གཏན་ཚིགས་ཐིགས་པའི་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཧེ་ཏུ་བིནྡུ་བི་བ་ར་ཎ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๙ · หน้า 287a

བྱ་བའི་ངོ་བོ་ཉིད་དེ་ནི་གང་གི་ཚེ་བྱེད་པ་པོ་ལ་ལྟོས་པ་དེའི་ཚེ་དེའི་དམིགས་པ་ནི་བྱེད་པ་པོའི་ཆོས་ཉིད་ལ་ལྟོས་ལ། དེའི་ཤེས་པ་ནི་རྟེན་པའམ་དམིགས་པ་སྟེ་ཤེས་པ་གང་ཡིན་པ་དེ་དམིགས་པར་བརྗོད་པ་དང་། དམིགས་པ་ནི་བློ་དང་དབང་པོ་དང་ལུས་ཀྱི་ཚོགས་པ་

ཁོ་ན་སྐད་ཅིག་མ་སྔ་མ་བཟུང་ནས་ཉེ་བར་དམིགས་པ་སྐྱེད་པར་བྱེད་པར་བརྗོད་དོ། །དེ་བཞིན་དུ་དམིགས་པ་སྐྱེད་པར་བྱེད་པའམ་རྟེན་པའམ། བྱེད་པ་པོར་གཞན་དག་བརྗོད་པ་དང་། དབང་པོ་ལ་སོགས་པ་ལས་གཞན་གྱིས་སྐྱེད་པར་བྱེད་པ་ཉིད་དུ་མི་སྲིད་དེ་གང་གི་ཕྱིར་རྗེས་སུ་འགྲོ་བ་དང་

ལྡོག་པའི་རྗེས་སུ་བྱེད་པ་རྒྱུ་དང་འབྲས་བུའི་ཐ་སྙད་བྱེད་པ་དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་དབང་པོ་ལ་སོགས་པ་ལས་གཞན་ལ་མི་སྲིད་པའི་ཕྱིར་དང་དབང་པོ་ལ་སོགས་པ་ཡོད་པ་རྣམས་ལས་ངེས་པར་དམིགས་པའི་ཕྱིར་རོ། །གང་གི་ཚེ་དབང་པོ་ལ་སོགས་པ་རྣམས་ཡོད་ཀྱང་

རེས་འགའ་ཞིག་དམིགས་པ་མི་སྐྱེ་བ་དེའི་ཚེ་རྒྱུ་གཞན་ཡོད་པ་རྣམས་ཀྱི་ནུས་པ་ལས་འབྲས་བུ་མི་སྐྱེད་དེ་རྒྱུ་གཞན་མ་ཚང་བ་བསྟན་པའི་ཕྱིར་རོ། །དེ་ལས་ཐ་དད་པའི་རྒྱུ་གཞན་ཡོངས་སུ་བསྟན་ན་ནི་བདག་ཀྱང་ཡོད་པ་མ་ཡིན་ལ། དེ་ཇི་ལྟར་བདག་ཉིད་ལས་སྐྱེ་བ་ཡིན། རྒྱུ་མཚན་མེད་

པར་ཁས་བླངས་ན་ནི་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ། གང་ཞིག་ཡོད་ན་གང་འབྱུང་བ། །དེ་ལས་གཞན་ནི་བརྟགས་ན་ནི། །དེ་རྒྱུ་ཉིད་ཀྱིས་ཐམས་ཅད་དུ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །ཞེས་བཤད་དོ། །རྟེན་པ་ཉིད་ཀྱང་སྐྱེད་པར་བྱེད་པ་ཁོ་ན་ཡིན་ཏེ་དེ་ཡང་

དེའི་བདག་ཉིད་དུ་སྲིད་པ་མ་ཡིན་ནོ། །གལ་ཏེ་འཇིག་པར་བྱེད་པའི་ཕྱིར་རྟེན་ཡིན་ནོ་ཞེ་ན། སྐད་ཅིག་མ་མ་ཡིན་པ་ཡང་འཇིག་པ་མེད་པས་གནས་པ་མེད་དོ། །འདི་ལྟར་མི་འཇིག་པར་དམིགས་པ་ཁོ་ན་གནས་པ་ཞེས་བརྗོད་ཀྱི་ལྕི་བ་མེད་པའི་ཕྱིར་ལྟུང་བ་མེད་དོ། །གལ་ཏེ་ལྡན་པ་མེད་

པ་ནི་ལྕི་བའི་ཕྱིར་ལྟུང་བ་ཡིན་ནོ་ཞེས་གཞན་དག་བརྗོད་དེ་ལྡན་པ་ལ་བརྟེན་པ་ཡིན་ནོ་ཞེ་ན། འོ་ན་དེ་ཡང་རྟེན་དང་བརྟེན་པའི་འབྱུང་བ་རྣམས་ཡོད་པར་འདོད་པས་མི་ལྟུང་བའི་ཆོས་ཀྱི་རྟེན་དུ་དམིགས་པ་ནི་ཅི་ཡང་མེད་དོ། །འདུ་བ་རྟེན་པ་ཡིན་ན་ནི་གཞན་ལ་ཡང་ཐལ་བར་འགྱུར་ཏེ།

เล่ม ๑๘๙ · หน้า 287b

དེའི་བདག་ཉིད་ཐམས་ཅད་ལ་མཚུངས་པའི་ཕྱིར་དང་འདི་གཅིག་པ་ཉིད་དུ་ཁས་བླངས་པའི་ཕྱིར་དང་། རིམ་དང་ཅིག་ཅར་གྱི་དོན་གྱི་བྱེད་པ་འགལ་བ་འདི་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྐྱེད་པར་བྱེད་པ་ཉིད་དང་རྟེན་པར་བྱེད་པ་ག་ལ་ཡིན། འདི་དག་བཏགས་པ་ལ་འཐག་པར་བྱེད་པ་

ཡིན་ནོ། །དེ་ལྟར་དམིགས་པ་བསྟན་ནས་མི་དམིགས་པ་བསྟན་པ་ནི་མ་ཡིན་པར་ཞེས་བྱ་བ་སྨོས་ཏེ། བཟར་མི་རུང་བ་ནི་བཟར་མི་རུང་བར་རྗོད་པར་འདོད་པ་དེ་ནི་བཟའ་བ་ལས་གཞན་ཡིན་པའི་ཕྱིར་གྲོང་གི་ཁྱིམ་བྱ་བཟར་མི་རུང་བ་ལས་གཞན་པ་ནི་བཟར་རུང་བར་ཡང་བརྗོད་དོ། །རེག་ཏུ་

མི་རུང་བ་བཞིན་ཞེས་བྱ་བ་ནི་རེག་ཏུ་རུང་བ་དང་འགལ་བར་བརྗོད་པར་འདོད་པའི་རེག་ཏུ་རུང་བ་ལས་གཞན་ཡིན་པའི་ཕྱིར་རེག་ཏུ་མི་རུང་བ་དོན་ལ་སོགས་པ་དེ་ལས་གཞན་པ་ནི་རེག་པར་བྱ་བ་ཡིན་ནོ། །དེ་ནི་དམིགས་པའི་རིག་བྱར་གྱུར་པའི་མི་དམིགས་པ་འདོད་པར་བྱའོ། །གལ་

ཏེ་མ་ཡིན་པ་ནི་དགག་པའི་ཡུལ་ལ་ཡིན་པའི་ཕྱིར་ཇི་ལྟར་དངོས་པོའི་མ་ཡིན་ཞེ་ན། མ་ཡིན་པར་འཇུག་པས་ཞེས་བྱ་བ་སྨོས་ཏེ། མ་ཡིན་པ་དགག་པའི་དོན་སྤངས་ནས་ཁྱད་པར་གྱི་དོན་ལ་འཇུག་པ་དེ་ལ་དགག་པ་གཟུང་བར་མི་བྱ་སྟེ། དགག་པ་ནི་དངོས་པོའི་ཡུལ་ཅན་ཡིན་ཏེ།

གང་ལ་སྒྲུབ་པ་གཙོ་བོས་དགག་པའི་དོན་བཟུང་ནས། རང་གི་ཚིག་གི་སྒྲུབ་པར་སྟོན་པའི་ངག་གཅིག་པ་དེ་ལ་མ་ཡིན་པར་དགག་པ་འཇུག་པ་དང་སྒྲུབ་པ་གཙོ་བོར་བརྗོད་པས་དམིགས་པ་ནི་གཞན་དམིགས་པ་ཡིན་པ་དེ་ལྟར་ངག་གིས་གཞན་དམིགས་པར་བརྗོད་དོ། །གཞན་

དམིགས་པར་བརྗོད་པ་ན་ཤུགས་ཀྱིས་མི་དམིགས་པ་ཁོ་ན་བརྗོད་པར་འདོད་དོ། །དགག་པར་རྟོག་པ་བརྗོད་པར་འདོད་པ་ནི་དམིགས་པ་ལྡོག་པ་མེད་ན་དེ་ལ་ལྟོས་ནས་གཞན་དུ་བརྗོད་པར་མི་རིགས་པའི་ཕྱིར་རོ། །རང་གི་ཚིག་གིས་དགག་པ་དང་སྒྲུབ་པ་ལ་བརྟེན་པར་མ་བརྗོད་

པ་དེ་ལྟ་ན་འོན་ཏེ་སྒྲ་ཡིས་མ་ཡིན་པ་ལ་བརྟེན་པ་སྒྲ་གཞན་ཉིད་ཀྱི་ངག་གིས་རབ་ཏུ་སྦྱོར་བའི་ཕྱིར་རོ། །གཞན་དམིགས་པའི་མི་དམིགས་པ་ཡིན་པའི་ཕྱིར་རོ། །དགག་པ་ནི་སུབ་ཀྱི་མཐའ་ཡིན་ལ། ཏིའི་མཐའ་ནི་མ་ཡིན་ཏེ། ངག་གཅིག་པ་ཉིད་དམིགས་པ་མེད་པ་མི་

เล่ม ๑๘๙ · หน้า 288a

དམིགས་པ་ཡིན་ནོ། །མེད་པར་དགག་པ་ནི་འདི་དག་ལས་ཀྱང་བཟློག་པར་རིག་པར་བྱའོ། །དེ་ལ་དགག་པ་ནི་གཙོ་བོ་ཡིན་ལ་སྒྲུབ་པ་ནི་ཤུགས་ཀྱིས་གོ་བར་བྱ་བ་དག་ཐ་དད་པ་ཡིན་ལ། རང་གི་ཚིག་གིས་དགག་པ་ལ་བརྟེན་པ་མི་སླུ་བའོ། །དེ་ལྟར་དེའི་

ཤེས་པའི་ཆོས་ཀྱི་མཚན་ཉིད་ཀྱི་མི་དམིགས་པ་བཤད་ནས་ཤེས་པར་བྱ་བའི་ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་དམིགས་པར་བྱ་བའི་ཆོས་ཉིད་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ལས་ལ་གནས་པའི་བྱ་བ་ལ་ལྟོས་པ་ན་དམིགས་པར་བྱ་བའི་དངོས་པོའི་

ཆོས་དམིགས་པར་བརྗོད་པར་འདོད་པ་དེའི་ཚེ་ཡུལ་གྱི་རང་བཞིན་གྱི་དམིགས་པར་རིག་པར་བྱའོ། །གལ་ཏེ་ཡུལ་གྱི་ངོ་བོ་ཅི་འདྲ་བ་ཞིག་ཡིན་ཞེ་ན། རང་གི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་པ་དགག་པར་བྱ་བའི་བདག་ཉིད་ཀྱི་ཡུལ་ཅན་གྱི་རྣམ་

པར་ཤེས་པ་གང་ཡིན་པ་དེ་ནི་སྐྱེད་པར་རུང་བའི་མཚན་ཉིད་དོ། །ཡུལ་གྱི་ངོ་བོ་ལ་དམིགས་པའི་སྒྲ་བརྗོད་དོ། །གལ་ཏེ་ཡུལ་གྱི་ངོ་བོ་ཇི་ལྟར་དམིགས་སུ་རུང་བའི་མཚན་ཉིད་ཡིན། ཆོས་དང་ཆོས་ཅན་ནི་ཐ་དད་པ་ཡིན་ཞེ་ན། རུང་བའི་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རུང་

བ་ནི་དོན་དམ་པར་ན་དངོས་པོའི་ངོ་བོ་ཉིད་དེ། དངོས་པོའི་ངོ་བོ་ལས་ཐ་དད་པ་ནི་མེད་དོ། །དེ་ལྟ་མ་ཡིན་ན་དངོས་པོའི་རུང་བ་ཉིད་དུ་མི་འགྱུར་བ་དང་། རུང་བ་འདི་ཡིན་ནོ་ཞེས་དངོས་པོ་དང་འབྲེལ་པར་ཡང་མི་འགྱུར་བ་དང་། འབྲེལ་པ་ཅན་བརྟགས་ན་ཡང་ཐུག་པ་མེད་པར་འགྱུར་

རོ་ཞེས་ལན་མང་དུ་བཤད་ཟིན་ཏོ། །དེ་ཉིད་དམིགས་པར་བྱ་བ་ཡུལ་གྱི་ཆོས་སུ་བསྟན་པ་ན་མི་དམིགས་པ་རྟོག་པ་ཡིན་པར་དེ་ལས་གཞན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་བུམ་པ་ལ་སོགས་པ་དགག་པར་བྱ་བ་ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་

རུང་བ་ལས་གཞན་པ་དམིགས་པར་སྐྱེད་པར་རུང་བ་ཉིད་དེ་ལས་ཕྱིན་ཅི་ལོག་པ་ནི་མ་ཡིན་ནོ། །བུམ་པའི་རང་བཞིན་གྱིས་དབེན་པའི་ཕྱོགས་ཀྱི་ངོ་བོ་དེ་ཉིད་ལ་འདིར་མི་དམིགས་པའི་སྒྲས་བརྗོད་དོ། །སྔ་མ་ཉིད་ཀྱི་རིགས་པ་ཙམ་འདིར་བསྟན་པ་ནི་སྔ་མ་བཞིན་ཞེས་བྱ་བ་ལ་སོགས་

เล่ม ๑๘๙ · หน้า 288b

པ་སྨོས་ཏེ། བརྗོད་པར་འདོད་པའི་དམིགས་པ་ལས་གཞན་ཡིན་པའི་ཕྱིར་བཟར་མི་རུང་བ་དང་རེག་ཏུ་མི་རུང་བ་བཞིན་དུ་མ་ཡིན་པར་དགག་པ་ལ་འཇུག་གོ། །ཇི་ལྟར་དགག་པ་ཡང་གཞན་གྱི་དོན་ལ་འཇུག་པ་ཡིན། ཐུན་མོང་བའི་བུམ་པ་ཡོད་པས་དབེན་པའི་ཕྱོགས་ཀྱི་ཤེས་

པའམ་ས་ཕྱོགས་ཏེ་བུམ་པས་དབེན་པའི་མི་དམིགས་པ་འདི་མ་ཡིན་པར་དགག་པ་འཇུག་པར་རབ་ཏུ་བཏགས་པ་ཡིན་གྱི། ཁྱད་པར་མེད་པར་འདི་དག་ཐམས་ཅད་ཀྱང་གཞན་གྱི་སྒྲས་བརྗོད་པར་མི་བྱའོ་སྙམ་ནས་གང་དུ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དུ་ནི་ཡུལ་

དང་དུས་དང་གནས་སྐབས་བར་དུ་མ་ཆོད་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །གང་ཞིག་ནི་ས་ཕྱོགས་ཀྱི་ངོ་བོ་ལ་སོགས་པ་དམིགས་པར་བྱའོ། །ངེས་པར་ནི་གདོན་མི་ཟ་བའོ། །དོན་གཞན་བུམ་པ་ལ་སོགས་པའི་ངོ་བོ་དམིགས་པར་འགྱུར་རོ། །དེ་ནི་བུམ་པ་ལ་སོགས་པའི་ངོ་བོ་དེ་

དང་འདྲེ་བ་དེས་ན་ས་ཕྱོགས་ལ་སོགས་པའི་ངོ་བོ་དང་འདྲེ་བའོ། །གལ་ཏེ་གཅིག་ལ་དམིགས་པར་བྱ་བ་ཡང་ཇི་ལྟར་གཞན་ལ་ངེས་པར་དམིགས་པར་འགྱུར་ཞེ་ན། རུང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །ས་ཕྱོགས་ཀྱི་བུམ་པའི་ངོ་བོ་དག་ནི་རང་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་

སྐྱེད་པར་རུང་བར་མཚུངས་སོ། །གང་གི་ཚེ་ས་ཕྱོགས་ཀྱི་ངོ་བོ་བར་དུ་ཆོད་པའི་སྐལ་བ་ལ་སོགས་པ་སྤངས་པ་ནི་རྣམ་པར་ཤེས་པ་ལ་རང་གི་རྣམ་པར་འཇོག་པ་ཡིན་པ་དེའི་ཚེ་བུམ་པའི་ངོ་བོ་ཡང་དེ་ལ་དེ་བཞིན་དུ་རང་གི་རྣམ་པ་གཏོད་པར་འགྱུར་བ་ཉིད་དོ། །གལ་ཏེ་རུང་བ་དེ་དང་

དེ་ནི་རང་རང་གི་ངོ་བོ་ལ་གནས་པ་ཡིན་ཇི་ལྟར་དེ་དང་འདྲེ་བ་ཡིན་ཞེ་ན། ཤེས་པ་གཅིག་དང་འདྲེ་བའི་ཕྱིར་རོ། །ཤེས་པ་གཅིག་ལ་དེ་གཉིས་ཀྱང་དེ་དག་གི་རྣམ་པའི་སྒོ་ནས་འདྲེ་བ་ནི་དངོས་སུ་མ་ཡིན་པས་དེའི་རྣམ་པར་ཤེས་པ་དོན་གྱི་རྣམ་པ་གཉིས་སྐྱེས་པ་དག་གི་བདག་ཉིད་འདྲེ་

བར་བསྟན་ཏོ། །ཅི་དེའི་ཤེས་པ་ལ་དོན་གྱི་རྣམ་པ་གཉིས་གདོན་མི་ཟ་བར་ཡང་འགྱུར་རམ། གང་གིས་དེ་གཉིས་ཤེས་པའི་སྒོ་ནས་འདྲེ་བ་ཡིན་ཞེ་ན། དེ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་མཚུངས་པར་རུང་བའི་ངོ་བོ་གང་ཡིན་པ་དེ་དག་གང་གི་ཚེ་ཡོད་པར་

เล่ม ๑๘๙ · หน้า 289a

གྱུར་པ་དེའི་ཚེ་རྣམ་པ་གཅིག་ངེས་པར་རྟོགས་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མི་སྲིད་པའི་ཕྱིར་རོ། །འདི་དག་ཡོད་པར་སྲིད་ན་མཚུངས་པར་རུང་བའི་ངོ་བོ་གཉིས་ལས་གཅིག་ཁོ་ན་སྣང་བ་མ་ཡིན་ཏེ་གཞན་དུ་མ་ཡིན་ནོ། །དེ་ལྟ་ན་རུང་བར་ཁྱད་པར་

མེད་པའི་ཕྱིར་ཅིས་ན་དེ་ལ་རང་གི་རྣམ་པ་གཏོད་པར་མི་བྱེད་དེ་ཅིག་ཅར་སྣང་བར་ཡང་ཉམས་སུ་མྱོང་བས་གྲུབ་བོ། །ཉམས་སུ་མྱོང་བ་དང་འགལ་བར་མི་མཁས་པ་ཡིས་བརྗོད་པ་ལ་གནོད་པ་མེད་པས་བརྗོད་པར་མི་བྱའོ། །གལ་ཏེ་མགྱོགས་པར་འབྱུང་བའི་ཕྱིར་ཅིག་ཅར་སྙམ་དུ་སེམས་སོ་

ཞེ་ན། མ་ཡིན་ཏེ་གནོད་པར་བྱེད་པའི་རྐྱེན་སྤངས་པས་འཁྲུལ་པར་བརྟག་པར་མི་རིགས་པས་ཐམས་ཅད་དུ་དེ་བཞིན་དུ་དངོས་པོ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རྒྱུའི་ཆོས་འདི་ཁོ་ན་གང་གི་ཚེ་ལས་སུ་བྱ་བ་གཅིག་སྒྲུབ་པ་དུ་མ་མི་བྱེད་ལ་དབང་པོ་དེ་ལས་དུ་མར་རྟོགས་པའི་རྒྱུ་

བྱེད་པ་ནི་མ་ཡིན་ནོ་ཞེ་ན། ཇི་ལྟར་མར་མེ་ལ་སོགས་པས་རྟོགས་པར་བྱེད་པ་མང་པོ་རྣམས་ལ་དུ་མ་སྐྱེད་པར་བྱེད་པ་ཡིན། བྱེད་པ་པོ་ཐ་དད་པས་སྐྱོན་མེད་དོ་ཞེ་ན། བྱེད་པ་པོ་གཅིག་ཡིན་པའི་ཕྱིར་བྱ་བ་དང་ལས་གཅིག་ཡིན་པས་ཇི་ལྟར་རྒྱུའི་ཆོས་ཡིན་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ནི་བསླང་

པ་ཡིན་ནོ། །དངོས་པོ་རྣམས་སྐད་ཅིག་མ་རེ་རེ་སོ་སོར་གྱེས་པ་ལ་དོན་དམ་པར་མེད་པས་སོ། །བྱེད་པ་པོ་དང་བྱེད་པ་པོ་ལ་སོགས་པའི་དངོས་པོའམ་བྱ་བ་འགའ་ཞིག་ཀྱང་མི་རིགས་སོ། །ཐམས་ཅད་ཀྱི་བྱེད་པ་པོ་དང་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་འབྲས་བུ་འགའ་

ཞིག་ཕུལ་དུ་བྱུང་བ་ཡོད་པ་མ་ཡིན་ཏེ། གང་གིས་འདི་བྱེད་པ་པོ་དག་དང་བྱེད་པར་རིག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཞན་གྱིས་ཡོངས་སུ་བརྟགས་པ་དེའི་ཕྱིར་རུང་བ་དེ་ཉིད་དུ་ཁྱད་པར་མེད་དོ། །ག་ལས་ཤེ་ན། གཅིག་གི་ངོ་བོ་ངེས་པར་རྟོགས་པ་སྲིད་པའི་ཕྱིར་ཤེས་པ་གཅིག་

ལ་ཚོགས་པར་གྲུབ་པ་དང་། རུང་བའི་ངོ་བོ་ཉིད་དུ་མཚུངས་པ་འདི་དག་ཉིད་རྟགས་ཡིན་ནོ། །རུང་བའི་ངོ་བོ་ཉིད་དུ་མེད་པ་དང་མཚུངས་པས་ཅིག་ཅར་དབང་པོ་ལས་སྐྱེས་པའི་ཤེས་པ་ལས་སོ་སོར་སྣང་བ་ནི་གཟུགས་དང་རོ་བཞིན་དུ་མི་སྲིད་པའི་ཕྱིར་རོ། །དེ་ལ་གང་དག་བདེ་བར་

เล่ม ๑๘๙ · หน้า 289b

གཤེགས་པ་རྣམས་ཀྱིས་སྐྱེ་མཆེད་གཅིག་གི་གཟུང་བ་མ་ཡིན་པར་འདི་བསྟན་ཏོ། །དུ་མ་ལ་ཡང་དབང་པོའི་ཤེས་པ་གཅིག་སྐྱེ་བའི་ཕྱིར་དེ་དག་ཤེས་པ་གཅིག་ལ་ཚོགས་པ་ནི་གཙོ་བོ་ཁོ་ན་ཡིན་ནོ། །དེ་ལ་ཡང་དོན་རེ་རེ་ཐ་དད་པ་ཉིད་དབང་པོ་གཅིག་གི་རྒྱུ་མཚན་ལས་གཞན་པ་དུས་གཅིག་

པ་གང་ཡིན་པ་དེའི་ཡུལ་རྣམས་ཅིག་ཅར་ཉེ་བ་ན་རང་གི་ཤེས་པ་ལ་ནུས་པ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་པས་གཅིག་ཏུ་མངོན་པར་ཞེན་པའི་ཤེས་པ་སྐྱེད་པ་ཡིན་ནོ་ཞེས་བརྗོད་དེ། དེ་དག་དབང་པོ་གཅིག་ལས་སྐྱེས་པ་ཡིན་པ་དང་སྐྱེ་མཆེད་གཅིག་གི་ཡུལ་ཡིན་པས་

དུས་གཅིག་པ་རྣམས་ལ་འཇིག་རྟེན་པས་དེ་བཞིན་དུ་ངེས་པས་གཅིག་གི་ཐ་སྙད་དུ་བྱེད་པ་ནི་བཏགས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཤེས་པ་གཅིག་ལ་ཚོགས་པ་དེ་ནི་འདྲེ་བ་ཡིན་པ་དེ་ལྟ་ན་ཡང་ཐུན་མོང་དུ་ཐམས་ཅད་ལ་གཞན་པའི་བདག་ཉིད་དུ་ཅི་སྟེ་དགག་པར་མི་རྟོགས་ཤེ་ན། དེ་ལྟ་བས་ན་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རུང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རུང་བ་ཉིད་ནི་ཇི་སྐད་བཤད་པའི་རྣམ་པས་ཤེས་པ་གཅིག་ལ་གཉིས་གང་ཡང་ཚོགས་པ་དེའི་ཕྱིར་རུང་བ་ཉིད་ཀྱི་ངོ་བོ་ཁྱད་པར་མེད་པ་ཅན་གང་དང་གང་ཡིན་པ་དེ་ཉིད་ལས་ཤེས་པ་གཅིག་ལ་ཚོགས་པ་དེ་དག་

ཡིན་པ་དེའི་ཕྱིར་དེ་དག་དེ་ལྟ་བུའི་ངོ་བོ་ཕན་ཚུན་ལྟོས་པ་ཁོ་ན་ཡིན་གྱི་གཞན་པ་ཚིག་གི་དོན་ཐམས་ཅད་ལ་ལྟོས་པ་མ་ཡིན་ནོ། །གཞན་པ་ཉིད་ནི་འདིར་མི་དམིགས་པ་ལ་འགྱུར་བ་མེད་དོ། །གལ་ཏེ་འཇིག་རྟེན་པ་ཡང་དོན་གཞན་པ་མ་ལུས་པ་ལ་ལྟོས་ནས་གཞན་པ་ཉིད་ཁྱབ་པའི་

རིགས་པ་ལ་བརྟེན་ནས་ལ་ལར་དགག་པ་བརྗོད་དོ། །དེ་ལྟ་ན་ཡང་དེ་ནི་འདིར་གཟུང་བར་མི་བྱའི་ཉེ་བའི་རིགས་པ་ལ་བརྟེན་ནས་ཤེས་པ་གཅིག་ལ་ཚོགས་པའི་མཚན་ཉིད་ནི་ཉེ་བའི་རིགས་པ་ལ་བརྟེན་ནས་ཚད་མར་བསམ་པ་ལ་འགྱུར་བ་མེད་དོ། །དེ་ལྟ་མ་ཡིན་ན་མི་དམིགས་

པ་མ་ངེས་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་སེམས་པས་རྣམ་པ་དེ་ལྟ་བུའི་གཞན་པ་ཉིད་ལ་བརྟེན་ནས་མི་དམིགས་པའི་རྒྱུ་མཚན་ལ་འཁྲུལ་པ་མེད་པ་གང་ཡིན་པ་དེ་ཡང་ཇི་སྐད་བཤད་པ་བཞིན་དུ་དགོངས་པ་ཡིན་ནོ། །དེ་ལྟར་ན་དེ་ནི་ཤེས་པ་གཅིག་ལ་ཚོགས་པ་ལ་ལྟོས་

เล่ม ๑๘๙ · หน้า 290a

ནས་གཞན་པ་ཉིད་དུ་རྟོགས་པ་ནི་མི་དམིགས་པར་བསྟན་པས་ནི་དེ་འབའ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་གང་གི་ཚེས་ཕྱོགས་འབའ་ཞིག་ཇི་ལྟར་བཤད་པའི་བུམ་པ་ལ་ལྟོས་པ་དེའི་ཕྱིར་གཞན་ཞེས་བརྗོད་པ་དེའི་ཚེ་བུམ་པས་དབེན་པའི་ས་

ཕྱོགས་སམ་ཤེས་པ་ལ་མི་དམིགས་པ་ཡིན། དཔེར་ན་དབང་ཕྱུག་སྡེས་བསམས་པའི་དམིགས་པ་མེད་པ་ཙམ་གྱིས་མི་དམིགས་པ་བཞིན་དུ་མ་ཡིན་ཏེ། འཆད་པར་འགྱུར་བའི་སྐྱོན་དང་ལྡན་པའི་ཕྱིར་རོ། །བུམ་པས་དབེན་པའི་ཕྱོགས་ཀྱི་ངོ་བོ་ནི་དེས་དབེན་པའི་ཤེས་

པ་ཉིད་ནི་མ་ཡིན་ཏེ། ཇི་ལྟར་གཞོན་ནུ་མ་ལེན་གྱི་རྣམ་པར་ཤེས་པའམ་གཞན་པའི་དངོས་པོ་གཞན་དུ་མ་ཡིན་ཏེ། ཇི་ལྟར་གཞན་གྱི་དངོས་པོའི་ཡུལ་གྱི་རྣམ་པར་ཤེས་པ་ཉམས་སུ་མྱོང་བ་རྣམས་དང་མི་མཐུན་པའི་དྲན་པ་ལྟོས་པ་མེད་པའི་ཐ་སྙད་དུ་བྱེད་པའི་རྒྱུ་མཚན་ཡིན་པ་

དེ་ལྟ་ན་དེས་དབེན་པའི་ས་ཕྱོགས་ཀྱང་ཡིན་ནོ། །དེ་ལྟ་ན་རྟོགས་པར་བྱེད་པ་འགའ་ཞིག་གིས་གང་གི་ཕྱིར་ཕྱོགས་འབའ་ཞིག་གི་རྣམ་པ་ཉིད་ཀྱི་ཤེས་པའི་བདག་ཉིད་དུ་རིགས་པ་ཡིན་གྱི་བུམ་པའི་རྣམ་པ་མ་ཡིན་པ་དེའི་ཕྱིར་འདིར་བུམ་པ་མེད་དོ་ཞེས་བྱ་བ་དེ་བཞིན་དུ་མེད་པའི་ཤེས་པ་སྐྱེད་པ་

ཡིན་ནོ། །གང་གི་ཕྱིར་འགའ་ཞིག་གིས་ཕྱོགས་འབའ་ཞིག་མཐོང་བ་གང་ཡིན་པ་ནི་བུམ་པ་དང་ལྷན་ཅིག་པ་མ་ཡིན་པ་དེའི་ཕྱིར་འདིར་བུམ་པ་ཞེས་བྱ་བ་དེ་ལྟར་ཡིན་ནོ། །དེའི་ཕྱིར་མེད་པའི་ཤེས་པ་སྐྱེད་པའི་ནུས་པ་མཚུངས་པའི་གཉི་ག་ཡང་མི་དམིགས་པར་རྣམ་པར་གཞག་པར་རིགས་སོ། །

དེ་ལ་གང་གི་ཚེ་དེ་ཤེས་པ་ཡིན་པ་དེའི་ཚེ་ཤེས་པ་ཉིད་ཀྱི་ཆོས་ཀྱི་མཚན་ཉིད་ནི་མི་དམིགས་པ་སྟེ། བྱེད་པ་པོ་ལ་གནས་པའི་བྱ་བ་ལ་ལྟོས་པའོ། །གང་གི་ཚེ་དེའི་ངོ་བོ་ཡིན་པ་དེའི་ཚེ་ཤེས་པར་བྱ་བའི་ཆོས་ཀྱི་མཚན་ཉིད་ནི་ལས་ལ་གནས་པའི་བྱ་བ་ལ་ལྟོས་པ་ཡིན་ནོ། །དེ་ལྟར་མི་དམིགས་

པ་ནི་མ་ཡིན་པར་དགག་པ་ལ་འཇུག་པའི་རྣམ་པར་གཞག་པའི་བསྒྲུབ་པར་བྱ་བ་འདི་ཡང་བསྟན་པ་ནི་དེ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་དུ་གཞན་དམིགས་པའི་རིག་བྱར་གྱུར་པས་དབེན་པའི་ཕྱོགས་ལ་སོགས་པ་ཡང་སྣང་བ་ཡིན་ལ། གང་ལ་བུམ་པ་ལ་སོགས་པ་

เล่ม ๑๘๙ · หน้า 290b

ཟླ་བོ་གཞན་མེད་པ་རྣམས་ཀྱིས་འདི་དྲན་པར་འགྱུར་ཏེ། དེ་ནི་མེད་པའམ་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ། །རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ནི་མེད་པ་དང་མེད་པའི་ཐ་སྙད་སྒྲུབ་པར་བྱེད་དོ། །རང་བཞིན་མི་དམིགས་པ་ནི་མེད་པའི་ཐ་སྙད་དུ་བྱེད་པ་ཉིད་དོ། །མེད་པ་དང་མེད་པའི་

ཐ་སྙད་དུ་བྱེད་པ་ནི་ཤེས་པ་དང་རྗོད་པར་བྱེད་པ་དང་རབ་ཏུ་འཇུག་པའི་མཚན་ཉིད་དོ། །དེ་ལ་འདི་ན་བུམ་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པའི་ཤེས་པ་དང་། རྣམ་པ་དེ་ལྟ་བུའི་དངོས་པོ་བརྗོད་པ་ནི་རྗོད་པར་བྱེད་པའོ། །དོགས་པ་མེད་པར་ཕྱོགས་དེ་ལ་འགྲོ་བ་དང་འོང་བའི་མཚན་ཉིད་ནི་རབ་ཏུ་

འཇུག་པའོ། །འདིས་དབང་ཕྱུག་སྡེ་དང་གཞོན་ནུ་མ་ལེན་གྱིས་ཚིག་གི་གོ་སྐབས་སུ་དོགས་པ་ལ་གྲུབ་པའི་མཐའ་ཡས་རྣམ་པར་གཞག་པ་བྱེད་པ་ནི་དེའི་འདོད་པ་བསལ་ནས་ཡང་གཞན་སུ་ན་དབྱུང་བའི་ཕྱིར་སྨྲས་པ། ཇི་ལྟར་ན་གཞན་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་

ཕྱུག་སྡེའི་འདོད་པ་ནི་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དག་ཡོད་པའི་ངོ་བོ་ལས་མི་དམིགས་པས་ཐ་དད་པར་བྱེད་པས་གདོན་མི་ཟ་བར་འདི་མེད་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐ་དད་པར་བྱས་པ་དོན་མེད་པ་ཉིད་དུ་འགྱུར་རོ། །ཁྱོད་ཀྱིས་ཀྱང་གཞན་བཀག་པས་དབེན་པའི་

ས་ཕྱོགས་སམ་དེའི་ཤེས་པ་མེད་པའི་ངོ་བོ་ཉིད་དུ་ནི་དམིགས་པར་བསྟན་ཏེ། འདི་ཡོད་པ་ལ་དེ་མེད་པ་དེ་ནི་ཉུང་སྟེ་གང་གིས་དེ་ལྟར་བརྗོད་པར་བྱ་བ་འདི་དག་མི་རིགས་སོ། །ཡོད་པ་དང་མེད་པ་དག་འགལ་བས་གཅིག་གི་བདག་ཉིད་དུ་མི་འཐད་པའི་ཕྱིར་རོ། །གཞོན་ནུ་མ་ལེན་ཡང་

འདི་སྙམ་དུ་སེམས་ཏེ། གང་དག་གང་ཤེས་པར་བྱེད་པ་དང་ཤེས་པར་བྱ་བའི་ཆོས་ཀྱི་མཚན་ཉིད་རྣམ་པ་གཉིས་མི་དམིགས་པའི་ངོ་བོར་ཡོད་པར་ཁྱེད་ཀྱིས་བརྗོད་དེ། དེ་མེད་པ་ནི་མེད་པ་ཉིད་ཤེས་པའི་སྒྲུབ་པར་བྱེད་པ་ཡོད་དེ། འོན་ཀྱང་དེ་ཉིད་ནི་གཞན་དགག་པར་བྱ་བས་དབེན་པ་ནི་

དངོས་པོ་དགག་པར་བྱ་བའི་ཤེས་པའམ་གཞན་པ་སྟེ། དེའི་ཤེས་པ་གང་ཡོད་པ་དང་མེད་པའི་ཆ་དེ་ཇི་ལྟར་མེད་པར་དགག་པར་བྱ་བའམ་ཤེས་པ་ཡིན། ཇི་ལྟར་མེད་པའི་ཆ་ལ་སྦྱོར་བ་མ་ཡིན་ཏེ། ཡོད་པ་དང་མེད་པའི་ཆ་ཆོས་ཀྱི་ངོ་བོས་ཐ་དད་པ་ཡོད་ཀྱང་ཆོས་ཅན་གྱི་ངོ་བོ་ལ་ཐ་དད་

เล่ม ๑๘๙ · หน้า 291a

པ་མེད་དོ། གལ་ཏེ་དེ་དག་ཡོད་པ་དང་མེད་པ་དག་གཟུང་བ་དང་གཟུང་བ་མ་ཡིན་པར་རྣམ་པར་གནས་ཏེ། ཇི་སྐད་དུ། ཆོས་ཅན་ཐ་དད་མེད་ན་ཡང་། །ཆོས་དག་ཐ་དད་འདོད་པ་ན། །ཡོད་དང་མེད་པའི་ཐ་དད་ཕྱིར། །འཛིན་པ་རྣམ་པར་གནས་

པ་ཡིན། །ཞེས་བཤད་དོ། །ལན་བཤད་ཟིན་པ་འདི་བསྟན་པ་ནི་འདིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མ་ཡིན་པར་འཇུག་པ་ལ་ལྟོས་པའི་སྒོ་ནས་ནི་དགག་པ་དག་ནི་དེ་ཤེས་པ་ལ་ལྟོས་ནས་དེས་དབེན་པའི་དོན་དང་ཤེས་པ་མེད་པ་དག་མི་དམིགས་པར་བརྗོད་པར་

བྱ་བའི་ཕྱིར་དབང་ཕྱུག་སྡེའི་ལན་བཏབ་པ་ཡིན་ནོ། །མེད་པར་དགག་པ་ཁོ་ན་འབའ་ཞིག་དགག་པའི་དོན་མ་ཡིན་གྱི། འོན་ཀྱང་མ་ཡིན་པར་དགག་པ་ཡང་ཡིན་ནོ། །དེའི་ཕྱིར་གཞན་ཡོད་ལ་གཞན་མེད་པའི་གཏན་ཚིགས་དང་མི་དམིགས་པ་ཐ་དད་པར་བྱེད་པ་ནི་རྟོགས་པར་བྱེད་

པ་པོའི་བསམ་པའི་དབང་གིས་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་རྟོགས་པས་དངོས་པོ་ཁོང་དུ་ཆུད་པར་ངེས་པ་དང་། མི་དམིགས་པ་ཡིས་དངོས་པོ་མེད་པ་རྟོགས་པར་ངེས་པ་ཡིན་ནོ། །དོན་དམ་པར་དགག་པ་ནི་མེད་པའི་ཐ་སྙད་དུ་རུང་བའི་དངོས་པོར་གྱུར་པ་ཉིད་

ཀྱི་ཕྱོགས་བསྒྲུབ་པར་བྱ་བ་ཡིན་པས་རང་བཞིན་གྱི་གཏན་ཚིགས་མ་ཡིན་གྱི་རང་བཞིན་མི་དམིགས་པར་རིག་པར་བྱའོ། །གང་ཡང་ལྟོས་པ་མེད་པའི་དོན་གཞན་པའི་ཚོགས་པ་དགག་པ་ཙམ་ནི་མི་དམིགས་པ་ཡིན་ནོ་ཞེས་དབང་ཕྱུག་སྡེས་བསམས་པ་དེ་སུན་འབྱིན་པར་བྱེད་པ་ནི་

དགག་པ་ཙམ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་ཞེ་ན། དེའི་སྒྲུབ་པར་བྱེད་པ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པ་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་མཚན་ཉིད་ཅན་དུ་སྒྲུབ་པར་བྱེད་པ་འགྲུབ་པའི་གཏན་ཚིགས་མི་འགྲུབ་བོ། །ནུས་

པ་ཐམས་ཅད་ཀྱིས་སྟོང་པ་དེ་ཡང་མི་རིགས་པའི་ཕྱིར་རམ། གཏན་ཚིགས་ཉིད་ནི་ནུས་པ་དང་འབྲེལ་པའམ། དངོས་པོའི་ངོ་བོའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོའོ། །དངོས་པོ་མེད་པའི་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་པར་རག་ལས་པའི་ཕུལ་དུ་བྱུང་བ་མེད་པས་མེད་དོ་ཞེས་པའི་

เล่ม ๑๘๙ · หน้า 291b

ཤེས་པ་སྐྱེད་པ་ན་དེ་རྟག་ཏུ་སྐྱེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་སྒྲུབ་པར་བྱེད་པ་དང་མ་འབྲེལ་པས་མེད་པའི་ཐ་སྙད་མི་འགྲུབ་པོ། །ཡང་ན་མེད་པར་དགག་པའི་བདག་ཉིད་དམིགས་པ་མེད་པའི་སྒྲུབ་པར་བྱེད་པ་ཅུང་ཟད་ཅིག་ཀྱང་མི་འགྲུབ་སྟེ་དེ་ནི་མེད་པ་ཉིད་ལས་གཞན་པའི་དམིགས་

པ་མེད་པས་བསྒྲུབ་པར་བྱ་བར་འགྱུར་ལ་དེ་ལ་ཡང་གཞན་ཡིན་པས་ཐུག་པར་འགྱུར་རོ། །དབང་པོ་བཞིན་དུ་དགག་པའི་ཤེས་པའི་རྒྱུ་རྟག་ཏུ་ཉེ་བས་ལྷན་ཅིག་བྱེད་པ་ལ་དེ་ཉིད་མི་ལྟོས་པས་དེ་རྟག་ཏུ་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་རྣམ་པ་གཉིས་པོ་འདི་ཇི་ལྟར་མེད་པ་

ཡིན། འགའ་ཞིག་རྟོགས་དང་རྟོགས་པའི་རྒྱུ་དེ་ཡང་ཇི་ལྟར་རྟོགས་པ་ཡིན་ཞེས་བྱ་བ་གཞུང་འདིའི་ནང་དུ་སློབ་དཔོན་རང་ཉིད་ཀྱིས་རྣམ་པར་འབྱེད་པར་འགྱུར་རོ། །ཡང་གཞོན་ནུ་མ་ལེན་གྱི་ལན་ནི་དེའི་ཞེས་བྱ་བ་སྨོས་སོ། །འདི་ཟླ་བོ་དངོས་པོ་གཞན་དང་འདྲེ་བའི་ངོ་བོ་འདི་དངོས་པོ་གཞན་

དང་འདྲེ་བ་མེད་པ་ཁྱེད་ཀྱི་མངོན་པར་འདོད་པ་གྲུབ་པ་ཡིན་ཏེ། ཡོད་པའི་ཆ་ཉིད་ཀྱི་མེད་པའི་ཆའི་ངོ་བོ་རིགས་སོ་ཞེས་འདོད་པ། དེ་ལྟ་ན་ཡང་མེད་པའི་ཆ་ཡང་གཞན་པའི་ངོ་བོ་དང་མི་འདྲེ་བ་ཉིད་ཀྱིས་མེད་པ་བསྟན་གྱི་དེ་ལྟ་མ་ཡིན་ན་དེ་མི་འཐད་དོ། །དེ་ཡང་དངོས་པོའི་ཆ་ལ་ཡང་མཚུངས་

པའི་ཕྱིར་དེ་ཉིད་མེད་པའི་རྒྱུ་མཚན་དང་མཚུངས་པའི་ཕྱིར་ཅི་གཞན་པ་མེད་པའི་ཆ་ཁས་བླང་བར་བྱ། དེ་ཉིད་ཀྱི་ཕྱིར་མ་འདྲེས་པའི་ངོ་བོ་ཁྱད་པར་ཅན་ཡིན་ན། གང་གི་ཕྱིར་དེ་ལྟ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་གཞན་ཡོད་པ་ནི་གཞན་གྱི་དངོས་པོའོ། །ཡོད་པ་ཡང་ཁྱེད་མངོན་པར་འདོད་

དོ། །ཡོད་པའི་ཆ་འབའ་ཞིག་ཀྱང་མ་ཡིན་གྱི། མེད་པའི་ཆ་ཁྱེད་འདོད་པས་མེད་པ་ཡིན་ནོ་ཞེས་ཐ་སྙད་འདོགས་སོ། །ཁོ་བོ་ཅག་ནི་དེས་ན་ཡོད་པའི་ཆའི་མེད་པ་ངོ་བོ་བརྗོད་པར་གྱུར་པ་ལ་འགལ་བ་ཅི་ཡང་མེད་དོ། །ཇི་སྐད་དུ་ཤེས་པར་བྱེད་པ་དང་། ཤེས་པར་བྱ་བའི་ཆོས་ཀྱི་

མཚན་ཉིད་ཀྱི་རང་བཞིན་མི་དམིགས་པས་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་གྱི་མེད་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །གཞན་བསལ་བའི་ཕྱིར་གང་ཡང་དག་པ་ཙམ་ནི་མི་དམིགས་པ་དེ་སྒྲུབ་པར་བྱེད་པར་མི་འགྲུབ་བོ་ཞེས་བཤད་ཟིན་ཏོ། །བཤད་པ་གཉིས་པ་ནི་དགག་པ་ཙམ་གྱིས་

เล่ม ๑๘๙ · หน้า 292a

མི་དམིགས་པ་སྒྲུབ་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་གཞན་ཡོད་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པ་ནི་འདི་སྙམ་དུ་སེམས་ཏེ། ས་ཕྱོགས་དག་པ་མཐོང་ནས་བུམ་པ་མེད་པར་ཐོག་མར་རྟོགས་པའམ་ས་ཕྱོགས་ཉི་ཚེ་ཤེས་

པས་ཉམས་སུ་མྱོང་བའི་སྒོ་ནས་བུམ་པ་མེད་པའི་རྟོགས་པའོ། །དེའི་ཕྱིར་བུམ་པ་མེད་པའི་ཐ་སྙད་དུ་བྱེད་པ་དེས་ན་འཇིག་རྟེན་པའི་ཤེས་པའི་རྗེས་སུ་འབྲངས་ནས་དགག་པར་བྱེད་པའམ། གཞན་ས་ཕྱོགས་ལ་དགག་པར་བྱ་བའི་ཤེས་པ་གཉིས་ཏེ། དེ་ཤེས་པ་དག་ཡོད་

པའི་མཚན་ཉིད་ཀྱི་དངོས་པོ་མེད་པར་རོ། །རང་གི་ཚད་མས་ནི་དབང་པོའི་མངོན་སུམ་དང་རང་རིག་པའི་མངོན་སུམ་གྱིས་དངོས་སུའམ་བརྒྱུད་པས་ཇི་ལྟ་བའི་རིམ་པས་སྒྲུབ་པ་གང་ཡིན་པ་དེ་ཡང་བུམ་པ་མེད་པའི་ཐ་སྙད་བྱེད་པ་ཡིན་ནོ་ཞེས་དེ་ལྟར་རྣམ་པར་གཞག་པར་རིགས་སོ། །

དེ་ལྟར་རྣམ་པར་བཞག་ཀྱང་ཁྱེད་ཀྱི་ཕྱོགས་ཉམས་པ་ཅི་ཡང་མེད་དོ། །དེ་ལྟ་ན་བརྒྱུད་པས་ཀྱང་མི་དམིགས་པར་ཁས་བླངས་པ་གང་ཡིན་པ་དེ་གྲུབ་པ་དེས་ན་དེ་ཉིད་ཀྱིས་གྲུབ་པར་འགྱུར་བའི་ཕྱིར་རོ། །དགག་པ་ཙམ་གྱི་མི་དམིགས་པ་དེ་ཉིད་དེ་སྒྲུབ་པར་བྱེད་པར་བསྟན་པ་

འདིའི་དགོངས་པ་ནི་ཇི་ལྟར་ཁྱེད་ཤེས་པར་བྱེད་པ་དང་། ཤེས་པར་བྱ་བའི་ཆོས་ཀྱི་མཚན་ཉིད་ཀྱི་དངོས་པོ་ངོ་བོ་རྣམ་པ་གཉིས་མི་དམིགས་པ་དེ་ལྟ་ན་ཁོ་བོ་ཡང་ཤེས་པར་བྱེད་པ་དང་། ཤེས་པར་བྱ་བའི་ཆོས་ཀྱི་མཚན་ཉིད་དམིགས་པ་མེད་པ་དང་མི་དམིགས་པའི་མིང་ཅན་རྣམ་པ་གཉིས་སུ་

འགྱུར་རོ། །དེ་ལ་ཤེས་པར་བྱ་བའི་ཆོས་ཀྱི་མཚན་ཉིད་ནི་གཞན་ཡོད་པ་མངོན་སུམ་གྱིས་གྲུབ་པ་དགག་པར་བྱ་བ་མེད་པ་ནི་ཤེས་པར་བྱ་བའི་མཚན་ཉིད་དམིགས་པ་མེད་པའི་ངོ་བོ་མི་དམིགས་པ་མེད་པའི་མིང་ཅན་དུ་གྲུབ་པར་འགྱུར་རོ། །ཤེས་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་དང་

གཞན་ཡོད་པ་ནི་ས་ཕྱོགས་དག་པ་ཤེས་པའི་བདག་ཉིད་རང་རིག་པས་གྲུབ་པ་དང་། ཤེས་པར་བྱེད་པའི་ཆོས་དགག་པར་བྱ་བའི་ཤེས་པ་མེད་པའི་ངོ་བོ་མི་དམིགས་པར་མཚུངས་པར་བཤད་པ་གྲུབ་པར་འགྱུར་རོ། །དེས་ན་གང་ལས་ཐུག་པ་མེད་པར་འགྱུར། གང་གིས་ན་སྒྲུབ་པར་

เล่ม ๑๘๙ · หน้า 292b

བྱེད་པ་མི་འགྲུབ་པར་འགྱུར་བ་དེ་ལ་གཞན་ཡོད་པའི་མཚན་ཉིད་དགག་པར་བྱ་བ་དང་། དེའི་ཤེས་པ་ནི་གཞན་ཡོད་ན་དགག་པར་བྱ་བས་དབེན་པའི་ས་ཕྱོགས་དང་དེའི་ཤེས་པ་དེའི་བདག་ཉིད་མེད་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཡོད་པ་དགག་པར་བྱ་བ་དང་དེའི་ཤེས་པ་གཞན་མི་

དམིགས་པར་ཁྱེད་འདོད་པའོ། །རང་ཉིད་ནི་རང་གི་ངོ་བོ་ཚད་མ་སྟེ་དབང་པོའི་མངོན་སུམ་དང་རང་རིག་མངོན་སུམ་གྱིས་གྲུབ་པོ། །དེ་ནི་དེ་དགག་པ་ནི་མེད་པའི་ཐ་སྙད་ཀྱི་ཤེས་པའི་རྗོད་པར་བྱེད་པ་འཇུག་པའི་མཚན་ཉིད་ཀྱི་སྒྲུབ་པར་བྱེད་པ་འགྲུབ་པའམ། དེ་འགྲུབ་པས་དེ་གཞན་པའི་

དངོས་པོའི་མཚན་ཉིད་ཀྱི་མེད་པར་ཇི་སྐད་བཤད་པས་གྲུབ་པའམ། དེ་མེད་པར་གྲུབ་པའམ། དེ་དགག་པར་བྱ་བ་དེ་ཤེས་པ་ནི་མེད་པ་ཞེས་བྱ་བ་དེ་ལྟར་འདོད་ན། ཁྱེད་མངོན་པར་འདོད་པའི་མི་དམིགས་པ་དང་ཁོ་བོ་ཅག་མངོན་པར་འདོད་པའི་མི་དམིགས་པ་ལ་ཁྱད་པར་འགའ་ཡང་

མེད་ན་ཁོ་བོ་ཅག་གི་ལྟ་བ་ཅིས་ན་སྤོང་བར་བྱེད། འོ་ན་ནི་ཁྱད་པར་ཡོད་པར་འདོད་དེ་གཞན་ཡོད་པའི་མཚན་ཉིད་མི་དམིགས་པ་དང་ཅིག་ཤོས་བར་དུ་མ་ཆོད་པའོ། །དེ་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ་སྙམ་ནས་དེ་ལ་ཁྱད་པར་མེད་དེ་ཞེས་བྱ་བ་སྨོས་ཏེ། ཁྱད་པར་མེད་ན་གང་

གིས་ན་མི་དམིགས་པ་མེད་པའི་ངོ་བོ་དངོས་པོ་དང་འབྲེལ་པ་སྤོང་བར་ཁོ་བོ་ཅག་མངོན་པར་འདོད་པའི་མེད་པའི་ཐ་སྙད་དུ་སྒྲུབ་པ་དང་འགལ་བར་འགྱུར། གཞན་གྱི་ཁྱད་པར་ཡོད་པ་ལ་ཡང་གནོད་པ་མེད་པའི་ཕྱིར་མེད་པར་མཚུངས་པ་ཁོ་ནའོ། །དེ་སྐད་དུ་དེའི་སྒྲུབ་པར་བྱེད་པ་མེད་

པས་མེད་པའི་ཐ་སྙད་མི་འགྲུབ་པར་ཐལ་བར་འགྱུར་རོ་ཞེས་བཤད་ཟིན་ཏོ་ཞེ་ན། དེ་ཡང་མི་བདེན་ཏེ། གང་གི་ཕྱིར་དེ་ཉིད་ཁྱོད་མངོན་པར་འདོད་པའི་གཞན་ཡོད་པ་དགག་པར་བྱ་བས་དབེན་པའི་ས་ཕྱོགས་བདག་ཉིད་དེའི་ཡུལ་དམིགས་པས་མི་དམིགས་པར་འདོད་པ་དང་དེ་མེད་

པའི་མི་དམིགས་པར་ཁོ་བོ་ཅག་འདོད་པའི་དགག་པར་བྱ་བ་མེད་པ་དང་། དེ་དམིགས་པས་མེད་པ་ཅིའི་ཕྱིར་ན་སྒྲུབ་པར་བྱེད་པའི་རྟགས་སུ་ཅིས་ན་མི་འདོད། དེ་ལྟ་ན་ཡོད་པར་འཇིག་རྟེན་པ་ལ་གྲགས་པའི་རྗེས་སུ་འབྲང་བར་འགྱུར་ན། ཅིའི་ཕྱིར་གཞན་ཡོད་པར་རྣམ་པ་

เล่ม ๑๘๙ · หน้า 293a

གཉིས་སུ་གྲུབ་པ་ཉིད་དེ་མེད་པར་གྲུབ་ན་དེའི་བསྒྲུབ་པར་བྱ་བ་གཞན་འགའ་ཞིག་ཡོད་པར་འགྱུར་ཞེས་ཁོ་བོ་ཅག་འདོད་པའི་འཇིག་རྟེན་པ་ལས་ཤིན་ཏུ་འདས་པ་མི་འདོད་དོ་ཞེས་བྱ་བ་ཕྱོགས་སྔ་མ་བཞིན་ནོ། །འདིར་སོ་སོར་མ་གྲུབ་པའི་ཕྱིར་ཞེས་བྱ་བ་

སྨོས་ཏེ། གཞན་ཡོད་པ་འདིས་མེད་པའི་རྟགས་དང་རྟགས་ཅན་ག་ལ་ཡིན། དེ་བཞིན་དུ་འབྲེལ་པ་མེད་པའི་ཕྱིར་ནི་གཞན་ཡོད་པས་དེ་མེད་པའི་རྟགས་དང་རྟགས་ཅན་མ་ཡིན་ནོ། །ཐོག་མར་རེ་ཞིག་རྒྱུའི་འབྲེལ་པ་ནི་གཞན་ཡོད་པའི་ཞེས་བྱ་བ་སྨོས་ཏེ། དེ་དབེན་པའི་ས་

ཕྱོགས་ཀྱིས་བདག་ཉིད་དེ་ནི་སྒྲུབ་པར་བྱེད་པ་མ་ཡིན་ལ་དགག་པར་བྱ་བ་མེད་པའི་རྟགས་མ་ཡིན་ཏེ་དམིགས་པ་ཡང་དེ་མེད་པའི་སྒྲུབ་པར་བྱེད་པ་མ་ཡིན་པར་ཕྱི་མས་བཤད་པར་བྱའོ། །དེའི་དོན་ཉིད་ནི་རེ་ཞིག་གི་སྒྲའོ། །ཅིའི་ཕྱིར་གཞན་ཡོད་པ་སྒྲུབ་བྱེད་མ་ཡིན་ཞེ་ན། གང་

ཞིག་གྲུབ་ན་ཞེས་བྱ་བ་སྨོས་ཏེ། དངོས་པོ་ལ་གྲུབ་པར་གྲགས་པའོ། །གང་གཞན་གྱི་དངོས་པོ་མི་འགྲུབ་པ་ནི་མ་གྲགས་པའོ། །དེའི་དངོས་པོ་དེ་ནི་དངོས་པོ་དོན་དངོས་པོའི་རྟགས་ཅན་དུ་འགྱུར་རོ་ཞེས་འདིར་རྟགས་དང་རྟགས་ཀྱི་རིགས་པའོ། །འདིར་དཔེ་ནི་མེ་དང་དུ་བ་

ལྟ་བུའོ། །ཇི་ལྟར་གང་གི་ཚེ་དུ་བ་རྟོགས་པ་མེ་མི་རྟོགས་པ་དེའི་ཚེ་དེ་དག་རྟགས་དང་རྟགས་ཅན་གྱི་དངོས་པོར་འགྱུར་ཏེ། དུ་བ་རྟོགས་པའི་དུས་སུ་མི་རྟོགས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དེས་ཅི་སྟེ་ཞེ་ན། གཞན་ཞེས་བྱ་བ་སྨོས་ཏེ། ཡོད་པ་ནི་དངོས་པོའི་ངོ་བོ་གང་ཡིན་པ་

དེར་གྲུབ་པ་ཉིད་དེ་རྟོགས་པའོ། །དེ་མེད་པ་ནི་དགག་པར་བྱ་བ་དེ་མེད་པའོ། །གྲུབ་པ་ནི་རྟོགས་པའོ། །གཞན་ཡོད་པ་ཉིད་དེ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་དེ་གྲུབ་པ་ཉིད་ཀྱིས་དེ་གྲུབ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རིགས་པ་ཅན་ཡང་དགག་པར་བྱ་བ་ནི་མེད་པར་དགག་

པའི་བདག་ཉིད་ཅན་མེད་པའི་ངོ་བོ་ཡིན་པ་དེ་ནི་ཇི་ལྟར་གཞན་ཡོད་པའི་ངོ་བོ་ཡོད་པ་དང་མེད་པ་དག་འགལ་བ་མེད་པར་འགྱུར། ཇི་ལྟར་གཞན་ཡོད་པར་གྲུབ་པ་ཉིད་ཀྱིས་དེ་མེད་པར་གྲུབ་པར་འགྱུར་སྙམ་དུ་སེམས་ན་དེ་ལས་ཞེས་བྱ་བ་སྨོས་ཏེ། དེ་མེད་པའི་ཕྱོགས་ཀྱི་མཚན་ཉིད་ཡིན་

เล่ม ๑๘๙ · หน้า 293b

པ་དེའི་ཕྱིར་གཞན་དགག་པར་བྱ་བ་བུམ་པ་ལ་སོགས་པའོ། །མ་འདྲེས་པའི་ངོ་བོ་ནི་སྤངས་པའི་བདག་ཉིད་ཉི་ཚེ་དགག་པར་བྱ་བས་སྟོང་པའི་བདག་ཉིད་དོ། །འདིས་ནི་ས་ཕྱོགས་ཉི་ཚེ་ཡང་མེད་པར་དགག་པའི་བདག་ཉིད་དུ་སྨྲ་ན་ནི་ཇི་ལྟར་ཡོད་པ་ཅི་ཡང་མ་ཡིན་པའི་ངོ་བོ་ནི་རང་བཞིན་

དང་འགལ་པར་འགྱུར་རོ་ཞེ་ན། གཞན་གྱི་ངོ་བོས་དེ་ཡང་ཅི་ཡང་མ་ཡིན་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །ཇི་ལྟ་བའི་ལྟོས་པ་མེད་པའི་དངོས་པོ་གཞན་མེད་པར་དགག་པ་དང་སྟོང་པ་དང་རྣམ་པར་རྟོག་པའི་སྣང་བ་དགག་པར་བྱ་བ་ཅི་ཡང་མེད་པའི་ངོ་བོ་དང་དེའི་ངོ་བོ་སྤངས་པ་ནི་དེ་ལྟ་བུ་དེ་

ནི་གཞན་ཡོད་ཀྱང་དགག་པར་བྱ་བ་དང་མ་འདྲེས་པའི་ངོ་བོ་ཡིན་པ་དེའི་ཕྱིར་ཇི་ལྟར་འདི་དགག་པར་བྱ་བ་མེད་པའི་ངོ་བོ་དང་འགལ་བར་འགྱུར། རང་གི་ངོ་བོས་ནི་འདི་ཅི་ཡང་མེད་པའི་ངོ་བོ་ཡིན་གྱི་གཞན་གྱི་ངོ་བོས་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཇི་ལྟར་གཞན་ཡོད་པ་འདི་གཞན་པའམ་དེ་ལ་

མེད་པར་འགྱུར། གང་དང་གང་མེད་པར་མི་འགྱུར་བ་དེ་ཉིད་འདི་ཡིན་ཏེ། དེའི་ངོ་བོ་བཞིན་ནོ། །དེའི་ཕྱིར་འགྲོ་བ་ཐམས་ཅད་ཕན་ཚུན་གྱི་བདག་ཉིད་ཅན་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་དངོས་པོ་ཐམས་ཅད་གཞན་གྱི་ངོ་བོ་མེད་པར་ཡིན་ལ་རང་གི་ངོ་བོས་ངོ་བོ་ཉིད་ལ་གནོད་པ་མེད་

དོ། །དེ་ལྟ་ན་ཅི་སྟེ་མེད་པར་དགག་པ་དང་མ་ཡིན་པར་དགག་པ་ཐ་དད་པ་ཡིན། ཅི་ཡང་མ་ཡིན་ནོ། །ལྟོས་པ་མེད་པ་འབའ་ཞིག་ངོ་བོ་གཞན་མེད་པ་ཙམ་ནི་མེད་པར་དགག་པ་ཡིན་ནོ་ཞེས་འཇིག་རྟེན་པ་བརྗོད་ལ་ངོ་བོ་གཞན་ལ་གཞན་གྱི་ངོ་བོས་སྟོང་པ་ནི་མ་ཡིན་པར་དགག་པའོ། །ངོ་བོ་གཞན་

མ་ཡིན་ལ་གཞན་གྱི་ངོ་བོ་མེད་པ་ཙམ་ནི་མ་ཡིན་ཏེ། ངོ་བོ་གཞན་ལ་དེའི་ངོ་བོས་སྟོང་པར་ཉམས་སུ་མྱོང་བ་ཁོ་ན་ཡིན་ནོ། །ཇི་ལྟར་དེ་མེད་པར་དགག་པའི་བདག་ཉིད་དུ་འགྱུར། གཞན་གྱི་ངོ་བོའི་ཤུགས་ཀྱིས་དེ་ལས་དེ་རྟོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་རྒྱུ་རྟོགས་པ་མེད་ན་ཤུགས་མི་

སྲིད་པའི་ཕྱིར་རོ། །དེའི་བདག་ཉིད་དུ་མེད་པའི་མེད་པར་དགག་པ་ནི་མ་ཡིན་རྟོགས་པའི་རྒྱུས་ཡོད་པར་གྱུར་པར་རྟོགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་འདིར་མ་འདྲེས་པའི་ངོ་བོ་ཅན་གང་ཡིན་པ་དེ་ཉིད་དགག་པར་བྱ་བ་མེད་པ་ཅི་ཡང་མ་ཡིན་པའི་ངོ་བོ་རྣམ་པར་འཇོག་པར་བྱེད་པའི་ཚད་

เล่ม ๑๘๙ · หน้า 294a

མ་མངོན་སུམ་གྱི་ངོ་བོ་དེ་ཁོ་ནས་དེ་དུས་ཕྱིས་འབྱུང་བ་མ་ཡིན་པའི་བུམ་པ་འདི་ན་མེད་དོ་ཞེས་བརྟགས་པས་དེ་གཟུང་བ་ལ་འཛིན་པའི་དྲན་པ་ཚད་མ་མ་ཡིན་པའི་ཕྱིར་གཞན་བུམ་པ་ལ་སོགས་པ་རྣམ་པར་གཅོད་པས་མེད་པ་གྲུབ་སྟེ། དེ་མེད་པའི་བདག་ཉིད་ཀྱི་

ས་ཕྱོགས་དེས་བཟུང་བའི་ཕྱིར་རོ། །ས་ཕྱོགས་དང་། བུམ་པ་དང་མ་འདྲེས་པའི་རྣམ་པ་གཉིས་པོ་འདི་ངོ་བོ་འདི་ཡང་ལྡོག་པའི་ངོ་བོ་ཡིན་ནོ། །དེའི་ཕྱིར་གཞན་པའམ་བུམ་པ་འབའ་ཞིག་ཀྱང་མ་ཡིན་པ་བུམ་པར་རྟོགས་པའི་རྟེན་ཡོད་པ་དེས་ན་རྣམ་པ་གཉིས་མངོན་སུམ་གྱིས་འཛིན་ཏེ།

བུམ་པ་ལས་གཞན་པ་ཉིད་དང་བུམ་པས་སྟོང་པ་འཛིན་པར་འགྱུར་བའི་ཕྱིར་རོ། །དངོས་པོ་མ་འདྲེས་པ་གྲུབ་པར་བྱ་བའི་ཕྱིར་རམ་འདི་མེད་དོ་ཞེས་བྱ་བ་དེ་ལྟ་བུའི་ཕྱིར་ཚད་མ་གཞན་བརྩམ་པ་མ་ཡིན་ཕྱི་ནས་འདི་རྒྱས་པར་འཆད་པར་འགྱུར་བས་རེ་ཞིག་གཞག་གོ། །གང་གི་ཕྱིར་གཞན་

ཡོད་པར་འགྲུབ་པ་ཉིད་དེ་མེད་པར་བཤད་པའི་རིགས་པས་གྲུབ་པ་དེའི་ཕྱིར་གཞན་ཡོད་པ་ནི་མ་ཡིན་ནོ། །དགག་པར་བྱ་བ་མེད་པའི་རྟགས་གཉིས་པའི་རྒྱུ་བརྗོད་པ་ནི་འབྲེལ་པ་མེད་པའི་ཡང་ཕྱིར་ཞེས་བྱ་བ་སྨོས་ཏེ། གཞན་ཡོད་པ་དང་དེ་མེད་པ་དག་ལ་འབྲེལ་པ་ཅུང་ཟད་ཅིག་ཀྱང་ཡོད་

པ་མ་ཡིན་པ་དེའི་ཕྱིར་གང་ལས་རྟགས་དང་རྟགས་ཅན་གྱི་དངོས་པོ་ཡིན། དེ་ཡང་ནམ་ཞིག་ཚེ་བརྗོད་པར་བྱ་ན། གང་གི་ཚེ་དེ་མེད་པའི་ངོ་བོ་ཉིད་གཞན་ཡོད་པའི་ངོ་བོར་ཁས་བླངས་པ་ལ་ལྟོས་པ་དེའི་ཚེ་གཞན་ཡོད་པ་ལས་ཐ་དད་པ་དེ་མེད་པ་ཅི་ཡང་མ་ཡིན་པའི་ངོ་བོ་གཞན་འདོད་པ་ན་ཡིན་ནོ། །དེ་

ལྟ་མ་ཡིན་ན་གཞན་ཡོད་པ་ཉིད་དེ་མེད་པའི་ངོ་བོ་ཉིད་བཤད་པའི་རིགས་པས་དེའི་བདག་ཉིད་ཡིན་ན་ཇི་ལྟར་འབྲེལ་པ་མེད་པ་ཡིན། མངོན་སུམ་གྱིས་གྲུབ་པ་དེ་ཉིད་ཕྱོགས་གཞན་གྱིས་བྱེད་པར་མི་འགྱུར་ཏེ། དེ་དང་དེ་ཞེས་བྱ་བ་ལ་སོགས་པ་ལ་ལྟོས་པའི་སྒོ་ནས་འབྲེལ་པ་ནི་གཅིག་ལ་

འདུ་བ་ཞེས་བྱ་བ་གཞན་གྱི་གཞུང་གིས་བཤད་པའོ། །གཞན་ནི་རིགས་པ་ཅན་ལ་སོགས་པས་བྱས་པ་དང་མི་རྟག་པར་བརྗོད་པ་ཐ་དད་པའི་ཆོས་ཆོས་ཅན་གཅིག་ལ་འདུ་བས་བྱས་པ་དང་མི་རྟག་པ་དག་ཆོས་ཅན་གཅིག་ལ་འདུ་བའི་འབྲེལ་པ་ཡིན་ནོ། །འདུ་བ་དང་འབྲེལ་པའི་དཔེ་གཞན་ནི་

เล่ม ๑๘๙ · หน้า 294b

འདིར་དོན་གཅིག་ལ་འདུ་བའི་ཕྱིར་ཡང་དག་པར་ལྡན་པ་ཉིད་ལ་འདུ་བའི་སྒྲས་བརྗོད་དོ། །ལྡན་པ་དང་འདུ་བ་དག་ནི་རྟག་པའི་ཕྱིར་ཐ་དད་པར་བཤད་པ་ལ་གུས་པར་མི་བྱེད་དོ། །ཕ་རོལ་པོས་མེ་དང་དུ་བ་དག་རང་གི་ཡན་ལག་ཅན་ལ་འདུ་བ་ཡིན་གྱི་དེ་གཉིས་དོན་གཅིག་ལ་ནི་འདུ་བ་མ་ཡིན་ཏེ།

མེ་དང་དུ་བ་གཞན་གྱི་ལུགས་ཀྱིས་རྟེན་དང་བརྟེན་པའི་དངོས་པོ་ཡིན་ནོ་ཞེས་འཇིག་རྟེན་པས་འབྲེལ་པར་བཤད་དོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་དོན་དམ་པའི་འབྲེལ་པས་བྱས་པའོ། །འོ་ན་ནི་དོན་དམ་པར་མེ་ནི་སྐྱེད་པར་བྱེད་པའི་ཕྱིར་ཅིག་ཤོས་ནི་བསྐྱེད་པར་བྱ་བ་ཡིན་ན།

དབང་ཕྱུག་སྡེ་དང་ལྷན་ཅིག་དཔྱད་པ་བྱས་ཟིན་པ་དེ་རིགས་པ་ཅན་གྱི་འདོད་པའི་འབྲེལ་པ་དེ་ཡང་གཞན་ཡོད་ན་དེ་མེད་པ་དག་ལ་མི་སྲིད་ན་ཅི་སྟེ་བརྗོད་པ་ཡིན། བདེན་ཏེ་ཞར་ལ་བྱུང་བས་དེའི་འདོད་པ་ཡང་དགག་པའི་ཕྱིར་བཤད་དོ། །སྔར་གཞན་ཡོད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་

དགག་པར་བྱ་བ་མེད་པ་དེའི་དོན་ལ་མངོན་སུམ་ལས་གཞན་བརྟགས་ན་ནི་ཤིན་ཏུ་ཐལ་བར་འགྱུར་རོ། །ཞར་ལ་བྱུང་བ་བཤད་ནས་ད་ནི་འདི་བརྗོད་པར་བྱ་སྟེ། གང་གི་ཚེ་གཞན་ཡོད་པར་འཛིན་པར་མངོན་སུམ་གྱིས་གྲུབ་པ་དེ་མེད་པར་མི་འགྱུར་བ་དེའི་ཚེ་མངོན་སུམ་ལས་གཞན་པས་བུམ་པ་

མེད་དོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཁྱད་པར་དང་ཁྱད་པར་དུ་བྱ་བ་ཡོད་པའི་མཚན་ཉིད་དང་ཉེ་བ་ལ་སོགས་པ་འདོད་པར་འགྱུར་རོ་སྙམ་ན། འབྲེལ་པ་མེད་ན་གཞན་ཡོད་ན་དེ་མེད་པ་དག་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བ་དེའི་ཕྱིར་གང་ལས་དེའི་མཚན་

ཉིད་དང་ཉེ་བ་དེ་མེད་ན་མངོན་སུམ་དུ་འགྱུར་བ་ཡིན། དེ་ལྟར་འབྲེལ་པའི་རང་གི་ངོ་བོ་བཤད་པ་དེ་འདིར་མི་སྲིད་པ་ནི་དངོས་པོ་ཡོད་པ་དང་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བའི་བྱས་པ་དང་མི་རྟག་པ་དང་མེ་དང་དུ་བ་དག་དོན་གཅིག་ཏུ་འདུ་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་ནི་ཡོད་པ་དང་

མེད་པ་དག་ལ་དེ་ལྟ་བུ་འགའ་ཡང་མེད་དོ། །འབྲེལ་པ་དག་ནི་དེ་མེད་པ་གཞན་ཡོད་པ་ལ་སྒྲུབ་པར་བྱེད་པར་མི་འགྱུར་རོ། །དེ་ལྟ་ན་དོན་གཅིག་པའི་ཆོས་ཅན་ལ་གནས་པ་གནས་པ་གང་ཡིན་པ་དེ་དག་དོན་གཅིག་ལ་འདུ་བ་ཡིན་ཏེ། གཞན་ལ་ཡོད་པ་ནི་ས་ཕྱོགས་སུ་བཤད་དོ། །

เล่ม ๑๘๙ · หน้า 295a

རང་གི་ཡན་ལག་ཅན་ལ་གནས་པ་དེས་ན་དེ་ལ་བུམ་པ་མེད་པའོ། །དེ་ལྟ་ན་ས་ཕྱོགས་ཀྱི་ཆ་ཤས་ལ་བུམ་པ་མེད་དོ་ཞེས་བྱ་བ་ནི་ས་ཕྱོགས་མ་ཡིན་ནོ། །ས་ཕྱོགས་ཀྱི་ཡན་ལག་ཅན་ནི་རྩོམ་པ་མ་ཡིན་ཏེ། དེ་རྫས་ཀྱི་བདག་ཉིད་ནི་རྫས་ལས་གཞན་པ་ཉིད་

ཀྱིས་རྩོམ་པས་བུམ་པའི་མེད་པ་ནི་རྫས་ནི་རྣམ་པ་དགུར་འདོད་དོ། །བྱ་བ་དང་ལྡན་པ་ལ་སོགས་པ་རྫས་ཀྱི་མཚན་ཉིད་ཡིན་ན་དེ་ལྟ་ཡོད་པ་མ་ཡིན་ནོ། །ཡོན་ཏན་གྱི་ངོ་བོས་དེ་ལ་འཇུག་པ་མེད་དོ། །ཡོན་ཏན་ནི་ཉི་ཤུ་རྩ་བཞི་ཉིད་དུ་འདོད་པ་འདི་དེ་དག་ལས་གཞན་པ་མ་ཡིན་ནོ། །

ལས་ཀྱི་ངོ་བོ་རྣམ་པ་ལྔ་ནི་མ་ཡིན་ཏེ་རང་གི་ལས་དང་རང་གི་དེ་མ་ཐག་ཏུ་འབྱུང་བས་དེའི་མཚན་ཉིད་སྤངས་པའོ། །རྫས་གཅིག་ཅེས་བྱ་བ་ལ་སོགས་པ་དེའི་མཚན་ཉིད་རྣམས་སོ། །དེ་དང་དེ་དག་མེད་པ་ནི་མི་སྲིད་པ་ཡིན་ནོ། །སྤྱི་ལ་སོགས་པའི་ངོ་བོས་ཀྱང་མ་ཡིན་ཏེ། དེའི་

ངོ་བོ་སྤངས་པའི་ཕྱིར་རོ། །གཞན་ཡོད་པའི་དེ་མེད་པ་དག་ལས་མེ་དང་དུ་བ་དག་བཞིན་དུ་ལྡན་པ་ནི་མེད་དེ། རྫས་ཉིད་དུ་དེ་ཁས་མ་བླངས་པའི་ཕྱིར་རོ། །དེ་མེད་པ་ནི་རྫས་ཡིན་ནོ་ཞེས་མ་བཤད་དོ། །རྟེན་དང་བརྟེན་པའི་དངོས་པོ་ཡང་མེད་དེ་སྣོད་འདི་ལ་རྒྱ་ཤུག་ཡོད་པ་བཞིན་དུ་

གང་གི་ཕྱིར་དེ་ཡང་ལྡན་པའི་རྒྱུ་མཚན་དུ་བརྗོད་པའམ། སྣལ་མ་འདི་རྣམས་ལ་སྣམ་བུའོ་ཞེས་བྱ་བ་ནི་འདུ་བའི་རྒྱུ་མཚན་ཡིན་ནོ། །མེད་པ་ནི་རྫས་ཀྱི་བདག་ཉིད་མ་ཡིན་ནོ། །ལྡན་པ་མ་ལུས་པ་ཡང་འདུ་བ་རྣམ་པ་ལྔ་ཉིད་ཀྱིས་རྫས་ལ་སོགས་པ་རྣམས་ལ་འདུ་བར་འདོད་ཀྱི་དངོས་

པོ་མེད་པ་ནི་མ་ཡིན་ནོ། །རྣམ་པ་ལྔ་ནི་རང་གི་ནང་དུ་འདུས་པ་ཡིན་ཏེ། དེའི་བདག་ཉིད་ལ་ཕན་འདོགས་པ་མེད་པའི་ཡོད་པ་ནི་རྟེན་དུ་ཐ་སྙད་གདགས་པ་མི་སྲིད་དོ། །ཕན་འདོགས་པར་བྱེད་པ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་འགྱུར་ན་དེ་མེད་པ་བསྐྱེད་པར་བྱ་བ་

མ་ཡིན་ཏེ། འབྲས་བུ་ཐལ་བར་འགྱུར་རོ། །འབྲས་བུ་ཡང་འདིར་མི་སྲིད་དེ་གང་ལས་རང་གི་རྒྱུ་དང་འདྲ་བའམ་ཡོད་པ་དང་འདྲ་བ་འབྲས་བུས་བརྗོད་ན། ཁྱེད་གཞན་ཡོད་པས་ས་ཕྱོགས་སུ་བཤད་པ་རྒྱུ་མ་ཡིན་གྱི་འདི་ལྟར་རྣམ་པ་གསུམ་སྟེ། རྫས་དང་ཡོན་ཏན་དང་ལས་

เล่ม ๑๘๙ · หน้า 295b

རྣམས་ཀྱིས་རྫས་དགུར་འདོད་དོ། །མེད་པ་ནི་རྫས་ཀྱི་མཚན་ཉིད་མ་ཡིན་པས་ཡོད་པའི་འདུ་བ་ཡང་ཤེས་པ་ཡོད་པའི་ཡུལ་དེ་མེད་པར་འགྱུར་ན་མེད་པ་ནི་ཤེས་པའི་ཡུལ་མ་ཡིན་ནོ། །ས་ཕྱོགས་ཡོད་པ་ལ་ཡང་བུམ་པ་མེད་པ་སྲིད་པས་དེ་འབྲས་བུར་ག་ལ་འགྱུར། དེའི་ཡུལ་

ཐ་དད་པ་ནི་མེད་དེ་རྣམ་པ་གཅིག་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །འབྲེལ་པ་ཐ་དད་པས་ནི་ཐ་དད་པ་ཉིད་ནི་སྤྱི་ལ་ཡང་ཐལ་བར་འགྱུར་རོ། །འདུ་བ་ཡང་དེ་མ་ཐག་ཏུ་སུན་ཕྱུང་བས་རང་གི་རྒྱུ་ཡོད་པ་ལས་འབྱུང་བའི་ངོ་བོའི་འབྲས་བུ་དེ་མེད་པར་ག་ལ་འགྱུར་འདིས་ནི་བསྐྱེད་པར་

བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡང་བསལ་ཏོ། །དེས་ན་རྣམ་པ་ཐམས་ཅད་དུ་འབྲེལ་པ་མེད་པའི་ཕྱིར་ཇི་ལྟར་གཞན་ཡོད་པས་དེ་མེད་པའི་སྒྲུབ་པར་བྱེད་པར་འགྱུར། འབྲེལ་པ་གཞན་བསྟན་པའི་ཕྱིར་གལ་ཏེ་ཡུལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

དཔེར་ན་དོན་ནི་ཡུལ་ལོ། །སྒྲ་ནི་ཡུལ་ཅན་ནོ། །ཡུལ་དང་ཡུལ་ཅན་གྱི་དངོས་པོ་དེ་དག་འབྲེལ་པ་བཞིན་དུ་གཞན་ཡོད་པས་དེ་མེད་པ་དག་ཀྱང་ཡུལ་དང་ཡུལ་ཅན་གྱི་དངོས་པོའི་འབྲེལ་པ་ལས་འབྱུང་བར་འགྱུར་རོ། །ས་ཕྱོགས་སུ་སྣང་བ་གཞན་ཡོད་པས་བུམ་པ་མེད་པར་

ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པའོ། །སྒྲ་དང་དོན་དག་འབྲེལ་པར་འགྱུར་རོ་ཞེས་མངོན་པར་འབྲེལ་པའི་ངོ་བོ་ཅི་ཞིག་ཡིན། རྒྱུ་དང་འབྲས་བུའི་མཚན་ཉིད་དོ། །ཡང་ཇི་ལྟར་དོན་གྱི་འབྲས་བུར་སྒྲར་འགྱུར། དེ་སྟོན་པ་ནི་དོན་སྟོན་པའི་བསམ་པ་ཡོད་

པ་ལ་རྗོད་པར་འདོད་པ་ཡོད་པར་སྒྲའི་སྦྱོར་བས་སྒྲ་བརྗོད་པ་དེས་ན་དོན་རྗོད་པར་འདོད་པ་ལ་འཇུག་གོ། །སྒྲ་ནི་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་ནི་མེད་དོ། །གལ་ཏེ་ན་ཡང་སྒྲ་དང་དོན་དག་གི་སྤྱིའི་ངོ་བོ་ལ་བློས་ཡོངས་སུ་བརྟགས་པ་དེ་ལྟ་ན་ཡང་སོ་སོར་སྣང་བའི་རྗོད་པར་འདོད་

པའི་སྒྲའི་སྤྱི་ལས་རྟོག་པ་དང་འབྲེལ་པའི་སྒྲ་ནི་རང་གི་མཚན་ཉིད་ཀྱིས་ཀུན་ནས་བསླང་བའི་སྒོ་ནས་རྒྱུ་དང་འབྲས་བུར་བརྗོད་དོ། །མེད་ན་མི་འབྱུང་བའི་མཚན་ཉིད་ཡིན་པར་གཞན་ལ་རབ་ཏུ་གྲགས་པར་བརྗོད་དེ། གཞན་ནི་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་སྒྲ་དང་དོན་དག་ལ་འབྲེལ་

เล่ม ๑๘๙ · หน้า 296a

ཏོ་ཞེས་ཐ་སྙད་བྱེད་དོ། །དེས་ན་འབྲེལ་པའི་རྒྱུ་མཚན་ཡིན་ནོ། །གལ་ཏེ་ཉན་པ་པོ་དང་འཆད་པ་པོ་དག་ཡོད་པའི་ངོ་བོའི་ཡུལ་དང་ཡུལ་ཅན་གྱི་ངོ་བོར་རིགས་ཀྱི། དེ་མེད་པའི་གཞན་ཡོད་པ་དག་ཀྱང་དེ་བཞིན་དུ་འགྱུར་རོ་ཞེ་ན། རྣམ་པ་འདི་ཡང་

ཞེས་བྱ་བ་སྨོས་ཏེ། རྣམ་པ་འདི་ནི་དེ་མེད་པ་གཞན་ཡོད་པ་ལས་མི་སྲིད་དོ་ཞེས་བཤད་མ་ཐག་པ་ཡིན་ནོ། །བུམ་པ་མེད་པར་བསྟན་པའི་བསམ་པ་ལ་ཡོད་པའི་ས་ཕྱོགས་ཀྱི་མཚན་ཉིད་གཞན་ཡོད་པར་རབ་ཏུ་སྦྱོར་བས་གྲུབ་པ་མེད་དོ། །བུམ་པ་མེད་པར་སྟོན་པའི་བསམ་པའི་

སྔ་རོལ་དུ་ས་ཕྱོགས་རང་གི་རྒྱུ་ཁོ་ན་ལས་གྲུབ་པོ། །དེའི་བསམ་པ་ཡོངས་སུ་ཟིན་ཀྱང་གཞན་ཡོད་པ་དང་དེ་མེད་པ་དེ་ཡང་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་དེའི་སྒོ་ནས་སམ་མེད་ན་མི་འབྱུང་བ་ལས་འགྱུར། གང་གིས་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོར་བརྟག་པར་བྱ་བ་ཡིན།

གལ་ཏེ་ཇི་ལྟར་སྒྲ་དང་དོན་དག་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རྒྱུ་མཚན་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡིན་པ་དེ་ལྟར་གཞན་ཡོད་པ་དང་དེ་མེད་པ་དག་ཀྱང་རེ་ཞིག་དེ་ཙམ་གྱི་སྒྲ་དང་དོན་དག་གི་དཔེ་ཡིན་ནོ་ཞེ་ན། གྲུབ་ན་ནི་ཞེས་བྱ་བ་སྨོས་ཏེ། སྒྲ་དང་དོན་དག་ནི་རྒྱུ་དང་

འབྲས་བུའི་དངོས་པོའི་རྒྱུ་མཚན་གྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡིན་གྱི། དེ་ལྟ་མ་ཡིན་ན་དོན་གཞན་པ་ཉིད་ནི་དེར་མི་རིགས་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་དེ་མེད་པ་དང་གཞན་ཡོད་པ་དག་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོར་འགྲུབ་པར་འགྱུར་ན།

དེའི་ཚེ་དེའི་སྒོ་ནས་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་སྒོ་ནས་སོ། །ཡུལ་དང་ཡུལ་ཅན་གྱི་དངོས་པོར་འགྱུར་ན། ཇི་སྲིད་དུ་དེ་ཉིད་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོའི་འབྲེལ་པ་མེད་ན་རྒྱུ་དང་འབྲས་བུས་དངོས་པོ་གང་གིས་འགྲུབ་པར་འགྱུར། ཐམས་ཅད་བསྒྲུབ་

བྱ་དང་སྒྲུབ་བྱེད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཇི་ལྟར་དབང་པོ་རང་གི་ཡུལ་དུ་འགྲུབ་པའི་རྒྱུ་མཚན་ཡིན་ཞེ་ན། ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པ་བརྟེན་པའི་རྐྱེན་གྱི་ཁྱད་པར་ལ་སོགས་པའི་དབང་པོ་དང་ཡུལ་དག་རྣམ་པར་ཤེས་པ་གཅིག་བསྐྱེད་པར་ནུས་པས་

เล่ม ๑๘๙ · หน้า 296b

སྐྱེད་པའི་ཐ་སྙད་འདོགས་པ་དེ་བཞིན་དུ་འདིར་མ་ཡིན་ཏེ། གཞན་ཡོད་པ་དང་དེ་མེད་པ་དག་དེ་མི་རིགས་པའི་ཕྱིར་རོ། །རྟགས་དང་རྟགས་ཅན་གྱི་དངོས་པོའི་མཚན་ཉིད་ཀྱི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་རྣལ་མ་ཡིན་པའི་ཕྱིར། དེ་ལ་ཡང་འབྲེལ་པ་གཞན་པ་མི་རིགས་སོ། །འབྲེལ་

པ་གཞན་པའི་རྒྱུ་མཚན་ནི་གཞན་ཡོད་པ་དང་དེ་མེད་པ་ལ་མེད་དོ། །གལ་ཏེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ཡང་ཡུལ་དང་ཡུལ་ཅན་གྱི་དངོས་པོའི་རྒྱུ་མཚན་ཁོ་ན་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་གཞན་མི་འདོད་ཀྱི་འོན་ཀྱང་ཡུལ་དང་

ཡུལ་ཅན་ཡིན་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ཡིན་པ་དེའི་ཕྱིར་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡིན་པ་དེས་འདི་གཅིག་ལ་གཅིག་བརྟེན་པ་ཡིན་པར་འགྱུར་རོ། །དེ་ལྟ་ན་ཡང་གཅིག་མ་གྲུབ་པས་གཉི་ག་ཡང་མ་གྲུབ་པ་ཡིན་ནོ། །གཞན་ཡང་། གཞན་

ཡོད་པར་གྱུར་པ་རྟགས་ལས་སོ། །མེད་པ་ནི་རྟགས་ཅན་ནོ། །རྗེས་སུ་དཔོག་པར་འདོད་པའོ། །འདི་སྤྱི་བསྒྲུབ་པར་བྱ་བར་འགྱུར་ན་གཞན་ཡོད་པས་དེ་མེད་པ་འབའ་ཞིག་ཉིད་སྒྲུབ་པའི་ཕྱིར་དང་། འབའ་ཞིག་པ་ལ་འབྲེལ་པ་མེད་པ་མ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་

པར་བྱེད་པའི་དངོས་པོ་མི་རིགས་སོ། །སྤྱི་ཡང་ཁྱད་པར་དུ་བྱ་བ་དང་ཁྱད་པར་བྱེད་པ་ལ་བརྟེན་པའི་ཆོས་དང་ཆོས་ཅན་མཚན་ཉིད་བསྒྲུབ་པར་བྱ་བར་འདོད་པས་དེ་མེད་པ་ལ་སྐྱོན་དུ་ཡང་འགྱུར་བས་ཀྱང་སྨོས་པ་ཡིན་ནོ། །གལ་ཏེ་ཐམས་ཅད་ཀྱི་སྤྱི་བསྒྲུབ་པར་བྱ་བར་མི་འདོད་དོ་ཞེ་ན། དེ་ལྟ་ན་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། ཆོས་ཙམ་ཡང་རང་རྒྱུད་པའི་བསྒྲུབ་པར་བྱ་བར་ཁས་བླངས་པ་དེ་ལས་གཞན་ཡོད་པའི་ཕྱིར་བུམ་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་བུམ་པ་ཡུལ་ཐམས་ཅད་དང་ཐམས་ཅད་ཀྱི་ཚེ་མེད་པར་ཐལ་བར་འགྱུར་རོ། །ཆོས་ཅན་ལ་ལའི་ཆོས་ཀྱི་ཡོན་ཏན་དུ་གྱུར་པ་སྒྲུབ་པར་བྱེད་པར་

དེ་ཉིད་ལ་དེའི་ཚེ་ཁོ་ན་ཡོད་པར་རིགས་ཏེ་གཞན་དུ་ནི་མ་ཡིན་ནོ། །ཐམས་ཅད་དུ་སྤྱི་བསྒྲུབ་པར་བྱ་བར་ཁས་བླངས་པས་ཆོས་འབའ་ཞིག་ནི་མ་ཡིན་ནོ་སྙམ་ན་གཞན་གྱི་འདིར་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་བསྒྲུབ་པར་བྱ་བ་ལ་གཞན་ཡོད་ན་དེ་མེད་པ་འབྲེལ་པ་མེད་པ་ག་ལ་

เล่ม ๑๘๙ · หน้า 297a

ཡིན། ཕྱོགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནི། ས་ཕྱོགས་འདི་ལ་བུམ་པ་མེད་དོ་ཞེས་བྱ་བ་དེ་བཞིན་དུ་བུམ་པ་མེད་པའི་ས་ཕྱོགས་ལ་སོགས་པ་ཆོས་ཅན་ཁྱད་པར་དུ་བྱེད་པ་ཡིན་ཏེ། བུམ་པ་དང་བཅས་པའི་ཕྱོགས་ལ་སོགས་པ་

ཐ་དད་པར་རྣམ་པར་འཇོག་པའི་ཕྱིར་དེའི་ཁྱད་པར་གྱིས་ཐོབ་པ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་བུམ་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུ་འབའ་ཞིག་མ་ཡིན་པར་ཆོས་ཅན་འགའ་ཞིག་ལ་ཡོན་ཏན་ཡོད་པར་སྟོན་པ་དེའི་ཕྱིར་སྤྱི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་གང་གིས་ནི་དེའི་སྐྱོན་འབྱུང་བར་མི་

འགྱུར། ཁོ་བོ་ཅག་གི་ཕྱོགས་ལ་ནི་རྟགས་དང་རྟགས་ཅན་གཞན་པའི་བདག་ཉིད་མ་ཡིན་ལ་ཕྱོགས་ལ་སོགས་པའི་ཆོས་ཅན་ལ་འབྲེལ་པ་མེད་པར་ཐལ་བའི་སྐྱོན་དུ་མི་འགྱུར་རོ། །གཞན་ཡོད་པ་གང་ཞིག་ཡིན་སྙམ་ན་བུམ་པས་དབེན་པའི་ས་ཕྱོགས་ལ་སོགས་པའི་མཚན་ཉིད་

ཕྱོགས་ཀྱི་ཆོས་ཅན་དང་དེའི་བདག་ཉིད་ཀྱི་འབྲེལ་པ་ཡོད་པའི་ཕྱིར་རོ། །དེ་ལྟ་ན་སྒྲ་ལ་སོགས་པའི་ཆོས་ཅན་ལ་བྱས་པ་ཉིད་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པར་ཁྱེད་འདོད་པ་དེ་བཞིན་དུ་འདིར་ཡང་ཡོད་པ་ཡིན་ནོ་ཞེས་བསམས་ནས་དེ་ཡང་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་མི་རིགས་

པ་བཤད་དོ་སྙམ་དུ་སེམས་ན་གྲུབ་པའི་མཐའ་སྨྲ་བས་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཀྱི་མཚན་ཉིད་ཀྱི་རྟགས་ཅན་བུམ་པ་མེད་པ་དང་། གཞན་ཡོད་པའི་རྟགས་དང་འབྲེལ་པ་མེད་པ་མ་ཡིན་ན་སྔར་བཤད་པའི་ཆོས་ཅན་ལ་མེད་པ་དེས་ན་ལན་འདི་དག་ལ་འབྲེལ་པ་ཅི་ཞིག་ཡོད་སྙམ་

དུ་དགོངས་ནས། གཞན་ཡོད་པར་བཤད་པ་དང་ཆོས་ཅན་འབྲེལ་པ་མེད་པར་བསྟན་པ་ནི་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ་རྟགས་དང་རྟགས་ཅན་གྱི་འབྲེལ་པ་མེད་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲས་པ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་སྤྱི་སྒྲུབ་པར་བྱེད་པ་མ་ཡིན་པས་འོན་ཀྱང་རྟགས་དང་

རྟགས་ཅན་གྱི་འབྲེལ་པ་མེད་པ་ཉིད་དང་སྤྱི་སྒྲུབ་པ་མེད་པར་དེ་བཞིན་དུ་བརྗོད་པའི་ཕྱིར་རོ། །ཆོས་ཅན་དུ་རྣམ་པར་གཞག་པ་ནི་གཞན་ཡོད་པ་ཡིན་པའི་ཕྱིར་གཞན་ཡོད་པའི་མཚན་ཉིད་རྟགས་ཡིན་ན་ཕྱོགས་ལ་སོགས་པ་ག་ལ་ཡིན། འདི་དག་བསྟན་པ་ནི་ཕྱོགས་གང་ཁོ་ན་

เล่ม ๑๘๙ · หน้า 297b

ལ་ཆོས་ཅན་དུ་ཁྱེད་ཀྱི་བརྟགས་པ་ལ་བུམ་པ་ལ་སོགས་པ་མེད་དོ་ཞེས་བརྗོད་དོ། །འཇིག་རྟེན་པས་ཕྱོགས་ལ་སོགས་པ་དེ་ཉིད་ལ་བུམ་པ་ལ་སོགས་པ་དེ་དང་འདྲེ་བ་མེད་པ་སྟེ། ཚོགས་པས་བྱས་པ་སྤངས་པའི་གཞན་ཡོད་པ་རྟགས་སུ་འདོད་པ་ལས་གཞན་ནི་འགའ་ཡང་

མེད་དོ། །གང་གི་ཕྱིར་དེ་མཐོང་བ་ཁོ་ནས་ནི་བུམ་པ་དང་མ་འདྲེས་པའི་ཕྱོགས་ལ་སོགས་པ་མཐོང་བ་ཁོ་ནས་རྟོགས་པར་བྱེད་པ་པོས་འདི་ན་བུམ་པ་མེད་དོ་སྙམ་པའི་རྣམ་པར་རྟོག་པ་རྟགས་ཅན་གྱི་ཤེས་པ་དེ་དག་ཁས་བླངས་པ་དེ་ཉིད་ཀྱི་ཕྱིར་གཞན་ཡོད་པའོ། །གང་ཁོ་ན་

མཐོང་བ་རྣམས་རྟགས་ཀྱི་ཤེས་པ་སྐྱེད་པ་དེ་ཁོ་ན་རྟགས་སུ་བརྗོད་དོ། །བུམ་པ་དང་མ་འདྲེས་པའི་ཕྱོགས་ལ་སོགས་པ་ཁོ་ན་ཡིན་པ་དེའི་ཕྱིར་གཞན་ཡོད་པའི་མཚན་ཉིད་དེ་ཉིད་རྟགས་སུ་ཁས་བླངས་པ་དེས་ན་ཇི་ལྟར་དེ་ཁོ་ན་གཞན་ཡོད་པ་ལ་ལྡོག་པ་ཡིན་དུ་ཟིན་ཀྱང་རྟགས་དང་

རྟགས་ཅན་གྱི་དངོས་པོ་སྟེ་རྟགས་ཉིད་དང་རྟགས་ཅན་ཉིད་ཐ་དད་པར་འགྱུར། ཆོས་ཅན་དུ་གྱུར་པ་རྟགས་ཉིད་དུ་འོས་པ་མ་ཡིན་ཏེ། ཆོས་རྟོགས་པ་ཉིད་ལས་བསྒྲུབ་བྱ་རྟོགས་པའི་རྗེས་སུ་འགྲོ་བ་ལ་སོགས་པའི་རྗེས་སུ་འབྲང་བར་མི་རིགས་པའི་ཕྱིར་རོ། །དེ་ལས་

གཞན་པའི་ཆོས་ཅན་མེད་པའི་ཕྱིར་རོ། །ཇི་ལྟར་གཞན་ཡོད་པའི་བདག་ཉིད་དེ་རྟགས་སམ་སྤྱི་བསྒྲུབ་བྱར་སྦྱར་བར་བྱ། སྒྲ་དང་བྱས་པ་ཉིད་ཀྱང་དོན་དམ་པར་ན་དེའི་བདག་ཉིད་ཡིན་དུ་ཟིན་ཀྱང་ལྡོག་པ་ཐ་དད་པའི་རྒྱུ་མཚན་ཡོད་པ་ཉིད་ཀྱིས་ཐ་དད་དོ། །དེས་ན་སྒྲ་ལ་སོགས་

པ་ཆོས་ཅན་དུ་རྟོགས་ལ་མི་རྟགས་པ་ལ་སོགས་པ་ཡང་རྟོགས་པར་བྱས་པ་ཉིད་ལ་སོགས་པ་དེ་བསྒྲུབ་བྱར་འགྱུར་བ་ནི་རིགས་སོ། །གལ་ཏེ་སྤྱི་དང་བྱེ་བྲག་ཏུ་བརྟགས་ནས་རྟགས་དང་རྟགས་ཅན་དུ་ཡང་འགྱུར་རོ་སྙམ་དུ་སེམས་སོ་ཞེ་ན། གང་གིས་ན་ཞེས་བྱ་བ་སྨོས་ཏེ།

འདིར་གཞན་ཡོད་པའི་རང་བཞིན་ལ་སྤྱི་དང་བྱེ་བྲག་གི་དངོས་པོར་བརྟག་པ་ཡང་མི་སྲིད་དེ་གང་གིས་ན་སྤྱི་དང་ཁྱད་པར་དུ་བརྟགས་ནས་སྤྱི་ནི་གཏན་ཚིགས་སུ་འགྱུར་ལ་ཁྱད་པར་ནི་ཆོས་ཅན་དུ་འགྱུར་བ་ཡིན། སྤྱི་བསྒྲུབ་པར་བྱ་བའི་དེ་རྟགས་དང་རྟགས་ཅན་དུ་འབྲེལ་པར་

เล่ม ๑๘๙ · หน้า 298a

འགྱུར་རོ། །གང་གིས་ན་མི་སྲིད་པ་ཡིན་ཞེ་ན། དེ་ཁྱད་པར་རྟོགས་པ་ཁོ་ནས་ཞེས་བྱ་བ་སྨོས་ཏེ། བུམ་པས་དབེན་པའི་ཕྱོགས་ཀྱི་ཁྱད་པར་དེ་ཁོ་ན་དེ་མེད་པ་སྟེ་བུམ་པ་མེད་པར་རྟོགས་པའི་ཕྱིར་དང་། གང་གི་ཕྱིར་ཁྱད་པར་ཁོ་ན་བུམ་པ་མེད་པར་

རྟོགས་པའི་རྒྱུ་མཚན་ཡིན་པ་དེའི་ཕྱིར་ཅི་དེ་ལ་སྤྱིར་རྟོགས་པར་བྱེད་པ་ནི། གལ་ཏེ་དེ་ཉིད་ཀྱི་ཁྱད་པར་གཞན་ལ་འཇུག་པས་སྤྱིའི་ངོ་བོར་རྟོགས་པར་འགྱུར་རོ་ཞེ་ན། བུམ་པས་དབེན་པའི་ཕྱོགས་ཀྱི་ཁྱད་པར་དེ་ཡང་གཞན་རིགས་མཐུན་པ་ལ་རྗེས་སུ་འགྲོ་བ་དང་རྗེས་སུ་འཇུག་པ་མེད་པའི་

ཕྱིར་གང་ལས་སྤྱིའི་བདག་ཉིད་དུ་འགྱུར། འདི་ཡུལ་དང་དུས་དང་གནས་སྐབས་ངེས་པའི་བྱེ་བྲག་རྣམས་ནི་གཞན་གྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །འདི་ཉིད་ཀྱི་གཏན་ཚིགས་ལྷག་པར་བསྟན་པ་ནི་དམ་བཅའ་བའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་བུམ་པས་དབེན་

པའི་ཕྱོགས་ཀྱི་ཁྱད་པར་གྱི་ཆོས་དེ་ཁོ་ན་གཏན་ཚིགས་སུ་འདོད་པ་དེའི་ཚེ་དམ་བཅའ་དོན་ཆོས་དང་ཆོས་ཅན་གྱི་སྤྱི་ཡིན་ལ་དེའི་ཕྱོགས་གཅིག་ཆོས་ཅན་གྱི་མཚན་ཉིད་གཏན་ཚིགས་སུ་འགྱུར་རོ། །དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ལྡོག་པ་ཡིན་ཡང་ཐ་དད་པར་ཉམས་སུ་མ་མྱོང་

བས་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །འོན་ཏེ་དེ་དག་གི་སྐྱོན་དུ་མ་གྱུར་ཅིག་སྙམ་ནས་བུམ་པས་དབེན་པའི་ཕྱོགས་ཀྱི་བྱེ་བྲག་གཏན་ཚིགས་སུ་མི་འདོད་ན་བུམ་པས་དབེན་པའི་བྱེ་བྲག་སྤངས་པའི་ཕྱོགས་ཙམ་ཡིན་ནོ་ཞེ་ན། གང་ན་ཕྱོགས་ཙམ་ཡོད་པ་དེ་ལ་བུམ་པ་མེད་པ་ཡང་མ་ཡིན་ནོ་

ཞེས་བྱ་བ་སྨོས་ཏེ། བུམ་པ་དང་བཅས་པའི་ཕྱོགས་ཀྱང་ཕྱོགས་ཙམ་ལ་ཡོད་པས་གཏན་ཚིགས་མ་ངེས་པར་འགྱུར་རོ། །ཕ་རོལ་གྱིས་སྤྱི་དང་བྱེ་བྲག་གི་དངོས་པོ་དེ་ལྟ་མ་ཡིན་པར་བསྟན་པ་ནི་དེ་དང་འདྲ་བ་ཅི་འདྲ་བའི་བུམ་པས་དབེན་པ་འབའ་ཞིག་པ་འདིའོ། །ཕྱོགས་ནི་མདུན་ན་

གནས་པའོ། །དེ་དང་འདྲ་བའི་ཕྱོགས་ཐམས་ཅད་ལ་བུམ་པ་མེད་པ་ཁོ་ན་ཡིན་པས་གང་གིས་མ་ངེས་པར་འགྱུར། རྣམ་པ་དེ་ལྟ་བུའི་ཕྱོགས་ཀྱི་བྱེ་བྲག་རྟོགས་པ་ཉིད་བུམ་པ་མེད་པ་རྟོགས་པ་ཡིན་པ་དེའི་ཕྱིར་གཞན་ཡོད་པ་ན་དེ་མེད་པ་དག་རྟགས་དང་རྟགས་ཅན་དུ་མི་འཐད་པ་ཉེ་བར་

เล่ม ๑๘๙ · หน้า 298b

བསྟན་པ་ནི་དེ་ནི་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འབའ་ཞིག་པ་ནི་འདི་ཕྱོགས་ཀྱི་བྱེ་བྲག་གི་ཆོས་ཅན་དུ་རྣམ་པར་གཞག་པ་དེ་འབའ་ཞིག་གང་ཡིན་པ་དེ་ནི་འབའ་ཞིག་པ་ཞེས་བྱ་བ་ཁྱོད་ཀྱིས་བྱེ་བྲག་ཏུ་བརྗོད་པ་འདིས་བུམ་པ་སྤངས་པ་འདི་ཉིད་བུམ་པ་མེད་པ་ཡིན་ནོ་ཞེས་སྨྲས་

པ་ཡིན་ནོ། །དེ་ཡང་བུམ་པ་སྤངས་པ་རྟགས་སུ་གྱུར་པ་འབའ་ཞིག་པའི་ཕྱོགས་རྟོགས་པ་ཁོ་ནའི་ཚེ་གྲུབ་པ་ཡིན་གྱི་དུས་ཕྱིས་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཞན་ཁོ་ནའི་སྒོ་ནས་དུ་བ་ལ་སོགས་པའི་མེ་བསྒྲུབ་པར་བྱ་བ་ཡིན་པ་དེས་ན་རྟོགས་པ་ལས་བསྒྲུབ་པར་བྱ་བ་རྟོགས་པ་

ཡིན། རྟགས་དང་རྟགས་ཅན་ནི་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ཤེས་པར་འདོད་པ་ལ་བུམ་པ་མེད་པ་གྲུབ་ན་གང་འགའ་ཞིག་ནི་ཤེས་པར་མི་འདོད་པའི་ཕྱིར་རོ། །ཕྱོགས་འགའ་ཞིག་པ་རྟོགས་པ་ཉིད་དང་། བུམ་པ་སྤངས་པ་རྟོགས་པ་གང་ཡིན་པ་འདི་དག་དུས་ཕྱིས་

གང་དང་གང་ཕྱོགས་འབའ་ཞིག་པ་དེ་དང་དེ་ནི་བུམ་པ་སྤངས་པ་ཡིན་ནོ་ཞེས་བྱ་བའི་རྗེས་སུ་འགྲོ་བ་སྨོས་པའི་རྗེས་སུ་འབྲང་བ་དོན་མེད་དེ་བསྒྲུབ་པར་བྱ་བ་དང་པོར་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དེ་ལྟ་བས་ན་གཞན་ཡོད་པ་འབའ་ཞིག་ས་ཕྱོགས་ཀྱི་མཚན་ཉིད་ནི་བསྒྲུབ་

པར་བྱ་བ་དང་སྒྲུབ་པར་བྱེད་པ་བྱེ་བྲག་མེད་པས་དངོས་པོ་མེད་པ་སྒྲུབ་པ་མ་ཡིན་པ་དེ་ལྟར་ན་སྤྱི་བསྒྲུབ་པར་བྱ་བ་དེ་ཡང་རྟགས་དང་རྟགས་ཅན་གྱི་འབྲེལ་པ་བསྟན་པས་གཞན་གྱི་ཕྱོགས་ལ་སོགས་པའི་ཆོས་ཅན་གྱི་ཁྱད་པར་ལ་མེད་པ་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་གང་བཤད་པ་

ལ་དེ་ཐ་དད་པར་མ་གྲུབ་པའི་ཕྱིར་སུན་འབྱིན་པས་བསལ་བ་ཡིན་ནོ། །ཡུལ་དང་ཡུལ་ཅན་དུ་གྱུར་པའི་འབྲེལ་པ་ཡང་བསལ་བས་ཕ་རོལ་པོ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ལ་འབྲེལ་པ་གཞན་སྟོན་པ་ནི་གལ་ཏེ་འགལ་བའི་ཞེས་བྱ་བ་སྨོས་སོ། །གཞན་ཡོད་པ་དང་དེ་

མེད་པ་དག་ལ་འགལ་བའི་འབྲེལ་བ་ཡོད་པར་བཤད་པ་དེའི་འབྲེལ་པ་ཡོད་པས་གཞན་ཡོད་པ་ལས་དངོས་པོ་མེད་པར་གྱུར་པར་འདོད་ཅེ་ན། གྲུབ་པའི་མཐའ་སྨྲ་བས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ལ་འགལ་བ་མི་སྲིད་པས་གང་ཞིག་གང་དང་འགལ་ཞེས་གང་ཞིག་

เล่ม ๑๘๙ · หน้า 299a

དྲིས་པའོ། །སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བ་དག་ལ་འདིར་འགལ་བ་མི་སྲིད་དོ་ཞེས་བསམས་པ་ཡིན་ནོ། །གཞན་འགལ་བར་མངོན་པར་འདོད་པ་མི་ཤེས་པས་སྟོན་པ་ནི་གཞན་མེད་པའི་ཕྱོགས་འབའ་ཞིག་གི་བདག་ཉིད་དང་ཟླ་བོ་ནི་གང་མེད་

པའོ། །འཇལ་བར་འདོད་པས་བུམ་པ་ལ་སོགས་པ་དེ་ཡིན་ནོ་ཞེས་ཕ་རོལ་པོས་དེ་ལྟར་སྨྲས་པ་ནི་མ་འབྲེལ་པར་བརྗོད་པར་བསྟན་པ་ནི་ཅི་ཞེས་བྱ་བ་སྨོས་ཏེ། ཟླ་བོར་འདོད་པའི་བུམ་པ་ལ་སོགས་པ་འཇལ་བར་འདོད་པར་གང་གིས་ཟླ་བོ་གཞལ་བར་བྱ་བ་ཉིད་ཀྱིས་རྟགས་དང་

རྟགས་ཅན་ལ་འགལ་བའི་འབྲེལ་པ་བརྗོད་པ་ནི་མེད་དོ། །གལ་ཏེ་ཟླ་བོ་འཇལ་བར་བྱེད་པར་འདོད་པ་ནི་མ་ཡིན་ཏེ་འོན་ཀྱང་དེ་མེད་པ་ཡིན་ནོ་ཞེ་ན། དངོས་པོ་མེད་པའི་ཟླ་བོ་ཞེས་བྱ་བ་སྨོས་ཏེ་བསྒྲུབ་པར་བྱ་བའོ། །དེ་དང་གཞན་ཡོད་པ་དང་འགལ་བ་མེད་པ་ཉིད་དོ། །གང་ལས་

ཤེ་ན་ལྷན་ཅིག་གནས་པའི་ཕྱིར་རོ། །ཟླ་བོ་དངོས་པོ་མེད་པ་དང་གཞན་ཡོད་པ་དག་ལྷན་ཅིག་གནས་པའི་ཕྱིར་རོ། །འདི་གང་གཞན་གྱི་འདོད་པ་ལ་ལྟོས་ནས་བརྗོད་པ་ཡིན་གྱི་དེ་ལྟ་མ་ཡིན་ན་གང་ཁོ་ནའི་ཕྱོགས་འབའ་ཞིག་དེ་ཁོ་ན་བུམ་པ་མེད་པ་ཡིན་ནོ་ཞེས་བསྟན་པས་གང་ཞིག་

གང་དང་ལྷན་ཅིག་གནས་པ་ཡིན་ཏེ། དེ་ལ་གཞན་ཡོད་པ་དང་ལྷན་ཅིག་གནས་པའི་དེ་མེད་པའི་གཞལ་བར་བྱ་བ་ལ་རྟགས་དང་རྟགས་ཅན་དག་ཇི་ལྟར་འགལ་བ་ཡིན། རྣམ་པ་འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་བྱའོ། །འབྲེལ་པ་མེད་པ་ཉིད་དེ་དག་ཡིན་པའི་ཕྱིར་རོ། །འདིར་

ཡང་འགལ་བའི་འབྲེལ་བ་ལ་ལྟོས་ནས་གཞན་ཡོད་པ་ནི་རྟགས་ཡིན་པའི་ཕྱིར། གཞན་པའི་ཆོས་ཅན་མི་སྲིད་པས་སྤྱི་མེད་པ་སྒྲུབ་པར་བྱེད་པའི་གནས་སྐབས་ལ་གང་སྔར་གྱི་སྐྱོན་དེ་དང་དེར་བྱུང་བ་སོ་ན་འདུག་སྟེ་ཡོངས་སུ་སྤངས་པ་མེད་དོ། །འདི་ལྟར་ཕ་རོལ་གྱིས་འབྲེལ་

པ་མེད་པར་རྣམ་པར་གཞག་པའི་གཞན་ཡོད་པར་རྟོགས་པས་དེ་མེད་པའི་རྟོག་པ་གྲུབ་པའི་མཐའ་ལ་མི་སྲིད་པར་གཞན་གྱིས་བསྟན་པ་ནི་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡོད་པར་རྟོགས་པ་ཉིད་ལས་དེ་མེད་པར་རྟོགས་པའི་ཕྱིར་རྟགས་དང་རྟགས་ཅན་གྱི་

เล่ม ๑๘๙ · หน้า 299b

དངོས་པོ་རྣམ་པར་འབྱེད་པ་ནི་གང་དང་གང་གཞན་ཡོད་པར་རྟོགས་པ་ལས་དེ་མེད་པར་རྟོགས་པར་སྔར་བཤད་པ་དེ་ཡང་གཞན་ཡོད་པས་དེ་མེད་པ་དག་ལ་འབྲེལ་པ་ཡོད་པར་གྱུར་ན་ཡིན་གྱི། རྟགས་དང་རྟགས་ཅན་འབའ་ཞིག་པས་ནི་མ་ཡིན་ནོ། །དེའི་ཕྱིར་ཁྱེད་ཀྱིས་གདོན་མི་ཟ་བ་

དེ་དག་ལ་འབྲེལ་པ་འགའ་ཞིག་འདོད་པར་བྱ་དགོས་ན་དེ་ཉིད་ཁོ་བོ་ཡང་འདོད་པ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་འབྲེལ་པ་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་གང་ལས་ཅུང་ཟད་ཅིག་འབྲེལ་པ་ལ་བརྟེན་པ་གཞན་ཡོད་པས་དེ་མེད་པ་ཤེས་པར་བྱེད་པར་མི་འདོད་ཀྱི། འོན་

ཀྱང་ཁོ་བོ་ནི་གཞན་ཕྱོགས་འབའ་ཞིག་ཡོད་པ་ཁོ་ན་དེ་གཞན་བུམ་པ་ལ་སོགས་པ་མེད་པ་ཡིན་ནོ། །གཞན་ཡོད་པ་ལས་གཞན་དུ་གྱུར་པ་ཅི་ཡང་མ་ཡིན་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་སྔར་འདི་དག་བཤད་ཟིན་ཏོ། །གཞན་ཡོད་པ་ལ་ཡང་དེ་མེད་པ་ཡིན་ནོ་ཞེས་ཐ་སྙད་བཏགས་

པ་ནི་འདིར་རིགས་པ་ཅན་སུན་འབྱིན་པ་ཡིན་ནོ། །གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ་དེ་གཞན་ཡོད་པ་དང་གཞན་བུམ་པ་ལ་སོགས་པ་དང་མ་འདྲེས་པ་ནི་ལྷན་ཅིག་པའི་ངོ་བོ་གང་ཡིན་པ་དེ་ལྟར་ནི་མ་ཡིན་ནོ། །གཞན་མ་ཡིན་པ་དང་འདྲེ་བའི་ངོ་བོ་འདི་དག་ཉིད་སྟོན་པ་ནི་འབའ་ཞིག་པ་ཞེས་

བྱ་བ་ནི་ཉི་ཚེ་བ་ཉིད་དུ་བརྗོད་དོ། །བདག་ཉིད་ཀྱི་རང་བཞིན་དུ་རྣམ་པར་གནས་པ་ཡིན་ཏེ་དེའི་བདག་ཉིད་གཞན་དང་ལྷན་ཅིག་པ་མ་ཡིན་པའི་བདག་ཉིད་དུའོ། །དེའི་ནུས་པ་ལས་བྱུང་བ་དེའི་ངོ་བོ་ཉིད་དུ་རྗེས་སུ་བྱེད་པའི་མངོན་སུམ་གྱིས་ཡོངས་སུ་གཅོད་པ་དེ་ཉིད་གཞན་བུམ་པ་ལ་སོགས་

པ་དེ་ལ་ཡོད་པ་རྣམ་པར་གཅོད་དོ། །རྣམ་པར་མི་གཅོད་པར་མེད་པ་རྟོགས་པ་ཡིན་ན་ནི་གང་གིས་ན་གཞན་ཡོད་པས་དེ་མེད་པ་དག་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ཡིན། གང་གི་ཕྱིར་དེ་དག་འབྲེལ་པ་ཡིན་པར་ཁོ་བོ་འདོད་དོ། གཞོན་ནུ་མ་ལེན་གྱིས་བསམ་པ་ཡོད་པའི་

ཆ་ལས་ཐ་དད་པ་འདི་ཉིད་མེད་པའི་ཆ་ཡིན་པ་དེའི་ཕྱིར་གཞན་ཡོད་པ་དེ་མེད་པ་མ་ཡིན་པ་ཇི་ལྟར་དེ་རྟོགས་པ་ཡིན། འདི་ལྟར་འདི་མེད་པ་དང་། སྔ་ན་མེད་པ་ལ་སོགས་པ་ཐ་དད་པས་ཐ་དད་པ་ནི་དངོས་པོ་མེད་པ་ལས་ཐ་དད་པ་མི་སྲིད་པས་འདི་དངོས་པོའི་ངོ་བོ་ཉིད་ཡིན་ནོ། །ཇི་སྐད་དུ།

เล่ม ๑๘๙ · หน้า 300a

དངོས་པོ་མེད་ལ་འདི་མི་འགྱུར། །ཐ་དད་དེས་ན་འདི་དངོས་ཡིན། །ཞེས་སྨྲས་སོ། །དངོས་པོའི་ཆ་ནི་དངོས་པོ་མེད་པའི་ཆར་མི་རུང་ངོ་། །དེ་དབང་པོ་དང་ལྡན་པའི་འབྲེལ་པའི་སྟོབས་ཀྱིས་རྟོགས་ཀྱི། ཅིག་ཤོས་རྟོགས་པ་ཡང་དེ་དང་འབྲེལ་པའི་

རྒྱུ་མེད་པའི་ཕྱིར་རོ། །དེ་སྐད་དུ། འབྲེལ་དེ་ཡོད་པས་དེ་བཞིན་དུ། །ཡོད་པའི་ངོ་བོར་རྟོགས་པ་ཡིན། །འདི་ལ་འདི་དང་འདིར་དེ་མེད། །འབྲེལ་མེད་པ་ཡི་རྒྱུ་ཅན་ཡིན། །ཞེས་བཤད་དོ། །དེ་ཇི་ལྟར་དེ་རྟོགས་པ་ཉིད་ལས་གཞན་རྣམ་པར་གཅོད་པ་ཡིན་ཞེ་ན། དེ་

སུན་དབྱུང་བའི་ཕྱིར་དེ་ལས་གཞན་པ་རྟོགས་པ་ཞེས་བྱ་བ་སྨོས་ཏོ། །ཕྱོགས་འབའ་ཞིག་པའི་བདག་ཉིད་གཅིག་པུ་ལྷན་ཅིག་པ་མེད་པ་དེ་ཉིད་གཞན་ཟླ་བོ་བུམ་པ་ལ་སོགས་པ་མ་ཚང་བ་མེད་པ་ཡིན་ནོ་ཞེས་བྱའོ། །དེའི་ཕྱིར་གཞན་གྱི་ཡོད་པ་ཁོ་ན་ལ་ཁྱོད་དངོས་པོའི་ཆའི་ངོ་བོར་མངོན་

པར་འདོད་པའི་ཟླ་བོ་དངོས་པོ་མེད་པ་ནི་དེ་མ་ཡིན་ཏེ་ཐ་དད་པར་གྱུར་པའི་ཆོས་གཞན་ཡིན་ནོ་ཞེས་བརྗོད་དོ། །བདེ་བར་གཤེགས་པའི་སྲས་རྣམས་ནི་དེ་ལས་ཀྱང་དེ་རྟོགས་པ་ཉིད་དེ་དེ་ལས་གཞན་པ་ཡོད་པ་རྟོགས་པ་ཉིད་ད་མེད་པར་རྟོགས་པ་ཡིན་ནོ། །དེ་མི་རྟོགས་པ་ནི་དེའི་ཟླ་བོ་མི་རྟོགས་པ་སྟེ།

མེད་པ་མི་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་སེམས་ཏེ། གང་དང་གང་མེད་པའི་ཆ་དང་ཡོད་པའི་ཆ་དག་ཐ་དད་པར་གྱུར་པའི་དངོས་པོ་མེད་པའི་ཆོས་སུ་ཡོངས་སུ་བརྟགས་པ་ལ་བུམ་པ་དང་བཅས་པ་ལ་སོགས་པ་མེད་པའི་བདག་ཉིད་དེའི་ངོ་བོ་ནི་མ་ཚང་བ་ཉིད་ཉམས་སུ་མྱོང་བའི་གཞན་

དུ་ནི་མ་ཡིན་ནོ། །དེ་ཡང་དེའི་ངོ་བོ་མ་ཚང་བ་གཞན་པའི་དངོས་པོའི་ཡོད་པའི་ཆ་ལ་ཡང་ཡོད་ན་དེ་མེད་པ་ཡིན་ཏེ་དེ་ལས་གཞན་པའི་དངོས་པོ་འདོར་བར་འགྱུར་བས་གང་དང་གང་གི་ངོ་བོ་མ་ཚང་བ་མ་ཡིན་པ་དེ་དང་དེ་ནི་གཞན་པ་ཉིད་དུ་རིགས་པར་མི་འགྱུར་ཏེ་དཔེར་ན་རང་གི་ངོ་བོ་བཞིན་ནོ། །

མེད་པའི་ཆ་ཡང་དེར་མི་འགྲུབ་པས་སྣ་ཚོགས་པ་ཐམས་ཅད་ཀྱང་རྫས་གཅིག་ཏུ་ཐལ་བར་འགྱུར་བ་དང་། དེས་ན་ལྷན་ཅིག་ཏུ་སྐྱེ་བ་ལ་སོགས་པ་ཐལ་བར་འགྱུར་བ་དང་། ཐམས་ཅད་ཐམས་ཅད་ལ་སྦྱོར་བར་འགྱུར་བའི་ཕྱིར་གདོན་མི་ཟ་བར་གཞན་པའི་དངོས་པོ་ཡོད་པའི་ངོ་བོ་ཉིད་

เล่ม ๑๘๙ · หน้า 300b

དེ་གཞན་མེད་པའི་བདག་ཉིད་ཁོ་ན་ཡིན་པ་དེ་བཞིན་དུ་རྟོགས་པ་ཉིད་དེ། དེ་ལས་གཞན་པའི་ཡོད་པ་རྟོགས་པ་ནི་དབང་པོ་དང་འབྲེལ་པ་ཁོ་ནས་ཡིན་ལ་དེ་མེད་པ་ནི་མ་འབྲེལ་པ་ལས་སོ་ཞེས་བྱ་བས་ཅི་ཞིག་བརྗོད་ཅེ་ན། འདི་ལ་འདི་དང་འདིར་དེ་མེད་དེ། རྒྱུ་དང་འབྲེལ་པ་མེད་

པ་ཡིན་ཞེས་བྱ་བ་རྣམ་པར་རྟོག་པ་ལ་ལྟོས་ནས་བརྗོད་པ་ཡིན་ནོ་ཞེ་ན་ནི་དེ་དང་དེ་ལ་གནོད་པ་མེད་དེ་མངོན་སུམ་གྱིས་དེའི་རྣམ་པར་སྐྱེས་ནས་གཞན་མེད་པ་དེའི་བདག་ཉིད་ཀྱི་དངོས་པོའི་ངོ་བོར་རྟོགས་པའི་ཕྱི་ནས་ཇི་ལྟར་འཛིན་པའི་མངོན་པར་བརྗོད་པའི་རྣམ་པར་རྟོག་པ་ཁས་

བླངས་པའི་ཕྱིར་རོ། །རྒྱས་པར་ཚད་མ་གཉིས་སུ་བསྒྲུབ་པའི་གཞུང་གི་དངོས་པོ་མེད་པ་རྣམ་པར་དཔྱད་པ་དེ་དངོས་པོ་མེད་པའི་གཞལ་བྱ་དང་ཚད་མ་རྣམ་པར་དཔྱད་པ་བྱས་ཟིན་པས་དེ་ཉིད་དུ་བལྟ་བར་བྱའོ། །གདོན་མི་ཟ་བར་དེ་ལས་གཞན་ཡོད་པར་རྟོགས་པ་ཉིད་དེ་མེད་པར་

རྟོགས་པ་ཡིན་པ་དེའི་ཕྱིར་དངོས་པོ་མ་འཁྲུལ་པ་སྒྲུབ་པའི་དོན་དང་འདི་ལ་འདི་མེད་དོ་ཞེས་བྱ་བ་མེད་པའི་ཐ་སྙད་ཀྱི་དོན་དུ་མེད་པའི་ཚད་མ་བརྟག་པ་ནི་མི་རིགས་པ་ཡིན་ནོ་ཞེས་བསྟན་པ་ནི་དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་དེ་རྟོགས་པ་ཉིད་དེ་མེད་པར་རྟོགས་པར་མི་འདོད་

པ་དེའི་ཚེ་དེ་ལས་གཞན་པའི་དངོས་པོའི་རང་གི་ངོ་བོ་ཡོངས་སུ་དེ་ལས་གཞན་པ་དེ་མ་ཡིན་པའི་ངོ་བོ་རྣམ་པར་གཅོད་པས་དེ་དངོས་པོ་མེད་པར་རྟོགས་པ་མི་སེལ་ན་དེ་ཡོངས་སུ་གཅོད་པ་ཉིད་དུ་མི་འགྱུར་ཏེ་དེ་ལས་གཞན་པའི་དངོས་པོའི་རང་གི་ངོ་བོ་རྟོགས་པ་ཉིད་དུ་མི་འགྱུར་རོ། །ཅིའི་

ཕྱིར་ཞེ་ན། དེ་དང་དེ་མ་ཡིན་པའི་ངོ་བོ་ནི་དེ་དང་དེ་ལས་གཞན་པའི་ངོ་བོར་རྟོགས་པར་ངེས་སོ། །ཁམས་གསུམ་པོ་མ་ལུས་པའི་མཚན་ཉིད་མི་མཐུན་པ་གང་ཡིན་པ་དེ་མ་ཡིན་པའི་ངོ་བོ་དེའི་ངོ་བོར་མི་འགྱུར་ཏེ། གཞན་གྱི་ངོ་བོ་དེ་དག་རྣམ་པར་མ་ཕྱེ་བའི་ཕྱིར་རོ། །རྣམ་པར་མ་ཕྱེ་

བས་རྣམ་པར་དབྱེ་བ་རྣམ་པར་མ་བཞག་པའི་ཕྱིར་རོ། །མ་འཆོལ་བ་རབ་ཏུ་མ་བསྒྲུབ་པའི་ཕྱིར་གཞན་མ་ལུས་པའི་ངོ་བོ་མི་འཆོལ་བ་དེའི་ངོ་བོའོ། །གལ་ཏེ་དེ་དང་དེ་ལས་བྱུང་བའི་མངོན་སུམ་གྱིས་དེ་བཞིན་དུ་རྗེས་སུ་མི་བྱེད་དེ་འབའ་ཞིག་པ་ལས་གྲོལ་བའི་རྣམ་པ་ཉིད་སྐྱེས་ན་ནི་དེའི་

เล่ม ๑๘๙ · หน้า 301a

ཚེ་ཇི་ལྟར་དེས་དེ་ཡོངས་སུ་གཅོད་པར་འགྱུར། གང་གི་ངོ་བོའམ་གང་གི་དངོས་པོ་དེའི་རྗེས་སུ་མི་བྱེད་པའི་ཤེས་པས་དེ་ཡོངས་སུ་གཅོད་པར་མི་རིགས་ཏེ། དཔེར་ན་དུང་དཀར་པོའི་རྗེས་སུ་མི་བྱེད་པས་མིག་སེར་གྱིས་དུང་སེར་པོར་སྣང་བའི་ཤེས་པ་བཞིན་ནོ། །

སོ་སོར་ངེས་པའི་རྗེས་སུ་བྱེད་པ་ན་དེ་མ་ཡིན་པ་ཡོངས་སུ་གཅོད་པ་ཉིད་ཇི་ལྟར་གཞན་རྣམ་པར་མི་གཅོད་པ་ཡིན། དེས་ན་སོ་སོར་ངེས་པ་དེའི་ངོ་བོ་དེའི་རྗེས་སུ་མི་བྱེད་ན། དེ་ལས་གཞན་པ་རྣམ་པར་མི་གཅོད་དེ་དེ་ལྟ་ན་ཡང་དེ་ཡོངས་སུ་གཅོད་པ་མེད་དོ་ཞེས་བྱའོ། །དེ་ལྟར་ཡིན་ན་དེ་ལས་

ཉེས་པ་ཅི་ཞིག་ཏུ་འགྱུར་ཞེ་ན། ལ་ལར་འགའ་ཞིག་ཅེས་བྱ་བ་སྨོས་ཏེ། སྐྱེ་བོ་ཐམས་ཅད་ཀྱིས་རྟོགས་པའི་མེ་ལ་སོགས་པ་འགའ་ཞིག་གི་དངོས་པོ་ཡུལ་ལ་ལར་མཐོང་ནས་དེ་དང་འབྲེལ་པ་ཐོབ་པའི་ཕྱིར་དང་མཐོང་བ་དེས་མ་མཐོང་བ་ཡོངས་སུ་སྤངས་པའི་ཕྱིར་འཇུག་པ་དང་ལྡོག་

པའི་མཚན་ཉིད་དུ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ནི་ཞེས་བྱ་བ་གང་གི་ཕྱིར་ཏེ། མེ་ནི་མཐོང་ཡང་འདི་རྟོགས་པས་དེ་དང་དེ་མ་ཡིན་པའི་ངོ་བོ་འདྲེས་པར་སྣང་བ་ནི་མངོན་སུམ་གྱིས་སོ། །དེ་ལྟ་མ་ཡིན་ན་མཐོང་བའི་ངོ་བོ་ཉམས་པར་འགྱུར་རོ། །དེ་ལྟ་ན་མ་འདྲེས་པའི་ངོ་བོ་མ་མཐོང་ན་

འདྲེས་པ་ཡང་གལ་ཏེ་མི་མཐོང་བས་དེའི་ཚེ་བོང་བ་ལ་སོགས་པའི་རྣམ་པ་ལྟ་བུ་འགའ་ཞིག་གིས་འདི་དག་ཇི་ལྟར་མཐོང་བར་འགྱུར། དེ་ལྟར་གྱུར་པ་དེ་ནི་འདྲེས་པར་མཐོང་བ་དང་ལྡན་པའི་མེ་ཉིད་མཐོང་བ་ན་ཆུ་ལ་སོགས་པ་ནི་མ་ཡིན་པར་རྟོགས་སོ། །འོན་ཀྱང་འདྲེས་པའི་ངོ་བོས་

དངོས་པོར་སྣང་བའི་ཤེས་པ་དེས་ཇི་ལྟར་ཆུ་དོན་དུ་གཉེར་བ་མེའི་ཡུལ་དེ་ལ་འཇུག་པར་མི་འགྱུར། རང་གཞན་གྱི་ཚིག་གིས་དོགས་པའི་གོ་སྐབས་ནི་གལ་ཏེ་མི་དམིགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་སྣང་བའི་ཤེས་པ་ལ་མེའི་རང་གི་ངོ་བོ་ཉིད་རྟོགས་ཀྱི་ཆུ་མེད་

པ་གང་ཡིན་པ་དེ་ནི་ཆུ་དེ་ལ་མི་དམིགས་པའི་ཤེས་པ་ཡིན་པ་དེས་ན་ཤེས་པ་གཉིས་དེ་དང་དེ་མ་ཡིན་པའི་ངོ་བོ་དག་རྣམ་པར་འབྱེད་པས་འཇིག་རྟེན་པ་འཇུག་པ་དང་ལྡོག་པའི་མཚན་ཉིད་སོ་སོར་ངེས་པའི་ཐ་སྙད་གྲུབ་པ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་མི་དམིགས་པ་

เล่ม ๑๘๙ · หน้า 301b

ཞེས་བྱ་བ་འདི་ཅི་ཞིག་ཅེས་བྱ་བ་སྨོས་སོ། །གཞན་གྱིས་སྨྲས་པ་རེས་འགའ་ཞིག་ཆུ་དམིགས་པ་སྤངས་པ་ཙམ་ཡིན་ནོ་སྙམ་ནས་གལ་ཏེ་ཆུའི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞོན་ནུ་མ་ལེན་གྱིས་ཆུའི་དམིགས་པ་ལྡོག་པ་ཙམ་ཅི་ཡང་མ་ཡིན་པའི་ངོ་བོ་དངོས་

པོ་མེད་པའི་མཚན་མ་ནི་མངོན་པར་འདོད་ཀྱི། མངོན་སུམ་ལ་སོགས་པ་མ་སྐྱེས་པས་ཚད་མ་དངོས་པོ་མེད་པར་བརྗོད་ཅེས་བྱ་བའམ། དེའི་བདག་ཉིད་ཡོངས་སུ་མ་གྱུར་པའམ་རྣམ་པར་ཤེས་པ་མེད་པ་སྟེ་དངོས་པོ་གཞན་དུ་བརྗོད་དོ། །འོན་ཀྱང་དེའི་བདག་ཉིད་བཀག་པའི་དངོས་

པོ་གང་སྣང་བའི་ཤེས་པའི་བདག་ཉིད་ཡོངས་སུ་མ་གྱུར་པ་དེ་དང་དེ་ལས་གཞན་པའི་དངོས་པོ་སྣང་བའི་ཤེས་པ་དང་ལྷན་ཅིག་ཏུ་རྒྱུ་བར་ཁས་བླང་བར་བྱ་སྟེ་འབའ་ཞིག་ནི་མ་ཡིན་ནོ་ཞེས་གཞན་གྱིས་ཁས་བླང་བའི་ཆེད་དུ་འདི་ཉེ་བར་དགོད་དོ། །དེ་ལྟ་ན་ཡང་གཞན་པའི་དངོས་པོ་རྣམ་པར་

ཤེས་པ་ཉིད་དངོས་པོ་མེད་པའི་ཚད་མ་ཡིན་པ་བླའི། ཅི་ཚད་མ་མེད་པའི་བདག་ཉིད་ཡོངས་སུ་མ་གྱུར་པར་བཤད་པའི་ཆོས་ཡོངས་སུ་བརྟགས་ན་ནི་དེ་ལས་གཞན་པའི་དངོས་པོ་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ལས་གཞན་པ་ཉིད་ཡོངས་སུ་མ་གྱུར་པ་ནི་མ་ཡིན་ཏེ། ཁྱེད་དངོས་པོ་

ལས་གཞན་པ་ཉིད་ཀྱི་དངོས་པོ་མེད་པར་ཁས་བླངས་པའི་ཕྱིར་རོ། །ནུས་པ་མཚུངས་པའི་ངོ་བོ་ཤེས་པ་གཅིག་ལ་ཚོགས་པ་ནི་གཞན་པའི་དངོས་པོ་རྣམ་པར་ཤེས་པ་རྣམས་སོ། །དེ་བཞིན་ཐབས་གཞན་མེད་པས་དེ་ཤེས་པ་ལས་གཞན་ཟླ་བོ་མེད་པར་གྲུབ་པ་ཡིན་གྱི་གཟུགས་

ཤེས་པས། རོ་ལ་སོགས་པ་མེད་པར་རྟོགས་པའམ་ཤིན་ཏུ་ཡུལ་ལ་སོགས་པས་བསྐལ་པ་ནི་རིགས་པ་མ་ཡིན་ནོ། །གཞན་པའི་དངོས་པོ་རྣམ་པར་ཤེས་པ་སོ་སོར་ངེས་པའི་ངོ་བོ་སོ་སོར་སྣང་བ་ཉིད་ལས་དངོས་པོ་གཞན་དུ་སྣང་བ་དེ་ཆུ་ལ་སོགས་པ་དམིགས་པ་མེད་པ་ཁོ་ནར་

མི་འགྲུབ་ཀྱི། དེ་ལྟར་ཟླ་བོ་མེད་པ་ནི་མངོན་སུམ་གྱིས་ངེས་པ་ཉིད་དོ། །དེ་མེད་པའི་ཐ་སྙད་དུ་ཁོ་བོ་ཅག་མངོན་པར་འདོད་པས་མི་དམིགས་པ་ལས་འོངས་པ་མ་ཡིན་ནོ་ཞེས་བསྟན་པ་འདིས་ཉེ་བར་དགོད་དོ། །དེ་ལ་གང་གི་ཚེ་ཆུ་དམིགས་སུ་མེད་པ་ཅི་ཡང་མ་ཡིན་པའི་ངོ་བོ་མི་

เล่ม ๑๘๙ · หน้า 302a

དམིགས་པ་ཡིན་པ་དེའི་ཚེ་མེད་པ་དེ་ཇི་ལྟར་འགའ་ཞིག་གིས་རྟོགས་པ་ཡོངས་སུ་གཅོད་པ་ཡིན། ཇི་སྲིད་དུ་ཡོངས་སུ་གཅོད་པ་ནི་ཤེས་པའི་ཆོས་ཡིན་པའི་ཕྱིར་རོ། །ཡང་ན་དེ་རྟོགས་པའི་ངོ་བོར་མི་འདོད་ཀྱི་འོན་ཀྱང་དེའི་ཕྱིར་རྒྱུར་ཡོད་པ་ཡིན་

ནོ་ཞེ་ན། རྟོགས་པའི་རྒྱུའམ་ཞེས་བྱ་བ་སྨོས་ཏེ། ནུས་པ་ཐམས་ཅད་ཀྱིས་སྟོང་པའི་མཚན་ཉིད་ཀྱི་དངོས་པོ་མེད་པ་ནི་རྟོགས་པའམ་རྟོགས་པའི་རྒྱུར་ཡོད་པར་མི་རིགས་སོ། །ཆུའི་དངོས་པོ་ཉིད་ཡིན་ན་ལྷན་ཅིག་བྱེད་པ་ལ་དེ་ལྟོས་པ་མེད་པའི་ཕྱིར་དེ་རྟག་ཏུ་ཤེས་པ་སྐྱེད་པས་

དངོས་པོ་མེད་པའི་ཤེས་པ་གཅིག་པུ་ཁོ་ན་རྟོགས་པར་འགྱུར་ཏེ། ཤེས་པ་གཞན་གྱི་གོ་སྐབས་མེད་པར་འགྱུར་རོ། །ཤེས་པ་མེད་པ་ནི་མེད་པ་ཉིད་ཤེས་པར་རིགས་སོ་ཞེ་ན། དེ་ཡང་ཞེས་བྱ་བ་སྨོས་ཏེ་ཆུ་དམིགས་པ་མེད་པར་ཇི་ལྟར་རྟོགས། ཡང་ན་ཆུ་འདི་དམིགས་པ་མེད་

པ་ནི་དེ་འདིར་རྟོགས་པ་མེད་པ་ཁོ་ན་ཆུ་མེད་པར་རྟོགས་པ་དེའི་ཚེ་རེས་འགའ་སྐྱེ་བ་ཡིན་ནོ། །དེ་སྐད་དུ་ཡང་དེའི་ཆུ་དམིགས་སུ་མེད་པའམ་དེ་ལ་ཆུ་ལས་གཞན་པ་མེ་ལ་སོགས་པའི་རྣམ་པར་ཤེས་པ་གཞན་པའི་དངོས་པོ་ཡིན་ནོ་ཞེས་བཤད་དོ། །དེས་ན་བདག་ཉིད་ཡོངས་སུ་མ་གྱུར་

པ་ནི་ཐ་དད་པ་རྣམ་པར་གཞག་པའམ་དེ་ལ་ཡང་དེ་ཁས་ལེན་པས་ན་བདག་ཉིད་ཡོངས་སུ་གྱུར་པ་དེའི་བདག་ཉིད་ཡིན་པའི་ཕྱིར་དེ་ལས་ཐ་དད་པར་རྣམ་པར་གཞག་པར་མི་བྱའོ། །དེ་ཡང་དེའམ་གཞན་པ་ཡང་རུང་རེས་འགའ་ཞིག་ཀྱང་རྟོགས་པ་མེད་ཀྱང་གང་གི་ཚེ་ཆུ་ལ་སོགས་

པ་དངོས་པོ་མེད་པར་རྟོགས་ན་དེའི་ཚེ་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་ན་ཡང་གཉིད་ལོག་ཀྱང་ཆུ་ལ་སོགས་པ་དངོས་པོ་མེད་པ་ཅིས་ན་མི་རྟོགས། དེས་ཀྱང་དེ་མེད་པར་རྟོགས་པར་འགྱུར་རོ་ཞེས་ཚད་མ་རྣམ་པར་ངེས་པས་དེ་རྣམ་པར་དཔྱད་པས་དེ་ཉིད་དུ་བལྟ་བར་བྱའོ། །

བར་དུ་ཆོད་པ་ལ་སོགས་པ་སྨོས་པ་ནི་འདི་དག་བསྟན་པ་ཡིན་ཏེ། གཞན་པའི་དངོས་པོ་ཡང་གཞན་པ་ཉིད་དང་མཚུངས་པར་རུང་བའི་ངོ་བོ་ལ་ལྟོས་པར་ཁས་མ་བླངས་སོ། །དེ་ལྟར་ན་ཁོ་བོ་ཅག་གིས་ཉེ་བར་བརྗོད་པ་མི་དམིགས་པ་གྲུབ་པས་སོ། །གང་གི་ཚེ་ཇི་སྐད་དུ་བཤད་པའི་

เล่ม ๑๘๙ · หน้า 302b

མི་དམིགས་པའི་རྣམ་པས་ཆུ་མེད་པར་རྟོགས་པ་ལ་མི་སྦྱོར་བ་དང་མེར་སྣང་བའི་ཤེས་པ་སོ་སོར་ངེས་པའི་རྣམ་པ་ཁས་བླང་བར་མི་བྱའོ། །དེ་ལྟ་བས་ན་འདིས་མེ་མཐོང་བར་རྟོགས་པ་ན་མེ་མཐོང་ཡང་ཤེས་པ་ལ་འདྲེས་པའི་ངོ་བོར་སྣང་བས། འདི་ན་མེ་ཡིན་གྱི་ཆུ་མ་ཡིན་ནོ་ཞེས་མི་ངེས་

པས་མི་ཤེས་པའོ། །ཆུ་རང་གི་ངོ་བོར་སྣང་ཡང་དེ་དོན་དུ་གཉེར་བ་ནི་འདུག་པ་ལ་འཇུག་པར་མི་བྱ། འགྲོ་བར་མི་བྱ་བ་ནི་ཆུ་དོན་དུ་གཉེར་བ་ལ་འཇུག་པར་མི་བྱ་བའོ། །དེ་ལྟར་ན་ཆུ་ཞེས་བརྗོད་པ་གང་ཡིན་པས་གདུང་བ་བགྲོད་པར་དཀའ་བ་སྟེ། དེའམ་གཞན་པའི་ངོ་བོ་མ་

ལུས་པ་མ་འདྲེས་པ་སོ་སོར་ངེས་པའི་རྣམ་པར་ཤེས་པ་ལ་སྣང་བ་ཡིན་ན་འདིའམ་གཞན་པ་ཉིད་འདྲེན་མའི་ངོ་བོར་ཡང་ཅིས་ན་སྣང་བར་འགྱུར། དེས་ཀྱང་འཇུག་པ་དང་ལྡོག་པ་དག་འགལ་བས་ཅིག་ཅར་ཉམས་སུ་བླང་བར་མི་ནུས་པའི་ཕྱིར་རོ། །རྒོལ་བར་དཀའ་བ་ནི་ཉོན་མོངས་ཤིང་

རྟོགས་པར་འགྱུར་བའོ། །འདིར་གཞན་གྱི་དོགས་པ་སྨྲ་བའི་གོ་སྐབས་ནི་གལ་ཏེ་གཅིག་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ནི་ཆུ་ལ་དམིགས་པ་ལྡོག་པ་ཙམ་ཅི་ཡང་མ་ཡིན་པའི་ངོ་བོ་དེ་མེད་པར་རྟོགས་པ་ནི་མི་བརྗོད་དོ། །ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་

འགྱུར་བས་སོ། །འོན་ཀྱང་འདི་གཅིག་པུ་འབའ་ཞིག་པའི་མེ་མཐོང་བ་གང་ཡིན་པ་དེ་ཉིད་ལས་གཞན་པ་ཡིན་ཏེ་དེ་ལ་ཆུ་སྣང་བ་མེད་པར་རྟོགས་པར་འགྱུར་བའམ་རྣམ་པར་ཤེས་པ་ལ་གཞན་པའི་དངོས་པོར་བརྗོད་དོ། །གྲུབ་པའི་མཐའ་སྨྲ་བས་ཇི་ལྟར་གཅིག་མཐོང་བས་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། ཅི་དེ་གཅིག་མཐོང་བའི་ཤུགས་ཀྱིས་ཀྱང་གཞན་མེད་པར་རྟོགས་པར་འགྱུར་རམ། དེ་ལྟ་ན་མཐོང་བ་དེའི་ཚེ་དེ་ཉིད་ཡོད་དོ་ཞེས་ཁོང་དུ་ཆུད་པར་འགྱུར་ལ། དེ་ལས་གཞན་མེད་དོ་ཞེས་ཅིས་ན་ངེས་པར་འགྱུར་བ་ཡིན། མེ་ལ་སོགས་པ་འབའ་ཞིག་པ་

དེ་ཉིད་ཡོངས་སུ་མཐོང་བ་ན་ཆུ་དང་མ་འདྲེས་པར་མཐོང་བས་མི་ཤེས་པ་ལ་སོ་སོར་སྣང་བ་ན་ཆུ་མེད་དོ་ཞེས་ཤེས་པ་སྐྱེ་བ་ཡིན་ནོ། །དེ་ལྟ་ན་མེ་བཞིན་དུ་ཆུ་ཡང་གང་གིས་དེ་ལས་འབྱུང་བར་འགྱུར་བ་དེའི་ཚེ་མེ་བཞིན་དུ་དེ་མཐོང་བའི་ཤེས་པ་ལ་སྣང་བར་འགྱུར་རོ། །དེ་དག་གི་རང་གི་ཤེས་པ་ཁྱད་

เล่ม ๑๘๙ · หน้า 303a

པར་ཅན་ཡིན་པའི་ཕྱིར། གཅིག་སྣང་བར་རུང་བ་ཡིན་པར་རིགས་སོ། །དེའི་ཕྱིར་གཅིག་སྣང་བ་གཞན་མེད་པ་ནི་མི་འབྱུང་བ་ཡིན་པའི་ཕྱིར། གཞན་པའི་ཡོད་པའི་ཤེས་པ་སྐྱེ་བ་ན་གཞན་པའི་དངོས་པོའི་རྣམ་པར་ཤེས་པ་མེད་དོ། །

ཞེས་བྱ་བའི་ཤེས་པ་སྐྱེ་བའོ། །གཞན་གྱི་དངོས་པོ་དེ་ཡང་གཞན་དང་མ་འདྲེས་པའི་རང་བཞིན་དེ་ཉིད་ཀྱིས་དེ་མེད་པར་རྣམ་པར་རྟོག་པའི་རྒྱུ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་ཁོ་བོ་ཅག་གིས་འདི་དག་ཀྱང་དེ་དག་ཡོད་

པ་ན་གཅིག་གི་ངོ་བོར་ངེས་པ་རྟོགས་པ་མི་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སྔར་བཤད་ཟིན་ཏོ། །དེའི་ཕྱིར་གཞན་དང་མ་འདྲེས་པ་འབའ་ཞིག་པ་སྣང་བ་གང་ཡིན་པ་དེ་ལས་གཞན་མེད་པ་ཡང་ཡིན་ནོ། །དེ་ཉིད་འབའ་ཞིག་དེ་ལས་གཞན་མེད་པའི་བདག་ཉིད་

ཡིན་པའི་ཕྱིར་རམ་གཞན་མེད་པའི་ཆ་ནི་སུན་ཕྱུང་བའི་ཕྱིར་དང་། དེ་ནི་མངོན་སུམ་ལ་སྣང་བའི་ཕྱིར་དེ་མེད་པ་ནི་དེའི་སྟོབས་ཀྱིས་ཕྱིས་ཐ་སྙད་འཇུག་པར་བྱེད་དེ་གཟུགས་མེད་པ་ཉིད་ཀྱི་རྣམ་པར་རྟོག་པའི་ཤེས་པ་སྐྱེ་བ་ཡིན་ནོ། །དེས་མ་རྟོགས་ན་ཅུང་ཟད་ཅིག་ཀྱང་གོ་བར་བྱ་བར་

མི་འགྱུར་ཏེ། གང་གི་ཕྱིར་དེ་གཞན་གྱི་དངོས་པོ་རྣམ་པར་ཤེས་པ་ནི་མངོན་སུམ་གྱི་བདག་ཉིད་ཀྱིས་ཀྱང་མི་རྟོགས་ཀྱི་དེ་ལས་གཞན་མེད་པའི་ཤེས་པ་སྐྱེ་བས་དངོས་པོ་མེད་པའི་ཚད་མ་ལོགས་ཤིག་ཏུ་རྣམ་པར་མི་གཞག་གོ། །དེ་ལྟ་ན་དེ་གཞན་གྱི་རྣམ་པས་སྟོང་པ་མྱོང་བ་ཁོ་

ན་ལས་དེ་མེད་པར་རིག་གོ། །རྣམ་པར་རྟོག་པའི་ཤེས་པ་ཡང་དེའི་རྣམ་པས་སྟོང་པའི་ངོ་བོར་རིགས་པས་དེ་ལས་གཞན་མེད་པར་རིག་པ་ནི་མེད་དེ། འབའ་ཞིག་པ་འདི་རྣམ་པར་རྟོག་པས་འབྱེད་དོ། །དེའི་ཕྱིར་འདི་ལྟར་རྟོག་པ་མེད་པའི་ཤེས་པ་བཞིན་དུ་ལ་ལར་མེད་པར་ངེས་པ་ན་

འདི་ན་མེ་ཡོད་ཅེས་ཕྱིས་ནས་རྣམ་པར་རྟོག་པའི་ཤེས་པས། ཐ་སྙད་རབ་ཏུ་འཇུག་པ་ཙམ་དེ་ལས་ཐ་དད་པའི་ཚད་མ་ནི་མེད་པར་སྔར་ཇི་སྐད་བཤད་པ་དེ་བཞིན་དུ་མེད་པའི་ཤེས་པ་ཡང་རྣམ་པར་རྟོག་པ་དེའི་འབྲས་བུའི་སྒོ་ནས་གཞན་པའི་དངོས་པོ་རྣམ་པར་ཤེས་པའི་མངོན་སུམ་ལས་

เล่ม ๑๘๙ · หน้า 303b

དངོས་པོ་མེད་པར་གྲགས་པའི་ཚད་མ་ཐ་དད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་གིས་བཤད་པའི་དེ་ལས་གཞན་མེད་པར་རྟོགས་པ་གང་ཡིན་པ་དེ་ཉིད་ཁྱེད་ཀྱིས་ཀྱང་བསྟན་ན་ཅིའི་ཕྱིར་མ་རངས་པར་སྟོན། གང་གི་ཕྱིར་དངོས་པོ་མེད་པའི་ཚད་མར་བཤད་པ་ཐ་དད་པ་ནི་ཁས་མི་

ལེན་པས་ཁས་ལེན་པ་ལ་བཞད་གད་སྟོན་པ་ཡིན་ནོ། །དེ་ལྟ་ན་ཁྱེད་ཀྱིས་ད་ལྟར་ཐབས་ཟད་པས་གཟུ་བོར་གནས་པར་བརྗོད་པ་ཡིན་གྱི་དེ་ལྟ་མ་ཡིན་ན་འདི་སྔར་ཡང་ཅིས་ན་མི་བརྗོད། ཅལ་ཅོལ་དུ་བརྗོད་པས་བདག་དང་གཞན་ཉོན་མོངས་པ་ཡིན་ནོ་ཞེས་མཇུག་བསྡུ་བ་ནི་དེ་ལྟ་བས་ན་འགྲམ་

མ་མཐོང་བའི་བྱ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་གྲུར་ཞུགས་པའི་ཚོང་པ་རྣམས་ཀྱིས་བྱ་བ་བཀྲོལ་ནས་ཀྱང་འགྲམ་མཐོང་བ་ཡིན་ན་དེ་གང་གི་ཚེ་འགྲམ་དུ་གནས་ལ། མཐའ་མ་རྙེད་པ་དེའི་ཚེ་ནི་གྲུ་ཉིད་དུ་ཕྱིར་འོང་བ་དེ་བཞིན་དུ་འདི་ལ་ཡང་བལྟ་བར་བྱ་སྟེ། གང་

གིས་ཀྱང་གདོན་མི་ཟ་བར་ཁས་བླང་བར་བྱ་བ་གང་དང་གང་གི་ཕྱོགས་ཡིན་པ་དེ་བས་ན་མ་རིག་པའི་གཏིང་མི་ཚུགས་པ་ཅན་གྱི་ཕྱོགས་བསྒྲུབས་པ་འདི་ལ་ཅུང་ཟད་ཅིག་ཀྱང་དགོས་པ་མེད་དོ། །དེ་ལྟར་ན་གཞན་གྱི་གཞན་ཡོད་པ་དེ་མེད་པ་དག་རྟགས་དང་རྟགས་ཅན་གྱི་དངོས་པོར་འདོད་

པ་ལ་འབྲེལ་པ་མེད་པས་འདི་རིགས་པ་མ་ཡིན་ནོ། །གཞན་གྱིས་བསྟན་པ་འབྲེལ་པ་མེད་པས་གཞན་ཡོད་པར་རྟོགས་པས་ཀྱང་མེད་པར་རྟོགས་པར་མི་འགྱུར་རོ་ཞེས་རྩོད་པ་ནི་འདིར་འབྲེལ་པ་ལ་སོགས་པ་འགའ་ཞིག་གིས་བྱས་པ་མེད་ཀྱི། དེ་ལས་གཞན་པ་ཁོ་ན་དེ་མེད་པ་

ཡིན་ཏེ། གཞན་མེད་པར་རྟོགས་པ་ཉིད་ཀྱིས་དེ་མེད་པར་རྟོགས་པའི་ཕྱིར་རོ་ཞེས་རབ་ཏུ་བསྒྲུབས་སོ། །གཞོན་ནུ་མ་ལེན་གྱིས་ཡོངས་སུ་བརྟགས་པའི་དངོས་པོ་མེད་པའི་དོན་འགའ་ཞིག་དང་དངོས་པོ་མེད་པའི་ཚད་མས་རྩོད་པ་ནི་ཞར་ལ་སུན་ཕྱུང་ནས་ད་ལྟར་ནི་དངོས་པོ་འཁྲུལ་པ་གྲུབ་པ་ནི་

དེའི་ཚད་མ་ཡང་རྟེན་ཅེས་བྱ་བ་འདི་དག་དངོས་སུ་གསལ་བར་བྱེད་པས་ཕྱོགས་སྔ་མ་ཀུན་ནས་བསླང་བ་ནི་གལ་ཏེ་དེ་ལྟར་གཅིག་ཡོངས་སུ་བཅད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཅིག་པུ་འབའ་ཞིག་ཡོངས་སུ་བཅད་པས་གཞན་རྣམ་པར་བཅད་པ་འགྲུབ། དེའི་ཚེ་ཁྱད་

เล่ม ๑๘๙ · หน้า 304a

པར་གཞན་ཐམས་ཅད་ཀྱི་ཡུལ་གང་ཡིན་པ་དེ་ལ་འདི་གཅིག་ཏུ་མཐོང་བ་དེ་ལ་མེད་པར་འགྲུབ་པར་འགྱུར་བས། ཁྱད་པར་འཛིན་པར་མཚུངས་པར་རང་གི་ཤེས་པ་སྐྱེད་པར་རུང་བའི་གནས་སྐབས་གང་ཡིན་པ་དེ་ཉིད་དེ། དཔེར་ན་འདི་དང་

མཚུངས་པར་རུང་བའི་ངོ་བོའི་དོན་གྱིས་དབེན་པའི་ངོ་བོ་དམིགས་པ་དེ་ལས་གཅིག་ཏུ་ངེས་པའི་རྣམ་པ་ཅན་གྱི་ཤེས་པ་ཡིན་པ་དེ་བཞིན་དུ་དེ་དང་མཚུངས་པ་མ་ཡིན་པའི་ངོ་བོའི་དོན་གྱིས་དབེན་པའི་བདག་ཉིད་ལ་ཡང་ཡིན་ནོ། །དེས་ཀྱང་དེས་དབེན་པའི་རྣམ་པས། དེ་ལས་

གཞན་ཡོད་པ་སྒྲུབ་པར་བྱེད་པ་ཁྱད་པར་མེད་པས་ས་ཕྱོགས་ཀྱི་ངོ་བོ་ཤེས་པའི་བུམ་པ་མེད་པ་བཞིན་དུ་རོ་ལ་སོགས་པ་མེད་པ་ཡང་སྒྲུབ་པར་བྱེད་པས་བུམ་པ་མེད་པ་ཡང་མ་ཡིན་ནོ། །གཞན་ཡང་གང་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པས་མེད་པ་སྒྲུབ་པར་བྱེད་

པའི་ཁྱད་པར་བཤད་པ་ཡང་བརྗོད་མི་དགོས་སོ། །ཅིའི་ཕྱིར་ཞེ་ན། གང་དང་གང་དམིགས་པའི་རིག་བྱར་མ་གྱུར་པ་དེ་དག་ཀྱང་ཡུལ་དེ་དང་དེ་དག་ལ་རྣམ་པ་གཅིག་པའི་ཤེས་པས་རྣམ་པར་གཅོད་པར་འགྱུར་བ་ཉིད་དོ། །དེ་བཞིན་དུ་ཇི་ལྟ་བའི་དམིགས་པའི་རིག་བྱར་

གྱུར་པ་དེའི་རྣམ་པ་གཅིག་པའི་ཤེས་པ་ལ་སྣང་བ་དེས་ཀྱང་རྣམ་པར་གཅོད་པ་ཡིན་ནོ། །དེ་བཞིན་དུ་དམིགས་པའི་རིག་བྱར་མ་གྱུར་པའི་མཚན་ཉིད་ལ་ཡང་ཡིན་ན། ཅི་དམིགས་པའི་རིག་བྱར་གྱུར་པའི་ཁྱད་པར་འདིས་ཡིན་ནམ་ཞེས་བྱ་བ་དེ་ལྟ་ན་ཡང་ཕྱོགས་སྔ་མ་རྣམ་

པར་བཞག་ནས། གལ་ཏེ་དེ་ལས་གཞན་པ་རྣམ་པར་གཅོད་པ་དེས་ཐ་དད་པར་བྱེད་པ་རྣམས་གཞན་གྱིས་རྣམ་པར་གཞག་པ་མངོན་པར་འདོད་པ་དེ་ཁས་བླང་བར་བྱ་བ་ཁོ་ནའོ། །འོན་ཏེ་དེའི་ཡུལ་དང་དུས་དག་ཏུ་མེད་པ་དེ་མི་རིགས་སོ། །གང་གིས་ནུས་པ་མཚུངས་པར་རུང་

བའི་ངོ་བོ་དམིགས་པའི་རིག་བྱར་གྱུར་བ་ལས་ཀྱང་མེད་པ་སྒྲུབ་པར་བྱེད་པ་ཡིན་ལ་དེ་དང་ནུས་པ་མི་མཚུངས་པར་རུང་བའི་ངོ་བོ་དམིགས་པའི་རིག་བྱར་མ་གྱུར་པ་ལ་མི་སྲིད་པ་མ་ཡིན་ནོ། །དེ་དག་ཡོད་པ་ལ་གཅིག་ཏུ་ངེས་པར་རྟོགས་པ་མི་སྲིད་པ་མ་ཡིན་པས་དེ་ལྟར་དེ་མེད་པ་སྒྲུབ་

เล่ม ๑๘๙ · หน้า 304b

པར་བྱེད་དོ། །འདི་དག་གཞན་ལ་ཡོད་པ་མ་ཡིན་པས། རྟོགས་པར་བྱེད་པས་བདག་ཉིད་གཅིག་ཡོངས་སུ་བཅད་པས་ཞེས་བྱ་བ་ལ་སོགས་པ་ཉེ་བར་བསྟན་ཏོ། །གང་དེའི་མདུན་ན་གནས་པ་མངོན་སུམ་ལ་སྣང་བ་ཡིན་ཏེ། དེའི་གཅིག་གི་བདག་ཉིད་དུ་ངེས་པ་དེའི་ངོ་བོ་

ཡོངས་སུ་བཅད་པས་དེའི་རྣམ་པས་བསྐྱེད་པའི་སྒྲུབ་པའི་རྣམ་པར་རྟོག་པ་སྐྱེའོ། །དེ་ལས་གཞན་ནི་དེ་དག་ལས་གཞན་ཏེ་དེ་ལས་ཐ་དད་པ་དེ་ཐམས་ཅད་དོ། །གང་བདག་གི་ངོ་བོ་དེ་ལས་རྣམ་པར་གཅོད་པ་ཐ་དད་པ་དང་། ལོགས་ཤིག་ཏུ་བྱེད་པ་དང་གཞན་པ་ཉིད་ཀྱིས་

སྒྲུབ་པར་བྱེད་པས་མ་འདྲེས་པའི་ངོ་བོའི་ཤེས་པ་རྣམས་སུ་འགྱུར་རོ། །ཡང་ཇི་ལྟར་གཅིག་གི་བདག་ཉིད་ཡོངས་སུ་གཅད་པས་གཞན་པའི་བདག་ཉིད་རྣམ་པར་གཅོད་པར་མངོན་སུམ་གྱིས་བྱེད་པ་ཡིན་ནོ། །ཇི་སྲིད་དུ་མངོན་སུམ་གྱིས་མདུན་ན་གནས་པའི་དོན་གྱི་ནུས་པ་ལས་

བྱུང་བའི་ངོ་བོ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ལས་ལྡོག་པ་མ་ལུས་པའི་དོན་ལས་སྐྱེས་པ་དེའི་བདག་ཉིད་དུ་དེའི་མདུན་ན་གནས་པའོ། །ཇི་ལྟར་དེ་རྣམ་པར་གཅོད་པར་བྱེད་པ་དང་དེ་རྣམ་པར་བཅད་པའི་དོན་དངོས་པོ་མེད་པའི་ཚད་མ་ཁས་བླང་བར་བྱ། གང་གི་ཕྱིར་དངོས་

པོ་མ་འདྲེས་པའི་གྲུབ་པ་དང་། དེའི་ཚད་མ་ལ་ཡང་དག་པར་བརྟེན་པ་ཡིན་ནོ་སྙམ་ནས་དེའི་བདག་ཉིད་དུ་ངེས་པར་སྣང་བའི་ཤེས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་མདུན་ན་གནས་གཅིག་དངོས་པོ་ལ་གཞན་གྱི་ངོ་བོ་དང་མ་འདྲེས་པའི་བདག་ཉིད་དངོས་པོ་ཀུན་གྱི་རང་

བཞིན་ནི་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་དང་གཞན་གྱི་ངོ་བོ་དང་མ་འདྲེས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཇི་ལྟར་དངོས་པོ་མེད་པའི་ཆད་མས་ཀྱང་མ་འཆོལ་བར་དེ་དག་གྲུབ་པར་འགྱུར། འདྲེས་པའི་དངོས་པོ་རྣམས་མ་འཆོལ་བར་སྒྲུབ་པར་བྱེད་པ་ན་

འཁྲུལ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གཞན་གྱི་ངོ་བོ་དང་མ་འདྲེས་པའི་རང་བཞིན་ཁོ་ན་དེའི་བདག་ཉིད་དུ་ངེས་པར་སྣང་བ་ན་གཞན་གྱི་ངོ་བོ་དང་མ་འདྲེས་པར་སྣང་བ་ཁོ་ན་དེའི་དོན་གཅིག་གི་ནུས་པ་ལས་བྱུང་བའི་མངོན་སུམ་ནི་གཞན་གྱི་ངོ་བོར་སྣང་བར་མི་རིགས་

เล่ม ๑๘๙ · หน้า 305a

པས་དེ་འཁྲུལ་པར་གྱུར་ན་ནི་མངོན་སུམ་ཉམས་པ་ཡིན་ནོ། །དེ་སྐད་དུ། དེའི་ནུས་པ་ལས་སྐྱེས་པ་རྣམས་དེའི་ངོ་བོའི་རྗེས་སུ་བྱེད་པ་ལ་སོགས་པ་དེ་དོན་མེད་དོ་ཞེས་བྱ་བ་བཤད་དོ། །དེ་དང་དེའི་བདག་ཉིད་དུ་ངེས་པར་སྣང་བའི་ཤེས་པ་ལས་

རང་རིག་པའི་མངོན་སུམ་གྱིས་རིག་པའི་ཕྱིར་རོ། །དེ་རིག་པ་ནི་མངོན་སུམ་གྱིས་དེའི་ངོ་བོ་རྣམ་པར་བཅད་པ་དང་སོ་སོར་བྱེད་པ་དེའི་སྟོབས་ཀྱིས་དུས་ཕྱིས་གཞན་པའི་བདག་ཉིད་འདི་མ་ཡིན་ནོ་ཞེས་མ་འདྲེས་པར་རྣམ་པར་གནས་པ་ཤེས་པའི་རྣམ་པར་རྟོག་པ་སྐྱེ་སྟེ། གཟུང་བ་ལ་

འཛིན་པ་དེས་ན་སྔོན་མེད་པ་ཅུང་ཟད་ཅིག་ཀྱང་ཤེས་པ་མེད་ཀྱི། གཞན་པའི་ངོ་བོ་དང་མ་འདྲེས་པའི་བདག་ཉིད་ཀྱི་མངོན་སུམ་དེ་ཉིད་ཀྱི་རྣམ་པའི་རྗེས་སུ་བྱེད་པས་ཡོངས་སུ་གཅོད་པ་ཡིན་པའི་ཕྱིར་རོ། གལ་ཏེ་དེའི་བདག་ཉིད་དུ་ངེས་པར་སྣང་བའི་ཤེས་པ་ཡིན་པ་དེ་ལྟ་ན་ཡང་།

ཇི་ལྟར་གཞན་གྱི་བདག་ཉིད་ལས་དེ་ལོགས་ཤིག་ཏུ་བྱེད་པ་ཡིན་ཞེ་ན། དེའི་བདག་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེའི་དངོས་པོའི་བདག་ཉིད་གང་གཞན་གྱི་ངོ་བོ་དང་མ་འདྲེས་པ་དེ་གཞན་མ་ལུས་པའི་དངོས་པོའི་བདག་ཉིད་མ་ཡིན་ནོ། །ཐམས་ཅད་དེ་ལས་

གཞན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་ཉིད་དམ་གཞན་ཉིད་ཉམས་པ་ཡིན་པས་སོ། །དེའི་ཕྱིར་དེའི་བདག་ཉིད་དུ་ངེས་པར་སྣང་བའི་ཤེས་པ་ཉིད་ནི་དེའམ་གཞན་པ་རྣམས་ལས་ལྡོག་པ་ཡིན་ནོ། ཤེས་པས་དོན་ལག་པས་འཛིན་པ་ནི་མ་ཡིན་གྱི་

གཞན་ལས་ལྡོག་པ་ཡིན་ནོ། །གཞན་གྱི་ངོ་བོ་དང་མ་འདྲེས་པ་འབའ་ཞིག་གཅིག་པུའི་བདག་ཉིད་ཀྱི་རྗེས་སུ་བྱེད་པ་ཉིད་དེ་གཞན་ལས་ལྡོག་པར་བཤད་པའི་ཕྱིར་རོ། །ཡང་ན་གཞན་གྱི་བདག་ཉིད་རང་གི་ཡུལ་ལས་མི་འདོགས་པ་དེའི་ཚེ་རང་གི་ཡུལ་ལ་གཞན་གྱི་བདག་

ཡོངས་སུ་རྣམ་པར་བཅད་དོ། །བདག་དང་གཞན་ཡང་ཐ་དད་པར་རྣམ་པར་གཞག་པ་ནི་དེ་ལ་ཡང་ཡོངས་སུ་བཅད་པ་ལས་འགྱུར་རོ། །དེ་ལྟ་མ་ཡིན་ན་གཞན་རྣམ་པར་མ་བཅད་པས་འདི་ཉིད་གཅིག་གི་བདག་ཉིད་དུ་ཡོངས་སུ་བཅད་པའི་བདག་ཉིད་དེ་ལྡོག་པའི་ངོ་བོར་འགྱུར་

เล่ม ๑๘๙ · หน้า 305b

རོ། །དེས་ཀྱང་རྣམ་པར་མ་བཅད་པས་གཞན་གྱི་བདག་ཉིད་ཡོངས་སུ་གཅོད་པར་ཐལ་བར་འགྱུར་བ་དང་འཇུག་པ་དང་ལྡོག་པ་མེད་པས་སྔ་མ་བཞིན་དུ་ཐལ་བར་འགྱུར་བ་ནི་མེ་མཐོང་ཡང་མེ་ཁོ་ན་མ་མཐོང་ཞེས་བྱ་བ་ལ་སོགས་པའོ། །འབའ་ཞིག་པ་དེ་གཞན་གྱི་བདག་ཉིད་ལས་ལྡོག་

པ་ཡིན་ན་དེའི་བདག་ཉིད་ལ་ཡང་གཞན་མ་ལུས་པ་མ་ཡིན་ནོ་ཞེས་བསྟན་པ་ནི་ཡུལ་དང་ཞེས་བྱ་བ་སྨོས་ཏེ། དེ་ཡང་མདུན་ན་གནས་པའི་ཡུལ་དང་དུས་དང་ངོ་བོ་ཉིད་དང་གནས་སྐབས་སུ་ངེས་པ་དེ་ལས་གཞན་པ་ཡུལ་ལ་སོགས་པ་རྣམས་ལས་ལྡོག་པའི་བདག་ཉིད་ནི་རང་གི་རྒྱུ་རྣམས་ཁོ་

ན་ལས་འབྱུང་བའི་དེའི་བདག་ཉིད་དོ། །ཡུལ་ལ་སོགས་པ་ངེས་པའི་བདག་ཉིད་ཀྱི་རྣམ་པ་དེ་ལྟ་བུའི་ངོ་བོའི་རྗེས་སུ་བྱེད་པའི་བློས་དམིགས་པ་དེ་ཁོ་ན་ཉིད་འཕོ་བ་མེད་པའོ། །ཡུལ་དང་དུས་དང་ངོ་བོ་ཉིད་དང་གནས་སྐབས་ཀྱི་བདག་ཉིད་འདི་རང་གི་ཡུལ་ལ་རྣམ་པར་གཅོད་པ་སྟེ་ཐ་

དད་དུ་བྱེད་པའོ། །ཡང་ཅིའི་ཕྱིར་གཞན་གྱི་ཡུལ་ལ་སོགས་པ་དེ་ལས་ཐ་དད་པར་རྣམ་པར་གཞག་ཅེ་ན། དེ་ལྟ་ན་ཞེས་བྱ་བ་སྨོས་ཏེ། ན་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །གཞན་གྱི་ཡུལ་ལ་སོགས་པ་དེ་ལས་ཐ་དད་པར་བྱེད་པ་གདོད་མ་ནས་ཡུལ་ལ་སོགས་པ་ངེས་པའི་དོན་

ཡོངས་སུ་གཅོད་པ་ཡིན་ཏེ། དེའི་ངོ་བོའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་ལ་གཞན་གྱི་ཡུལ་ལ་སོགས་པ་དེའི་ངོ་བོའི་རྗེས་སུ་མི་བྱེད་ན་རྣམ་པར་གཅོད་པར་མི་འགྱུར་རོ། །དེ་ཁོ་ན་ཉིད་ཀྱང་དེའི་ཡུལ་ལ་སོགས་པ་ངེས་པ་ཉིད་དེའི་ཚེ་དེ་ཁོ་ན་མཐོང་བ་ཡིན་ནོ། །གཞན་

གྱི་ཡུལ་ལ་སོགས་པ་ནི་གཞན་མ་ཡིན་པར་འདོད་དོ། །གང་གི་ཕྱིར་དེ་ལྟ་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །གཞན་དུ་གྱུར་པས་ནི་གཞན་གྱི་ཡུལ་ལ་སོགས་པ་དང་ལྡན་པའོ། །དེ་ལྟ་བུར་གྱུར་པ་ནི་དེའི་ཡུལ་ལ་སོགས་པ་དང་ལྡན་པ་རྣམ་པར་གཅོད་པ་ཉིད་ནི་རྟོགས་པར་བྱེད་པའོ། །

དེ་ཡོངས་སུ་གཅོད་པ་ཡིན་ནོ་ཞེས་བྱ་བ་ནི་སྔ་མའི་མཇུག་བསྡུ་བའོ། །དེ་བས་ན་དེ་ལྟ་བུར་གྱུར་པས་གཞན་དུ་གྱུར་པ་ཉིད་རྣམ་པར་གཅོད་པ་ཉིད་ཀྱིས་མཇུག་བསྡུ་བའི་འབྲས་བུ་ཡིན་ནོ། །དེ་སྐད་དུ་བཤད་པའི་རིགས་པ་འདིས་མངོན་སུམ་མམ་རྗེས་སུ་དཔག་པའི་ཚད་མ་གཅིག་འཇུག་

เล่ม ๑๘๙ · หน้า 306a

པའོ། །དེ་ཡང་དེ་བཞིན་དུ་རང་གི་ཡུལ་ཡོངས་སུ་གཅོད་པའོ། །འཇུག་པ་ནི་རབ་ཏུ་འཇུག་པའོ། །དངོས་པོ་ཐམས་ཅད་ཕུང་པོ་གཉིས་ཏེ་དེ་ཉིད་དང་གཞན་ཉིད་དུ་རྣམ་པར་འཇོག་པར་བྱེད་དེ། །དེ་བས་ན་དེ་ཡོངས་སུ་གཅོད་པའི་ཚད་མའི་སྟོབས་

ཀྱིས་མ་འདྲེས་པར་གྲུབ་པ་ཡིན་ན། ཅི་དེ་དོན་དུ་གཉེར་བ་ཡང་མེད་པ་ལ་རྟོགས་པར་བྱེད་དམ། འོ་ན་ནི་འདི་དང་འདི་དག་གཞན་གྱི་བདག་ཉིད་མ་ཡིན་ལ་གཞན་ཡང་དེའི་བདག་ཉིད་མ་ཡིན་ནོ་ཞེས་བྱ་བ་རྣམ་པར་རྟོག་པའི་བྱེད་པ་ཡིན་གྱི་མངོན་སུམ་ནི་རྟོག་པ་མེད་པར་འདོད་ན་དེ་ཇི་ལྟར་

མ་འདྲེས་པར་དེ་ལས་གྲུབ་པར་འགྱུར་ཞེ་ན། དེ་ནི་རྗེས་སུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་དེ་ནི་སྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པ་གང་གི་ཚེ་རང་གི་ཡུལ་ལ་སྐྱེ་བ་དེ་ཉིད་འདིའི་འབྲས་བུ་དང་བཅས་པ་ཡིན་ཏེ། དེ་ཉིད་ཀྱང་ཚད་མར་འདོད་ཀྱི་གཞན་དུ་

ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་གཅིག་གི་རང་བཞིན་མངོན་སུམ་གྱི་ཆ་ཤས་མེད་པར་བདག་ཉིད་ཐམས་ཅད་ཡོངས་སུ་གཅོད་ཀྱང་འཁྲུལ་པའི་རྒྱུ་མཚན་ཡོད་པར་གྱུར་པས་སྐད་ཅིག་མ་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་བློ་སྐྱེད་པར་མི་ནུས་པས་དེ་ལ་ཚད་མར་མི་འདོད་དོ་

སྙམ་ན། གལ་ཏེ་ཕུང་པོ་གཉིས་སུ་གྲུབ་པ་ནི་འཆོལ་བར་མ་གྱུར་ཅིག་སྙམ་ནས་དངོས་པོ་མེད་པའི་ཚད་མ་བརྟག་པ་ཡིན་ཏེ། འོན་ཀྱང་རྣམ་པ་གཞན་མེད་པར་འགྱུར་ན་དེ་མེད་པར་གྲུབ་པ་ལ་མངོན་སུམ་གྱིས་བྱེད་པས་ཅུང་ཟད་ཀྱང་རྟོག་པ་མེད་དོ་ཞེས་འདོད་ན་ཞེ་ན། དེ་ལ་མ་བརྟགས་

པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཡོངས་སུ་མཐོང་བ་ལས་ཐ་དད་པ་མ་ལུས་པའི་དངོས་པོ་རྣམ་པར་གཅོད་པ་ནི་དེ་ལས་ལོགས་ཤིག་ཏུ་བྱེད་པ་གཞན་པས་ཁྱབ་པ་གང་ཡིན་པ་དེ། སྒྲུབ་པ་ཁོ་ནས་རྣམ་པ་གཞན་ནི་དེ་ཉིད་དམ་གཞན་ཉིད་ལས་ཕྱི་རོལ་དུ་གྱུར་པ་མེད་པར་གྲུབ་

པ་ཡིན་ནོ། །དེས་ན་དེའི་དོན་ལ་ཡང་དངོས་པོ་མེད་པའི་ཚད་མ་བརྟག་པར་མི་རིགས་སོ། །ཡང་ན་མ་ལུས་ཡོངས་སུ་མཐོང་བ་དང་བལྟ་བར་བྱ་བ་ལས་གཞན་པ་ཉིད་མ་ཁྱབ་པ་ན་མངོན་སུམ་གྱིས་གྲུབ་པར་མི་འགྱུར་ཏེ། དེ་གང་གིས་ཕུང་པོ་གསུམ་པ་མེད་པར་མངོན་སུམ་ཉིད་དུ་གྱུར།

เล่ม ๑๘๙ · หน้า 306b

དེ་ལས་མེད་པའི་ཚད་མ་བརྟག་པ་དོན་མེད་པར་འགྱུར་རོ་ཞེ་ན། དེ་ཞེས་བྱ་བ་སྨོས་ཏེ། ཕུང་པོ་གསུམ་པར་བརྟག་པར་བྱ་བ་ནི་མཐོང་བ་དང་དེ་ལས་གཞན་པས་མ་ཁྱབ་པ་ཡིན་པ་དེས་ན་རང་གི་ཡུལ་གྱི་དོན་དེ་མངོན་སུམ་གྱིས་རྣམ་པར་མ་བཅད་པས་ལོགས་ཤིག་མ་བྱས་ན་དེའི་དོན་གྱི་

ཕུང་པོ་གཞན་བརྟག་པར་བྱ་བ་ཡིན་ན། རང་གི་ཡུལ་ལ་རྣམ་པར་མ་བཅད་པའི་ཕྱིར་ཡང་དངོས་པོ་ཡོངས་སུ་མ་བཅད་པར་ཐལ་བར་འགྱུར་བ་དེ་ནི་དེའི་ཡུལ་གཞན་གྱི་ངོ་བོ་མ་ལུས་པ་དང་འདྲེས་པའི་བདག་ཉིད་དེ་གལ་ཏེ་དེས་བདག་ཉིད་ཡོངས་སུ་མི་གཅོད་པ་དང་དེས་བདག་ཉིད་ཡོངས་

སུ་བཅད་པ་ཉིད་ཇི་ལྟར་དེའམ་གཞན་པས་ཐམས་ཅད་ལ་ཁྱབ་པར་མ་བསྒྲུབས་པ་ཡིན། དེ་ལྟ་མ་ཡིན་ན་གཅིག་ཀྱང་དེའམ་གཞན་པ་ཉིད་དུ་མི་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དེ་བས་ན་དངོས་པོ་འགའ་ཞིག་ལ་ཚད་མ་མངོན་སུམ་ལ་སོགས་པ་

རབ་ཏུ་འཇུག་པ་དེའི་དངོས་པོ་སོ་སོར་ངེས་པའི་བདག་ཉིད་ཡོངས་སུ་གཅོད་པ་ན་དེ་ལས་གཞན་པ་དེའི་ངོ་བོ་མ་ཚང་བ་རྣམ་པར་གཅོད་པ་ཡིན་ནོ། །དེའམ་གཞན་པ་ཉིད་ཀྱི་རྣམ་པར་གཞག་པ་ལས་རྣམ་པ་གསུམ་པ་དེ་ཉིད་དང་གཞན་པ་ཉིད་ལས་ཕྱི་རོལ་དུ་གྱུར་པ་རྣམ་པ་གཞན་མེད་

པར་བསྟན་ཏེ་གཞན་པས་ཐམས་ཅད་ལ་ཁྱབ་པར་བསྒྲུབ་པའི་ཕྱིར་རམ། དེ་དང་འགལ་བས་དངོས་པོ་ཐམས་ཅད་རྣམ་པ་གཉིས་སུ་བསྒྲུབ་པའི་ཕྱིར་རོ། །དེ་ལྟར་ཚད་མ་གཅིག་གི་བྱ་བ་འདི་དག་བཤད་མ་ཐག་པ་དེ་ཉིད་ཀྱི་མཇུག་བསྡུ་བ་བདེ་བླག་ཏུ་རྟོགས་པར་འགྱུར་བ་

བསྟན་པ་ན་འདི་ལྟར་ཞེས་བྱ་བ་སྨོས་ཏེ། དངོས་པོ་འགའ་ཞིག་ལ་མངོན་སུམ་ལ་སོགས་པ་འཇུག་པའོ། །དེ་ཉིད་ཀྱི་དངོས་པོ་དེ་ལས་གཞན་པའི་ངོ་བོ་རྣམ་པར་གཅོད་པ་སྟེ་དེ་ལས་ཐ་དད་པར་བྱེད་པས་སོ། །དེའི་ངོ་བོ་ནི་མ་འདྲེས་པའི་ངོ་བོར་ཁོང་དུ་ཆུད་པར་བྱའོ། །དོན་དམ་པར་

ན་དེ་ནི་དེའི་ངོ་བོ་ཡིན་པའི་ཕྱིར་དང་། ཇི་ལྟ་བའི་དངོས་པོའི་མངོན་སུམ་གྱི་ངོ་བོས་རྗེས་སུ་བྱེད་པའི་ཕྱིར་རོ། །ཅི་འདི་གཞན་གྱི་ངོ་བོ་རྣམ་པར་གཅོད་པར་བྱེད་པ་ཡིན་ཏེ། དེ་ཉིད་གཞན་པའི་ངོ་བོ་མ་ཚང་བའི་གཅིག་གི་ངོ་བོ་ཡོངས་སུ་གཅོད་པའི་ཕྱིར་དང་། དེ་བཞིན་དུ་གཞན་པ་ཉིད་

เล่ม ๑๘๙ · หน้า 307a

དེ་ནི་དེ་ལས་དེ་སྣང་བ་ལས་གཞན་པའི་རྣམ་པར་གཅོད་པའོ། །ག་ལས་ཤེ་ན། དེ་ལས་དེ་རང་གི་ཡུལ་ལས་སོ། །རང་གི་ཡུལ་འབའ་ཞིག་གཞན་ལ་རྣམ་པར་གཅོད་པ་མ་ཡིན་ཏེ། གཞན་པ་ཡང་རང་གི་ཡུལ་ལས་ཡིན་ནོ་ཞེས་

བྱའོ། །འདི་ག་ལས་ཤེ་ན། གཞན་ནི་དེ་ལས་གཞན་པ་སྟེ་དེ་ལ་རྣམ་པར་མི་གཅོད་དོ། །གདོན་མི་ཟ་བར་ཡོངས་སུ་བཅད་པ་ནི་ཡོངས་སུ་བཅད་པ་ལས་གཞན་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དེའི་ཕྱིར་ཚད་མ་དེ་ཉིད་གཅིག་གི་དངོས་པོ་ཡོངས་སུ་གཅོད་པར་བྱེད་པ་ན་རྣམ་པ་གཞན་

མེད་པར་སྒྲུབ་པར་བྱེད་དེ་དངོས་པོ་མེད་པར་བཤད་པ་ནི་མ་ཡིན་ནོ། །འདི་ག་ལས་ཤེ་ན། དེ་སྣང་བ་ན་དངོས་པོ་མིན་པ་དེ་ལས་གཞན་པ་ཉིད་ཀྱིས་དེ་ལས་གཞན་ཏེ་རྣམ་པར་གཅོད་པ་ནི་གཞན་ཉིད་དོ། །དེ་ལས་གཞན་པ་ཉིད་དུ་སྣང་བ་ནི་དེ་ལས་གཞན་པ་ཉིད་དུ་སྣང་བ་སྟེ། དེས་ན་

ཐམས་ཅད་དེ་ལས་ཐ་དད་པར་རྣམ་པར་འཇོག་པའི་ཕྱིར་རོ། །དེ་མ་ཡིན་པ་ལས་གཞན་དུ་བརྗོད་པ་གང་ཡིན་པ་ནི་གཞན་མ་ཡིན་ཏེ། མདུན་ན་གནས་པ་གཞན་མ་ལུས་པའི་ངོ་བོ་ལས་ལྡོག་པ་ལས་ལྡོག་པ་དེ་ཉིད་དེ་ལས་སྣང་བའི་རྣམ་པར་གཞག་གོ། །རིགས་པ་འདི་ཉིད་ཀྱིས་

གཞན་ལ་ཡང་བསྟན་པ་ནི་འདིར་རིམ་པ་དང་རིམ་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པ་གཞན་པ་འདིས་དོན་གཅིག་ཏུ་ངེས་པའི་ངོ་བོ་དང་རྗེས་སུ་མཐུན་པའི་བློ་སྐྱེ་བ་ན་དེ་ལས་བཟློག་པའི་ངོ་བོ་ཐམས་ཅད་རང་གི་ཡུལ་ལས་རྣམ་པར་གཅོད་པས་ན་ཕུང་པོ་གཉིས་ཡིན་

ལ། གསུམ་པའི་རྣམ་པ་གཞན་མེད་པར་སྒྲུབ་པར་བྱེད་པ་ན་གཞན་གང་ཡང་རུང་བ་འགའ་ཞིག་རྣམ་པར་གཅོད་དོ། །རིམ་དང་རིམ་མ་ཡིན་པས་རྟག་པ་དང་མི་རྟག་པ་ལ་སོགས་པ་དེ་བཤད་པ་ཡིན་ནོ། །དེ་ལྟ་ན་འབྲས་བུ་རིམ་པ་ལ་རྐྱེན་དང་ལྷན་ཅིག་མ་ཡིན་པ་ཉིད་ཀྱི་བློ་དེ་དང་།

རིམ་མ་ཡིན་པའི་འབྲས་བུ་གཞན་དང་ལྷན་ཅིག་པ་ཡིན་པ་དེའི་ཕྱིར་ཐ་དད་པར་བྱེད་དོ། །རིམ་དང་རིམ་མ་ཡིན་པའི་ངོ་བོ་དེ་ལས་གཉིས་སུ་གྲུབ་པས་རྣམ་པ་གསུམ་པ་སྲིད་པ་བཀག་པ་ཡིན་ནོ། །རིམ་པའི་དངོས་པོས་ཐ་དད་པའི་འབྲས་བུ་སྐྱེད་པ་ཐམས་ཅད་ནི་དེ་དང་གཞན་རྣམ་པ་

เล่ม ๑๘๙ · หน้า 307b

གཉིས་སུ་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ལྟར་སྐྱེ་བ་དང་འཇིག་པ་ནི་སྐད་ཅིག་མར་བརྗོད་དོ་ཞེས་བྱ་བ་རྣམ་པར་འཇོག་པ་ཁོ་ནའི་དུས་སུ་བློས་དེ་ལས་བཟློག་པའི་ངོ་བོས་ནི་རང་གི་ཡུལ་ལ་ཕན་མི་འདོགས་པས་དེ་ལས་གཞན་པ་ཉིད་ཀྱི་རྣམ་པ་གཞན་དུ་འཇོག་པའི་ཕྱིར་རྫས་

གཞན་མེད་པ་ཡིན་ནོ། །དེ་ལྟར་ན་ཚད་མ་གཅིག་གི་རྒྱུ་མཚན་གྱིས་མ་འདྲེས་པར་གྲུབ་པའི་མཇུག་བསྡུ་བ་བསྟན་པ་ནི་དེ་ལྟ་བས་ན་ཞེས་བྱ་བ་སྨོས་སོ། །དེ་སྐད་དུ་བཤད་པའི་རིམ་པས་གཅིག་ཏུ་སོ་སོར་ངེས་པའི་བདག་ཉིད་དུ་དམིགས་པས་དེའི་དམིགས་པར་བྱ་བ་དེ་ལས་གཞན་

པ་གང་ཡིན་པ་དེ་དང་མཚུངས་པར་རུང་བའི་ངོ་བོ་དེ་ལས་བཟློག་པ་ནི་དེའི་ངོ་བོ་མ་ཚང་བ་དེའི་བདག་ཉིད་རྣམ་པར་གཅོད་པ་སྟེ་ཐ་དད་པར་བྱེད་པའོ། །དེའི་དམིགས་པར་བྱ་བ་མི་དམིགས་པའི་རང་བཞིན་གྱི་ངོ་བོ་གཞན་དུ་སྣང་བའི་ཕྱིར་རོ། །དེ་བཞིན་དུ་དེའི་རང་གི་ཡུལ་དེ་ལས་གཞན་

པའི་བདག་ཉིད་མེད་པ་གཙོ་བོ་ཡིན་པར་བསྟན་པས་རྣམ་པར་གཅོད་པ་ཡིན་ལ་མ་འདྲེས་པར་སྒྲུབ་པར་བྱེད་དོ། །དེས་ན་གང་གི་ཚེ་འདི་དག་གཞན་ཐམས་ཅད་དང་བྱེ་བྲག་མེད་པར་དེ་ལ་མེད་པར་གྲུབ་པར་འགྱུར་རོ་ཞེས་གང་ལ་མངོན་པར་འདོད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །

གང་གི་ཕྱིར་ཐམས་ཅད་བྱེ་བྲག་མེད་པར་དེ་དང་རྣམ་པ་གཅིག་པའི་བློ་དེ་མ་ཡིན་པའི་ངོ་བོ་མ་ཚང་བ་ནི་རང་གི་ཡུལ་ལས་རྣམ་པར་བཅད་པར་བྱ་བ་ཡིན་ཏེ། གཞན་གྱི་ངོ་བོ་ཐམས་ཅད་དེ་ལ་མི་སྣང་བའི་ཕྱིར་རོ། །ཡང་ན་དེའི་ཡུལ་དང་དུས་དག་ཏུ་བཟློག་པའི་ངོ་བོ་ཐམས་ཅད་མེད་པར་རྣམ་

པར་གཅད་པར་བྱ་བར་འདོད་པ་དེ་མི་རིགས་སོ་ཞེས་སྟོན་པ་ནི་དེའི་ཡུལ་དང་དུས་དག་ཏུ་གང་ལ་འདི་ངེས་པ་ན་ཁམས་གསུམ་པོ་མ་ལུས་པ་དང་། མཚན་ཉིད་མི་མཐུན་པའི་དོན་དུ་དམིགས་པར་བྱ་བ་མ་ཡིན་ནོ། །དེ་ལ་དངོས་པོ་གཞན་ཐམས་ཅད་དང་མཚུངས་པར་རུང་བའི་ངོ་བོའམ་

ཅིག་ཤོས་རྣམ་པར་གཅོད་པ་དང་དགག་པ་ཡིན་ནོ། །རྒྱུ་གང་གིས་དེ་མཚུངས་པར་རུང་བའི་ངོ་བོ་དེ་ལ་མི་སྣང་བའི་བཀག་པ་དེ་ལས་དེའི་ངོ་བོ་གཅིག་ཏུ་ངེས་པའི་ངོ་བོས་རྟོགས་པ་མི་སྲིད་པའི་ཕྱིར་རོ། །དེ་མེད་ན་མི་འབྱུང་བ་ནི་དེ་ལ་རག་ལས་པ་དེའི་དགག་པ་གོ་བར་བྱེད་པ་ཡིན་པས་

เล่ม ๑๘๙ · หน้า 308a

དེ་རྒྱུ་མ་ཡིན་པ་དང་། དམིགས་པའི་རིག་བྱར་མ་གྱུར་པ་དེ་དང་མཚུངས་པར་རུང་བའི་ངོ་བོ་ནི་སྲིད་པའི་ཕྱིར་ཇི་ལྟར་མེད་པ་འགྲུབ་པར་འགྱུར། དེ་དག་གི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་དེའི་བདག་ཉིད་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ། དེ་ལས་བཟློག་

པའི་ངོ་བོ་གཞན་ཐམས་ཅད་དེའི་རྣམ་པ་གཅིག་པ་ཡུལ་དང་དུས་སུ་ཡང་སྒྲུབ་པར་བྱེད་པར་མི་འགྱུར་ལ། དེའི་སྣང་བ་གང་དང་གང་ཡུལ་དང་དུས་དེ་དང་དེ་དག་ཏུ་ཡང་འགྱུར་རོ། །ཅི་དང་འདྲ་ཞེ་ན། རོ་དང་གཟུགས་ལ་སོགས་པ་བཞིན་ནོ། །གཟུགས་སོ་སོར་སྣང་བའི་ཤེས་

པས་དེའི་ངོ་བོ་དང་འདྲ་བའི་རོ་རང་གི་ཡུལ་ལས་ཐ་དད་པར་བྱེད་པ་ཡང་དེ་དང་མ་འདྲེས་པར་སྒྲུབ་པར་བྱེད་པས་ཀྱང་དེའི་ཡུལ་དང་དུས་དག་མེད་པར་སྒྲུབ་པར་བྱེད་དོ། །དེས་ན་ཡང་ཐམས་ཅད་དང་མཚུངས་པར་མི་རུང་བའི་གནས་སྐབས་ཀྱང་དེ་ལ་མེད་པར་འགྱུར་རམ། དམིགས་པའི་

རིག་བྱར་གྱུར་པའི་བྱེ་བྲག་རྣམས་ཀྱང་བརྗོད་པར་མི་བྱའོ། །གང་གི་ཕྱིར་དེ་ལྟར་དེ་བས་ན་ཇི་སྐད་བཤད་པའི་མི་དམིགས་པ་ཁོ་ན་ལས་རེས་འགའ་ལ་ལ་ཞིག་ཏུ་འགའ་ཞིག་དངོས་པོ་མེད་པར་འགྲུབ་བོ། །དམིགས་པའི་རིག་བྱར་གྱུར་པའི་དེ་དང་མཚུངས་པར་རུང་བའི་ངོ་བོ་

དམིགས་པའི་བདག་ཉིད་དེ་ལྟ་བུའི་ངོ་བོས་ཡིན་གྱི། སྤྱི་ཡིས་ནི་མ་ཡིན་ནོ། །ཇི་སྐད་དུ་བཤད་པའི་ཕ་རོལ་པོའི་ཚད་མ་ལྔ་པོ་གང་ལ་དངོས་པོའི་ངོ་བོ་ལས་སྐྱེས་བ་ནི་དངོས་པོ་ཡོད་པ་རྟོགས་པའི་ཕྱིར་རོ། །དེ་ལ་མེད་པའི་ཚད་མ་ཡིན་པ་དེ་ནི་དམིགས་པའི་རིག་བྱར་མ་གྱུར་པའི་

ཚད་མ་ལྔ་པོ་རབ་ཏུ་མི་འཇུག་པས་ཀྱང་དེ་མེད་པར་འགྲུབ་བོ། །ཡོད་ཀྱང་དེ་ནི་རང་བཞིན་གྱིས་བསྐལ་བ་ལ་སོགས་པ་ལ་ཚད་མ་ལྔ་པོ་འཇུག་པ་མི་སྲིད་པའི་ཕྱིར་རོ། །དེས་ན་དེ་ལྟར་ཞར་ལ་བྱུང་བ་རྫོགས་ནས་གང་བཤད་པ་དེ་ཉིད་གཞན་གྱིས་སྨྲས་པ། གཞན་ཡོད་པ་དེའི་ཡུལ་

ཅན་གྱི་དམིགས་པས་དེ་མེད་པར་ཅིས་ན་སྒྲུབ་པར་མི་བྱེད་ཅེ་ན། དེ་ལ་གཞན་ཡོད་པས་དེ་མེད་པའི་རྟགས་ནི་སུན་ཕྱུང་ནས་དེའི་ཡུལ་གང་ལ་ཉེ་བར་དམིགས་པ་བསལ་བ་ནི་གཞན་ཡོད་པའི་ཡུལ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གཞན་ཡོད་པའི་ཡུལ་ཅན་གྱི་དམིགས་

เล่ม ๑๘๙ · หน้า 308b

པས་དེ་མེད་པ་ཅིས་ན་སྒྲུབ་པར་མི་བྱེད་ཅེས་ཡང་བཟླས་ནས་བཤད་པ་ནི་དེས་དེ་མེད་པར་སྒྲུབ་པར་བྱེད་པར་ཁོ་བོ་ཅག་འདོད་པ་ཁོ་ན་ཡིན་གྱི་ཇི་སྐད་བཤད་པ་འདི་རྟགས་ཉིད་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གིས་དེ་ལ་གཞན་ཡོད་པའི་ཡུལ་ཅན་གྱི་དམིགས་པ་གང་ཡིན་པ་དངོས་པོ་མེད་པ་

ལོགས་ཤིག་པ་གཞན་ཡོད་པ་དང་མཚུངས་པའི་ཕྱིར་དེ་ནི་གཞན་ཡོད་པའི་ཡུལ་ཡིན་པ་དང་། དེ་མེད་པ་འགའ་ཞིག་ཏུ་འདུ་བ་ལ་སོགས་པའི་ངོ་བོའི་འབྲེལ་པ་ཡོད་པ་མ་ཡིན་ནོ། །ཐ་མི་དད་པར་གྲུབ་པ་འདིར་ཡང་མཚུངས་སོ་ཞེས་བསྟན་པ་ནི་རྟགས་འབྱུང་བའི་དུས་སུ་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། གང་དང་གང་གཞན་ཡོད་པའི་ཡུལ་ཅན་ཉེ་བར་དམིགས་པ་རྟགས་སུ་འདོད་པ་དེ་དང་དེས་དབེན་པའི་ཕྱོགས་ཀྱི་རྣམ་པ་འབྱུང་བའི་དུས་ཁོ་ན་ནི་རྟོག་པ་སྐྱེ་བའི་དུས་ཁོ་ནར་རོ། །དེ་མེད་པར་འགྲུབ་པའི་ཕྱིར་རོ། །དེ་ལྟ་ན་དེར་སྣང་བས་དབེན་པའི་གཞན་ཡོད་

པར་སྣང་བའི་བློས་རིག་པ་ཉིད་དེ་མེད་པར་རིག་པ་ཡིན་ནོ་ཞེས་བྱའོ། །འདི་དག་ཉིད་སྒྲུབ་པ་ནི་གཞན་ན་དེས་དབེན་པ་ཡོད་པར་རྟོགས་པར་བྱ་བ་གདོད་ནས་རྟོགས་པ་ནི་དུས་ཕྱིས་དེ་རྟོགས་པའོ། །གཞན་ཡོད་པར་རྟོགས་པ་དེ་མེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་རབ་ཏུ་བསྒྲུབས་

ནས་འབྲེལ་པ་སྒྲུབ་པར་བྱེད་པའི་ཚད་མས་དེ་མེད་པ་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ལས་གཞན་པ་དེས་དབེན་པའི་ངོ་བོ་རྟོགས་པ་ཁོ་ན་དེའི་ཟླ་བོ་མེད་པ་རྟོགས་པ་ཡིན་ཏེ། དེ་ཉིད་དེ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་བུམ་པ་དང་བཅས་

པའི་ཕྱོགས་དང་མ་འདྲེས་པའི་ངོ་བོ་འབའ་ཞིག་གི་ཕྱོགས་སྣང་བ་ཉིད་བུམ་པ་མེད་པར་སྣང་བ་ཡིན་ནོ། །འདི་ན་བུམ་པ་མེད་པའམ། བུམ་པ་འདི་དང་ལྡན་པ་མ་ཡིན་ཏེ་བུམ་པ་དང་བཅས་པ་ལ་གཞན་ཡིན་པ་དང་། དོན་ལ་ནི་ཐ་དད་པ་ཅི་ཡང་མེད་དོ། །དེས་ན་བུམ་པ་

དང་བཅས་པ་ལས་གཞན་པ་འབའ་ཞིག་པའི་ཕྱོགས་སྣང་བ་ཉིད་བུམ་པ་མེད་པར་སྣང་བ་ཡིན་པའི་ཕྱིར་བུམ་པ་འདི་ན་མེད་དོ་ཞེས་ཤེས་པ་ནི་གཟུང་བ་ལ་འཛིན་པས་དྲན་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ཤེས་ཤེ་ན་མཐོང་བ་ཅན་དུ་རྗེས་སུ་འགྲོ་བ་དང་། ལྡོག་པ་སྒྲུབ་པའི་མཚན་ཉིད་ཀྱིས་བར་དུ་

เล่ม ๑๘๙ · หน้า 309a

ཆོད་པ་མེད་པར་འདི་ན་བུམ་པས་དབེན་པའི་ཕྱོགས་ཀྱི་ངོ་བོ་ཡོད་དོ། །འདི་ན་བུམ་པའི་དངོས་པོ་མེད་དེ་ཞེས་ཕྱེ་ནས་རྣམ་པར་རྟོག་པ་ཉིད་ཀྱིས་ཤེས་པར་བྱེད་པའི་ཕྱིར་རོ། །དེས་ན་འདི་ན་ཡོད་དོ་ཞེས་བྱ་བ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་

མེད་དོ། །གང་ཡང་། གཞན་ཡོད་པའི་ཡུལ་དམིགས་པ་དེ་མེད་པར་སྒྲུབ་པ་མ་ཡིན་ཏེ་དཔེ་མ་གྲུབ་པའི་ཕྱིར་རོ། །འདི་ཉིད་ལྡོག་པའི་སྒོ་ནས་བསྟན་པ་ནི་དེ་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་ལ་ཡང་རྗེས་སུ་འགྲོ་བ་ཡོད་དོ་ཞེ་ན། འདི་སྐད་དུ་ཡང་

ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་བསྟན་པར་མི་ནུས་ཤེ་ན། དེ་དམིགས་པ་གཅིག་པུ་གཞན་མ་ཡིན་པ་དང་ཚོགས་པ་གཅིག་པར་ཡོད་པ་གང་དམིགས་པ་ཁྱད་པར་གྱི་ངོ་བོ་དེ་ནི་གཞན་གང་ན་ཡང་མེད་པའི་ཕྱིར་རོ། །འོན་ཏེ་དེས་དབེན་པར་ཉེ་བར་དམིགས་པ་

ཐུན་མོང་བའི་གཏན་ཚིགས་སུ་བརྗོད་པ་ཡིན། གང་དང་གང་ན་བུམ་པས་དབེན་པའི་ས་གཞི་དམིགས་པ་དེ་དང་དེ་ན་བུམ་པ་མེད་དེ་དཔེར་ན་སྔར་ཉམས་སུ་མྱོང་བའི་བུམ་པས་དབེན་པའི་ཕྱོགས་བཞིན་ནོ་ཞེ་ན། སྤྱི་རབ་ཏུ་བསྟན་པ་ཞེས་བྱ་བ་སྨོས་ཏེ། སྤྱི་རབ་ཏུ་བསྟན་པར་

བྱེད་པའི་དཔེ་ལ་ཡང་སྔར་ཉམས་སུ་མྱོང་ཟིན་པའི་བུམ་པས་དབེན་པའི་ས་ཕྱོགས་ན་བུམ་པ་མེད་པར་སྒྲུབ་པར་བྱེད་པའི་ཚད་མ་མངོན་སུམ་ལ་སོགས་པ་གཞན་ནི་གཞན་ཡོད་པའི་ཡུལ་ལ་དམིགས་པ་ནི་མེད་དོ། །འོན་ཀྱང་དེ་ཁོ་ན་གཞན་ཡོད་པ་དམིགས་པ་ཡིན་ནོ། །བསྒྲུབ་པར་

བྱ་བའི་ཆོས་དེ་མེད་པ་སྒྲུབ་པར་བྱེད་པ་དེ་ཡང་ཇི་ལྟ་བ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་དེ་མེད་པར་སྒྲུབ་པ་ནི་དཔེ་ལ་ལྟོས་པ་ཡིན་ན། དཔེ་ཡང་དེ་བཞིན་དུ་གཞན་དེ་ལ་ཡང་ལྟོས་ན་ནི་ཐུག་པ་མེད་པ་དང་། དཔེ་ཡང་ཐུག་པ་མེད་པའི་ཕྱིར་ཐམས་ཅད་ལ་དེ་མེད་པར་རྟོགས་པ་མ་ཡིན་ནོ། །

གང་གི་ཕྱིར་དེ་བས་ན་རྟགས་གང་ལས་ཀྱང་ནི་དེ་ལས་གཞན་ཡོད་པ་དམིགས་པ་ཉིད་ལས་སོ། །དེ་མེད་པར་མི་འགྲུབ་བོ། །གང་གི་ཚེ་དེ་ལས་གཞན་ཡོད་པ་ལས་དེ་མེད་པར་སྒྲུབ་པར་མི་བྱེད་དོ། །ཡང་ཅིས་རྟགས་ཀྱིས་སྒྲུབ་པར་བྱེད་པ་མ་ཡིན་ཞེ་ན། མངོན་སུམ་གྱི་ཞེས་བྱ་བ་

เล่ม ๑๘๙ · หน้า 309b

སྨོས་ཏེ། མངོན་སུམ་གྱི་མཚན་ཉིད་བརྗོད་པར་འདོད་པའི་དམིགས་པ་གཞན་པ་མི་དམིགས་པ་ཡིན་པའི་ཕྱིར་དེའི་མཚན་ཉིད་མི་དམིགས་པས་གྲུབ་སྟེ། ཉམས་སུ་མྱོང་བའི་ཐ་སྙད་སྒྲུབ་པའི་ཕྱིར་རོ། །ལས་ལ་གནས་པའི་བྱ་བ་ལ་ལྟོས་ནས་དེ་གཞན་པ་ཡོད་པ་མི་དམིགས་

པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཡང་ཅིས་ན་འདི་མེད་པའི་ཐ་སྙད་སྒྲུབ་པ་ཡིན་ཞེ་ན། བསྒྲུབ་པར་བྱ་བ་རྟོགས་པ་ལས་ཏེ་གང་ཡུལ་རྟོགས་ཟིན་ནས་ཡུལ་ཅན་ལ་རྨོངས་པ་དྲན་པ་ཉིད་ཀྱིས་དེ་མེད་པའི་ཐ་སྙད་དུ་བྱེད་དོ། །མངོན་སུམ་གྱི་རྒྱུ་མཚན་ཁོ་ན་མི་དམིགས་པའི་རྟགས་མ་ཡིན་ནོ་ཞེས་

གཞན་ལེགས་པར་དཔྱད་ཟིན་པས་འདིར་ཞར་ལ་འོངས་པས་ཆོག་གོ། །དེས་ན་མི་དམིགས་པའི་གཏན་ཚིགས་ཀྱི་ལོག་པར་རྟོགས་པ་མ་ལུས་པ་བསལ་ནས་རང་གི་ངོ་བོ་རྣམ་པར་གཞག་པའི་དབྱེ་བ་བསྟན་པའི་ཕྱིར། དེ་འདིར་ཇི་སྐད་བཤད་པའི་མི་དམིགས་པ་གསུམ་སྟེ་ཞེས་བྱ་བ་སྨོས་ཏེ།

ཇི་ལྟར་ཡིན་ཞེ་ན། སྒྲུབ་པར་བྱེད་པའི་ཚད་མ་དེ་ཡིས་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པར་གྱུར་ན་རྒྱུ་མི་དམིགས་པ་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན་དངོས་པོ་མེད་པར་གྲུབ་པའོ། །དེ་བཞིན་དུ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་པ་ཡོད་ན་དེ་སྒྲུབ་པར་བྱེད་པའི་ཚད་

མའི་སྟོབས་ཀྱིས་གཞན་དངོས་པོ་མེད་པར་སྒྲུབ་པའི་ཁྱད་པར་བྱེད་པ་མི་དམིགས་པའོ། །ཞར་ལ་ཇི་སྐད་བཤད་པའི་རང་བཞིན་མི་དམིགས་པར་ཡང་གྲུབ་པས་དེ་ལྟར་མི་དམིགས་པ་རྣམ་པ་གསུམ་ཡིན་ནོ། །ཡང་ཇི་ལྟར་ཁྱབ་པར་བྱེད་པ་དག་གིས་མེད་པའི་ཐ་སྙད་དུ་

འགྲུབ། གང་ལས་དེ་དག་མེད་པར་འགྲུབ་པ་སྨྲོས་ཤིག་ཅེ་ན། དེ་ལ་རྒྱུ་དང་ཁྱབ་པར་བྱེད་པ་དག་གིས་ཀྱང་ཞེས་བྱ་བ་སྨོས་ཏེ། འབའ་ཞིག་པ་གང་ཡིན་པ་དངོས་སུ་མེད་པའི་ཐ་སྙད་སྒྲུབ་པ་མ་ཡིན་གྱི་རང་བཞིན་མི་དམིགས་པའི་ངོ་བོས་མེད་པའི་ཐ་སྙད་འགྲུབ་པོ། །གཞན་

དེས་དབེན་པ་ཡོད་པར་གྲུབ་པ་གང་ཡིན་པ་དེ་ཉིད་མེད་པའི་ཐ་སྙད་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །རྒྱུ་དང་ཁྱབ་པར་བྱེད་པ་མེད་པ་དེ་ནི་དེ་ལྟར་གྲུབ་པ་ནི་གཞན་ཡོད་པ་མངོན་སུམ་གྱི་ངོ་བོས་གྲུབ་ན་དངོས་པོ་མེད་པར་འགྲུབ་ལ་དངོས་པོ་མེད་པའི་ཐ་སྙད་ཀྱང་

เล่ม ๑๘๙ · หน้า 310a

འགྲུབ་པ་ཡིན་ནོ། །འབྲས་བུ་དང་ཁྱབ་པར་བྱ་བ་དག་དགག་པ་ནི་གང་གི་ཚེ་དེ་དག་དང་མི་མཐུན་པའི་ཡུལ་གྱི་ཁྱད་པར་དེའི་མི་དམིགས་པར་མི་འགྲུབ་པ་དེའི་ཚེ་དངོས་པོ་མེད་པའམ་དངོས་པོ་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ཏེ།

འམ་གྱི་སྒྲ་ནི་བསྡུ་བའི་དོན་ཏོ། །ཅི་འོན་ཏེ་རང་བཞིན་མི་དམིགས་པས་ཀྱང་མེད་པར་བསྒྲུབ་པར་བྱ་བའི་རྟགས་སུ་འགྱུར་རམ་ཞེ་ན། རང་བཞིན་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་སྙད་ཁོ་ན་མེད་པ་ཡང་མ་ཡིན་ཏེ་དེ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །

འདིར་གཞན་གྱིས་དོགས་པའི་སྐབས་སུ་བརྗོད་པ་ནི་གལ་ཏེ་རྒྱུ་དང་ཁྱབ་པར་བྱེད་པ་ཞེས་བྱ་བ་སྨོས་ཏེ། མེད་པའི་ཐ་སྙད་དུ་གྲུབ་པ་གང་དང་གང་ཡིན་པ་དེ་མེད་པ་ཡིན་ན་གང་གིས་དེ་གཞན་རྒྱུ་དང་ཁྱབ་པར་བྱེད་པས་དབེན་པའི་མངོན་སུམ་གྱི་བདག་ཉིད་ཀྱིས་གྲུབ་པ་དང་།

དེའི་ངོ་བོ་མི་དམིགས་པས་གཞན་འབྲས་བུ་དང་ཁྱབ་པར་བྱ་བ་དངོས་པོ་མེད་པ་དང་མེད་པའི་ཐ་སྙད་སྒྲུབ་པར་བྱེད་དོ། །དེ་ཡང་གཞན་ཡོད་པ་དམིགས་པས་དེ་དག་གི་རྒྱུ་དང་ཁྱབ་པར་བྱེད་པ་དམིགས་པའི་རིག་བྱར་གྱུར་པ་ཁོ་ན་ཡོད་པས་མེད་པའི་ཐ་སྙད་དུ་སྒྲུབ་པར་བྱེད་ཀྱི་གཞན་དུ་

ནི་མ་ཡིན་ནོ་ཞེས་འདོད་པར་གྱུར་ན། ཇི་ལྟར་དེ་དག་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ལ་སྦྱོར་བ་ཡིན། གང་གི་ཚེ་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཀྱི་ལྡོག་པའི་སྦྱོར་བ་བྱེད་པ་ནི་གང་དང་གང་ན་མེ་མེད་པ་དེ་དང་དེ་ན་དུ་བ་ཡང་མེད་པ་དེ་

བཞིན་དུ། གང་དང་གང་ན་ཤིང་མེད་པའམ། སྐད་ཅིག་མ་མེད་པ་དེ་དང་དེ་ན་ཤིང་ཤ་པའམ་ཡོད་པ་མེད་དོ་ཞེས་མ་ལུས་པའི་དོན་ཡོངས་སུ་བཟུང་ནས་ལྡོག་པའི་སྦྱོར་བར་འགྱུར་ན། མེ་དང་ཤིང་དང་སྐད་ཅིག་མ་ཉིད་དེས་དབེན་པའི་དོན་ཐམས་ཅད་མངོན་སུམ་མ་ཡིན་པ་དེའི་

ཕྱིར་ན་ཇི་ལྟར་དེས་དབེན་པའི་དམིགས་པའི་མཚན་ཉིད་ཀྱི་མི་དམིགས་པའི་སྤྱོད་པ་ཉིད་ཀྱིས་དམིགས་པའི་རིག་བྱར་གྱུར་པ་ནི་མི་འགྲུབ་པོ། །དེ་ལྟ་ན་ཇི་ལྟར་མ་ལུས་པ་བསྡོམས་ནས་ཁྱབ་པར་བྱ་བ་དང་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཀྱི་ལྡོག་པ་གྲུབ་པ་ཡིན། ཡང་ན་དེ་གྲུབ་ན་ཇི་ལྟར་

เล่ม ๑๘๙ · หน้า 310b

འདིས་གོ་བར་བྱེད་པ་ཡིན། དེའི་ཕྱིར་ལ་ལར་མ་མཐོང་བ་ཙམ་ལས་ལྡོག་པ་དང་དེ་བཞིན་དུ་མཐོང་བ་ཙམ་ལས་རྗེས་སུ་འགྲོ་བར་འདོད་པར་བྱ་སྟེ། དེ་ལྟ་ན་ཡང་འབྲེལ་པ་བརྗོད་པ་དོན་མེད་དོ་ཞེས་གཞན་དག་སེམས་ན། གྲུབ་པའི་མཐའ་སྨྲ་བས་རྟགས་མ་ངེས་པ་ཞེས་བྱ་བ་

སྨོས་ཏེ། ལྐོག་ཏུ་གྱུར་པའི་དོན་ལ་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པའི་སྦྱོར་བའི་ལྡོག་པ་བསྟན་པའི་དུས་སུ་ཚད་མས་མ་ཡིན་ལ་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པའི་ཚད་མར་གྱུར་པ་ཁོ་ནས་སྦྱོར་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་

པའི་རྟགས་ཀྱི་མཚན་ཉིད་ནི་དེ་མེད་པའི་མཚན་ཉིད་ལ་མ་ངེས་པའི་ཕྱིར་རོ། །དེ་མི་དམིགས་པའི་ངོ་བོ་ལ་ཐེ་ཚོམ་ཟ་བའི་ཕྱིར་ན་དེ་མེད་པ་ཉིད་ལ་ཡང་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ལྟ་ན་ཇི་ལྟར་དེའི་ཚེ་དེ་དག་ལ་སྦྱོར་བར་འདོད་པ་ཡིན་ཞེ་ན། རྒྱུ་དང་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་ཁྱབ་

པར་བྱེད་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་པར་བྱེད་པ་དང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་སྒྲུབ་པར་བྱེད་པ་སྔར་བཤད་པའི་དེ་ལས་བྱུང་བ་དང་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་སྒྲུབ་པར་བྱེད་པས་འབྲེལ་པ་གྲུབ་པ་ཡིན་ན། གལ་ཏེ་མེད་པ་གང་དང་གང་ལ་མེད་པར་འགྱུར་

བས་གཞན་དང་འབྲས་བུ་དང་ཁྱབ་པར་བྱ་བ་གདོན་མི་ཟ་བར་མེད་པར་ངེས་སོ། །དེ་ལྟ་མ་ཡིན་ན་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་དང་། རང་བཞིན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་སྒོ་ནས་འབྲེལ་པ་གྲུབ་པར་བྱེད་པའི་ཚད་མར་འགྱུར་རོ། །ཇི་ལྟར་

འགྱུར་ཞེ་ན། འདིར་དེའི་དོན་བསྟན་པའི་ཕྱིར་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་འདི་རབ་ཏུ་སྦྱོར་བ་འབའ་ཞིག་ཏུ་ཟད་དོ། །གང་ལ་མཐོང་བ་དང་མ་མཐོང་བའི་སྟོབས་ཀྱིས་སྒྲུབ་པ་ནི་གཅིག་མཐོང་བ་ན་གཞན་མཐོང་ལ། མ་མཐོང་བ་ཉིད་ན་མི་མཐོང་བ་དེ་ཉིད་ལ་

དེ་ཡོད་པ་དང་མེད་པ་ཉིད་དུ་འགྱུར་ན་ཅིའི་ཕྱིར་ཐམས་ཅད་ལ་འགྱུར་བ་ཡིན། འབྲེལ་པ་མེད་པའི་བདག་ཉིད་བ་ལང་དང་རྟ་ལ་སོགས་པ་རྣམས་ལ་ལར་དེ་བཞིན་དུ་ཡོད་པར་མཐོང་ཡང་ཐམས་ཅད་ལ་དེ་བཞིན་དུ་ཡོད་པར་མི་འགྱུར་རོ། །སྐྱེས་བུས་ཀྱང་ཐམས་ཅད་ཀྱི་ཚེ་འགའ་

เล่ม ๑๘๙ · หน้า 311a

ཞིག་ཏུ་གཅིག་ཡོད་པ་དང་མེད་པ་དག་ལས་གཞན་ཡོད་པ་དང་མེད་པ་མཐོང་བ་ནི་འདོད་རྒྱལ་བ་བཞིན་དུ་མི་སླུ་བ་མ་ཡིན་འབྲེལ་པ་མེད་དོ། །དེ་སྐད་དུ། ཡུལ་ལ་སོགས་པའི་ཁྱད་པར་ལས། །རྫས་ལ་ནུས་པ་ཐ་དད་སྣང་། །དེ་ལ་གཅིག་མཐའ་

གཞན་ལ་ནི། །དེ་འབྱུང་ངེས་པར་རིགས་མ་ཡིན། །ཞེས་བྱ་བ་བཤད་དེ། །དེའི་ཕྱིར་གདོན་མི་ཟ་བར་འབྲེལ་པ་ལས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པར་ཁས་བླང་པར་བྱའོ། །དེ་ཉིད་ཀྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་སྦྱོར་བ་བསྟན་པ་དང་། འདི་ཉིད་ཀྱིས་བསྟན་པ་མེད་པར་

ཁྱབ་པ་བསྟན་པར་མི་ནུས་པའི་ཕྱིར་རོ། །གང་དང་གང་ན་ཞེས་བྱ་བ་མ་ལུས་པའི་དོན་ཡོངས་སུ་བཟུང་ནས་ཁྱབ་པ་ནི་འབྲེལ་པ་ཚད་མས་གྲུབ་པར་གྱུར་ན་གདོན་མི་ཟ་བ་ཡིན་ཏེ། གང་དང་གང་ན་འབྲས་བུ་ཡོད་པ་དེ་དང་དེ་ན་རྒྱུ་ཡོད་པ་དང་། གང་དང་གང་ན་དེ་མེད་པ་དེ་ན་འབྲས་

བུ་ཡང་མེད་པ་ཡིན་གྱི་དེ་ལྟ་མ་ཡིན་ན་རྒྱུ་མེད་ཀྱང་འབྲས་བུ་འབྱུང་ན་ནི་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེས་ན་རྟག་ཏུ་ཡོད་པ་དང་མེད་པ་ལ་སོགས་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ་གང་དང་གང་ལ་གང་གི་རང་བཞིན་ཡིན་པ་དེ་དང་དེ་ལ་དེའི་རང་བཞིན་ཡིན་གྱི་དེ་ལྟ་མ་ཡིན་ན་བདག་ཉིད་

མེད་པར་འགྱུར་བས་སོ། །ཁྱབ་པ་ཉིད་དང་རྗེས་སུ་འགྲོ་བ་དང་ལྡོག་པ་བསྟན་པ་ནི་འབྲེལ་པས་ཁྱབ་པ་ཡིན་ན་ནུས་ཀྱི་གཞན་དུ་ན་མ་ཡིན་ནོ་ཞེས་སྔ་མ་ཉིད་དུ་རྒྱ་ཆེར་བསྟན་ཟིན་ཏེ། །དེ་ལྟར་འབྲས་བུ་དང་རང་བཞིན་དང་མི་དམིགས་པའི་མཚན་ཉིད་ཁོ་ནའི་ཕྱོགས་ཀྱི་ཆོས་འདི་དག་གི་རྒྱུ་

སྒྲུབ་པར་བྱེད་པའི་ཚད་མ་ཡོད་པར་གྱུར་པས་རྗེས་སུ་འགྲོ་བ་དང་ལྡོག་པར་ཡོད་པར་གྱུར་པ་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་སྨོས་ཏེ། རང་བཞིན་དང་འབྲས་བུ་དང་མི་དམིགས་པའི་མཚན་ཉིད་ཀྱི་ཕྱོགས་ཀྱི་ཆོས་འདི་དང་རྗེས་

སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཡིན་པས་འབྲེལ་པ་ཡོད་པར་གྱུར་པ་འདི་དག་ཉིད་ཀྱི་རང་བཞིན་དང་འབྲས་བུ་དང་མི་དམིགས་པའི་མཚན་གཞི་ཡིན་ནོ། །གང་གི་ཕྱིར་དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་འབྲེལ་པ་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པར་གྱུར་པར་རིགས་

เล่ม ๑๘๙ · หน้า 311b

པ་བཤད་ཟིན་པ་ཡིན་པ་དེའི་ཕྱིར་དེའི་ཆས་ཁྱབ་པ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པའི་དབང་གིས་དེའི་ཆས་ཁྱབ་པ་ངེས་པ་ཡིན་ནོ། །སྔར་ཇི་སྐད་དུ་བཤད་པའི་དེའི་ཆས་ཁྱབ་པ་ཞེས་བརྗོད་པས་མཚན་ཉིད་གསུམ་དང་ཚུལ་གསུམ་དང་རྣམ་པ་ཅན་གྱི་གཏན་ཚིགས་གོ་

བར་བྱེད་པ་ཡིན་གྱི་མཚན་ཉིད་གཞན་ནི་མེད་དེ། ཇི་སྐད་བཤད་པའི་ཚུལ་གསུམ་ཡོད་པ་ལས་གཞན་པ་ནི་དོན་མེད་པས་སོ། །ཇི་སྐད་དུ་བཤད་པའི་ཚུལ་མེད་ན་ཚུལ་གཞན་བརྟགས་ཀྱང་མ་འཁྲུལ་པའི་གོ་བར་བྱེད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཚུལ་གསུམ་པོ་ཁོ་

ན་ཅན་གྱི་རྟགས་རྣམ་པ་གསུམ་པོ་ཁོ་ན་གོ་བར་བྱེད་པ་ཡིན་གྱི་མཚན་ཉིད་གཞན་གྱིས་མ་ཡིན་ནོ་ཞེས་བསྟན་ཏོ། །རང་གིས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པའི་ཕྱིར་རོ་ཞེས་མཚན་ཉིད་གསུམ་ཁོ་ན་རང་གིས་བསྒྲུབ་པར་བྱ་བའི་ཆོས་ལ་མི་འཁྲུལ་པའི་ཕྱིར་རོ། །རང་གིས་

བསྒྲུབ་པར་བྱ་བའི་ཆོས་ལ་མི་འཁྲུལ་པ་ཉིད་གོ་བར་བྱེད་པ་ཡིན་པས་ཚུལ་གཞན་བརྟགས་པ་དོན་མེད་དེ། འབྲེལ་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཚུལ་གཞན་བརྟགས་ན་ཡང་རང་གིས་སྒྲུབ་པར་བྱ་བའི་ཆོས་ལ་འཁྲུལ་པ་དེས་ན་འདིར་རྣམ་

གསུམ་ཉིད་ཅེས་བྱ་བ་མཚན་ཉིད་གསུམ་ཁོ་ནའོ། །གཏན་ཚིགས་དེ་ནི་མེད་ན་མི་འབྱུང་བ་ཡིན་པས་རང་གིས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བའོ། །ངེས་པ་ནི་གདོན་མི་ཟ་བར་ཡོད་པར་གྱུར་པའི་འབྲེལ་པའི་རྒྱུ་མཚན་ནོ། །དེའི་ཆས་ཁྱབ་པར་ཁས་བླངས་པ་ཉིད་ཚུལ་གཞན་དུ་

བརྟགས་པ་ཡང་གཏན་ཚིགས་ལྟར་སྣང་དེ་ལས་གཞན་ནོ། །གཏན་ཚིགས་ཐིགས་པའི་འབྲེལ་པ་བྲམ་ཟེ་ཨ་ཙ་ཏས་རྣམ་པར་སྦྱར་བ་ལས་མི་དམིགས་པའི་གཏན་ཚིགས་བཤད་པ་སྟེ་གསུམ་པའོ།། །།ཇི་སྐད་བཤད་པའི་མཚན་ཉིད་གསུམ་ལས་གཞན་པའི་ཚུལ་

གཞན་གང་ཡང་རུང་བར་བརྟགས་པ་ནི་གཏན་ཚིགས་ལྟར་སྣང་བའོ། །མེད་ན་མི་འབྱུང་བའི་རང་གི་བསྒྲུབ་པར་བྱ་བའི་ཆོས་ལ་མི་འཁྲུལ་པ་དེ་རྣམས་ལ་མེད་པར་བསྟན་པ་ནི་ཇི་སྐད་བཤད་པའི་མཚན་ཉིད་གསུམ་ཁོ་ན་ལས་གཞན་ནི་མཚན་ཉིད་མ་ཡིན་པའི་ཕྱིར་དེ་ལ་གཞན་དག་

เล่ม ๑๘๙ · หน้า 312a

གིས་ལོག་པར་རྟོགས་པ་བསྟན་པ་ནི་གཞན་དག་ནི་གཏན་ཚིགས་མཚན་ཉིད་དྲུག་པའོ་ཞེས་ཟེར་ཏེ་ཞེས་བྱ་བ་སྨོས་ཏེ། རིགས་པ་ཅན་དང་སྤྱོད་པ་བ་ལ་སོགས་པས་བསམས་པ་གཏན་ཚིགས་གཅིག་པུ་ཡོད་ཀྱང་ཚུལ་དྲུག་ཏུ་འདོད་པས་གསུམ་པོ་དེ་དག་

དང་ཞེས་བྱ་བ་སྨོས་ཏེ། ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པ་བསྟན་པའོ། །དེ་བཞིན་དུ་གནོད་པ་མེད་པའི་ཡུལ་ནི་ཚུལ་བཞི་པའོ། །བསྒྲུབ་པར་བྱ་བའི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ལ་ཚད་མས་མ་བསལ་བ་ནི་གནོད་པ་མེད་པ་སྟེ། དེ་ཡོད་པ་དེ་ཉིད་ལས་

ཚུལ་གཞན་ནོ། །རྣམ་པ་དེ་ལྟ་བུ་བརྗོད་པར་འདོད་པའི་གྲངས་གཅིག་པའི་ཚུལ་གཞན་ནི་གྲངས་གཅིག་པ་གང་གི་གཏན་ཚིགས་ཀྱི་རྫས་དེའི་གྲངས་གཅིག་པ་ཡིན་ཏེ། བརྗོད་པར་འདོད་པའི་གྲངས་གཅིག་པའི་གཏན་ཚིགས་ཀྱི་རྫས་ལ་བརྟེན་པ་ཉིད་གང་གི་གཏན་

ཚིགས་ཀྱི་སྤྱི་དེའི་བརྗོད་པར་འདོད་པའི་གྲངས་གཅིག་པ་སྟེ་དེ་ཡོད་པ་ལས་གཞན་པའི་ཚུལ་ལོ། །གལ་ཏེ་གྲངས་གཅིག་པ་ཡོངས་སུ་བཅད་པས་འགྲན་ཟླའི་གཏན་ཚིགས་སྤངས་པའི་བསལ་བའི་གཏན་ཚིགས་འདི་གཏན་ཚིགས་སུ་སྲིད་པ་དེའི་ཚེ་གོ་བར་བྱེད་པ་ཉིད་ཡིན་ཏེ།

འགྲན་ཟླའི་གཏན་ཚིགས་དང་བཅས་པའི་གྲངས་གཉིས་པ་ཅན་ཡང་མི་རིགས་པའི་ཕྱིར་རོ། །གལ་ཏེ་འགལ་བ་མི་འཁྲུལ་པ་ཅན་གྱི་གཏན་ཚིགས་གཞན་ཕ་རོལ་པོས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཤེས་པ་ཉིད་དང་ཤེས་པའི་ཡུལ་ཏེ། མི་ཤེས་པ་ཉིད་

ནི་གཏན་ཚིགས་མ་ཡིན་ལ་རང་ཡོད་པ་ཙམ་གྱིས་གོ་བར་བྱེད་པར་མི་རིགས་སོ་ཞེས་བྱའོ། །དེ་ལ་ནི་དེ་རྣམས་ལའོ། །ཚུལ་གཞན་པ་གང་ཡིན་པ་དེ་དག་གནོད་པ་མེད་པའི་ཡུལ་ཅན་ཞེས་བྱའོ། །དེས་ན་རེ་ཞིག་འབྲེལ་པའི་རྒྱུ་མཚན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མེད་

ན་མི་འབྱུང་བར་འགྱུར་བ་དེ་ལས་ཐ་དད་པའི་མཚན་ཉིད་གཞན་མ་ཡིན་ཏེ་དེའི་བདག་ཉིད་དུ་དེ་བརྗོད་པར་འདོད་པས་བཤད་ཟིན་པས་བཤད་པར་མི་བྱའོ། །ཅིའི་ཕྱིར་མཚན་ཉིད་ཐ་དད་པར་མི་འགྱུར་ཞེ་ན། གནོད་པར་བྱེད་པ་དང་མེད་ན་མི་འབྱུང་བ་དག་འགལ་བའི་ཕྱིར་རོ། །

เล่ม ๑๘๙ · หน้า 312b

ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་སྒྲུབ་པར་བྱེད་པ་ནི་མེད་ན་མི་འབྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་པར་བྱ་བའི་ཆོས་གཏན་ཚིགས་མེད་ན་མི་འབྱུང་བར་བརྗོད་པ་ལ་དེ་ལ་ཚད་མས་གནོད་པར་གྱུར་ན། གལ་ཏེ་དེ་ཡོད་པ་ཁོ་ན་དེ་ལ་མེད་པའི་

ཡུལ་ཅན་གྱི་ཚད་མ་འཇུག་ན་དེའི་ཚེ་དེ་ནི་འཁྲུལ་པས་ཚད་མར་མི་འགྱུར་བའི་ཕྱིར་གནོད་པ་ག་ལ་ཡིན། དེས་ན་གཏན་ཚིགས་དང་བཅས་པ་དེའི་མཚན་ཉིད་ཀྱི་བསྒྲུབ་པར་བྱ་བ་ཆོས་ཅན་ལ་མི་འབྱུང་བར་འགྱུར། །འདིར་ཡང་བསྒྲུབ་པར་བྱ་བའི་ཆོས་སུ་ཇི་ལྟར་ན་མི་འགྱུར།

གང་གི་ཕྱིར་གནོད་པར་བྱེད་པའི་གོ་སྐབས་འགྱུར་བ་དེའི་ཕྱིར་མེད་ན་མི་འབྱུང་བ་དང་ཚད་མས་གནོད་པས་ལྷན་ཅིག་མི་གནས་པས་མེད་ན་མི་འབྱུང་བས་ཉེ་བར་གནས་པས་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་ཡོད་པར་ཚད་མས་གནོད་པ་ཉེ་བར་འཇོག་པ་ཡིན་ནོ། །དེ་དང་དེ་མེད་པ་

ཆོས་ཅན་གཅིག་ལ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་སྲིད་པ་ཡིན་ནོ། །དེ་ཉིད་འགལ་བར་གསལ་བར་བྱེད་པའི་ཞར་ལ་བཞད་གད་བྱེད་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པས་

མངོན་སུམ་དང་རྗེས་སུ་དཔག་པ་དེས་ཆོས་ཅན་གྱི་མགུལ་པ་ནས་བཟུང་ནས་རང་གི་གནས་ལས་བཏོན་ནས་གང་གི་ཕྱིར་དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཡོད་པ་ཁོ་ནས་དེ་དང་མེད་ན་མི་འབྱུང་བའི་ཕྱིར་གཏན་ཚིགས་ཡོད་པ་ནི་བསྒྲུབ་པར་བྱ་བའི་ཆོས་བསལ་ནས་བཙན་ཐབས་ཀྱིས་གཏན་ཚིགས་

ཆོས་ཅན་དེ་ལ་འཇོག་པར་བྱེད་དོ་ཞེས་བྱ་བ་ནི་ཀྱེ་མ་མཆོག་ཏུ་བསྒྲུབ་པར་བྱ་བའི་ཆོས་ཀྱི་མཚན་ཉིད་ཅན་གྱི་དངོས་པོ་རྣམས་རབ་ཏུ་ཉམ་ཐག་པར་འགྱུར་རོ། །དེ་ལྟ་ན་འཁྲུལ་འཁོར་གཉིས་ཀྱིས་གཙིར་བས་དབུགས་མི་ཕྱིན་པ་འཆི་བ་ཉིད་དུ་འགྱུར་རོ། །གཞན་གྱི་གནོད་པ་དང་

མེད་ན་མི་འབྱུང་བའི་ཡུལ་གྱི་དབྱེ་བ་བསྟན་པ་ནི་གལ་ཏེ་གཞན་ལ་ཞེས་བྱ་བ་སྨོས་པ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་སྤངས་ནས་དཔེའི་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་དང་མེད་ན་མི་འབྱུང་བའི་གཏན་ཚིགས་ཡིན་གྱི་ཡང་བསྒྲུབ་པར་བྱ་བའི་ཆོས་ཁོ་ན་ལ་ནི་མ་ཡིན་ནོ། །

เล่ม ๑๘๙ · หน้า 313a

དེས་ན་གནོད་པ་དང་མེད་ན་མི་འབྱུང་བ་གཞན་ལ་འགལ་བ་ག་ལ་ཡིན། གནོད་པའི་ཆོས་ཅན་ལ་བསྒྲུབ་པར་བྱ་བ་མེད་པ་སྒྲུབ་པས་གཏན་ཚིགས་གཞན་གྱིས་དེ་ཡོད་པར་སྒྲུབ་པའི་ཕྱིར་རོ། །དེ་ལྟ་ན་རྣམ་པ་དེ་ལྟ་བུའི་མེད་ན་མི་འབྱུང་བ་ཡོད་ཀྱང་

གནོད་པ་ཡོད་པས་གནོད་པ་མེད་པའི་ཡུལ་ཅན་གྱི་ཚུལ་གཞན་སྲིད་པའི་ཕྱིར་རྣམ་པ་དེ་ལྟ་བུའི་མེད་ན་མི་འབྱུང་བ་ཁས་ལེན་ཏོ། །གནོད་པ་མེད་པའི་ཡུལ་ཅན་ལ་སོགས་པའི་ཚུལ་གཞན་ཡོད་ཀྱང་གཏན་ཚིགས་ལྟར་སྣང་དེ་ལས་གཞན་ཏེ་ཚུལ་གཞན་སྲིད་པ་ཡིན་ནོ་ཞེས་བསྟན་

ཏོ། །གཏན་ཚིགས་ལྟར་སྣང་བ་དེའི་རྣམ་པར་འགྲེལ་ཕ་ནི་གཞན་ལ་བཞད་གད་བྱེད་པ་སྔོན་དུ་འགྲོ་བ་ནི་དེ་ཅི་ཞེས་བྱ་བ་སྨོས་ཏེ། འདི་བསྒྲུབ་པར་བྱ་བའི་ཆོས་ཅན་ནོ། །ཉོན་མོངས་ནི་དཀའ་ཐུབ་ཅན་ནོ། །མ་ནིང་དང་འཁྲིག་པ་ལས་ཏེ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་སྒྲུབ་པར་

བྱེད་པའི་ནུས་པ་མེད་པའི་གཏན་ཚིགས་ཡོངས་སུ་བསྟན་པས་བསྒྲུབ་པར་བྱ་བའི་འབྲས་བུ་ཚོལ་བར་བྱེད་དམ། དེ་དག་ཉིད་གསལ་བར་བྱེད་པ་ནི་གང་ཞིག་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་མེད་པར་འདོད་ཀྱང་བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བར་གཞན་ལ་ཁས་བླངས་

པས་རྣམ་པ་དེ་ལྟ་བུའི་བསྒྲུབ་པར་བྱ་བའི་ཆོས་ཅན་ཉེ་བར་བསྟན་ན་ཇི་ལྟར་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པར་བརྗོད། རྒྱ་མཚོའི་ཆུ་ལན་ཚྭ་མེད་ན་མི་འབྱུང་བ་ཡིན་དུ་ཟིན་ཀྱང་དེ་ལས་ཐ་དད་པའི་ཆུ་ལན་ཚྭ་དང་ལྡན་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བར་འདོད་

པའི་ཆུ་ཡོད་པ་ལ་ཡང་ལན་ཚྭ་ཡོད་པར་མི་འགྲུབ་པའི་ཕྱིར་རོ། །གཞན་གྱི་ཚིག་གི་གོ་སྐབས་སུ་དོགས་པ་ནི་གལ་ཏེ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ཉིད་རྣམ་པར་འགྲེལ་པ་ནི་འདི་སྙམ་དུ་ཁྱེད་ཀྱི་འདོད་པ་གང་གི་ཕྱིར་གཏན་ཚིགས་གཞན་དུ་ཡང་

བསྒྲུབ་པར་བྱ་བའི་ཆོས་ལས་གཞན་པའི་ཆོས་ཅན་ལ་ཡོད་པ་ཡིན་ཏེ། ཆུ་ལ་སོགས་པ་དེ་བཞིན་དུ་མཐོང་བའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་སྤངས་ཀྱང་མེད་ན་མི་འབྱུང་བ་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚད་མ་དག་གིས་གནོད་པ་མེད་པའི་ཆོས་དང་ལྡན་པའི་

เล่ม ๑๘๙ · หน้า 313b

ཆོས་ཅན་དུ་བརྗོད་པའོ། །གང་གི་ཚེ་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་གཏན་ཚིགས་ཀྱི་ཡུལ་བསྒྲུབ་པར་བྱ་བའི་ཆོས་ལ་མི་གནས་པ་ནི་དཔེར་ན་ཆུ་ལན་ཚྭ་དང་ལྡན་པ་ཉིད་དེའི་ཚེ་དེ་གོ་བར་བྱེད་པ་ཡིན་གྱི་གཞན་དུ་མ་ཡིན་པ་དེའི་ཕྱིར་གཞན་

ལ་མེད་ན་མི་འབྱུང་བ་ཙམ་གྱིས་བསྒྲུབ་པར་བྱ་བ་གྲུབ་པར་ཁས་མ་བླངས་པའི་ཕྱིར་སྔར་བཤད་པའི་ཉེས་པ་མེད་དོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་དེ་ད་ནི་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་གཏན་ཚིགས་ཆོས་ཅན་ལ་མེད་ན་མི་འབྱུང་བས་ཁས་མ་བླངས་པས་བསྒྲུབ་བྱ་འགྲུབ་པར་

མི་འགྱུར་བས་དེ་དེ་གྲུབ་པའི་ཚུལ་གཞན་གནོད་པ་མེད་པའི་ཡུལ་ཅན་དུ་བརྗོད་དོ། །དེའི་ཚེ་གཏན་ཚིགས་ལ་ནུས་པ་ཅུང་ཟད་ཅིག་ཀྱང་མེད་ན་ཅིའི་ཕྱིར་གནོད་པ་མེད་པའི་གཏན་ཚིགས་གཞན་ཡང་ཡིན། བསྒྲུབ་པར་བྱ་བ་གྲུབ་ན་གཏན་ཚིགས་ཅུང་ཟད་ཅིག་ཀྱང་བྱེད་པ་མེད་པ་

ཁོ་ནའོ། །དེ་ལྟར་ན་འདི་རྣམ་པར་རྟོག་པ་གཉིས་ཏེ། གནོད་པར་བྱེད་པའི་ཚད་མ་འཇུག་པ་ན་བསྒྲུབ་པར་བྱ་བ་མེད་པར་ངེས་པར་འགྱུར་རམ། ངེས་པ་མེད་པ་ཡིན། དེ་ལ་གང་གི་ཚེ་སྔ་མའི་རྣམ་པར་རྟོག་པ་ཡིན་པ་དེའི་ཚེ་བསྒྲུབ་པར་བྱ་བའི་ཆོས་མེད་པ་ལ་གནོད་པར་བྱེད་པའི་

ཚད་མ་འཇུག་པར་ངེས་པས་དེ་ཉིད་ཡོད་པས་དེ་མེད་པར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གནོད་པ་མེད་དེ་གནོད་པར་བྱེད་པའི་ཚད་མ་འཇུག་པ་ན་མེད་པར་བསྒྲུབ་པར་བྱ་བ་མེད་པ་ཡང་མེད་པས་བསྒྲུབ་པར་བྱ་བ་གྲུབ་པར་གྱུར་པས་གཏན་ཚིགས་དོན་མེད་པ་ཉིད་ཀྱིས་ཉེ་བར་བཀོད་

པར་མི་བྱའོ། །དེ་བས་ན་སུ་ཞིག་ལ་གནོད་པའི་ཡུལ་ཉིད་ཀྱིས་ཚུལ་གཞན་དུ་འགྱུར། གནོད་པར་བྱེད་པའི་ཚད་མ་འཇུག་པ་མེད་པར་གྱུར་ཅིག་སྙམ་ནས་གཏན་ཚིགས་མེད་པར་ཡིན་ཏེ། གང་གི་ཚེ་བསྒྲུབ་པར་བྱ་བ་ལ་གནོད་པ་ཅན་གྱི་ཚད་མ་ཆོས་ཅན་ལ་འཇུག་པ་

ན་དེའི་གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར་མི་རུང་བར་འགྱུར་རོ་ཞེས་འདོད་ན་གནོད་པ་མེད་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གནོད་པར་བྱེད་པའི་ཚད་མ་འཇུག་པ་དེའི་ཚེ་ཡང་དེས་བསྒྲུབ་པར་བྱ་བ་མེད་པར་ཆོས་ཅན་ལ་སྒྲུབ་ན་ཚངས་པས་ཀྱང་དེ་མེད་པར་བྱེད་པར་

เล่ม ๑๘๙ · หน้า 314a

མི་ནུས་པའི་ཕྱིར་ཡང་ཅི་རོ་ལྟ་བུའི་གཏན་ཚིགས་ཀྱིས་ཡིན་ནམ། གང་ལས་སྒྲུབ་པར་བྱེད་པའི་གཏན་ཚིགས་སུ་རུང་བ་ཡིན། དེ་ཉིད་ཀྱི་ཕྱིར་ཁྱེད་ཀྱིས་གནོད་པ་མེད་པའི་ཡུལ་ཅན་གྱི་ཚུལ་གཞན་སྨོས་པའོ། །ཡང་ན་གནས་པར་བྱེད་པའི་

ཚད་མ་འཇུག་པས། བསྒྲུབ་པར་བྱ་བ་མེད་པ་ངེས་པ་མེད་ན་མེད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ཚོགས་གཉིས་པ་འདོད་ན། དེ་ཡང་གནོད་པ་མེད་པ་ནུས་པས་སྟོང་པར་བསྟན་པ་ནི་མ་ངེས་པ་ཞེས་བྱ་བ་སྨོས་ཏེ། གནོད་པར་བྱེད་པའི་ཚད་མ་འཇུག་པས་བསྒྲུབ་པར་

བྱ་བ་མེད་པར་འདོད་པར་འགྱུར་ན་འདི་ཐོབ་སྟེ། གནོད་པར་བྱས་པའི་ཚད་མ་རྣམས་མེད་པར་གྱུར་ཀྱང་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ལ་ནུས་པ་མེད་ན་གནོད་པ་མེད་པ་ཡོད་ཀྱང་བསྒྲུབ་བྱ་མེད་པ་སྲིད་པའི་ཕྱིར་རོ། །དེ་ལ་སྦྱོར་ན་ཡང་གཏན་ཚིགས་ལྟར་སྣང་ཁོ་ན་ཡིན་

ནོ། །ཇི་སྐད་བཤད་པའི་གནོད་པ་མེད་པ་ནི་བསྒྲུབ་བྱ་འགྲུབ་པ་ལ་དོན་མེད་པའི་གཏན་ཚིགས་ཡིན་ནོ། །དེ་ལ་གཞན་དུ་དོན་ལ་གནོད་པ་མེད་པ་བསྟན་པའི་གཏན་ཚིགས་ཀྱི་ནུས་པ་བསྟན་པ་ནི་གནོད་པ་མེད་པ་ཞེས་བྱ་བ་སྨོས་ཏེ། གནོད་པ་ཅན་མེད་པ་མ་ཡིན་པར་

ཕ་རོལ་པོ་འདོད་དེ། འོ་ན་ཅི་ཞེ་ན། གནོད་པ་མི་དམིགས་པ་ཡིན་ཏེ། དེ་དང་དེ་མི་དམིགས་པ་ནི་ཡུལ་ལ་ལར་གནོད་པ་བྱེད་པ་སྲིད་ཀྱང་སྐྱེས་པའི་ནུས་པ་མ་ཚང་བ་དེའི་ཕྱིར་གནོད་པར་བྱེད་པ་མི་དམིགས་པ་ཙམ་གྱིས་བསྒྲུབ་བྱ་འགྲུབ་པར་མི་སྲིད་པའི་ཕྱིར་རོ། །དེ་གྲུབ་

པ་ནི་གཏན་ཚིགས་གདོན་མི་ཟ་བར་བརྗོད་དགོས་པས་དེ་ནི་གཏན་ཚིགས་སྦྱོར་བའི་ཡུལ་ཡིན་ནོ། །དེ་ལྟ་ན་གཏན་ཚིགས་རང་གི་བསྒྲུབ་བྱ་འགྲུབ་པ་ལ་ཇི་ལྟར་མི་ནུས་པར་འགྱུར་ཞེ་ན། གྲུབ་པའི་མཐའ་སྨྲ་བས་གཏན་ཚིགས་གནོད་པ་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་

གནོད་པ་གང་དམིགས་པ་དེས་འཇིགས་ཀྱི་སླར་གནོད་པས་མི་འཇིགས་སམ་ཅེ་ན། གང་གིས་གནོད་པ་ཡོད་དུ་ཟིན་ཀྱང་ཁྱད་དུ་བསད་ནས་དེ་མི་དམིགས་པ་ཡིས་ཡོད་པ་ལ་སྦྱོར་བར་བྱ་བར་ཁྱེད་འདོད། བརྒྱ་ལ་ཕ་རོལ་ན་རེ་གནོད་པ་ཉོན་མོངས་ཡོད་དུ་ཟིན་ཀྱང་དེ་ལ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด