རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) བཱ་ད་ནྱ་ཡ་བྲྀཏྟི་བི་པཉྫི་ཏཱརྠ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙๐ · หน้า 79a

ཤེས་པ་དངོས་པོ་ཐམས་ཅད་གཅོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདི་ནི་འཁྲུལ་པའི་ཤེས་པ་ཡིན་ནོ། །འཁྲུལ་པ་ནི་ས་བོན་གྱི་རྒྱུན་བབས་པ་འམ་རྒྱུ་མེད་པའི་དུས་སུ་ཡུལ་མེད་པ་ཉིད་དུ་ད་ལྟར་སྣང་བར་འགྲུབ་སྟེ། ཟླ་བ་གཉིས་

པའི་ཤེས་པ་བཞིན་དུ་ཉེ་བར་སྐྱེའོ། །གང་གི་ཕྱིར་ཡུལ་མེད་དུ་ཟིན་ཀྱང་སོ་སོར་ངེས་པའི་ཡུལ་དང་དུས་སུ་འབྱུང་བར་འགྱུར་ཏེ། རང་གི་ཉེ་བར་ལེན་པའི་བག་ཆགས་སད་པར་བྱེད་པའི་ཕྱིར་ཕྱི་རོལ་གྱི་བདག་པོའི་རྐྱེན་ལ་ལྟོས་པའི་ཕྱིར་རོ། །ཟླ་བ་གཉིས་པའི་ཤེས་པ་བཞིན་དུ་

འཁྲུལ་པ་ཡིན་དུ་ཟིན་ཀྱང་དོན་ལ་མ་བསླུས་ཏེ། ཁྱད་པར་ཅན་གྱི་བདག་པོའི་རྐྱེན་ཡོད་པའི་ཕྱིར་རོ། །ནོར་བུའི་འོད་ལ་ནོར་བུ་བཞིན་དུ་དོན་ལ་མི་སླུ་བ་ཉིད་ནི་ཡུལ་མེད་པ་མི་རིགས་པ་ཉིད་ནི་ཡིན་ན་རྗེས་སུ་དཔག་པའི་མ་ངེས་པའི་ཕྱིར་རོ། །ནོར་བུ་འཁྲུལ་པ་དེ་ཉིད་ནི་རྫས་ལ་

ད་ལྟར་འཛིན་པ་དེའི་ཡུལ་མེད་པར་མི་འགྱུར་རོ་ཞེ་ན། འོ་ན་དེའི་རྫས་དེ་དང་དེའི་ངོ་བོ་མ་ཡིན་པ་གཞན་གྱི་རྣམ་པ་རྗེས་སུ་འབྲངས་པའི་ཤེས་པ་བཞིན་ཡོངས་སུ་གཅོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ལྟར་ན་ཡང་ཡུལ་དང་བཅས་ལ་ལྟོས་པ་ཡང་ཡུལ་དང་བཅས་པ་ཡོད་

པར་འགྱུར་བ་ཉིད་ནི་འདི་ལྟར་ཨུཏྤ་ལ་ལ་སོགས་པ་དེ་ལྟར་སྣང་ངོ་ཞེས་ཁོ་བོས་ཀྱང་བརྗོད་པར་ནུས་ཏེ། འཁྲུལ་པ་དེ་ཐེ་ཚོམ་གྱི་རྒྱུ་རྣམས་མེད་དུ་ཟིན་ཀྱང་སྣང་བའི་གནས་སྐབས་སུ་རུང་བའི་ཡུལ་ན་གནས་པ་དང་། བསྒྲིབས་པ་མེད་པའི་གནས་སྐབས་སུ་དེའི་རྫས་ཀྱི་

བདག་གཟུགས་སྣང་བ་ལས་ཐ་དད་པ་ནི་མི་དམིགས་ལ། སྐྲག་པ་འཁྲུལ་བའི་ཐེ་ཚོམ་གྱི་རྒྱུ་མཚན་མུན་པས་ཆོད་པའི་གནས་སྐབས་དང་ཡུལ་རིང་བའི་གནས་སྐབས་ན་སྒྲིབ་པ་དང་བཅས་པ་ལ་ཡང་དེ་བཞིན་གྱི་རྣམ་པ་ལས་ཐ་དད་པར་སྣང་བ་ཡིན་ནོ་ཞེས་བྱ་བ་སྨོས་པ་

ལ་སུ་ཞིག་གིས་བརྗོད་པར་ནུས། ལྕགས་ཀྱི་ཁྲབ་ཀྱི་ནང་གི་སྐྱེས་བུའི་ཤེས་པ་ནི་མངོན་སུམ་མ་ཡིན་ཏེ། འོན་ཀྱང་རྟགས་ཅན་ཡིན་ནོ། །འདི་ལྟར་སྐྱེས་བུའི་ལུས་ཀྱི་ཆ་ཤས་ལ་བརྟེན་པའི་སྟོབས་ལས་བྱུང་བའི་ཁྱད་པར་གྱི་དབྱིབས་སུ་རྣམ་པར་གནས་པ་ཁྲབ་ཅན་

เล่ม ๑๙๐ · หน้า 79b

མཐོང་བ་ལས་འབྲས་བུའི་རྟགས་ཀྱི་ཤེས་པ་འབྲེལ་པ་དྲན་པ་ལྟོས་ནས་རྒྱུར་གྱུར་པའི་རྣམ་པ་དེ་ལྟ་བུ་ཡིན་ནོ་ཞེ་ན། དེ་མ་ཐག་པའི་ཤེས་པ་སྐྱེ་བར་འགྱུར་བ་མ་ཡིན་པ་བསྒྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསལ་བའི་རྣམ་པ་དང་བཅས་པར་རྟོགས་པ་གང་ཡིན་ཞེས་ཐེ་

ཚོམ་ཟ་བར་འགྱུར་རོ། །རྣམ་པ་དེ་ལྟ་བུའི་ཁྲབ་ཅན་གྱི་དབྱིབས་ལས་སྐྱེས་པ་ནི་གཟུགས་ལ་སོགས་པ་ཉིད་དུ་རྒྱུར་འགྱུར་གྱི་ཡན་ལག་ཅན་གྱི་རྫས་ལས་ནི་མ་ཡིན་ནོ། །དེ་ལ་མ་གྲུབ་པས་མ་གྲུབ་པའི་རྣམ་པ་ཉིད་ལས་ཁས་བླངས་པར་མི་རིགས་ཀྱི་གཟུགས་ལ་སོགས་པ་

ནི་མངོན་སུམ་དང་མི་དམིགས་པ་དག་གི་རྒྱུ་དང་འབྲས་བུར་གྲུབ་པ་དེ་དག་ཉིད་ལས་དེ་བཞིན་དུ་དབྱིབས་ཉེ་བར་གནས་པའི་ཕྱིར་རོ། །སྣམ་བུ་ཡང་ལེ་བརྒན་དང་བཙོད་ཀ་ལ་སོགས་པར་བསྒྱུར་བས་དོན་གཞན་ཉིད་དེ་ལས་དེ་བཞིན་དུ་སྐྱེ་བར་མཐོང་གི་སྣ་ཚོགས་པའི་རྫས་དག་དང་

འདྲེས་པའི་དབྱེར་མེད་པ་ལས་དེ་བཞིན་དུ་མི་དམིགས་སོ། །དེའི་རྫས་རྒྱུན་གནས་པའི་རྒྱུ་རྒྱུན་ཆད་ན་དེ་ལྡོག་པ་ཡིན་ཏེ། ཉེ་བར་ལེན་པའི་རྒྱུ་ལ་ལྟོས་ནས་ཆུ་དང་མེ་ལ་སོགས་པ་གཞན་སྐྱེ་བའི་ཕྱིར་རོ། །འདིས་ནི་ལྕགས་གོང་དང་མི་དག་དེའི་ངོ་བོར་འཛིན་པའི་ཤེས་པས་

མཐོང་ཞེས་བྱ་བ་དེ་ཡང་གསལ་བ་ཡིན་ནོ། །དེ་ལྟར་ན་རྫས་དེ་མངོན་སུམ་གྱིས་མ་གྲུབ་པར་བཤད་ནས་བ་ལང་དང་རྟ་དང་། མ་ཧེ་དང་ཕག་དང་ཕྱེ་མ་ལེབ་ལ་ཡིད་གཉིས་འབྱུང་བའི་རྟེན་གཟུགས་ལས་ཐ་དད་པར་བརྗོད་དོ། །དབང་པོ་ཉིད་དུ་གྱུར་པས་གཟུགས་ལ་སོགས་

པ་འཛིན་པ་ཕྱི་རོལ་དུ་དབང་པོས་མི་གཅོད་པའི་ཕྱིར། བདེ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དེ་ཡང་བསལ་བར་བྱའོ། །སྦྱོར་བ་ཡང་གང་དང་གང་སྣང་བ་ལས་ཐ་དད་པ་མ་དམིགས་པ་དེ་དང་དེ་ནི་ཐ་དད་པར་ཁས་བླང་བར་མི་བྱ་འམ་མེད་པ་ཡིན་ནོ་ཞེས་ཁས་བླང་བར་བྱ་སྟེ།

དཔེར་ན་མིའི་མགོའི་རྭ་བཞིན་ནོ། །སྔོན་པོ་ལ་སོགས་པ་ཡང་ཐ་དད་པའི་སྤྱིའི་དང་བྱེ་བྲག་དང་ལྡན་པ་རྣལ་མ་དབྱེ་བ་གཞན་དང་གཞན་མ་ཡིན་པ་ལ་སོགས་པ་མི་དམིགས་པས་ཞེས་བྱ་བའི་ཁྱབ་པར་བྱེད་པ་མི་དམིགས་པའོ། །མ་གྲུབ་པ་ནི་མ་ཡིན་ཏེ། སྣང་བ་ཉིད་དུ་རང་

เล่ม ๑๙๐ · หน้า 80a

ཉིད་ཀྱིས་ཁས་བླངས་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་དོན་རྣམ་པ་ལྔ་ལས་ཐ་དད་པའི་རྫས་ཁས་ལེན་པ་ནི་དམིགས་པའི་རིག་བྱར་གྱུར་པ་ཉིད་དུ་ཁས་བླངས་པ་ནི་སྔོན་པོ་ལ་སོགས་པའི་ཁ་དོག་གི་གཟུགས་སྤངས་པའི་ཕྱིར་སྒྲ་དང་དྲི་

དང་རོ་བཞིན་དུ་མིག་གི་ཤེས་པས་ངེས་པ་མ་ཡིན་ནོ། །རེག་བྱ་ལ་བརྟེན་པའི་ཤེས་པ་ཉིད་ཀྱི་རྟོགས་པ་ནི་མ་ཡིན་ཏེ། སྣང་བ་ཉིད་དུ་ཁས་བླངས་པ་ཉིད་རྩུབ་མོ་ལ་སོགས་པའི་རང་བཞིན་དང་བྲལ་བས་སྒྲ་ལ་སོགས་པ་བཞིན་ནོ། །ཁ་དོག་སྔོན་པོའི་གཟུགས་ལ་སོགས་པ་

ལས་ཐ་དད་པ་སོ་སོར་སྣང་བར་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །སྤྱི་ལ་སོགས་པའི་ཚད་མ་རྣམ་པ་གཉིས་ཀྱི་གཏན་ཚིགས་ལ་མ་ངེས་པ་མ་ཡིན་ཏེ། དེ་དག་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་དུ་སྔར་བསྒྲུབས་ཟིན་པའི་ཕྱིར་རོ། །ཐམས་ཅད་བསྡུས་ནས་ཁྱབ་པ་ཉིད་དུ་སྒྲུབ་

པའི་གཏན་ཚིགས་ཀྱི་ཁྱད་པར་བསྟན་པ་ཡིན་ནོ། །ཡང་ན་གལ་ཏེ་མིག་དང་རེག་བྱའི་ཤེས་པ་དག་གིས་ཐ་མི་དད་པའི་རྫས་ཉིད་ཡུལ་མ་ཡིན་ཏེ། ཐ་དད་པའི་རྣལ་མའི་རྗེས་སུ་བྱེད་པའི་ཕྱིར་སྒྲ་དང་དྲིའི་ཤེས་པ་བཞིན་ནོ། །དེ་བཞིན་དུ་རྫས་ཀྱང་དབང་པོ་གཉིས་ཀྱི་གཟུང་བྱ་ཡིན་

པས་ཞེས་བྱ་བ་དེས་བསལ་བ་ཡིན་ནོ། །ཡུལ་གཅིག་པ་ཉིད་མེད་པར་ཐལ་བར་འགྱུར་བ་གནོད་པ་ཅན་གྱི་ཚད་མ་སྟེ། སྣང་བའི་སྟོབས་ཀྱིས་ཡུལ་ཡོངས་སུ་གཅོད་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པའི་ཁ་དོག་གི་སོ་སོར་སྣང་བ་

ཉིད་དང་རེག་བྱའི་རྣམ་པར་ཤེས་པ་རྩུབ་མོ་ལ་སོགས་པ་སོ་སོར་སྣང་བ་ཉིད་ཀྱི་རང་རིག་པའི་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །དེ་ལྟ་ན་གལ་ཏེ་རྩུབ་མོ་ལ་སོགས་པ་ལ་བརྟེན་པར་བརྗོད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །འོན་ཏེ་རིང་པོ་ལ་སོགས་པའི་རྫས་ཡིན་པ་དེའི་ཚེ་

གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གང་གི་ཕྱིར་མིག་གིས་མཐོང་བའི་རིང་པོ་དང་ཐུང་ངུ་དང་ལྷམ་པ་དང་ཟླུམ་པོ་དག་ཡིན་ནོ། །ཞེས་ལུས་ཀྱི་ཤེས་པས་ཀྱང་མ་མཐོང་བ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་རིང་པོ་ལ་སོགས་པ་ཤེས་པ་ནི་ལུས་ཀྱི་དབང་པོ་ལས་ཤེས་པ་

เล่ม ๑๙๐ · หน้า 80b

མ་ཡིན་ཏེ། དེ་ལྟར་རྟོགས་པ་ཡིན་ན་ཁ་དོག་ཀྱང་དེ་ལ་སྣང་བར་འགྱུར་བའི་ཕྱིར་རོ། །རེག་བྱ་ལ་བརྟེན་པའི་ཤེས་པ་ཉིད་ལ་ཁ་དོག་སྣང་བར་རིགས་པ་མ་ཡིན་ཏེ། དེ་ནི་མིག་གི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །རྩུབ་མོ་ལ་སོགས་པ་ཉིད་ལ་སྣང་བར་ཐལ་བར་འགྱུར་

བ་དེའི་ཕྱིར་གཟུགས་དང་རེག་བྱའི་ཤེས་པའི་རྗེས་སུ་འགྲོ་བའི་ཡིད་ནི་དྲན་པའི་རྣམ་པར་རྟོག་པ་སྟེ། དེ་སྐད་དུ་མིག་དང་ལུས་དག་ཇི་ལྟར་རང་གི་ཡུལ་ཐ་དད་པ་ལ་དམིགས་པ་ལས་གཞན་པ་དེ་དང་ལྷན་ཅིག་རྒྱུ་བ་སྤྱིའི་ཡུལ་ལ་དྲན་པ་ཐ་མི་དད་པའི་ཤེས་པ་ཡིན་ནོ་ཞེས་བཤད་དོ། །ཁྱབ་

པར་བྱེད་པ་དང་འགལ་བ་དམིགས་པ་ཡིན་ནོ། །བྱིས་པའི་བརྗོད་པ་འགའ་ལས་གུས་པ་ཅི་ཞིག་བྱ་སྟེ། འདིར་རེ་ཞིག་བཀག་པ་ནི་གཞག་པ་ཡིན་ནོ། །གཞན་དག་གི་གཟུགས་ལ་སོགས་པས་རྫས་ཐ་དད་པའི་ཕྱིར་དང་། སྣང་བ་དེ་སྔོན་པོ་ལ་སོགས་པ་བཞིན་དུ་ཐ་དད་པར་སྣང་

བ་ཡིན་ཏེ། དབང་པོའི་ཡུལ་གཅིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་ཡིན་ནོ་ཞེས་བྱ་བར་འདོད་པ་ནི་བརྫུན་ཏེ། དེ་བཞིན་དུ་འདི་སྔོན་པོ་དྲི་ཞིབ་མོས་མངར་བའོ། །འདི་རྩུབ་པའོ། །ཞེས་སོ་སོར་སྣང་བ་ཐ་དད་པ་ཞེས་བྱ་བར་སྨོས་སོ། །མངོན་

སུམ་ལ་དོན་སྣང་བ་ཐ་དད་པ་མེད་ཀྱང་འགྱུར་རོ། །གང་ཡིན་ཞེ་ན། དེ་གཟུགས་ལ་སོགས་པ་སྟེ། འདི་དག་འཇིག་རྟེན་ལ་གྲགས་པ་བཤད་པ་ཡིན་ནོ། །དེ་དག་ཡུལ་ཐ་དད་པ་མེད་པ་ཡང་མ་ཡིན་ཏེ། ཐིགས་པ་དང་བཅས་པ་རྣམ་པ་བཅུར་ཡོད་པ་བརྗོད་པའི་ཕྱིར་རོ། །དེ་ལྟར་

ན་དབང་པོ་གཅིག་གིས་གཟུང་བར་བྱ་བ་ཡིན་པ་ཉིད་དུ་ཟིན་ཀྱང་རླུང་དང་ཚ་བའི་རིགས་བྱ་བ་ལ་སོགས་པ་ནི་ཅི་རིགས་པར་འདི་ལན་ཡིན་ནོ། །འདིས་ཀྱང་གཏན་ཚིགས་ལ་ངེས་པ་ཉིད་དུ་བརྗོད་པ་ཡིན་ནོ། །ཆོས་ཅན་དང་འབྲེལ་པར་ཁས་བླངས་སུ་ཟིན་ཀྱང་དབང་པོ་གཅིག་གི་

ཡུལ་ཡིན་པ་ཉིད་དུ་མ་ངེས་པར་བཤད་པ་དང་། འདི་དག་ལ་ཡོད་པ་མ་ཡིན་པས་ཕྱོགས་གཅིག་ལ་མ་གྲུབ་པ་ཡིན་ཏེ། དྲི་མངར་བ་ལ་སོགས་པ་རྫས་འཛིན་པར་བྱེད་པར་དབང་པོ་གང་གིས་ཇི་ལྟར་གཟུང་བར་བྱ་བ་ཡིན། རྫས་དབང་པོ་ཐམས་ཅད་ཀྱིས་ཐལ་བར་འགྱུར་རོ། །

เล่ม ๑๙๐ · หน้า 81a

སྣང་བ་དང་སྔོན་པོ་ལ་སོགས་པ་ཐ་མི་དད་པ་ཁོ་ན་ཡིན་ཏེ། གང་གི་ཕྱིར་སྒྲོན་མ་དང་ཉེ་བ་ལས་གསལ་བའི་ངོ་བོ་ཉིད་ཀྱི་རྣམ་པ་དེ་ལྟ་བུའི་རང་བཞིན་གྱི་ཡུལ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་དག་ཐ་དད་པ་ཡོད་པ་མ་ཡིན་པས་དེས་སྒྲུབ་པས་སྟོང་པ་ཡིན་ནོ་ཞེས་བསམས་

པ་ཡིན་ནོ། །ཁྱེད་ཀྱིས་འདི་མངོན་སུམ་ཉིད་དུ་ཁས་བླང་བར་བྱའོ། །དེ་ལྟ་མ་ཡིན་ན་མངོན་སུམ་ཉིད་དུ་མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁྱེད་ཀྱིས་བུམ་པ་འདི་གཟུགས་ལ་སོགས་པ་ལས་ཐ་དད་པར་ཁས་

བླངས་པས་ཅི་འདི་རིན་མེད་པར་འཚོང་བར་བྱེད་དམ། འདིས་ཀྱང་དེ་འཇིག་རྟེན་ཐ་དད་པ་འདི་འདྲ་བར་འགྱུར་རོ་ཞེས་བཤད་དེ། དེའི་རང་གི་ངོ་བོ་ཁྱད་པར་དུ་སྟོན་པར་སོ་སོར་མི་སྣང་བའི་ཕྱིར་རོ། །རང་ཉིད་མངོན་སུམ་དུ་བྱེད་པར་འདོད་པ་ཡིན་ཏེ། རྫས་ནི་མཐོང་བ་དང་

རེག་པ་ཡིན་ནོ་ཞེས་གྲུབ་པའི་མཐའ་ལས་བཤད་པའི་ཕྱིར་རོ། །དེ་ལྟར་བདག་ཉིད་འདི་རྒྱུན་ཏུ་དགའ་བའི་གཉེན་བཤེས་ཀྱིས་ཤེས་པར་འགྱུར་རོ་ཞེས་ཁ་བསྐང་ངོ་། །རིན་མེད་པར་འཚོང་བར་འདོད་པ་ཡོད་པ་ནི་རིན་ལ་འཚོང་བ་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་མེད་པའོ། །

ཡང་ན་འཚོང་བའི་ངང་ཚུལ་ཅན་གང་ཡིན་པ་འདི་ནི་རིན་མེད་པ་དེ་ལྟར་འཚོང་བ་ཡིན་ནོ། །འདི་ཇི་ལྟར་ཡིན་ཞེ་ན། གང་མངོན་སུམ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རིན་མེད་པར་ཡང་རང་ངོ་བོ་འཇོག་པ་ནི་བཞད་གད་དུ་བྱེད་པའོ། །བློ་དགྲ་དག་ཡོད་པས་

གཟུགས་ལ་སོགས་པ་ལྡན་པའི་བུམ་པ་གཅིག་ཡོད་པ་ཉིད་མ་ཡིན་ནམ། འདི་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟར་ཡིན་ཞེ་ན། དེ་དག་གིས་བློ་དང་སྒྲ་ཐ་དད་པ་ཡང་བཤད་པ་ཡིན་ནོ། །ཐམས་ཅད་ཀྱིས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཐ་དད་པ་དང་ཐ་མི་དད་པ་

དང་རྒྱུ་དག་གོ། །གལ་ཏེ་བློ་དང་སྒྲ་ལ་སོགས་པ་དེ་དག་གིས་རྫས་དེ་སྒྲུབ་པར་འདོད་པ་ནི་གྲུབ་པར་རོ། །རྫས་འདི་སོ་སོར་སྣང་བར་གྱུར་དུ་ཟིན་ཀྱང་ལན་ཚྭའི་རོ་རྣམས་ཟིལ་གྱིས་མནན་པའི་ཁཎྜའི་རོ་བཞིན་དུ་ཉེ་བར་མི་རྟོགས་པ་དེས་ན་དེ་སྒྲུབ་པར་བྱེད་པའི་རྟགས་བརྗོད་

เล่ม ๑๙๐ · หน้า 81b

པར་བྱའོ་ཞེ་ན། བཤད་པ། མངོན་སུམ་གྱི་ངོ་བོ་མི་མཐོང་བ་ནི་རིགས་པ་མ་ཡིན་ཏེ། རྫས་གཞན་གྱིས་ཟིལ་གྱིས་མ་མནན་པས་སོ། །ཟིལ་གྱིས་མནན་པ་ཡིན་ན་ནི་རིགས་ཏེ། དཔེར་ན་ཁཎྜའི་རོ་བཞིན་ནོ། །འདིར་ཡང་ཅུང་ཟད་ཅིག་ཟིལ་གྱིས་ནོན་པ་མེད་པའི་

ཕྱིར་རོ། །སྔོན་པོ་ལ་སོགས་པ་རྣམས་ཡོད་དོ་ཞེ་ན། མ་ཡིན་ཏེ། རྫས་དུ་མ་དང་ལྡན་པའི་ཆེན་པོའི་ངོ་བོ་ཉིད་ཉེ་བར་དམིགས་པ་དེ་བཞིན་དུ་གཟུགས་ཀྱིས་འདུས་མ་བྱས་པའི་རླུང་ནི་མི་དམིགས་སོ་ཞེས་བརྗོད་པ་དེ་ཡང་མི་མཐོང་བའི་དེ་དག་ཀྱང་མི་མཐོང་བར་ཐལ་

བར་འགྱུར་རོ། །དེས་ན་ཐམས་ཅད་མི་རྟོགས་པར་འཇིག་རྟེན་གྱི་ཐ་སྙད་འཆད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གང་གིས་ཡན་ལག་ཅན་དེ་མི་རྟོགས་ན་སྒྲུབ་པར་བྱེད་པའི་རྟགས་བརྗོད་པར་བྱ་བའོ། །དེ་དངོས་པོ་སྒྲུབ་པར་བྱེད་པའི་རྟགས་ཁས་བླང་བར་

བྱ་ཞིང་ཉེ་བར་གཟུང་བར་བྱ་བ་ཡིན་ན་དེ་གོ་བར་བྱེད་པའི་རྟགས་ནི་ཅུང་ཟད་ཅིག་ཀྱང་མེད་དོ་ཞེས་དེ་སྐད་དུ་སྔར་བཤད་དོ། །དེ་རྟོགས་པར་བྱེད་པའི་ཚད་མ་ཡོད་ན་དེ་ཡང་ཡོད་པ་ཡིན་ནོ་ཞེ་ན། མངོན་སུམ་ཉིད་མེད་པ་ལ་ཚད་མ་མ་ཡིན་པས་ཡོད་པར་ཁས་བླངས་པར་

རིགས་པ་མ་ཡིན་ནོ་ཞེས་བྱ་བར་སྨོས་སོ། །ཚད་མ་མ་ཡིན་པ་འདིས་མངོན་སུམ་ལས་ཐ་དད་པར་སྒྲུབ་པར་བྱེད་པའི་ཚད་མ་མེད་པར་བཤད་པ་གང་དང་གང་སྒྲུབ་པར་བྱེད་པའི་ཚད་མ་མེད་པ་དེ་དང་དེ་ནི་ཡོད་པར་ཁས་བླང་བར་བྱ་བ་སྟེ། དཔེར་ན་ནམ་མཁའི་པདྨ་བཞིན་

ནོ། །ཡན་ལག་ཅན་ཡང་ཡོད་པར་སྒྲུབ་པར་བྱེད་པའི་ཚད་མ་མེད་པས་ཡོད་པའི་ཐ་སྙད་དུ་བྱེད་པའི་དགག་པའི་འབྲས་བུ་ཅན་གྱིས་མི་དམིགས་པ་ཡིན་པར་དགོངས་སོ། །དེ་ལྟར་རྫས་གཅིག་མེད་པ་རྒྱ་ཆེར་བསྟན་ནས་རྣལ་མའི་མཇུག་བསྡུ་བ་ནི། དེས་ན་ཞེས་

བྱ་བ་ལ་སོགས་པའོ། །དེ་ལྟ་ན་དེ་སྲིད་དུ་ཞེས་བྱ་བ་ནི་རྩ་བའི་སྐབས་ཀྱི་མཇུག་བསྡུ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་བློ་ལ་སོགས་པ་ལྡོག་པ་ནི་མ་ཡིན་པས་མདོ་ལ་སོགས་པ་དེ་དག་ལྡོག་པ་མེད་དོ། །གང་དང་གང་ཡོད་པ་དེ་དག་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ཇི་

เล่ม ๑๙๐ · หน้า 82a

ལྟར་ལྡོག་པར་འགྱུར་ཞིང་དེ་མེད་པར་སྒྲུབ་པར་བྱེད་པར་འདོད་པར་འགྱུར་ཞེས་དགོངས་སོ། །གལ་ཏེ་བློ་ལ་སོགས་པ་ཡོད་པ་དེ་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་སྒྲུབ་པར་མི་བྱེད་ཀྱི་དོན་བྱེད་པ་སྒྲུབ་པར་བྱེད་པར་འགྱུར་རོ་ཞེ་ན་བཤད་པ། དོན་བྱེད་པ་ཡོད་པས་ན་ཐ་

སྙད་དུ་འགྱུར་རོ་ཞེས་བྱའོ། །དེ་རྟོགས་པའི་ཕྱིར་ཡོད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདིས་འུ་བུ་ཅག་ལ་འདིར་མཚུངས་པར་མཐོང་བར་འགྱུར་གྱི་གཞན་དུ་རྩོད་པར་འགྱུར་རོ། །བཤད་པ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཡོད་པའི་ཐ་སྙད་དུ་མི་འགྱུར་རོ། །གཅིག་གིས་

ཀྱང་དོན་དུ་མ་བྱེད་པར་མཐོང་བའི་ཕྱིར་རོ། །འོ་ན་རྐྱེན་གཅིག་གིས་སྐྱེ་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན་དེ་ཇི་ལྟར་དེ་སྐད་བཤད་ཅེ་ན། བདེན་ཏེ། གཅིག་ཀྱང་ཚོགས་པ་མང་པོ་དང་འབྲེལ་པ་འདི་ལས་དོན་དུ་མ་བྱེད་པར་བཤད་པ་ཡིན་ནོ། །དེ་སྐད་དུ། ཚོགས་པ་ལས་ནི་ཐམས་ཅད་འབྱུང་།

གཅིག་ལས་གཅིག་ནི་ཅུང་ཟད་མེད། །ཚོགས་པ་གཅིག་པར་གྱུར་ན་ཡང་། །དེ་ནི་དུ་མ་བྱེད་པར་བཤད། །ཅེས་བཤད་དོ། །ཇི་ལྟ་བུ་ཞེ་ན། དཔེར་ན་མར་མེ་གཅིག་གི་རྣམ་པར་ཤེས་པ་དང་སྡོང་བུའི་རྣམ་པར་འགྱུར་བ་དང་འབར་བ་ཞེས་དངོས་པོ་གཞན་དུ་རྒྱུ་དང་འབྲེལ་པའི་སྐད་

ཅིག་མ་གཞན་སྐྱེ་བ་ཡིན་ཏེ། དེ་ཉིད་ཡོད་པའི་ཐ་སྙད་དུ་བྱེད་པ་ཐ་དད་པའི་དངོས་པོའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་ལྟར་གཅིག་ལས་དུ་མའི་འབྲས་བུ་སྐྱེ་བའི་ཡིན་ནོ་ཞེ་ན། འདི་འདྲ་བའི་གཅིག་པ་ལས་འབྲས་བུ་དུ་བ་བསྐྱེད་པ་ལ་བརྟེན་པ་ཁྱད་པར་དུ་གྱུར་པའི་ངོ་བོ་དང་ལྡན་པར་རང་

གི་རྒྱུ་ལས་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་དངོས་པོའི་ཚུལ་དེ་ཉིད་རིགས་པ་ཡིན་ནོ། །དེ་ལྟར་མིག་ལ་སོགས་པ་དུ་མ་ལས་ཀྱང་རྣམ་པར་ཤེས་པ་གཅིག་བསྐྱེད་པར་མཐོང་བའི་ཕྱིར་རོ། །ཐ་མི་དད་པའི་ཐ་སྙད་དུ་འགྱུར་བའི་རྒྱུ་ནི་འདི་ཡིན་ནོ། །གཟེགས་ཟན་གྱིས་ཕྱིན་ཅི་ལོག་ཏུ་གྱུར་

པའི་བློས་སྨྲས་པ། མི་སྨྲ་བའི་ཞེས་བྱ་བ་ལ་སོགས་པའོ། །འོན་ཀྱང་མ་མཐོང་བའི་དོན་བྱེད་པ་ཐ་དད་པའི་སྒོ་ནས་ཡོད་པ་ཐ་དད་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ཉིད་བསལ་བར་བྱ་བ་ནི་གང་དོན་བྱེད་པར་སྦྲང་རྩིའི་བཟའ་བ་ལ་སོགས་པའི་མཚན་ཉིད་དོ། །དེ་ལ་སྣམ་

เล่ม ๑๙๐ · หน้า 82b

བུ་ལ་སོགས་པ་ལ་མཐོང་བའི་ཡོད་པ་དང་། བུམ་པ་ལ་སོགས་པ་གཞན་དུ་མཐོང་བ་དེས་ནི་རྣམ་པ་དེ་ལྟ་བུ་ཡོད་པ་ཐ་དད་པར་སྒྲུབ་པར་བྱེད་པའོ། །བུམ་པ་ལ་སོགས་པ་དེ་དག་ནི་ཁྱབ་པ་སྨྲ་བ་པ་ཡིན་ནོ། །ཅི་ལྟ་བུ་ཞེ་ན། དཔེར་ན་སྣམ་བུ་ལ་ཆུ་འཛིན་པ་ལ་སོགས་པའི་དོན་

བྱེད་པ་མ་མཐོང་བ་ལ་བུམ་པ་མ་མཐོང་བར་འགྱུར་བ་ནི་ཡོད་པ་ཐ་དད་པ་སྒྲུབ་པར་བྱེད་དོ་ཞེས་སྣལ་མ་དང་སྦྱར་རོ། །འདི་དག་ནི་དཔེར་བརྗོད་པའོ། །སྣལ་མ་དག་ལ་གོས་ལ་སོགས་པའི་དོན་བྱེད་པ་མ་མཐོང་ལ་གཞན་མཐོང་ངོ་ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་ཆོས་ཉེ་བར་བསྟན་པ་

ཡིན་ནོ་ཞེས་བྱ་བ་ནི་ཡོད་པ་ཐ་དད་པ་སྣལ་མ་དང་སྣམ་བུ་མ་གྲུབ་པོ་ཞེས་བྱ་བ་ནི་ལྷག་མའོ། །དེས་ནི་འདི་བསྒྲུབས་པའི་འབྲས་བུར་བཤད་དོ། །འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །གང་གི་ཕྱིར་དེ་མ་མཐོང་བའི་དོན་བྱེད་པའི་རྒྱུས་ཡོད་པ་ཐ་དད་པ་དང་འདིར་རྗེས་སུ་

འབྲེལ་ཏོ་ཞེ་ན། དེས་ནི་འདིའི་སྣལ་མ་སྣམ་བུ་གཞན་ཉིད་དུ་གྲུབ་མོད་ཀྱི། ཡན་ལག་ཅན་དོན་གཞན་དུ་གྲུབ་པ་མ་ཡིན་ནོ་སྙམ་དུ་སློབ་དཔོན་གྱིས་དགོངས་ནས། དེ་ལྟར་གྲུབ་པ་ཡིན་མོད་ཅེས་བྱ་བ་སྨོས་ཏེ། སྣལ་མ་དང་སྣམ་བུ་ཡོད་པ་ཐ་དད་པ་ཞེས་བྱ་བ་སྣལ་མའོ། །ཁྱེད་ལ་

འདོད་པའི་དོན་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་ནས་བཤད་པ། དེ་ལྟར་དོན་གཞན་པའི་ཡན་ལག་ཅན་བསྒྲུབ་པ་མ་ཡིན་ཏེ། འདི་ཅིའི་ཕྱིར་ཞེ་ན། དཔེར་ན་རྐྱེན་གྱིས་འདི་འདུས་བྱས་པའི་རང་བཞིན་ལ་ཐ་དད་པ་སྐྱེད་པའི་ཕྱིར་རོ། །རྒྱུས་དོན་བྱེད་པར་ཐ་དད་པ་གོས་

ལ་སོགས་པའི་མཚན་ཉིད་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། སྣལ་མ་བསྡོམས་པར་བྱ་བ་ཉེ་བར་ལེན་པའི་རྒྱུར་གྱུར་པ་ཐ་ག་ལ་སོགས་པའི་ལྷན་ཅིག་བྱེད་པའི་རྐྱེན་ལས་ཁྱད་པར་ཅན་གྱི་དབྱིབས་རྒྱུན་མི་འཆད་པ་སྣལ་མ་ལས་སྐྱེའོ། །གོས་ལ་སོགས་པའི་དོན་

བྱེད་པ་ལ་ཉེ་བར་སྦྱོར་བ་གང་ཡིན་པ་དེ་ནི་སྔ་མ་ལས་སྣམ་བུ་གཞན་ཉིད་དུ་ཁོ་བོ་ཅག་འདོད་པ་ཡིན་ནོ། །ཁྱད་པར་ཅན་གྱི་དབྱིབས་རྒྱུན་མི་འཆད་པ་ནི་མ་ཡིན་པས་དོན་གཞན་ལ་ཡན་ལག་ཅན་དུ་འདོད་པ་འདི་སྤངས་པ་ཡིན་ལ། འདིས་ནི་རྣམ་ཕུག་པའི་སྔ་མ་དང་ཕྱི་མར་

เล่ม ๑๙๐ · หน้า 83a

འཇུག་པ་ཉིད་ལ་སོགས་པ་བཤད་པ་དེ་ཡང་བསལ་བ་ཡིན་ནོ། །དེའི་སྒྲུབ་པར་བྱེད་པའང་སྤངས་པར་རིག་པར་བྱའོ། །ཁོ་བོ་ཅག་ནི་རྒྱ་ཆེར་བཀག་ཟིན་པས་ཡང་རྗོད་པར་མི་བྱེད་དོ། །ཇི་ལྟ་བུ་ཡིན་ཞེ་ན། རྐྱེན་གྱི་དབང་གིས་རང་བཞིན་ཁྱད་པར་

ཅན་དུ་སྐྱེད་པའི་དོན་བྱེད་པ་ཐ་དད་པ་ཡིན་ནོ་སྙམ་ནས་བཤད་པ། གཙུབ་ཤིང་གིས་གཙུབས་པའི་གནས་སྐབས་ཐ་དད་པ་ལས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཔེ་བསྟན་ནས་དོན་བསྟན་པ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྐྱེན་ཇི་ལྟ་བ་

བཞིན་རང་བཞིན་ཐ་དད་པའི་དོན་གཅིག་སྐྱེད་པར་བྱེད་དོ། །འོ་ན་སྣལ་མ་དང་སྣམ་བུ་ཞེས་བྱ་བ་སྨོས་ཏེ། བློ་དང་སྒྲ་ཐ་དད་པ་ལས་ཇི་ལྟར་འདི་གཞན་པ་ཉིད་མེད་པ་ཡིན་ཞེ་ན། དེ་དགག་པར་བྱའོ་སྙམ་དུ་དགོངས་ནས་བཤད་པ་དེ་དག་གིས་ནི་བློ་དང་སྒྲ་ཐ་དད་པ་ཡང་བཤད་པ་

ཡིན་ནོ་ཞེས་བྱ་བའོ། །དེ་ལ་སྔར་གང་བཤད་པ་དེ་ལྟར་གནས་པ་དེའི་ཕྱིར་ཡོད་པ་ཐ་སྙད་གྲུབ་པར་གྱུར་པ་ལྡོག་པ་ནི་དོན་བྱེད་པ་ལྡོག་པའི་ཐ་སྙད་དུ་བྱ་བ་ཡོད་པ་ཡིན་ནོ་ཞེ་ན། འདི་ནི་བདེན་ཏེ། དེ་ཙམ་ཞིག་སྨའི། དེ་ཉིད་དོན་བྱེད་པ་ལོག་པ་ཡིན་ཏེ། དམིགས་པའི་རིག་བྱར་

མ་གྱུར་པ་དག་གིས་ནི་འགྲུབ་པར་མི་འགྱུར་རོ། །འདི་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་གང་ཡིན་པ་མི་འདོད་པ་དེ་ནི་དོན་ནུས་པའི་ཡོད་པར་མི་འགྱུར་བ་ཞིག་ན། ཁྱེད་ཀྱིས་ཇི་ལྟར་རྟོགས་པར་འགྱུར། མི་དམིགས་པ་ཙམ་ནི་བརྗོད་པར་མི་རིགས་ཏེ།

དེ་འཁྲུལ་པའི་ཕྱིར་དེ་ནི་མི་འདོད་པ་ཡང་འོང་བར་འགྱུར་རོ། །ཁྱོད་ཀྱིས་དོན་བྱེད་པ་འདི་དམིགས་པའི་རིག་བྱར་གྱུར་པ་དང་ཡོད་པ་ལས་མི་དམིགས་པ་གང་ཡིན་པ་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། ཅི་ཞེ་ན། ཡོད་པ་ཞེས་བྱ་བ་ནུས་པའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་

ཡིན་ན་སྐྱོན་ཅི་ཡོད་ཅེ་ན། བཤད་པ་དེ་ལྟ་ན་ཡང་ཁོ་བོས་བརྗོད་པ་སྔ་མ་ལས་འདི་ཁྱད་པར་ཅི་ཡོད། དེ་དམིགས་པར་བྱ་བ་མ་དམིགས་པའི་ཕྱིར་ནུས་པ་འདི་མ་དམིགས་སོ་ཞེས་བྱ་བ་ཁྱེད་ཀྱིས་བཏགས་པ་ཡིན་ནོ། །དེའི་རང་བཞིན་མི་དམིགས་པར་འདོད་པར་གྱུར་ཀྱང་གང་

เล่ม ๑๙๐ · หน้า 83b

གི་ནུས་པ་ཡིན་ཞེ་ན། དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་དེའི་ནུས་པ་མི་དམིགས་པ་གང་ཡིན་པ་དེ་ནི་རང་བཞིན་ཁོ་ན་ཡིན་ནོ། །དེའི་ཕྱིར་སྔ་མའི་རང་བཞིན་མི་དམིགས་པ་འདི་ནུས་པ་མི་དམིགས་པས་སོ། །དེ་བས་ན་སྣང་དུ་རུང་བ་མི་དམིགས་པ་ཉིད་མེད་པའི་ཐ་

སྙད་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་འདི་གནས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་འདིས་དགོས་པ་འགའ་ཞིག་གིས་རི་བོང་གི་རྭ་ལ་སོགས་པ་མེད་པའི་ཐ་སྙད་དུ་བྱ་བར་ཁས་ལེན་པ་ནི། སྣང་བ་མི་དམིགས་པས་ཁས་བླང་བར་བྱའོ། །གཞན་དུ་ན་བལྟ་བར་བྱ་བའི་ཐབས་

མེད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེས་ན་མི་དམིགས་པ་དེ་ནི་སྤྱི་དང་ཁྱད་པར་དང་ལྡན་པ་དང་ཡན་ལག་ཅན་གྱི་རྫས་ལ་སོགས་པ་གཞན་ཡང་རྣམ་པ་དེ་ལྟ་བུས་དམིགས་པའི་རིག་བྱར་གྱུར་པར་ཁྱད་པར་མེད་པའི་ཕྱིར་རོ། །སྤྱི་དང་ཁྱད་པར་ལ་སོགས་པ་དེ་

བཞིན་དུ་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྤྱི་དང་བྱེ་བྲག་ལ་སོགས་པ་འདི་ལྟ་བུའི་མི་དམིགས་པ་ཡིན་ཡང་མེད་པའི་ཐ་སྙད་ཀྱི་ཡུལ་དུ་མི་འགྱུར་རོ་ཞེ་ན། བཤད་པ་འགའ་ཞིག་ཏུ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་མེད་པའི་ཐ་སྙད་བྱ་བར་

ཁས་བླང་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་མེད་པའི་ཕྱིར་རོ། །འདིར་མི་དམིགས་པ་གཉི་གའི་དོན་ལ་ཡང་མི་དམིགས་པ་དེའི་རྒྱུ་མཚན་མཚུངས་པའི་གཏན་ཚིགས་ཀྱིས་བསལ་ཏེ་སྤྱི་ལ་སོགས་པ་ལ་ཁས་བླངས་པ་ལ་ཡང་མེད་པའི་ཐ་སྙད་དུ་བྱའོ། །འོན་

ཏེ་གཞན་དུ་ཡང་ཁས་ལེན་ན་མེད་པའི་གཏན་ཚིགས་སུ་ཁྱད་པར་མེད་པའི་ཕྱིར་ཞེས་སྔར་བཤད་པ་ཉིད་ཡིན་ནོ། །འགའ་ཞིག་མེད་པར་ཁས་ལེན་པ་དེའི་མཚན་ཉིད་ལ་ཁྱད་པར་མེད་པར་དྲན་པར་བྱེད་དོ། །དེའི་ཕྱིར་མི་དམིགས་པའི་རྣམ་པ་དེ་ལྟ་བུ་ཐམས་ཅད་ནི་

མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ་ཞེས་བྱ་བས་ཁྱབ་པའོ། །མི་དམིགས་པའི་ཡུལ་དུ་གྲུབ་པའོ། །སེར་སྐྱས་སྒྲ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་གལ་ཏེ་འཇིམ་པའི་གོང་བུ་དང་འོ་མ་དང་ས་ལས་བུམ་པ་དང་ཞོ་དང་མྱུ་གུ་ལ་སོགས་པའི་ནུས་པའི་

เล่ม ๑๙๐ · หน้า 84a

བདག་ཉིད་མེད་པ་ཁོ་ན་ཡིན་ནོ། །དེ་ཇི་ལྟར་དེ་ལས་དེ་དག་སྐྱེ་བར་འགྱུར། རི་བོང་གི་རྭ་དང་རྟའི་རྭ་མེད་པ་ནི་དེ་ལ་སྐྱེ་བ་མེད་དོ། །དེ་ལྟར་ན་འགའ་ཞིག་གི་བུམ་པ་ལ་སོགས་པ་ལའོ། །འགའ་ཞིག་ཏུ་ནི་ཡུལ་ལ་སོགས་པའོ། །རྣམ་པ་འགའ་ཞིག་ནི་དབྱིབས་

ཀྱི་ཁྱད་པར་ལ་སོགས་པ་སྣང་དུ་རུང་བའི་ཡོད་པའི་མི་དམིགས་སུ་ཟིན་ཀྱང་མེད་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ནོ་ཞེས་དེ་དག་གི་དོགས་པས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། རྩྭ་མཆོག་རྩེ་ལ་གླང་ཆེན་བརྒྱ། །སྔོན་ཆད་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་

ལས་གཞན། །ངོ་མཚར་བཅས་པས་སུ་བརྗོད་རྩོལ། །ཞེས་དགོངས་ནས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་མ་མཐོང་བ་དེ་ལ་ཡོད་པ་ཡིན་པ་དེའི་ཚེ་ཐམས་ཅད་ནི་འོ་མ་ལ་སོགས་པའོ། །ཐམས་ཅད་ནི་བུམ་པ་ལ་སོགས་པའི་ངོ་བོའི་རྗེས་སུ་བྱེད་པའི་ཕྱིར་

དེ་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་འདི་གཞན་ལས་མ་ཡིན་ཏེ། ཞོ་ལ་སོགས་པ་འབྲས་བུར་འདོད་པ་ནི་འོ་མ་ལ་སོགས་པ་ལས་འབྱུང་གི་ཆུ་ལ་སོགས་པ་ལས་མ་ཡིན་ནོ། །ཡང་ན་འདི་ནི་ཆོས་ལ་སོགས་པ་སྟེ་སྦྲང་རྩི་ལ་

སོགས་པ་མ་ཡིན་ནོ། །དེ་བཞིན་དུ་གུར་གུམ་ལ་སོགས་པ་འདི་ནི་ཁ་ཆེ་བའི་ཡུལ་འདི་ནི་ཡིན་གྱི། འདི་མ་ལ་ཡ་ལ་སོགས་པའི་ཡུལ་འདི་མ་ལགས་ཏེ། ཡང་ན་ཙན་དན་ལ་སོགས་པའི་འདི་ནི་མ་ཡིན་ནོ། །ཀུན་ད་ལ་སོགས་པ་དགུན་སྨད་ཀྱི་དུས་འདིའི་ཚེ་ཡིན་གྱི་སོས་ཀའི་

དུས་འདིའི་ཚེ་ན་མ་ཡིན་ནོ། །ཡང་ན་པདྨ་ལ་སོགས་པ་འདིའི་ཚེ་མ་ཡིན་ནོ། །དེ་བཞིན་དུ་ཁཎྜ་ལ་སོགས་པ་མངར་བ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་འདི་ལྟ་བུ་ཡིན་གྱི་འདི་རྩ་བ་ལ་སོགས་པའི་ངོ་བོ་འདི་ལྟ་བུ་ནི་མ་ཡིན་ནོ། །ཡང་ན་འདི་ནི་མ་ལ་ཡ་ལ་སོགས་པ་འདི་ལྟ་བུ་

མ་ཡིན་ནོ་ཞེས་བཤད་པར་བྱའོ། །ཅིའི་ཕྱིར་འདི་དག་དེ་ལྟ་བུ་ཡིན་ཞེ་ན། འགའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དེ་ལྟ་བུ་མངར་བའི་ངོ་བོ་འདི་མེད་པ་ཡིན་ནོ། །ཐ་དད་པའི་དངོས་པོ་གང་ཡིན་པ་དེའི་རྒྱུ་མེད་པའི་ཕྱིར་རོ། །ཐམས་ཅད་དུ་ཐམས་ཅད་

เล่ม ๑๙๐ · หน้า 84b

ངོ་བོ་རྣམས་ཀྱི་ཐམས་ཅད་ཀྱི་ཚེ་འདི་ལ་འཇུག་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །འོ་ན་དེ་མ་ཐག་ཏུ་བཤད་པའི་དངོས་པོ་ཉིད་འདི་ནི་ཐམས་ཅད་ཀྱི་ཚེ་དོན་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་དེ་མ་ཐག་ཏུ་བཤད་པའི་དངོས་པོ་ཉིད་འདི་འདིར་ཅི་ཞིག་བྱ། འདི་དག་བཏགས་པ་ལ་འཐག་པས་

ཆོག་གོ་ཞེ་ན། བདེན་ཏེ། རྒྱུར་གྱུར་པའི་བྱེད་པ་སྔར་བཤད་ནས། ད་ནི་འབྲས་བུར་གྱུར་པ་ཁྱད་པར་ཡིན་པས་སྐྱོན་མེད་དོ། །འདི་ཡང་སྐྱོན་གཞན་གྱི་སྒོ་ནས་ཚིག་ལྷག་མ་བསྟན་པ་ཡིན་ནོ། །དེས་ན་དངོས་པོ་ཐ་དད་པ་མེད་པའི་ཕྱིར་གང་ལ་རྗེས་སུ་འགྲོ་བ་དང་འོང་བ་དག་མེད་

པར་འགྱུར་རོ་ཞེས་སྦྱར་རོ། །འདི་འདིར་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་འགྲོ་བའོ། །མེད་དོ་ཞེས་བྱ་བ་ནི་ལྡོག་པའོ། །གཞན་གྱིས་སྨྲས་པ། གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྟེ་འདི་སྐད་སྟོན་པ་ཡིན་ཏེ། གང་དང་གང་ལ་འཇུག་པ་དེ་དང་དེ་ནི་དེ་ལ་ཡོད་པ་ཡིན་ནོ་

ཞེས་བྱ་བས་ཁ་བསྐང་སྟེ། གང་དང་གང་འཇུག་པ་དེ་ནི་དེ་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་སྐྱོན་མ་ཡིན་ནོ། །སློབ་དཔོན་གྱིས་དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་གནས་སྐབས་ལྡོག་པར་ཐ་དད་པར་མི་འགྱུར་རོ་ཞེས་བྱ་བ་ཁྱེད་ཅག་གི་ལྟ་བ་ལྟར་མ་ཡིན་ཏེ། ཅིའི་ཕྱིར་

ཞེ་ན། ཡུལ་ཐམས་ཅད་ལ་ཡོད་པའི་ཐ་སྙད་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཡུལ་འགའ་ཞིག་ལ་མེད་པའི་ཐ་སྙད་དུ་འདོད་དེ་དེའི་ཚེ་དེའི་རྒྱུ་རྣམས་ཁྱེད་ཀྱིས་བརྗོད་དགོས་སོ་སྙམ་ནས། འགའ་ཞིག་ཅེས་བྱ་བ་སྨོས་སོ། །འགའ་ཞིག་ལ་གཞན་གྱིས་ཡོངས་སུ་བརྟགས་པའི་

ལྡོག་པ་འདིས་ཡན་ལག་ཅན་ལ་སོགས་པ་ལ་མེད་པའི་ཐ་སྙད་དུ་ཁས་བླང་བར་བྱའོ། །ཡུལ་འགའ་ཞིག་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཚེ་དམིགས་པ་ལས་གཞན་མེད་པར་རྣམ་པར་གཅོད་པའི་གཏན་ཚིགས་ནི་ཡོད་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པ་

ཞེས་བྱ་བ་ལྷག་མའོ། །དེ་ཡང་ཁྱེད་འདོད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཚེ་དེ་ལྟར་སྒྲུབ་པའི་དངོས་པོ་ནི་འགལ་བ་དམིགས་པ་ལ་སོགས་པའོ། །དགག་པ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ལ་སོགས་པའོ། །རྣམ་པར་གཅོད་པ་ནི་

เล่ม ๑๙๐ · หน้า 85a

ཐམས་ཅད་དུ་ཡང་མི་དམིགས་པ་ཁོ་ནས་སྒྲུབ་པར་བྱེད་པའོ། །འོན་ཀྱང་ཁོ་བོ་ཡང་མི་དམིགས་པ་འདི་ཉིད་ལས་རྣམ་པར་གཅོད་པ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ད་འདིར་ཡང་བརྗོད་པར་བྱའོ་ཞེ་ན། བཤད་པ་མ་དམིགས་པ་དེ་གང་ལ་ཡོད་དེ་ཐམས་

ཅད་མེད་པའི་ཐ་སྙད་ཀྱི་ཡུལ་ཞེས་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་དུ་བུམ་པ་ལ་སོགས་པ་ཡང་ཡུལ་གྱི་ཁྱད་པར་འགའ་ཞིག་ཏུ་མེད་པའི་ཐ་སྙད་ཀྱི་ཡུལ་དུ་འགྲུབ་པོ། །རྣམ་པ་དེ་ལྟ་བུ་མི་དམིགས་པ་འདིར་ཡང་མི་དམིགས་

པར་འགྱུར་ན། འགའ་ཞིག་ཏུ་འགའ་ཞིག་མ་དམིགས་སུ་ཟིན་ཀྱང་མེད་པའི་ཐ་སྙད་ཀྱི་ཡུལ་དུ་དེ་མི་འགྱུར་རོ། །ཅི་སྟེ་བརྗོད་ཅེས་དགོངས་སོ། །དེ་ལྟ་མ་ཡིན་ན་ཡན་ལག་ཅན་འདི་ལ་མེད་པའི་ཐ་སྙད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་པོ་གལ་ཏེ་ཚད་མ་ཐམས་ཅད་

ལྡོག་པ་ཞེས་བྱ་བ་ལ་སོགས་པའོ། །མ་དམིགས་པ་ལས་རྣམ་པར་གཅོད་པའི་གཏན་ཚིགས་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་ན་ཡང་འགའ་ཞིག་ཏུ་བུམ་པ་ཡང་མེད་པའི་ཐ་སྙད་ཀྱི་ཡུལ་དུ་མི་འགྱུར་ཏེ། ལུང་དང་རྗེས་སུ་དཔག་པའི་ཚད་མ་ཐམས་ཅད་ལོག་པས་མེད་པའི་ཕྱིར་

རོ་ཞེས་སེམས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ཡང་ཤེས་རབ་ཆེ་ཞིང་མཁས་པས་བསྒྲུབས་པ་ཡིན་ནོ་ཞེས་ཁྱེད་འདོད་དོ། །ཤེས་རབ་ཤིན་ཏུ་གཞོན་པ་ཞེས་བྱ་བ་ལ་སོགས་པ་ནི་བཞད་གད་དོ། །ཚད་མས་རྣམ་པར་གཅོད་པ་ན་ཉོན་མོངས་པ་མི་བཟོད་པ་ནི་ཤེས་རབ་

གཞོན་པའི་རྒྱུ་ཡིན་ནོ། །མི་རིགས་པ་འདིར་ཅི་ཞིག་བཤད། ཁོ་བོ་ཅག་ལ་གང་གིས་ན་བཞད་གད་དུ་བྱེད་ཅེ་ན། གུས་པ་མི་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྩོགས་པའི་སྒྲ་ནི་མཚུངས་པར་ཡོངས་སུ་གཟུང་ངོ་། །འཁྲུལ་པ་ནི་སྔར་བཤད་ཟིན་ཏོ། །སྲོག་

ཆགས་ཐམས་ཅད་ཀྱི་མངོན་སུམ་ལོག་པ་དེ་ལྟ་ན་རྟོགས་པར་འགྱུར་རོ་ཞེ་ན། བཤད་པ་ཐམས་ཅད་ཀྱི་མངོན་པར་ལོག་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མ་གྲུབ་པའི་ཕྱིར་རོ། །བདག་དང་གཞན་དག་གིས་མ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །འདི་ཐམས་ཅད་ཀྱིས་

เล่ม ๑๙๐ · หน้า 85b

མངོན་སུམ་གྱི་ལོག་པ་དེ་ལྟར་ན་རྟོགས་པར་བྱེད་དོ་ཞེ་ན། བདག་ཉིད་ཀྱིས་མངོན་སུམ་ལོག་པས་ཀྱང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཀྱང་གི་སྒྲ་ནི་སྔར་བཤད་པ་འབའ་ཞིག་གིས་མ་ཡིན་པའོ། །ལྡོག་པ་ཁྱད་པར་མེད་པ་ནི་ལྡོག་པ་ཁྱད་པར་མེད་པ་སྟེ། བདག་ཉིད་ཀྱིས་མངོན་

སུམ་ལོག་པ་ཁྱད་པར་མེད་པ་ནི་བདག་ཉིད་མངོན་སུམ་ལོག་པ་ཁྱད་པར་མེད་པ་ཞེས་རིམ་གྱིས་བསྟན་ཏོ། །རྒྱུ་གཞན་མ་ལུས་པ་ཉེ་བ་ཡིན་ཡང་བསྐལ་པ་རྣམ་པ་གསུམ་ལ་བདག་ཉིད་ཀྱིས་མངོན་སུམ་ལྡོག་པ་ཡིན་ལ། བསྐལ་པ་མ་ཡིན་པ་ནི་མེད་པ་གོ་བར་བྱེད་པ་ཡིན་

ནོ་ཞེས་བརྗོད་པ་ན་ཁྱད་པར་མེད་པའི་བསྐལ་པ་བརྗོད་པ་ཡིན་ནོ། །གང་གི་ཕྱིར་ཚད་མ་ཐམས་ཅད་ལྡོག་པ་དག་གིས་མེད་པའི་ཐ་སྙད་ཀྱི་གཏན་ཚིགས་མ་ཡིན་པ་དེའི་ཕྱིར་རང་བཞིན་ཁྱད་པར་ཅན་ནི་བསྐལ་པ་རྣམ་པ་གསུམ་གྱིས་མ་བསྐལ་པའི་དངོས་པོའོ། །ཚད་མ་

དང་ཉེ་བར་གྱུར་པ་མ་ལུས་པ་དང་དེ་ལས་གཞན་དབང་པོ་ལ་སོགས་པའི་རྒྱུ་ལས་བྱུང་བའི་མངོན་སུམ་གྱིས་མེད་པའི་ཐ་སྙད་ངེས་པར་བྱེད་པར་བསྟན་ཏེ་ཡང་དག་པར་སྒྲུབ་པའོ། །ཇི་སྐད་བཤད་པའི་ཚད་མ་དེ་ཉིད་ལོག་པས་དེའི་རང་བཞིན་ཁྱད་པར་ཅན་གྱི་མེད་པ་ཐ་སྙད་རབ་ཏུ་སྒྲུབ་པར་

བྱེད་དོ། །ངེས་པར་གཟུང་བ་ནི་རྗེས་སུ་དཔག་པའི་གོ་བར་བྱེད་པ་ལ་སོགས་པ་དེ་རྣམ་པར་གཅོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ཁྱད་པར་ཅན་གྱི་ཡོད་པའི་རང་བཞིན་གྱིས་སོ། །ཇི་སྐད་བཤད་པའི་ཚད་མ་གང་ཡིན་པ་དེས་ཡོད་པ་འདི་ལ་ཁྱབ་པ་ཡིན་

ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་དེ་འདྲའི་དོན་ཡིན་པ་དེ་ལ་ངེས་པ་དེ་ཡང་ཚད་མ་ལས་འགྱུར་བ་ཡིན་ཏེ། ནུས་པའི་རྒྱུ་ལས་འབྲས་བུ་འཁྲུལ་པ་མེད་པའི་ཕྱིར་རོ། །འདི་ལྟར་ཤིང་དང་ཤ་པ་བཞིན་དུ་དེའི་ཚད་མ་ཁྱབ་པར་བྱེད་པ་ཡིན་པས་དེ་ལྡོག་ན་དེ་ཡང་ལྡོག་པར་

འགྱུར་ཏེ། འདིས་ནི་ཇི་སྐད་བཤད་པའི་མི་དམིགས་པ་ལ་སོགས་པའི་མཇུག་བསྡུ་བ་བཤད་པ་ཡིན་ནོ། །དམིགས་པའི་རིག་བྱར་གྱུར་པ་ཡིན་དུ་ཆུག་ཀྱང་འོ་མ་ལ་སོགས་པ་ལ་ཞོ་ལ་སོགས་པ་མངོན་སུམ་གྱིས་མི་དམིགས་སོ། །འོན་ཀྱང་རྗེས་སུ་དཔག་པ་

เล่ม ๑๙๐ · หน้า 86a

ལ་ནུས་པ་མེད་པ་ལས་མི་སྐྱེ་བ་ཡིན་པ་དེས་ན་དེ་ལྡོག་ཀྱང་མེད་པའི་ཐ་སྙད་ཀྱི་ཡུལ་དུ་དེ་མི་འགྱུར་རོ་ཞེ་ན། མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གིས་གཞན་དམིགས་པ་ཉིད་ཀྱི་རྗེས་སུ་དཔག་པས་འདི་མི་དམིགས་པར་འགྱུར་རོ། །གཞན་མི་

དམིགས་པ་ལས་ཀྱང་ཅི་སྟེ་སྦྱོར་བར་མི་བྱེད་ཅེ་ན་དེའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །དེའི་རང་བཞིན་དམིགས་པའི་རིག་བྱར་གྱུར་པ་གཞན་དུ་གྱུར་པ་ནི་འཕོས་པའོ། །དེའི་དེ་མ་ཐག་ཏུ་མངོན་སུམ་དུ་དེ་མ་གྱུར་པ་མི་རིགས་སོ་

ཞེས་བྱ་བ་ལྷག་མའོ། །འདིས་ནི་མངོན་སུམ་དེ་ཉིད་དེ་མི་དམིགས་པ་ལ་ལྟོས་ནས་གཏན་ཚིགས་འགའ་ཞིག་གིས་མེད་པ་ལ་སོགས་པ་སྒྲུབ་པར་བྱེད་དོ། །སྦྱོར་བ་ཡང་གང་གི་ཚེ་མ་ལུས་པ་ཉེ་བའི་ནུས་པ་དང་འབྲེལ་བའི་རྒྱུ་ཡིན་པ་དེ་ནི་དེའི་ཚེ་འབྱུང་བར་འགྱུར་བ་ཉིད་དང་ལྟོས་པར་མི་

འགྱུར་ཏེ། དཔེར་ན་ནུས་པ་ཐོགས་པ་མེད་པའི་ཚོགས་པའི་རྒྱུ་ལས་བྱུང་བའི་མྱུ་གུ་བཞིན་ནོ། །དེ་བཞིན་དུ་འོ་མ་ལ་སོགས་པའི་གནས་སྐབས་ལ་ཡང་ཇི་སྐད་བཤད་པའི་ཕྱོགས་ཀྱི་ཆོས་དང་ལྡན་པས་ཞོ་ལ་སོགས་པའི་ཡུལ་ལ་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་རང་

བཞིན་གྱི་གཏན་ཚིགས་སོ། །གཉིས་པའི་བསྒྲུབ་བྱ་ལ་ལྟོས་ནས་ཁྱབ་པར་བྱེད་པ་དང་འགལ་བར་དམིགས་པའོ། །རྣམ་པ་གཞན་ཉིད་དུ་དེ་འགྱུར་བས་འདིའི་གཏན་ཚིགས་ཡིན་ནོ། །བཤད་པ་རྣམ་པ་གཞན་དུ་ཡོད་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་དེ་ཉིད་དམིགས་པའི་

རིག་བྱར་གྱུར་པ་མི་འགྱུར་ཏེ། སྔ་མའི་ངོ་བོ་ཉིད་འཕོས་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེའི་ངོ་བོ་རྒྱུན་མི་འཆད་པར་འཇིག་པར་ཐལ་བར་འགྱུར་རོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་སྐྱོན་བསགས་པར་བྱ་སྟེ། གང་གི་ཕྱིར་དངོས་པོ་འདི་མ་སྐྱེས་ཤིང་འཇིག་པ་མེད་པའི་ངོ་བོ་

ཁྱད་པར་འདི་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བཏགས་པའི་ངོ་བོ་གཅིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྫས་གཞན་གྱིས་བར་དུ་ཆོད་པ་དང་རིང་པོ་ན་གནས་པ་དག་ཀྱང་། མངོན་སུམ་དང་མངོན་སུམ་མ་ཡིན་པ་ཉིད་ལ་སོགས་པར་འགྱུར་རོ་ཞེ་ན། བར་དུ་ཆོད་པ་མེད་པ་དང་རིང་པོ་

เล่ม ๑๙๐ · หน้า 86b

མ་ཡིན་པ་དང་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བར་དུ་ཆོད་པ་དང་རིང་པོ་ན་གནས་པ་འདི་ཡོད་པ་མ་ཡིན་པ་ཞེས་བྱ་བར་སྦྱར་རོ། །དཔེ་ལ་ལས་བར་དུ་ཆོད་པ་མེད་པ་དང་རིང་པོ་མ་ཡིན་པ་ནི་གནས་པ་ཞེས་འདོན་ཏོ། །དེ་ལ་བར་དུ་ཆོད་པ་མེད་པ་དང་རིང་པོ་ན་གནས་པ་མ་ཡིན་

པ་ཞེས་དགག་པའི་ཚིག་རེ་རེ་ཞིང་བསྡུ་བ་བྱ་བ་ནས། ཕྱིས་ནི་ཁྱད་པར་གྱི་བསྡུ་བ་བྱའོ། །གཅིག་ཀྱང་སྐྱེས་བུ་འགའ་ཞིག་ལ་ལྟོས་ནས་མངོན་སུམ་མ་ཡིན་པ་ལ་འགལ་བ་མེད་པ་ཉིད་དོ་ཞེ་ན། དེ་ཉིད་ཀྱི་ཞེས་བྱ་བ་སྨོས་སོ། །དེ་ཡང་དམིགས་ཕྱེ་བ་ལ་སོགས་པའི་གནས་

སྐབས་ལ་སོགས་པའི་མངོན་སུམ་དུ་གྱུར་པ། གཞན་ལ་མངོན་སུམ་མ་ཡིན་པས་ཅི་ཞིག་ཉམས་ན། དབང་པོ་ལ་སོགས་པའི་གནས་དེ་ཉིད་ཅེས་བྱ་བ་སྨོས་ཏེ། འདི་དབང་པོ་མ་ཉམས་པ་དེའི་གནས་སྐབས་ཡིན་ཞེས་བྱ་བར་སྦྱར་རོ། །སོགས་པ་སྨོས་པ་ནི་ཡིད་མཁྱེན་པ་ལ་

སྤངས་པ་ཡིན་ནོ། །རེས་འགའ་ཞིག་མངོན་སུམ་པར་གསལ་བའི་དུས་སུ་མངོན་སུམ་ཡིན་པ་དང་། རེས་འགའ་མངོན་པར་མི་གསལ་བའི་ཚེ་མངོན་སུམ་མ་ཡིན་ནོ། །གང་གིས་མངོན་སུམ་དང་མངོན་སུམ་མ་ཡིན་པ་ཉིད་ནི་རེས་འགའ་ནུས་པ་མེད་པས་མི་སྐྱེ་བ་རྗེས་སུ་དཔག་པ་

ཡིན་པ་དང་། རེས་འགའ་གསལ་བའི་གནས་སྐབས་མངོན་སུམ་ཡིན་ནོ། །གང་གིས་དེ་སྐད་དུ་བརྗོད་པ་ལ་འདིར་ཡང་མི་རིགས་པ་ཅི་ཞིག་ཡོད་ཅེ་ན། བཤད་པ། འགའ་ཞིག་ལ་ཁྱད་པར་མེད་ན་ཞོ་ལ་སོགས་པའི་གནས་སྐབས་འདི་དག་མངོན་སུམ་ལ་སོགས་པ་དང་འགལ་

བའི་ཕྱིར་རོ། །ཕན་ཚུན་འགལ་བ་གང་ཡིན་པ་དེ་དག་ཁྱད་པར་མེད་པའི་ཕྱིར་གཅིག་པ་མི་སྲིད་དེ། དཔེར་ན་གྲང་བ་དང་དྲོ་བའི་རེག་བྱ་ལ་སོགས་པ་བཞིན་ནོ། །མངོན་སུམ་པ་ལ་སོགས་པ་དང་ཕན་ཚུན་འགལ་བས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བར་དམིགས་པ་ཡིན་

ནོ། །གཞན་གྱིས་སྨྲས་པ། ཁྱད་པར་མེད་པ་མ་ཡིན་ཏེ་ཞེས་བྱ་བའོ། །གནས་སྐབས་ཀྱི་མཚན་ཉིད་ཁྱད་པར་གཅིག་ལྡོག་པ་ན་གསལ་བའི་གནས་སྐབས་ཀྱི་མཚན་ཉིད་གཞན་སྐྱེ་བ་ཡོད་པ་མ་ཡིན་པས་འོ་མ་དང་ཞོའི་ཐ་སྙད་ཁས་ལེན་པའོ། །འདི་ནི་སྐྱེ་བ་དང་འཇིག་

เล่ม ๑๙๐ · หน้า 87a

པའི་ངོ་བོ་ཁྱད་པར་ལ་སོགས་པ་མ་གྲུབ་པར་སྨྲ་སྟེ། རེ་ཞིག་ཁྱད་པར་འདི་དང་ཁྱད་པར་ལྡན་པ་ཐ་དད་པར་ཁས་མི་ལེན་ཏེ། ཁས་ལེན་པ་ཉིད་ལ་དེའི་གནས་སྐབས་གཞན་དུ་བྱས་པའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་འདི་ཐ་དད་པ་མེད་པ་ཉིད་དེ་ལ་སྐྱོན་འདི་ཡིན་

ནོ་སྙམ་དུ་དོགས་ནས་བཤད་པ། ཁྱད་པར་དེའི་གནས་སྐབས་ཀྱི་མཚན་ཉིད་དེའི་ཁྱད་པར་དང་ལྡན་པའི་གནས་སྐབས་ཀྱི་བདག་ཉིད་དུ་གྱུར་པའི་རྗེས་སུ་འགྲོ་བ་མེད་པ་གཅིག་ཉིད་ལ་ལྡོག་པར་འགྱུར་ན། ཇི་ལྟར་རང་བཞིན་སྣ་ཚོགས་པའི་བདེ་བ་དང་སྡུག་བསྔལ་དག་འདྲེན་

པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །སྦྱོར་བ་ཡང་གང་དང་གང་བདག་ཉིད་དུ་གྱུར་པ་དེ་དང་དེ་ནི་གཅིག་ལྡོག་ན་ལྡོག་པ་ཡིན་པ་འམ་འཇུག་ན་འཇུག་ངེས་པར་འགྱུར་ཏེ། དཔེར་ན་དེའི་བདག་ཉིད་ཁྱད་པར་བཞིན་ནོ། །ཁྱད་པར་དང་ཁྱད་པར་ལྡན་པ་ཡང་བདག་ཉིད་དུ་གྱུར་པ་ཡིན་པས་

ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ། །དེས་ན་གནས་སྐབས་གནས་སྐབས་ཅན་དེ་དག་སྣ་ཚོགས་པ་ཉིད་དུ་འགྱུར་ཏེ། ཕན་ཚུན་འགལ་བའི་ཆོས་ཉེ་བར་གནས་པའི་ཕྱིར་བདེ་བ་དང་སྡུག་བསྔལ་བ་བཞིན་ནོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་ནོ། །ཁྱད་

པར་འདི་རྗེས་འགྲོ་མེད་པ་འམ། ལྡོག་པ་དང་འཇུག་པ་ནི་མ་ཡིན་ཏེ། དེས་ན་སྔ་མའི་སྦྱོར་བ་ནི་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ལ། ཕྱི་མ་ནི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། བཤད་པ་རྗེས་སུ་འགྲོ་བ་དང་བཅས་པས་ཁྱད་པར་འཇུག་པ་དང་ལྡོག་པ་ཡན་ལག་ཏུ་

བྱེད་པ་གཅིག་པ་ལ་འཇུག་པ་དང་ལྡོག་པ་ཅི་ཞིག་ཡོད་དེ། འཇུག་པ་དང་ལྡོག་པ་ནི་ཅི་ཡང་མེད་དེ། ཐམས་ཅད་ཐམས་ཅད་དུ་ཡོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྐྱོན་གསལ་བར་བཤད་པ། གཞན་ཡང་འདི་ལྟར་རང་བཞིན་འགའ་ཞིག་གིས་ཁྱད་པར་དུ་

བཤད་པ་དང་རང་ཉིད་འཇུག་པ་དང་ལྡོག་པ་ཤེས་པ་ཡིན་ན། ཁྱེད་ནི་ཁྱད་པར་གཅིག་ལྡོག་པ་ཁྱད་པར་གཞན་སྐྱེ་བར་ཐ་སྙད་ཐ་དད་པ་ལས་ལེན་ཏོ་ཞེས་བྱ་བར་བརྗོད་དོ། །དེའི་ཚེ་དེ་དག་ཉིད་གཞན་དེ་བཞིན་གཤེགས་པའི་གསུང་ལ་གོམས་པར་བྱས་པའི་དྲི་མ་མེད་

เล่ม ๑๙๐ · หน้า 87b

པའི་བློས་སྨྲ་བ་ན་བཞིན་འཛུམ་པའི་རྗེས་སུ་ཁས་མི་ལེན་ཏམ། གལ་ཏེ་འདི་སྐད་དུ་འགྱུར་ཡང་ཇི་ལྟར་བདག་ནི་འཇུག་པ་ན། ལྡོག་པ་ལྷག་པར་རྗེས་སུ་ཤེས་པ་དེ་བཞིན་དུ་དེས་ཀྱང་རྗེས་སུ་འགྲོ་བ་མེད་པའི་སྐྱེ་བ་འཇིག་པར་ཁས་བླང་བར་བྱེད་པ་ཡིན་ན་ཁོ་བོ་མངོན་པར་

གསལ་བ་དང་མི་མངོན་པ་ཙམ་ལ་ཇི་ལྟ་བུ་ཅི་སྟེ་ཁས་ལེན་པར་བྱེད་ཅེས་གཞན་དག་བརྒྱ་ལ་སྨྲ་བ་ལ་དོགས་ནས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱེད་ཅག་ཡོད་པ་ལ་རྨོངས་པ་བདག་འདིར་རྗེས་སུ་འགྲོ་བར་སྨྲ་བ་དེ་ལ་བརྗོད་པར་བྱ་སྟེ། རྗེས་སུ་འགྲོ་བ་དང་ཞེས་

བྱ་བ་གང་ཡིན། དངོས་པོ་སྐྱེ་བ་དང་འཇིག་པ་དག་ལ་ཞེས་བྱ་བ་འདི་འདུན་པ་ཡིན་ནོ། །གཞན་གྱིས་སྨྲས་པ། འདིར་ཁྱེད་ཀྱིས་བརྗོད་པའི་ནུས་པའི་རྗེས་འགྲོའི་དངོས་པོ་སྐྱེ་བ་དང་འཇིག་པ་དག་ལ་ཡོད་པའོ། །དེའི་རྗེས་སུ་འགྲོ་བ་ཇི་ལྟ་བུ་ཡིན་ཞེ་ན། གང་གི་ཕྱིར་སྐྱེ་

བའི་སྔར་དང་འཇིག་པའི་ཕྱིས་ཀྱང་ཡོད་པའི་ནུས་པ་ནི་གནས་སྐབས་ཅན་གྱི་མཚན་ཉིད་དོ། །གང་གིས་འདི་དག་འདི་ལྟར་ཡིན་པ་དེས་ན་དངོས་པོ་འདི་ཕྱིས་ཡོད་པ་ཐམས་ཅད་དུ་སྐྱེ་བ་ཡིན་ནོ། །འོན་ཀྱང་ནུས་པའི་ངོ་བོ་ལས་ཕྱིས་རྣམ་པར་གནས་པ་ལས་གསལ་བར་

འགྱུར་བའི་ཕྱིར་རོ། །ཐམས་ཅད་ཡིན་ནོ་ཞེས་ཐམས་ཅད་དུ་འཛིན་པས་ཤེས་པར་འགྱུར་རོ། །དེ་བཞིན་དུ་གཅིག་པ་ཡིན་པས་ཕྱིས་ཀྱང་འཇིག་པ་མ་ཡིན་གྱི་འོན་ཀྱང་མི་མངོན་པ་ཡིན་ནོ། །མེད་པ་སྐྱེ་བ་ཡང་མ་ཡིན་ལ་ཡོད་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

སློབ་དཔོན་གྱིས་སྨྲས་པ། གལ་ཏེ་ནུས་པ་དང་བཅས་པ་ཐམས་ཅད་དུ་གསལ་བ་མི་མངོན་པའི་དུས་དང་གསལ་བ་ལས་ཁྱད་པར་མེད་པས་གཅིག་གི་ངོ་བོ་ཁྱད་པར་སྤངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་འདིར་ཁྱད་པར་དང་ལྡན་པ་ཅི་ཞིག་ཡིན། འོ་མ་དང་ཞོ་དང་དར་བ་ལ་

སོགས་པའི་རིམ་པའི་ཐ་སྙད་ཀྱི་རྣམ་པར་དབྱེ་བ་འདི་གང་གིས་བྱས། གྲངས་ཅན་གྱིས་སྨྲས་པ། གལ་ཏེ་གནས་སྐབས་ལྡན་པ་ཡིན་ནོ་ཞེ་ན། སློབ་དཔོན་གྱིས་གནས་སྐབས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནས་སྐབས་གཞན་མི་སྲིད་པས་བྱས་པ་རྣམ་པར་མི་རྟོག་པ་གཉིས་

เล่ม ๑๙๐ · หน้า 88a

ཡིན་ཏེ། ངོ་ཚ་མེད་པའི་རྩོད་པ་ནི་མི་རིགས་སོ། །དེ་ཉིད་དམ་གཞན་ཉིད་ལས་ཕན་ཚུན་སྤངས་པ་ཡིན་ཏེ། གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གསུམ་པ་གསལ་བའི་ཕྱིར་རོ། །གཅིག་པ་ཡིན་པ་ལ་ཉེས་པ་ཅི་ཡོད་ཅེ་ན། གཅིག་པ་གཅིག་པ་ཡིན་པ་དེའི་ཚེ། ཇི་

ལྟར་འདི་གཅིག་ལ་རྣམ་པར་དབྱེ་བ་ཡིན། ཡོད་པའི་རྣམ་པར་དབྱེ་བ་ནི་རང་གི་ངོ་བོ་རིགས་པ་མ་ཡིན་ནོ། །ལྟོས་ནས་ཡིན་ནོ་ཞེ་ན། རྣམ་གྲངས་མེད་པ་ལ་ཞེས་བྱ་བ་སྨོས་སོ། །དེ་ཕན་ཚུན་འགལ་བ་དག་ཇི་ལྟར་རིགས་པར་འགྱུར་བཤད་པ། སྐྱེ་བའི་གནས་སྐབས་དང་། གང་མི་སྐྱེ་བའི་

ནུས་པའོ། །དེ་ལྟ་བུ་ནི་དོན་བྱེད་པའི་ཉེ་བར་མཁོ་བ་ཡིན་གྱི་ནུས་པའི་གནས་སྐབས་ནི་མཁོ་བ་མ་ཡིན་ནོ། །སྦྱོར་བ་ནི་ནུས་པ་ལས་ཀྱང་སྐྱེ་བ་ཡོད་པ་ཡིན་ཏེ། གནས་སྐབས་ལས་ཐ་མི་དད་པའི་ཕྱིར། གནས་སྐབས་ཀྱི་རང་གི་ངོ་བོ་བཞིན་ནོ། །ཡང་ན་གནས་སྐབས་ཀྱི་སྐྱེ་བ་མ་ཡིན་

ཏེ། ནུས་པའི་རང་གི་ངོ་བོ་བཞིན་ནོ། །རང་བཞིན་གྱི་གཏན་ཚིགས་དང་འགལ་བས་ཁྱབ་པ་དམིགས་པའོ། །གནས་སྐབས་ཀྱི་འདི་ཉིད་ཀྱིས་དོན་བྱེད་པ་དང་འབྲེལ་པ་དང་། དོན་བྱེད་པ་མ་འབྲེལ་པ་དང་། ལྡོག་པ་དང་མི་ལྡོག་པ་ལ་སོགས་པ་རྣམས་ལ་རང་བཞིན་གྱི་གཏན་

ཚིགས་དང་འགལ་བས་ཁྱབ་པ་དམིགས་པ་དག་སྦྱར་བར་བྱའོ། །སོགས་པ་སྨོས་པ་ནི་ལྟུང་བ་དང་ཞེས་བྱ་བ་མི་ལྟུང་བ་ལ་སོགས་པ་སྦྱར་རོ། །གཞན་ཡང་གྲངས་ཅན་གྱི་འདོད་པའི་དགོས་པ་ནི། གལ་ཏེ་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་གྲངས་འགའ་ཞིག་གིས་

གནས་སྐབས་ལ་ནུས་པ་གཞན་མ་ཡིན་པས་གཞན་ཉིད་དོ། །དེས་ན་སྐྱེ་བ་ལ་སོགས་པ་འགལ་བ་མེད་དོ། །ཁྱེད་རང་གི་ཕྱོགས་སྲུང་བས་གཡེངས་པའི་བློ་བདག་ཉིད་ཀྱང་བརྗེད་ངས་པ་བསྐྱུངས་པས་ཡིན་ནོ་ཞེས་དགོངས་ནས། བརྗེད་ངས་པའི་ངང་ཚུལ་ཅན་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། གང་གི་ཕྱིར་གཞན་ཡིན་པའི་ཕྱོགས་ལ་སྐྱོན་འདི་མེད་དེ། ཁོ་བོ་ཅག་གིས་བཤད་པ་གཞན་ཉིད་ཀྱི་ཕྱོགས་ཡིན་པས་གཞན་ཉིད་དོ། །འདི་ཡང་གང་ཡིན་ཞེ་ན། དེ་ཉིད་རིམ་གྱིས་བཤད་པར་བྱ་སྟེ། འོན་ཏེ་ནུས་པ་དང་གནས་སྐབས་འདིའི་རྣམ་པར་དབྱེ་བ་གཞན་

เล่ม ๑๙๐ · หน้า 88b

ཉིད་ཡིན་པ་དེའི་ཚེ་འགལ་བ་འགའ་ཡང་མེད་དོ། །དངོས་པོ་རྗེས་སུ་འགྲོ་བ་དང་བཅས་པ་སྐྱེ་བ་དང་འཇིག་པ་དག་ཡིན་ནོ་ཞེས་བྱ་བ་འབའ་ཞིག་ཏུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གང་གི་རྗེས་སུ་འགྲོ་བའི་ནུས་པ་ཉིད་དུ་མངོན་པར་འདོད་པ་དེའི་སྐྱེ་བ་དང་འཇིག་པ་མ་ཡིན་

ཏེ། རྟག་པ་གཅིག་པུ་ཉིད་ཀྱི་རང་བཞིན་དུ་རྣམ་པར་གནས་པའི་ཕྱིར་རོ། །ཡང་ན་གང་ཡིན་པ་དེ་དག་ནི་སྐྱེ་བ་དང་གནས་པའི་འཇིག་པའི་གནས་སྐབས་ཉིད་དུ་མངོན་པར་འདོད་པས་དེའི་རྗེས་སུ་འགྲོ་བ་མ་ཡིན་ནོ། །གཞན་དང་གཞན་མ་ཡིན་པ་སྐྱེ་བ་དང་འཇིག་པ་དག་ནི་གནས་

སྐབས་ཀྱི་ངོ་བོ་མེད་པའི་ཕྱིར་རོ། །ནུས་པ་དང་གསལ་བ་དེ་དག་ལ་ཐ་དད་པ་མེད་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བའི་སེར་སྐྱའོ། །ལན་མེད་པར་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱིས་སོ། །འདིར་རིགས་པ་མེད་པ་ཅི་ཞིག་ཡོད། གང་གིས་ན་དེ་ལྟར་བརྗོད་ཅེ་ན། བཤད་པ། ཐ་

དད་པ་མེད་ཅེས་བྱ་བ་ནི་གཅིག་པར་བརྗོད་པའོ། །ནུས་པ་དང་གསལ་བ་ཐ་དད་པ་དེ་དག་ཅེས་པ་འདི་ཡང་ཐ་དད་པ་བརྟེན་པ་གཞན་པའི་རྒྱུ་མཚན་གྱི་ཐ་སྙད་ཡིན་ནོ། །ཡོད་པ་མ་ཡིན་ཞེས་བྱ་བ་ནི་རྣམ་པར་རྟོག་པས་བཀོད་པ་མ་སྤངས་པའོ། །གཞན་ཡང་ལྡོག་པ་དང་རབ་ཏུ་སྐྱེ་བ་

དག་དང་ལྡོག་པ་མེད་པ་དང་རབ་ཏུ་སྐྱེ་བ་མེད་པར་ཡོད་པ་དང་། དེ་བཞིན་དུ་གནས་པ་དང་མི་གནས་པར་གྱུར་པ་དང་། སོགས་པ་སྨོས་པས་འགྲོ་བ་དང་མི་འགྲོ་བ་ལ་སོགས་པ་ལ་སྦྱར་བར་བྱའོ། །ཁྱེད་ཀྱི་ཐ་དད་པའི་མཚན་ཉིད་འདི་དག་ཇི་ལྟར་རིགས་པ་ཡིན་ཞེ་ན། འདི་ལྟར་

གནས་སྐབས་ཀྱི་ལྡོག་པ་དང་རབ་ཏུ་སྐྱེ་བ་དག་དང་ལྡོག་པ་མེད་པ་དང་། རབ་ཏུ་སྐྱེ་བ་མེད་པ་དང་ལྡན་པའི་ནུས་པ་ཐ་དད་པ་ནི་ཁྱེད་མི་འདོད་པ་དེ་བཞིན་དུ་ནུས་པ་དང་གནས་སྐབས་ཀྱང་ཡིན་ལ་གནས་སྐབས་ཅན་མ་ཡིན་པ་དང་ནུས་པ་ནི་དེ་དག་ལས་གཞན་པ་ཉིད་མི་འདོད་དོ། །

ཅིའི་ཕྱིར་སྣ་ཚོགས་པའི་བདག་ཉིད་ཡིན་ཞེ་ན། བཤད་པ་འདི་དག་ནི་ལྡོག་པ་དང་རབ་ཏུ་སྐྱེ་བ་དང་ལྡོག་པ་མེད་པ་དང་རབ་ཏུ་སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ཐ་དད་པའོ། །འདི་ལྟར་གང་དག་ལྡོག་པ་དང་མི་ལྡོག་པ་ལ་སོགས་པ་དེ་ནི་དེ་ལས་ཐ་དད་པར་འགྱུར་ཏེ། དཔེར་ན་ཤིང་

เล่ม ๑๙๐ · หน้า 89a

ཏ་ལ་དང་ཏ་མ་ལ་སོགས་པར་གྲགས་པ་བཞིན་ནོ། །དེ་དག་དང་བྲལ་བ་ནི་ཐ་དད་པ་མེད་པ་ཡིན་ཏེ་ཞེས་བྱ་བ་ནི་གང་ལྡོག་པ་དང་མི་ལྡོག་པ་ལ་སོགས་པ་ཡིན་ནོ། །འོ་ན་བྱུང་བ་དང་མ་བྱུང་བ་ལས་གྱུར་པ་དང་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་སོ་སོར་

ངེས་པ་འདི་དག་ལྷན་ཅིག་སྐྱེ་བ་དང་། འཇིག་པར་རིག་པར་བྱ་བ་སྟེ། དེ་དག་ཐ་མི་དད་པ་ནི་མ་ཡིན་ན་དེ་དག་དང་མི་འབྲལ་བ་ཐ་དད་པ་ཞེས་བྱ་བ་དེ་ཇི་ལྟར་བཤད་ཅེ་ན། དེ་དག་སྐྱེ་བ་ལ་སོགས་པ་ཐ་དད་པར་འདོད་པའི་ཕྱིར་རོ། །རིམ་པ་ཇི་ལྟ་བ་བཞིན་དུ་དཔེ་གཉིས་བཤད་པ་ནི། དཔེར་

ན་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་གང་གི་ཚེ་ཐ་དད་པ་དང་ཐ་དད་མེད་པའི་མཚན་ཉིད་ལ་བརྟེན་པ་སྔར་ཇི་སྐད་དུ་བཤད་པ་དེའི་ཚེ་ཐ་དད་པ་དང་ཐ་དད་པ་མེད་པའི་རྒྱུའི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་རྣམ་པར་གཞག་པ་མ་ཡིན་ནོ། །ཐམས་ཅད་དུ་ཞེས་བྱ་བ་ནི་

བདེ་བ་ལ་སོགས་པ་དང་སེམས་པ་ཅན་གཞན་ཕན་ཚུན་དུའོ། །བདེ་བ་ལ་སོགས་པ་དང་སེམས་པ་ཅན་ཐ་དད་པར་འགྱུར་ལ་བདེ་བ་ལ་སོགས་པ་སོ་སོར་ཐ་དད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་བདག་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་གྱིའོ། །གཞུང་ལུགས་ལས་

གྲགས་པའི་ཐ་དད་པ་དང་ཐ་མི་དད་པའི་མཚན་ཉིད་བཤད་པ། དེ་བས་ན་འགལ་བ་ཞེས་བྱ་བ་ནི་སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་དེ་མ་ཐག་ཏུ་བཤད་པའོ། །འཇིམ་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི་འཇིམ་པའི་ནོར་བུ་དང་བུམ་པ་དག་ནི་རྟེན་དང་བརྟེན་པ་ཡང་མ་ཡིན་ནོ། །འོན་

ཏེ་དེ་ལྟར་ན་འཇིམ་པའི་བདག་ཉིད་མགྲིན་པ་ལ་སོགས་པ་དབྱིབས་ཀྱི་ཁྱད་པར་འགའ་ཞིག་རྒྱུན་མི་འཆད་པ་ནི་བུམ་པ་ཞེས་བརྗོད་དོ། །འོ་ན་འཇིམ་པའི་རྫས་གཅིག་པ་ཐམས་ཅད་ལ་འདིས་བྱས་པ་དེ་ཇི་ལྟར་ཡིན་ཞེ་ན། ཁམས་གསུམ་པའི་འཇིམ་པའི་བདག་ཉིད་གཅིག་མ་ཡིན་ཏེ་ཞེས་

བྱ་བ་སྨོས་ཏེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རིག་པ་སོ་སོར་སྣང་བ་ཐ་དད་པའི་རྫས་ཀྱི་རང་བཞིན་ཐ་དད་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །ཕན་ཚུན་ཐ་དད་པ་རྣམ་པ་ཉིད་ཀྱི་རྫས་རྣམ་པར་ཤེས་པ་སོ་སོར་སྣང་ངོ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །དེ་བཞིན་དུ་གནས་སྐབས་ཐ་དད་པ་ནི་ཐ་དད་པར་

เล่ม ๑๙๐ · หน้า 89b

གནས་པའི་ཕྱིར་དང་སོ་སོའི་དོན་གྱི་བྱ་བ་བཤད་པ་ནི་ཐ་དད་པའི་སྒོ་ནས་རྫས་ཀྱི་རང་བཞིན་ཐ་དད་པའི་ཕྱིར་རོ། །ཕན་ཚུན་མི་སྲིད་པས་རྒྱུ་དང་འབྲས་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ཀྱང་རྡུལ་དང་མུན་པ་དང་སྙིང་སྟོབས་དང་སེམས་པ་ཅན་ཐ་དད་པར་ཁས་བླངས་པའི་ཕྱིར་རོ། །འདི་དག་

ཉིད་རྒྱུར་རིག་པ་ཡིན་ནོ་ཞེས་བརྗོད་དོ། །དེ་ལྟར་ཞེས་བྱ་བ་སྨོས་སོ། །གལ་ཏེ་རྣམ་པར་རིག་པའི་སོ་སོར་སྣང་བ་ཐ་དད་པ་ལ་ཐ་དད་པར་འདོད་དོ། །སེམས་པ་རྣམས་ཞེས་བྱ་བ་ནི་མང་པོའི་ཚིག་སྟེ་སྐྱེས་བུ་ཡིན་ནོ་ཞེས་བྱ་བ་གྲུབ་པའི་མཐའོ། །ཇི་ལྟ་བ་དེ་ལྟར་ཞེས་བྱ་བ་ནི་རྣམ་པར་རིག་པ་

སོ་སོར་སྣང་བ་ཐ་དད་པ་ལ་སོགས་པའོ། །སླར་ཡང་བཤད་པ། ཡོད་ཀྱང་འདི་རྣམ་པར་རིག་པ་སོ་སོར་སྣང་བ་ཐ་དད་པ་ཞེས་བྱ་བ་ལ་སོགས་པའོ། །བདག་ཉིད་འགའ་ཞིག་ཅེས་བྱ་བ་ནི་ནུས་པའི་རྗེས་སུ་འགྲོ་བའི་ཕྱིར་གཅིག་པ་ཉིད་ཀྱི་གནས་སྐབས་ཡིན་ནོ། །སློབ་དཔོན་གྱིས་

སྨྲས་པ། གལ་ཏེ་དེ་ལྟ་ན་བདེ་བ་ལ་སོགས་པ་དང་། སེམས་པ་ཅན་འདི་དག་ཀྱང་ཐ་མི་དད་པར་ཐལ་བར་འགྱུར་ཏེ། བདེ་བ་ལ་སོགས་པ་རྣམས་ཀྱི་ཡོན་ཏན་ཉིད་དང་ཟ་བ་པོ་དང་བྱེད་པ་པོ་གཉིས་ལ་སོགས་པའི་རྗེས་སུ་འགྲོ་བའི་ཕྱིར་རོ། །སེམས་པ་ཅན་ཟ་བ་པོ་དང་བྱེད་པ་པོ་དང་ཡོན་ཏན་ལ་སོགས་

པ་དང་ངོ་། །དེ་བཞིན་བདེ་བ་ལ་སོགས་པ་དང་སེམས་པ་ཅན་ཡང་ཡོད་པ་ཉིད་དང་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་དགོངས་སོ། །སྦྱོར་བ་དག་ཀྱང་སྐྱེས་བུ་དང་བདེ་བ་ལ་སོགས་པ་ཐ་མི་དད་པ་ཡིན་ཏེ། ཕན་ཚུན་རྗེས་སུ་འགྲོ་བ་དང་མི་འགྲོ་བའི་ཕྱིར་ནུས་པ་དང་

གསལ་བ་བཞིན་ནོ། །ནུས་པ་དང་གསལ་བ་ཡང་ཐ་མི་དད་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་མི་འགྲོ་བ་བརྗོད་པའི་ཕྱིར་བདེ་བ་ལ་སོགས་པ་དང་སེམས་པ་ཅན་བཞིན་ནོ། །རང་བཞིན་གྱི་གཏན་ཚིགས་དག་གོ། །འོ་ན་གང་ལ་ཐམས་ཅད་བདག་ཉིད་ཀྱི་རྗེས་སུ་འགྲོ་བ་དེ་ལ་ཐ་

མི་དད་པར་འགྱུར་ཏེ། གང་ལ་བུམ་པ་ལ་སོགས་པའི་ངོ་བོ་འགའ་ཞིག་གིས་མ་ཡིན་གྱི་ཐམས་ཅད་ཀྱི་བདག་ཉིད་དུ་རྗེས་སུ་འགྲོ་བ་དེས་ན་འདི་ལ་སྐྱོན་མེད་ཅེ་ན། བུམ་པ་ལ་སོགས་པ་དག་ཀྱང་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་རྗེས་སུ་འགྲོ་བ་མ་ཡིན་ནོ། །འོན་ཀྱང་ངོ་བོ་

เล่ม ๑๙๐ · หน้า 90a

འགའ་ཞིག་གིས་ཏེ། བདེ་བ་ལ་སོགས་པ་འབའ་ཞིག་ནི་མ་ཡིན་ཞེས་བྱ་བར་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྣ་ཚོགས་ལ་ཡང་ལྷན་ཅིག་སྐྱེ་བ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གནས་སྐབས་ཐམས་ཅད་དང་རྣམ་པ་ཐམས་ཅད་ལ་

རྗེས་སུ་འགྲོ་བ་གཅིག་པ་ཡོད་པར་འགྱུར་རོ། །དེས་ན་སྣ་ཚོགས་པ་ནི་གཟུགས་དང་དྲི་དང་རོ་དག་གི་ཁྱད་པར་མི་ནུས་པ་དང་ཤུགས་དང་སྨིན་པ་མེད་པས་སྣ་ཚོགས་པར་མི་འགྱུར་རོ། །དེ་ལྟར་ན་ཤིང་ལ་སོགས་པ་ལྔ་པ་དང་ལྡན་པ་མེད་པར་ཐལ་བར་འགྱུར་བའམ་ཤིང་ལ་སྣོད་དུ་

ཐལ་བར་འགྱུར་བར་དགོངས་སོ། །ལྷན་ཅིག་སྐྱེ་བ་ནི་གནས་སྐབས་ཐམས་ཅད་ལ་སྦྱར་བར་བྱའོ། །སོགས་པ་སྨོས་པ་ནི་ལྷན་ཅིག་འགག་པ་དང་དོན་བྱེད་པ་སྟེ། བྱེད་པ་དང་འགྱུར་བར་ཁས་བླང་བར་བྱའོ། །སྦྱོར་བ་ཡང་གང་ཁྱད་པར་ཅན་གཟུགས་དང་དྲི་དང་རོ་དང་ནུས་པ་

རྣམས་ཀྱི་དུ་མའི་རྣམ་པར་མི་འགྱུར་བ་དེ་ནི་སྣ་ཚོགས་པའི་ངོ་བོ་མ་ཡིན་ཏེ། དཔེར་ན་བདེ་བ་ལ་སོགས་པའི་བདག་ཉིད་གཅིག་པུ་བཞིན་ནོ། །དེ་བཞིན་དུ་མངོན་པར་འདོད་པའི་གནས་སྐབས་ཀྱང་བཤད་མ་ཐག་པའི་ཆོས་དག་མེད་པས་ཞེས་བྱ་བ་གཏན་ཚིགས་མ་གྲུབ་པ་མ་ཡིན་

ནོ། །གང་དང་གང་ཐ་དད་པ་མེད་པ་དེ་དག་དང་དེ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་ཁྱད་པར་རྣམ་པ་དུ་མར་མི་འགྱུར་ཏེ། དཔེར་ན་དེའི་བདག་ཉིད་བཞིན་ནོ། །མངོན་པར་འདོད་པའི་གནས་སྐབས་ཀྱང་ཐ་དད་པ་མེད་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དང་འགལ་བ་དམིགས་པ་

ཡིན་ནོ། །དེ་བཞིན་དུ་གང་དང་གང་ལས་ཐ་དད་པར་མ་གྱུར་པ་དེ་དང་དེ་ནི་སྐྱེ་བ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་ལ་སོགས་པ་དང་ལྡན་པར་འགྱུར་ཏེ། དཔེར་ན་དེ་ཉིད་རང་གི་ངོ་བོ་བཞིན་ནོ། །གནས་སྐབས་གཞན་དུ་མངོན་པར་འདོད་པ་ཡང་ཐ་མི་དད་པར་འགྱུར་བས་ཞེས་

བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟ་མ་ཡིན་ན་བུམ་པ་འདི་ཞེས་བྱ་བ་གཞན་མ་ཡིན་པ་ཉིད་དུ་མི་རིགས་པའམ། མིང་གི་རྣམ་གྲངས་སུ་འགྱུར་རོ། །དོན་ཐ་དད་པ་ཁས་ལེན་པ་ལ་དེ་ལྟར་བརྗོད་པའི་ཕྱིར་རོ། །སྐྱོན་བསགས་པ་ནི་བུམ་པ་དང་འཇིམ་པའི་བདག་

เล่ม ๑๙๐ · หน้า 90b

ཉིད་ཀྱི་དོན་ཐ་དད་པ་འགའ་ཞིག་མིག་ཕྱེ་ཡང་འདི་བུམ་པ་འཇིམ་པའི་བདག་ཏུ་ཐ་དད་པའི་ཉེ་བར་མཚོན་པ་མེད་དོ། །གང་གི་ཕྱིར་འདི་ལྟར་འདིར་འདི་རབ་ཏུ་སྐྱེ་བར་འགྱུར་ཞེས་བྱ་བར་འགྱུར། འདི་ནི་དེ་ཐ་མི་དད་པའི་མཚན་ཉིད་ནི་ཤིན་ཏུ་མ་འབྲེལ་པར་འགྱུར་རོ་ཞེས་བྱ་བ་

བཤད་དོ། །འོ་ན་བུམ་པ་དང་འཇིམ་པའི་བདག་ཉིད་ཀྱི་གོང་བུ་ངོ་བོ་ཐ་དད་པར་ཉེ་བར་མཚོན་པ་ཡོད་པ་ཉིད་ཡིན་ནོ། །དེ་སྐད་དུ་བཤད་པ་དེ་ཇི་ལྟར་ཡིན་ཞེ་ན། ཡོད་པ་ནི་བདེན་ཏེ། གཞན་བུམ་པ་ལས་ཐ་དད་པར་མི་འདོད་པའི་ཕྱིར་སྐྱོན་མེད་དོ་ཞེས་དགོངས་སོ། །གལ་ཏེ་དེ་

དག་ཐ་དད་པར་ཉེ་བར་མི་མཚོན་པ་དེ་ལྟ་བུ་ཡང་ཅིའི་ཕྱིར་འདི་ལྟར་མི་འགྱུར་རོ་ཞེ་ན། གནས་དང་གནས་པ་དང་རྟེན་དང་བརྟེན་པ་འདི་འཁར་གཞོང་དང་རྒྱ་ཤུག་དག་བཞིན་དུ་ཐ་དད་པར་མི་དམིགས་པར་འགྱུར་བ་ནི་འདིར་འདི་རབ་ཏུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་མི་འགྱུར་རོ། །

འདིས་ནི་འཇིམ་པའི་བདག་ཉིད་དང་བུམ་པ་དེ་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ཏེ། ཐ་དད་པ་ཉེ་བར་མི་མཚོན་པའི་ཕྱིར་རོ། །ཡོད་པ་ལ་སོགས་པ་དེའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ་ཞེས་དགོངས་སོ། །དེ་ལྟར་ན་གང་དང་གང་ལས་རབ་

ཏུ་སྐྱེ་བ་དེ་ནི་དེ་ལས་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་ནི་ཐ་མི་དད་པའི་མཚན་ཉིད་ཀྱིས་མ་བརྗོད་པ་ནི་བཤད་པ། ནུས་པའི་བདག་ཉིད་རབ་ཏུ་སྐྱེ་བ་མ་ཡིན་ཏེ། དེ་ནི་རྟག་པའི་གནས་སྐབས་ཀྱི་གནས་སྐབས་སུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གནས་སྐབས་སུ་མི་འགྱུར་

རོ། །དེ་ལྟར་དེའི་བདག་ཉིད་དུ་ཁས་བླངས་པས་ཐ་མི་དད་པར་མི་འགྱུར་ཏེ། ཐ་མི་དད་པའི་མཚན་ཉིད་མེད་པའི་ཕྱིར་རོ། །འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། དེའི་གསལ་བ་བདེ་བ་དང་སྐྱེས་བུ་ལ་སོགས་པ་རྣམས་ལ་མཚུངས་པའི་ཕྱིར་རོ། །གཞན་ཡང་རང་གི་ལྟ་བའི་

སྐྱོན་གྱིས་གོས་པའི་བློ་ཅན་གྱིས་གྲངས་ཅན་འགའ་ཞིག་འདི་སྐད་དུ་གང་དང་གང་ཡོངས་སུ་གྱུར་པ་དེ་དང་དེ་ལས་ཐ་དད་པ་ཡིན་ཏེ། དཔེར་ན་གསེར་གྱི་རྣ་ཆ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་བཞིན་ནོ་ཞེས་བརྗོད་པ་དེ་ཡང་སྔ་མའི་ཐ་དད་པའི་མཚན་ཉིད་ཀྱིས་ཁྱབ་པ་

เล่ม ๑๙๐ · หน้า 91a

བསྟན་པ་འདིས་བསལ་བ་ཡིན་ནོ་ཞེས་བྱ་བ་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱེད་ཀྱིས་བསྟན་པའི་ཡོངས་སུ་གྱུར་པ་ཡང་མི་རིགས་སོ་ཞེས་དགོངས་པ་དང་ལྡན་པས་སྤང་བར་མཛད་པ་ནི་ཅི་ཞིག་ཅེས་བྱ་བ་ལ་སོགས་པའོ། །ཕ་རོལ་

པོ་ནི་འདིར་བརྗོད་པར་བྱ་བ་ཅི་ཞིག་ཡོད། ཇི་སྲིད་དུ་བཅོམ་ལྡན་འདས་སེར་སྐྱས་བཤད་པ་འདི་བཟང་པོ་ཡིན་ནོ་སྙམ་དུ་བསམས་ནས་སྨྲས་པ། གནས་སྐབས་ཅན་གྱི་རྫས་ལ་ཡོངས་སུ་མ་གྱུར་པ་ནི། དཔེར་ན་གསེར་གྱི་ཆོས་གཞན་དཔུང་རྒྱན་ལོག་ནས་ཆོས་གཞན་རྣ་

རྒྱན་ལ་སོགས་པ་རབ་ཏུ་སྐྱེ་བ་ཡིན་ནོ་ཞེས་སྨྲས་སོ། །སློབ་དཔོན་གྱིས་དེ་ཉིད་ལ་རེ་ཞིག་འདི་འདྲ་བའི་ཤེས་རབ་འཁྲུལ་པ་ཇི་ལྟར་རུང་བ་ཡིན་སྙམ་ནས་ངོ་བོ་ནི་ངོ་མཚར་བ་དང་སྙིང་བརྩེ་བ་ཡིན་ཏེ། དེ་གཞན་གྱི་རྗེས་སུ་ཟློག་པ་སྐྱབས་མེད་པའི་འཇིག་རྟེན་མུན་པས་ཁྱབ་

པ་སྲོག་ཆགས་ལ་ཕན་པར་འདོད་པ་ལས་ཟློག་པ་སུའི་ཉེས་པ་ཡིན། གལ་ཏེ་དེ་ཉིད་བཤད་པ། ཁྱོད་མི་དཔྱོད་པར་འཇུག་གམ་ཞེ་ན། བཤད་པ། ཆོས་གཞན་རྣ་ཆ་ལ་སོགས་པས་གང་ཡིན་པ་དེ་ཟློག་པ་དང་རབ་ཏུ་སྐྱེ་བར་གྱུར་པ་དེ་ཅི་རྫས་དེ་ཉིད་ཀྱི་གནས་སྐབས་ཡིན་ནམ། དེ་

ལས་དོན་གཞན་ཡིན། ཅིའི་ཕྱིར་རྣམ་པར་བརྟགས་པ་གཉིས་ཁོ་ནར་བྱེད་པ་ཡིན་ཞེ་ན། བཤད་པ། རྣམ་པར་བརྟགས་པ་གཞན་མེད་པའི་ཕྱིར་རོ། །གཟུང་བ་མེད་པ་དེ་བཞིན་དུ་འདི་མི་རིགས་སོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་བརྟག་པ་དང་པོ་ལྟར་ཡིན་པ་དེའི་ཚེ་སྐྱོན་ཅི་ཡོད་ཅེ་ན།

གང་གི་ཚེ་ཆོས་གཞན་དེ་ཉིད་དང་དེ་ཉིད་མ་ཡིན་པའི་རྫས་ལ་གནས་པ་ཡིན་པ་དེའི་ཚེ་དེའི་གནས་སྐབས་ལྡོག་པ་དང་རབ་ཏུ་སྐྱེ་བ་མངོན་པར་གསལ་བ་དང་མི་གསལ་བའི་མཚན་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་དེ་དག་གང་ཡིན་པ་ཁྱེད་ཀྱིས་བརྗོད་པར་བྱའོ། །གང་གི་གནས་

སྐབས་ཡིན་པ་དེ་ནི་ལྡོག་པ་དང་རབ་ཏུ་སྐྱེ་བ་མ་ཡིན་ཏེ། དཔེར་ན་གནས་སྐབས་ཅན་གྱི་རྫས་བཞིན་ནོ། །དེ་བཞིན་དུ་དེ་གནས་སྐབས་གཞན་དང་ཆོས་གཞན་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ཏེ། གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ་གང་གི་

เล่ม ๑๙๐ · หน้า 91b

གནས་སྐབས་ཅན་གཞན་མ་ཡིན་པ་དེ་ནི་དེའི་གནས་སྐབས་ཏེ། དཔེར་ན་དེའི་ངོ་བོ་ཉིད་བཞིན་ནོ། །གཞན་མ་ཡིན་པའི་ཆོས་གཞན་ཡིན་པ་དེའི་ཕྱིར་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ། །གཞན་ཡང་གང་གི་གནས་སྐབས་ཅན་ཉིད་ཀྱི་དེའི་རྫས་དེའི་ཆོས་གཞན་ནམ། དེའི་གནས་

སྐབས་དང་རྫས་ཆོས་གཞན་ཡིན་ནོ་ཞེས་བྱ་བ་གྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་དེའི་ཆོས་སུ་མི་འགྱུར་བའི་ཕྱིར་རོ། །དེ་ཉིད་དེའི་ཆོས་གཞན་དུ་གྱུར་པ་ཡིན་ཏེ། དཔེར་ན་བྱས་པ་ཉིད་སྒྲ་ལས་ཐ་མི་དད་ཀྱང་དེ་ལས་ཡིན་ནོ་ཞེ་ན། བཤད་པ། དེ་ཉིད་ལྟོས་པ་མེད་པ་དེ་

ནི་དེ་ལྟོས་པ་ཐ་དད་པས་ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། འདིར་སྒྲ་དེ་ཉིད་བྱས་པ་ལ་སོགས་པ་ལས་ཐ་དད་པའི་ལྡོག་པ་ཡིན་ནོ། །དེ་ཙམ་ཤེས་པར་འདོད་པས་ཐ་དད་པ་གཞན་སྤངས་པའི་སྒྲས་ཆོས་ཉིད་སྟོན་པ་ཡིན་གྱི་འདི་ལ་ནི་ལྟོས་པའི་ཐ་དད་པ་ཡང་མེད་དོ། །དེས་ན་ཇི་

ལྟར་དེ་ཉིད་ཆོས་གཞན་འབྱུང་བར་འགྱུར་རོ། །རྫས་ལས་ཆོས་དོན་གཞན་པའི་ཕྱོགས་ཡིན་ན། དེ་ལྟར་སྐྱོན་ཅི་ཞིག་ཡོད་ཅེ་ན། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་ཆོས་ལྡོག་པ་དང་རབ་ཏུ་སྐྱེ་བ་དག་རྫས་ཀྱིས་ཡོངས་སུ་གྱུར་པ་མ་ཡིན། གང་གི་ཕྱིར་དོན་གཞན་དུ་གྱུར་

པའི་ལྡོག་པ་དང་རབ་ཏུ་སྐྱེ་བ་དག་ནི་དོན་གཞན་གྱིས་ཡོངས་སུ་གྱུར་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དང་ལྡན་པ་ཡང་ཡོངས་སུ་འགྱུར་བ་ནི་མི་འདོད་དོ། །གཙོ་བོ་སྐྱེས་བུ་དག་གཅིག་ཏུ་གྱུར་ནས་བྱེད་པ་པོར་མི་བརྗོད་པའི་ཕྱིར་རོ། །སྦྱོར་བ་ནི་གང་གང་ལས་དོན་གཞན་དུ་གྱུར་པ་

ལྡོག་པ་རབ་ཏུ་སྐྱེ་བ་དེར་རྟོགས་པ་དག་ནི་དེའི་ཡོངས་སུ་གྱུར་པ་ཡིན་ཏེ། དཔེར་ན་སེམས་དང་ལྡན་པ་ལས་ཐ་དད་པའི་རང་བཞིན་གྱི་མྱུ་གུའི་ལྡོག་པ་དང་རབ་ཏུ་སྐྱེ་བ་དང་སེམས་པ་ཅན་བཞིན་ནོ། །རྫས་ལས་ཆོས་གཞན་ཡིན་པས་ཞེས་བྱ་བའི་ཁྱབ་པ་བྱེད་པ་དང་འགལ་བ་དམིགས་

པའོ། །གང་དོན་གཞན་དུ་གྱུར་པ་འགའ་འབྲེལ་པ་མེད་པས་ཀྱང་ལྡོག་པ་དང་རབ་ཏུ་སྐྱེ་བ་དག་གཞན་གྱིས་ཡོངས་སུ་གྱུར་པ་ནི་མ་ཡིན་གྱི་འོན་ཀྱང་དེ་དང་འབྲེལ་པ་ལས་ཡིན་ནོ། །དཔེར་ན་དེའི་མྱུ་གུ་དང་འབྲེལ་པའི་ལྡོག་པ་དང་རབ་ཏུ་སྐྱེ་བའི་ས་བོན་བཞིན་ནོ། །དེས་སྤྱི་སྒྲུབ་ན་གྲུབ་

เล่ม ๑๙๐ · หน้า 92a

པ་ལ་སྒྲུབ་པ་ཡིན་ནོ། །ཆོས་དང་རྫས་འབྲེལ་པའི་ཕྱིར་རོ། །བྱེ་བྲག་ཡིན་ན་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ནོ། །མྱུ་གུ་དང་སེམས་དང་ལྡན་པ་ལ་ལྷན་ཅིག་ཏུ་འབྲེལ་པ་མེད་པའི་ཕྱིར་ཞེ་ན། རྫས་ཀྱི་ཆོས་ཞེས་བྱ་བ་ཡང་སྒྲའི་ཐ་སྙད་མི་འགྲུབ་པོ། །ཅིའི་ཕྱིར་

ཞེ་ན། འབྲེལ་པ་མེད་པའི་ཕྱིར་རོ། །དེ་ལྟར་རྫས་གཞན་དང་འབྲེལ་པའི་ཆོས་འདི་ཡིན་ནོ་ཞེས་བྱ་བ་དེ་ཉིད་ཡོད་པ་མ་ཡིན་ནོ། །དེ་གང་ལས་ཐལ་བར་འགྱུར་བ་ལྡོག་པ་ཡིན་ཞེས་བྱ། དེ་ལྟར་ན་རྫས་ཆོས་འདི་ཉིད་རྟེན་དང་བརྟེན་པའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་པ་དེའི་ཕྱིར་ཡང་

བྱེ་བྲག་གི་གཏན་ཚིགས་གྲུབ་པ་ཡིན་ནོ་ཞེ་ན། རྒྱུ་དང་འབྲེལ་བ་ལས་དངོས་པོའི་འབྲེལ་པ་གཞན་ཡོད་པ་ནི་མ་ཡིན་ཏེ། རྟེན་དང་བརྟེན་པའི་དངོས་པོ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་བྱེ་བྲག་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །ཚད་མ་རྣམ་པར་ངེས་པ་ལས། གཞི་དེ་ལྡོག་

པར་གྱུར་པ་ན། །བདག་ཉིད་དེ་འདྲའི་རྒྱུ་འབྲས་ཡིན། །ཞེས་བྱ་བ་རྫས་ཀྱི་སྐབས་སུ་གཏན་ལ་ཕབ་ཟིན་པར་དགོངས་སོ། །འོན་ཏེ་དེ་དག་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ལ་རག་གོ་ཞེ་ན། རྫས་དང་ཆོས་འདི་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།

རང་ཉིད་དེའི་བདག་ཉིད་མ་ཡིན་པ་དེའི་རྒྱུ་མ་ཡིན་པའི་ཕྱིར་རོ། །གང་གང་གི་རང་བཞིན་ཡིན་པ་དེ་དེའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་དེ་དག་ཁྱེད་ཉིད་ཀྱིས་ཁས་བླངས་པ་ཡིན་ཏེ། དཔེར་ན་རྡུལ་དང་མུན་པ་བཞིན་ནོ། །དེ་ལྟ་ན་ཡང་རྫས་འདི་ཆོས་ཀྱི་རང་བཞིན་དུ་མི་འགྱུར་རོ། །དེ་ཇི་ལྟར་དེའི་

རྒྱུ་ཉིད་ཡིན་པས་ཁས་བླང་བར་བྱའོ་ཞེ་ན་ཁྱབ་པར་བྱེད་པ་མི་དམིགས་པའི་ཐལ་བར་འགྱུར་བ་མ་ཡིན་པར་དགོངས་སོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བསམ་པར་བྱའོ། །དོན་གཞན་ལ་བརྟེན་པའི་ཕྱོགས་ལ་སྐྱོན་བརྗོད་པ་ནས་རྣལ་མའི་དོན་བཤད་པའི་རྫས་ལས་ཆོས་

ཀྱང་དོན་གཞན་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་སྔ་མ་ལས་བཟློག་ནས་སེར་སྐྱའི་དགོངས་པ་གྲངས་ཅན་གྱི་འདོད་པས་བཅོས་ནས་བྱས་པ་ནི་རྫས་དོན་གཞན་མིན་དུ་ཟིན་ཀྱང་ཆོས་ཀྱི་རྒྱུ་ཡིན་པར་འདོད་ན། ཆོས་གཞན་ཞེས་བྱ་བ་སྨོས་ཏེ། རྫས་དོན་གཞན་མིན་དུ་ཟིན་ཀྱང་ཆོས་

เล่ม ๑๙๐ · หน้า 92b

ཀྱི་རྒྱུ་ཡིན་པར་ཁས་ལེན་པ་ནི་ཡིན། དེ་བཞིན་དུ་གཞན་པའི་རྒྱུ་ལས་འབྲས་བུ་སྐྱེད་པར་འགྱུར་རོ། །ཁྱེད་ཀྱང་རྫས་ཉིད་ཡོངས་སུ་གྱུར་པ་ཞེས་བྱ་བར་འདོད་པ་ཡིན་ན། དེ་ལས་ཅིར་འགྱུར་ཞེ་ན། བཤད་པ། གཞན་ཡང་དེ་བཞིན་གཤེགས་པའི་དགོངས་པའི་རྗེས་སུ་འབྲངས་ན་

དེ་འགལ་བ་མེད་དོ། །ཅིའི་ཕྱིར་ཞེ་ན། དེས་ཀྱང་རྫས་བྱ་བའི་རྒྱུ་དང་འབྲས་བུའི་རྒྱུན་ནི་འཇིམ་པའི་གོང་བུའི་རྫས་སྔ་མའི་རྒྱུར་གྱུར་པ་ལས་དོན་གཞན་པའི་འབྲས་བུ་བུམ་པའི་རྫས་ཕྱི་མ་སྐྱེ་བ་ན། འཇིམ་པའི་རྫས་ཡོངས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་དད་པའི་ཐ་སྙད་ཁས་

བླངས་པའི་རྒྱུའི་ཕྱིར་རོ། །གལ་ཏེ་བདག་ཉིད་དུ་གྱུར་པ་གནས་སྐབས་གཉིས་པོ་དག་ཀྱང་ཡོངས་སུ་གྱུར་པ་ཡིན་པར་མི་རིགས་ཀྱི་གནས་སྐབས་འབྱུང་བར་འགྱུར་རོ་ཞེ་ན། བཤད་པ། ཆོས་དང་རྫས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་གཉི་གའི་ལྟར་ཡོངས་སུ་གྱུར་པ་

ཡང་མ་ཡིན་ཞེས་བྱ་བ་མཇུག་བསྡུ་བའོ། །ཐ་དད་པ་མེད་པའི་རྫས་ཀྱི་ཆོས་མ་ཡིན་ཞིང་རྫས་ལས་དོན་གཞན་པ་གཅིག་ཏུ་ངེས་པ་མ་ཡིན་ཏེ། འོན་ཀྱང་རྫས་ཀྱི་བཀོད་པའི་གནས་སྐབས་གཞན་ཡིན་ཏེ། དཔེར་ན་སོར་མོ་དག་གི་དབྱིབས་ཀྱི་བཀོད་པ་ལས་ཁུ་ཚུར་ནི་དེ་ཉིད་དང་གཞན་

ཉིད་དུ་བརྗོད་དུ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལས་སོར་མོ་ཉིད་དབྱེར་མི་བྱེད་པའི་ཁུ་ཚུར་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བརྐྱང་བ་དག་ལ་ཁུ་ཚུར་མེད་པའི་ཕྱིར། དེ་ལྟ་མ་ཡིན་ན་བརྐྱང་བ་དང་ཁྱད་པར་མེད་པའི་ཕྱིར་ཁུ་ཚུར་གྱི་གནས་སྐབས་བཞིན་དུ་ཁུ་ཚུར་ཉིད་དུ་ཐལ་བར་

འགྱུར་རོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་ལྟར་བཅོས་པའོ། །ཁུ་ཚུར་དོན་གཞན་པ་ཡང་མ་ཡིན་ཏེ། སོར་མོ་ལས་ཐ་དད་པའི་རྒྱུ་ནུས་པ་ཐོགས་པ་རྩོལ་བ་ལས་བྱུང་བ་མི་དམིགས་པའི་ཕྱིར་ཞེས་སེར་སྐྱས་རེས་འགའ་དེ་སྐད་སྨྲའོ་ཞེས་འདོད་པའི་དགོས་པ་བསྡུ་བ་ནི་ཐ་དད་མེད་

པ་ཞེས་བྱ་བ་འདི་དག་བསྟན་ཟིན་པའོ། །མ་ཡིན་ཏེ། ཁུ་ཚུར་ནི་སོར་མོ་དག་གི་ཁྱད་པར་གྱི་ཁུ་ཚུར་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ཡིན་ནོ། །འདིས་ནི་སོར་མོ་ཉིད་ཁྱད་པར་མེད་པ་ཁུ་ཚུར་ཡིན་ནོ་ཞེས་པ་ཇི་ལྟར་དཔེར་རིག་པ་ཡིན། འདིར་ཡང་བརྐྱང་པ་དག་ལ་ཁུ་ཚུར་མེད་པའི་ཕྱིར་

เล่ม ๑๙๐ · หน้า 93a

ཞེས་གང་བཤད་པ་དེ་དག་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སོར་མོ་ཉིད་ཁྱད་པར་ཅན་གྱི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་དེ་བཞིན་སྐྱེ་བ་འགའ་ཞིག་ཁུ་ཚུར་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཤད་པ། སོར་མོ་བརྐྱང་བ་ལས་ཁྱད་པར་མེད་པའི་རང་

བཞིན་མ་ཡིན་ཏེ། ཁུ་ཚུར་དང་སོར་མོ་དག་ཅེས་བྱ་བ་ལ་དང་གི་སྒྲ་ནི་དབྱེ་བར་ཤེས་པར་བྱའོ། །ཡང་ན་ཁུ་ཚུར་གྱི་བདག་ཉིད་ཀྱི་སོར་མོ་བརྐྱང་བ་ཡིན། ཁྱད་པར་མེད་པ་ཅན་གྱི་སོ་སོ་ནི་མ་ཡིན་ནོ་ཞེས་བཤད་པར་བྱའོ། །ཅིའི་ཕྱིར་ཞེ་ན། གནས་སྐབས་གཉི་ག་ལ་ཡང་ཡིན་ཏེ། བརྐྱང་བའི་

དངོས་པོའོ། །བརྐྱང་བ་དང་མ་བརྐྱང་བ་གཉི་གའི་གནས་སྐབས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྦྱོར་བ་ཡང་བརྐྱང་བའི་གནས་སྐབས་མ་བརྐྱང་བའི་གནས་སྐབས་རྟོགས་པར་འགྱུར་བའི་ཕྱིར་དང་། སོར་མོ་རྣམས་ཐ་དད་པ་མེད་པའི་ཕྱིར། མ་བརྐྱང་

བའི་གནས་སྐབས་ཉིད་བཞིན་ནོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ། །འདི་ལྟར་མ་བརྐྱང་བའི་གནས་སྐབས་རྟོགས་པར་འགྱུར་བ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་གཉི་ག་ལ་ཡང་གཉི་གར་མ་ཡིན་ནོ་ཞེས་བྱ་བ་ཁྱབ་པར་བྱེད་པ་མི་དམིགས་པའོ། །འོན་ཀྱང་

རྣམ་པ་འགའ་ཞིག་ཐ་དད་པར་གནས་པའི་གནས་སྐབས་ཡིན་པ་དེའི་ཚེ་དེ་ཐ་དད་པའི་སོར་མོ་འམ། དེའི་རང་བཞིན་དུ་གྱུར་པ་ཡིན་ནམ་མ་ཡིན་ཞེས་རྣམ་པར་བརྟག་པ་གཉིས་ཏེ། དང་པོ་སྐྱོན་བརྗོད་པ་ནི་ཐ་དད་པ་དེ་ཉིད་ཀྱི་རང་བཞིན་དུ་གྱུར་པ་དེ་ཉིད་དངོས་པོ་ཐ་དད་པའི་མཚན་ཉིད་ནི་

བདེ་བ་དང་སྡུག་བསྔལ་བ་ལྟ་བུའོ། །གཉིས་པའི་བཤད་པ་གཞན་དུ་གྱུར་པ་ནི་ཁྱད་པར་བསྐྱེད་ན་ཡང་བརྐྱང་བའི་སོར་མོ་ཉིད་དམིགས་པར་འགྱུར་ཏེ། ཁུ་ཚུར་གྱི་གནས་སྐབས་ཀྱི་ཁྱད་པར་ཡིན་ནོ། །གང་ཡིན་ཞེ་ན། གང་གི་ཕྱིར་གང་གི་རང་བཞིན་འཕོ་བ་མེད་པའི་དོན་བཞིན་སྐྱེ་ན་

ནི། རྣམ་པ་གཞན་མི་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་སོར་མོའི་དོན་ལས་གཞན་པའི་གླང་པོའི་ཕྲུ་གུ་སྐྱེ་བ་བཞིན་དུ་དམིགས་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་སྦྱོར་བ་ཡང་གང་གི་རང་བཞིན་འཕོ་བ་མེད་པ་དེའི་དོན་ལས་སྐྱེ་བ་ཡང་གཞན་དུ་དམིགས་པར་འགྱུར་ཏེ། དཔེར་ན་

เล่ม ๑๙๐ · หน้า 93b

རྔ་མོ་དང་གླང་པོའི་སྐྱེ་བ་བཞིན་ནོ། །འཕོ་བ་མེད་པ་རང་གི་རང་བཞིན་ལས་སོར་མོ་ཐ་དད་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དགག་པ་དང་སྒྲུབ་པ་དག་ལ་ཡང་གཏན་ཚིགས་རྣམ་གྲངས་པ་ཡིན་ནོ། །རྒྱུ་འགལ་བ་དམིགས་པ་དང་རྒྱུ་མི་དམིགས་པའོ། །རྫས་ཁོ་ན་ཞེ་ན་བྱ་བ་ལ་སོགས་པ་

ཕ་རོལ་པོའི་འོ། །དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་དེ་སྐད་བཤད་པ་ནི་ངག་གི་དོན་ཏོ། །སློབ་དཔོན་གྱིས་སྨྲས་སུ་ཟིན་ཀྱང་འདི་རིགས་པ་མ་ཡིན་ནོ། །ཇི་ལྟར་རིགས་པ་མ་ཡིན་ཞེ་ན། བཤད་པ། ཡོད་པ་ཉིད་ཀྱི་དངོས་པོ་དེ་ཉིད་དང་གཞན་ཉིད་དང་བྲལ་བའི་རྣམ་པ་གཞན་

ཡོད་པ་མ་ཡིན་ནོ། །གང་དངོས་པོར་འཛིན་པའི་རྣམ་པར་རྟོག་པའི་བཟོས་སྦྱར་བ་གཞན་སེལ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ཡང་གང་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་གཅིག་སྤོང་བ་དང་གཞན་

ལེན་པ་མེད་པ་མི་འབྱུང་བ་དང་གཅིག་ལེན་པ་དང་གཞན་སྤོང་བ་མེད་ན་མི་འབྱུང་བ་ཡིན་ཏེ། དཔེར་ན་དངོས་པོ་དངོས་པོ་མེད་པ་བཞིན་ནོ། །དེ་ཉིད་དམ་གཞན་ཉིད་རྣམ་པ་ཡང་ཇི་སྐད་བཤད་པའི་ཆོས་དང་ལྡན་པས་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སོར་མོ་ཁུ་ཚུར་དེ་

ཉིད་ལས་གཞན་ཉིད་ཀྱི་རྣམ་པ་གཞན་ཡོད་པ་མ་ཡིན་པ་ཉིད་དོ། །སོར་མོ་ཉིད་ཁུ་ཚུར་མ་ཡིན་ཏེ་བརྐྱང་བ་ཉིད་ཁུ་ཚུར་མ་ཡིན་པའི་ཕྱིར་རོ། །དོན་གཞན་ནི་མ་ཡིན་ཏེ། རང་བཞིན་ལོགས་ཤིག་ཏུ་མི་དམིགས་པའི་ཕྱིར་རོ་ཞེ་ན། སོར་མོ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་

མ་རེ་རེ་འགག་པ་གང་ཡིན་པ་དེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་སྐད་ཅིག་མ་ཡིན་པའི་ཕྱིར་རྣམ་པ་འདི་ལྟ་བུ་སྐྱེ་བ་དག་དང་ལྡན་པ་དག་གིས་ཁུ་ཚུར་ལ་སོགས་པ་བརྗོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་དངོས་པོ་འདི་ལ་ཡང་མ་ཡིན་ཏེ། ཁུ་ཚུར་ནི་སོར་

མོ་དག་གི་ཁྱད་པར་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཀྱང་སྐབས་གསལ་བར་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་མ་ཡིན་ན་འདིས་ཅི་ཞིག་བྱ། གལ་ཏེ་དེ་ལྟ་ན་འོ་ན་ཁུ་ཚུར་དང་སོར་མོ་ཞེས་བྱ་བ་སྒྲ་ཐ་དད་པ་ཇི་ལྟར་ཡིན་ཞེ་ན། བཤད་པ། དེ་ལ་ཁུ་ཚུར་ལ་

เล่ม ๑๙๐ · หน้า 94a

སོགས་པའི་སྒྲ་ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་ཏེ་སོར་མོའི་གནས་སྐབས་ཁྱད་པར་ཉིད་ལ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །སོར་མོའི་སྒྲ་ནི་སྤྱིའི་ཡུལ་ཅན་ཡིན་ཏེ། གནས་ཐམས་ཅད་ལ་དེ་བརྗོད་པའི་ཕྱིར་རོ། །རིམ་པ་བཞིན་དུ་དཔེ་གཉིས་བཤད་པ་ནི། ས་

བོན་དང་མྱུ་གུ་ལ་སོགས་པའི་སྒྲ་དང་འབྲུ་ལ་སོགས་པའི་སྒྲ་ལྟ་བུའོ། །དེ་ལྟར་གཞན་གྱི་ཕྱོགས་མ་ལུས་པ་འབྱེད་པར་བྱེད་པ་འམ། གཞན་གྱི་ལ་ལར་ཉེ་བར་བཀོད་པ་མ་ལུས་པ་ལས་རྒྱལ་བར་འདོད་པས་གཞན་གྱི་སྒོ་ནས་རྩོད་པ་ཉེ་བར་བཀོད་པ་ནི། དེ་ལ་གལ་ཏེ་ཞེས་བྱ་བ་ལ་

སོགས་པའོ། །འདིར་བསམ་པ་ནི་འདི་ཡིན་ཏེ། དཔེར་ན་ཏིལ་ལ་མར་ཡོད་པ་མ་ཡིན་ན་ཏིལ་ལ་ཡང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་སྐབས་ཀྱི་རྒྱུ་ལས་འབྲས་བུ་སྐྱེ་བར་འགྱུར་བ་ཡིན་ན། དེའི་ཚེ་ཏིལ་ལས་ཀྱང་མར་སྐྱེ་བར་འགྱུར་རོ། །མེད་པའི་ཕྱིར་ཡང་ན་ཏིལ་ཡང་མ་ཡིན་

ཏེ། དེ་ཉིད་ཀྱི་ཕྱིར་མར་བཞིན་ནོ། །འགའ་ཞིག་མེད་པ་བཞིན་དུ་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་དང་ཁྱད་པར་བྱེད་པ་མི་དམིགས་པ་དང་འདོད་པས་མངོན་པར་འདོད་པའི་ཁྱབ་པར་བྱེད་པ་ཁྱབ་པར་བྱ་བ་དག་སྒྲུབ་པར་བྱེད་པའི་རྣམ་པ་དག་ཡིན་ནོ། །དེས་ན་

འདི་དག་ཐམས་ཅད་བདག་ཉིད་གསང་བའི་ཕྱིར་བྱ་བ་བྱེད་ཁྱེད་ཅག་ཡིན་ནོ་སྙམ་དུ་བསམས་ནས་ཐམས་ཅད་ལ་ཐམས་ཅད་ཡོད་པ་ཉིད་ཡང་སྐྱོན་མཚུངས་པ་མ་ཡིན་ནམ་འགའ་ཞིག་ལ་བྱེ་བྲག་མེད་པ་ཡིན་ནོ། །སྦྱོར་བ་ནི་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་ཁྱེད་ཉིད་ཀྱི་བཞིན་ནོ། །གཏན་

ཚིགས་བཟློག་ནས་སྤྱོད་པ་བྱས་པ་ཡིན་ནོ། །འོན་ཀྱང་འགའ་ཞིག་ཀྱང་བྱེ་བྲག་མེད་པའི་ཕྱིར་ནི། དེས་ན་ཡོད་ཀྱང་ཐམས་ཅད་ལས་ཐམས་ཅད་མི་སྐྱེ་བར་མི་འགྱུར་རོ། །དེའི་ཕྱིར་ཚད་མ་དག་ལས་མི་མཐུན་པའི་ཕྱོགས་བཟློག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཡིན་ནོ་ཞེ་ན། བཤད་པ།

བྱེ་བྲག་ཡོད་པར་བྱ་བ་ཡིན་ན་ཁྱད་པར་དེ་རྡུལ་དང་མུན་པ་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ལས་ཐ་དད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཡོན་ཏན་གསུམ་དེ་ཡོད་དུ་ཟིན་ཀྱང་ཁྱད་པར་གྱི་རྗེས་སུ་འགྲོ་བ་མེད་པའི་རྒྱུའི་ཕྱིར་རོ། །སྦྱོར་བ་ནི་གང་ཡོད་ཀྱང་གང་ཡོད་པའི་རྗེས་སུ་མི་

เล่ม ๑๙๐ · หน้า 94b

འགྲོ་བ་དེ་དང་དེ་ལས་ཤིན་ཏུ་ཐ་དད་པ་ཡིན་ཏེ། དཔེར་ན་སྒྲ་དང་གཟུགས་དང་དྲི་དང་རོ་ལས་སེམས་པ་ཅན་ཡིན་ནོ། །ཡོན་ཏན་གསུམ་གྱི་དངོས་པོ་ཡང་ཁྱད་པར་གྱི་རྗེས་སུ་འགྲོ་བ་མེད་པས་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཁས་བླང་བར་བྱ་བ་དེ་དག་ཉེ་བར་བརྗོད་ནས་ད་ནི་འབྲས་

བུ་ཡོད་པར་སྨྲ་བའི་སྐྱེ་བའི་དོན་ཉིད་ཀྱང་རིགས་པ་མ་ཡིན་ནོ་སྙམ་ནས། ཡོད་པ་ཉིད་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འབྲས་བུ་མངོན་པར་འདོད་པ་མི་སྐྱེ་བ་ཡོད་པ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །གྲུབ་པའི་གནས་སྐབས་བཞིན་ནོ་ཞེས་བྱ་བ་འདི་འགལ་བས་ཁྱབ་པར་

དམིགས་པ་ཡོད་པ་ལ་བསམས་པའོ། །དེ་ལྟ་དེ་ལྟ་མ་ཡིན་ན་སྐྱེས་ཟིན་པ་ཡང་སྐྱེ་བར་ཐལ་བས་ཐུག་པ་མེད་པར་འགྱུར་རོ། །དེ་སྐད་དུ། ཡོད་པ་གལ་ཏེ་སྐྱེས་གྱུར་ན། །སྐྱེས་ཟིན་དངོས་དེ་ཡང་འབྱུང་འགྱུར། །ཞེས་བཤད་དོ། །གཞན་ཡང་སྒྲུབ་པར་བྱེད་པ་དང་། རྒྱུ་དང་ས་བོན་དང་

མེ་དང་ཆུ་ལ་སོགས་པ་འབྲས་བུ་མེད་པར་ཐལ་བར་འགྱུར་རོ། །བསྒྲུབ་པར་བྱ་བ་དང་བྱ་བ་འགའ་ཞིག་ངོ་བོ་ཡང་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ལ་བསྒྲུབ་པར་བྱ་བ་ཅུང་ཟད་ཅིག་ཀྱང་མེད་པ་སྒྲུབ་པར་བྱེད་པའི་འབྲས་བུ་མེད་པ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་ཁྱབ་པར་བྱར་མེད་པ་

བཞིན་ནོ། །རྒྱུར་རྣམ་པར་གཞག་པ་ལ་ཡོད་པའི་འབྲས་བུ་བསྒྲུབ་པར་བྱ་བ་ཅུང་ཟད་ཅིག་ཀྱང་མེད་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདི་གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསམ་པར་བྱའོ། །གང་ལ་ས་གང་ཡང་རུང་བ་འགའ་ཞིག་ཁྱད་པར་དུ་གྱུར་

པ་དེ་ལ་རྒྱུ་གནས་པའི་འབྲས་བུ་ཅི་ཞིག་ལྟར་སྐྱེ་བ་འདོད་ན་འདི་ཁྱད་པར་བཅས་པ་ནི་དེ་ལ་མེད་ན་ཇི་ལྟར་སྐྱེ་བར་འགྱུར། སྐྱེ་བ་ནི་མ་ཡིན་ཏེ། མེད་པའི་ཕྱིར་རོ། །ནམ་མཁའི་ཨུཏྤ་ལ་ལྟ་བུར་འོ་མ་ལ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པར་སེམས་པ་ལ་གཞག་པ་

ཡིན་ནོ། །འོན་ཏེ་དེ་མེད་ཀྱང་ཁྱད་པར་སྐྱེ་བ་ཡིན་ན་དེ་སྐྱེ་བ་མེད་པ་སྐྱེ་བས་མེད་ཀྱང་ཁྱད་པར་ཐམས་ཅད་ཐམས་ཅད་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་བརྒལ་ཞིང་བརྟག་པ་མཚུངས་པ་ཡིན་ནོ། །ཁྱེད་ཀྱི་ཏིལ་ལས་མར་ཁྱད་པར་དུ་སྐྱེ་བ་ཡང་མེད་པའི་ཕྱིར་ཏིལ་གྱི་ཁྱད་པར་བཞིན་དུ་

เล่ม ๑๙๐ · หน้า 95a

འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་གྱི་གཏན་ཚིགས་ཀྱི་ཐལ་བར་འགྱུར་རོ། །གཞན་གྱི་དོགས་པ་བསུ་བ་ནི། གལ་ཏེ་ཁྱད་པར་དེ་ཞེས་བྱ་བ་ལ་སོགས་པའོ། །གང་ལྟར་ཡང་མེད་པ་དེ་ཇི་ལྟར་དེ་ལས་མེད་པའི་རྣམ་པས་སྐྱེ་བར་འགྱུར་ཞེས་བྱ་བ་སྤོང་

པའི་དོན་ཏོ། །སྐྱེ་ན་ཐམས་ཅད་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་བརྒལ་ཞིང་བརྟག་པ་མཚུངས་སོ་ཞེས་སྔར་བཤད་པ་རྣམས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྣམ་པ་ཐམས་ཅད་ཀྱིས་གྲུབ་པའི་ངོ་བོ་ཡིན་པ་དེ་ལྟར་ཡང་ཁྱད་པར་ཡོད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། འདི་ལྟར་རེ་ཞིག་དེ་ཡོད་པ་དང་མེད་པའི་འབྲས་བུ་སྨྲ་བ་ཐམས་ཅད་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་སྐྱོན་མཚུངས་པར་བསྟན་ཟིན་ཏོ། །གཉི་ག་ཡང་རྩོད་པ་མཚུངས་པ་དེ་གཅིག་ལ་བརྗོད་པར་ནི་མི་རིགས་པ་ཡིན་ནོ། །འབྲས་བུ་ཡོད་པར་སྨྲ་བ་ཉིད་ལ་སྐྱེད་པའི་

དོན་དུ་ཅུང་ཟད་ཅིག་ཀྱང་མེད་དོ་ཞེས་སྟོན་ཏོ། །དེས་ན་འདི་ལྷག་པའི་སྐྱོན་ཡིན་ནོ། །དེ་འདི་ལྟར་རེས་འགའ་ཕ་རོལ་པོས་བརྗོད་པ་ནི། འོ་ན་གལ་ཏེ་ཁོ་བོས་དེ་ཡོངས་སུ་མ་སྤངས་ན་ཁྱེད་ཀྱིས་ངེས་པར་གནས་པར་འགྱུར་ན། འགའ་ཞིག་རང་གི་ཕྱོགས་བསྲུང་བ་ནི་ཕ་རོལ་གྱི་ཕྱོགས་ལ་

སྐྱོན་བརྗོད་པས་རང་གི་ཕྱོགས་གནས་པ་ཁ་ན་མ་ཐོ་བ་མེད་པ་རྙེད་པར་འགྱུར་རོ། །སྒྲ་ནི་རྟག་པ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་བདེ་བ་ལ་སོགས་པ་མ་ངེས་པས་དང་པོའི་མི་རྟག་པ་ཉིད་མ་གྲུབ་པ་བཞིན་ནོ་ཞེ་ན། རྒྱུ་ལས་འབྲས་བུ་མེད་པ་ཡང་སྐྱེ་བ་ཡང་གང་ཡང་སྐྱེད་པར་

བྱེད་པའི་རང་བཞིན་ཡིན་ན་དེ་ཉིད་ལས་དེ་སྐྱེད་པ་ཡིན་གྱི་གཞན་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཡང་སྨོས་པ་ནི་སྲིད་པར་རུང་ངོ་། །དོན་འདི་ལ་འདི་མེད་པ་ཉིད་དེ་མར་མེད་དུ་ཟིན་ཀྱང་ཏིལ་རྣམས་ལས་སྐྱེ་བ་ཡིན་ཏེ། དེ་སྐྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །ཏིལ་མར་ནི་གཞན་

ལས་སྐྱེས་པ་མ་ཡིན་ཏེ། ནུས་པ་མ་ཚང་བའི་ཕྱིར་དང་དེའི་ནུས་པ་སོ་སོར་ངེས་པ་ཉིད་ལ་ཇི་ལྟར་ཡིན་ཞེ་ན། བརྒལ་ཞིང་བརྟག་པར་བྱེད་ཅེ་ན། ཇི་ལྟ་བ་ཡིན་པ་དངོས་པོའི་ཉིད་ཀྱིས་ལན་འདེབས་པར་འགྱུར་རོ། །དཔེར་ན་གཙོ་བོ་ལས་ཆེན་པོ་སྟེ། ཆེན་པོ་སྐྱེའི་ང་རྒྱལ་ནི་

เล่ม ๑๙๐ · หน้า 95b

མ་ཡིན། ཆེན་པོ་ལས་ང་རྒྱལ་ཡིན་གྱི་དེ་ཙམ་ལྔ་ནི་མ་ཡིན་ནོ་ཞེས་བྱ་བའི་གཞུང་ལུགས་དེ་ལ་ཁྱེད་ནུས་པ་སོ་སོར་ངེས་པ་ལ་དམིགས་པ་ཉིད་སྐྱབས་ཡིན་ཏེ། གཞན་ལན་གདབ་པའི་ཐབས་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་ཁོ་བོས་ཀྱང་འདི་ཁྭས་ཟོས་པ་མ་ཡིན་པ་དེས་

ན་རིགས་པ་མ་ཡིན་ནོ། །མེད་པར་འགའ་ཞིག་ལ་ཁྱད་པར་མེད་དོ་ཞེས་བྱ་བ་དེ་ནི་མི་རིགས་པའི་ཕྱིར་རོ། །རྒྱུ་ནུས་པ་དང་མི་ནུས་པས་བྱས་པའི་ཕྱིར་འབྲས་བུ་སྐྱེ་བ་དང་མི་སྐྱེ་བ་ཡིན་པ་དེ་བས་ན། སྔར་བཤད་པའི་ཚད་མ་དག་ལ་མི་མཐུན་པའི་ཕྱོགས་ལས་བཟློག་པ་ལས་

ཐེ་ཚོམ་ཟ་བ་སྒྲུབ་པར་བྱེད་པ་དྲི་མ་ཅན་གྱི་གཏན་ཚིགས་སུ་འགྱུར་རོ། །སྐྱེ་བའི་རང་བཞིན་ངེས་པ་དེ་ཡང་དེའི་རྒྱུ་ལས་ཡིན་ནོ། །ཡོད་པ་གང་ལས་སྐྱེས་པ་ཡིན་ཞེ་ན། དེ་ཡང་དེའི་རང་བཞིན་ངེས་པ་ནི་རང་གི་རྒྱུ་ལས་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དེ་ཡང་གང་ལས་ཡིན་ཞེ་ན།

བཤད་པ། དེ་ལྟར་ཐོགས་པ་མེད་པ་ནས་དངོས་པོའི་རང་བཞིན་ངེས་པ་ཡིན་ནོ། །འདི་ཐོག་མ་ཡོད་པ་མ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྒྱུ་དང་འབྲས་བུ་ཐོག་མ་མེད་ནས་ཁས་བླངས་པས་རང་བཞིན་བརྒྱུད་པར་འགྱུར་བ་ལ་ཐུག་པ་མེད་པའི་སྐྱོན་ཅུང་ཟད་ཀྱང་མེད་དེ།

འགྱུར་བྱས་པའི་ལྷག་མའོ། །དེ་ལྟ་མ་ཡིན་ན་བརྟག་པར་མི་བྱ་སྟེ། རྒྱུ་མེད་པར་ཐལ་བར་འགྱུར་བ་དེས་ན། དེ་ཁྱེད་ཀྱི་གནས་མ་ཡིན་པ་ལ་དོགས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་ན་གཞུང་འདི་གཞན་དུ་བཤད་པར་བྱ་སྟེ། རྣམ་གྲངས་མེད་པར་ཡོད་པར་ཁྱད་པར་

དུ་སྐྱེ་བ་ཡོད་པ་དེ་ལྟ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་ན་ཞེས་བརྒལ་ཞིང་བརྟག་པར་མི་བྱ་སྟེ། གང་གང་ལས་སྐྱེས་པ་རང་བཞིན་དེ་ཉིད་ལས་དེ་ཁྱད་པར་དུ་སྐྱེ་བར་འགྱུར་ཏེ། ནུས་པ་སོ་སོར་ངེས་པ་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བ་རང་གི་གྲུབ་པའི་མཐའ་ལ་

ཡིད་ཆེས་པ་བརྗོད་པར་དགོས་པ་ལ་ཁོ་བོའི་ནུས་པ་སོ་སོར་ངེས་པ་ལ་དམིགས་པ་འགའ་ཞིག་གིས་དབྱིག་པས་སྐྱོད་པར་བྱེད་པ་ལ་ནི་མདོ་ཞེས་དགོངས་སོ། །མེད་པ་སྐྱེ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གི་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་ནོ། །སྦྱོར་བ་ནི་གང་དང་

เล่ม ๑๙๐ · หน้า 96a

གང་སྐྱེ་བའི་རྒྱུའི་ནུས་པ་དེ་དང་དེ་ལས་སྐྱེ་བ་ཡོད་པ་ཡིན་ཏེ། དཔེར་ན་ཁྱད་པར་ཕུལ་དུ་བྱུང་བ་བཞིན་ནོ། །འབྲས་བུའི་ཁྱད་པར་ཡང་སྐྱེ་བའི་རྒྱུའི་ནུས་པ་ཡོད་པས་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་དེ་བཞིན་དུ་གང་གང་ལ་སྐྱེ་བའི་རྒྱུའི་ནུས་པ་

མེད་པ་དེ་དང་དེ་ལ་སྐྱེས་པ་ཡོད་པ་མ་ཡིན་ཏེ། དཔེར་ན་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུའོ། །དེ་བཞིན་དུ་འབྲས་བུའི་ཁྱད་པར་དང་རྒྱུའི་ཁྱད་པར་ཡང་སྐྱེ་བའི་རྒྱུའི་ནུས་པ་མེད་པས་ཞེས་བྱ་བ་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཞན་ཡང་རྣམ་གྲངས་པའི་སྒྲུབ་པར་

བྱེད་པའི་རྟགས་ནི་མེད་པའི་རྒྱུ་མ་ཡིན་པའི་ཕྱིར་དང་ཉེ་བར་ལེན་པའི་རྒྱུ་འཛིན་པའི་ཕྱིར་ཐམས་ཅད་ལས་སྲིད་པའི་ཕྱིར་དང་། ནུས་པ་ནི་ནུས་པ་ཅན་གྱི་རྒྱུའི་ཕྱིར་དང་རྒྱུའི་དངོས་པོ་ཡིན་པའི་ཕྱིར་འབྲས་བུ་ཡོད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དོན་མེད་དོ། །བསྒྲུབ་པར་བྱ་བ་

དོན་འགའ་ཞིག་ལ་ཐེ་ཚོམ་དང་ཕྱིན་ཅི་ལོག་པ་དེ་རྣམ་པར་གཅོད་པ་ངེས་པའི་ཤེས་པ་སྐྱེ་བར་འགྱུར་བ་དང་བསྒྲུབ་པ་ཐམས་ཅད་ཀྱི་རྒོལ་བའི་ཚིག་གི་དངོས་པོ་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་དང་སྒྲུབ་པར་བྱེད་པ་གང་ཡིན་པ་དེའི་ངེས་པའི་ཤེས་པ་སྐྱེ་བའི་རྗེས་སུ་མཐུན་པར་འཇུག་

གོ། །གཉི་ག་ཡང་སེར་སྐྱའི་གཞུང་ལ་དེ་མི་སྲིད་པ་ཡིན་ཏེ། འབྲས་བུ་ཡོད་པ་རྣམ་པར་གནས་པ་ལ་སྐྱེ་བ་དང་འཇིག་པ་མི་རིགས་པའི་ཕྱིར་རོ། །འོན་ཏེ་ཡོད་ཀྱང་མི་གསལ་བ་འདི་ངེས་པའི་སྒྲུབ་པར་བྱེད་པ་འདི་ཚིག་ལས་གསལ་ཐབས་གཞན་ཡིན་པས་འབྲས་བུ་མེད་

པ་མ་ཡིན་ནོ་ཞེ་ན། བཤད་པ། ཁྱད་པར་འགའ་ཞིག་གསལ་བར་བྱེད་པའི་མཚན་ཉིད་གང་ཡིན་པ་དེ་ལ་བསྒྲུབ་པར་བྱ་བ་ངེས་པའི་ངོ་བོ་ཡིན་ནོ། །ཅི་ཞིག་ལྟར་མེད་པ་སྐྱེ་བ་སྔར་བཤད་པའི་སྒྲུབ་པར་བྱེད་པའི་ཁྱད་པར་དེ་ལ་ཇི་ལྟར་སྐྱེ་བར་འགྱུར། སྐྱེ་ན་ཡང་ཐམས་

ཅད་ཀྱི་ཁྱད་པར་གྱི་མ་ལུས་པའི་བསྒྲུབ་པར་བྱ་བ་ངེས་པར་མངོན་པར་གསལ་བའི་མཚན་ཉིད་སྒྲུབ་པར་བྱེད་པ་དང་སྒྲུབ་པ་ལྟར་སྣང་བ་གཞན་ཐམས་ཅད་ལས་སྐྱེ་བར་མཚུངས་པ་ཐལ་བར་འགྱུར་རོ། །ཕ་རོལ་པོ་མེ་ལ་སོགས་པའི་རྟོགས་པ་ནི། དུ་བ་ལ་སོགས་

เล่ม ๑๙๐ · หน้า 96b

པའི་གཏན་ཚིགས་ཀྱི་དངོས་པོ་ཡང་འབྲས་བུ་ཡོད་པར་ངེས་པར་མངོན་པར་གསལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །མངོན་པར་གསལ་བར་ཁས་བླངས་ནས་དེ་སྐད་བརྗོད་པ་ཡིན་ནོ། །འོ་ན་འདི་རྣམ་པར་འགྱུར་བའི་ངོ་བོ་དག་ལ་བྱེད་པའི་གནས་དང་ལྷན་ཅིག་པའི་རང་

གི་ངོ་བོའི་མཚན་ཉིད་དང་། ངོ་བོའི་གཞན་སྐྱེ་བའི་མཚན་ཉིད་དེ་དེའི་ཡུལ་ལ་རྣམ་པར་ཤེས་པ་འབྱུང་བ་ཞིག་ཡིན་ན་རང་གི་ངོ་བོ་ནི་འགྱུར་བ་མ་ཡིན་ཏེ། གཞན་པ་ཉིད་དུ་སྒྲུབ་པར་བྱེད་པའི་ནུས་པའི་ཕྱིར་རོ། །རྣམ་པར་འགྱུར་བ་སྔ་མའི་རང་བཞིན་ཞིག་པ་དང་སྔ་མ་མ་ཡིན་པའི་

ངོ་བོ་སྐྱེ་བས་འབྲས་བུ་མེད་པར་སྨྲ་བ་སྒྲུབ་པ་ཡིན་ཏེ། གྱུར་པ་ནི་སྔ་མ་དང་ཕྱི་མའི་ངོ་བོ་འདིར་དང་འཐོབ་པ་མཚན་ཉིད་ཡིན་པའི་ཕྱིར་རོ། །སེམས་ཅན་ནི་གཅིག་པའི་ཕྱིར་གཞན་ནི་དེའི་ཤེས་པའི་ཡུལ་དུ་མི་འགྱུར་རོ། །གཞན་ཞེས་བྱ་བ་ནི་དེའི་ངོ་བོ་གསལ་བར་མི་འཐད་དོ། །

ངོ་བོ་གཞན་སྐྱེ་བར་བརྗོད་པ་ནི་གཞན་དུ་ཅུང་ཟད་ཅིག་ཀྱང་ཉེ་བར་སྐྱེ་བ་མ་ཡིན་ན། མཚན་ཉིད་མི་མཐུན་པའི་ཕྱིར་གསལ་བར་བྱ་བ་གསུམ་པ་ཡང་མི་སྲིད་པ་ལ་གཉིས་པ་འདི་ཡོངས་སུ་སྤངས་པའི་སྐྱོན་དུ་འགྱུར་རོ། །དེའི་ཡུལ་དང་ཤེས་པ་ལ་སོགས་པ་ཡང་དོན་གཞན་དུ་གྱུར་པའི་

དངོས་པོ་ཕྱིན་ཅི་ལོག་མི་རིགས་པའི་ཕྱིར་རོ། །ཤེས་པ་ལ་ཕན་འདོགས་པར་མི་བྱེད་པ་ནི་ཡུལ་དུ་མི་འགྱུར་ཏེ། དེ་ནི་ཕན་འདོགས་པར་བྱེད་པ་ཉིད་དོ། །དེའི་ཕྱིར་དེ་ཉིད་སྐྱེ་བ་རྟགས་ལ་ལྟོས་ནས་རང་ཉིད་ཀྱི་བསྒྲུབ་བྱ་ངེས་པར་མངོན་པར་གསལ་བར་འགྱུར་ཏེ་སྒྲུབ་པར་བྱེད་པ་ལ་ལྟོས་པའི་

བསྒྲུབ་བྱ་ངེས་པ་ལས་རང་གི་ཡུལ་ཤེས་པ་སྐྱེ་བ་དེ་ཉིད་བརྟན་པར་འགྱུར་བའི་གནས་སྐབས་ལ་ལྟོས་ནས་ཁྱད་པར་དུ་སྐྱེ་བའི་མཚན་ཉིད་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །ཐམས་ཅད་ཀྱི་ཚེ་འབྱུང་བའི་ཕྱིར་དང་རྟགས་ཀྱང་རྟག་ཏུ་ཉེ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །རྟགས་ཀྱི་ཤེས་

པ་ལྟོས་པ་འདི་ཡང་རྟག་ཏུ་ཡོད་པར་སྨྲ་བ་དག་པ་ཡང་མཚུངས་ཏེ། དུས་ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །གཞན་ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུ་ཡོད་པར་སྨྲ་བ་སེལ་བར་བྱེད་པའི་རྒྱུ་གཞན་ཞེས་བྱ་བ་དེའི་གནས་སྐབས་ཞེས་བྱ་བ་སྨོས་ཏེ། འཇིམ་པའི་

เล่ม ๑๙๐ · หน้า 97a

གོང་བུའི་གནས་སྐབས་ཕྱི་མ་བཞིན་དུ་སྟེ་མངོན་པར་གསལ་བའི་གནས་སྐབས་བཞིན་དུའོ། །བུམ་པ་ཆུ་འཛིན་པའི་དོན་བྱེད་པའི་ཁྱད་པར་ལ་སོགས་པ་བསྒྲུབ་པར་བྱའོ། །གསལ་བ། ཁྱད་པར་ཅན་གྱི་དབྱིབས་རབ་ཏུ་མི་སྐྱེ་བའི་ཕྱིར་ཞེས་བྱ་བ་གཞན་གྱི་

དགོས་པའོ། །དེ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། མགྲིན་པ་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་རྒྱུན་མི་འཆད་པ་ཉིད་ཀྱི་དོན་བྱ་བ་བྱེད་པ་འགའ་ཞིག་ལ་འཇིམ་པའི་བྱ་བ་འགྱུར་བ་བུམ་པ་ཡིན་ནོ་ཞེས་བརྗོད་ཀྱི་གཞན་ནི་མ་ཡིན་ནོ། །

གལ་ཏེ་སྔར་ཡང་འཇིམ་བའི་གོང་བུའི་གནས་སྐབས་སུ་ཡོད་པ་དེའི་ཚེ་གསལ་བའི་གནས་སྐབས་བཞིན་དུ་དོན་བྱེད་པ་དམིགས་པར་འགྱུར་ན་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་མེད་པར་ངེས་པ་ཡིན་ནོ། །གནས་སྐབས་ཀྱི་དངོས་པོ་འདི་ཡང་ངེས་པ་ཡིན་ནོ་ཞེ་ན། བཤད་པ།

དེའི་རང་བཞིན་གཞན་གཞན་ལ་ཡོད་པ་མ་ཡིན་ཏེ། སེར་པོ་དང་སྔོན་པོ་བཞིན་ནོ་ཞེས་བྱ་བ་འགལ་བས་ཁྱབ་པར་དམིགས་པར་དགོངས་སོ། །གནས་སྐབས་དང་གནས་སྐབས་ཅན་ཐ་མི་དད་པས་གཏན་ཚིགས་མ་གྲུབ་པར་གསལ་བར་མི་བྱའོ། །གང་གི་ཕྱིར་རང་བཞིན་སྣང་བ་

ཐ་དད་པ་ཡོན་ཏན་དངོས་པོ་ཐ་དད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བར་ཆེས་པའི་ཕྱིར་རོ། །རང་བཞིན་སྣང་བ་ཐ་དད་པ་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཏོ། །དེས་ན་དོན་བྱེད་པ་ཐ་དད་པ་ཁས་བླང་བར་བྱའོ། །འདི་སྙམ་དུ་སེམས་ཏེ། གང་གི་ཚེ་སྣང་བ་ཐ་དད་པ་ཤེས་པ་ཐ་

དད་པས་སྒྲུབ་པར་བྱེད་པ་དེའི་ཚེ་བདེ་བ་དང་སྡུག་བསྔལ་དང་གཏི་མུག་རྣམས་མ་འདྲེས་པར་ཐ་དད་པར་རྣམ་པར་འཇོག་པར་འགྱུར་གྱི་རྣམ་པ་གཞན་དུ་མ་ཡིན་ནོ། །དེ་བཞིན་དུ་འཇིམ་གོང་དང་བུམ་པ་གཞན་དག་ཀྱང་ཕན་ཚུན་ཐ་དད་པ་གཞན་པ་ཡིན་ཞེས་རབ་ཏུ་ཤེས་ཏེ། རྣམ་

པ་ཐ་དད་པ་ཤེས་པར་ཡོངས་སུ་གཅོད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ཕན་ཚུན་ཐ་དད་པར་བྱུང་བ་ཡང་བདེ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟ་མ་ཡིན་ན་བདེ་བ་ལ་སོགས་པ་རྣམས་ཀྱང་ཕན་ཚུན་ཐ་དད་པ་མེད་པར་ཐལ་བར་འགྱུར་

เล่ม ๑๙๐ · หน้า 97b

ཏེ། གསལ་བ་དང་། ནུས་པ་བཞིན་ནོ། །ཁྱད་པར་ཉིད་བརྗོད་དུ་མེད་དོ་ཞེས་བྱའོ། །དེའི་ཕྱིར་ཞེས་པ་མཇུག་བསྡུ་བའོ། །བུམ་པ་ལ་སོགས་པ་དེ་དེ་ལ་དམིགས་པ་ཉིད་རིག་བྱར་གྱུར་པའི་རང་བཞིན་དུ་གནས་པ་ནི་མི་དམིགས་པས་མེད་པར་རིགས་སོ། །འོན་ཀྱང་དེ་

གནས་པ་དེ་མེད་ཀྱང་དེའི་རང་བཞིན་དང་དེ་མ་ཡིན་པའི་རང་བཞིན་དམིགས་པའི་རིག་བྱར་གྱུར་པའི་རང་བཞིན་གྱིས་ཐ་དད་པ་གཅིག་པའི་ངེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རང་བཞིན་མི་དམིགས་པའི་སྒྲུབ་པར་བྱེད་པའི་ཡན་ལག་གི་སྒྲུབ་པ་རྒྱ་ཆེར་བརྗོད་ནས་

ལྷག་མ་རྣམས་ཀྱིས་མི་དམིགས་པར་བཤད་པར་བྱ་སྟེ། ཁྱད་པར་བྱེད་པ་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་དག་ནི་དཔེར་ན་ཤིང་ཤ་པ་ཉིད་དང་ཤིང་དག་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་དངོས་པོ་ཅུང་ཟད་ཅིག་ཚད་མས་རབ་ཏུ་བསྒྲུབས་ནས་

ཁྱབ་པར་བྱེད་པ་ཤིང་ཉིད་ལ་སོགས་པ་ལྡོག་པ་རབ་ཏུ་གྲུབ་པས་སྒྲུབ་པར་བྱེད་པ་སྒྲུབ་པའི་ཡན་ལག་བྱས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཤིང་ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་དེ་ལ་རང་བཞིན་མི་དམིགས་པས་མེད་པར་

འགྲུབ་པ་ཡིན་ནོ། །དེ་ལ་འདིས་ཅི་ཞིག་བྱ། བྱ་བ་དང་ལས་རྣམས་ཀྱི་ཁྱད་པར་གྲུབ་ཟིན་པ་ཡིན་ན་སྒྲུབ་པར་བྱེད་པར་མི་འགྱུར་ཏེ། སྒྲུབ་པར་བྱེད་པ་དམ་པའི་རྒྱུ་ཡིན་ནོ་ཞེས་བརྗོད་དོ། །མ་རྟོགས་པ་རྟོགས་པར་བྱེད་པ་ནི་ཚད་མར་བཤད་དེ། མ་རྟོགས་དོན་གྱི་གསལ་བྱེད་

ཡིན་ཞེ་ན། འདི་ནི་བདེན་ན་འདི་ལྟར་འདི་ནི་ཐམས་ཅད་ལ་སྦྱར་བར་མི་བྱའོ། །འོན་ཏེ་དེ་ལྟར་འདོམ་སུམ་བརྒྱ་ཙམ་ལ་སོགས་པའི་བར་ཡོད་པ་གང་ལ་སཱ་ལ་དང་། ཤར་ལ་དང་། པ་ལ་ཤ་དང་། ཤིང་ཤ་པ་ལ་སོགས་པའི་ཤིང་ཐ་དད་པ་ངེས་པར་གཟུང་བ་མེད་པ་དེས་ན་

རྣམ་པ་ཐམས་ཅད་དུ་གང་ཁྱབ་པར་བྱ་བ་མེད་པའི་ངེས་པ་མེད་པ་འཁྲུལ་པའི་རྒྱུ་མཚན་འགའ་ཞིག་ཡོད་པ་དེ་ཉིད་ལ་འདི་རབ་ཏུ་སྦྱོར་རོ། །རྒྱུ་མི་དམིགས་པ་ནི་གང་ལ་འབྲས་བུ་མེད་པར་ངེས་པ་མེད་པ་དེ་ཉིད་ལ་རབ་ཏུ་སྐྱེ་བ་ཡིན་གྱི་གཞན་ལ་དོན་མེད་པའི་ཕྱིར་རོ། །དཔེར་

เล่ม ๑๙๐ · หน้า 98a

ན་མུན་པའི་གནས་སྐབས་སུ་དུ་བ་མེད་པའི་ངེས་པའི་ངེས་པ་མེད་པས་འདིར་མེ་མེད་པས་དུ་བ་མེད་དོ་ཞེས་བྱ་བ་ལྟ་བུ་སྟེ། འབྲས་བུ་མེད་པར་ཐེ་ཚོམ་ཟ་བའི་ཕྱིར་དང་། རྒྱུ་མེད་པར་ངེས་པའི་ཕྱིར་རོ། །རང་བཞིན་འགལ་བ་དམིགས་པ་ཡང་གྲང་བའི་

རེག་པ་མེད་པར་གནས་པའི་ཡུལ་ལ་ཐེ་ཚོམ་ཟ་བ་ལ་མེ་འབར་བའི་ཚོགས་འཁྲིགས་པ་ཆེན་པོ་ནམ་མཁའ་ལ་སོགས་པའི་ཡུལ་ལ་ཁྱབ་པར་གནས་པ་ལས་ཡིན་ནོ། །རྒྱུ་འགལ་བ་དམིགས་པ་ནི་མེ་འབར་བ་དང་ཉེ་བར་གནས་པའི་སྐྱེས་བུ་དང་ལྡན་པའི་ས་ཕྱོགས་ཉེ་བར་

སྣང་བ་ན་འདར་བ་དང་བ་སྤུ་ལངས་པ་དང་། སོ་ཐམས་བྱེད་པ་ལ་སོགས་པའི་དངོས་པོ་ཐ་དད་པ་མེད་པ་ཉིད་རབ་ཏུ་སྦྱར་བར་བྱའོ། །གཞན་དུ་དོན་མེད་པ་ཡིན་གྱིའོ། །འདིས་ནི་ཡུལ་གཞན་མི་མཚུངས་ཀྱང་མི་དམིགས་པའི་སྦྱོར་བ་རྣམས་ཀྱི་ཡུལ་བསམ་པར་བྱའོ། །

རང་བཞིན་དང་ཁྱབ་པར་བྱེད་པ་དང་རྒྱུ་དང་འགལ་བ་དེ་དག་ནི་ཉེ་བར་དམིགས་པ་དེ་དག་ཉིད་ཡིན་ནོ་ཞེས་སྦྱར་བར་བྱའོ། །འགལ་བ་གཉིས་པོ་དག་ལས་འགལ་བ་གཅིག་ཉེ་བར་བསྟན་པའི་འགལ་བ་ནི་གཉིས་ཏེ། རྒྱུ་མཚན་མ་ཚང་བ་མེད་པའི་ཡོད་པས་མེད་པ་དང་། ཕན་

ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དོ། །འདིས་ནི་འགལ་བའི་འབྲས་བུ་དམིགས་པའི་ཡང་ཡུལ་དང་རང་བཞིན་གྱིས་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་སྒྲུབ་པ་ནི་གོ་སླ་བ་ཉིད་དོ། །དེ་ལྟ་ན་ཡང་ཅུང་ཟད་ཙམ་གྱིས་ཐ་དད་པ་མི་དམིགས་པའི་སྦྱོར་བའི་བྱེ་བྲག་བཅུ་གཅིག་

པོ་དག་ལ་ཡང་རྒྱུ་འགལ་བའི་ཁྱབ་བྱ་དམིགས་པ་དང་། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ་དང་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་དང་། འགལ་བའི་འབྲས་བུ་དམིགས་པ་ལ་སོགས་པ་དག་ལ་སྒྲུབ་པར་བྱེད་པའི་སྒྲུབ་པ་བཤད་པར་རིག་

པར་བྱའོ། །དེ་དང་དེའི་གོ་རིམས་ཇི་ལྟ་བ་བཞིན་དུ་དཔེས་བསྟན་པ་འདི་ན་དུ་བ་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །འདི་ན་མེའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །འདི་ན་བ་མོའི་རེག་པ་མེད་དེ། །དུ་བ་ཡོད་པའི་

เล่ม ๑๙๐ · หน้า 98b

ཕྱིར་རོ། །འདི་ན་གྲང་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། དུ་བ་ཡོད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་འགལ་བ་དང་། །ཁྱབ་བྱེད་འགལ་བའི་འབྲས་བུ་དང་། །འབྲས་བུ་གཞན་པའི་དངོས་པོར་འགྱུར། །དགག་པ་ཉིད་ཀྱི་སྒྲུབ་བྱེད་ཡིན། །འདི་ལ་དུ་མེད་

པ་རེག་ཕྱིར། །མེ་རྒྱུ་ནུས་པ་མེད་པའི་ཕྱིར། །འདི་ན་དུ་ཡོད་ལ་རེག་མེད། །གྲང་རྒྱུ་ནུས་པ་མེད་པའོ། །བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ལྟར་རེ་ཞིག་རྣམ་པ་གཅིག་གིས་སྒྲུབ་པར་བྱེད་པའི་ཡན་ལག་མ་བརྗོད་པའི་རྒོལ་བ་དག་ཚར་གཅོད་པའི་གནས་ཡིན་ནོ་ཞེས་

བསྟན་ཏོ། །དེ་ཉིད་རྣམ་པ་གཞན་གྱི་ཐམས་ཅད་བསྟན་པ་ནི། ཡང་ན་འདིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གི་ཕྲད་ཀྱིས་བསྡུ་བ་འདི་ཡང་འདིར་འཇུག་པ་དང་སྔར་བསྟན་པའི་དོན་མ་སྤངས་པར་དོན་གཞན་བསྡུ་བ་ལ་འཇུག་པ་ཡིན་ནོ། །འདི་ལྟར་གཅོད་པ་ནི་མ་

ཡིན་ནོ། །ཡང་ན་འདིས་སྒྲུབ་པར་བྱེད་པ་ལ་སོགས་པའི་དོན་ཡོངས་སུ་སྤངས་ནས་རྣམ་པར་བརྟག་པར་བྱ་བ་ཡིན་ན། དོན་རྣམ་པ་གཉིས་ཀྱང་བརྗོད་པར་འདོད་པའི་ཕྱིར་རོ། །འདིར་ཡང་ཡང་ནའི་སྒྲས་ནི་རྣམ་གྲངས་པའི་སྒྲུབ་པར་བྱེད་པའི་སྟེ། བྱེད་པར་སྒྲུབ་པའོ། །སྔ་མ་

ནི་ཡོད་པར་སྒྲུབ་པའོ། །འདི་ཞེས་པ་ནི་ཡན་ལག་གི་སྒྲའོ། །ཚིག་གི་ཡན་ལག་ལ་སྔ་མ་ནི་བྱེད་པ་པོར་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །ཚུལ་གསུམ་པའི་རྟགས་བསྟན་པ་བསྡོམས་ནས་བརྗོད་པ་ཡིན་གྱི་མཚན་ཉིད་གཅིག་ལ་སོགས་པ་བརྗོད་པ་མ་ཡིན་ཏེ། སྒྲུབ་པར་

བྱེད་པ་སྤངས་པས་སོ། །ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བའི་བློ་ནི་གཏན་ཚིགས་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པར་ཡོད་མོད་ཀྱི། ཆོས་མི་མཐུན་པ་བརྗོད་པས་མི་མཐུན་པའི་ཕྱོགས་ལ་མེད་པར་དེ་མ་ཐག་ཏུ་འགེགས་པའི་ཕྱིར་རོ། །དེ་ཇི་ལྟར་དེའི་གཅིག་བརྗོད་པ་ཡང་

སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་འདིས་ཕྱིས་འཆད་པར་འགྱུར་བ་དང་འགལ་བར་མི་འགྱུར་རམ་ཞེ་ན། དེ་ཡང་དེ་ལྟ་མ་ཡིན་ནོ། །འདི་ལྟར་ཚུལ་གསུམ་པོ་དག་གི་རྟགས་ཀྱི་དོན་གྱི་བདག་ཉིད་བསྟན་པ་ཡིན་ནོ། །དོན་དམ་པར་ན་དེའི་རྣམ་པར་གནས་པས་བརྗོད་པ་

เล่ม ๑๙๐ · หน้า 99a

ཡིན་ནོ། །གསལ་བར་བྱེད་པ་ཕྱོགས་ཀྱི་ཆོས་བརྗོད་པ་དང་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་འམ། ཕྱོགས་ཀྱི་ཆོས་བརྗོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པར་བརྗོད་པ་ཉིད་དོ། །དེས་ན་ཚོགས་པའོ། །དེའི་ཚིག་གཉིས་པོ་ཚོགས་པའི་

ཡན་ལག་ཏུ་ཕྱོགས་ཀྱི་ཆོས་ལ་སོགས་པ་བརྗོད་པའོ། །ཕྱོགས་ཀྱི་ཆོས་ཀྱི་ཚིག་ནི་མི་གཡོ་བ་ཡིན་ལ་ཅིག་ཤོས་དག་ནི་རེས་འགའ་གཞན་དང་གཞན་དུ་མ་ཡིན་པ་དེས་ན། ཚིག་གཉིས་ཚོགས་པའི་ངོ་བོའི་ཡན་ལག་ཅན་ལ། ཚིག་གཉིས་རྟག་ཏུ་ཡན་ལག་ཡིན་ནོ། །ད་ནི་

དེའི་ཡན་ལག་གཅིག་བརྗོད་ཀྱང་གཉིས་པོ་དག་འབའ་ཞིག་ཏུ་མ་ཟད་ཀྱི། སྒྲུབ་པའི་ཡན་ལག་ཏུ་བརྗོད་པ་ཡིན་ནོ། །བཤད་པ་སྔ་མའི་རྗེས་སུ་འབྲངས་ནས་སྨོས་པ་ཡིན་ཏེ། གཉིས་པོ་མི་བརྗོད་པ་ནི་མི་སྨྲ་བར་འདུག་པས་སོ། །རྣམ་གྲངས་གཞན་ཡང་དེ་བཞིན་དུ་ཞེས་

བྱ་བ་དང་། དེ་ཉིད་ཀྱི་ཞེས་བྱ་བ་ཡིན་ནོ། །ཚུལ་གསུམ་པའི་ཚོགས་ཀྱི་ཚོགས་གང་ཡིན་པའི་ཡན་ལག་གི་ཆ་ཤས་སོ། །ཇི་ལྟར་དམ་བཅའ་བ་ལ་སོགས་པ་སྒྲུབ་པར་བྱེད་པའི་ཡན་ལག་ཉིད་མ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། དམ་བཅའ་བ་བརྗོད་པ་ནི་དངོས་སམ་བརྒྱུད་

པས་དེ་གྲུབ་པ་མི་སྐྱེའོ། །འདི་ལྟར་དོན་དང་འབྲེལ་པ་ཁོ་ནས་དོན་རྟོགས་ཀྱི་སྒྲས་ནི་མ་ཡིན་ནོ། །དོན་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དམ་བཅའ་བ་བརྗོད་པ་འམ། གཏན་ཚིགས་བརྗོད་པ་ནི་དངོས་སུ་སྒྲུབ་པར་བྱེད་པའི་དོན་མི་འགྲུབ་སྟེ། ཕྱོགས་ཀྱི་ཚིག་

ལས་ཐེ་ཚོམ་ཟ་བ་དང་། དོན་མཐོང་བ་ལས་ངེས་པ་ཡིན་པ་དེའི་ཚེ་དངོས་སུ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་ཐེ་ཚོམ་ཟ་བ་ཁོ་ནར་མ་གྲུབ་སྟེ། ཕྱོགས་ཀྱི་ཚིག་ལས་རྒོལ་བ་དང་ཕྱིར་རྒོལ་བ་དག་ངེས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཞན་དུ་གྱུར་ཏེ། འདི་ལྟར་བྱས་པ་

ལ་སོགས་པའི་ཚིག་ལས་ཀྱང་མི་མཁས་པ་རྣམས་ཐེ་ཚོམ་སྐྱེ་བས་མ་ངེས་པར་འགྱུར་རོ་ཞེ་ན། འདི་ནི་མ་འབྲེལ་པ་ཡིན་ཏེ། ཆོས་ཅན་གཅིག་ལ་མི་རྟག་པ་ལ་སོགས་པ་ཤེས་པར་བྱེད་པར་འདོད་པས། ཡིད་ཆེས་པར་བྱེད་པའི་ཆོས་གཉིས་བརྩིས་ནས་རྒོལ་བ་དང་ཕྱིར་

เล่ม ๑๙๐ · หน้า 99b

རྒོལ་བ་དག་ངེས་པ་ཡིན་ནོ། །རེ་ཞིག་དངོས་པོ་གཅིག་ལ་བརྩོན་པར་མི་འགྱུར་ཏེ། སྒྲུབ་པར་བྱེད་པའི་སྦྱོར་བ་དག་མི་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡིད་ཆེས་པར་བྱེད་པར་མི་འགྱུར་ཏེ། ཆོས་གཉིས་ཀྱི་དངོས་པོ་གཉིས་སུ་འགྱུར་ལ། དངོས་པོ་གཉིས་ཀྱི་ཆོས་

འགལ་བ་གཉིས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་དངོས་པོ་གཅིག་ལ་ཚད་མའི་སྟོབས་ཀྱིས་རྒོལ་བ་དང་ཕྱིར་རྒོལ་བ་ལས་ཆོས་འགལ་བའི་དངོས་པོ་ཡིན་པ་དེའི་ཚེ་དེ་དངོས་པོ་གཉིས་སུ་འགྱུར་རོ། །འོན་ཏེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་ན་ནི་ལུང་ལས་རང་ཉིད་

ཀྱིས་གོ་བར་འགྱུར་རོ། །འདི་ལྟར་གཞན་ཡང་ཆོས་གཉིས་ཚད་མས་ངེས་པ་ཡིན་ན། ཇི་ལྟར་ཕྱོགས་ཀྱི་ཚིག་ལ་ཐེ་ཚོམ་ཟ་བར་འགྱུར་རོ་ཞེས་བརྗོད་དོ། །དེ་བས་ཕྱོགས་ཀྱི་ཚིག་དངོས་སུ་སྒྲུབ་པར་བྱེད་པ་མ་ཡིན་ལ། བརྒྱུད་པས་ཀྱང་མ་ཡིན་ནོ། །གཏན་ཚིགས་

མ་གྲུབ་པ་དང་དཔེ་ལྟར་སྣང་བ་བཞིན་དུ་བསྒྲུབ་པར་བྱ་བ་བརྗོད་པ་ཉིད་ཀྱིས་སྟོན་པར་མི་ནུས་པའི་ཕྱིར་དང་། གཏན་ཚིགས་ཀྱི་ཚིག་གིས་སྟོན་པར་མི་ནུས་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ནུས་པར་འདོད་དོ། །འོན་ཏེ་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་དམ་བཅའ་བའི་

ཚིག་བརྗོད་པར་འགྱུར་ཡང་གཏན་ཚིགས་ཀྱི་ཚིག་བཞིན་དུ་སྒྲུབ་པར་བྱེད་པ་ལ་ཕན་འདོགས་པར་བྱེད་པའི་ཡུལ་གསལ་བར་བྱེད་པའི་སྒོ་ནས་དམ་བཅའ་བ་བསྒྲུབ་པར་རྗེས་སུ་བཟུང་ངོ་། །དེ་ལྟ་མ་ཡིན་ན། དེ་སྒྲུབ་པར་བྱེད་པའི་ཡུལ་དུ་མ་བྱས་ན་འཇུག་པར་མི་

འགྱུར་རོ། །ཤེས་པ་དང་བདག་དང་ཡིད་དང་ཕྲད་པ་ལ་སོགས་པ་ཡང་སྒྲུབ་པར་བྱེད་པ་ཕན་འདོགས་པར་བྱེད་པ་དེས་ན་ཚིག་ཉིད་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འདིས་ཀྱང་སྒྲུབ་པའི་ཡན་ལག་གི་བསྒྲུབ་པར་བྱ་བ་བརྗོད་པ་ནི། དཔེའི་ཚིག་བཞིན་དུ་སྒྲུབ་པར་བྱེད་པའི་

ཡུལ་གསལ་བར་བྱས་ནས་མཐོང་བའི་ཕྱིར་རོ་ཞེ་ན། འདི་ཡང་ཤིན་ཏུ་དོན་མེད་པ་ཡིན་ནོ། །གཞན་གང་གི་ཕྱིར་སྒྲ་ལ་མི་རྟག་པའི་སྒྲུབ་པ་ནི་སྒྲུབ་པར་བྱེད་ཀྱི་ཚིག་ཏུ་བརྗོད་པར་འགྱུར་བའི་སྒྲུབ་པར་བྱེད་པའི་ཡུལ་ལ་ཕན་བཏགས་པས་གསལ་བར་བྱེད་པ་མ་ཡིན་ནོ། །དེ་མ་ཐག་པའི་ཡན་

เล่ม ๑๙๐ · หน้า 100a

ལག་ནི་བསྒྲུབ་བྱ་བསྒྲུབས་པས་ཡན་ལག་མ་ཡིན་ན། ཡུལ་བསྟན་པས་ཉེ་བར་སྦྱོར་བ་གང་ལ་ཡིན་ན། གལ་ཏེ་འདི་མེད་ན་བསྒྲུབ་བྱ་མི་འགྲུབ་ན་ནི་ཐམས་ཅད་མཛེས་པར་འགྱུར་རོ། །ཇི་སྲིད་དུ་དེ་མེད་ཀྱང་གང་ཇི་སྙེད་པའི་བྱས་པ་དང་ཡོད་པ་མི་རྟག་པ་

ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །སྒྲ་ཡང་བྱས་པས་ཞེས་བྱ་བ་འདིས་ཕྱོགས་མ་བརྗོད་ཀྱང་མི་རྟག་པ་ཡིན་ནོ་ཞེས་བྱ་བར་གོ་བར་འགྱུར་བ་ཉིད་དོ། །དེའི་ཕྱིར་འདི་བསྟན་པའི་དོན་མེད་པ་ཉིད་དོ། །གལ་ཏེ་འདི་ཕྱིན་ཅི་ལོག་ཏུ་གྱུར་པ་གཏན་ཚིགས་ཀྱི་བྱེད་པའི་

ཡུལ་སྟོན་ཕྱོགས་ཀྱི་ཚིག་སྦྱར་བར་མི་བྱ་བ་ཉིད་ན། དེ་ཇི་ལྟར་ཕྱོགས་ལ་བརྟན་ནས་བརྗོད་པས་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་གྲུབ་པར་འགྱུར། དེ་དག་ངེས་པའི་བདག་ཉིད་ཡོད་པར་གྱུར་པ་དེའི་མཐུས་ཕྱོགས་རྟོགས་པ་མ་ཡིན་ན། ནུས་པ་ཐོབ་པའི་ཕྱོགས་ཀྱི་

སྟོབས་ཀྱིས་ཕྱོགས་ཀྱི་ཆོས་ལ་སོགས་པ་གྲུབ་པ་ཡིན་ནོ་ཞེས་མི་རིགས་ཏེ། དེ་དག་ཡོད་པ་ལ་ནུས་པ་ཐོབ་པ་ཉིད་ཀྱི་ཕྱོགས་མེད་པའི་ཕྱིར་རོ། །གཞན་ཡང་ཕྱོགས་བསྟན་པ་འདིས་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་ཤུགས་ཀྱིས་འོང་བ་ས་ཕྱོགས་ཀྱི་དབང་གིས་ཕྱོགས་

ཆོས་ལ་སོགས་པ་འགྲུབ་པོ། །ཕྱོགས་ཀྱི་ཆོས་ལ་སོགས་པའི་སྟོབས་ཀྱིས་ཀྱང་ཕྱོགས་ཡིན་ནོ་ཞེ་ན། དེ་ལ་འདིར་བརྗོད་པ། བསྒྲུབ་བྱར་བྱེད་པའི་དུས་སུ་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པའི་རྣམ་པར་རྟོག་པ་ཡོད་པར་ཟད་ཀྱི། གང་ལ་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་

པའི་ཆོས་ཅན་སྒྲ་ལ་སོགས་པ་འམ་སྤྲ་པ་དང་རྟ་སྦངས་ལ་སོགས་པ་མིའི་གནས་ཀྱི་ཆོས་ཅན་ལ་བྱས་པ་ཉིད་དང་དུ་བ་ལ་སོགས་པའི་མཚན་ཉིད་རྗེས་སུ་དཔག་པས་བྱེད་པའི་མངོན་སུམ་གྱིས་ཤེས་པ་འམ། ཤེས་པར་བྱ་བ་ཡིན་ནོ། །དེ་བྱེ་བྲག་དང་ལྡན་པར་མ་ངེས་པ་ཡིན་ན་

གཞན་བུམ་པའི་ཚང་བང་ལ་སོགས་ཡོད་པར་དྲན་པར་བྱེད་དོ། །དེའི་ཁྱད་པར་སྤངས་པ་ནི་ནམ་མཁའ་འམ་མཚོ་ལ་སོགས་པ་ལ་མེད་པ་དྲན་པར་བྱེད་དོ། །དེའི་དངོས་པོའི་ཆོས་དེ་དག་མེད་ཀྱང་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་བརྗོད་པས། དེ་ཤེས་པར་འདོད་པའི་ཆོས་ཅན་ལ་

เล่ม ๑๙๐ · หน้า 100b

ཆོས་ཀྱི་བྱེ་བྲག་ཤུགས་ཀྱིས་བརྗོད་པ་ཡིན་ནོ། །དེ་ཡང་འདི་ཤུགས་ཀྱི་ཡུལ་ལ་ཕྱོགས་ཞེས་བརྗོད་དོ། །དེ་ནས་ཕྱིས་འབྱུང་བར་འགྱུར་བ་རྟེན་པའི་ཇི་ལྟར་འདོད་པ་ལ་ཕྱོགས་ཀྱི་ཆོས་ཞེས་བཏགས་སོ། །བསྟན་བཅོས་ཀྱི་ཐ་སྙད་ཀྱི་རྒྱ་ཆེར་བསྟན་ཏོ། །གལ་ཏེ་

ཤེས་པ་མཐོང་བའི་གནས་སྐབས་ཀྱི་སྟོབས་ཀྱིས་སྒྲུབ་པར་བྱེད་པའི་དུས་སུ་ཕྱོགས་ལ་སོགས་པའི་རྣམ་པར་རྟོག་པ་ཇི་ལྟ་བུ་ཡིན་ཞེ་ན། དངོས་པོའི་ཆོས་གང་ལ་རྒོལ་བའི་གནས་སུ་གྱུར་པའི་ཆོས་ཀྱི་ཁྱད་པར་སྒྲུབ་པར་འདོད་པའོ། །མཐུན་པའི་ཕྱོགས་དེའི་ཆོས་གང་ཡིན་

པའི་ཆོས་ནི་མཐུན་པའི་ཕྱོགས་ཆོས་སོ། །རྣལ་མའི་རྣམ་པ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པ་ནི་མཐུན་པའི་ཕྱོགས་སོ། །དེ་སྤངས་པ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེ་ན། གང་ཡང་སྒྲུབ་པར་བྱེད་པའི་དུས་སུ་ཕྱོགས་ཀྱི་སྦྱོར་བ་ཡོད་པ་དེ་ཡང་ཕྱི་རོལ་གྱི་ཡན་

ལག་མ་ཡིན་པའི་ཕྱོགས་བརྗོད་པ་ནི་མི་རྟག་གོ་ཞེས་བྱ་བའོ། །འོན་ཏེ་གནས་སྐབས་ཅན་གཞན་ཡིན་ཡང་སྐབས་ཀྱི་སྟོབས་ཀྱིས་ཕྱོགས་ཀྱི་ཆོས་ལ་སོགས་པ་དག་བརྗོད་པ་ཡིན་ན་དེ་ཡང་ཕྱོགས་ཀྱི་སྦྱོར་བ་སུན་འབྱིན་པ་ལ་ཡང་མཚུངས་སོ། །དེའི་ཕྱིར་དམ་བཅའ་བའི་ཚིག་གི་སྒྲུབ་

པར་བྱེད་པའི་ཡན་ལག་ཡིན་པ་དང་། ཉེ་བར་སྦྱར་བ་དང་མཇུག་བསྡུ་བའི་ཚིག་དག་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་པ་དེ་བཞིན་དུ་བརྗོད་དོ། །དེ་ལ་རེ་ཞིག་དཔེ་ལ་ལྟོས་ནས་ནི་དེ་བཞིན་ཉེ་བར་བསྡུ་བའོ། །དེ་ལྟ་བུ་མ་ཡིན་པའི་སྒྲུབ་པ་ནི་ཉེ་བར་སྦྱོར་བའོ། །དཔེར་ན་དེ་བཞིན་དུ་

ཞེས་བྱ་བ་ནི་གཟུགས་བརྙན་གྱི་དོན་ཏོ། །འདིར་གཟུགས་བརྙན་ཡང་ཅི་ཞིག་ཡིན་ཞེ་ན། དཔེར་ན་གྱུར་པའི་ཆོས་འཁྲུལ་པ་མེད་པ་ཉིད་དུ་གྲུབ་པ་ནི་བསྒྲུབ་པར་བྱ་བ་འགྱུར་བ་དང་ཆོས་མཚུངས་པ་ཡིན་ནོ། །དེ་བཞིན་དུ་འདི་ཡང་བྱས་པས་ཞེས་བྱ་བས་བསྒྲུབ་པར་བྱ་བ་སྲིད་པ་ནི་ཉེ་

བར་སྦྱོར་བའི་དོན་ཏོ། །འོ་ན་བྱས་པའི་ཕྱིར་ཞེས་བྱ་བ་ནི་འདིས་སྲིད་པ་ཇི་ལྟར་བརྗོད་ཅེ་ན། མ་བརྗོད་དེ། བསྒྲུབ་བྱ་སྒྲུབ་པའི་ཆོས་ཙམ་བསྟན་པའི་ཕྱིར་རོ། །བྱས་པ་ཉིད་ནི་བསྒྲུབ་བྱ་སྒྲུབ་པའི་ཆོས་ཙམ་བསྟན་ཏོ། །བྱས་པའི་ཕྱིར་སྒྲ་མི་རྟག་པ་ཡིན་ནོ། །དེ་སླར་ཡང་སྒྲ་ནི་

เล่ม ๑๙๐ · หน้า 101a

བྱས་པས་ཞེས་བྱ་བས་ཡོད་པའམ་མེད་པ་ཡིན་སྙམ་པ་ལ་ཉེ་བར་སྦྱོར་བས་སྲིད་པ་གོ་བར་བྱེད་པ་ཡིན། སྒྲ་ལས་བྱས་པ་ཡོད་པའི་ཕྱིར་རོ། །དེ་ལྟར་གཏན་ཚིགས་བྱས་པ་ལས་ཐ་དད་པ་དོན་སྟོན་པར་བྱེད་པ་ཉིད་དོ་ཞེས་ཉེ་བར་སྦྱར་བ་ཡིན་ནོ། ངོ་བོ་

ཐ་དད་པའི་རྣམ་གྲངས་སུ་གྲགས་པ་ཐ་དད་པ་ཡིན་ལ་གཏན་ཚིགས་བརྗོད་པའི་དུས་ཕྱིས་སྟོན་པ་ནི་ཉེ་བར་སྦྱོར་བ་ཡིན་པའི་ཕྱིར་དཔེའི་གཏན་ཚིགས་བཞིན་དུ་རྗེས་སུ་དཔོག་པ་ཡིན་ནོ། །གཏན་ཚིགས་བརྗོད་པ་ནས་མཇུག་བསྡུ་བ་སྟེ། དམ་བཅས་ནས་ཡང་དམ་བཅས་

བརྗོད་པའི་ཕྱིར་རོ། །ཚད་མའི་འཐད་པས་དམ་བཅའ་བའི་ཡུལ་ནི་དོན་མ་ལུས་པ་ལས་བཟློག་པར་ཐལ་བར་འགྱུར་བ་དགག་པའི་ཕྱིར་ཕྱིས་བརྗོད་པ་གང་ཡིན་པ་དེ་ནི་མཇུག་བསྡུ་བའོ། །དམ་བཅའ་བ་ཁོ་ན་ཡང་བརྗོད་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་

སྒྲུབ་པ་སྟོན་པ་ནི། དམ་བཅའ་བ་ཡིན་ལ། གྲུབ་པ་སྟོན་པ་ནི་མཇུག་བསྡུ་བར་སྦྱོར་བ་མ་ཡིན་པའི་ཕྱིར་རོ། །ཡང་གི་སྒྲ་ཡང་སྣ་ཚོགས་པ་ལ་མཐོང་སྟེ་འོད་འདི་ཡང་ཐང་ཅིག་འབྱུང་ངོ་ཞེས་བརྗོད་པ་དང་། དྲི་ཟའི་གྲོང་ཁྱེར་འདི་ཡང་མཐོང་ཞེས་བྱ་བ་བཞིན་དུ་འདིར་ཡང་

གཏན་ཚིགས་བསྟན་པ་ནི་ཤུགས་ཀྱིས་ཉེ་བར་སྦྱར་བའི་ནང་དུ་འདུས་པར་བཟུང་སྟེ། དམ་བཅའ་བའི་ནང་དུ་འདུ་བ་ནི་མི་སྲིད་པའི་ཕྱིར་རོ། །དམ་བཅའ་བའི་ཕྱི་ནས་གཏན་ཚིགས་འགའ་ཞིག་སྟོན་པ་ནི་མཇུག་བསྡུ་བར་སྦྱོར་བ་མ་ཡིན་ནོ། །སྒྲ་མི་རྟག་པ་ཡིན་ཏེ་བྱས་

པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྒྲ་མི་རྟག་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་དམ་བཅའ་བརྗོད་པ་ལས་དོན་ཐ་དད་པ་བརྗོད་པ་ནི་མཇུག་བསྡུ་བ་སྟེ། དམ་བཅའ་བ་བརྗོད་པ་ལ་ངོ་བོ་ཐ་དད་པར་གྱུར་པའི་གཏན་ཚིགས་བརྗོད་པའི་དུས་ཕྱིས་བརྗོད་པའི་ཕྱིར་དཔེ་བརྗོད་བཞིན་ནོ། །མཐའི་ངོ་བོ་མཇུག་

བསྡུ་བའི་སྒྲ་ཡང་བསྒྲུབ་བྱའི་དོན་སྟོན་པ་མ་ཡིན་ཏེ། དེ་ངེས་པར་གཟུང་བར་འཇུག་པའི་ཕྱིར་རོ། །གང་ཡང་འགྲོ་བས་ན་འདི་རྭ་ཅན་ཡིན་ནོ་ཞེས་འགའ་ཞིག་བརྗོད་པ་དེའི་ཚེ་རྟ་མ་ཡིན་ནོ་ཞེས་བརྗོད་པ་བཞིན་ནོ། །དེའི་ཕྱིར་སྤྱི་སྒྲ་དང་ལྷན་ཅིག་པའི་ངག་གིས་དཔྱོད་པའི་ཡུལ་དུ་

เล่ม ๑๙๐ · หน้า 101b

ཡོད་པ་ནི་བསྒྲུབ་བྱའི་དོན་བསྟན་པར་མི་འགྱུར་ཏེ། རྒྱུ་བསྟན་པའི་དུས་ཕྱིས་སྐྱེ་བ་མཐོང་བའི་ཕྱིར་སྔ་མ་བཞིན་ནོ་ཞེ་ན། དེ་འདིར་དགག་པར་བྱ་སྟེ། མི་རྟག་སྟེ། སྒྲ་འདི་བྱས་པའི་ཕྱིར་རོ་ཞེས་དེ་སྐད་དུ་སྦྱོར་བ་ནི་མ་ཡིན་ཏེ། དམ་བཅའ་བའི་སྦྱོར་བ་ནི་དེ་མ་ཐག་པར་གསལ་བའི་

ཕྱིར་རོ། །འོན་ཀྱང་སྒྲ་ནི་བྱས་པའི་ཕྱིར་རོ། །གང་དེ་ལྟ་བུ་ཡིན་པ་དེ་ཐམས་ཅད་ནི་མི་རྟག་པ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །ཡང་ན་གང་བྱས་པ་དེ་ཐམས་ཅད་མི་རྟག་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་སྒྲ་ཡང་བྱས་

པས་ཞེས་བྱ་བ་དེ་ལྟ་བུ་གཉི་ག་དེ་ལྟར་འདོད་པར་སྦྱོར་བར་བྱ་སྟེ། གཉི་གས་ཀྱང་བསྒྲུབ་བྱ་འགྲུབ་པའི་ཕྱིར་རོ། །དེ་ལ་གལ་ཏེ་སྒྲ་ནི་བྱས་པའི་ཕྱིར་གང་ཡང་དེ་ལྟ་བུ་དེ་ཐམས་ཅད་ནི་མི་རྟག་པ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་གཞན་ལ་བརྗོད་པ་དེ་བཞིན་དུ་སྒྲ་ཡང་

བྱས་པས་ཞེས་བྱ་བས་གཟུགས་བརྙན་གྱི་དོན་ཉེ་བར་སྦྱོར་བའི་ཚིག་བརྗོད་པ་འདི་ནི་དོན་མེད་པ་ཡིན་ཏེ། གཟུགས་བརྙན་མེད་ཀྱང་དེ་མ་ཐག་པའི་སྦྱོར་བས་རྟོགས་པར་འགྱུར་བའི་ཕྱིར་རོ། །སྒྲུབ་པ་ནི་གང་དོན་མེད་པ་དེ་ནི་རྟོགས་པ་དང་ལྡན་པས་བསྒྲུབ་པའི་ངག་ཏུ་བརྗོད་པར་མི་

བྱ་སྟེ། དཔེར་ན་སེའུ་བཅུ་ཞེས་བྱ་བ་ལ་སོགས་པའི་ཚིག་དེ་བཞིན་དུ་གཟུགས་བརྙན་གྱི་དོན་ཉེ་བར་སྦྱོར་བར་བརྗོད་པ་ཡང་དོན་མེད་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དང་འགལ་བའོ། །རང་གི་དོན་གྱི་དོན་དཔོག་པ་ཡང་རིགས་པ་འདི་ཉིད་ཀྱིས་མཐོང་བ་ཡིན་སྙམ་ན་འགའ་

ཞིག་སེམས་པ་དང་བཅས་པ་ཡིན་པ་ནི། འདི་ལྟར་བྱེད་པ་མེད། བྱས་པའི་དངོས་པོ་ཉིད་དུ་སྒྲ་ལ་བཟུང་བར་དེའི་མེད་ན་མི་འབྱུང་བ་རྗེས་སུ་དྲན་པ་དེ་བཞིན་དུ་སྒྲ་བྱས་པ་ཡིན་ནོ་ཞེས་བྱ་བ་གཟུགས་བརྙན་གྱི་དོན་བྱེད་པ་མ་ཡིན་ནོ། །འོན་ཀྱང་གང་བྱས་པ་དེ་ཐམས་ཅད་མི་

རྟག་པ་སྟེ། དཔེར་ན་བུམ་པ་བཞིན་ནོ། །དེ་བཞིན་དུ་སྒྲ་ཡང་བྱས་པས་སྲིད་པར་འདོད་པའི་དོན་ཉེ་བར་སྦྱོར་བའི་ཚིག་གིས་བརྗོད་པ་ཡིན་ནོ། །འདི་ནི་ཁོ་བོ་ཡང་ཡན་ལག་ཏུ་བྱེད་དེ། དམ་བཅའ་བའི་དེ་མ་ཐག་བསྒྲུབ་བྱ་སྒྲུབ་པ་ཙམ་བསྟན་པ་མི་རྟག་པ་སྟེ། སྒྲ་ནི་བྱས་

เล่ม ๑๙๐ · หน้า 102a

པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པར་མི་བྱ་སྟེ། དམ་བཅའ་བའི་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཉེ་བར་སྦྱོར་བའི་ཡན་ལག་གཞན་པ་ནི་གཏན་ཚིགས་མ་གྲུབ་པའི་སྦྲུལ་གྱིས་ཟོས་པས་ཡན་ལག་ཏུ་མ་ནུས་པ་ཁོ་ནའོ། །གང་འདི་

ཡང་གྲུབ་པའི་དོན་བསྟན་པའི་མཚན་ཉིད་ཀྱི་མཇུག་བསྡུ་བ་ཟློས་པར་བཤད་པ་ཡོངས་སུ་སྤངས་པར་བརྗོད་དོ། །མཇུག་བསྡུ་བ་མེད་པར་དོན་བསྒྲུབ་པ་ཁོ་ན་ཡན་ལག་ལྔ་པའི་སྒྲུབ་པར་བྱེད་པར་བརྗོད་པར་འཐད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་མཇུག་བསྡུ་བ་བརྗོད་པ་དོན་

མེད་དེ་དོན་གྲུབ་པའི་ཕྱིར་སྒྲུབ་པའི་ཡན་ལག་ཏུ་མཇུག་བསྡུ་བ་སྦྱོར་བར་བྱ་བ་དང་། དེས་ཀྱང་བརྗོད་པར་ཡང་མི་བྱ་བ་དང་། སྒྲུབ་པར་བྱེད་པ་མ་གྲུབ་པར་བརྗོད་པ་ཡང་དམ་བཅའ་བར་འགྱུར་རོ། །རྨོངས་པའི་ལོག་པར་རྟོགས་པ་ལ་ལྟོས་པ་མེད་པ་ལ་མི་རྟག་པ་ཉིད་དུ་

གྲུབ་པར་སྨྲའོ། །མཇུག་བསྡུ་བ་ནི་དམ་བཅའ་བའི་ཡུལ་གྱི་དོན་ཚད་མ་མཐའ་དག་གི་ཐབས་གཞན་མ་ལུས་པའི་ཡན་ལག་དཔྱད་ནས་མི་རྟག་པ་ཁོ་ནར་ངེས་པར་བཟུང་ནས་འཇུག་གོ་ཞེ་ན། དེ་ནི་འཐད་པ་མ་ཡིན་ཏེ། གལ་ཏེ་ཚད་མ་གཞན་ལ་ལྟོས་པ་མེད་པ་དེ་ལྟ་ན་

ཤུགས་ཀྱིས་བསྒྲུབ་བྱ་ཉིད་ངེས་པར་གཟུང་བ་ཡིན་ནོ། །འདི་ལྟར་གང་བྱས་པ་ཡིན་པ་སྟེ། མི་རྟག་པ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །སྒྲ་ཡང་བྱས་པས་ཞེས་བྱ་བས་མི་རྟག་པ་ཉིད་མེད་པར་མི་འབྱུང་བ་ཡིན་ནོ། །སྒྲ་ལས་བྱས་པ་ཉིད་ཡོད་པར་

བཤད་པ་དེའི་ཤུགས་ཀྱིས་སྒྲ་མི་རྟག་པར་ངེས་པ་ཡིན་ནོ། །དེས་ནི་འདི་བརྗོད་པའི་ཤུགས་རྟོགས་པར་བྱ་བའི་དོན་ཤེས་པར་བྱེད་པའི་ཕྱིར་ཡང་བརྗོད་པ་ནི་རྒྱུ་མི་དམིགས་པ་དང་། འདིར་ཡང་བཟློག་པར་ཐལ་བར་འགྱུར་བར་ཅུང་ཟད་ཙམ་ཡང་འདོགས་པར་མི་བྱའོ། །

ངག་གིས་དེ་རྣམ་པར་གཅད་པའི་འབྲས་བུ་དང་བཅས་པ་འདིར་རྒྱུར་འགྱུར་ཏེ། བྱས་པ་ལ་མི་རྟག་པ་ཉིད་ཁྱབ་པ་བསྒྲུབ་པའི་ཕྱིར་རོ། །སྦྱོར་བ་ཡང་གང་ཤུགས་ཀྱིས་རྟོགས་པ་དེ་ནི་རྟོགས་པ་དང་ལྡན་པས་སྒྲ་སྦྱར་བ་འམ་ཚིག་དེ་ཟློས་པར་འགྱུར་ཏེ། དཔེར་ན་གཞོན་

เล่ม ๑๙๐ · หน้า 102b

ནུ་མ་ཁང་པའི་ནང་ན་མེད་པ་འམ། མི་གསོན་ནོ་ཞེས་བྱ་བ་དེའི་ཤུགས་ཀྱིས་དེ་ཕྱི་རོལ་ན་ཡོད་པར་བརྗོད་པར་རྟོགས་པ་བཞིན་དུ་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པ་བརྗོད་པའི་ཤུགས་ཀྱིས་ཀྱང་དེ་རྟོགས་པར་འགྱུར་རོ། །དེའི་ཕྱིར་མི་རྟག་པ་ཡིན་ནོ་ཞེས་བྱ་

བ་དེ་ལྟ་བུ་ལ་སོགས་པའི་ཕྱི་ནས་བསྒྲུབ་པར་བྱ་བའི་དོན་ཏོ། །སྔ་མ་ནི་བསྒྲུབ་བྱ་ལ་ལྟོས་ནས་ཁྱབ་པར་བྱེད་པ་དང་། འགལ་བ་དམིགས་པ་ཡིན་ནོ། །བསྒྲུབ་བྱ་གཉིས་ལ་ལྟོས་ནས་རང་བཞིན་གྱི་གཏན་ཚིགས་སོ། །དེ་ཉིད་ཀྱི་ཕྱིར་མཇུག་བསྡུ་བའི་ཡན་ལག་

གཞན་བསྟན་པ་ནི་གཏན་ཚིགས་མ་གྲུབ་པར་བཤད་དོ། །ཇི་སྐད་དུ། སྔ་མ་ལ་ལྟོས་དམ་བཅའ་སོགས། །ངག་གི་དོན་བརྗོད་ཟིན་པ་ལ། ཐ་དད་པ་ཡི་ཚིག་གིས་ནི། །དོན་གཅིག་སྟོན་པ་མ་ཡིན་ཏེ། །དེས་ན་འབྲེལ་པ་གྲུབ་པའི་ཕྱིར། །མཇུག་བསྡུ་བ་ནི་ལོགས་ཤིག་

བརྗོད། །ཅེས་བྱ་བ་ལ། དེ་ཡང་འདིས་བསལ་བ་ཡིན་པས་རྒྱ་ཆེར་བརྗོད་པར་བྱའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཅེས་བྱ་བ་ནི་རྣམ་གྲངས་པ་གཞན་གྱི་རྒྱུས་འཇུག་པས་གཉིས་པ་ཤུགས་ཀྱིས་གོ་བ་ཡིན་པས་གྲུབ་མ་ཟིན་པ་ཡང་བརྗོད་པར་མི་བྱའོ། །ཀུན་ལས་བཏུས་

པའི་འགྲེལ་པ་མཁན་གྱིས་ཡུལ་བསྟན་པ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཏན་ཚིགས་བསགས་པ་སྟེ། དམ་བཅའ་བ་སྒྲུབ་པར་བྱེད་པའི་ཡན་ལག་ཐོབ་པར་འགྱུར་ཏེ། ཕྱོགས་ཀྱི་ཚིག་བཞིན་

དུ་བསྒྲུབ་བྱ་རྟོགས་པའི་རྒྱུ་མཚན་ངེས་པའི་ཕྱིར་རོ། །གཏན་ཚིགས་ལྡོག་པ་ཐེ་ཚོམ་ཟ་བའི་ཕྱིར་ཞེ་ན། སྨྲས་པ། ཕྱོགས་ཀྱི་ཆོས་ཀྱི་ཚིག་ལ་ཡང་དེ་དང་མཚུངས་པའི་ཕྱིར་འགལ་བ་དང་མ་ངེས་པར་འགྱུར་ཏེ། ཕྱོགས་ཆོས་ཡོད་པར་གྱུར་ཀྱང་གོ་བར་མི་བྱེད་པའི་ཕྱིར་རོ། །དེ་ཉིད་

ཀྱིས་ཐེ་ཚོམ་བསྐྱེད་པས་ཕྱོགས་ཀྱི་ཚིག་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཐུན་མོང་ལ་སོགས་པའི་ཚིག་བཞིན་ནོ། །དེ་དག་གིས་དེ་དང་མཚུངས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐེ་ཚོམ་སྐྱེད་པའི་ཡན་ལག་བསྟན་པ་ཡིན་ནོ། །དེ་དག་ཉིད་གསལ་བར་བྱེད་པ་ནི།

เล่ม ๑๙๐ · หน้า 103a

ཕྱོགས་ཀྱི་ཆོས་ཀྱི་ཚིག་ཅེས་བྱ་བ་ལ་སོགས་པའོ། །འདིས་ནི་དེ་མ་ཐག་པའི་གཏན་ཚིགས་དེ་འཁྲུལ་པར་བརྗོད་པ་ཡིན་ནོ། །འོ་ན་འབྲེལ་པ་མ་བསྟན་པའི་མཉན་བྱ་ལ་སོགས་པའི་ཕྱོགས་ཀྱི་ཆོས་སྒྲུབ་པའི་ཡན་ལག་ནི་མི་མཐུན་ཕྱོགས་མེད་པ་ཉིད་དུ་འཁྲུལ་

པ་མེད་པ་ཉིད་མ་ཡིན། འབྲེལ་པ་བསྟན་པའི་སྒྲུབ་པའི་ཡན་ལག་ཡིན་པ་དེའི་ཚེ་དེ་ལས་ཐེ་ཚོམ་ཟ་བའི་མ་ངེས་པ་ཚེགས་མེད་པར་ལྡོག་གོ། །འདི་སྙམ་དུ་སེམས་པ་ཡིན་ཏེ། འདིའི་ཕྱོགས་ཀྱི་ཚིག་དང་མཚུངས་པའི་ཕྱིར་དེ་ཡང་སྒྲུབ་པར་བྱེད་པར་འགྱུར་རོ། །འོན་ཏེ་བསྟན་པ་ནི་

བདེན་ན་གལ་ཏེ་ཡོད་པ་མ་ཡིན་ན་ཡང་དེ་ལས་བསྒྲུབ་བྱ་མི་འགྲུབ་པའི་ཕྱིར་རོ། །བརྔས་ཟིན་པ་བྲོར་བས་རྔ་བར་བྱེད་པ་མ་ཡིན་ན་བྱེད་པ་ཡང་དོན་ཅི་ཞིག་རྒྱས་པར་བྱེད། འབྲེལ་པ་མ་བསྟན་ན་གཏན་ཚིགས་ཐེ་ཚོམ་སྐྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཐེ་ཚོམ་སྐྱེའོ་ཞེས་འཆད་དོ། །

གལ་ཏེ་དེ་ལྟ་ན་འོན་ཏེ་སྦྱོར་བ་གཞན་དེས་བསྒྲུབ་བྱ་འགྲུབ་པ་མེད་པའི་ཕྱིར་དོན་མེད་པ་ཉིད་དེ་སྦྱོར་བར་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་ཕྱོགས་སྒྲུབ་པར་བྱེད་པར་ཇི་ལྟར་ནུས་པར་འགྱུར། དེས་ཀྱང་ཚུལ་གསུམ་པ་བསྟན་པའི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སློབ་དཔོན་གྱིས་

བཤད་པ་དང་འགལ་བར་འགྱུར་རོ། །དེ་ལྟ་ན་ཕྱོགས་ཀྱི་ཆོས་དང་འབྲེལ་པ་ལ་བརྗོད་པས་བསྒྲུབ་པར་བྱ་བ་བརྗོད་པ་ཇི་ལྟར་སྤོང་བ་ཡིན་ཞེ་ན། འགལ་བ་མེད་དེ་ཕྱོགས་ཀྱི་ཆོས་དང་འབྲེལ་པ་དག་གིས་བསྒྲུབ་བྱ་བརྗོད་པ་ཡིན་པས་གསལ་བར་བྱེད་པ་ལ་འཕངས་པ་དེའི་ཕྱིར་གཞན་

དག་ཕྱོགས་དང་ཉེ་བར་སྦྱོར་བར་བྱེད། བརྗོད་པ་ལ་སོགས་པ་སྒྲུབ་པར་བྱེད་པར་ཁས་བླངས་པའི་ཚིག་སྤངས་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །བཤད་པའི་དོན་འདི་ཡིན་ཏེ། གང་གི་ཕྱིར་ཕྱོགས་ཀྱི་ཆོས་དང་འབྲེལ་པ་ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་བརྗོད་པར་འདོད་

པའི་དོན་གྲུབ་པའི་རྒྱུར་རིགས་པ་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པར་བྱ་བའི་བསྟན་པའི་དོན་སྒྲུབ་པའི་ཕྱིར་ཕྱོགས་ཀྱི་ཆོས་བསྟན་པ་ཡིན་གྱི་གཞན་ནི་མ་ཡིན་ཞེས་འགལ་བར་བྱེད་དོ། །ཕྱོགས་བརྗོད་པ་འཕངས་པ་ནི་གསལ་བར་བྱེད་པ་ཡིན་

เล่ม ๑๙๐ · หน้า 103b

ནོ། །དེ་དག་གིས་ཞེས་བྱ་བ་ནི་ཕྱོགས་བརྗོད་པ་ནི་ཚུལ་གསུམ་པའི་རྟགས་ཀྱིས་འཕངས་པར་བརྗོད་པ་དང་མཚུངས་སོ་སྙམ་ནས་རྟགས་ཀྱི་ཚིག་བརྗོད་པ་ཡིན་ཏེ། བརྗོད་པ་དང་དོན་གཅིག་པའི་ཕྱིར་རོ། །དེ་ལ་ཁོ་བོ་ཅག་ནི་རྗེས་སུ་དཔག་པར་བྱ་བ་བསྟན་པ་ནི་དཔེ་དང་

གཏན་ཚིགས་ཀྱི་ཡུལ་དུ་འདོད་པའི་ཕྱིར་འགལ་བ་མེད་དོ། །ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། དེ་རྟོག་གེའི་བསྟན་བཅོས་བདེན་པ་ཉིད་བརྗོད་པར་བྱ་བ་ཡིན་པས་འབྲེལ་པ་མང་པོའི་སྦྱོར་བ་ནི་འབྲེལ་པ་མེད་པ་ཡིན་ནོ། །གཞན་དེ་ཉིད་ཀྱིས་མཚན་ཉིད་ལོག་པར་རྟོགས་པའི་བྱེ་བྲག་

དགག་པ་ནི་ཞར་ལ་བྱུང་བས་ཆོག་སྟེ། རྣལ་མ་དེ་ཉིད་བརྗོད་པར་བྱའོ། །དེའི་དངོས་པོའི་ངོ་བོ་སྒྲུབ་པའི་ཡན་ལག་ནི་གཉུག་མའི་དོན་གྱི་ཆོས་སྒྲུབ་པར་བྱེད་པའི་ཡན་ལག་གང་ཡིན་པ་དེ་ཉིད་གསལ་བར་བྱེད་པ་མ་ཡིན་པ་ནི་ཚིག་རྐང་པ་གཉིས་ཡིན་ནོ། །ཤེས་པར་འདོད་པ་མ་ཡིན་

པ་ནི་ཕྱིར་རྒོལ་བས་སོ། །བསྟན་བཅོས་ལ་བརྟེན་པའི་གཡོ་ལ་སོགས་པའི་ཚིག་ནི་འབྲེལ་པ་མེད་པ་ཞར་ལ་འོངས་པ་ནི་དོར་བར་བྱ་བ་ཙམ་ཡིན་པས་རྒྱ་ཆེར་བརྗོད་པར་མི་བྱའོ། །དཔེར་ན་བློ་དང་དབང་པོ་དང་ཡུལ་དག་གི་ཚོགས་ལས་ཐ་དད་པའི་བདག་ཡོད་དམ་མེད་ཅེས་འདྲི་

བར་བྱེད་པ་ན་རིགས་པ་ཅན་གྱིས་བརྗོད་པ། ཚད་མ་ནི་ཡོད་པ་ལ་སོགས་པ་ཡུལ་ཡིན་པ་དང་ཡུལ་མ་ཡིན་པ་ལ་ཁྱད་པར་མེད་པ་ཞེས་བྱ་བའི་ཡུལ་ཅན་གྱི་ཁོ་བོའི་མངོན་སུམ་ལ་སོགས་པ་ནི་ཁོ་བོའི་ཡུལ་ལ་སོགས་པ་རིག་པར་བྱེད་པ་དང་ཤེས་པ་རིག་པར་བྱ་བ་ཐ་དད་པའི་

ཤེས་པ་སྟེ། རང་གི་རྒྱུ་ལ་རག་ལས་པའི་སྐྱེ་བ་དང་ལྡན་པའི་ཕྱིར་སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ་ཞེས་བྱ་བ་དང་། དེས་ན་རྫས་ནི་ཡོད་པའི་ཕྱིར་མི་རྟག་པ་དང་ལྡན་པའོ། །རྒྱུ་དང་འབྲས་བུ་དང་སྤྱི་དང་ཁྱད་པར་བཞིན་ནོ་ཞེས་བྱ་བ་ནི་རྫས་དང་ཡོན་ཏན་དང་ལས་དག་ཁྱད་

པར་མེད་པའི་ཕྱིར་འབད་པ་ཆེན་པོས་ཡོད་པར་སོགས་པར་ཁྱད་པར་མེད་པར་སྨྲའོ། །ཡོད་པ་ལ་སོགས་པ་ནི་ཡུལ་དང་ཡུལ་མ་ཡིན་པ་ལ་ཁྱད་པར་མེད་པའི་ཤེས་བྱའི་ཡུལ་ཉིད་དུ་ཆོས་ཀྱི་ཁྱད་པར་རྣམ་པ་འགའ་ཞིག་མེད་ཀྱང་རྣམ་པའི་བསྒྲུབ་བྱ་སྒྲུབ་པ་ལ་ཕན་

เล่ม ๑๙๐ · หน้า 104a

འདོགས་པའི་གཏན་ཚིགས་སུ་རྗེས་སུ་བརྗོད་པར་གཞན་མི་ཤེས་པའི་རྗེས་སུ་བརྗོད་པ་ལ་སོགས་པ་མ་ཡིན་པའི་ཕྱིར་རོ། །འདིར་སྒྲུབ་པ་ལ་སོགས་པ་བརྗོད་པས་ལན་གཞན་གྱིས་ཁོང་དུ་ཆུད་པར་བྱེད་པའི་ནུས་པ་གནོད་པའི་གཏན་ཚིགས་ཡིན་ནོ་

ཞེས་བྱ་བར་ཡོངས་སུ་གཟུང་བར་བྱའི་ཞར་ལ་བྱུང་བ་གང་ཡིན་པ་ཞེས་བྱ་བར་སྦྱར་རོ། །བདག་མེད་པར་སྨྲ་བ་ལ་དཔེ་ཇི་ལྟ་བུ་ཞིག་སྨྲ་བར་བྱེད་ཅེ་ན། གང་ལ་རྫས་ལ་སོགས་པའི་སྐྱོན་གྱི་ཚོགས་དགག་པ་དང་། སྒྲུབ་པའི་བདེ་བར་གཤེགས་པའི་ཆོས་ཀྱི་འདུལ་བས་

ཀྱང་བདག་ཏུ་སྨྲ་བའི་ང་རྒྱལ་གྱི་རྒྱལ་མཚན་མ་ལུས་པ་སེལ་བར་བྱེད་པ་ལ་སོགས་པའི་མཚན་ཉིད་སྟོན་པ་དེས་ན་གླུ་དང་གར་ལ་སོགས་བ་སྟོན་པར་བྱེད་པའི་ཞར་ལ་བྱུང་བ་ཡིན་ནོ། །དེ་ལ་གཞན་དག་དང་གཞན་དག་ལ་ནི་ལྟ་སྨོས་ཀྱང་ཅི་དགོས། འོ་ན་ནི་ཁོ་བོ་ཅག་

སངས་རྒྱས་པས་བརྗོད་པ་ཡིན་ནོ་ཞེས་ཇི་སྲིད་དུ་དགག་པ་བྱེ་བྲག་དང་བཅས་པ་བརྗོད་པ་ཇི་ལྟར་ཡིན། ཁོ་བོ་ཅག་སངས་རྒྱས་པ་འདི་སྐད་བརྗོད་དོ་ཞེས་བྱ་བར་འགྱུར་ཏེ། དཔེར་ན་བདག་མེད་བརྗོད་དོ་ཞེས་བྱ་བ་བཞིན་ནོ། །མང་པོ་རྣམས་ལ་མང་པོའི་ཚིག་གིས་བརྗོད་

པར་མི་ནུས་པ་ནི་མ་ཡིན་ནོ། །གང་ཞིག་ཅེས་བྱ་བ་ནི་བརྗོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ཡིན་ཏེ། གང་གི་ཕྱིར་འདི་རང་གི་ཕྱོགས་པ་དག་ཉིད་གཞན་འབའ་ཞིག་ཡིན་གྱི། གཞན་ལ་ལྟོས་ནས་མང་པོའི་སྒྲ་དེ་བཞིན་དུ་སྦྱར་བ་མ་ཡིན་པའི་ཕྱིར། འདི་འདྲ་བ་ཉིད་རྒོལ་བར་

འདོད་པས་དཔེར་བརྗོད་པ་ཡིན་གྱི། གཞན་དག་ལ་མ་ཡིན་པ་ནི་བརྗོད་པའི་ཕྱིར་རོ། །ཡང་ན་རྨོངས་པས་སྨྲ་ལ་མངོན་པར་ཞན་པའི་ཕྱིར་འདི་ཉིད་བརྗོད་པ་ཡིན་ནོ། །དེ་ལྟ་ན་ཡང་སྒྲའི་བསྟན་བཅོས་ནི་དོན་མེད་པར་བསྟན་པར་འགྱུར་བ་དེ་ཉིད་ཀྱི་ཕྱིར་ཤིང་རྟ་ཆེན་པོ་པ་གཞན་

གྱིས་རྒྱལ་པོ་ཁྱེད་པས་ཁོ་བོ་ཅག་ནི་འཁོར་གྱིས་བརྟེན་པའི་སློབ་དཔོན་གྱིས་ཤེས་རབ་ཀྱིས་མངོན་པར་རློམ་མོ་ཞེས་བྱ་བ་འདི་བརྗོད་པ་ལྟ་བུའོ། །མཁས་པ་དམ་པ་ནི་དམ་པའི་བློ་དང་ལྡན་པ་ཡིན་པའི་ཕྱིར་ཇི་ལྟར་བཞད་གད་བྱེད་པ་ཡིན། ཀྱེ་མ་ཞེས་བྱ་བ་འདིར་ཁ་བསྐང་བར་

เล่ม ๑๙๐ · หน้า 104b

བྱའོ། །ཚད་མའི་མཚན་ཉིད་བཅུ་གཉིས་རྒྱས་པར་སྤྲོས་ནས་སྟོན་པ་ནི་རྒྱལ་དཔོག་པའི་བསྟན་བཅོས་ལས་དེ་ཡང་རྒྱལ་བ་པའི་འདོད་པ་བསྟན་པ་ཡིན་ནོ། །དེ་ན་རྟག་པར་དམ་བཅའ་བ་དེ་ཁོ་ན་ཉིད་ཀྱི་རྟེན་སྒྲ་དང་བུམ་པ་ལས་གང་ཡང་རུང་བའི་གཉིས་པ་དང་བཅས་པ་ཞེས་བྱ་

བའི་དམ་བཅའ་བ་འདི་ཉེ་བར་བཀོད་ནས། མཚན་ཉིད་བཅུ་གཉིས་ལ་སོགས་པའི་ཚིག་གིས་ལན་འདེབས་པར་བྱེད་དོ། །རེ་ཞིག་ཚད་མའི་མཚན་ཉིད་གཅིག་ཡུན་རིང་པོ་ནས་བརྗོད་པས་མཚན་ཉིད་ཀྱི་ཆོས་རིག་པ་ནི་འཇུག་པར་བྱེད་པ་ཡིན་ནོ། །འཇུག་པའི་ཚིག་གིས་བྱུང་བ་

དང་འབྱུང་བར་འགྱུར་བ་དང་ཕྲ་བ་དང་བར་དུ་ཆོད་པ་དང་། བསྐལ་པའི་དོན་བསྟན་པ་ལ་ཅུང་ཟད་ཅིག་ཀྱང་དབང་པོ་རྟོགས་པར་ནུས་པ་མེད་དོ། །འདི་ལྟར་ཡོད་པ་དང་འབྲེལ་པའི་སྐྱེས་བུའི་དབང་པོ་ལས་ཀྱང་སྐྱེས་པ་ནི་མངོན་སུམ་ཡིན་ཏེ། རྒྱུ་མེད་པར་རིག་པར་བྱ་བ་དམིགས་

པའི་ཕྱིར་རོ། །འདུ་བྱེད་ཀྱི་སྡུག་བསྔལ་བ་ཉིད་གྲུབ་པ་མེད་པར་ཡང་མི་རྟོགས་པ་ཉིད་གྲུབ་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་མ་བྱུང་བ་ལ་སྐད་ཅིག་མ་རིགས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་ནི་དེ་དང་འདྲ་བའི་ཆོས་ལོགས་ཤིག་ཏུ་བརྗོད་པར་བྱའོ་ཞེ་ན། དེ་ལྟར་ན་ཡང་

དངོས་པོའི་ཆོས་མ་སྨྲས་སུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དེ་ལྟ་བུ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་ནང་དུ་འདུས་པའི་ཕྱིར་རྒོལ་བས་ཤེས་པར་འདོད་པ་ཡིན་ཏེ། དེ་ནི་དེ་ལས་ལོགས་ཤིག་ཏུ་ནི་དམ་བཅའ་བ་ལས་གཞན་པ་གཏན་ཚིགས་དང་དཔེས་སོ། །གང་

གི་ཚེ་འདི་དག་སྒྲུབ་པའི་ཡན་ལག་མ་བརྗོད་པའི་ཇི་སྐད་བཤད་པའི་ཚར་གཅད་པའི་གནས་སུ་འགྱུར་རམ་ཞེ་ན། བཤད་པ། རྒོལ་བས་དེ་ལྟར་དངོས་པོ་སྒྲུབ་པའི་ཡན་ལག་མ་བརྗོད་པ་དང་། ལན་བརྗོད་པ་གང་ཡིན་པ་དེས་ནི་གཉིས་ལས་གཅིག་ཀྱང་རྒྱལ་བ་དང་ཕམ་པར་

མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲུབ་པར་བྱེད་པ་མ་བརྗོད་པའི་ཕྱིར་རྒོལ་བ་རྒྱལ་བ་མེད་པ་འམ། ཕྱིར་རྒོལ་བས་དེའི་དངོས་པོ་མ་རྟོགས་པའི་ཕྱིར་ཕམ་པ་ཡང་མེད་དེ་དེ་ནི་སྒྲུབ་པ་ལ་ལྟོས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྒོལ་བ་ལ་ཡང་དེ་དག་ལ་མེད་པའི་ཡིན་ནོ། །

เล่ม ๑๙๐ · หน้า 105a

ད་ནི་ཕྱིར་རྒོལ་བར་ཚར་གཅད་པའི་གནས་པ་བསྟན་པ་ནི། རྒོལ་བ་སྐྱོན་མི་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་གང་ལས་ཤེས་པར་འདོད་པ་དག་ལའོ། །ཤེས་པར་མི་འདོད་པ་ལ་ཡང་སྐྱོན་མི་བརྗོད་པ་ནི་ཉེས་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །

སྒྲུབ་པར་བྱེད་པའི་སྐྱོན་དེ་གང་ཡིན་ཞེ་ན། བཤད་པ། མ་ཚང་བ་ཉིད་ནི་དྲུག་སྟེ། རེ་རེ་དང་གཉིས་གཉིས་ཀྱིས་སྒྲུབ་པར་མ་བརྗོད་པའོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ཅིག་ཅར་སྦྱོར་བ་མ་ཡིན་ན་རྣམ་པ་དྲུག་ཏུ་མ་ཚང་བའི་སྐྱོན་ཇི་ལྟར་འདོད་

པར་འགྱུར་ཞེ་ན། གང་གི་ཆ་ཐམས་ཅད་ལས་ཉེ་བར་སྦྱོར་བ་ལས་ཁྱབ་པ་དག་ཐ་དད་པ་དེ་ལ་ལྟོས་པ་དེས་ན་འདི་རྣམ་པར་གཞག་གོ། །འོ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་མ་བསྟན་པ་ལ་སོགས་པ་དེའི་ཚེ་ཡང་དཔེའི་སྐྱོན་དུ་འགྱུར་བར་བརྗོད་པར་བྱའོ་ཞེ་ན། འདི་གཞན་

ལ་སྐྱོན་དུ་འགྱུར་ཡང་གཏན་ཚིགས་ལ་སྐྱོན་གཅིག་ཁོ་ན་དང་ལྡན་པར་མི་འགྱུར་ལ། དཔེ་ལྟར་སྣང་བ་བཅོ་བརྒྱད་ཀྱི་དཔེར་བརྗོད་པ་ནི་རིགས་པའི་ཐིགས་པར་རྒྱས་པར་བལྟ་བར་བྱའོ། །དེ་དག་སྒྲ་གང་དང་གང་གིས་བལྟ་བར་བྱ་བ་མ་བརྗོད་པའོ། །མ་བརྗོད་པ་དེ་ཡང་རྣམ་པ་

གསུམ་གྱི་རྒྱུས་ཡིན་ཏེ། དེ་ཡང་སྒྲུབ་པར་བྱེད་པའི་སྐྱོན་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་སྒྲུབ་པར་བྱེད་པ་སྐྱོན་མེད་པ་བརྗོད་པ་ལ་རྒོལ་བས་སྐྱོན་བརྗོད་པ་ཚར་གཅད་པའི་གནས་རིགས་པ་ཡིན་ན་སྐྱོན་དང་བཅས་པ་ཉིད་ལ་ཤེས་པའི་ནུས་པ་མེད་པ་དག་

གིས་སྐྱོན་མ་བརྗོད་ཀྱང་རྒོལ་བས་སྒྲུབ་པར་བྱེད་པ་སྐྱོན་ཅན་སྦྱར་བའི་ཕྱིར་རྒོལ་བ་ཕམ་པར་རྣམ་པར་གཞག་ཕྱིར་རྒོལ་བ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། སྒྲུབ་པར་བྱེད་པ་སྐྱོན་ཅན་བརྗོད་པ་ཡིན་ཡང་ཞེས་བྱའོ། །གལ་ཏེ་རྒོལ་བས་ཕྱིར་རྒོལ་བ་སྤངས་པའི་ཕྱིར་སྒྲུབ་

པར་བྱེད་པ་སྐྱོན་ཅན་ཡིན་པ་དེ་ལྟ་ན་ཡང་དེས་ཅིའི་ཕྱིར་ཕམ་པར་མ་གྱུར་ཞེ་ན། འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དེ་ལྟ་ཡིན་ན། ཅིའི་ཕྱིར་ཕམ་པ་ཉིད་མ་ཡིན་ན་དེ་ཁོ་ན་ཉིད་གྲུབ་པ་ལས་ཉམས་པའི་ཕྱིར་རོ་ཞེ་ན། བརྩད་པ་མ་ཡིན་ཏེ། སུན་མ་ཕྱུང་བའི་

เล่ม ๑๙๐ · หน้า 105b

ཕྱིར་རོ། །ལན་གཞན་ནི། སྐྱེ་བོ་ངན་པའི་ལོག་པར་རྟོགས་པས་ཐ་སྙད་མཛེས་པ་མ་ཡིན་ཏེ། དེའི་ཕྱིར་རིགས་པའི་ལུགས་བྱེད་པ་མ་ཡིན་པར་རྒྱལ་བར་འདོད་པའི་རྒོལ་བ་འགའ་ཞིག་ཚིག་དོར་ལ་སོགས་པའི་ཐ་སྙད་མ་ཡིན་ནོ། །གལ་ཏེ་དེ་ཁོ་ན་དོན་དུ་གཉེར་ན་ནི་རིགས་པ་

བརྗོད་པ་ལས་ཕྱིར་རྒོལ་བས་རྟོགས་པས་དོན་དེ་རིགས་པས་ཁས་བླང་བར་བྱའོ། །འོན་ཏེ་རང་གི་ཕྱོགས་སུ་ལྷུང་བའི་སྟོབས་དང་ལྡན་པའི་ཕྱིར་བརྗོད་པ་ཡང་རིགས་པས་རྟོགས་པ་ཡིན་པ་དེའི་ཚེ་དེས་ཕྱིར་རྒོལ་བ་ལ་དེའི་རིགས་པས་དོན་རྟོགས་པ་དང་ལྡན་པ་མ་ཡིན་པ་ལ་

དབང་པོ་ཉེ་བར་གྱུར་པ་ལས་རྟོགས་པར་བྱེད་པའི་ཕྱིར་དམ་པ་རིགས་པའི་རྗེས་སུ་འབྲང་བའི་རྩོད་པ་བྱེད་པ་འཇུག་པར་འགྱུར་རོ་ཞེས་བྱའོ། །གལ་ཏེ་དེ་ཁོ་ན་ཉིད་བསྲུང་བ་ནི་ཇི་སྐད་དུ་དེ་ངེས་པར་བསྲུང་བ་སྒྲུབ་པའི་དོན་དུ་གཡོ་སྒྱུ་ནི་ས་བོན་སྐྱེད་པ་ལ་ཚེར་མའི་རིབ་མ་བྱེད་པ་

བཞིན་ནོ་ཞེའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་སློབ་དཔོན་གྱིས་སོ། །དེ་ཁོ་ན་ཉིད་བསྲུང་བ་ནི་འདི་ལྟར་ལེགས་པར་གྱུར་པ་ཡིན་ཏེ། ངེས་པར་རྟོགས་པ་དྲུང་ཕྱུང་བ་ལས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་མེད་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་བཤད་པ་དང་། སྒྲུབ་པ་ལྟར་

སྣང་བ་སུན་འབྱིན་པ་བདག་མེད་པའོ། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་ལོག་པར་སྟོན་པ་མེད་པའོ། །ཇི་ལྟར་སྒྲུབ་པར་བྱེད་པ་ལ་སྐྱོན་མེད་པ་ཡིན་ཞེ་ན། སྨྲས་པ། དེའི་སྐྱོན་ཡིན་པར་འདོད་པ་ཡིན་ཡང་གྲུབ་པ་ལ་གནོད་པ་མེད་པའི་ཕྱིར་རོ། །བྱས་པ་སྒྲ་མི་རྟག་

པ་ཙམ་སྒྲུབ་པ་ལ་བྱེད་པ་ལ་བརྗོད་པར་མི་འོས་པར་འགྱུར་བ་ནམ་མཁའི་ཡོན་ཏན་མི་འདོད་ཀྱང་སྒྲུབ་པར་བྱེད་པ་ནི་རྐང་མིག་པ་འགའ་ཞིག་རིགས་པ་མི་ཤེས་པ་བསྟན་བཅོས་ཁས་བླངས་པས་དེ་ཐམས་ཅད་འདོད་ན། དེའི་ཚིག་ཙམ་གྱིས་བསྟན་བཅོས་དང་དམ་བཅའ་ལ་

སྐྱོན་མ་ཡིན་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །བསྟན་བཅོས་ལ་བརྟེན་ནས་ཁས་བླངས་པ་ཙམ་གྱིས་བསྒྲུབ་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན། དྲིས་པའི་ཡོན་ཏན་དུ་གྱུར་པ་འདི་ཉིད་ཀྱིས་གཏན་ཚིགས་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པས་དམ་བཅའ་

เล่ม ๑๙๐ · หน้า 106a

བ་འདི་དང་འགལ་བར་འགྱུར་རོ། །དེ་བཞིན་དུ་དྭ་ར་དྭ་ཛས་སྐྱོན་གཞན་འདི་ཡང་རྗོད་པར་བྱེད་དེ། བདག་མེད་དོ་ཞེས་དམ་བཅའ་བ་ལ་སོགས་པ་ནི་པན་ཚུན་འགལ་བ་ཡིན་ཏེ། གང་གི་ཕྱིར་བདག་ནི་དངོས་པོ་རྗོད་པར་བྱེད་པ་ཡིན་ལ་མེད་དོ་ཞེས་བྱ་བ་ནི་

དེ་དགག་པ་བརྗོད་པ་ཡིན་ནོ་ཞེ་ན། འདི་ནི་མི་རིགས་ཏེ། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་བདག་ཉིད་རྣམ་པར་རྟག་པ་དངོས་པོར་སྣང་བའི་ངོ་བོའི་སྒྲའི་དོན་ལ་གཞན་དག་རྟག་པ་དང་ཁྱབ་པ་ལ་སོགས་པ་བདག་གི་ཁྱད་པར་གྱི་མཚན་ཉིད་ཀྱིས་དངོས་པོར་ཁས་

བླང་བ་དགག་པར་འདོད་པའི་ཕྱིར། འདི་ཉིད་ཆོས་ཅན་དུ་རྣམ་པར་གཞག་ཅེས་ཡོད་པ་དང་མེད་པ་སེམས་པར་བྱེད་དོ། །ཅི་བདག་འདི་རྣམ་པར་རྟོག་པའི་སྣང་བའི་དོན་ཡིན་ནམ། ཇི་ལྟར་མངོན་པར་འདོད་པ་དངོས་པོ་ལས་སྐྱེས་པ་ཡིན་ནམ་མ་ཡིན་སྙམ་པ་འདིར་རྣམ་པར་

རྟོག་པའི་སྣང་བ་འདི་ཉིད་ནི་དོན་ལས་མ་སྐྱེས་པའི་ཕྱིར་དང་། དེ་གཉིས་བློས་གཞག་པའི་སྦྱོར་བ་ལས་བདག་ཏུ་རྟོགས་པའི་ཕྱིར་རོ། །རྣམ་པར་རྟོག་པའི་སྣང་བ་ལས་ཐ་དད་པ་ཕྱི་རོལ་གྱི་མཚན་ཉིད་མི་མཐུན་པ་ཉིད་སྒྲའི་དོན་མ་ཡིན་པའི་ཕྱིར་དེ་ནི་དགག་པ་དང་སྒྲུབ་པ་

ཡང་མེད་དོ། །དེ་ལྟ་མ་ཡིན་ན་ནི། གཅིག་ཏུ་དོན་དམ་ལ་འཇུག་པ། །ལྟ་བ་བྱེ་བྲག་གཞན་དག་ནི། །དོན་རྣམས་ལ་ནི་སྒྲ་རྣམས་དག །རྒྱུ་མེད་ཅན་འགྱུར་མི་འཇུག་ཅིང་། །འདས་དང་མ་སྐྱེས་པ་ལ་ཡང་། །ཚིག་འགའ་ཞིག་ཀྱང་བརྫུན་པ་ཡིས། །དོན་ཅན་དུ་ནི་མི་

འགྱུར་ཕྱིར། །འདི་དག་བློ་ཡུལ་དོན་ཅན་འདོད། །དེ་ཡང་དངོས་པོར་ཁས་ལེན་པའི་རྣམ་པར་རྟོག་པ་འདི་དགག་པར་འདོད་པ་ཡིན་ཏེ། དེ་ནི་ཡུལ་དང་དུས་སོ་སོར་ངེས་པ་ལ་ལྟོས་པའི་རྣམ་པར་རྟོག་པའི་སྣང་བའི་ཡུལ་ཡིན་པའི་ཕྱིར་རོ། །སྒྲ་འདི་ཉིད་ཀྱང་ཡུལ་མེད་

པ་མ་ཡིན་ནོ། །དེས་ཀྱང་ཇི་སྐད་དུ་བཤད་པ། གང་གང་ལ་འགོག་པ་དེ་ནི་དེ་ལས་གཞན་པ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་ཇི་ལྟར་མེད་པའི་དབང་དུ་བྱས་ནས་བུམ་པའི་སྒྲ་བྱམ་པར་རྟོགས་པར་བྱེད་པ་ཡིན་དུ་ཆུག་པ་དེ་ལྟར་ན་ཡང་ཡུལ་དང་དུས་ཀྱི་ཁྱད་པར་ལས་འགོག་

เล่ม ๑๙๐ · หน้า 106b

པར་བྱེད་དེ་བུམ་པ་མེད་དོ་ཞེས་བྱ་བ་བཞིན་དུ། ཁྱིམ་འདི་ན་མེད་དོ་ཞེས་ཡུལ་གྱི་བྱེ་བྲག་འགོག་པ་དང་། དེ་ལྟར་མེད་དོ། །སྔར་མེད་དོ། །ཕྱིས་མེད་དོ་ཞེས་དུས་ཀྱི་བྱེ་བྲག་འགོག་པ་ཡིན། ཐམས་ཅད་ན་འདི་མེད་ཅེས་འགོག་ན་ཐམས་ཅད་དུ་བུམ་པ་ཉམས་སུ་མ་མྱོང་

བ་དགག་པར་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་བདག་ཀྱང་མི་འགྱུར་རོ། །འདི་ཡུལ་གྱི་བྱེ་བྲག་དང་དུས་ཀྱི་བྱེ་བྲག་ལ་འགོག་པ་ཡིན་ནོ་ཞེ་ན། གལ་ཏེ་རེ་ཞིག་ཡུལ་གྱི་བྱེ་བྲག་ལ་འགོག་ན་དེ་ནི་བདག་ལ་མི་རིགས་ཏེ། བདག་ལ་ཡུལ་མེད་པའི་ཕྱིར་དང་། ཡུལ་གྱི་བྱེ་

བྲག་ལ་འགེགས་པས་བདག་དགག་པར་མི་རིགས་པའི་ཕྱིར་དང་། དེ་ཁྱེད་མི་འདོད་པའི་ཕྱིར་རོ། །གལ་ཏེ་ལུས་ལ་བདག་མེད་པ་ཡིན་ནོ་ཞེ་ན། གང་གི་ལུས་ལ་བདག་མི་འགོག་པར་བྱེད། གལ་ཏེ་ལུས་ལ་བདག་མེད་དོ་ཞེས་དེ་ལྟར་འགོག་གོ་ཞེ་ན། སུའི་ཡུལ་ལ་བདག་འདི་

འགོག་པ་ཡིན། དེ་ལྟར་ན་བདག་ནི་གང་གང་ལ་ཡང་བདག་མེད་དོ། །མེད་པ་འདི་ཉིད་ཅི་ཞིག་ཡིན། ཁྱད་པར་འགོག་པའི་ཕྱིར་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ཚུལ་ཅི་ཞིག་ཡིན། འདི་ནི་འདི་ལྟ་བུ་ཡིན་ནོ་ཞེས་ཚིག་གི་ཚུལ་གྱིས་ཇི་ལྟ་ཇི་ལྟར་གྱུར་པ་དེ་ལྟ་དེ་ལྟར་བསྟན་པར་

བྱ་བ་ཡིན་པའི་ཕྱིར་དང་། བདག་འདི་ནི་འགའ་ཞིག་ལ་མེད་པའི་ཕྱིར་རོ། །དེའི་ཕྱིར་བསྟན་པ་དེ་བཞིན་དུ་དུས་ཀྱི་བྱེ་བྲག་ལ་ཡང་དགག་པར་རིགས་པ་མ་ཡིན་ཏེ། བདག་ནི་དུས་གསུམ་དུ་མི་གསལ་བའི་ཕྱིར་རོ། །བདག་འགོག་པར་བྱེད་ན་ནི་སྒྲ་ཡུལ་དང་བཅས་པ་བརྗོད་

དགོས་ན། ཚིག་གཅིག་ཀྱང་དོན་མེད་པར་མ་མཐོང་ངོ་། །འོན་ཏེ་ལུས་ལ་སོགས་པ་རྣམས་ལ་བདག་གི་སྒྲ་རྗོད་པར་བྱེད་པ་དེ་ལྟ་ན་ཡང་ཇི་ལྟར་འགལ་བ་མེད་པ་ཡིན། བདག་མེད་དོ་ཞེས་བྱ་བ་ལ་འདིའི་དོན་ནི་འདི་ཡིན་ཏེ། ལུས་ལ་སོགས་པ་མེད་དོ་ཞེས་བྱ་བར་འགྱུར་རོ་

ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབྲེལ་བ་མེད་པ་མང་པོ་དེ་གསལ་བ་ཡིན་ནོ། །དམ་བཅའ་བ་དོན་གྱི་ཕྱོགས་ཡིན་ནོ་ཞེས་བྱ་བ་དེ་ཡང་སྤྱི་འམ་ཁྱད་པར་ཞིག་ཡིན་པར་གྱུར་ན། གང་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ནི་མ་ཡིན་ཏེ།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด