། །རྟེན་དང་རྒྱུ་དང་རྐྱེན་གྱི་ཁྱད་པར་ལ་དངོས་སུ་བྱེད་པའི་རྐྱེན་ལས་ཐ་

དད་པའི་རྣམ་པར་ཤེས་པ་དེ་སྐྱེད་པར་ནུས་པའི་རྒྱུ་ནི་དེ་ཡོད་ན་ཡོད་པ་ཉིད་དུ་མཐོང་བ་ཉིད་དོ། །ནུས་པ་དེ་དག་ལས་བྱུང་བ་ཡིན་ཞེ་ན། རང་གི་ཞེས་བྱ་བ་དེ་ཇི་སྐད་བཤད་པའོ། །དེ་ལ་འདི་འདྲ་བ་དང་ནུས་པ་གང་ཡིན་པ་དེ་གཉི་ག་ཡང་དེའི་རྒྱུར་བཤད་དོ། །གང་བཟླས་ནས་བཤད་པ་ནི་

གཞན་དག་རྐྱེན་གཞན་དང་ཉེ་བ་ཉིད་ལས་སྐྱེ་བ་ནི་བརྒྱ་ལ་ཞིག་གཞན་དུ་ཡང་འགྱུར་རོ་ཞེས་བྱ་བ་དེའི་ལན་གདབ་པའི་ཕྱིར་དང་དེ་དག་ནུས་པ་དང་མི་ནུས་པའི་རྒྱུ་དེ་རྣམ་པར་གཞག་པ་ནི་སྔོན་མེད་པ་ནི་དངོས་པོ་ཡུལ་རིང་བའམ་ཤིན་ཏུ་རིང་བའམ་བར་དུ་ཆོད་པ་ལ་སོགས་པའི་དུས་སོ། །ཕན་

ཚུན་རྗེས་སུ་འགྲོ་བ་ལ་སོགས་པའི་རྟེན་དང་རྐྱེན་ཉེ་བ་ན་ཕྱིས་མེད་པ་ནི་དེའི་གནས་སྐབས་དོར་བ་དང་བར་དུ་ཆོད་པ་ལ་སོགས་པ་རྟོགས་པའོ། །སོ་སོར་མེད་པ་ནི་དངོས་པོ་རེ་རེའི་དུས་སུ་ཡོད་པའམ་བདོག་པའི་རྒྱུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ནུས་ཀྱང་ངོ་། །ཀྱང་གི་སྒྲས་ནི་རྒྱུའི་ནུས་

པ་མང་པོ་ཡང་སྔོན་དང་ཕྱི་མ་དང་སོ་སོར་ཡོད་པ་ལས་བྱུང་བ་ནི་སྔ་མ་དང་ཕྱི་མ་དང་སོ་སོར་ཡོད་པའི་གནས་སྐབས་ཀྱི་ངོ་བོར་གྱུར་པའི་ཚུལ་གང་དག་ལ་རྐྱེན་གཞན་དང་ཉེ་བ་ལས་ཅིའི་ཕྱིར་སྐྱེ་བ་ཡིན། སྔོན་དང་ཕྱིས་དང་སོ་སོར་ཅིས་ན་མི་སྐྱེད་ཅེས་སྐྱོན་བརྗོད་པ་ན་སྔོན་དང་ཕྱིས་དང་སོ་

སོར་སྐྱེད་པའི་མཚན་ཉིད་ལ་དེས་མི་གོ་སྟེ་འབྱར་བ་མ་ཡིན་ནོ། །རེས་འགའ་གཞན་དུ་ཡང་འགྱུར་རོ་ཞེས་གང་བཤད་པ་དེ་ཡང་འདིས་བསལ་བ་ཡིན་ནོ་སྙམ་ནས་དེས་ན་ཞེས་བྱ་བ་སྨོས་ཏེ། གང་གིས་གང་དག་གང་གི་གནས་སྐབས་སུ་ངེས་པ་དེ་ནི་གཞན་དུ་འགྱུར་བ་མེད་དེ་སྐད་ཅིག་མ་

ཡིན་པའི་ཕྱིར་རོ། །གང་འབྱུང་བ་དེ་ནི་དེ་ཉིད་མ་ཡིན་པའམ་དེ་དང་འདྲ་བ་གཞན་དང་འདྲ་བར་གྱུར་པ་དེས་ན་རྒྱུས་སོ། །དེ་དག་ནི་དབང་པོ་ལ་སོགས་པའོ། །ཕན་ཚུན་ཉེ་བར་འགྲོ་བ་ནི་གཞན་དང་གཞན་རུང་བའི་ཡུལ་དུ་ཚོགས་པའོ། །བར་དུ་ཆོད་པ་སྤང་བའི་རྒྱུ་གང་ཡིན་པ་དེ་

เล่ม ๑๘๙ · หน้า 253b

ནི་རྣམ་པར་ཤེས་པ་སྐྱེད་པར་ནུས་པའོ། །རྒྱུ་ནི་དེའི་ལྷན་ཅིག་བྱེད་པའི་རྐྱེན་དབང་པོ་ལ་སོགས་པའི་ནུས་པ་རྣམས་རང་གི་སྐད་ཅིག་མ་སྐྱེད་པའི་ཕྱིར་རོ། །དེ་ལྟར་བྱེད་པ་དེའི་ནུས་པའི་རྒྱུ་ནི་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་པའི་རྐྱེན་གྱི་བྱེ་བྲག་གི་ལྷན་ཅིག་བྱེད་པ་དབང་པོ་ལ་སོགས་

པ་ནི་རེས་འགའ་ཞིག་གཞན་དུ་འགྱུར་བ་མེད་དོ། །ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་རྐྱེན་གྱི་བྱེ་བྲག་མེད་ཀྱང་ཡོད་པ་དེས་ཅི་ཞིག་བརྗོད་པ་ཡིན་ན་རེས་འགའ་ཞིག་གཞན་དུ་འགྱུར་བ་ཡང་ཡིན་པའོ། །དེས་ན་འགའ་ཞིག་ཀྱང་ལ་ལར་སྐྱེད་པ་ཡིན་ནོ་ཞེས་བྱ་བ་ལ་གཞན་དུ་འགྱུར་བ་སྲིད་

པས་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་པའི་རྐྱེན་གྱི་བྱེ་བྲག་གིས་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པ་རྣམས་ནུས་པའི་རྒྱུ་ཡིན་ཏེ། དབང་པོ་ལ་སོགས་པ་ཉེ་བར་ལེན་པའི་ནུས་པའི་རྒྱུས་དབང་པོ་ལ་སོགས་པ་སྐྱེད་པས་དེ་མེད་ན་ཡོད་པ་ནི་མི་རིགས་སོ། །ལྷན་ཅིག་བྱེད་པ་གང་གིས་

འབྲས་བུ་གཅིག་བྱེད་པར་ངེས་པ་དེ་དང་དེ་མེད་ན་དེ་སྐྱེད་པ་མ་ཡིན་ཏེ་དེ་ཉིད་ཚོགས་པ་གཅིག་ལ་རག་ལས་པ་དེ་མི་སྲིད་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པའི་བདག་ཉིད་རྣམས་ལ་རྩོད་པ་མེད་པ་ནི་གཞན་ལ་ཡང་མཐོང་བར་བསྟན་པ་ནི་ཚུལ་འདིས་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གཞན་པའི་རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པ་ཚུལ་བཤད་པ་གང་ཡིན་པ་དེ་ནི་གཞན་ལ་ཡང་ཐམས་ཅད་དུ་བལྟ་བར་བྱའོ། །ཐམས་ཅད་ལ་ཞེས་བྱ་བ་བརྗོད་པས་སྐད་ཅིག་མ་མ་ཡིན་པ་རྣམས་ལ་སོ་སོར་ངེས་པར་མ་གྱུར་ཅིག་སྙམ་ན། སྐད་

ཅིག་མ་རེ་རེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་སྐད་ཅིག་སྐད་ཅིག་ལས་གཞན་དང་གཞན་གྱི་རང་བཞིན་ཐ་དད་པའི་རྗེས་སུ་འགྲོ་བ་ཅན་གྱི་ནུས་པ་ལས་འབྱུང་བ་དེ་ལ་འདིར་དོན་གཅིག་བྱེད་པ་སོ་སོར་ངེས་པའི་ལྷན་ཅིག་བྱེད་པར་བལྟའོ། །གང་དག་དངོས་པོ་བརྟན་པ་

གཅིག་པུའི་ངོ་བོ་ཅན་དག་ནི་མ་ཡིན་པའོ་གཞན་གྱིས་བརྟགས་པའི་ཕྱིར་རོ། །དེ་རྣམས་ལ་ཡང་བརྟན་པ་ནི་རྒྱུན་ལ་བརྟེན་ནས་བཤད་པའོ། །གཅིག་པུ་སྨོས་པ་ནི་སྐད་ཅིག་མ་གཅིག་ཡོད་པའི་ཕྱིར་བརྟན་པར་འཛིན་ཏོ། །ཅིའི་ཕྱིར་དངོས་པོ་བརྟན་པ་ལས་ཡང་གཅིག་པུའི་

เล่ม ๑๘๙ · หน้า 254a

ངོ་བོར་མི་འདོད་དོ་ཞེ་ན། ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སུ་དག་དངོས་པོ་རང་ཉིད་ལས་མི་འབྱུང་ན་བདག་ཉིད་ཁོ་ནའི་ངོ་བོ་གཞན་ལས་འབྱུང་བ་མ་ཡིན་ནོ། །དེའི་ཕྱིར་བསྟན་པའི་དོན་ནི་གལ་ཏེ་འབྲས་བུ་སྐྱེད་པར་ནུས་པའི་རང་བཞིན་ཡིན་པ་དེ་བས་ན་མི་བྱེད་

པར་མི་འཐད་དེ། ཐམས་ཅད་དུ་བྱེད་པར་འགྱུར་རོ། །གཞན་དུ་ན་ནུས་པ་མེད་པའི་ངོ་བོ་ཡིན་པ་དེ་ཡང་བྱེད་པ་མི་འཐད་པས་ཐམས་ཅད་དུ་དངོས་པོ་བྱེད་པ་མ་ཡིན་ནོ། །གང་ཡང་རེས་འགའ་ཞིག་བྱེད་པ་རེས་འགའ་མ་ཡིན་པ་མི་རིགས་ཏེ། དེས་ན་སྐད་ཅིག་མ་མེད་པ་དག་དེའི་འབྲས་བུ་བྱེད་པར་ནུས་

པའི་ངོ་བོ་ཉིད་ལ་ལྷན་ཅིག་པ་དང་ལྷན་ཅིག་མ་ཡིན་པ་གནས་སྐབས་དག་གཅིག་གི་ངོ་བོ་ཡིན་པའི་ཕྱིར་འབའ་ཞིག་པ་དག་ཀྱང་དེའི་འབྲས་བུ་བྱེད་པར་ཐལ་བར་འགྱུར་བས་དོན་གཅིག་བྱེད་པའི་སོ་སོར་ངེས་པའི་མཚན་ཉིད་ནི་ལྷན་ཅིག་བྱེད་པ་རྣམས་ལས་འབྱུང་བར་ག་ལ་འགྱུར། གཞན་གྱིས་འདིར་

གཞན་དང་ལྷན་ཅིག་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གལ་ཏེ་འབའ་ཞིག་པ་འདི་སྐད་ཅིག་མ་མེད་པའི་ནུས་པའི་ངོ་བོ་ཡིན་པ་དེ་ལྟ་ན་ཡང་གཞན་དང་ལྷན་ཅིག་བྱེད་པའི་འབའ་ཞིག་ནི་མ་ཡིན་ཏེ། འདི་ཡང་འདིའི་ངོ་བོ་གཞན་དང་ལྷན་ཅིག་བྱེད་པ་གང་རང་གི་འབྲས་བུ་བྱེད་པའི་ནུས་པའི་ངོ་བོ་ཡོད་པ་འབའ་

ཞིག་གིས་ནི་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་ཅི་འབའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དང་ལྷན་ཅིག་པ་ཉིད་ཀྱི་རང་གི་འབྲས་བུ་བྱེད་ཀྱི་འབའ་ཞིག་པས་མ་ཡིན་ནོ་ཞེས་བྱ་བ་དེ་འབའ་ཞིག་པའི་ངོ་བོས་མི་ནུས་པས་མི་སྦྱོར་གྱི་གཞན་གྱིས་ཡིན་ནོ་སྙམ་དུ་བསམས་ནས་གཞན་

འདྲི་བ་ནི་མ་གཏོགས་སོ་ཞེས་དགོངས་ནས་ནུས་ན་ཅིའི་ཕྱིར་མི་སྐྱེད་ཅེས་བྱ་བ་སྨོས་ཏེ། སྐད་ཅིག་མ་མེད་པའི་འབའ་ཞིག་པ་ནུས་པའི་ངོ་བོ་ཁོ་ན་གཞན་དུ་ཡོད་ན་ནི་སྐད་ཅིག་མ་མེད་པ་ཉམས་པ་ཡིན་ནོ། །ནུས་ན་ཅིའི་ཕྱིར་མི་བྱེད། ནུས་ན་མི་བྱེད་པ་ནི་ལྷན་ཅིག་པའི་གནས་སྐབས་ཀྱིས་སྦྱོར་རོ་ཞེས་བྱ་བ་

ལྷན་ཅིག་པ་ཁོ་ན་བྱེད་པར་འདོད་ཀྱི་འབའ་ཞིག་པ་ནུས་པ་མེད་པའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན་འབའ་ཞིག་པ་གལ་ཏེ་མགོ་བོ་གཅོད་པ་དེ་ལྟ་ན་ཡང་མི་བྱེད་དོ་ཞེས་འདོད་ན་མི་བྱེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འབའ་ཞིག་པ་ནི་རེས་འགའ་ཞིག་ཀྱང་འབྲས་བུ་བྱེད་པར་ནུས་པ་མེད་ན། ཇི་

เล่ม ๑๘๙ · หน้า 254b

ལྟར་ནུས་པར་བརྟག་པར་བྱ། འདིར་གང་ནུས་པའི་ངོ་བོས་གདོན་མི་ཟ་བར་འབྲས་བུ་བྱེད་པར་ངེས་པ་མ་ཡིན་ཏེ། གཞན་ལ་ཡང་མཐོང་ངོ་སྙམ་དུ་སེམས་ནས་གཞན་གྱིས་གལ་ཏེ་ཐག་པ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གྲུབ་པའི་མཐའ་སྨྲ་བས་བཞད་གད་བྱེད་པ་ནི་རྩེ་བའི་ངང་ཚུལ་ཅན་ཞེས་བྱ་བ་སྨོས་ཏེ།

ལྷ་རྣམས་དགའ་བ་ནི་བློན་པོ་དྲང་པོའོ། །དེ་བདེ་བ་སྐྱེད་པའི་ཕྱིར་དགའ་བའི་རང་བཞིན་ཅན་ནོ། །རྩེ་བ་ནི་བྱིས་པའི་ཆོས་སོ། །དེ་དང་ཆོས་མཐུན་པས་ནི་ཤེས་རབ་ཉམས་པར་བཤད་དོ། །སྐྱིད་དེ་བར་སྐྱེས་པ་ནི་བསྟན་བཅོས་ལ་མི་སྦྱོར་བའོ། །མི་སྦྱོར་བའི་བློ་ངན་པ་གང་ཡིན་པ་དེ་ནི་བྱས་ཀྱང་དངོས་

པོ་བརྗེད་པའི་ངང་ཚུལ་ཅན་ཡང་བྱེད་པའོ། །བྱས་པ་ནི་རབ་ཏུ་བརྩམས་པའོ། །ཡང་བྱེད་པ་ཞེས་བྱ་བ་ནི་སླར་ཡང་རྩོམ་པའོ། །གང་ལ་སླར་ཡང་རྩོམ་པར་བྱེད་ཅེ་ན། འདི་ལྟར་ཞེས་བྱ་བ་སྨོས་ཏེ། ས་བོན་བཞིན་དུ་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་གནས་སྐབས་དེས་འདི་དག་བསལ་བ་ཡིན་ནོ། །འདི་ཉིད་སྐད་

ཅིག་མ་མེད་པའི་ནུས་པའི་ངོ་བོ་ཉིད་ལ་ལྷན་ཅིག་བྱེད་པ་ཉིད་ཀྱིས་འབྲས་བུ་གཅིག་བྱེད་པའི་ངོ་བོ་འགལ་བས་འགའ་ཞིག་བྱེད་པར་འཐད་པ་མ་ཡིན་ནོ་ཞེས་བསྟན་པའི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་སྨོས་ཏེ། འབྲས་བུ་བྱེད་པར་ནུས་པའི་ངོ་བོ་གཞན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རེས་འགའ་ཞིག་

ཀྱང་མི་ནུས་པས་ན་མི་སྲིད་པས་དེའི་ཆོས་ཀྱི་འབྲས་བུ་བྱེད་པ་འདི་ལྟ་བུ་ནི་ཐ་མའི་གནས་སྐབས་བཞིན་དུ་ལྷན་ཅིག་བྱེད་པའི་གནས་སྐབས་དངོས་པོའི་འབྲས་བུ་བྱེད་པ་བཟློག་ཏུ་མི་རུང་ངོ་། གལ་ཏེ་སྐད་ཅིག་མ་མེད་པའི་འབའ་ཞིག་ནི་ནུས་པ་མེད་པ་ཉིད་དེ། དེས་ན་འབའ་ཞིག་ནི་མི་བྱེད་པ་ལྷན་ཅིག་པའི་

གནས་སྐབས་འདི་ཉིད་ཀྱི་ནུས་པ་དང་ལྷན་ཅིག་བྱེད་པས་སྐྱེའོ། །དེའི་ཕྱིར་ལྷན་ཅིག་བྱེད་པས་བྱེད་དོ་ཞེ་ན། ཐ་མའི་གནས་སྐབས་ན་ཞེས་བྱ་བ་སྨོས་ཏེ། ནུས་པ་ལས་སྐྱེ་བ་འདྲ་བ་སྔོན་ནུས་པ་མེད་པར་ཡོད་པའོ། །དེའི་ནུས་པ་གང་ཡིན་པ་དེ་ལས་སྐྱེ་བ་དེའི་རང་གི་ངོ་བོ་ཉིད་དུ་སྤྱོད་པ་ལ་སོགས་པ་རྣམས་འདོད་

པ་དེ་དག་ནུས་པ་དང་མི་ནུས་པའི་ངོ་བོ་ཐ་དད་པར་མངོན་པར་འདོད་པ་ནི་རྣམ་པ་འགས་ཐ་དད་ཀྱང་དེའི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་འདོད་ན་དེ་སྔོན་མེད་པ་སྐྱེ་བ་ཉིད་ཡིན་ནོ། །འོ་ན་མེད་པའི་དངོས་པོ་དེ་སྐྱེད་པ་གང་ཡིན་པ་དེ་ནི་ངོ་བོའི་ནུས་པ་ཡིན་ནོ། །ངོ་བོ་གཅིག་པའི་ནུས་པ་ཉིད་སྔར་མེད་པས་སྐྱེད་པར་མི་ནུས་

เล่ม ๑๘๙ · หน้า 255a

ཞེས་པ་མི་རིགས་ཏེ། དེ་དག་ངོ་བོ་ཐ་དད་པར་ཐལ་བར་འགྱུར་ཏེ་ཆོས་འགལ་བ་གནས་པས་མཚན་ཉིད་ཐ་དད་པའི་ཕྱིར་རོ། །གལ་ཏེ་ནུས་པ་དང་ལྡན་པ་སྐྱེད་པ་དང་མི་སྐྱེད་པ་ངོ་བོ་ཉིད་གཅིག་པར་རྟོགས་པ་ཁོ་ན་ཇི་ལྟར་སྤོང་བར་ནུས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཚད་མས་རྟོགས་པ་

ལས་གཞན་དུ་རྟོགས་པ་ལ་ཁྱེད་རྗེས་སུ་འབྲང་ན་ཟླ་བ་གཉིས་པ་ལ་སོགས་པ་ཡང་སྤང་བར་མི་བྱའོ། །གལ་ཏེ་གནོད་པར་བྱེད་པའི་ཚད་མ་སྲིད་པས་ཁྱད་དུ་གསོད་པ་ཡིན་ནོ་ཞེ་ན། འདིར་ཡང་ངེས་པ་གཅིག་གི་ངོ་བོ་ལ་སྐྱེད་པ་དང་མི་སྐྱེད་པ་ཕན་ཚུད་འགལ་བས་གནོད་པར་ཅིས་ན་མི་འདོད། རྡོ་རྗེ་རྡོ་བའི་

ཆོས་ཅན་དེའི་ངོ་བོས་སྐྱེས་པ་ཡིན་ནོ་ཞེས་རྣམ་པར་འབྱེད་པ་ཉིད་ཀྱི་སྔ་མ་དང་ཕྱི་མའི་དུས་དག་ཟད་པ་མེད་ན་ཇི་ལྟར་ཐ་དད་པར་རྟོགས་པར་འགྱུར། རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་མི་སྐྱེད་པ་ཅིག་ཅར་སྐྱེད་པར་ཐལ་བར་འགྱུར་རོ། །གལ་ཏེ་མིག་ལ་སོགས་པ་དང་ཉེ་བ་ལས་སྔོན་ནུས་པ་

མེད་པ་ལས་སྐྱེ་བ་ནི་རིམ་པ་དང་ལྡན་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་རྣམ་པ་གཅིག་པ་སྔ་མ་དང་ཕྱི་མ་དག་གི་དབང་དུ་བྱས་པ་ངོ་ཤེས་པ་སྐྱེ་བ་ན་སྔ་མའི་ནུས་པ་ཐ་དད་པའི་རྡོ་བ་ལ་སོགས་པའི་གཟུང་བར་བྱ་བ་ལ་ཡང་རྗེས་སུ་དཔག་པའམ་དོན་གྱིས་གོ་བས་གནོད་པས་ཉམས་སུ་མྱོང་བ་ཚད་མ་མ་ཡིན་ནོ་ཞེས་

ཁས་བླང་པར་བྱའོ། །དེ་ལྟར་སྐྱེད་པ་དང་མི་སྐྱེད་པའི་ངོ་བོ་གཅིག་པ་འགལ་བའི་ཕྱིར་ནུས་པ་ཁོ་ནས་སྔར་མ་མྱོང་བ་སྐྱེད་དོ། །འདྲ་བ་གཞན་འབྱུང་བ་འཛིན་པར་བྱེད་པ་ན་ཚུ་རོལ་མཐོང་བ་གཅིག་ཏུ་འཁྲུལ་པ་དང་སེན་མོ་ལ་སོགས་པ་བྲེགས་ནས་ཡང་སྐྱེ་བ་བཞིན་དུ་ཅིས་ན་མི་འདོད། འོན་ཏེ་ལྷན་ཅིག་བྱེད་

པའི་རྐྱེན་དང་ཉེ་བའི་མཚན་ཉིད་ལས་ནུས་པ་དེའི་ངོ་བོ་ཡིན་པའི་ཕྱིར་སྔོན་མེད་པ་སྐྱེ་བར་ཐལ་བར་མི་འགྱུར་རོ་ཞེ་ན། རིགས་པ་ཅན་ལ་སོགས་པ་གཞན་དག་སྨོས་པ་འདིར་མ་ཡིན་པས་དེའི་ངོ་བོ་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ། གཞན་གང་དག་ས་བོན་ལ་སོགས་པ་དོན་གྱི་ནུས་པ་ལྟ་བུ་དེའི་ངོ་བོ་ཡོངས་

སུ་སྤངས་ནས་ཕྱི་མའི་བྱེད་པ་པོ་ཉིད་ཀྱང་མ་ཡིན་ནོ། །གང་ལས་ཤེ་ན་ནུས་པ་ཞེས་བྱ་བ་བཤད་པ་ནི་དེ་གཞན་པའི་ལྷན་ཅིག་བྱེད་པའི་རྐྱེན་གྱི་མཚན་ཉིད་གང་ཡིན་པ་དེ་ཉིད་ལ་ཁྱད་པར་གྱི་སྒྲས་བརྗོད་དོ་ཞེས་རིགས་པ་ཅན་གྱིས་ཁས་བླངས་པ་དེ་ཉིད་ཀྱི་ཕྱིར་དེ་ཡོད་ན་ཡོད་པ་ཉིད་ཀྱིས་འབྲས་བུ་སྐྱེད་དོ། །

เล่ม ๑๘๙ · หน้า 255b

དེ་ཡང་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ནི་སྐད་ཅིག་མ་མེད་པ་གང་ཡིན་པ་དེ་རྣམས་ལ་ཐལ་བར་འགྱུར་བ་འདི་མི་འདོགས་པའི་ཕྱིར་རོ། །སྐད་ཅིག་མ་ཉིད་དོན་གཅིག་བྱེད་པར་ངེས་པའི་མཚན་ཉིད་ལ་ལྷན་ཅིག་བྱེད་པ་ཉིད་འདོད་པར་ཁས་བླངས་སོ། །གཞན་ཡང་སྐད་ཅིག་མ་མེད་པ་རྣམས་ལ་དོན་གཅིག་

བྱེད་པ་སོ་སོར་ངེས་པ་བསལ་བའི་རྒྱུ་ལྷག་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་མེད་པ་དངོས་པོ་གང་ཡིན་པ་འདི་ལྷན་ཅིག་བྱེད་པ་མཐའ་དག་དང་ལྡན་པ་རང་གི་འབྲས་བུ་བྱེད་པར་འདོད་པ་ཡིན་ན། རེ་ཞིག་དེ་དང་དེ་ཉིད་ཅིའི་ཕྱིར་མི་བྱེད། རྒྱུ་གང་གིས་དེའི་འབྲས་བུ་བྱེད་

པ་ངོ་བོ་ཉིད་ཀྱིས་དེའི་ཚེ་བྱེད་པ་ཡིན་ནོ། །དེ་ཉིད་བསྟན་པའི་རང་བཞིན་ཡིན་པའི་ཕྱིར་སྔོན་ཡང་བྱེད་པར་འགྱུར་བ་དེས་ན་དོན་གཅིག་བྱེད་པར་སོ་སོར་ངེས་པའི་དངོས་པོར་ག་ལ་འགྱུར། ཇི་ལྟ་བ་དེ་མཐོང་བ་ལ་རིགས་པ་གཞན་བཙལ་བས་ཅི་ཞིག་བྱ། དེ་ལྟར་ན་ཐམས་ཅད་ལ་འདི་མི་

རིགས་སོ་སྙམ་དུ་གཞོན་ནུ་མ་ལེན་སེམས་ནས་སྐྱེད་པ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ཉིད་དོན་གཅིག་བྱེད་པ་མཐོང་བ་དེས་ན་མཐོང་བའི་སྟོབས་ཀྱིས་བྱེད་པ་ཡིན་ནོ་ཞེས་ཁོ་བོས་སྨྲའོ། །སྔར་བྱེད་པ་མ་མཐོང་བ་དེས་ན་མི་བྱེད་དོ་ཞེས་བྱ་བ་འདི་མཐོང་བའི་རིགས་པའི་

འཐད་པས་ཅི་ཞིག་བྱ་སྙམ་ན། སྐད་ཅིག་མ་མེད་པར་ཁས་ལེན་པ་ལ་དོན་གཅིག་བྱེད་པར་མ་གྲུབ་པའི་ཕྱིར་རོ། །རང་གི་མཐོང་བས་འབྲས་བུ་བྱེད་པ་དེའི་ཕྱིར་འདི་བཤད་པར་རིགས་པ་མ་ཡིན་ནོ་ཞེས་བཞད་གད་བྱེད་པ་ནི་མཐུ་ཆེན་པོ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུ་ཆེན་པོ་ཅན་གྱི་མཐོང་

བ་ནི་ནུས་པ་ཆེན་པོར་གྱུར་པའོ། །གང་གི་ཕྱིར་ཁྱེད་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་འདི་དག་མ་ཚང་བར་མི་འགྱུར་ཏེ། གལ་ཏེ་རྒྱུ་དང་འབྲས་བུའི་ངོ་བོ་ཡིན་པའི་ཕྱིར་དངོས་པོའི་འབྲས་བུ་བྱེད་པ་དེ་ཉིད་ཀྱི་ལན་ཅིས་ན་མི་བརྗོད། གང་གིས་འབྲས་བུ་བྱེད་པ་མཐོང་བ་ལན་དུ་བྱེད་པ་ཡིན་ནོ་སྙམ་ན།

རང་གི་ངོ་བོ་ཙམ་གྱིས་བྱེད་པ་ནི་བདག་ཉིད་ཡོད་པ་ཙམ་གྱིས་རྣམ་པ་སྣ་ཚོགས་པ་རྣམས་ལ་སྦྱོར་བར་བྱེད་པ་དེ་ཇི་ལྟར་ནུས་པ་ཆེན་པོ་ཙམ་མ་ཡིན། འདིར་འགའ་ཞིག་གིས་ཀྱང་ནུས་པ་མ་ཡིན་འོན་ཀྱང་བརྒྱ་ལ་འགའ་ཞིག་ཅི་ཞིག་ལྟར་བསྒྲིབས་པའམ་མི་སྡོད་པའོ། །འདིར་ཁྱོད་ཀྱི་ཞེས་བྱ་བ་

เล่ม ๑๘๙ · หน้า 256a

ནི་ཞེས་བརྗོད་པའོ། །མཐོང་བ་ལས་འདས་པ་ནི་དེ་ལས་རྒལ་བའོ། །དེ་དང་གཞན་དུ་བརྗོད་པ་འདི་དག་སྐྱེད་པའི་ཆོས་དེ་དང་འདི་ནི་མི་སྐྱེད་པའི་ཆོས་ཡིན་པ་དེའི་ཕྱིར་རྒྱུད་མེད་པར་འགྱུར་བས་འདི་ཁོ་བོ་ཅག་གི་བསམ་པ་ནི་སེམས་ལ་གདུང་བར་བྱེད་དོ། །གཞན་

གྱིས་ཁོ་བོ་ནི་དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་རྒྱུ་དང་འབྲས་བུའི་ངོ་བོ་སྤངས་ནས། དངོས་པོ་རྣམས་ཁོ་བོ་ཅག་གིས་མཐོང་བའི་དབང་གིས་འབྲས་བུ་བྱེད་པར་ནི་མི་སྨྲ་སྟེ། འོན་ཀྱང་ངོ་བོ་ཉིད་ཀྱིས་དེ་ཡོད་པ་དེ་ལ་འབྲས་བུ་བྱེད་པ་ངོ་བོ་ཡིན་པ་དེའི་ཕྱིར་རང་གི་འབྲས་བུ་བྱེད་

པ་དེ་མཐོང་བ་འབའ་ཞིག་མི་སྐྱེད་དོ། །དེ་དག་བྱེད་པ་པོའི་རང་བཞིན་དུ་མཐོང་བ་ནི་ཇི་ལྟར་གནས་པའི་དངོས་པོ་ཤེས་པར་བྱེད་ཀྱི་མེད་པའི་རང་གི་ངོ་བོ་བྱེད་པ་ནི་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་འདི་ཡང་ཡོད་པ་བདེན་པ་ཞེས་བྱ་བ་སྨོས་ཏེ། ཁོ་བོ་ཅག་རིགས་པ་ལ་རྗེས་སུ་

ཆགས་པ་རིགས་པར་བརྗོད་པ་ལ་ཅིས་ན་བཏང་སྙོམས་སུ་བྱེད་པ་འདིར་ཡང་ཁྱེད་ཀྱིས་ཐམས་ཅད་ཀྱི་ཚེ་རིགས་པ་བརྗོད་པ་སྤངས་པ་ཡང་རས་འགའ་ཞིག་རིགས་པ་དང་ལྡན་པར་སྨྲ་བ་ལ་དགའ་བ་སྐྱེ་སྟེ། འོ་ན་དེ་ཅི་ཡིན་ཞེས་དྲིས་པ་ན། དེ་དག་འབྲས་བུ་སྐྱེད་པ་ཞེས་བྱ་བ་སྨོས་ཏེ།

འབྲས་བུ་སྐྱེད་པའི་ཆོས་ནི་དངོས་པོའི་འབྲས་བུ་བྱེད་པའི་ཆོས་སོ། །རྒྱུ་དེས་ན་རྐྱེན་མཐའ་དག་དང་ལྡན་པ་རྣམས་ནི་ལྷན་ཅིག་བྱེད་པའི་ཚོགས་པའོ། །གང་དག་འབྲས་བུ་མི་སྐྱེད་པར་བཏང་སྙོམས་སུ་གྱི་ན་འདུག་པ་མ་ཡིན་པར་རྟོགས་པའི་ཕྱིར་ཁྱེད་ཀྱིས་རིགས་པ་བརྗོད་པ་འདི་

ཡང་ཡོད་པར་བདེན་ནོ། །འོན་ཀྱང་འདི་དག་འདི་ལྟར་བལྟ་བར་བྱ་སྟེ། ཅི་དེ་དག་མི་སྡོད་པར་སྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་དོ། །ཅི་དེ་དག་ཐ་མའི་གནས་སྐབས་དེ་ཁོ་ནའི་ཚེ་ནི་ཚོགས་པའི་གནས་སྐབས་སུ་གང་དེ་མ་ཐག་ཏུ་འབྲས་བུ་སྐྱེད་པ་དེ་ཁོ་ན་སྐྱེས་པ་ཡིན་ནམ། ཡང་ན་སྔོན་ཡང་ཕན་

ཚུན་སྤངས་པའི་གནས་སྐབས་སུ་བྱུང་ཟིན་པ་ཡང་ཡིན། དེ་ལ་དེ་ཉིད་སྐྱེས་པ་ཉིད་ཡིན་ན་མེད་པའི་ངོ་བོ་གཞན་སྐྱེས་པས་འདི་བྱེད་པ་པོ་ཉིད་ཡིན་ན་ནི་སྔར་བཤད་པའི་སྐྱོན་གྱིས་འཇིགས་པས། གཞན་གྱིས་ཡོད་པ་གང་ཞིག་ཡིན། །ཞེས་བྱ་བ་སྨོས་སོ། །འཕོ་པ་དང་སྐྱེས་པ་ནི་འཕོ་

เล่ม ๑๘๙ · หน้า 256b

བ་དང་སྐྱེས་པ་སྟེ་དེ་བཀག་པ་ནི་མི་འཕོ་བ་དང་མ་སྐྱེས་པའི་བརྟན་པ་གཅིག་པུའི་ངོ་བོ་གང་དག་གི་དངོས་པོ་དེ་དག་ནམ་ཡང་ངོ་བོ་ཉིད་འགའ་ཞིག་འདིར་དམིགས་པ་མེད་པ་འགལ་བའི་ཕྱིར་རོ། །སྐད་ཅིག་མ་རྣམས་ལ་ཇི་སྲིད་དུ་མཐོང་བའི་ངོ་བོ་ལས་གཞན་དུ་འགྱུར་བ་དེ་སྲིད་དུ་དེ་གཞན་ཡིན་པའི་

ཕྱིར་མི་འཕོ་བ་དང་། མི་སྐྱེ་བ་སྔ་མ་དང་ཕྱི་མའི་ངོ་བོ་རྣམས་བརྟན་པའི་ངོ་བོ་མ་ཡིན་ནོ་ཞེ་ན། འདིར་ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་ཚིག་འདི་ཁོ་བོ་ཅག་འདྲ་བའི་ཚིག་ཡིན་ནོ་ཞེས་མི་འདོད་ན་དེའི་ཕྱིར་མི་སྡོད་པར་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་འདི་དག་འདིས་མཚུངས་པར་མི་

འགྱུར་བ་དེའི་ཚེ་ལྷན་ཅིག་བྱེད་པ་མཐའ་དག་གི་འབྲས་བུའི་གནས་སྐབས་ལས་སྔར་ཡང་མི་སྡོད་པར་སྐྱེད་པའི་ངོ་བོ་ནི་འབྲས་བུ་བྱེད་པའི་ངོ་བོ་མི་ཐོགས་པའོ། །འབྲས་བུ་མི་སྐྱེད་པ་ཡང་ཡིན་ནོ་ཞེས་སྨྲས་པའི་དོན་ཅི་ཞིག་ཡིན། རེག་པ་ཅན་གྱི་བསམས་པ་དངོས་པོ་རྣམས་ཀྱི་ལྷན་ཅིག་

བྱེད་པའི་ཉེ་བ་དང་མི་ཉེ་བ་ལ་ལྟོས་པའི་བྱེད་པ་པོ་མ་ཡིན་པའི་རང་བཞིན་གྱི་རྣམ་པར་གཞག་པ་དང་། ངོ་བོ་ཉིད་དེས་མི་འཕོ་བ་དང་། མི་སྐྱེ་བ་བརྟན་པ་གཅིག་པུའི་ངོ་བོ་ཉིད་མ་ཡིན་ལ། སྔར་ཡང་རང་གི་འབྲས་བུ་སྐྱེད་པའི་ངོ་བོ་མ་ཡིན་ནོ། །འོན་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་མཐའ་དག་ཉེ་བ་

ཡིན་ནོ་ཞེས་དེའི་འདོད་པའི་དོགས་པ་བསུ་བ་ནི། གལ་ཏེ་དེའི་ངོ་བོ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་བསལ་བ་ནི་འོ་ན་ནི་འབའ་ཞིག་ཀྱང་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྒྱ་ལ་ལྷན་ཅིག་བྱེད་པས་རང་གི་འབྲས་བུ་སྐྱེད་པའི་ངོ་བོ་འབའ་ཞིག་དང་དེ་ལས་བཟློག་

པའི་ངོ་བོ་གཞན་མ་ཡིན་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། དངོས་པོ་ཐམས་ཅད་ཐ་དད་པ། །ཞེས་བྱ་བ་སྨོས་ཏེ། དངོས་པོ་ཐ་དད་པ་ནི་དངོས་པོའི་མཚན་ཉིད་ཐ་དད་པའོ། །གལ་ཏེ་དེའི་འབྲས་བུ་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པས་ཐ་དད་པ་ཡིན་ཏེ། འབྲས་དང་ནས་ཀྱི་ས་བོན་བཞིན་དུ་

ཇི་ལྟར་དངོས་པོ་ཐ་དད་པར་མི་འགྱུར་ཏེ། ངོ་བོ་ལས་གཞན་པའི་དངོས་པོས་ནི་མ་ཡིན་ཏེ་གང་གི་ཕྱིར་དེ་ཐ་དད་ཀྱང་ཐ་མི་དད་ན་རང་བཞིན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ནི་བདག་ཉིད་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པའི་ངོ་བོ་སྤངས་པའི་ཕྱིར་རྐྱེན་གཞན་པའི་ངོ་བོ་ལ་ལྟོས་པའི་

เล่ม ๑๘๙ · หน้า 257a

ཕྱིར་སྐྱེད་པར་བྱེད་པ་དང་། སྐྱེད་པར་མི་བྱེད་པའི་ངོ་བོས་དེ་ཐ་དད་ཀྱང་གང་ལས་དངོས་པོ་ཐ་དད་པར་ཐལ་བར་འགྱུར་རོ། །དེ་གཞན་ལ་ལྟོས་པའི་ངོ་བོ་ཉིད་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ལྷན་ཅིག་བྱེད་པ་ཉིད་ཡིན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

གལ་ཏེ་དངོས་པོ་གང་ཡིན་པ་འདི་ལ་ལྷན་ཅིག་བྱེད་པ་གཞན་མངོན་པར་འདོད་ན་ནམ་ཞིག་ཁྱེད་ཀྱི་ལན་འདི་མི་སླུ་བར་འགྱུར། དེའི་རང་གི་ངོ་བོས་ཉེ་བ་ཡིན་པས་མ་ངེས་པར་འགྱུར་རོ། །རང་གི་ངོ་བོས་མ་ཡིན་ན་འདི་དག་ཡོད་པ་མ་ཡིན་ཏེ། དེ་ལྟར་ན་དངོས་པོ་ནི་དོན་དམ་པར་ན་དེ་ཉིད་

གཞན་གྱི་བྱེད་པ་པོར་འགྱུར་གྱི་དེ་ལ་བྱེད་པ་པོ་ཉིད་དུ་བཤད་པ་ནི་རྟོགས་པས་སྤྲུལ་པ་ཉིད་མ་ཡིན་ནོ། །རྟོགས་པའི་རྗེས་སུ་བྱེད་པ་ནི་དོན་བྱེད་པ་གཞན་མེད་དེ་བྲམ་ཟེའི་བུ་ལ་སྲེག་པ་ཉེ་བར་བཏགས་པ་སྲེག་པ་རག་ལས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཕན་མི་འདོགས་པའི་དངོས་པོ་ལ་འབྲས་བུ་

ལྟོས་པར་མི་འགྱུར་ཏེ། དེ་སྤངས་པ་ཉིད་ལྷན་ཅིག་བྱེད་པ་རྣམས་ལས་འབྱུང་བའམ། གང་དེ་རྣམས་ལས་ཀྱང་མི་འབྱུང་བས་སོ། །དེ་དག་ཀྱང་གཞན་གྱི་ངོ་བོས་བྱེད་པ་ཡིན་གྱི་རང་ཉིད་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་རང་ཁོ་ན་བྱེད་པ་པོ་ཉིད་མ་ཡིན་ལ་གཞན་གྱི་ངོ་

བོས་ཀྱང་བྱེད་པ་པོ་མ་ཡིན་པའི་ཕྱིར་ཐམས་ཅད་དུ་བྱེད་པ་པོ་མེད་པས་ཅུང་ཟད་ཅིག་ཀྱང་འགའ་ཡང་སྐྱེད་པ་མེད་དོ། །དེའི་གང་གི་ངོ་བོ་ཁོ་ནས་དངོས་པོའི་འབྲས་བུ་བྱེད་ཀྱི་གཞན་གྱི་ངོ་བོས་ནི་མ་ཡིན་པས་ལན་གྱི་གོ་སྐབས་མེད་དོ། །དེས་ན་གཞན་དང་ལྷན་ཅིག་དང་གཞན་འབའ་ཞིག་པ་ཞེས་བྱ་བ་དེ་མི་

གཡོ་བ་ཉིད་དོ། །ཡང་རང་གི་ངོ་བོ་གང་གིས་སྐྱེད་པར་བྱེད་པ་འདི་ལྷན་ཅིག་པ་དང་ལྷན་ཅིག་པ་མ་ཡིན་པའི་གནས་སྐབས་དག་ཐམས་ཅད་དུ་ཡོད་པ་དེའི་ཚེ་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡང་བརྟན་པའི་ངོ་བོ་སྔོན་ཡང་ལྷན་ཅིག་མ་ཡིན་པའི་གནས་སྐབས་དེ་ཁོ་ན་གང་ལྷན་ཅིག་པའི་གནས་སྐབས་

ཀྱི་དུས་ལ་མི་སྡོད་པར་སྐྱེད་པའི་རང་བཞིན་དུ་འགྱུར་བར་ཟད་དོ། །དེའི་ཕྱིར་ཇི་ལྟར་རེས་འགའ་ཞིག་མི་སྐྱེད་པར་བྲལ་བ་ཡིན། ཡང་རེས་འགའ་གཞན་གྱིས་སྨྲས་པ་རང་གི་རྒྱུ་འདི་རྐྱེན་གཞན་ལ་ལྟོས་ནས་རང་གི་འབྲས་བུ་སྐྱེད་པ་ན་ངོ་བོ་ཉིད་ཀྱིས་སྐྱེའོ་ཞེས་བྱ་བ་འགའ་ཞིག་གིས་བྱེད་པ་ནི་མ་ཡིན་ནོ། །

เล่ม ๑๘๙ · หน้า 257b

ལྷན་ཅིག་བྱེད་པ་དང་ལྷན་ཅིག་བྱེད་པ་མ་ཡིན་པའི་གནས་སྐབས་འདི་ངོ་བོ་ཐ་དད་པ་རྐྱེན་གཞན་ལ་ལྟོས་ནས་རང་གི་འབྲས་བུ་སྐྱེད་པའི་རང་བཞིན་ནི་ཐམས་ཅད་དུ་མེད་པ་དེའི་ཕྱིར་ལྷན་ཅིག་པ་ཉིད་དེ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་ཉིད་ཀྱིས་བྱེད་པ་ཡིན་པའི་ཕྱིར་དང་

དེ་སྔོན་ཡང་ཡོད་པའི་ཕྱིར་རོ། །རྐྱེན་གཞན་ལ་ལྟོས་པ་དེ་ལས་ཐོབ་པས་དེའི་བདག་ཉིད་ཕུལ་དུ་བྱུང་བ་མི་སྐྱེད་པ་ཕན་འདོགས་པའི་མཚན་ཉིད་འདི་མི་རིགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་བས་འབའ་ཞིག་འབྲས་བུ་བྱེད་པ་སེལ་བར་མི་འགྱུར་རོ། །ཇི་ལྟར་ལྷན་

ཅིག་བྱེད་པ་དང་ལྷན་ཅིག་བྱེད་པ་མ་ཡིན་པའི་གནས་སྐབས་ཀྱི་དངོས་པོ་ཐ་དད་པར་མི་འགྱུར་བའི་ཕྱིར་རྐྱེན་གཞན་ལ་ལྟོས་པའི་རང་གི་འབྲས་བུ་བྱེད་པའི་རང་གི་ངོ་བོ་ལ་ཡང་གཞན་གྱི་ངོ་བོས་བྱེད་པ་པོ་ཡིན་ཏེ། རྐྱེན་གཞན་དང་ཉེ་བར་རྟོགས་པའི་དུས་སུ་བྱེད་པ་པོ་ཉིད་ཡིན་གྱི་སྔོན་མ་ཡིན་ནོ་ཞེས་

བྱ་བ་འདིའི་དོན་ཏོ། །དེས་ཀྱང་འདི་རེས་འགའ་ཞིག་འབྲས་བུ་བྱེད་པའི་ངོ་བོ་ནི་ཐམས་ཅད་དུ་མ་ཡིན་ནོ་ཞེས་བརྗོད་ན། ཇི་ལྟར་ཐམས་ཅད་དུ་རང་གི་འབྲས་བུ་སྐྱེད་པའི་རང་བཞིན་དུ་འདི་བཤད་པར་འགྱུར། འོ་ན་ནི་དེ་ལྟར་ངོ་བོ་ཐ་དད་པ་ཉིད་དུ་དེ་དང་དེ་མ་ཡིན་པའི་དུས་སུ་སྒྲུབ་པར་འགྱུར་རོ། །

དེའི་ཕྱིར་སྐད་ཅིག་མ་རྣམས་དོན་གཅིག་བྱེད་པར་ངེས་པའི་མཚན་ཉིད་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ་ཞེས་པར་ངེས་སོ། །གཞན་གྱིས་གཞན་དག་སྐྱོན་མཚུངས་པར་བརྗོད་པར་འདོད་པ་ནི་གང་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་གོ་བླའོ། །གལ་ཏེ་སྐད་ཅིག་མ་རྣམས་དེ་ལྟར་ཡང་ཇི་ལྟར་མི་འགྱུར་ཞེ་ན།

ཇི་ལྟ་བུའི་སྐྱེད་པ་ནི་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་ཏེ། ལྷན་ཅིག་བྱེད་པ་རྣམས་ཀྱིས་ཐ་མི་དད་པར་སྐྱེད་པར་བྱེད་པས་མཐའ་མའི་རྐྱེན་གྱི་ངོ་བོས་ནུས་པ་ཉིད་དོ། །ལྷན་ཅིག་སྐྱེད་ཀྱང་སྐད་ཅིག་མ་གང་དག་སྔོན་དང་ཕྱིས་དང་སོ་སོར་ནུས་པ་མེད་དོ་ཞེས་བྱ་བ་འདིར་དེ་ཇི་ལྟར་སྐད་ཅིག་མ་ལ་རུང་བ་ཡིན།

གང་ལ་མཐའི་སྐད་ཅིག་མ་སྐྱེད་པའི་ངང་ཚུལ་ཅན་གཞན་དུ་འགྱུར། མཐའ་མའི་སྐད་ཅིག་མ་ལས་སྔོན་དང་ཕྱི་མ་དང་ཐ་དད་པའི་ངོ་བོ་གཞན་དུ་འགྱུར་ཏེ། ཐ་མའི་སྐད་ཅིག་མར་གྱུར་པ་དེ་ཉིད་ལྷན་ཅིག་བྱེད་པའི་རྒྱུན་གྱིས་ཕན་འདོགས་པའི་ངོ་བོ་ལ་ལྟོས་ནས་སྐྱེད་པའི་ཆོས་ནི་མ་ཡིན་པའི་ཕྱིར་

เล่ม ๑๘๙ · หน้า 258a

སྐད་ཅིག་མ་མེད་པའི་ཕྱོགས་ལ་བཤད་པའི་སྐྱོན་འདིར་མི་འགྱུར་རོ། །སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལ་གང་གིས་ཤེ་ན། བྱེད་པ་པོ་དང་བྱེད་པ་པོ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་པ་པོ་ནི་ཐ་མའོ། །བྱེད་པ་པོ་མ་ཡིན་པ་ནི་དེ་ལས་གཞན་པ་དེ་དག་གི་

ངོ་བོའོ། །ཐ་དད་པ་དེ་ཡང་ཐ་མི་དད་པར་བརྗོད་པར་འདོད་པ་ན་གཅིག་པ་ཉིད་དུ་བརྗོད་ལ། དེ་ལྟར་ན་བྱེད་པ་པོ་ནི་གང་མཐའ་རྒྱུ་ལས་སྐྱེས་པ་དང་བྱེད་པ་པོ་མ་ཡིན་པ་རྒྱུ་གང་ཡིན་པ་དེ་ནི་གཞན་པ་སྟེ་དེ་ཡང་ཐ་མི་དད་པར་བརྗོད་པར་འདོད་པ་ནི་གཅིག་པ་ཉིད་དུ་བཤད་པ་དེས་ན་བྱེད་པ་པོ་དང་བྱེད་པ་པོ་མ་

ཡིན་པ་དེ་དག་གི་ངོ་བོ་དེ་དག་ཆོས་ཅན་གཅིག་ལ་འགལ་བའི་ཕྱིར་རོ། །དེ་ལྟ་ན་དེ་དག་གི་ངོ་བོ་ལ་སྐྱེད་པར་བྱེད་པ་རྒྱུ་ནི་བྱེད་པ་པོ་གཅིག་གི་ངོ་བོ་དང་སྐྱེད་པར་བྱེད་པ་ལས་གཞན་བྱེད་པ་པོ་མ་ཡིན་པའི་ངོ་བོ་སྐྱེད་པར་བྱེད་པ་དེ་དག་ཀྱང་ཆོས་ཅན་གཅིག་པ་འགལ་བས་གཞན་པ་ཉིད་དེ། བྱེད་

པ་པོའི་རང་བཞིན་སྐྱེད་པར་བྱེད་པའི་རྒྱུ་ལས་སྐྱེས་པའང་བྱེད་པ་པོ་མ་ཡིན་ཏེ་ངོ་བོ་གཞན་མ་ཡིན་པའི་ཕྱིར་གང་ཞིག་འགྱུར་བ་དེ་ནི་དེ་ཉིད་མ་ཡིན་ནོ་ཞེས་ཐལ་བ་འདིར་མི་འགྱུར་རོ། །གཞན་ཡང་དེ་ལྟ་མ་ཡིན་པ་བརྟན་པའི་ངོ་བོ་རྣམས་ལ་དོན་གཅིག་བྱེད་པར་ངེས་པར་བརྟགས་པའམ་དངོས་པོ་ཉེ་བར་དགོད་

པ་ནི་གང་ཞིག་དེའི་ངོ་བོ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ལྟོས་ནས་སྐྱེད་པའི་ཆོས་ཀྱི་ངོ་བོ་ནི་ཐམས་ཅད་ཀྱི་ཚེ་སུ་ཡང་མི་བརྗོད་ཀྱི་ལྷན་ཅིག་བྱེད་པ་ཉེ་བ་ལ་ལྟོས་ནས་དངོས་པོ་རྣམས་བྱེད་པ་པོར་རྣམ་པར་འཇོག་ན་བདག་ཉིད་ཀྱིས་མ་ཡིན་པའི་ཕྱིར་རང་ཉིད་བྱེད་པ་པོ་མ་ཡིན་ན་གཞན་གྱི་ངོ་བོས་བྱེད་པ་པོ་

མི་རིགས་པས་བྱེད་པ་པོ་རྒྱུན་ཆད་པར་ཐལ་བར་འགྱུར་རོ། །རྣམ་པ་དེ་ལྟ་བུ་དེ་ནི་རང་གི་ངོ་བོས་རེས་འགའ་ཞིག་ལྷན་ཅིག་བྱེད་པའི་འབྲས་བུ་ལ་མི་ལྟོས་སོ། །གང་གཞན་ལྷན་ཅིག་པ་དང་གཞན་འབའ་ཞིག་པ་ནི་བྱེད་པ་པོ་མ་ཡིན་པ་ཐ་དད་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་དེ་ཐམས་ཅད་དུ་དེའི་ངོ་བོ་འབྲས་བུ་

བྱེད་པ་ཅིས་ན་མ་ཡིན་ཞེ་ན། འབྲས་བུ་རྐྱེན་གཞན་ལ་ལྟོས་པའི་ངོ་བོ་དེས་དེ་ལ་སྐྱེད་པར་བྱེད་པ་ཉིད་དུ་གནས་སུ་ཟིན་ཀྱང་འབའ་ཞིག་པ་ལས་མི་འབྱུང་བ་དེ་འདིར་འབྲས་བུ་ཁོ་ནའི་སྐྱོན་ཡིན་ཏེ། གང་དེ་ལ་འབའ་ཞིག་སྐྱེད་པར་བྱེད་པར་གནས་སུ་ཟིན་ཀྱང་རྐྱེན་གཞན་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་

เล่ม ๑๘๙ · หน้า 258b

དེའི་འབྲས་བུའི་བདག་ཉིད་ལྷན་ཅིག་བྱེད་པ་རྣམས་ཁོ་ན་ལས་སྐྱེ་བས་དོན་གཅིག་བྱེད་པའི་མཚན་ཉིད་ལྷན་ཅིག་བྱེད་པ་ཉིད་སྐད་ཅིག་མ་མ་ཡིན་པ་ལ་ཡང་འཐད་པའི་ཕྱིར་རོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་སྔ་མའི་སྐྱོན་ལས་མ་འདས་པར་བསྟན་པ་ནི་དེ་ལྟ་ན་ཡང་ཞེས་པ་སྨོས་ཏེ། རྒོལ་བས་ཇི་ལྟར་དེ་རྟག་

པར་མངོན་པར་འདོད་པའི་དངོས་པོ་འབའ་ཞིག་གིས་སྐྱེད་པ་ནི་མི་ཐོགས་པར་སྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡོད་དོ་ཞེས་བརྗོད་པས་ལྷན་ཅིག་པ་ཉིད་ལས་འགྱུར་ཏེ། ཚོགས་ཀྱི་ངོ་བོས་སྐྱེད་པ་ཡིན་ནོ་ཞེས་བརྗོད་པ་དེའི་ཕྱིར་འབའ་ཞིག་པ་ལས་མ་ཡིན་ཏེ་དེའི་གནས་སྐབས་འགལ་བ་ཡིན་པར་སྔར་བཤད་

དོ། །འདི་ལྟར་གང་ལ་མི་ཐོགས་པར་སྐྱེད་པའི་ཆོས་དེ་ནི་གདོན་མི་ཟ་བར་འདིས་འབྲས་བུ་བྱེད་པ་ཡིན་ནོ། །གདོན་མི་ཟ་བར་བྱེད་པའི་རང་བཞིན་མ་ཡིན་པ་ཇི་ལྟར་ཐོགས་པ་མེད་པའི་ངོ་བོ་ཡིན། མི་ཐོགས་པ་ལས་འབྲས་བུ་མཐོང་བས་ཐོགས་པ་མེད་པར་སྐྱེད་པའི་ངོ་བོར་ཁོང་དུ་ཆུད་པར་བྱའི་གཞན་

དུ་ནི་མ་ཡིན་ནོ་སྙམ་པའི་གཞན་གྱིས་བསམས་པའི་དོགས་པ་བསུ་བ་ནི་གལ་ཏེ་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ནི་འབའ་ཞིག་བྱེད་དོ་ཞེས་མི་སྨྲ་སྟེ་འོན་ཀྱང་མི་སྡོད་པར་སྐྱེད་པའི་ངོ་བོ་ཡིན་ནོ་ཞེ་ན། འདིར་ད་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱེད་པ་ཉིད་ཀྱང་

མི་འདོད་ན་ཇི་ལྟར་མི་སྡོད་པར་སྐྱེད་པའི་ངོ་བོ་ཡིན་པར་བརྗོད། འོན་ཏེ་དེ་ལྟར་ཡིན་ནོ་ཞེས་སྨྲ་ན། དེའི་ཚེ་འདི་སྐད་དུ་བརྗོད་པ་འདིས་ཡོངས་སུ་བསྟན་པར་བྱས་པ་མ་ཡིན་ནམ་ཅི་ཞིག་དེ་སྐྱེད་པ་ཡིན་སྙམ་ན། དེ་ཉིད་མི་སྡོད་པར་སྐྱེད་པའི་ངོ་བོའོ། །གང་དང་གང་སྐྱེད་པ་ཡིན་པ་དེ་གདོན་མི་ཟ་བར་

སྐྱེད་པའི་ངོ་བོར་དེ་ཇི་ལྟར་འགྱུར། གང་འབྲས་བུ་འདི་ཉིད་གཞན་ལ་རག་ལས་པས་སྐྱེད་པར་བྱེད་པར་གནས་པ་དེ་ཡང་རྐྱེན་གཞན་ལ་རག་ལས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་རིགས་ཀྱི། གང་གི་ཕྱིར་འབྲས་བུ་ཡང་སྐད་ཅིག་མ་མེད་པའི་དངོས་པོ་འབའ་ཞིག་པས་ནུས་པ་ཡོད་ཀྱང་རྐྱེན་གཞན་ལ་ལྟོས་ནས་

ཇི་ལྟར་བཏང་སྙོམས་སུ་འདུག །མི་ལྟོས་པ་མ་ཡིན་ན་ཡང་ཅི་ཞིག་བྱེད། གཞན་ལ་ཞེས་བྱ་བ་སྨོས་ཏེ། རྐྱེན་གཞན་ལ་མི་འཆོལ་བར་ནི་མ་སྤངས་པར་བྱའོ། །དེའི་འབྲས་བུའི་སྟོབས་ཀྱིས་སྐྱེད་པར་འགྱུར་རོ། །གལ་ཏེ་དེ་ལྟར་ཡིན་ན་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། དེ་ལྟ་ན་ཞེས་བྱ་བ་སྨོས་ཏེ།

เล่ม ๑๘๙ · หน้า 259a

གཞན་ལ་མི་འཆོལ་བར་སྟོབས་ཀྱིས་རང་གི་འབྲས་བུ་སྐྱེད་པ་འདིས་འབའ་ཞིག་པ་ལ་ཡང་ནུས་པ་ཡོད་པ་གང་ཡིན་པ་དེ་ནི་བདག་ཉིད་འབའ་ཞིག་གིས་ཀྱང་དེ་ནུས་པར་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ལྷན་ཅིག་བྱེད་པ་ཁོ་ན་བྱེད་པས་འབའ་ཞིག་པས་ཀྱང་

རེས་འགའ་ཞིག་ཀྱང་མི་བྱེད་པས་འབའ་ཞིག་པ་འདིས་ནུས་པ་མ་ཡིན་ནོ་ཞེས་གཞན་དག་གི་བློར་འགྱུར་ན་དེ་ལས་འདི་སྤངས་ནས་སྐྱེ་བ་ལྟ་བུའི་ཇི་ལྟར་རྗེས་སུ་འབྲང་། དེའི་ཕྱིར་འབྲས་བུ་རྐྱེན་གཞན་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་པར་བརྗོད་དོ། །འབྲས་བུ་གཞན་ལ་ལྟོས་པ་

འགལ་བ་དེའི་གནས་སྐབས་བསྟན་པ་ནི་འབྲས་བུ་གཞན་ལ་ལྟོས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་གཞན་ལ་ལྟོས་པར་བརྗོད་པ་འབའ་ཞིག་པའི་རྒྱུས་མི་སྐྱེད་དོ་ཞེས་གདོན་མི་ཟ་བར་སྨྲས་པ་ཡིན་ནོ། །འབའ་ཞིག་པ་དེས་ཀྱང་ནུས་པའི་ཕྱིར་འབའ་ཞིག་པ་དེ་ལས་ཁྱེད་འབྲས་

བུ་སྐྱེད་པ་ཡིན་ལ། འདིས་ཀྱང་གཅིག་ཁོ་ནའི་འབྲས་བུ་ཡིན་པ་དེའི་ཕྱིར་གཅིག་ལ་སྐྱེད་པ་དང་མི་སྐྱེད་པ་ཕན་ཚུན་འགལ་བས་ཇི་ལྟར་འབྲས་བུ་གཅིག་པར་བཤད། ཆོས་ཅན་དེ་ལ་ཆོས་འགལ་བ་གནས་པ་ནི་མཚན་ཉིད་ཐ་དད་པ་ཡིན་པའི་ཕྱིར་གཅིག་པར་བརྗོད་པ་ན་མ་ཡང་ཡིན་ལ་མོ་གཤམ་

ཡང་ཡིན་ནོ་ཞེས་བརྗོད་པ་འདི་དང་འདྲ་བར་འགྱུར་བའི་སྔར་བཤད་པའི་སྐྱོན་དེ་ལས་མི་འགྲོལ་ལོ། །གང་གི་ཕྱིར་འདི་ལྟར་བརྗོད་པ་ན་འགལ་བར་བརྗོད་པས་མི་རྟོགས་པ་དེ་ལྟ་བས་ན་སྐད་ཅིག་མ་མེད་པར་བརྗོད་པས་སྐད་ཅིག་མའི་ཕྱོགས་ལ་གནོད་པ་མེད་པས་དེའི་རྩོད་པ་རྣམས་རྫོགས་པར་

བསྟན་ཏོ། །མི་བཟོད་པའི་མཚན་ཉིད་ནི་ཕྲག་དོག་གོ། །ཟུག་རྔུ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ན་གནད་དུ་བསྣུན་པ་ནད་ཀྱིས་ཟུག་པའོ། །ཕྲག་དོག་གི་ཟུག་རྔུས་གནད་དུ་བསྣུན་པས་མཆོག་ཏུ་ཡིད་མི་བདེ་བ་ཅན་འདི་འགལ་བར་བརྗོད་པས་མི་རྟོགས་པ་ནི་འཆལ་བ་སྟེ། སྔ་མ་དང་ཕྱི་མ་མི་

འབྲེལ་པས་འཆོལ་པའོ། །འཁང་བས་འགལ་བར་བྱེད་པའི་ཕྱིར་སེམས་ནི་བདེ་ཞིང་བསྐྱེད་པར་འདོད་པ་མི་གུས་པས་དེའི་སྐྱོན་བརྗོད་པ་ན་མྱུར་དུ་སྡུག་བསྔལ་བསྐྱེད་པས་རྨ་ལ་བ་ཚ་བཏབ་པ་དང་མཚུངས་པའི་ཕྱིར། མཁས་པ་བློ་དང་ལྡན་པས་བཏང་སྙོམས་སུ་བྱ་བར་འོས་སོ། །དེ་ཉིད་སྐད་ཅིག་

เล่ม ๑๘๙ · หน้า 259b

མ་མེད་པ་རྣམས་ལ་རྣམ་པ་འགའ་ཞིག་དོན་བྱེད་པས་ངེས་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་སྲིད་པ་མ་ཡིན་ནོ་ཞེས་བསྟན་པའི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་བརྟན་པའི་ངོ་བོ་སོ་སོར་ཡོད་པ་སྲིད་པ་དེ་དག་སྐད་ཅིག་མེད་པ་རྣམས་སོ་སོར་འབའ་

ཞིག་པས་འབྲས་བུ་སྐྱེད་པ་སྲིད་པས་ལྷན་ཅིག་མི་བྱེད་པའི་ཕྱིར་ལྷན་ཅིག་བྱེད་པས་ངེས་པ་མི་རིགས་སོ། །དོན་གཅིག་བྱེད་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་འདི་སྐད་ཅིག་མ་རྣམས་ཁོ་ན་ལ་དེ་དག་རང་གི་རྒྱུ་ཡོངས་སུ་གྱུར་པ་དང་ཉེ་བའི་ཆོས་ཕན་ཚུན་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྐྱེན་ཚོགས་

པ་གཅིག་པས་སྐྱེད་པ་ཐ་དད་པ་སྲིད་པའི་ཕྱིར་རོ། །འོ་ན་ནི་ཕུལ་དུ་བྱུང་བ་བསྐྱེད་པའི་མཚན་ཉིད་ཀྱང་ལྷན་ཅིག་བྱེད་པ་ཉིད་ལས་འབྱུང་བར་མཐོང་བའི་ཕྱིར་དེ་ཇི་ལྟར་ཐམས་ཅད་ཕུལ་དུ་བྱུང་བ་སྐྱེད་པའི་ལྷན་ཅིག་བྱེད་པ་མ་ཡིན་ནོ་ཞེས་སྔར་བཤད་པ་ཡིན། དེ་ལྟ་ན་མང་པོ་རྣམས་དོན་གཅིག་བྱེད་པ་ཇི་ལྟར་

ཡིན་ཞེ་ན། དེས་ན། གང་དུ་རྒྱུན་དུ་ཕན་འདོགས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཅིག་བྱེད་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་ཐམས་ཅད་དུ་ཕུལ་དུ་བྱུང་བ་སྐྱེད་པ་ནི་མི་སྲིད་དེ་གང་ལ་རྐྱེན་གྱིས་ཕན་འདོགས་པ་སྔ་མ་སྔ་མའི་རྐྱེན་རྣམས་ལས་སྐད་ཅིག་མ་ཕྱི་མ་ཕྱི་མའི་ཁྱད་པར་

ཅན་དང་ཁྱད་པར་ཅན་དུ་སྐྱེད་པ་ཡོད་དེ་ལྷན་ཅིག་བྱེད་པར་བརྗོད་པར་འདོད་པ་འབྲས་བུའི་རྒྱུ་ཡིན་པར་བསྟན་ཏེ། དཔེར་ན་འབྲས་ཐུག་པོ་ཆེ་ལ་སོགས་པ་ལས་འབྲས་ཆན་ལ་སོགས་པ་དང་། མེ་དང་ཆུ་དང་ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་སྐྱེད་པའི་ས་ལ་སོགས་པ་དེ་ལ་ཁྱད་པར་དུ་སྐྱེད་

པའི་རྐྱེན་རྣམས་ལྷན་ཅིག་བྱེད་པར་འཇིག་རྟེན་པ་བརྗོད་པ་ནི་རྒྱུན་ལ་བརྟེན་ནས་སྔ་མ་སྔ་མའི་སྐད་ཅིག་མ་རྣམས་ལས་གཉིས་པ་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་དང་རྒྱུན་གྱི་འབྲས་བུ་མཚན་ཉིད་དུ་བཤད་པ་ལ་བརྟེན་ནས་སྔ་མ་དང་ཕྱི་མའི་སྐད་ཅིག་མ་དག་གཅིག་ཏུ་མངོན་པར་ཞེན་ནས་དེ་ཉིད་འདི་ཡིན་

ཞེས་ཁྱད་པར་དུ་འབྱུང་ངོ་ཞེས་བྱ་བའི་རྫས་ལ་བརྟེན་ནས་མ་ཡིན་ཏེ་དངོས་པོ་ལ་བརྟེན་པ་བཏགས་པ་ཡིན་པ་དེས་ན་དོན་དམ་པ་མ་ཡིན་ནོ། །སྔ་མ་དང་སྔ་མའི་རང་གི་རྒྱུ་ཡོངས་སུ་གྱུར་པ་དང་ཉེ་བའི་ཆོས་རྣམས་ལས་ཕྱི་མ་ཕྱི་མ་ཁྱད་པར་ཅན་དུ་སྐྱེད་དེ་རྒྱུའི་ཚོགས་པ་སྔ་མའི་དོན་གཅིག་བྱེད་པའི་མཚན་ཉིད་ནི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด