རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) བཱ་ད་ནྱ་ཡ་བྲྀཏྟི་བི་པཉྫི་ཏཱརྠ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๐ · หน้า 134b
དོན་ཡིན་པའི་ཕྱིར་མི་ནུས་སོ་ཞེས་བྱ་བར་གནས་པའམ་ལན་ཁོང་དུ་ཆུད་པ་མེད་པ་ཉིད་ཚར་གཅད་པའི་གནས་སུ་ཡིན་ནོ་ཞེས་བྱ་བའོ། །དེ་བཞིན་དུ་མི་ཤེས་པ་ཉིད་ཀྱང་ལན་ཁོང་དུ་ཆུད་པ་མེད་པས་ཚར་གཅད་པའི་གནས་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ལ་ཆོས་བསྡུ་བའོ། །གང་གི་ཕྱིར་རྒོལ་
བས་སུན་འབྱིན་པ་དེའི་ཡུལ་མི་ཤེས་ན་ཇི་ལྟར་ལན་གྱི་ཡུལ་དུ་སྨྲ་བར་འགྱུར། དཔེ་ཁ་ཅིག་ལས་ལན་གྱི་ཡུལ་སྐྱོན་སྨྲ་བར་འགྱུར་ཞེས་འདོན་ཏོ། །ཇི་ལྟར་ན་ལན་དང་ལན་གྱི་ཡུལ་གྱི་ལན་ཡིན་ཞེ་ན། དེ་ནི་དེ་ལྟ་བུའི་ཚིག་དང་འབྲེལ་པ་ཡིན་ནོ། །ལན་དང་ལན་གྱི་ཡུལ་མི་ཤེས་ན་ཇི་ལྟར་ལན་བརྗོད་པ་
ཡིན་ཞེ་ན། དེའི་ཡུལ་མི་ཤེས་པ་དང་ལན་མི་ཤེས་པ་ཚར་གཅད་པའི་གནས་ཡིན་ཏེ། རྟོགས་པར་བྱ་བ་སྤོབས་པ་མེད་པའི་ཕྱིར་རོ། །བརྗོད་དུ་མེད་དོ་ཞེས་བྱ་བར་གནས་སོ། །ཅིའི་ཕྱིར་ཞེ་ན། བརྗོད་པར་འགྱུར་བས་དོན་རྣམ་པ་གཞན་དུ་ན་སྤོབས་པ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཇི་
ལྟར་ཡུལ་མེད་པ་ཡིན་ཞེ་ན། དོན་ངེས་པར་གཟུང་བ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་སྔ་མའི་ལན་ངེས་པར་གཟུང་བ་མེད་པའི་དོན་གྱི་ཕྱིར་རྒོལ་བས་རྗེས་སུ་བརྗོད་པ་མེད་པའོ། །རྗེས་སུ་སྨྲ་བ་མེད་པའི་ཡུལ་མ་བསྟན་པས་ལན་ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར་ལན་
ཁོང་དུ་ཆུད་པ་མེད་དེ། མི་ཤེས་པ་འམ་མ་བརྗོད་པས་སོ། །ཅིའི་ཕྱིར་ལན་གྱི་ཡུལ་མི་ཤེས་པ་ལ་ལན་རྟོགས་པ་མེད་པ་ཡིན་ཞེ་ན། ལན་དང་དེའི་ཡུལ་མི་ཤེས་པ་ཅན་ལ་ལན་ཁོང་དུ་ཆུད་པ་མི་ཤེས་པའི་ཕྱིར་རམ། ལན་ཁོང་དུ་ཆུད་པ་དེའི་ཡུལ་གང་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་
བསྡུ་བའོ། །དེའི་ཕྱིར་དེའི་ལན་མི་ཤེས་པ་གཉིས་ཀྱང་རྟོགས་པ་མེད་པ་ནི་སྤོབས་པ་མེད་པ་ཞེས་བྱ་བའི་རྒྱུ་ཡིན་ནོ། །འོ་ན་ལན་མི་ཤེས་པ་ཉིད་སྤོབས་པ་མེད་པ་དེ་ཇི་ལྟར་དེའི་བདག་ཉིད་ཀྱི་རྒྱུ་ཡིན་པ་ཉེ་བ་ཉིད་དུ་བསྟན་ཞེ་ན། མ་ཡིན་ཏེ། ལན་བརྗོད་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་
ནི་བརྗོད་པར་འདོད་པའི་སྤོབས་པ་མེད་པའི་ཕྱིར་རོ། །དེ་མེད་ན་ཞེས་བྱ་བ་ནི་དེ་དག་གི་ལན་མི་ཤེས་པ་དག་མེད་པར་འགྱུར་རོ། །ཁོང་དུ་ཆུད་པ་དང་རྗོད་པར་བྱེད་པ་དག་གི་ལན་ནི་ཡོད་པ་ཁོ་ནའོ། །ཕྱིར་རོ་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དེ་དག་གི་ཡུལ་མི་ཤེས་པ་དང་ལན་མི་ཤེས་པ་
เล่ม ๑๙๐ · หน้า 135a
དག་མི་ཤེས་པའི་མིང་ཅན་དག་ཚར་གཅད་པའི་གནས་ཡིན་ཏེ་སྤོབས་པ་མེད་པ་ལོགས་ཤིག་ཏུ་ཚར་གཅད་པའི་བརྗོད་པ་ཡིན་ན། སྤོབས་པ་མེད་པའི་ཡུལ་གང་ཡིན་ཞེས་བརྗོད་པར་བྱ། གལ་ཏེ་ཡུལ་མེད་པར་བརྗོད་པ་ནི་དེའི་ཚེ་ཡུལ་མེད་པ་ཅན་ཡིན་པའི་ཕྱིར།
སྤོབས་པ་མེད་པར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་རོ། །མི་ཤེས་པ་དང་རྗེས་སུ་བརྗོད་པ་མེད་པ་དེ་དག་ཐ་དད་པར་བརྗོད་པ་ཡིན་ནོ་ཞེས་གཞན་དུ་བརྗོད་པར་བྱ་སྟེ། མི་ཤེས་པ་དང་སྤོབས་པ་མེད་པ་ཡུལ་ཐ་དད་པ་རྣམ་པར་འཇོག་པ་ཕ་རོལ་པོས་སྨྲས་པ། ལན་མི་ཤེས་པ་ནི་མི་
ཤེས་པར་མི་བརྗོད་པ་ནི་གང་ལ་སྤོབས་པ་མེད་པ་ནི་ཡུལ་མེད་པའི་ཕྱིར་མི་བརྗོད་ཀྱི། འོན་ཀྱང་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་མི་ཤེས་པའོ། །དེ་ལྟ་ན་ཇི་ལྟར་སྤོབས་པར་བྱེད་པ་ཡུལ་ཤེས་པ་དང་ལྡན་པར་འགྱུར་ཞེ་ན། བཤད་པ་ཡུལ་མི་ཤེས་པར་འགྱུར་བའི་
དུས་ཀྱིས་ཕྱིས་ཕྱིར་རྒོལ་བས་ལན་ཤེས་པའི་ལན་ཁོང་དུ་མ་ཆུད་པས་མི་སྨྲ་བའི་ཕྱིར་རོ། །དེས་ན་ཡུལ་ཡོད་པ་ལ་སྤོབས་པ་མེད་པ་ནི་མི་ཤེས་པ་ལས་མ་འདས་པ་ཡིན་ནོ། །དེ་ལྟ་ན་ཡང་བརྗོད་དུ་མེད་པའི་ཕྱིར། དེ་ལྟ་ཡིན་ན་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་མེད་པ་ནི། མི་ཤེས་
པའི་ནང་དུ་འདུས་པར་སྒྲུབ་པའི་ཕྱིར་རོ། །ཡུལ་ཡང་དག་པར་ཁོང་དུ་ཆུད་པ་ཡིན་ན་སུ་ཞིག་རྗེས་སུ་དཔག་པ་མེད་པར་འགྱུར། དེས་ན་རྗེས་སུ་དཔག་པ་མེད་པ་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །གཞན་ཡང་རྗེས་སུ་བརྗོད་པ་དེ་བཞིན་དུ་སྤོབས་པ་མེད་པ་ཡང་མི་ཤེས་པ་ལས་
ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །བཤད་པ། ལན་མི་ཤེས་པ་ནི་ནང་དུ་འདུས་པའི་ཕྱིར་རོ། །ཡུལ་ནི་འདི་ཡིན་ནོ་ཞེས་པ་ལ་སོགས་པ་དང་། ཡུལ་ཤེས་པ་ཡོད་པ་ལ་སོགས་པ་ནི་ཕ་རོལ་གྱིའོ། །འདི་སྐད་སྟོན་པ་ཡིན་ཏེ། ལན་མི་ཤེས་པ་ནི་རྣམ་པ་གཉིས་ཏེ། ཡུལ་མི་
ཤེས་པ་དང་ལྷན་ཅིག་པ་འམ། ཡུལ་ཤེས་པ་དང་ལྷན་ཅིག་པ་འམ། དེ་ལ་དང་པོ་ནི་ཡུལ་མི་ཤེས་པ་ཉིད་ཀྱི་ནང་དུ་འདུས་པ་ཡིན་ལ་ཕྱི་མ་མ་འདུས་པ་ཉིད་དོ། །དེས་ན་གཉིས་པ་ལ་ལྟོས་ནས་སྤོབས་པ་མེད་པའི་ལོགས་ཤིག་ཏུ་བརྗོད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཐུག་པ་མེད་པ་ཚར་
เล่ม ๑๙๐ · หน้า 135b
གཅད་པའི་གནས་སུ་ཐལ་བར་འགྱུར་རོ་སྙམ་ནས། དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མི་ཤེས་པ་ལ་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པ་ད་ལྟར་མི་ཤེས་པ་དག་ལ་ཡང་ཞེས་བྱ་བ་ནི་ཡུལ་གྱི་ལན་མི་འདེབས་པ་དག་ཀྱང་ཡུལ་ཐམས་ཅད་ཀྱི་ལན་མི་ཤེས་པའོ། །
སྩོགས་པ་སྨོས་པ་ནི་གཉིས་དང་གསུམ་དང་བཞི་ལ་སོགས་པའི་རྣམ་པར་དབྱེ་བ་ལ་བརྟེན་པ་ཡིན་ནོ། །ཡུལ་སྤྱི་དང་ལན་མི་ཤེས་པའི་བསྡུས་པར་བརྗོད་པའི་སྐྱོན་ཡིན་ནོ་ཞེ་ན། བཤད་པ། སྐྱོན་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་སྐྱོན་མེད་པ་དེ་ལྟར་ཡོན་ཏན་ཡང་མེད་དོ་ཞེ་ན། བཤད་
པ། ཡོན་ཏན་ནི་བླ་མའི་མིང་ཅན་དུ་རྟོགས་པའི་ཕྱིར་འདུས་པར་བརྗོད་པར་མི་རིགས་པ་ཡིན་ནོ། །སྤོབས་པ་མེད་པའི་ཡུལ་བརྗོད་པ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་མི་བརྗོད་དོ། །སྤོབས་པ་མེད་པའི་ཚིག་བསྡུས་ཞེས་བྱ་བའི་དོན་ཡིན་ནོ། །འདི་འབའ་ཞིག་ལོགས་སུ་མི་བརྗོད་པར་
རིགས་པར་མ་ཟད་ཀྱི་འོན་ཀྱང་གཞན་དག་ལ་མ་ཡིན་ནོ་སྙམ་ནས། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་གཉི་ག་ཚིག་ཉིད་ཀྱིས་ཞེས་བྱ་བ་ནི་གཏན་ཚིགས་ལྟར་སྣང་བ་དང་སྤོབས་པ་མེད་པའི་ཚིག་གིས་སོ། །ཐམས་ཅད་ནི་དམ་བཅའ་བ་ཉམས་པ་དང་རྗེས་སུ་མི་བརྗོད་པ་ལ་
སོགས་པའོ། །རྒོལ་བ་འབའ་ཞིག་ཡང་དག་པར་སྒྲུབ་པར་བྱེད་པ་ན་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྗེས་སུ་འགྲོ་བར་མི་འགྱུར་རོ། །དམ་བཅའ་བ་དང་དམ་བཅའ་བ་སྒྲུབ་པར་བྱེད་པ་དག་གི་རྗེས་སུ་འགྲོ་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་བཞིན་དུ་སུན་འབྱིན་པ་
གསལ་བར་བརྗོད་པ་འགའ་ཞིག་རྗེས་སུ་བརྗོད་པ་ཡིན་ན་ཇི་ལྟར་རྣམ་པར་གཡེངས་པ་མ་ཡིན་ནོ། །གཞན་གྱི་འདོད་པ་རྗེས་སུ་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །འདི་གཉི་གར་འདུས་པ་ཡང་སྤྲོས་པའི་ཡོན་ཏན་དང་ལྡན་པ་དེས་ནི་དེ་ཐུབ་པ་ལ་སོགས་པས་
བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། བཤད་པ་དེ་གཉི་གར་འདུས་པའི་རབ་ཏུ་དབྱེ་བ་ཡོད་ན་ཡོན་ཏན་གྱི་ཁྱད་པར་མེད་ཅིང་མི་དམིགས་པའི་ཕྱིར་དང་། ཡོན་ཏན་སྤྲོས་པ་མེད་པའི་ཚིག་ལ་སོགས་པ་ལ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །མཆན་ཁུང་བཙིར་བ་ལ་སོགས་པ་བརྗོད་པར་ཐལ་བར་
เล่ม ๑๙๐ · หน้า 136a
འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐུབ་པ་ཆེན་པོ་སྤྲོས་པ་དོན་མེད་མཛད་པ་དོན་མེད་པ་ཡིན་ནོ། །གཞན་གྱི་ཕྱོགས་འགེགས་པར་བྱེད་པ་གང་གི་ཚེ་སུན་འབྱིན་པའི་ལན་ཤེས་པར་མི་འགྱུར་བ་དང་རིག་པར་མི་འགྱུར་བ་དང་། བརྗོད་དུ་མེད་པ་དེའི་ཚེ་ཚར་གཅད་
པར་བྱ་བ་རིག་པར་བྱའོ་ཞེས་གཞན་གྱི་གཞུང་ཡིན་ནོ། །དེ་ཡང་འདིར་ཚར་གཅད་པའི་གནས་ཡིན་པ་དེ་ཉིད་ཀྱི་ཕྱིར་ཁོ་བོ་ཅག་གིས་འདི་སྐྱོན་དུ་བརྗོད་པས་འདིར་བཤད་པ་འདི་ཡིན་ནོ་ཞེས་རྗེས་སུ་དཔག་པ་རྗེས་སུ་རིག་པར་བྱའོ། །སྒྲུབ་པར་བྱེད་པ་ལ་སོགས་པའོ། །སྒྲུབ་པར་བྱེད་
པའི་ཚིག་གིས་དེ་མ་ཐག་པ་སུན་འབྱིན་པས་བརྗོད་པར་བྱ་བ་ནི་གང་གི་ཚེ་དེ་མ་བྱས་པ་ཐམས་ཅད་གོ་རིམས་བཞིན་དུ་རྗེས་སུ་བརྗོད་པར་སྨྲ་བ་དང་། ཚིགས་སུ་བཅད་པ་འདོན་པ་ནི་དབང་པོ་འམ་གཞན་པ་ཡང་དག་པར་བརྗོད་པ་དུས་འདས་པ་དེའི་ཚེ་དོན་མེད་པ་དང་དགོས་པ་མེད་པས་དུས་
འདས་པར་བྱས་པས་སྐྱོན་ཕྱིར་རྒོལ་བ་བརྗོད་པ་ཁོང་དུ་ཆུད་པ་མེད་པ་ནི་ཚར་གཅད་པའི་གནས་ཡིན་ནོ། །དོན་མེད་པ་ནི་བྱེད་པའི་ཚིག་གམ་དུས་ཀྱི་ཚིག་གི་ཁྱད་པར་ཡིན་ནོ། །འབྲས་བུ་ལ་ཆགས་པ་ན་རྒྱུ་ཉེ་བར་འགོད་པས་རྩོད་པ་གཅོད་པ་ནི་རྩོད་པ་མི་སྨྲ་བའོ། །དཔེར་ན་གནའ་གཏམ་བརྗོད་
ཅིང་དེ་ལྟར་རྩོད་པ་བྱེད་མི་ནུས་ཀྱི་ཕྱིས་གཏམ་བྱའོ་ཞེས་ཟེར་བ་དེ་བཞིན་དུ་ཐོག་མའི་སྐབས་སུ་བབ་པ་ལ་ཡང་བརྗོད་ན་གཟུང་བར་བྱ་བར་སེམས་པ་ཇི་ལྟར་འགྱུར། ཚར་གཅད་པའི་གནས་བཤད་པ་ནི་རྒོལ་བ་འམ་ཕྱིར་རྒོལ་བ་གང་ཡང་སྒྲུབ་པར་བྱེད་པ་མི་བརྗོད་པ་དང་སུན་འབྱིན་པར་མི་བྱེད་
པ་བཀོད་པས་ཚར་གཅད་པ་དང་དེ་ཚར་གཅད་པར་བྱེད་པའི་མཐར་ཐུག་པ་རྩོད་པ་དེ་ལྟ་བུར་གྱུར་པ་བརྩམས་པ་འདི་རང་ཉིད་ཀྱིས་རྩོད་པའི་མཐར་ཐུག་པ་རྟོགས་པར་འགྱུར་རོ་ཞེས་བྱ་བ་ནི་ཚར་གཅད་པའི་གནས་ཡིན་ནོ་ཞེ་ན་འདིར་སློབ་དཔོན་གྱིས་སྨྲས་པ། འབྲས་བུ་ལ་ཆགས་པར་གྱུར་པ་
པ་ཡིན་ནོ། །གལ་ཏེ་རེ་ཞིག་རྒོལ་བ་ཕྱོགས་སྔ་མ་ཕྱེད་པ་ནི་སྒྲུབ་པ་བརྗོད་པའི་ཤུགས་ཀྱིས་གཡོ་སྒྱུ་ལྡན་པ་ཙམ་གྱི་སྒོ་ནས་ཚིག་དོར་རྣམ་པ་འགའ་ཞིག་གིས་ཞེས་བྱ་བའི་དོན་ཏོ། །ཡང་དག་པ་ཇི་ལྟ་བའི་རྩོད་པའི་ངོར་བྱས་པ་ནི་འབྲས་བུའི་དངོས་པོར་གྱུར་པ་བྱེད་པ་ལ་འཇུག་པ་མ་ཡིན་ནོ། །
เล่ม ๑๙๐ · หน้า 136b
རྣམ་པ་འགལ་བ་དེ་ལྟ་བུར་བརྗོད་པའི་དངོས་པོ་ནི། རྩོད་པ་ནི་ཕ་རོལ་པོ་འཁྲུལ་པའི་ངང་ཚུལ་ཅན་གང་ཡིན་པའི་གཏམ་གསར་པ་དང་ཁོང་པ་གཟེར་བ་དང་། ཁྱིམ་ཚིག་པ་ལ་སོགས་པ་དེ་བཞིན་དུ་འམ། ཡང་ན་དེ་དང་དེའི་དུས་སུ་ཁོང་གཟེར་བ་དང་། ཁྱིམ་ཚིག་པའི་བདེན་པའི་དེ་ལྟ་བུར་
གྱུར་པ་ཡིན་ན་ནི་ཆར་གཅད་པའི་གནས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་གང་གི་ཚེ་གཡོ་སྒྱུ་ཙམ་གྱི་སྒོ་ནས་བྱེད་པ་ཡིན་པ་དེའི་ཚེ་རང་གི་སྒྲུབ་པ་ཡོངས་སུ་གཅོད་པར་བྱེད་པ་ཉིད་རྣམ་པར་གཡེངས་པར་འགྱུར་རོ། །དེ་ལྟར་གྱུར་ན་ཅི་ཉེས་ཤེ་ན། བཤད་པ། དེ་ལྟ་ན་འདི་ནི་རྣམ་པར་
གཡེངས་པ་ཅན་བྱ་བ་ཚར་གཅད་པའི་གནས་ཡིན་ཏེ། དོན་གཞན་གྱི་རྗེས་སུ་འབྲང་བའི་ནང་དུ་འདུ་བར་འགྱུར་རོ། །དངོས་པོའི་རྐྱེན་སྒྲུབ་པ་ཞེས་བྱ་བ་དང་པོའི་བཤད་པ་དང་མཚུངས་པའི་ཕྱིར་ཉེ་བར་བཀོད་པར་བྱེད་པ་འམ། གཏན་ཚིགས་ལྟར་སྣང་བ་རྣམས་ཀྱི་ནང་དུ་འདུས་པའི་དབང་དུ་བྱས་
པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་སྒྲུབ་པར་བྱེད་པའི་ནུས་པ་མེད་པར་བརྗོད་པའི་ཕྱིར་རོ། །འོན་ཀྱང་འདི་དག་དོན་མེད་པ་དང་། དོན་དང་བྲལ་བ་དངོས་སུ་ཡོད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྒྲུབ་པར་བྱེད་པའི་རང་བཞིན་གྱི་འབྲེལ་བ་རྟོགས་པ་མེད་པའི་ཕྱིར་རོ། །དེས་ན་བསྒྲུབ་པའི་ངག་
དང་ལྷན་ཅིག་སེའུ་བཅུ་ཞེས་བྱ་བ་ལ་སོགས་ཛྷ་བ་ག་ད་ཌྷ་ལ་སོགས་པ་ཡི་གེའི་གོ་རིམས་བརྗོད་པའི་འབྲེལ་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཅུང་ཟད་ཙམ་ཐ་དད་པའི་རྒྱུ་མཚན་གྱི་ཆོས་ལ་སོགས་ཤིན་ཏུ་བྱེད་པ་ཡིན་ནོ་ཞེ་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། སྒྲུབ་པར་བྱེད་པའི་འབྲེལ་པ་རྟོགས་པ་མེད་པ་གང་དག་རབ་ཏུ་ཐ་དད་པ་དེ་དག་ག་འབྲེལ་པ་སྒྲུབ་པར་བྱེད་པའི་ངག་རབ་ཏུ་བསྟན་པ་དང་དེ་ཡང་ཐ་དད་པ་དང་དེ་དག་ཡིན་ནོ་ཞེས་བྱ་བའི་འབྲས་བུའོ། །དེ་ལྟ་ན་རེ་ཞིག་རྒོལ་བ་ཕྱོགས་སྔ་མ་དང་འབྲེལ་པའི་རྣམ་པར་གཡེངས་པའི་ལོགས་
ཤིག་ཏུ་བརྗོད་དུ་མེད་པར་བཤད་པ་དེ་ལྟར་ནི་ཕྱིར་རྒོལ་བ་དང་འབྲེལ་པ་ཡང་ཡིན་ནོ། །འོ་ན་དེ་བཞིན་དུ་རྒོལ་བ་ཕྱོགས་ཕྱི་མ་བྱིས་པ་མ་ལུས་པས་ལོགས་ཤིག་ཏུ་བྱས་པ་ལ་སོགས་པའི་རིམ་གྱིས་ཇི་ལྟར་རྣམ་པར་གཡེངས་པར་འགྱུར་ཞེ་ན། དེ་ནི་དེའི་རྒོལ་བ་ཕྱོགས་ཕྱི་མ་སྒྲུབ་པར་བྱེད་པ་དེ་མ་ཐག་
เล่ม ๑๙๐ · หน้า 137a
པའི་ལན་བསྟན་པར་བྱར་མེད་པ་རྟོགས་པ་མེད་པར་འགྱུར་བ་དེའི་ལན་བརྗོད་པ་མེད་པའི་རྣམ་པར་གཡེང་བ་སྟོན་པ་གང་ཡིན་པ་དེ་ནི་སྤོབས་པ་མེད་པ་འམ། དོན་གཞན་གྱི་ནང་དུ་འདུས་པར་འགྱུར་རོ། །གཞན་ཡང་ཇི་སྐད་བཤད་པའི་
ནང་དུ་འདུས་པར་མི་བཟོད་པར་གྱུར་ནས་གལ་ཏེ་གདོན་མི་ཟ་བར་ཞེས་བྱ་བ་འདི་དག་བརྗོད་པ་ཡིན་ནོ། །འབྲེལ་པ་མེད་པ་ནི་སྒྲུབ་པར་བྱེད་པའི་ངག་འབྲེལ་པ་མེད་པ་རྩོད་པ་སྣ་ཚོགས་པས་གཞན་གྱི་སྤོབས་པ་འཕྲོག་པ་དང་ཆར་འབྱེད་པ་དང་། འཁྲུལ་པ་བརྗོད་པའི་སྒོ་ནས་ཀྱང་རྩོད་
པར་འགྱུར་ཞེ་ན། སློབ་དཔོན་གྱིས་སྨྲས་པ། མ་ཡིན་ཏེ། མི་སྲིད་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་རྩོད་པ་ནི་གང་གི་ཕྱིར་སྒྲ་ལ་སོགས་པ་གཅིག་ལ་བརྟེན་པའི་འགལ་བ་དང་རྟག་པ་དང་མི་རྟག་པ་ཉིད་ལ་སོགས་པའི་དམ་བཅའ་བའི་ཁས་བླངས་པའི་རྒོལ་བ་དག་ལ་རྩོད་པ་ནི་འདི་
འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་དང་གང་ལ་འགལ་བ་ཁས་མི་ལེན་པ་དེ་དང་དེ་བཞིན་དུ་འགལ་བ་ཁས་མི་ལེན་པ་གང་ཡིན་པའི་སྐྱེས་བུ་དེས་ཁས་བླངས་པ་མེད་པ་དེ་དག་ལ་ཡང་རྩོད་པ་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་པར་གཞག་པ་དེ་ལ་རིག་པ་འམ་གཞི་མེད་པ་ཡིན་
པས་དེ་ལ་སྨོས་སོ། །རྒོལ་བ་མེད་པ་དང་ཕྱིར་རྒོལ་བས་གདོན་མི་ཟ་བར་གཅིག་བརྗོད་པ་ན་འགྱུར་རོ། །ཅིག་ཅར་ཅིའི་ཕྱིར་མ་བརྗོད་ཅེ་ན་བཤད་པ་ཅིག་ཅར་འཇུག་པ་ན་རང་བཞིན་དུ་གནས་པའི་བདག་ཉིད་དུ་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན་
བཤད་པ་ཉན་པ་དང་ངེས་པར་འཛིན་པ་དང་ལན་གདབ་མི་སྲིད་པའི་རྒྱུར་གྱུར་པའི་ཕྱིར་འཇུག་པ་འབྲས་བུ་མེད་དོ། །གལ་ཏེ་ཕན་ཚུན་མ་འདྲེས་པར་བརྗོད་པ་ཉན་པར་འགྱུར་བ་དེའི་དོན་ངེས་པར་འཛིན་པའི་ལན་དུ་འགྱུར་རོ། །ནམ་མཁའི་གོས་ཅན་གྱིས་བརྗོད་པས་དུས་བཞིན་དུ་
ཅིག་ཅར་འཇུག་པ་འདི་ཐམས་ཅད་ལ་སྲིད་པར་མི་འགྱུར་རོ། །དེའི་ཕྱིར་གདོན་མིས་བར་གཅིག་སྔར་བརྗོད་པ་ལས་བརྗོད་པར་འགྱུར་བ་དེས་ན་རང་བཞིན་དུ་གནས་པའི་རྒོལ་པ་ཕྱོགས་སྔ་མ་སྒྲ་མི་རྟག་པ་སྒྲུབ་པར་བྱེད་པ་ལ་སོགས་པ་རང་གི་ཁས་བླངས་པ་ཉེ་བར་དགོད་པར་བྱེད་པར་བརྗོད་པར་བྱའོ། །
เล่ม ๑๙๐ · หน้า 137b
རྣམ་པ་གཞན་དུ་དཔང་པོ་ལ་སོགས་པ་གཞན་གྱིས་ཁོང་དུ་ཆུད་པར་མི་འགྱུར་བའི་གཏན་ཚིགས་བརྗོད་ཅིང་རྒོལ་བ་ཕྱོགས་སྔ་མ་གཞན་དག་གིས་ཀྱང་ལན་དེ་དག་འབྲེལ་པ་བརྗོད་པ་དང་སྒྲུབ་པར་བྱེད་པ་འབྲེལ་པའི་སུན་འབྱིན་པ་བཤད་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེའི་ཕྱིར་རྒོལ་བ་
དག་གཉི་གས་ཡང་དག་པ་མ་ཡིན་པ་མེད་པ་ལ་འཇུག་པའི་གཏན་ཚིགས་ལྟར་སྣང་བ་དང་། སྤོབས་པ་མེད་པས་བསྡུ་བའི་རིགས་པ་ལ་འཇུག་པ་ཐམས་ཅད་ཀྱི་ཕྱོགས་སྔ་མ་དང་ཕྱི་མ་བཀོད་པའི་གཏན་ཚིགས་ལྟར་སྣང་བ་དང་སྤོབས་པ་མེད་པ་གཉིས་པོ་དག་ནི་ཤིན་ཏུ་བསྐལ་པ་མ་
ཡིན་ནོ། །འོ་ན་གལ་ཏེ་རིགས་པ་ལ་འཇུག་པ་དེ་ལ་རྣམ་པ་གཉིས་སུ་ཇི་ལྟར་འཇུག་པར་འགྱུར། ཆོས་ཅན་གཅིག་ལ་འགལ་བར་ཉེ་བར་དགོད་པ་ཇི་ལྟར་འགྱུར། གདོན་མི་ཟ་བར་རིགས་པ་ལ་འཇུག་པ་ན་དེ་ལ་གཅིག་ཉེ་བར་དགོད་པར་བྱེད་པ་ན་རིགས་པ་འཇུག་པར་འོས་སོ། །དེ་
ལྟ་མ་ཡིན་ན་ཆོས་ཅན་གཉིས་སུ་འགྱུར་རོ། །བསམ་པ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ཁྱེད་ཀྱིས་འདིའི་རིགས་པ་ལ་འཇུག་པ་སློབ་དཔོན་གྱིས་བརྗོད་པར་འདོད་པར་ཤེས་པ་ནི་མ་ཡིན་ནོ། །རིགས་པ་ལ་འཇུག་པ་ཉིད་ནི་ཕྱོགས་སྔ་མ་དང་ཕྱི་མ་དགོད་པ་ཅིག་ཅར་འཇུག་པ་མེད་པ་
ཅིག་ཤེས་པ་དང་། འཁྲུལ་པར་རྩོད་པ་ལ་སོགས་པ་མེད་པར་འདོད་དོ། །དེ་དག་གིས་ནི་གཅིག་གི་དབང་དུ་བྱས་ནས་འགལ་བར་ཁས་བླངས་པ་ནི་གགས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཞུམ་པའི་ལན་བསྟན་པ་ཡིན་ནོ། །ཇི་ལྟར་ལན་བསྟན་པ་ཡིན་ཞེ་ན། བཤད་པ་
ཁས་བླངས་པ་མེད་པར་མེད་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རང་གི་ཕྱོགས་རྣམ་པར་འཇོག་པ་ནི། ཚིག་གི་ཚོགས་དམན་པ་ནི་ཞུམ་པར་བརྗོད་པའོ། །གལ་ཏེ་ཞུམ་པ་ལ་རང་གི་ཕྱོགས་མེད་པ་དེ་ལྟ་ན་ཇི་ལྟར་རྩོད་པ་མེད་པ་བརྗོད་པར་འགྱུར། ཕྱོགས་དགག་པའི་
དོན་ནི་ཞུམ་པ་འཇུག་གོ་ཞེ་ན། དེ་ལྟ་ན་ཕ་རོལ་གྱི་ཕྱོགས་དགག་པ་དང་། རང་གི་ཕྱོགས་འཇོག་པ་ཡིན་ན་ནི་མཚན་ཉིད་ཞིག་པ་གང་དང་གང་ཁས་བླངས་པ་དེ་དང་དེ་ནི་རང་གི་ཕྱོགས་ཡིན་ནོ། །གཞན་གྱིས་དགག་པ་དེས་ན་མ་བླངས་པས་རང་གི་ཕྱོགས་ལ་ཤིན་ཏུ་འཇུག་པར་མི་
เล่ม ๑๙๐ · หน้า 138a
འགྱུར་རོ། །འོན་ཀྱང་གང་གི་ཚེ་རྩོད་པ་ཁས་བླངས་ནས་དམ་བཅའ་བ་ཙམ་གྱིས་རྣམ་པར་གཡེངས་པས་འཁྲུལ་འཁོར་གྱི་འཇིགས་པས་འཁྲུལ་པར་བྱས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅུང་ཟད་ཅིག་ཀྱང་སྒྲུབ་པར་བྱེད་པ་དང་། དེར་མི་སྨྲ་བ་འམ། གཞན་ཅུང་ཟད་ཅིག་
དང་སྨྲ་བར་བྱེད་པ་ནམ་སྒྲུབ་པར་བྱེད་པ་དང་དེར་སྣང་བ་ལས་ཐ་དད་པར་བྱ་རོག་གི་སྒྲ་མི་སྙན་པ་བརྗོད་པ་ཁོ་བོའི་ཁྱིམ་དུ་ལྟས་ངན་པ་བརྗོད་པ་ཅིག་བྱུང་བས་རྩོད་པ་ནི། དེས་ཆོག་གི་འོན་ཀྱང་རེ་ཞིག་ཁྱིམ་དུ་འགྲོ་དགོས་ཏེ་ཕ་འམ་གཞན་ཞིག་འཆི་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཚེ་ཇི་ལྟར་
གཏན་ཚིགས་མེད་ན་སྒྲུབ་པར་བྱེད་པ་མེད་པས་གཏན་ཚིགས་ལྟར་སྣང་བའི་ནང་དུ་འདུ་པར་འགྱུར་ཞེས་བསམས་པའོ། །ལན་ཁོང་དུ་ཆུད་པ་མེད་པར་ཡང་ཕྱོགས་སྔ་མའི་རྒོལ་བ་ལ་ཕྱོགས་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེས་ན་འདི་གཉི་ག་ཡང་ཤིན་ཏུ་ཕམ་པ་མ་ཡིན་ནོ་སྙམ་ནས་
སེལ་བར་བྱེད་དོ་ཞེས་ཕ་རོལ་པོ་འདོད་དོ། །སློབ་དཔོན་གྱིས་སྨྲས་པ། སྒྲུབ་པ་མེད་པའི་འབྲས་བུ་བརྗོད་པ་ནི། དེ་སྐད་དུ་མ་བསྟན་པའི་གཉི་ག་ཤིན་ཏུ་ཕམ་པ་ཡིན་ནོ་ཞེས་སྨྲ་ན་ནི། སྒྲུབ་པར་བྱེད་པ་མ་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་སྨྲས་ན་ནི་ཇི་ལྟར་རྟོགས་པར་འགྱུར་ཞེ་ན།
བཤད་པ། བརྗོད་པ་མེད་པ་དག་ཀྱང་ཕམ་པ་ཡིན་ནོ་ཞེས་བསྟན་པའི་རྣམ་པར་འཇུག་པ་ཉིད་དོ། །དེ་ཉིད་དྲན་པར་བྱེད་པའི་རྩོད་པ་ཁས་བླངས་པ་ལ་བསྒྲུབ་པའི་ཡན་ལག་མ་བརྗོད་པའི་ཕྱིར་རོ། །འདི་ལྟར་དེ་ལ་བསྒྲུབ་པའི་ཡན་ལག་མ་བཤད་པ་འམ་བསྒྲུབ་པའི་ཡན་ལག་མ་བརྗོད་པ་
གཞན་བརྗོད་པ་གང་ཡིན་པ་དེ་ནི་བསྒྲུབ་པའི་ཡན་ལག་མ་བརྗོད་པ་ཡིན་ནོ། །དེ་དག་གིས་ནི་གཞན་བརྗོད་པས་ཕམ་པར་འགྱུར་བ་ཚིག་ལྷག་མའོ། །ཡང་དང་ཡང་བརྗོད་པ་དང་། དམ་བཅའ་བ་ལ་སོགས་པའི་ཚིག་ཚར་གཅད་པའི་གནས་སུ་བཤད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་
ནི་འདི་སྐད་སྟོན་ཏེ། རིགས་པ་དང་ལྡན་པ་རྐང་མིག་གིས་ཅུང་ཟད་ཅིག་ཚར་གཅད་པའི་གནས་སུ་བཤད་པ་གང་ཡིན་པ་དེ། ཁོ་བོ་ཅག་གིས་བསྒྲུབ་པའི་ཡན་ལག་མ་བརྗོད་པའི་ཚིག་ཏུ་འདུས་པའི་ཕྱིར་རོ། །དེ་ལྟ་ན་གང་དམ་བཅའ་བ་ལ་སོགས་པའི་བརྗོད་པའི་ཞེས་བྱ་བ་ནི་དོན་ཅི་ཞིག་བསྟན་ཞེ་ན། དམ་བཅའ་བ་དང་།
เล่ม ๑๙๐ · หน้า 138b
ཉེ་བར་སྦྱོར་བ་དང་མཇུག་བསྡུ་བ་བརྗོད་པ་ཚར་གཅོད་པའི་གནས་སུ་རྐང་མིག་གིས་བརྗོད་པ་ནི་མ་ཡིན་ནོ། །དེ་མ་བརྗོད་པ་ཚར་གཅད་པའི་གནས་ཡིན་པར་འགྱུར་གྱི། དེ་རྒོལ་བའི་འདོད་པ་དམན་པ་དང་ཆེས་གཞན་པ་དང་། ཡན་ལག་མ་ཚང་བ་ཡིན་ནོ་ཞེ་ན། དེ་ལྟར་ན་དཔེའི་དོན་ནི་འདི་ལྟར་
ཡིན་ཏེ། དཔེར་ན་དེ་མ་རྟོགས་པའི་རྟོགས་པར་བྱེད་པའི་ནུས་པས་ཚངས་པའི་ཕྱིར་སྒྲུབ་པའི་ཡན་ལག་མ་བརྗོད་པའི་ཚིག་གིས་བརྗོད་པའོ། །དེ་བཞིན་དུ་ལྷག་མ་དང་ཡང་ཡང་བརྗོད་པ་དག་གི་ཡང་ཞེས་བྱ་བ་དེ་ཉིད་ཀྱི་གཉིས་པའོ། །དང་པོ་སྨོས་པ་ནི་ཁོ་ནའི་སྒྲའི་དོན་ལ་འཇུག་པའོ། །དེ་ལྟ་
མ་ཡིན་ན་ཡང་དང་ཡང་བརྗོད་པ་ནི་འདི་དང་འདི་ཞེས་བྱ་བར་འགྱུར་རོ། །ཁ་ཅིག་ནི་ཕྱིས་ཀྱི་དང་སྨོས་པའི་དོན་ཏོ། །ཡང་དང་ཡང་བརྗོད་པ་དམ་བཅའ་བ་ལ་སོགས་པ་འདི་ཉིད་འཆད་པ་ཡིན་ནོ། །དེ་ལྟ་ན་ཡང་རིགས་པ་མ་ཡིན་ཏེ། རྐང་མིག་རྣམ་པ་དེ་ལྟ་བུ་ཟློས་པར་མ་བསྟན་པའི་ཕྱིར་རོ། །
འདི་ཡང་སྔ་མ་དང་ཆོས་མཚུངས་པས་ཡང་དང་ཡང་བཤད་པའི་ནང་དུ་འདུས་པའི་ཕྱིར་རོ། །རང་གི་ཕྱོགས་ཀྱི་སྐྱོན་ཁས་བླངས་ནས་གཞན་གྱི་ཕྱོགས་ཀྱི་སྐྱོན་ཞར་ལ་འཇུག་པར་བྱེད་པ་ནི་འདོད་པ་ཁས་ལེན་པ་སྟེ། སྐྱོན་ཡོངས་སུ་ཤེས་ནས་སྐྱོན་གྱི་ལན་བརྗོད་པར་བྱའི་གཞན་གྱིས་སྨྲས་པ་
ཁས་ལེན་པ་ནི་ཚར་གཅད་པར་བྱ་བ་ཡིན་ནོ། །དེ་བཤད་པ་རྒོལ་བ་གཞན་གྱིས་བརྗོད་པ་ཉིད་ཀྱིས་བརྒལ་ཞིང་བརྟག་པ་སྟེ། སྐྱོན་སུན་འབྱིན་པ་མེད་པ་ཁྱོད་ཀྱིས་འདི་ལ་ཡང་སྐྱོན་ཡིན་ཞེས་སྨྲ་བར་བྱེད་དེ། དཔེར་ན་ཁྱོད་ནི་རྐུན་མ་ཡིན་ཏེ། སྐྱེས་བུ་ཉིད་ཡིན་པའི་ཕྱིར་རི་ཁྲོད་པ་ལ་
སོགས་པ་བཞིན་ནོ་ཞེས་བྱ་བ་ནི། རྒོལ་བས་བརྗོད་པར་འགྱུར་བ་ན་ཕྱིར་རྒོལ་བས་སྨྲས་པ། རྒོལ་བ་ཁྱོད་ཀྱང་རྐུན་མ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །དེ་ཡང་སྒྲའི་སྦྱོར་བས་བདག་ཉིད་རྐུན་མར་ཁས་བླངས་ནས་གཞན་གྱི་ཕྱོགས་ཀྱི་སྐྱོན་རབ་ཏུ་སྦྱོར་བར་བྱེད་ཅིང་རྗོད་པར་བྱེད་པ་རྒོལ་བ་
གཞན་གྱི་འདོད་པ་རྐུན་མ་ཉིད་ཕྱིར་རྒོལ་བར་ཁས་ལེན་པར་བྱེད་པའོ། །འདི་ལྟར་དཔེར་ན་བདག་ཉིད་རྐུན་མ་ཡིན་པར་ཐེ་ཚོམ་མེད་པ་ཡིན་ན་བརྗོད་པར་རིགས་ཀྱི་དེ་ལྟ་མ་ཡིན་ན་དེ་བརྗོད་པར་མི་བྱའོ། །རྒོལ་བས་དེ་ཡོད་པ་དང་མེད་པ་དཔྱོད་པ་དེའི་ཕྱིར་འདོད་པ་ལ་ཁས་ལེན་པ་ཚར་གཅད་པའི་
เล่ม ๑๙๐ · หน้า 139a
གནས་ཡིན་ནོ། །འདིར་ཡང་གང་གི་ཚེ་དགོངས་པ་ནི་འདི་ཡིན་ཏེ། རྒོལ་བ་ལ་ལན་འདེབས་པ་ནི་སྐྱེས་བུ་ཡིན་པའི་ཕྱིར་ཁྱོད་ཀྱང་རྐུན་མར་འགྱུར་ལ། ཁྱོད་རང་བདག་ཉིད་རྐུན་མ་ཉིད་དུ་མི་འདོད་པ་དེའི་ཕྱིར་འདི་ནི་སྐྱེས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་བསྒྲུབ་བྱ་རྐུན་མ་
སྒྲུབ་པའི་གཏན་ཚིགས་ཡིན་ཏེ། རྐུན་མར་མ་གྱུར་པའི་མི་མཐུན་པའི་ཕྱོགས་ལ་འཇུག་པའི་མ་ངེས་པའི་སྐྱོན་གྱིས་གནོད་པའི་ཕྱིར་རོ། །དེས་ན་ཕྱིར་རྒོལ་བའི་བསམ་པ་འདི་ལ་འདོད་པ་ཁས་བླངས་པའི་མཚན་ཉིད་ཀྱི་སྐྱོན་དུ་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་མངོན་པར་འདོད་
པའི་སྒོ་ནས་དེ་རྐུན་མ་ཉིད་དུ་ཅིའི་ཕྱིར་འགྱུར། རྒོལ་བ་བདག་ཉིད་མི་མཐུན་པའི་ཕྱོགས་སུ་གྱུར་པ་ལ་གཏན་ཚིགས་ཡོད་པར་བསྟན་པའི་རྣམ་པས་སྐྱོན་དུ་འགྱུར་ཏེ། མཁས་པས་འཁྲུལ་པ་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོད་བྱེད་ཀྱིས་རྒོལ་བ་དགོས་པ་ནི། འཁྱོག་པོར་མ་གྱུར་
པའི་ཕྱིར་དྲང་པོ་ཉིད་ཀྱི་གོ་རིམས་ཀྱི་སྒོ་ནས་ཅིའི་ཕྱིར་གཏན་ཚིགས་འཁྲུལ་པར་མི་འགྱུར་ཏེ། ཁྱེད་ཀྱང་རྐུན་མ་ཡིན་ན་ནི་སྐྱེས་བུ་ཉིད་དཔེ་མ་ངེས་པར་འགྱུར་བས་སོ། །དེའི་ཕྱིར་དེ་ཉིད་ཀྱིས་འདི་གྱ་གྱུ་མེད་པར་བྱའི། གྱ་གྱུའི་སྤྱོད་པ་དེ་ཉིད་ཚར་གཅད་པར་བྱས་པ་ཡིན་ནོ་ཞེ་ན།
སློབ་དཔོན་གྱིས་སྨྲས་པ། འོད་བྱེད་ཀྱིས་སྨྲས་པ་འདི་ནི་ཅི་ཡང་མ་ཡིན་ཏེ། གང་གི་ཕྱིར་རྣམ་པ་དེ་ལྟ་བུ་ཡོད་པ་དེ་ལྟ་ན་མཁས་པའི་ཐ་སྙད་འཇུག་པའི་དུས་སུ། འདི་ལྟར་ཁྱོད་ཀྱིས་ནི་གཟུགས་འཚོང་བ་ཡིན་ཏེ། བུད་མེད་ཡིན་པའི་ཕྱིར་གཟུགས་འཚོང་མ་གཞན་བཞིན་ནོ་
ཞེས་རྒོལ་བ་བརྗོད་པ་ན། བ་ལང་སྐྱོང་ལ་སོགས་པ་དང་སྐྱེ་བོ་ཕལ་པ་ལ་སོགས་པ་དང་། ཐུན་མོང་དུ་མཛངས་སྤྱད་ན་ལན་འདེབས་པར་འགྱུར་ཏེ། དེ་བཞིན་དུ་ཁྱེད་ཀྱི་མ་ལ་ཡང་ཅིས་ནི་མི་འགྱུར། རྣམ་པ་འདིས་རང་རང་གི་མ་གཟུགས་འཚོང་བར་སྟོན་པར་འགྱུར་རོ། །
འོན་ཀྱང་ཟུར་གྱིས་གཏན་ཚིགས་མ་ངེས་པས་གཞན་ལ་གགས་བྱེད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་བྱིས་པ་ལ་སོགས་པའི་འཇིག་རྟེན་པ་ལ་ཡང་ཐ་སྙད་དུ་གསལ་བས་འཇིག་རྟེན་པ་ཉིད་ཀྱིས་སྤོང་བར་བྱེད་དོ། །གལ་ཏེ་ཕ་རོལ་པོ་སྣང་བྱེད་ཀྱིས་བདག་ཉིད་ལ་སྣང་བ་དེས་སྟོང་
เล่ม ๑๙๐ · หน้า 139b
སྟོན་པས་འདིར་བརྗོད་པར་ཟུར་གྱིས་འཁྲུལ་པར་མི་སྟོན་པ་ནི་མ་ཡིན་ཏེ། འོན་ཀྱང་དེའི་སྒྲུབ་པར་བྱེད་པ་ཡང་དག་པར་ཁས་བླངས་པ་དེས་ན་ཕ་རོལ་པོ་ལ་སྐྱོན་གྱི་དྲི་མས་གོས་པ་ཡིན་ནོ་སྙམ་ནས། དེའི་ཕྱིར་བཤད་པ་དེ་ལྟ་ན་དེས་ཉེ་བར་གཞག་པའི་སྐྱེས་བུ་ཡིན་པའི་ཕྱིར་ཁྱེད་རྐུན་མ་ཡིན་ནོ་ཞེས་
ཁས་ལེན་པ་མ་ཡིན་ཡང་དེའི་ཚེ་འདི་སྒྲུབ་པར་བྱེད་པའི་ལན་མི་ཤེས་པ་དེ་ནི་ཚར་གཅད་པར་འོས་པ་ཡིན་ནོ། །རྒོལ་བ་གཞན་ལ་རང་གི་རྐུན་མའི་སྐྱོན་ཉེ་བར་བརྗོད་པའི་ཕྱིར་ཚར་གཅད་པར་འོས་པ་ཡོད་དོ། །དེ་ཉིད་ཀྱིས་གསལ་བར་བྱེད་པ་ནི་དེ་སྒྲུབ་པར་བྱེད་པ་སྐྱོན་མེད་པར་ཁས་བླང་པ་བྱས་པ་ཡིན་ནོ་
ཞེས་བྱ་བ་ལྷག་མའོ། །དེ་ཉེ་བར་འཇོག་པ་ཁས་བླངས་པ་ཉིད་གང་ཡིན་པ་ཉིད་སྒྲུབ་པར་བྱེད་པའི་ལན་མི་ཤེས་པ་སྟེ། དེ་ཉིད་མི་ཤེས་པ་ཙམ་གྱིས་གཞན་ལ་སྐྱོན་བརྗོད་པས་སྔ་མའི་ཚར་གཅད་པ་ཐོབ་པར་འགྱུར་ཏེ། ཕྱིར་རྒོལ་བ་གང་གིས་ཚར་གཅད་པ་ཞེས་བྱ་བར་སྦྱར་རོ། །གཞན་གྱི་འདོད་
པའི་སྐྱོན་ཉེ་བར་གཞག་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཕམ་པ་ལ་ཕམ་པར་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཚར་གཅོད་པ་ཐོབ་པ་ལ་ཚར་མི་གཅོད་པ་ནི་བརྒལ་ཞིང་བརྟག་པ་ཚར་གཅོད་པར་བྱའོ། །དེ་དོར་བས་ན་ཚར་གཅད་པ་འཐོབ་པ་འདི་ཡིན་ནོ་ཞེས་བྱ་བ་མ་བརྗོད་པའོ། །ཡང་
འདིར་བརྒལ་ཞིང་བརྟག་པ་དོར་བ་ཚར་གཅད་པའི་གནས་སུ་ཞིག་གཏང་བ་ཡིན་ཞེ་ན། རེ་ཞིག་བརྒལ་ཞིང་བརྟག་པ་མི་བྱ་བའོ་ཞེས་བྱ་བ་རིགས་པ་མེད་པའི་ཕྱིར་རོ། །སྲིད་པ་མ་ཡིན་ཏེ། ཕ་རོལ་པོ་ལ་སྐྱོན་བརྗོད་པར་བྱ་བའི་ཕྱིར་བདག་ཉིད་ལ་སྐྱོན་དང་ལྡན་པ་འདི་ཁས་ལེན་པ་ནི་ཚར་གཅད་པར་གྱུར་ན།
འདི་ནི་བདག་ཉིད་དོར་བ་ཚར་གཅད་པའི་གནས་སུ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །དེའི་ཕྱིར་འདི་སྐྱོན་དང་ལྡན་པ་ཡིན་ནོ་ཞེས་བྱས་ཀྱང་དོར་བར་རིགས་པ་མ་ཡིན་གང་གིས་འདི་མི་ཤེས་པ་ཉིད་ཚར་གཅད་པ་ཡིན་ནོ། །འདི་ལྟར་ཡོངས་སུ་མི་ཤེས་པ་ཉིད་རྗེས་སུ་མི་སྦྱོར་བར་ཚར་གཅད་པ་ཐོབ་པའི་
ཕྱིར་ཡོངས་སུ་ཤེས་པ་ཉིད་ཇི་ལྟར་འདོར་བར་འགྱུར། དེ་ལྟར་འདི་གསལ་བར་བྱས་པས་ཇི་ལྟར་བདག་ཉིད་སྤོང་བར་འགྱུར། དེའི་སྐྱོན་དེས་བདག་ཉིད་བརྒལ་ཞིང་བརྟག་པ་འདོར་བ་ནི་ཚར་གཅད་པའི་གནས་མ་ཡིན་པ་ལ་གཞན་གསུམ་པ་ཡོད་པ་མ་ཡིན་ནོ། །འགའ་ཞིག་ཅིའི་ཕྱིར་རྩོད་པ་
เล่ม ๑๙๐ · หน้า 140a
ཞེས་འདིར་དགོས་པའི་དགོས་པ་ཐམས་ཅད་ཀྱི་ཕྱོགས་འདི་དམིགས་ནས་འདི་བརྗོད་པ་ཡིན་ནོ། །དེ་ཡང་བརྒལ་ཞིང་བརྟག་པ་དོར་ནས་རྩོད་པ་བརྗོད་པ་ན་སུ་ཞིག་ཕམ་པར་འགྱུར། དེ་ལྟར་ན་རྒོལ་བ་དང་ཕྱིར་རྒོལ་བ་དང་དཔང་པོ་དང་། གཞན་དག་ལ་བརྒལ་ཞིང་བརྟག་པར་
བྱེད་པ་མཐོང་བ་འཁོར་ལ་དྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་སྨོས་པ་ནི་ངེས་པར་གཟུང་བའོ། །གཞན་ཡང་རྒོལ་བ་དག་གིས་ཚར་གཅད་པའི་གནས་སུ་འགྱུར་ལ། འདི་དག་དབང་པོ་ཉིད་ཀྱང་ཡིན་ནོ། །ཅིའི་ཕྱིར་དེ་དག་གིས་བརྗོད་པར་མི་བྱ་བ་ཅི་ཡིན་ཞེ་ན། བཤད་པ། རང་གི་སྐྱོན་
དང་རང་གི་ཉེས་པས་ཚར་གཅད་པ་ཐོབ་པར་འགྱུར་བ་རྣམ་པར་འགྲེལ་ཞིང་གསལ་བར་བྱེད་པར་མི་འགྱུར་རོ། །སློབ་དཔོན་གྱིས་གལ་ཏེ་འདིར་ཡང་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་རིགས་པར་རྣམ་པར་དཔྱད་པ་དེའི་ཚེ་གཅིག་ཀྱང་རྒྱལ་བ་དང་ཕམ་པར་རིགས་པར་མི་འགྱུར་རོ། །ཇི་ལྟར་
རྒོལ་བ་རྣམས་རྒྱལ་བར་མི་འགྱུར་རོ་ཞེ་ན། སྒྲུབ་པར་བྱེད་པ་ལྟར་སྣང་བ་ཤེས་པར་འདོད་པའི་དོན་བསྟན་པའི་ཕྱིར་རོ། །དེ་ཉིད་ཕྱིར་རྒོལ་བ་ཕམ་པར་འགྱུར་བ་མ་ཡིན་ཏེ། ཕྱིར་རྒོལ་བསྒྲུབ་པར་བྱེད་པར་འདོད་པ་གྲུབ་པ་ལ་ལྟོས་ནས་ཕམ་པར་འགྱུར་བ་འཇོག་པའི་ཕྱིར་རོ། །དེ་ལྟར་ན་ཕྱིར་
རྒོལ་བ་ཅིའི་ཕྱིར་རྒྱལ་བར་མི་འགྱུར་ཞེ་ན། ཡང་དག་པའི་སྐྱོན་བརྗོད་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྒོལ་བ་ཡང་ཕམ་པ་མ་ཡིན་ཏེ། དེས་སུན་འབྱིན་པ་ལ་ལྟོས་ནས་རྣམ་པར་འཇོག་པའི་ཕྱིར་རོ། །འོན་ཀྱང་ཕྱོགས་ཕྱི་མར་སྨྲ་བ་ལ་སྐྱོན་མང་པོ་ཡོད་དུ་ཟིན་ཀྱང་རྒོལ་བས་སྒྲུབ་པར་བྱེད་པ་
བརྗོད་པའི་སྒོ་ནས་སྐྱོན་ཅུང་ཟད་ཅིག་རྗོད་པར་བྱེད་ཅིང་། ཅུང་ཟད་མ་ཡིན་པ་དེའི་ཚེ་འདི་ཚར་གཅད་པར་འོས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལན་ཁོང་དུ་ཆུད་པ་ཡོད་པའི་ཕྱིར་རོ། །གལ་ཏེ་འོས་པ་ཉིད་ན་སྐྱོན་ཡོད་པ་ཐམས་ཅད་མ་བརྗོད་པའི་ཕྱིར་རོ་ཞེ་ན། སློབ་དཔོན་གྱིས་སྨྲས་པ།
ཡོད་ཅེས་བྱ་བ་ནས་གདོན་མི་ཟ་བར་སྐྱོན་ཐམས་ཅད་ཕྱིར་རྒོལ་བས་བརྗོད་པ་འམ། མ་བརྗོད་པ་ཉིད་སྐྱོན་གཞན་དུ་ཚར་གཅད་པར་མི་བྱ་སྟེ་ཤིན་ཏུ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱོན་ཐམས་ཅད་བརྗོད་པར་མི་བྱ་ཞེ་ན། བཤད་པ། མ་གྲུབ་པ་ལ་སོགས་པའི་སྐྱོན་གཅིག་བརྗོད་པས་ཀྱང་རྒོལ་
เล่ม ๑๙๐ · หน้า 140b
བའི་རབ་ཏུ་སྦྱོར་བའི་བསྒྲུབ་པར་བྱ་བ་ལ་དེ་ལ་གནོད་པར་བྱེད་པའི་ཕྱིར་རོ། །བསྒྲུབ་བྱ་སྒྲུབ་པར་ནུས་པ་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་གྲུབ་པར་བྱེད་པ་ལ་བསྟན་པའོ། །འདི་ཉིད་ཀྱི་དཔེ་ནི་བཤད་པ་སྒྲུབ་པར་བྱེད་པ་གཅིག་པ་ལྟ་བུའོ། །དཔེར་ན་ཞེས་བྱ་བ་ལ་སོགས་
པའི་རྣམ་པར་དབྱེ་བའོ། །སྐད་ཅིག་མ་ཉིད་ལ་སོགས་པ་བསྟན་པ། སྒྲུབ་པར་བྱེད་པ་དུ་མ་ཡོད་པ་ཉིད་འབྲས་བུ་ཉིད་དང་རྩོལ་བ་ལས་བྱུང་བ་ཉིད་ལ་སོགས་ཡོད་ཀྱང་ཡོད་པ་ལ་སོགས་པ་ཉིད་ཁོ་ན་ཡིན་གྱི། ཐམས་ཅད་ཁས་བླང་པར་མི་བྱ་བ་ནི། དེའི་སྐད་ཅིག་མ་ལ་སོགས་པའི་དོན་སྒྲུབ་
པར་ངེས་པ་མེད་སྒྲུབ་ཕྱིར་ཐམས་ཅད་ཁས་བླང་པར་མི་བྱའོ། །དེ་བཞིན་དུ་སྐྱོན་གཅིག་གིས་ཀྱང་དེ་སྒྲུབ་པར་བྱེད་པ་ལ་གནོད་པ་ཡིན་པའི་ཕྱིར་ཐམས་ཅད་ཁས་བླང་བར་མི་བྱའོ་ཞེས་བྱ་བ་འདི་དང་དཔེ་མཚུངས་པ་ཡིན་ནོ། །དེའི་ཕྱིར་ཕྱོགས་ཕྱི་མར་སྨྲ་བས་གནོད་པའི་སྐྱོན་གཅིག་བརྗོད་པ་ཉིད་
ཀྱིས་གཞན་གྱི་ཕྱོགས་གཞན་དག་རྗོད་པར་མི་བྱེད་ན། ཚར་གཅད་པར་བྱ་བར་འོས་པ་མ་ཡིན་ནོ། །ཕྱོགས་སྔ་མས་སྒྲུབ་པ་ལྟར་སྣང་བ་བསྟན་ཕྱིར་དང་། ཡང་དག་པའི་སྐྱོན་མ་བརྗོད་པའི་ཕྱིར་རོ། །འོ་ན་རྒོལ་བ་དེས་སྒྲུབ་པ་ལྟར་སྣང་བ་སྦྱར་བ་མེད་ན་ཅི་ཞིག་ལྟར་ན་རྒྱལ་བར་མི་འགྱུར།
ཕྱིར་རྒོལ་བའི་མི་བདེན་པའི་སྐྱོན་བརྗོད་པར་འགྱུར་བའི་ཕྱིར་ཞེ་ན། ཕྱོགས་ཕྱི་མ་སྨྲ་བས་སྐྱོན་ལྟར་སྣང་བ་སྨྲ་བར་བྱེད་པ་ལ་རང་གི་ཕྱོགས་པས་སྤངས་པ་མེད་ཅིང་ལྡོག་པ་མེད་དོ། །དེས་ན་སྐྱོན་ལྟར་སྣང་བ་བརྗོད་པ་ཉིད་ཀྱིས་ནུས་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྒོལ་བ་མ་ཡིན་ཏེ།
ཅིའི་ཕྱིར་ཞེ་ན། སྒྲུབ་པར་བྱེད་པའི་ཡན་ལག་མ་བསྒྲུབས་པའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་ཡན་ལག་མ་བསྒྲུབས་པ་གང་གིས་དེའི་དངོས་པོ་དེ་ཉིད་དོ། །འདི་ཡིན་པར་ག་ལས་ཡིན་ཞེ་ན། བཤད་པ། སྐྱོན་ཐམས་ཅད་མེད་པར་རབ་ཏུ་བསྟན་པར་བྱེད་པའི་ཡན་ལག་མ་བསྒྲུབས་པའི་
ཕྱིར་རོ། །དེ་ལྟ་བུར་གྱུར་པའི་མཚན་ཉིད་དམ། བྱེད་པ་ཉིད་ཀྱི་གསུམ་པ་སྟེ། མ་བསྒྲུབས་པའི་ཕྱིར་སྒྲུབ་པ་ལྟར་སྣང་བ་ཉིད་དེས་རབ་ཏུ་སྦྱོར་བ་ཡིན་ནོ་ཞེས་བྱ་བ་བསྡུས་པའི་དོན་ཏོ། །ཕྱོགས་ཕྱི་མར་སྨྲ་བ་ལ་ཡང་རྒྱལ་བ་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་དེ་ལྟ་བུ་ཡང་ཞེས་པ་ནི། གལ་
เล่ม ๑๙๐ · หน้า 141a
ཏེ་ཕྱོགས་སྔ་མ་སྨྲ་བ་རྣམས་ཀྱིས་ཚར་གཅད་པ་ཐོབ་པ་ཚར་གཅད་པ་མི་བྱེད་པར་མ་ཟད་ཀྱི་ཕྱོགས་ཕྱི་མ་དང་འབྲེལ་པ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་གི་སྒྲ་ཡིན་ནོ། །རྗེས་སུ་སྦྱོར་བ་མེད་པ་ལ་རྗེས་སུ་སྦྱོར་བ་ནི་ཚར་གཅད་པ་ཐོབ་པ་མ་ཡིན་པ་ལ་ཚར་གཅོད་པ་བརྗོད་
པའི་ཕྱིར་རོ། །ཡང་ཅིའི་ཕྱིར་དེ་ལྟར་བརྗོད་ཅེ་ན། བཤད་པ་ཚར་གཅད་པའི་གནས་ཀྱི་མཚན་ཉིད་ལ་སོགས་པ་ངེས་པའི་ཕྱིར་རོ། །ཇི་སྐད་བཤད་པའི་ཚར་གཅད་པའི་གནས་ཀྱི་མཚན་ཉིད་ཡང་དག་པར་ཡོངས་སུ་མ་ཤེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྟོགས་པ་མེད་པར་ཚར་
གཅད་པར་བྱའོ་ཞེ་ན། སློབ་དཔོན་གྱིས་དེ་ལྟ་ན་ཡང་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རྒོལ་བ་དེའི་སྒྲུབ་པར་བྱེད་པ་ལ། ཡང་དག་པ་མ་ཡིན་པའི་བརྫུན་པའི་སྐྱོན་དུ་གྱུར་པའི་འཁྲུལ་པ་དང་བཅས་པ་ལ་སོགས་པའི་སྐྱོན་གྱིས་གནོད་པར་བྱེད་པ་ཁྱེད་ཀྱིས་སྒྲུབ་པར་བྱེད་པ་མ་ཡིན་པ་རབ་ཏུ་སྦྱར་བ་
དེས་ན་ཚར་གཅད་པར་འགྱུར་ཞེས་བྱ་བ་དེ་ལྟ་བུ་ནི་གནས་པ་ལ་སྦྱོར་བ་སྟེ། དེ་བཤད་པ་ནི་སྐྱོན་མ་ཡིན་པ་ལ་ཚར་གཅད་པའི་གནས་སུ་འདི་སྐྱོན་རྣམ་པར་འབྱེད་པའོ། །མངོན་པར་སྦྱོར་བ་ནི་རྣམ་པར་འགྲེལ་ཞིང་རྗོད་པར་བྱེད་པ་མ་ཡིན་ཞེ་ན། དེ་ལྟ་ན་ཡང་བརྫུན་པའི་སྐྱོན་བརྗོད་པར་འགྱུར་བ་ལ་
སྐྱོན་བརྗོད་པའི་མཚན་ཉིད་ཀྱི་ལན་རྟོགས་པ་མེད་པ་དང་། བརྗོད་པ་མེད་པ་དང་སྤོབས་པ་མེད་པའི་རྒྱུས་ཡང་དག་པ་མ་ཡིན་པའི་ལན་བརྗོད་པ་ཚར་གཅད་པའི་གནས་ཡིན་ནོ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པར་བྱེད་པ་ལ་རྗེས་སུ་སྦྱོར་བ་བརྗོད་པ་ཚར་གཅད་པའི་གནས་ཡིན་ནོ། །སྤོབས་པ་མེད་པ་
ཚར་གཅད་པའི་གནས་དེ་ལས་ཚར་གཅད་པའི་གནས་ནི་གཞན་མ་ཡིན་ནོ། །ནམ་ཞིག་གིས་འདི་སྤོབས་པ་མེད་པར་ཚར་གཅད་པ་ཡིན་ཞེ་ན། བཤད་པ། རྒོལ་བ་ཅིག་ཤོས་ཀྱིས་དེ་བརྗོད་པ་ན་སྤོབས་པ་མེད་པ་བསྟན་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་སྔ་མ་བཞིན་དུ་གཉིས་ལ་
གཅིག་ནི་རྒྱལ་བ་དང་ཕམ་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཕྱིར་རྒོལ་བ་དང་འབྲེལ་པ་ཐ་དད་མེད་པའི་ཚིག་གིས་བསྟན་པས་རྒོལ་བ་དང་འབྲེལ་པ་སྤོང་ངོ་། །བཤད་པ། གཞན་ཡང་ཕྱིར་རྒོལ་བས་སྒྲུབ་པར་བྱེད་པ་ཡང་དག་པ་བདེན་པའི་སྐྱོན་འཁྲུལ་བ་ལ་སོགས་པ་
เล่ม ๑๙๐ · หน้า 141b
བརྗོད་པར་འགྱུར་བ་ལ། གཞན་གྱིས་ཞེས་བྱ་བ་ནི་ཕྱོགས་སྔ་མའི་རྒོལ་བས་སྐྱོན་ལྟར་སྣང་བའི་ཚིག་གིས་མངོན་པར་སྦྱོར་ཞིང་། མ་ངེས་པ་ལ་སོགས་པའི་ལྟར་སྣང་བའི་ལྟག་ཆོད་ཁྱོད་ཀྱིས་རབ་ཏུ་སྦྱར་རོ། །དེའི་ཕྱིར་ཚར་གཅད་པར་འགྱུར་བ་ནི་དེ་ལྟ་བུ་ལ་མངོན་པར་སྦྱར་རོ་ཞེས་བྱ་བའི་དོན་
ཏོ། །དེའི་ཚེ་འཁྲུལ་པ་ལ་སོགས་པ་དེའི་སྐྱོན་བརྗོད་པའི་ཕྱིར་རྒོལ་བ་དེས་ཡང་དག་པའི་སྐྱོན་ཉིད་བསྟན་པས་ལྟག་ཆོད་ནི་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པར་བྱེད་པ་ལྟར་སྣང་བ་ཚིག་ཉིད་ཀྱིས་རྒོལ་བ་ཚར་གཅད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཕྱིར་རོ། །དེ་ལྟ་བུ་ཡང་རྒོལ་བ་དང་འབྲེལ་
པས་ཐ་དད་པ་ཡིན་ཡང་གཏན་ཚིགས་ལྟར་སྣང་བ་ལས་ཐ་དད་པ་མེད་པ་ལས་ལོགས་ཤིག་ཏུ་བརྗོད་པར་བྱ་བ་ནི་གདོན་མི་ཟ་བར་རྒོལ་བའི་གཏན་ཚིགས་ལྟར་སྣང་བ་ཉི་ཤུ་རྩ་གཉིས་ཚར་གཅད་པའི་གནས་སུ་ལོགས་ཤིག་ཏུ་ཚར་གཅད་པའི་གནས་གཅིག་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན།
ཡུལ་ཐ་དད་པ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་སྦྱོར་བ་མེད་པ་ལ་སྦྱོར་བ་ཞེས་བྱ་བ་ཚར་གཅད་པའི་གནས་ལས་མ་འདས་པའི་ཡུལ་བསྡུ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཚར་གཅད་པའི་གནས་ཉི་ཤུ་རྩ་གཉིས་ཁས་བླངས་པ་དང་འགལ་བར་འགྱུར་རོ་ཞེས་དགོངས་སོ། །དེ་ལྟ་ན་ཡང་དེ་སྐད་དུ་བཤད་
པའི་གཏན་ཚིགས་ལྟར་སྣང་བ་རྣམས་ཚར་གཅད་པའི་གནས་སུ་བཤད་ཟིན་པ་ལ། གཞན་བརྗོད་པ་ནི་རྗེས་སུ་སྦྱོར་བ་མེད་པ་ནི་རྗེས་སུ་སྦྱོར་བ་གཞན་ནི་དོན་མེད་པ་ཡིན་ཏེ། གཏན་ཚིགས་ལྟར་སྣང་བ་བརྗོད་པ་ཉིད་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །གྲུབ་པའི་མཐའ་ཁས་བླངས་ནས་ངེས་པ་མེད་པའི་
ཞར་ལ་འོངས་པའི་ཚིག་གྲུབ་པའི་མཐའ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་མདོའོ། །གྲུབ་པའི་མཐའ་ཁས་བླངས་ནས་ཕྱོགས་ཡོངས་སུ་གཟུང་བར་བྱས་པ་ལ་ངེས་པ་མེད་པའི་ཕྱིར་རོ། །སྔར་སྐབས་སུ་བབ་པའི་དོན་ལ་རག་ལས་པའི་བསྟན་བཅོས་རྣམ་པར་འཇོག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །ཞར་ལ་བྱུང་བའི་ཚིག་ནི་དོན་གཞན་བརྗོད་པ་ནི་དོན་འགའ་ཞིག་ཆོས་ཅན་དམ་བཅའ་བའི་དོན་ལས་བཟློག་པའི་འགལ་བའོ། །འདི་དཔེའི་སྒོ་ནས་གསལ་བར་བྱ་བ་ནི། དཔེར་ན་ཡོད་པའི་དངོས་པོ་ནི་གདོན་མི་ཟ་བར་འཇིག་པ་མེད་པར་མི་འགྱུར་བར་མ་ཟད་ཀྱི། མི་མངོན་པར་ཡང་འགྱུར་
เล่ม ๑๙๐ · หน้า 142a
རོ། །མེད་པ་རྟའི་རྭ་དང་མཚུངས་པ་སྐྱེ་བར་འགྱུར་རོ། །འོ་ན་ཅི་ཞེ་ན། མངོན་པར་གསལ་བ་སྟེ། ཡོད་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་སེར་སྐྱའི་གྲུབ་མཐའ་རྣམ་པར་འཇོག་པ་བསྟན་པ་ཕྱོགས་སུ་བྱས་ནས་རང་བཞིན་གཅིག་གསལ་བ་ནི་ཆེན་པོ་ལ་སོགས་པ་གསལ་
བའོ། །འདིར་གཏན་ཚིགས་བཤད་པ་ནི་འགྱུར་བའི་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་རོ། །འཇི་བའི་རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་དཔེའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་བསགས་པའོ། །བདེ་བ་དང་སྡུག་བསྔལ་བ་དང་། རྨོངས་པ་དང་ལྡན་པའི་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའོ། །བདེ་བ་ལ་
སོགས་པའི་བདག་ཉིད་ཀྱི་གསལ་བ་ནི་སྔར་བསྟན་ཏེ། དཔེར་ན་གྲངས་ཅན་གྱི་འདོད་པ་བཞིན་ནོ། །དེའི་ཕྱིར་དེ་བདེ་བ་དག་གི་སྒོ་ནས་རང་བཞིན་གཅིག་པ་འདི་གསལ་བ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་མཇུག་བསྡུ་བའོ། །བདེ་བ་ལ་སོགས་པ་དག་གིས་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་
གསུམ་པའོ། །བདེ་བ་ལ་སོགས་པའི་རྣམ་པ་ནི་བདེ་བ་ལ་སོགས་པའི་གནས་སྐབས་ཀྱི་རང་བཞིན་གཅིག་པ་འདི་གསལ་བ་ཐ་དད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་སྨྲས་པ་རང་བཞིན་གཅིག་པའི་གསལ་བ་དང་མི་གསལ་བར་འགྱུར་བའི་རྗེས་སུ་བསྟན་པའི་ཕྱིར་རོ། །འདི་སྐད་
སྟོན་པ་ཡིན་ཏེ་རང་བཞིན་གཅིག་པ་ཐམས་ཅད་དང་ཐ་དད་པ་མེད་པའི་བདག་ཉིད་ཀྱི་རང་བཞིན་གསལ་བ་དང་མི་གསལ་བའི་རྗེས་སུ་འགྲོ་བའི་ཕྱིར་རོ། །གང་གསལ་བར་འགྱུར་བ་ནི་ཆེན་པོ་ལ་སོགས་པའོ། །གང་མི་གསལ་བའི་གཙོ་བོའི་བདག་ཉིད་དུ་རྣམ་པར་གནས་པ་དེ་དག་ཀྱང་རྗེས་སུ་འགྲོ་
བ་བསྟན་པའི་ཕྱིར་རོ། །གཞན་གྱིས་སྨྲས་པ་གསལ་བའི་རང་བཞིན་གཅིག་ཡིན་ལ་གསལ་བ་རྣམ་པར་འགྱུར་བ་ཡིན་པས་གསལ་བའི་ངོ་བོ་ནི་འགྱུར་བ་ཡིན་ནོ་ཞེའོ། །རང་བཞིན་གྱི་དོན་ནི་བཟློག་པ་ཇི་ལྟར་འགྱུར་ཞེས་བསྟན་པའི་ཕྱིར་སེར་སྐྱས་དེ་སྐད་སྨྲས་པ་དེ་ལ་བརྒལ་ཞིང་བརྟག་པ་ནི་
བཤད་པ། དེ་ཡང་རང་བཞིན་དང་འགྱུར་བ་ཇི་ལྟར་མཚོན་ཞིང་རྟོགས་པར་བྱས་ཞེས་བྱ་བ་དེ་ཉིད་ལ་རྗེས་སུ་སྦྱོར་བ་བརྗོད་དེ་གཞན་ལྡོག་པ་ན་ཆོས་གཞན་འཇུག་པར་འགྱུར་བའི་གནས་སྐབས་གང་ཡིན་པ་དེ་ནི་རང་བཞིན་ཡིན་ཏེ། གནས་སྐབས་ཀྱི་ངོ་བོ་འཇུག་པ་དང་ལྡོག་པའི་ཆོས་གཞན་གང་
เล่ม ๑๙๐ · หน้า 142b
ཡིན་པ་དེ་ནི་འགྱུར་བ་ཡིན་ནོ་ཞེས་བྱ་བར་མཚོན་པར་བྱའོ། །གྲངས་ཅན་གྱིས་འདི་སྐད་སྟོན་པ་ཡིན་ཏེ། རང་བཞིན་སྤངས་པ་ཡིན་པ་སྐྱེ་བ་མི་འཐད་པ་དེ་ནས་རྒོལ་བའི་དམ་བཅའ་བའི་དོན་འདི་ལས་བཟློག་པ་ངེས་པ་མེད་པའི་ཚིག་རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་སྔ་མའི་རང་བཞིན་ཡོངས་སུ་སྤངས་སོ་ཞེས་
བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དམ་བཅའ་བ་འདིས་ཞེས་བྱ་བ་ནི་སྔ་མ་དྲན་པར་བྱེད་པའོ། །གལ་ཏེ་དེ་ལྟ་ཡིན་ན་ཡང་སྐྱོན་ཅི་ཡོད་ཅེ་ན། ཡོད་པ་དང་མེད་པ་ལ་སོགས་པ་སྨོས་ཏེ། ཡོད་པ་ནི་མི་མངོན་པར་གདོན་མི་ཟ་བ་ལ་སོགས་པ་མེད་པ་འགའ་ཞིག་ཏུ་འཇུག་པ་ཆད་པ་མ་གྲུབ་པའོ། །
ངོ་བོ་འགའ་ཞིག་གིས་གནས་སྐབས་ཀྱི་ངོ་བོར་གྱུར་པ་མི་དམིགས་པའི་ཆ་འགའ་ཞིག་གནས་པར་འགྱུར་བ་བདག་ཉིད་དམ་གཞན་དུ་གྱུར་པ་མ་ཡིན་ནོ། །བདག་ཉིད་དུ་གྱུར་པའི་མངོན་པ་ཡིན་པའི་ཕྱིར་ཐ་དད་པ་མེད་པ་མི་མངོན་པའི་ཕྱིར་བཞིན་དུ་གནས་པ་མེད་པར་འགྱུར་རོ། །གནས་པ་མེད་པ་
དང་གནས་པ་ཅན་དེའི་ཐ་དད་པ་མེད་པས་མི་མངོན་པས་གནས་པ་མེད་པར་གྱུར་པ་འམ། གཞན་དུ་གྱུར་པ་ན་ཡང་ཇི་ལྟར་རྗེས་སུ་དཔག་པ་མེད་པ་དང་འཇིག་པ་མེད་པ་གཞན་གྱི་སྐབས་མེད་པས་གཞན་དུ་གནས་པ་མ་ཡིན་ནོ། །ཡང་ན་གཞན་ནི་གཞན་གྱི་རྗེས་སུ་འགྲོ་བ་ཅན་ཡིན་ན་སེམས་ཅན་དང་བུམ་པ་ལ་སོགས་
པ་ལ་ཡང་རྗེས་སུ་འགྲོ་བར་ཐལ་བར་འགྱུར་རོ། །དེ་ལྟར་ན་ཡོད་པ་མངོན་པ་ནི་སྐྱེ་བ་ལས་མ་རྟོགས་པའི་ཆོས་འགའ་ཞིག་ཡོད་པ་མི་འགྲུབ་པོ་ཞེས། འོ་ན་ཡོད་པའི་ཆོས་གཞན་གྱི་ནང་དུ་འདུས་པའི་གཟུང་བའི་ཡུལ་ཡོད་པ་ཡང་ཐོབ་པ་ནི་མངོན་པ་སྟེ། བུམ་པ་མེད་པའི་ཉེ་བར་ལེན་པའམ་
དམིགས་པ་བཞིན་དུ་ཡོད་པའི་ཕྱིར་བྱེད་པ་པོ་འམ་སྐྱེད་པ་མ་ཡིན་ནོ་ཞེས་དེ་ལྟར་རྣམ་པར་འཇོག་པ་ནི་གྲངས་ཅན་འགོག་པའོ། །དཔེ་ཁ་ཅིག་ལས། དེ་ལས་བརྒལ་ཞིང་བརྟག་པ་ན། །ཞེས་འདོན་ཏོ། །ཕྱིར་རྒོལ་བར་གྱུར་པ་ལས་ཞེས་བཤད་པར་བྱའོ། །གང་གི་ཚེ་སེར་སྐྱས་ཡོད་པའི་བདག་
ཉིད་འཇིགས་པ་དང་མེད་པའི་བདག་ཉིད་ཐོབ་པར་ཁས་བླངས་པའི་གྲུབ་པའི་མཐའ་མེད་པར་འགྱུར་རོ། །ཁས་བླངས་པ་དང་འགལ་བའི་དམ་བཅའ་གྲུབ་པའི་མཐའ་ཉམས་པ་ཞེས་བྱ་བ་ཚར་གཅད་པའི་གནས་སུ་འདི་འགྱུར་རོ། །འོ་ན་ཡོད་པའི་བདག་ཉམས་པ་དང་མེད་པའི་བདག་ཐོབ་པར་
เล่ม ๑๙๐ · หน้า 143a
ཁས་བླངས་པ་དེ་ལྟ་ན་ཡང་རང་བཞིན་གཅིག་པའི་རྣམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདིའི་ཕྱོགས་ལ་དམ་བཅའ་སྔ་མ་དེ་ནི་འདིར་གྲུབ་པར་མི་འགྱུར་ཏེ། འགྱུར་བའི་མཚན་ཉིད་གནས་པ་མེད་པའི་ཕྱིར་རོ། །འདི་ལྟར་མཚན་ཉིད་དེས་ཇི་ལྟར་གནས་པ་ཞེས་
བྱ་བ་ལ་སོགས་པ་བཤད་པ་དེ་ནི་རིགས་པ་མ་ཡིན་ནོ། །ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པ་ནས་རྣམ་པར་གཞག་པ་ན་ཞེས་བྱ་བ་ནི་རེ་ཞིག་གཞུང་ཡིན་ནོ། །དེ་ནི་སློབ་དཔོན་གྱིས་འདིར་ལན་འདེབས་པ་ནི་འདི་ལ་ཡང་ཞེས་བྱ་བ་ནི་ལྷག་མའོ། །གྲུབ་པའི་མཐའ་ཅུང་ཟད་ཅིག་ངེས་པ་མེད་
པའི་ཕྱིར་རོ་ཞེས་བྱ་བ་ནི་འགྱུར་བ་མེད་པའོ། །གྲངས་ཅན་གྱི་ཚིག་ཞར་ལ་འོངས་པ་ངེས་པར་ཁས་བླངས་པ་གང་ཡིན་པ་དེ་ནི། མེད་པ་སྐྱེ་བར་མི་འགྱུར་བ་ལ་སོགས་པ་ནི་འཇིག་པར་མི་འགྱུར་རོ་ཞེས་སྨྲས་པ་དེ་སྒྲུབ་པ་བཤད་པ་ཡིན་ནོ། །ཅི་ཞིག་བཤད་ཅེ་ན། རང་བཞིན་གཅིག་པ་གསལ་བ་
འདིའི་རྗེས་སུ་འགྲོ་བ་ཐོབ་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ལ་གཅིག་པ་འདི་ཉིད་རྣམ་པར་འབྱེད་པ་ཡིན་ཏེ་སྐྱེ་གནས་ཐ་མི་དད་པ་དེའི་གསལ་བ་ནི་བདེ་བ་ལ་སོགས་པའི་གསལ་བ་ཐ་དད་པ་ལོགས་ཤིག་ཏུ་མ་གྱུར་པ་སྟེ། སྐྱེ་གནས་འགྱུར་བ་མེད་པ་གང་ཡིན་པའི་གསལ་བ་དེ་དང་དེ་ནི་སྐྱེ་གནས་ཐ་དད་མེད་
པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་རོ། །བདེ་བ་ལ་སོགས་པ་འདི་གསལ་བ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་དང་། དེའི་བདག་ཉིད་དུ་གྲུབ་པའི་ཕྱིར་རོ། །དེས་ཅི་ཞིག་འགྲུབ་ཅེ་ན། གསལ་བ་དེའི་རང་བཞིན་ནི་བདེ་བ་ལ་སོགས་པའི་རང་བཞིན་ནོ། །དེའི་རང་བཞིན་
དུ་ཇི་ལྟར་ངེས་པར་བྱ་ཞེ་ན། ཐ་མི་དད་པར་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བདེ་བ་ལ་སོགས་པ་དང་སྒྲ་ལ་སོགས་པ་ཐ་དད་པ་ཡིན་པར་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་ཅི་ཞིག་གྲུབ་པར་འགྱུར་ཞེ་ན། སྒྲ་ལ་སོགས་པ་འགྱུར་བའི་ཆོས་དེའི་བདག་ཉིད་དང་བདེ་བ་ལ་
སོགས་པའི་བདག་ཉིད་དུ་སྐྱེ་བ་དང་འཇིག་པར་གྲུབ་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། བདེ་བ་ལ་སོགས་པ་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ཐ་དད་མེད་པའི་བདག་ཉིད་སྒྲ་ལ་སོགས་པ་ཡང་རྟག་པར་གྲུབ་པར་འགྱུར་རོ། །དེ་ལྟ་ན་ཡང་གང་སྔར་ཁས་བླངས་པ་
เล่ม ๑๙๐ · หน้า 143b
ཡོད་པ་དེ་ནི་འཇིག་པ་མ་ཡིན་ལ་མེད་པ་ནི་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བ་འགྲུབ་པར་འགྱུར་རོ། །དེ་ལྟ་ན་འདིར་སེར་སྐྱ་རང་གི་ཁས་བླངས་པ་གྲུབ་པར་གྱུར་པ་དེ་བཤད་པར་རིགས་པ་དང་། གཞན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ན་མ་གྲུབ་པ་ལ་སོགས་པའི་སྐྱོན་བརྗོད་པ་དེ་མི་བརྗོད་པར་རང་བཞིན་
གྱིས་འགྱུར་བ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེས་དེ་སྐད་དུ་བརྒལ་ཞིང་བརྟག་པ་བྱེད་པ་ཡིན་ཏེ། དེ་ལྟར་འདིར་རྐང་མིག་བདག་ཉིད་འདིར་རང་བཞིན་འགྱུར་བའི་མཚན་ཉིད་འདྲི་བར་བྱེད་ཅིང་རང་བཞིན་དང་འབྲེལ་པ་མེད་ཅིང་ངེས་པ་མེད་པས་རང་བཞིན་གྱི་དོན་ལ་རག་ལས་པའི་ཕྱིར་ཚིག་
ལ་འཇུག་པར་བྱེད་དོ། །གང་གི་ཚེ་རང་བཞིན་དང་འགྱུར་བའི་མཚན་ཉིད་འདི་སྐབས་མ་ཡིན་པ་དེའི་རྣམ་པར་གཞག་པ་དེས་ཅི་ཞིག་བྱ། དེའི་ཕྱིར་སྐབས་མ་ཡིན་པ་དེའི་བརྒལ་ཞིང་བརྟག་པ་བྱེད་པས། རྐང་མིག་ཚར་གཅད་པའི་གནས་ཉིད་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །འོ་ན་འདིར་
ལན་དང་འབྲེལ་པ་བརྗོད་པར་བྱ་བ་ཡིན་ཞེ་ན། བཤད་པ། དེ་ལ་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་བསལ་བ་ཞེས་བྱ་བ་འཇུག་པའི་ཆོས་ཅན་འདི་འགྱུར་བ་བརྗོད་པ་ཡིན་ན་བདེ་བ་ལ་སོགས་པ་ནི་དེ་ལྟ་མ་ཡིན་ནོ། །འཇུག་པ་དང་ལྡོག་པའི་ཆོས་ཅན་གྱི་རྟགས་སུ་བརྗོད་པ་ནི་ཡོངས་སུ་གྱུར་པ་དང་
འབྲེལ་པའོ། །དེ་བཞིན་དུ་གསལ་བའི་བདེ་བ་ལ་སོགས་པའི་རྗེས་སུ་འགྲོ་བར་བཤད་པ་ནི། བདེ་བ་ལ་སོགས་པའི་རང་བཞིན་གྱུར་པ་ཡིན་ན། འཇུག་པ་དང་ལྡོག་པའི་ཆོས་ཀྱི་མཚན་ཉིད་ཀྱིས་གསལ་བ་ཉིད་ཉམས་པར་འགྱུར་ཏེ། དེ་དང་ཐ་མི་དད་པ་དེ་དག་ཀྱང་གནས་སྐབས་ཐ་དད་པ་
ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་ཕྱིར་དེ་དང་འབྲེལ་བ་ཡིན་ན། བདེ་བ་ལ་སོགས་པའི་རང་བཞིན་མ་ཡིན་ཏེ། རང་བཞིན་ཡིན་ན་འཇུག་པ་དང་ལྡོག་པ་སྤངས་པར་དེ་སྐད་དུ་བཤད་དོ། །དེ་ཡང་བདེ་བ་ལ་སོགས་པའི་རང་བཞིན་གང་ཡིན་པ་དེའི་དངོས་པོ་སྟེ། དེ་དང་འབྲེལ་པ་ཡིན་ན་ནི་བདེ་བ་ལ་
སོགས་པའི་རང་བཞིན་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བཤད་པ། གསལ་བའི་མཚན་ཉིད་དང་འགལ་བའི་ཕྱིར་རོ། །གསལ་བའི་མཚན་ཉིད་ཀྱི་འཇུག་པ་དང་ལྡོག་པའི་ཆོས་ཉིད་ཡིན་ལ་དེ་ལ་སོགས་པའི་བདེ་བ་ལ་སོགས་པ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་ནོ། །རང་བཞིན་གྱིས་
เล่ม ๑๙๐ · หน้า 144a
ཡོད་པའི་གནས་སྐབས་ཀྱི་ངོ་བོ་བདེ་བ་ལ་སོགས་པའི་རང་བཞིན་འདི་ནི་གསལ་བར་མི་འགྱུར་ཏེ། དེའི་བཟློག་པའི་ཆོས་ཡིན་པའི་ཕྱིར་སེམས་ཅན་ཤེས་པ་བཞིན་དུ་འམ། བདེ་བ་དང་གསལ་བ་དེ་དག་གཅིག་གི་རང་བཞིན་མ་ཡིན་ཏེ། ཕན་ཚུན་འགལ་བའི་ཆོས་
གནས་པའི་ཕྱིར་རྡུལ་དང་སྙིང་སྟོབས་དང་མུན་པ་བཞིན་ནོ། །དེ་ལྟ་ན་ཡང་གསལ་བ་ནི་བདེ་བ་ལ་སོགས་པའི་རང་བཞིན་དུ་མི་རིགས་ཏེ། བདེ་བ་ལ་སོགས་པ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་འདི་འབྲེལ་པའི་སྐྱོན་ཡིན་ཞེ་ན། དེ་ལྟ་ན་
གྲངས་ཅན་དེའི་གཏན་ཚིགས་མ་གྲུབ་པའི་སྒྲུབ་པར་བྱེད་པའི་སྐྱོན་བརྗོད་པས་བརྩད་པ་ན་གསལ་བ་འདི་དང་རང་བཞིན་གཅིག་པ་ཡིན་ནོ་ཞེས་བྱ་བ་སུན་དབྱུང་བར་འགྱུར་རོ། །ཡང་རིགས་པ་ཅན་དེས་གྲུབ་པའི་སྒྲུབ་པར་བྱེད་པའི་སྐྱོན་བསྟན་པ་མེད་པ་དང་བཤད་པ་མེད་པར་རང་བཞིན་མ་ཡིན་པ་དང་རང་བཞིན་དང་
འགྱུར་བའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་རྒྱས་པར་བཤད་ནས་རང་གི་སྐྱོན་ངེས་པ་མེད་པའི་གཏན་ཚིགས་ཞར་ལ་བྱུང་བའི་གཞན་གྲངས་ཅན་གྱི་དཀའ་ཐུབ་ལ་སྐྱོན་འགེལ་བར་བྱེད་དོ། །གཞན་གྱིས་སྨྲས་པ་གལ་ཏེ་གྲངས་ཅན་ལ་མ་གྲུབ་པའི་སྐྱོན་གྱི་རྣམ་པ་འདི་ཉིད་ཀྱི་རང་བཞིན་དང་འགྱུར་
བའི་མཚན་ཉིད་རྣམ་པར་གཞག་པའི་སྒོ་ནས་ཁོ་བོ་ཅག་གིས་བརྗོད་པ་ཡིན་ནོ་ཞེ་ན། སློབ་དཔོན་གྱིས་སྨྲས་པ། འདི་ནི་རྒྱུ་སྐར་མཁན་གྱི་ཡུལ་ཅན་གང་ཡིན་པ་དེ་ནི་བཤད་ཟིན་པའི་ངག་གི་དོན་ཡིན་ནོ། །གང་གི་ཕྱིར་འཇིག་རྟེན་པའི་སྒྲས་མ་བསྟན་པ་རྟོགས་པར་མི་ནུས་སོ། །དོན་
གྱི་བྱེད་པ་ལ་སོགས་པ་མེད་ཀྱང་ཐ་སྙད་དུ་འགྱུར་བ་དེའི་ཕྱིར་དེ་ཉིད་དམ་བཅའ་བ་དང་འགལ་བའི་གནས་སྐབས་ཀྱི་སྐྱོན་མེད་དོ། །གླུ་གར་མཁན་གྱིས་ཡི་གེ་འདྲི་བའི་ཚུལ་ལོ། །གྲུབ་པའི་མཐའ་གང་ཡིན་པ་འདི་ལ་ཡང་ཡིན། དེ་འབའ་ཞིག་ལ་ནི་མ་ཡིན་ནོ། །དཔེར་ན་རྫ་མཁན་གྱིས་བར་
སྐབས་སུ་ངོ་མཚར་བྱེད་དེ་མྱུར་དུ་ཟླ་བ་ཚེས་གཅིག་པའི་ངོ་མཚར་བྲིས་ནས་སྨྲས་པ་ཁོ་བོ་ཅག་གིས་གླང་པོ་ས་ལ་བྲིས་པ་ལ་ལྟོས་དང་ཞེས་འདོན་ཏེ། དེ་ལ་བློ་དམན་པ་འགའ་ཞིག་ནི་དེ་བཞིན་དུ་རྟོགས་སོ། །བློ་རྣོ་བ་འགའ་ཞིག་རྣམ་པར་དཔྱོད་པར་བྱེད་དོ། །འོ་ན་འདི་ལ་རྣ་བ་དང་རྐང་མིག་དང་
เล่ม ๑๙๐ · หน้า 144b
སོ་ལ་སོགས་པ་མེད་དོ་ཞེས་རྟོག་པས་དེ་མ་ཚང་བས་འདི་གླང་པོ་ཆེར་ཇི་ལྟར་འགྱུར། དེ་ལ་གླང་པོ་ཆེ་ཡོད་པར་རྟོགས་པ་ནི་མེད་དོ། །ཁོ་བོ་ཅག་གིས་ཆ་ཤས་མ་ལུས་པར་རྫོགས་པའི་གླང་པོའི་སྣ་འདི་བྲིས་པས་དེའི་ཚེ་མ་ལུས་པ་ཡིན་ན་ཆུའི་ནང་དུ་བུམ་པ་མ་དམིགས་ཏེ། བུམ་པ་ཆ་ཙམ་མཐོང་
བ་ཡིན་ནོ་ཞེས་སོ། །རྣམ་པ་དེ་ལྟ་བུའི་ངག་གིས་གཞན་ཡང་ངོ་མཚར་བྱེད་དོ། །གལ་ཏེ་དོན་ནི་ཁོ་བོ་ཅག་གི་ངག་གིས་མི་རྟོགས་པ་དེ་ལྟ་ན་ཡང་རྣམ་པ་འདིས་འདི་བརྗོད་པ་ཡིན་ནོ་ཞེ་ན། ཇི་སྐད་དུ་བཤད་པའི་དོན་གྱི་རྣམ་པ་གཞན་འདི་ཡིན་པ་དེ་ལྟ་ན་ཡང་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བའི་ནང་དུ་
འདུས་པའི་ཕྱིར་དང་དེ་ཉིད་ཚིག་གིས་བརྗོད་པའི་ཕྱིར་གྲུབ་མཐའ་ཉམས་པ་ཞེས་བྱ་བ་ལོགས་ཤིག་ཏུ་ཁས་བླང་བར་མི་བྱའོ། །དེ་ཉིད་ཟུར་གྱིས་མཇུག་བསྡུ་བ་བསྟན་པ་ནི། འདི་སྐད་བཤད་པའི་རིགས་པ་ཞེས་བྱ་བ་ལ་སོགས་པའོ། །ཇི་སྐད་དུ་མདོ་ལས། གཏན་ཚིགས་ལྟར་སྣང་བ་བཤད་པ་
འདི་བད་ཚ་ཡ་ནས་བརྟགས་པ་སྔོན་དུ་བཏང་ནས་བཤད་པ་ཡིན་ནོ། །ཡང་ཇི་ལྟ་བུ་ཡིན་ཞེ་ན། གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་ལས་གཞན་མཚན་ཉིད་དེ་དང་འབྲེལ་པ་ནི་ཚར་གཅད་པའི་གནས་ཉིད་དུ་གྱུར་པའོ། །ཇི་ལྟ་བུ་ཡིན་ཞེ་ན། བཤད་པ་དཔེར་ན་ཚད་མ་དག་མཚན་ཉིད་གཞན་གྱི་
དབང་གིས་གཞལ་བྱ་ཉིད་དུ་གྱུར་པ་ཡིན་ཏེ། དེ་ནི་ཚད་མའི་བྱ་བ་བྱེད་པའི་ཕྱིར་རོ། །གང་ཚད་མ་ཡང་ཚད་མ་གཞན་གྱིས་འཇལ་བར་བྱེད་པ་དེའི་ཚེ་ཚད་མའི་བྱ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟ་བས་འདྲི་བ་ནི་དོན་ཡིན་པའི་ཕྱིར་རོ། །འདིར་ཐུབ་པས་ཇི་སྐད་བཤད་པའི་རྩ་བ་དང་འགྲེལ་
པ་ལས་ཇི་སྐད་བསྟན་པའི་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་ཁོ་ན་ཚར་གཅད་པའི་གནས་སུ་འགྱུར་རོ་ཞེས་སྨྲས་སོ། །འདི་སྐད་སྟོན་པ་ཡིན་ཏེ། འཁྲུལ་པ་དང་བཅས་པ་དང་། འགལ་བའི་རྣམ་པ་དང་། སྐབས་དང་མཚུངས་པ་དང་། འདས་པ་དང་མཚུངས་པ་ཞེས་བྱ་བ་གཏན་
ཚིགས་ལྟར་སྣང་བ་ཡིན་ནོ་ཞེས་ཐ་དད་པར་བསྟན་པའི་ཕྱིར་རེ་རེའི་མཚན་གཞི་དང་མཚན་ཉིད་འཆད་དེ། མ་ངེས་པ་དང་འཁྲུལ་པ་དང་བཅས་པ་དང་། གྲུབ་པའི་མཐའ་ཁས་བླངས་པ་དང་འགལ་བའི་འགལ་བ་དང་ལོགས་ཤིག་ཏུ་གཏན་ལ་ཕབ་པའི་དོན་གང་ཡིན་པ་བཤད་པའི་སྐབས་དང་
เล่ม ๑๙๐ · หน้า 145a
མཚུངས་པ་དང་། བསྒྲུབ་པར་བྱ་བ་ཁྱད་པར་དུ་གྱུར་པ་དང་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་། མཚུངས་པ་དང་དུས་གསུམ་དུ་བཤད་པ་དང་། དུས་འདས་པ་ཞེས་བྱ་བ་དེ་ཉིད་ཀྱི་མཚན་ཉིད་ཀྱིས་འདི་ཚར་གཅད་པའི་གནས་ཡིན་གྱི། ཡང་དེ་ལ་མཚན་ཉིད་
གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །སློབ་དཔོན་གྱིས་འདིར་ཡང་སྨོས་ཏེ། ཇི་ལྟར་བཤད་པར་བྱ་ཞེ་ན། ཅི་དེ་དག་ཇི་སྐད་དུ་ཁྱེད་ཀྱིས་མཚོན་པར་བྱ་བའི་རབ་ཏུ་དབྱེ་བ་དེ་ལྟ་བུ་ཉིད་ཡོད་དམ་འོན་ཏེ་རྣམ་པ་གཞན་ཡིན་ཞེས་མཚོན་པར་བྱ། གང་དག་གི་རྣམ་པར་དབྱེ་བ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་
ན་ཡང་ཅིའི་ཕྱིར་རྣམ་པར་མི་དཔྱོད་ཅེ་ན། དེ་དཔྱད་པར་བྱ་བ་ཡིན་ན་ནི་འདིར་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་མ་སྤྲོས་པའོ། །འདི་ནི་འདི་ཡིན་ནོ་སྙམ་དུ་དགོངས་ནས་གཏན་ཚིགས་ལྟར་སྣང་བའི་ནང་དུ་འདུས་པ་ཞེས་བྱ་བ་འདི་ནི་རྣམ་པར་མ་དཔྱད་པའི་གཏན་ཚིགས་ལྟར་སྣང་བར་རྣམ་འགྲེལ་བྱེད་
པའི་གཞུང་གི་རྗེས་སུ་འབྲངས་པའི་ཕྱིར་བསྟན་བཅོས་གཞན་ཁོ་ནར་གྱུར་ལ་བློ་གསལ་བས་རྣམ་པར་དཔྱད་ན། ཁོ་བོ་ཅག་གིས་བྱས་པའི་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་ལས་རིང་དུ་གྱུར་པའི་ཕྱིར་སྡུག་བསྔལ་ཉིད་དུ་རིག་པར་འགྱུར་རོ། །དེའི་ཕྱིར་བཏང་སྙོམས་སུ་བྱ་བར་རིགས་སོ། །
དེ་ལྟ་ན་ཡང་བློ་དམན་པས་ཕྱོགས་ཙམ་ཉིད་རྟོགས་པར་བྱ་བའི་ཕྱིར་བརྗོད་པ་ཡིན་ནོ། །དུས་འདས་པའི་གནས་སྐབས་ཀྱི་དུས་ནི་རེ་ཞིག་གཏན་ཚིགས་ལྟར་སྣང་བ་ཇི་ལྟར་མི་རིགས་པ་དེ་ལྟར་གནས་སོ། །དེ་ལ་དུས་གཞན་དུ་སྦྱར་བ་ནི་དུས་འདས་པའོ། །རིགས་པ་ཅན་རྒན་པོ་རྣམས་
ཀྱི་གཞུང་དེ་ནི་འདིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་སུན་འབྱིན་ཟིན་པའི་ཕྱིར་རོ། །ད་ནི་བད་ཚ་ཡ་ན་ལ་སོགས་པ་འདིར་གནས་པའི་ཕྱོགས་ཀྱིས་གནས་པ་དེ་ལ་བརྗོད་པར་བྱའོ། །དུས་གཞན་དང་ལྡན་པ་གང་གི་དོན་གྱི་ཕྱོགས་གཅིག་བསྟན་པས་མ་ལུས་པ་ལ་རིགས་པ་བསྟན་པ་ནི་དུས་
འདས་པ་ཞེས་བཤད་དོ། །དཔེར་ན་སྒྲ་ནི་རྟག་སྟེ། འབྲེལ་པ་གསལ་བའི་གཟུགས་བཞིན་ནོ། །དེ་སྔ་མ་དང་ཕྱི་མར་གསོལ་བ་རྣམ་པར་གནས་པ་ལ་བརྗོད་པར་བྱའོ། །དུས་གཞན་དང་ལྡན་པ་གཟུང་འཛིན་བུམ་པ་འབྲེལ་པ་ལས་གསལ་བར་འགྱུར་རོ། །དེ་བཞིན་དུ་རྔ་བོ་ཆེ་ལ་སྒྲ་
เล่ม ๑๙๐ · หน้า 145b
གནས་པ་དབྱུག་པ་ལ་འབྲེལ་པ་ཡིན་པ་དང་། ཤིང་སྟ་རེ་དང་འབྲེལ་པ་ལས་གསལ་པར་འགྱུར་རོ། །དེའི་ཕྱིར་སྒྲ་རྟག་པ་ཡིན་ཏེ། འབྲེལ་པས་གསལ་བའི་ཕྱིར་རོ། །གཏན་ཚིགས་འདི་ནི་དུས་གཞན་བསྟན་པའི་ཕྱིར་འབྲེལ་པས་གསལ་བའི་དུས་ནི་གསལ་བར་བྱའི་ངོ་བོ་གཞན་གསལ་བ་
ནི་མ་ཡིན་ཏེ། སྒྲོན་མ་དང་འབྲེལ་པའི་ངོ་བོ་འཛིན་པར་འགྱུར་གྱི། འབྲེལ་པས་ངོ་བོ་ལྡོག་པར་འགྱུར་བ་འམ། སྟ་རེ་དང་འབྲེལ་པས་ཤིང་གི་ངོ་བོ་ལྡོག་པར་འགྱུར་བ་ནི་མེད་དོ། །རྔ་བརྡུངས་པའི་དུས་དང་འབྲེལ་བའི་སྒྲ་རིང་པོ་ན་གནས་པ་ཡང་སྒྲ་གསལ་བར་ཐོས་པར་འགྱུར་རོ། །དུས་དང་
འབྲེལ་པའི་གཞན་ཡིན་ནོ་ཞེས་བྱ་བའི་འབྲེལ་པའི་རྒྱུ་མཚན་མ་ཡིན་ཏེ། རྒྱུ་མེད་པའི་འབྲས་བུ་མེད་པ་བཞིན་ནོ་ཞེ་ན། འོ་ན་གཏན་ཚིགས་འདི་ནི་མ་ངེས་པ་ཉིད་ཡིན་ཏེ། མི་རྟག་པ་ཡང་འབྲེལ་པས་གསལ་བར་མཐོང་སྟེ་བུམ་པ་བཞིན་ནོ། །འབྲེལ་པས་གནས་སྐབས་ཀྱི་གསལ་བ་མ་ཡིན་ཏེ།
བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་རོ་ཞེས་རྣམ་པར་གནས་པ་ནི་མི་སྨྲ་སྟེ། སྒྲ་ཞེས་བྱ་བ་འདི་དམ་བཅའ་བའི་དོན་ཡིན་པ་དེ་བཞིན་དུ་འབྲེལ་པས་གསལ་བའི་ཕྱིར་རོ་ཞེས་བྱ་བ་འདི་ཡང་གཏན་ཚིགས་མ་ངེས་པ་ཡིན་ཏེ། འབྲེལ་པས་གསལ་བར་བྱ་བ་མཐོང་བ་
ནི་ཅུང་ཟད་ཅིག་གནས་པ་མེད་དོ། །དེས་ན་རྣམ་པར་གནས་པ་འདིས་འདིར་འབྲེལ་པ་གསལ་བར་བྱེད་པ་ཉིད་སྒྲ་ལ་བཀག་པས་འདི་མ་གྲུབ་པ་ལས་ལྡོག་པར་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་སྒྲ་ནི་གསལ་བར་འགྱུར་རོ། །འབྲེལ་པའི་དུས་གཞན་ཡིན་ནོ་ཞེས་བྱ་བ་དང་། འབྲེལ་པའི་རྒྱུ་
མཚན་མ་ཡིན་ནོ་ཞེས་བྱ་བ་གཅིག་ཏུ་བརྗོད་པར་མི་བྱའོ། །ལས་སུ་བྱ་བ་ཐམས་ཅད་ནི་ཡོད་པ་མ་ཡིན་ཏེ། འདི་ཡང་མ་གྲུབ་པ་ནི་མ་ཡིན་ཏེ། ཐམས་ཅད་དུ་མ་གྲུབ་པ་མ་ཡིན་གྱི་སྐྱེ་བ་དང་འབྲེལ་པའི་དུས་སུ་གསལ་བར་འགྱུར་བ་ནི་ཡོད་པ་ཡིན་ཡང་ཉེ་བར་གྱུར་པ་ནི་མི་དམིགས་སོ་
ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཕྱོགས་གཅིག་ལ་མ་གྲུབ་པ་ཡང་མ་གྲུབ་པ་ཡིན་ཏེ། དམ་བཅའ་བ་ཡིན་པའི་ཕྱིར་རོ། །དཔེར་ན་རྡུལ་ཕྲ་མོ་ནི་རྟག་སྟེ། དྲི་དང་ལྡན་པའི་ཕྱིར་རམ། ཤིང་རྣམས་ནི་སེམས་པ་དང་བཅས་པ་ཡིན་ཏེ། ཉལ་བའི་ཕྱིར་རོ། །གང་ལ་སྒྲ་མི་རྟག་པ་ཡིན་ནོ་
เล่ม ๑๙๐ · หน้า 146a
ཞེས་བྱ་བ་སྟ་རེ་དང་ཤིང་གི་འབྲེལ་པ་ལ་སོགས་པ་དེས་ཤེས་པ་ཡིན་ན་སྒྲ་སྐྱེ་བ་ཉིད་དུ་ཤེས་པ་ཡིན་ནོ། །ཡང་ན་གནས་སྐབས་ཀྱི་གསལ་བ་ལས་གསལ་བ་འདི་གཞན་ཡིན་པར་མ་གྲུབ་པ་ཡིན་ནོ། །འོན་ཏེ་འབྲེལ་པ་ཉེ་བར་དམིགས་སོ་ཞེས་བྱ་བའི་གཏན་ཚིགས་ཀྱི་
དོན་ནི་དམ་བཅའ་བ་ཡིན་གྱི་གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལན་ནོ་སྙམ་ན་དེ་ལྟ་ན་ཡང་མར་མེ་སྡོང་བུ་དང་འབྲེལ་པ་དང་། རྫ་མཁན་དང་འཇིམ་པ་དང་དབྱིག་པ་དང་འབྲེལ་པར་གྱུར་པས་སྒྲོན་མ་དང་བུམ་པ་ཡང་དག་པར་དམིགས་པའི་ཕྱིར་རོ། །དེ་དག་དེ་དང་འབྲེལ་པས་སྔ་མའི་
གནས་སྐབས་ནི་མ་ཡིན་པས་མ་ངེས་པ་ཉིད་ཐོབ་པར་འགྱུར་བའི་ཕྱིར་དུས་འདས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དུས་ཀྱི་གནས་སྐབས་བསྒྲུབ་པར་བྱ་བ་ཡིན་ན་ནི་སྐྱེས་མ་ཐག་འཇིག་པ་སྨྲ་བ་ལ་ཡང་འགལ་བ་མེད་དོ། །མཐུན་པའི་ཕྱོགས་ནི་མེད་པ་ཉིད་ཀྱིས་དེ་ལ་འཇུག་པ་འགལ་བའི་ཕྱིར་
དང་། སྐད་ཅིག་མར་གནས་པའི་ཆོས་དང་ཆོས་ཅན་གཟུགས་ལ་སོགས་པ་ཡོད་པའི་ཕྱིར་དང་། སྐད་ཅིག་མ་ནི་གནས་པར་སྨྲ་བ་ལ་འབྲེལ་པ་དོན་མེད་པ་མ་ཡིན་ནོ། །ཡན་ལག་མ་ཡིན་པ་གྲུབ་པའི་མཐའ་བ་ལ་རིགས་པར་སྨྲ་བས་བསྟན་པའི་སྐྱོན་ཡིན་པའི་ཕྱིར། དེ་བཞིན་དཔེ་
གཞན་དག་ལ་ཡང་བརྟགས་པའི་སྐྱོན་བརྗོད་པར་བྱའོ། །གང་གི་གནས་སྐབས་དཔྱད་ནས་གཏན་ལ་ཕབ་པའི་དོན་བསྟན་པ་ནི་སྐབས་དང་མཚུངས་པའོ། །ཕྱོགས་དང་ཕྱོགས་མ་ཡིན་པ་དང་ལྡན་པར་ངེས་པར་དཔྱད་པ་ལ་གནས་པའི་སྐབས་དང་མཚུངས་པ་སྟེ། དཔྱོད་པ་ལ་འཇུག་པ་
ལ་སྔར་གཏན་ལ་ཕབ་ཟིན་པ་བརྟག་པ་འམ། བྱས་ཟིན་པ་གང་ཡིན་པ་དེ་གཏན་ལ་འབེབས་པའི་དོན་ལ་སྦྱོར་བ་ན་གཉིས་ཀ་ཕྱོགས་ལ་ཡང་མཚུངས་པས་སྐབས་སུ་མི་འཇུག་པའི་གནས་སྐབས་དང་མཚུངས་པ་སྟེ། གཏན་ལ་དབབ་ཅིང་བརྟག་པར་མི་བྱའོ། །གནས་སྐབས་སྤྱོད་པ་ན་དེ་ཁོ་ན་
ཉིད་མི་དམིགས་པ་ཅིའི་ཕྱིར་ཞེས་གང་གི་ཕྱིར་དེ་ཁོ་ན་དོན་དུ་གཉེར་བས་སྤྱད་ན་དམིགས་པ་ལྡོག་པ་དེའི་ཕྱིར་མཚུངས་པ་དང་ལྷག་མ་དང་ཁྱད་པར་དུ་གྱུར་པ་མི་དམིགས་སོ། །དེ་སྐབས་སུ་བབ་པ་དཔྱད་པ་ནི་དགོངས་པ་ཡིན་ཏེ། སྒྲ་མི་རྟག་སྟེ། རྟག་པའི་ཆོས་མི་དམིགས་པའི་ཕྱིར་རོ། །
เล่ม ๑๙๐ · หน้า 146b
སྣོད་ལ་སོགས་པ་ལ་མི་རྟག་པ་དང་མཐོང་ལ་རྟག་པའི་ཆོས་ནི་མི་དམིགས་ཏེ། ཆོས་མཚུངས་པ་གང་ལ་ཐེ་ཚོམ་གྱི་རྒྱུའི་གཏན་ཚིགས་བསྟན་པ་ནི་ཐེ་ཚོམ་དང་མཚུངས་པ་འམ་འཁྲུལ་པ་དང་བཅས་པར་འགྱུར་བ་ཉིད་དོ། །གང་ཡང་ཡིད་གཉིས་དང་བཅས་པས་ཁྱད་པར་མི་ལྟོས་པ་ནི་
གཉི་གའི་ཕྱོགས་ཀྱི་ཁྱད་པར་མི་དམིགས་པས་སྐབས་དང་བཅས་པ་ལ་འཇུག་པའི་དཔེར་ན་སྒྲ་ལ་རྟག་པའི་ཆོས་མི་དམིགས་པ་དང་། དེ་བཞིན་མི་རྟག་པའི་ཆོས་ཀྱང་ཡིན་ལ་འདི་གཉི་གའི་ཕྱོགས་ཀྱང་མི་དམིགས་ལ་དེ་དཔྱོད་པའི་གནས་སྐབས་སུ་དགོངས་པ་ཡིན་ནོ། །ཇི་ལྟར་ཕྱིན་ཅི་ལོག་པའི་
གནས་སྐབས་ལྡོག་པར་འགྱུར་ཞེ་ན། གལ་ཏེ་རྟག་པའི་ཆོས་སྒྲ་ལ་འཛིན་པ་ཡིན་ན་གནས་སྐབས་སུ་མི་འགྱུར་ལ། གལ་ཏེ་མི་རྟག་པའི་ཆོས་སུ་འཛིན་པ་དེ་ལྟན་ཡང་ལྡོག་པར་འགྱུར་བའི་གནས་སྐབས་དེར་གཏན་ཚིགས་དེ་ཕྱོགས་ལ་ཡོད་པས་གང་ཡང་རྒྱུ་གཏན་ལ་ཕབ་པར་བརྟག་པར་མི་བྱའི།
འདིའི་བསྒྲུབ་པར་བྱ་བ་ཁྱད་པར་མེད་པ་ཁོ་ནའོ། །ཁྱད་པར་མེད་པ་ཉིད་ཀྱི་གནས་སྐབས་ལ་འཇུག་པར་མི་འགྱུར་ཏེ། གཏན་ཚིགས་ཀྱི་ཆོས་ནི་གཏན་ཚིགས་ཀྱིས་བརྗོད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དང་མཚུངས་པར་གཏན་ཚིགས་སུ་བརྗོད་ན་བསྒྲུབ་བྱ་དང་ཁྱད་པར་མེད་དོ། །ཡང་གང་ལ་
གནས་སྐབས་སུ་འཇུག་པའི་གཏན་ཚིགས་ཉིད་དེ་ནི་སྐབས་དང་མཚུངས་པ་ཞེས་བྱའོ། །འདིར་ཡང་རྟག་པའི་ཆོས་དམིགས་པ་བསྟན་པ་ཉིད་གནས་སྐབས་སྤྱོད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་པའི་གནས་སྐབས་ལས་ལྡོག་པར་བརྗོད་པའི་ཕྱིར་རོ། །གལ་ཏེ་མི་རྟག་པའི་ཆོས་མི་
དམིགས་པའི་གཏན་ཚིགས་སུ་གྱུར་པ་ཡིན་ན་ནི་སྐབས་དང་མཚུངས་པར་འགྱུར་རོ། །དེའི་ཆོས་གཅིག་མི་དམིགས་པ་ཆོས་སུ་མ་བརྗོད་ན་སྐབས་དང་མཚུངས་པས་བརྗོད་པར་བྱའོ། །གཉི་གའི་ཆོས་མི་དམིགས་པར་བརྗོད་པ་ཡང་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པ་དང་། ལྡོག་པ་མ་ངེས་པ་
མེད་པས་ཐུན་མོང་མ་ཡིན་པའི་མ་ངེས་པར་འགྱུར་ཏེ། ཇི་ལྟར་འདི་གཏན་ཚིགས་ལྟར་སྣང་བ་གཞན་དུ་འགྱུར། ཆོས་གཅིག་ཀྱང་མ་དམིགས་པར་འགྱུར་ན་འདི་སྐབས་དང་མཚུངས་པར་འགྱུར་རོ། །དེ་ལྟར་ཡང་སྒྲ་རྟག་པར་སྨྲ་བར་གདོན་མི་ཟ་བར་རྨོངས་པས་མི་རྟག་པའི་ཆོས་རྟོགས་པར་
เล่ม ๑๙๐ · หน้า 147a
བརྗོད་པ་འདི་མ་གྲུབ་པར་འགྱུར་རོ། །འོ་ནཏེ་ཚད་མས་བརྟགས་པའི་ཆོས་མི་མཐུན་པའི་ཕྱོགས་མི་རྟག་པའི་ཕྱིར་ཆོས་ཉེ་བར་དམིགས་པ་བསྟན། དེའི་ཚེ་ངེས་པ་དང་ལྡན་པའི་ཕྱིར་ཡང་དག་པའི་གཏན་ཚིགས་ཡིན་པས་སྐབས་དང་མཚུངས་པའི་གཏན་ཚིགས་ལྟར་སྣང་བ་
ཇི་ལྟར་འགྱུར་དེ་ནི་བྱེ་བྲག་ལ་དམིགས་པའི་གཏན་ཚིགས་ཀྱི་དོན་དུ་རྣམ་པར་གནས་སོ། །མི་རྟག་པ་ཡིན་ཏེ། བྱས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་བྱས་པ་ཡིན་ན་དེས་བྱས་པ་ལ་སྐབས་སྤྱོད་པར་མི་རིགས་ཏེ། རྟག་པ་ཚད་མས་ཟློག་པར་བྱེད་པའི་ཕྱིར་རོ། །གཞན་ཡང་རྟག་པའི་
ཆོས་མི་དམིགས་པ་ཡིན་ན། ཅི་འདི་མེད་པར་དགག་པར་འགྱུར་རོ། །ཡང་ཅི་སྟེ་འགལ་བར་བརྗོད། གལ་ཏེ་དགག་པར་བྱེད་པ་དེའི་ཚེ་གཞལ་བྱ་ལ་སོགས་པ་བཞིན་དུ་ཐུན་མོང་གི་མ་ངེས་པར་འགྱུར་ཏེ། རྟག་པའི་ཆོས་དགག་པ་ཙམ་མི་རྟག་པ་སྤངས་པ་ཙམ་ཡང་སྲིད་པའི་ཕྱིར་རོ། །འོན་ཏེ་འགལ་
བར་བརྗོད་པའི་ཚེ་མ་ངེས་པར་རིགས་པ་མ་ཡིན་པ་ལ་གཏན་ཚིགས་ལྟར་བཅོས་པ་ནི་རིགས་པ་མ་ཡིན་ནོ། །གཞན་ཡང་རྣམ་པ་གཞན་མདོ་ལས་གཉིས་ག་བཤད་པ་ནི་གཏན་ཚིགས་གང་གཏན་ཚིགས་ཀྱི་དུས་སུ་དུས་སུ་འདས་པ་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་དུས་འདས་པ་ཡིན་ཞེ་ན། མངོན་སུམ་
མམ་ལུང་ངམ་གཉི་ག་ལས་འདས་པ་དང་། མ་ལུས་པ་ལས་འདས་པ་ནི་དུས་འདས་པ་ཞེས་བརྗོད་དོ། །གལ་ཏེ་ཡང་མངོན་སུམ་དང་ལུང་དང་འགལ་བ་ཅིའི་ཕྱིར་ཞེ་ན། མཚན་ཉིད་རྣམ་པ་བཞིར་བཤད་པ་ཡིན་ཏེ། འདི་ལྟར་སྔ་མ་དང་ལྡན་པ་དང་། ལྷག་མ་དང་ལྡན་པ་དང་ཕྱིར་རྒོལ་བ་མཐོང་
བའོ་ཞེས་གཏན་ཚིགས་ཀྱི་མཚན་ཉིད་བཞི་འདོད་དོ། །སྔ་མ་དང་ལྡན་པ་དང་། སྤྱིར་མཐོང་བ་ནི་ཁྱབ་པར་བྱེད་པའོ། །ལྷག་མ་དང་ལྡན་པ་ནི་སྤྱི་ལ་ཡོད་པའོ། །སྤྱིར་མཐོང་བ་ནི་མ་མཐོང་བའོ། །དང་གི་སྒྲས་ནི་འགལ་བའོ། །དེ་ལྟར་རྣམ་བཤད་བྱེད་པས་བརྗོད་པ་ཡིན་ཏེ། གང་ཡང་རྗེས་སུ་
དཔག་པ་དང་མངོན་སུམ་དང་ལུང་དང་འགལ་བ་ནི་རིགས་པ་ལྟར་སྣང་བ་ཡིན་ནོ་ཞེའོ། །དེས་ན་དེ་ལྟར་ན་རྗེས་སུ་དཔག་པ་དང་ཚུལ་གསུམ་པའི་རྟགས་སུ་གྱུར་པ་དང་། མངོན་སུམ་དང་། ལུང་དང་འགལ་བ་གསུམ་གྱིས་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་ཡོད་དེ་མངོན་སུམ་དང་འགལ་བ་དང་
เล่ม ๑๙๐ · หน้า 147b
ལུང་དང་འགལ་བ་དང་གཉི་ག་དང་འགལ་བ་ཡིན་ནོ། །མངོན་སུམ་དང་འགལ་བ་ནི་དཔེར་ན་མེ་གྲང་བ་ཡིན་ཏེ། རྫས་ཡིན་པའི་ཕྱིར་ཆུ་བཞིན་ནོ། །ལུང་དང་འགལ་བ་ནི་བྲམ་ཟེས་ཆང་བཏུང་བར་བྱ་སྟེ། རྫས་ཡིན་པའི་ཕྱིར་འོ་མ་བཞིན་ནོ། །གཉི་ག་དང་འགལ་བ་ནི་མིག་ལ་སྣང་བ་མེད་དེ་དབང་པོ་ཡིན་པའི་ཕྱིར་
སྣ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །འདི་ཕྱོགས་དང་འགལ་བ་ནི་འགལ་བ་མ་ཡིན་ནོ། །ཕྱོགས་དང་འགལ་བ་ནི་སྤངས་པའི་ཕྱིར་རོ། །དེས་ན་འདི་ནི་ཚུལ་གྱི་མཚན་ཉིད་དང་འགལ་བས་སྡུག་བསྔལ་བ་ཡིན་ཏེ། ཚུལ་གསུམ་པ་ནི་རང་། ཇི་ལྟ་བའི་རང་གི་ཚད་མས་ངེས་པའི་ཕྱིར་རོ། །
ཕྱོགས་ཀྱི་ཆོས་ལ་སོགས་པ་གསུམ་ནི། གང་ལ་གནོད་པ་ཡོད་པ་དེ་འབྲེལ་པ་ཡོད་པ་ཡིན་ཏེ། གནོད་པ་ནི་མེད་ན་མི་འབྱུང་བ་དང་འགལ་བ་དང་། མེད་ན་མི་འབྱུང་བར་འགྱུར་བ་ནི། བསྒྲུབ་པར་བྱ་བའི་ཆོས་དང་མེད་ན་མི་འབྱུང་བའོ། །ཇི་ལྟར་དེའི་མཚན་ཉིད་ཀྱི་ཆོས་འདི་གཏན་ཚིགས་སུ་
འགྱུར་ཞེ་ན། བསྒྲུབ་པར་བྱ་བའི་ཆོས་ལས་ལྷག་མ་ཙམ་ནི། གནོད་པར་བྱ་བ་ཡུལ་ཡིན་པའི་ཕྱིར་སྐྱོན་གྱི་རྗེས་སུ་འབྲང་བར་བཤད་པར་བྱའོ། །གང་ལ་འདིར་ཡང་གནོད་པའི་དཔེར་བརྗོད་པ་དེ་དག་ནི་ཚུལ་གསུམ་པའི་མཚན་ཉིད་ལ་ཅུང་ཟད་ཅིག་ཀྱང་མེད་དོ། །ཕྱོགས་ཀྱི་སྦྱོར་བ་ཁས་
བླངས་པ་ནི་ཕྱོགས་ཀྱི་སྐྱོན་འདི་ཉིད་ཀྱིས་བཤད་པ་ཡིན་ནོ། །གང་ཡང་ཕྱོགས་ཀྱི་སྐྱོན་ཡོངས་སུ་སྤངས་ནས་མ་འབྲེལ་པ་མང་པོ་བརྗོད་པ་ནི་ཤིན་ཏུ་ཡང་སྙིང་པོ་མེད་དོ། །གང་གི་ཕྱིར་སྐབས་སྤྱོད་པ་ན་རྣམ་བཤད་ཀྱིས་སྐབས་སྤྱོད་པ་དེའི་དཔེར་བརྗོད་པ་འདི་ཡིན་ཏེ། རྡུལ་ཕྲ་མོ་ནི་རྡུལ་ཕྲ་མོ་
གཞན་གྱི་འབྲས་བུར་བསྟན་པ་ཡིན་ནམ་མ་ཡིན་ཞེས་སྤྱོད་པ་ན་འགའ་ཞིག་རྗོད་པར་བྱེད་ན་ནི་རྡུལ་ཕྲ་མོའི་རྡུལ་ཕྲ་མོ་གཞན་གྱི་འབྲས་བུ་ཡིན་ཏེ། གཟུགས་ལ་སོགས་པ་དང་ལྡན་པའི་ཕྱིར་གཉིས་པོ་ཅན་ལ་སོགས་པ་བཞིན་ནོ། །ཐུན་མོང་བའི་རྡུལ་ཕྲ་མོ་གང་ཡིན་པ་དེ་ནི་རྒྱུ་ཉིད་ལས་བྱུང་
བ་ཡིན་ཏེ། དེ་ཡང་གཟུགས་ལ་སོགས་པ་དང་ལྡན་པ་ཡོད་དོ་ཞེས་དཔྱོད་པ་ཡིན་ཏེ་ཅི་གཟུགས་ལ་སོགས་པའི་རྡུལ་ཕྲ་མོ་ནི་ཕྲ་མོའི་འབྲས་བུ་ཡིན་ནམ་མ་ཡིན་ཞེས་དཔྱད་པ་བྱེད་ན་གང་གི་ཚེ་དེ་ཡང་གཟུགས་ལ་སོགས་པ་ཕྲ་མོ་གཞན་གྱི་འབྲས་བུར་བརྗོད་པ་དེའི་ཚེ་དེ་ཡང་གཟུགས་ལ་
เล่ม ๑๙๐ · หน้า 148a
སོགས་པ་དང་ལྡན་པ་ཡོད་པ་ཡིན་ནོ་ཞེས་དཔྱད་པར་བྱའོ། །དེ་ལྟ་ན་ནི་ཐུག་པ་མེད་པའི་གནས་སྐབས་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་སྐབས་དང་མཚུངས་པར་སྨྲའོ། །ཡང་ན་རྡུལ་ཕྲ་མོ་ནི་རྡུལ་ཕྲ་མོ་གཞན་གྱི་འབྲས་བུར་མི་སྟོན། གཟུགས་དང་ལྡན་པར་
གྱུར་པ་དེས་ན་མ་ངེས་པའི་གཏན་ཚིགས་ལས་ཐ་དད་པར་མི་འགྱུར་རོ། །དེ་ལས་ཐ་དད་པར་གྱུར་པ་ཡིན་ན་ནི་སྐབས་དང་མཚུངས་པ་མ་ངེས་པ་མ་ཡིན་ནོ། །འདི་འགལ་བ་ནི་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་མ་བསྒྲུབས་པའི་ཕྱིར་རོ། །མ་གྲུབ་པ་ནི་མ་ཡིན་ཏེ། ཕྱོགས་ཀྱི་ཆོས་གྲུབ་པའི་
ཕྱིར་རོ། །དུས་འདས་ནས་བཤད་པ་ནི་མ་ཡིན་ཏེ། མངོན་སུམ་དུ་ལུང་དང་མི་འགལ་བའི་ཕྱིར་རོ། །དེས་ན་དོན་གཞན་ཡིན་ནོ་ཞེས་བྱའོ། །ཡང་ན་སྐབས་དང་མཚུངས་པ་ནི་སྐབས་སུ་བབ་པ་སྟེ། གནས་སྐབས་སུ་བབ་པར་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ལ་རབ་ཏུ་
གྲུབ་པ་ཡིན་ནོ་ཞེས་དཔྱད་པར་བྱ་སྟེ། གང་གི་ཕྱིར་གཏན་ཚིགས་སུ་འདས་པ་ཞེས་བྱ་བའི་གཏན་ཚིགས་ནི་སྐབས་དང་མཚུངས་པ་ཡིན་ནོ། །ཕྱོགས་སྒྲུབ་པ་མཚུངས་པ་ཡིན་ཏེ། དཔེར་ན་ཕྱོགས་གཅིག་ལ་སྒྲུབ་པར་བྱེད་པ་མེད་པ་ཞེས་བྱ་བ་བཞིན་དུ་སྒྲུབ་པར་བྱེད་པ་དང་སྒྲུབ་པར་བྱེད་པ་
མེད་པར་མཚུངས་པ་དེའི་ཕྱིར་ཕྱོགས་གཅིག་ལ་ཡོད་པའི་ཆོས་ནི་སྐབས་དང་མཚུངས་པའོ། །འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་རྣམས་མི་རྟག་པ་ཡིན་ཏེ། གཟུགས་དང་ལྡན་པའི་དྲི་བཞིན་ནོ། །འདི་ཡང་རྐང་མིག་གིས་འདོད་པའི་རྗེས་སུ་འབྲངས་ནས་ཚད་མར་བྱེད་
པ་ནི། རྡུལ་ཕྲ་རབ་ནི་རྡུལ་ཕྲ་མོ་གཞན་སྔོན་དུ་འགྲོ་བ་ཡིན་ཏེ། གཟུགས་དང་ལྡན་པའི་ཕྱིར་གཉིས་པ་ཅན་ལ་སོགས་པ་བཞིན་ནོ། །ཁས་བླངས་པ་དང་འགལ་བ་ནི་དུས་འདས་པ་འདི་ལས་ཐ་དད་པར་མི་འགྱུར་རོ། །ཆོས་ཅན་ཏེ་དེ་ལྟར་བྱེད་ན། དེའི་གཏན་ཚིགས་སངས་རྒྱས་ལ་མ་གྲུབ་པ་ཡིན་
ཏེ། རྡུལ་ཕྲ་རབ་རྣམས་ནི་གཟུགས་ལ་སོགས་པ་ལས་ཐ་དད་པར་ཁས་ལེན་པའི་ཕྱིར་མི་རིགས་པའི་ཕྱིར་དང་། གཉིས་པ་ཅན་ལ་སོགས་པ་ནི་མེད་པའི་ཕྱིར་རོ། །གཉི་ག་མ་ཚང་བའི་དཔེ་ལྟར་སྣང་བ་ཡིན་ནོ། །གང་གི་ཚེ་གྲུབ་པའི་མཐའ་ཁས་མི་ལེན་པའི་རིགས་པ་སྨྲ་བ་དེའི་ཚེ་ཡང་ཕྱོགས་
เล่ม ๑๙๐ · หน้า 148b
གཉིས་པ་ལ་བརྗོད་པའི་སྐྱོན་དང་བྲལ་བ་མ་ཡིན་ནོ། །གང་ཡང་འདི་རྗེས་སུ་དཔག་པར་བྱ་བའི་ཕྱོགས་གཅིག་ལ་ཡོད་པའི་ཆོས་ལ་སོགས་པ་མི་རྟག་པ་ཡིན་ཏེ། དྲི་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡང་མ་གྲུབ་པའི་ནང་དུ་འདུས་པ་ཡིན་ནོ། །ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །མ་ཡིན་ཏེ།
ཕྱོགས་གཅིག་ལ་ཡོད་པའི་ཕྱིར་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་བཞིན་ནོ་ཞེ་ན། འདི་ནི་མི་མཚུངས་པ་བཀོད་པ་ཡིན་ཏེ། མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདིར་ཡང་བསྡུས་ནས་ངེས་པར་གཟུང་བ་ཡིན་པའི་ཕྱིར་མ་ལུས་པ་ལ་ཁྱབ་པ་ནི་མ་ཡིན་ནོ་ཞེས་བྱ་བར་
བསྟན་ཏོ། །རྗེས་སུ་དཔག་པར་བྱ་བ་ལ་ཡོད་པར་བརྗོད་པ་ནི་མ་འབྲེལ་པ་རྣམ་པར་དཔྱོད་པ་ངེས་པར་བརྗོད་པས་བསྒྲུབ་པར་བྱ་བའི་ཆོས་ཅན་མ་ལུས་པ་ལ་བསྟན་པ་ཡིན་ནོ། །དེས་ནི་ཕྱོགས་གཅིག་ལ་མ་གྲུབ་པ་ལ་སོགས་པ་གསལ་བ་དོན་མེད་པ་ཡིན་ནོ་ཞེས་བྱ་བའི་འབད་པ་ཅི་ཡང་མ་ཡིན་ནོ། །
རྣམ་ཕུག་གིས་འདི་ཡང་རྐང་པ་རྡུང་དུ་ལྷུང་བ་ཡིན་ཏེ། སྐབས་དང་མཚུངས་པ་དང་གཞན་དང་མཚུངས་པ་དག་ལས་སྐབས་སེམས་ཤིང་དཔྱོད་པ་ནི་ཕྱིས་བཤད་པར་བྱའོ། །དེའི་མཚན་ཉིད་དང་ལྡན་པའི་གཏན་ཚིགས་དཔྱད་པ་ནི་སྐབས་དང་མཚུངས་པར་འགྱུར་རོ། །སྐབས་ཀྱི་བསྒྲུབ་བྱ་དང་
མཚུངས་པ་ཡིན་ན། ཡོད་པ་དང་མེད་པར་མཉམ་པའོ། །དཔེར་ན་ཐམས་ཅད་མཁྱེན་པ་ནི་མེད་པ་ཡིན་ཏེ། ཅིག་ཤོས་ཟློག་པ་ལས་རྣམ་པར་གྲོལ་བའི་ཕྱིར་གཟུགས་བཞིན་ཞེས་བྱ་བ་ནི། གང་གི་ཕྱིར་གཏན་ཚིགས་གཉིས་ཀ་ཡང་མཚུངས་པ་ཡིན་ན། གང་ཡང་མེད་པ་དང་ཡོད་པ་ལ་ཁྱད་
པར་མེད་ན། ཇི་ལྟར་ཐམས་ཅད་མཁྱེན་པ་མེད་པ་ཅིག་ཤོས་ལས་རྣམ་པར་གྲོལ་བ་ཡིན་པའི་ཕྱིར། བོང་བུའི་རྭ་བཞིན་ནོ་ཞེས་བྱ་བ་འདི་གཉི་གའི་ཆོས་སུ་གྱུར་ཀྱང་མ་ངེས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་ཕྱིར་རོ། །དེ་ཡང་ཚད་མ་རྣམ་པར་ངེས་པར་སློབ་དཔོན་རང་ཉིད་
ཀྱིས་བཀག་པ་ཡིན་ཏེ། འདིར་ཁྱེད་ཀྱིས་མི་མཐུན་པའི་ཕྱོགས་གང་ཡིན་པ་ཤེས་པར་བྱ། བསྒྲུབ་པར་བྱ་བ་མེད་པའོ་ཞེ་ན། འདི་ཇི་ལྟར་མི་རིགས་པའི་ཕྱོགས་སུ་འགྱུར། དོན་གྱི་སྒྲ་ཡང་བཤད་པ་ནི་འདིར་བརྗོད་པར་བྱ་བ་ཡིན་ན། འདིའི་སྐྱོན་གྱི་བྱེ་བྲག་རབ་ཏུ་རྒྱས་པར་བཤད་ཟིན་
เล่ม ๑๙๐ · หน้า 149a
ཏོ། །འདིར་སྐབས་དང་མཚུངས་པ་དང་དུས་འདས་པ་ལ་སོགས་པའི་རིགས་པ་མ་ཡིན་ནོ། །འཁྲུལ་པ་དང་བཅས་པ་ཡང་གཏན་ཚིགས་ལྟར་སྣང་བ་ཉིད་ཡིན་ནོ། །དེ་ལྟ་ན། ཁྱེད་ཀྱིས་ཇི་ལྟར་ཁས་བླངས་པ་ཁྱེད་ཀྱིས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལས་ཐེ་ཚོམ་
ཟ་བས་གཅིག་ཏུ་ངེས་པར་རྟོགས་པ་མ་ཡིན་ཏེ། མ་མཐོང་བ་ཙམ་གྱིས་ལྡོག་པར་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཁྱེད་ཀྱིས་དོགས་པ་མེད་པར་སྦྱོར་བར་བྱ་སྟེ། མིག་དང་རྣ་བ་ནི་ཕྲད་ནས་འཛིན་པ་ཡིན་ཏེ། ཕྱིའི་དབང་པོ་ཡིན་པའི་ཕྱིར་སྣ་བཞིན་ནོ་ཞེས་བྱ་བ་དང་། རྟོག་པ་དང་
བཅས་པ་ནི་མངོན་སུམ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་འདིར་མ་མཐོང་བ་ཙམ་ལྡོག་པ་མ་གྲུབ་པ་ཡིན་པའི་ཕྱིར་རོ། །གཞན་དུ་ཡང་། བདག་དང་ས་ལ་ཤེས་ཡོད་སོགས། །མེད་པར་རབ་སྒྲུབ་མེད་མིན་པའི། །གཏན་ཚིགས་འགའ་
ཡང་དགག་པ་ཡང་། །གཏན་ཚིགས་མེད་སྒྲུབ་མིན་ནམ་ཅི། །ཞེས་བཤད་པ་ལ་སོགས་པ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཡོད་པ་དང་མེད་པ་ལ་ཐེ་ཚོམ་ཟ་བ་ལ་ཡང་དག་པའི་ཤེས་པའི་གཏན་ཚིགས་སུ་བྱེད་འདོད་དེ་དཔེར་ན་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ།
སྲོག་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ། ངེས་པ་མ་ཡིན་པ་ལྟ་བུའི། །དྭ་ར་དྭ་ཛས་འགལ་བ་རྣམ་པར་དབྱེ་བའི་བརྗོད་པ་དམ་བཅའ་བ་དང་འགལ་བ་ནི་གསལ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་ཉེ་བས་གཞན་གྲུབ་པར་བརྗོད་པ་ནི། དཔེར་ན་རྡུལ་ཕྲ་རབ་ནི་རྟག་པ་ཡིན་ཏེ། བྱ་བ་དང་ལྡན་པའི་
ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་དང་མཚུངས་པའོ། །གང་གི་ཕྱིར་རྡུལ་ཕྲ་རབ་རྣམས་ནི་བྱ་བ་དང་ལྡན་པ་ཡིན་ཏེ་ལུས་དང་བྱ་བ་དང་གཟུགས་དང་ལྡན་པའི་ཕྱིར་མི་རྟག་པ་ནི་འཐད་པ་མ་ཡིན་ཏེ། ཆོས་ཅན་མ་གྲུབ་པའི་ཕྱིར་རོ། །རྡུལ་ཕྲ་རབ་ནི་མཚོན་པ་ཅན་མ་ཡིན་ཏེ། མ་
གྲུབ་པའི་གཏན་ཚིགས་སུ་ཐལ་བར་འགྱུར་བས་གཏན་ཚིགས་ཐམས་ཅད་ཀྱང་མ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱོགས་ཡོད་པ་དེ་ཙམ་གྱིས་ཕྱོགས་ཀྱི་ཆོས་སུ་དེ་ནི་དེ་ལྟར་གྱུར་པ་ཡང་ཡིན་ནོ། །བསྒྲུབ་པར་བྱ་བའི་དབང་དུ་བྱས་པ་ཆོས་ཅན་གྱི་ཕྱོགས་ཀྱི་ཆོས་སུ་འདོད་པ་
เล่ม ๑๙๐ · หน้า 149b
ཡིན་ཏེ། འབའ་ཞིག་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ཡང་གལ་ཏེ་ཆོས་ཅན་ལ་སྒྲུབ་པར་བྱེད་པ་མེད་ན་མི་འགྱུར་རོ། །སྒྲུབ་པར་བྱེད་པ་དེའི་བསྒྲུབ་པར་བྱ་བ་མེད་ན་ཆོས་ཅན་ལ་ཡོད་པའི་གཏན་ཚིགས་དེ་ལྟ་བུ་ཕྱོགས་ཀྱི་ཆོས་སུ་མི་འགྱུར་རོ། །གང་གི་ཚེ་
དེ་ལྟ་མ་ཡིན་པ་ཡང་སྒྲུབ་པར་ཁས་བླངས་ནས་ཆོས་ཅན་གྱི་ཆོས་སུ་བསྟན་པ་དེའི་ཚེ་གཏན་ཚིགས་མ་ཡིན་པར་འགྱུར་རོ། །དེས་ན་ཡང་ཡོད་པས་ཁྱད་པར་དུ་བྱས་པའི་ཕྱོགས་ཀྱི་ཆོས་བརྗོད་པར་འདོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་བསྒྲུབ་པར་བྱ་བ་དང་མཚུངས་པའི་མ་གྲུབ་པར་
གྱུར་པ་དེས་ན་འདི་འདིར་བརྗོད་པ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་མེད་པའི་ཆོས་ཅན་ལ་ཡོད་པའི་གཏན་ཚིགས་རྣམ་པ་དེ་ལྟ་བུ་ཕྱོགས་ཀྱི་ཆོས་ཀྱིས་བསྒྲུབ་པར་བྱ་བ་ཙམ་སྒྲུབ་པ་དེའི་ཚེ་ཅི་ཕྱོགས་ཀྱི་ཆོས་འདི་ལྟ་བུ་མ་ཤེས་པར་རྗེས་སུ་དཔག་པར་བྱ་བ་གསལ་བར་བྱེད་དམ་འོན་ཏེ་
གཞན་གྱི་ངེས་པ་ཡིན་ནོ་ཞེས་བྱ་བའི་རྣམ་པས་ཡིན། གང་གི་ཚེ་མ་ཤེས་པས་གསལ་བར་བྱེད་པ་དེའི་ཚེ་ཤེས་པར་བྱེད་པའི་གཏན་ཚིགས་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཤེས་པར་བྱེད་པའི་གཏན་ཚིགས་ནི་བདག་ཉིད་ཀྱི་ཤེས་པ་ལ་ལྟོས་ནས་ཤེས་བྱའི་དོན་གསལ་བར་བྱེད་པ་
ཡིན་ནོ། །གཏན་ཚིགས་ཡོད་པ་ཙམ་གྱིས་གསལ་བར་རྟོགས་པ་ཡིན་ན་ནི། རྒོལ་བ་དང་ཕྱིར་རྒོལ་བས་གཞན་གྱིས་གཞུང་ལུགས་སྣ་ཚོགས་བྱེད་པར་མི་འགྱུར་རོ། །གོ་བར་བྱེད་པ་ཤེས་པ་ཡང་ཚད་མས་དེ་རྣམ་པར་ངེས་པ་འམ་ཚད་མར་བདེན་པར་ངེས་པའི་ཚད་མ་ཡིན་པར་མི་
འགྱུར་རོ། །དེ་ལྟ་མ་ཡིན་ན་ཚད་མ་ཉིད་རྣམ་པར་ཉམས་པར་འགྱུར་རོ། །གང་གི་ཕྱིར་ཚད་མ་འདི་ཚད་མ་ཉིད་དུ་ཇི་ལྟར་གནས་པའི་ངོ་བོ་མ་ཡིན་པ་དེའི་ཕྱིར་ཚད་མའི་དངོས་པོ་འདི་ཉིད་གསལ་བར་བྱེད་པ་ཡིན་ནོ། །དེ་ཡང་འདིའི་ཚད་མ་ཉིད་དུ་ཡོད་པ་ཡིན་ན་དེ་ཇི་ལྟར་ཚད་མ་མ་ཡིན་
ཞེས་བརྗོད་པར་བྱ། གང་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་དུ་མེད་པ་ཚད་མས་གཏན་ཚིགས་ཀྱི་དོན་བསྒྲུབ་པར་བྱ་བའི་ཆོས་ཅན་དུ་འདོད་ན་ནི། ཕྱོགས་ལ་ཆོས་ཡོད་པ་ཉིད་ཀྱིས་གོ་བར་བྱ་བར་འགྱུར་ཏེ། གཏན་ཚིགས་ཀྱི་ཚད་མ་དེ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱིས་བསྒྲུབ་
เล่ม ๑๙๐ · หน้า 150a
པའི་ཆོས་འདི་ཡང་སྐྱེ་བའི་ཕྱིར་གཏན་ཚིགས་ཀྱི་འདིའི་དོན་བྱེད་པ་ཅི་ཡང་མེད་དོ། །གཏན་ཚིགས་འབའ་ཞིག་པ་ཉིད་ཅེས་བྱ་བའི་ཆོས་གྲུབ་པར་བརྗོད་པར་རིགས་པ་ཡིན་ཏེ། གཏན་ཚིགས་མ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གཏན་ཚིགས་འདི་དེ་ལྟར་
བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ལ་བརྒྱ་ལ་གྲུབ་པ་འདིས་བསྒྲུབ་པར་བྱ་བའི་ཆོས་ཅན་མེད་ན་འདི་ནི་འཐད་པ་མ་ཡིན་ནོ། །ལྷན་ཅིག་ཏུ་སྐྱེ་ན་ནི་གྲུབ་པར་འགྱུར་རོ། །དེ་ན་ཡང་ཚད་མ་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཀྱང་ཇི་ལྟར་འགྲུབ་པར་མི་འགྱུར་རོ། །མི་དགོས་སོ་ཞེ་ན་ནི་འདི་དཔྱད་པར་བྱའོ། །དེ་
ལྟ་ན་ཡང་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཆོས་དང་ལྷན་ཅིག་ཏུ་གོ་བར་བྱེད་པ་ཡིན་ན་ནི། གཏན་ཚིགས་དོན་མེད་པ་ཉིད་ཀྱིས་མི་འཐད་པ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ལྟར་ན་ཇི་སྲིད་དུ་མི་མཐུན་པའི་ཕྱོགས་ལ་བསྒྲུབ་པར་བྱ་བའི་ཆོས་ཀྱི་མི་བརྟེན་པར་གྲུབ་པ་དེ་སྲིད་དུ་གཏན་ཚིགས་ཀྱང་ཡིན་ལ། ཇི་
སྲིད་དུ་གཏན་ཚིགས་མ་གྲུབ་པ་དེ་སྲིད་བསྒྲུབ་པར་བྱ་བ་ཡང་མི་འགྲུབ་པས་ཕན་ཚུན་བརྟེན་པར་ཐལ་བར་འགྱུར་རོ། །ཕྱོགས་ཀྱི་ཆོས་མ་གྲུབ་པའི་དུས་སུ་བསྒྲུབ་པར་བྱ་བ་གྲུབ་ཅིང་རྫོགས་པར་འགྱུར་བས་ཕྱིས་ཀྱི་གཏན་ཚིགས་ཀྱི་རྗེས་སུ་འབྲང་བ་དོན་མེད་པ་དང་འདི་མཚན་ཉིད་མི་མཐུན་པའི་གཏན་
ཚིགས་མཚན་ཉིད་པ་བཞི་འམ། མཚན་ཉིད་པ་ལྔ་ཡང་བརྗོད་བྱ་ཞེའོ། །ཁོ་བོ་ཅག་གི་འདོད་པ་ནི་ཆོས་ཅན་ལ་ཡོད་པ་ཙམ་དུ་རིགས་ནས་དུས་ཕྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་ཤེས་པ་ཡིན་པ་འམ། ཐམས་ཅད་བསྡུས་ནས་རྗེས་སུ་འགྲོ་བ་དང་ལྡོག་པ་ཤེས་པའི་དུས་ཕྱིས་ཆོས་ཅན་ལ་ཡོད་པ་
ཙམ་ཤེས་པའི་དེ་མ་ཐག་ཏུ་བསྒྲུབ་པར་བྱ་བའི་ཆོས་དེ་ལ་རྟོགས་པ་སྐྱེ་བར་འགྱུར་བ་ཡིན་ནོ། །དེས་ན་འདིར་ཉེ་བར་མ་ལུས་པའི་ཚོགས་ནམ་མཁའ་ལ་ཆུ་དང་མེ་གནས་པའི་མི་རྙེད་པ་ལྟ་བུའི་ཕྱིན་ཅི་ལོག་ལ་གཏིང་མི་ཚུགས་པའི་བརྗོད་པས་ཆོག་གོ། །གལ་ཏེ་དེ་ལྟར་ན་འདིར་འདོད་པ་ཡང་ཅི་
ཡིན་ཞེ་ན། ཇི་ལྟར་རིགས་པའི་གཏན་ཚིགས་ལྟར་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དང་གང་གཏན་ཚིགས་ལྟར་སྣང་བར་བཤད་པ་དེ་ནི་ཚར་གཅད་པའི་གནས་ཡིན་ཏེ། དེ་སྐད་དུ་ཡང་ཁོ་བོ་ཅག་གིས་གང་། །གཅིག་ལ་མ་གྲུབ་ཐེ་ཚོམ་ན། །མ་གྲུབ་པ་དང་འཁྲུལ་པ་ཅན། །
เล่ม ๑๙๐ · หน้า 150b
གཉིས་མ་གྲུབ་པ་འང་ཐེ་ཚོམ་ན། །འགལ་བ་དང་ནི་འཁྲུལ་པ་ཅན། །ཞེས་བཤད་དོ། །འོ་ན་རྩོད་པའི་རིགས་པ་འདིའི་རྩོད་པའི་རིགས་པའི་ལམ་ནི་འཇིག་རྟེན་མ་ལུས་པའི་གཉེན་དུ་གྱུར་པ་སློབ་དཔོན་དབྱིག་གཉེན་གྱི་རྩོད་པ་སྒྲུབ་པ་རྒྱལ་པོ་ཆེན་པོའི་ལམ་པོ་ཆེ་གཏོད་པ་དང་། བློ་གྲོས་
ངན་པའི་འདོད་པའི་གླང་པོ་ཆེའི་ཀླད་པ་འགེམས་པར་བྱེད་པ་དང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་རིགས་པ་བརྟག་པར་ཞིབ་ཏུ་དཔེ་བརྗོད་ཟིན་པས་ཁྱོད་ཀྱི་དེ་ཡང་བཏགས་པ་ལ་ཐག་པ་འདིས་ཅི་ཞིག་བྱ་ཞེས་བྱ་བ་འདི་ལ་རྩོད་པའི་ལན་དུ་དེ་ཉིད་མཐོང་བ་འཇིག་རྟེན་ཞེས་བྱ་བ་
ལ་སོགས་པ་ཚིགས་སུ་བཅད་པ་འདི་བཤད་པ་ཡིན་ནོ། །རབ་རིབ་ཅན་གྱི་ཚོགས་དག་ནི་རབ་རིབ་ཅན་གྱི་ཚོགས་སོ། །མ་རིག་པའི་རབ་རིབ་ཅན་གྱི་ཚོགས་ནི་མ་རིག་པའི་རབ་རིབ་ཅན་གྱི་ཚོགས་ཏེ། དེ་ཁོ་ནའི་དོན་མཐོང་བ་ལ་གགས་བྱད་པའི་ཕྱིར་རོ། །དེ་གཅོད་པར་བྱེད་པ་རྩོད་
པའི་རིགས་པ་ཞེས་བྱ་བར་སྦྱར་རོ། །གཅོད་པར་བྱེད་པའི་སྒྲས་བྱེད་པ་པོར་སྒྲུབ་པའོ། །ཡང་མ་རིག་པའི་རབ་རིབ་ཅེས་བྱ་བ་གང་ལ་ཡིན་ཞེ་ན། དེ་ཉིད་མཐོང་བ་ལའོ། །དེ་ཁོ་ན་ཉིད་མཐོང་བའི་ཤེས་རབ་ཀྱི་སྤྱན་ལ་ཞེས་བྱ་བའི་དོན་ཏོ། །བཤད་མ་ཐག་པའི་རྩོད་པའི་རིགས་པས་སོ། །དམ་པ་ནི་སྤྱི་བོས་མཐོང་
བར་བྱ་བའི་མཐོང་བའོ། །གཞན་ལ་ཕན་པར་དགྱེས་པ་ནི་སྙིང་རྗེ་གཞན་གྱི་དབང་པོ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་ཡང་དག་པ་ལ་དགོད་པར་བྱ་བའི་ཕྱིར་གསུངས་སོ། །གཞན་ལ་རབ་ཏུ་གྲགས་པའི་ལུས་ཀྱིས་ཤིན་ཏུ་གསལ་ཞིང་རྫོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །གཞན་
ལ་འགྲན་པ་རྟེན་པས་གྲགས་པར་འདོད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟན་དེ་དང་དེ་ལ་རྣམ་པར་གནས་པ་ཡིན་ནོ་ཞེ་ན། བཤད་པ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་རྩོད་པའི་རིགས་པར་དེ་ཁོ་ན་ཉིད་གསལ་བར་བྱེད་པ་བཞེད་དོ། །སྒྲིབ་པར་བྱེད་པ་ནི་ལུགས་སོ། །སྐྱོན་གྱི་མུན་པ་
ངན་པས་གཡོགས་པ་སེལ་ཏོ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་ངོ་མཚར་བ་མཁས་པ་ཆེན་པོ་ལྟ་བུའི་ལམ་འདི་ལ་བརྟེན་ནས་ཡང་ཅིའི་ཕྱིར་མི་ཤེས་པར་བརྗོད་ཅེ་ན། འགྲོ་བ་མི་ཤེས་པ་ཞེས་བྱ་བ་སྨོས་ཏེ། ཡང་དག་པའི་སྤྱོད་པ་དང་བྲལ་བ་སྐྱེ་བོ་འོད་བྱེད་དང་། ཟླ་འོད་དང་། དབེན་པ་
เล่ม ๑๙๐ · หน้า 151a
ལ་སོགས་པའོ། །དེ་ལྟ་ན་དེའི་ཕྱིར་ཁོ་བོས་རྩོད་པའི་རིགས་པའི་རབ་ཏུ་བྱེད་པ་འདི་བྱས་པས་བདག་ཉིད་ཆེན་པོ་རྣམས་ཀྱིས་མཛད་པའི་རྩོད་པའི་རིགས་པ་དེ་ལ་རྨོངས་པའི་ཉེས་པ་དང་། ཡང་དག་པར་མ་གོ་བའི་ཉེས་པ་ངན་པ་ཡོངས་སུ་སྤངས་པའི་ཕྱིར་འབད་པ་
འདི་བྱེད་པ་ནི་འབད་རྩོལ་མེད་པར་འདོད་པ་ཡིན་ནོ་ཞེས་བྱ་བ་བསྡུས་པའི་དོན་ཡིན་ནོ། །བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དོན་རྟོགས་མེད་པ་ཅན། །བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་མཆོག་གི་དེ་ཉིད་མཐོང་མེད་ལྡན། །བློ་ལྡན་བཞེད་པའི་
གཞུང་ཆེན་དེ་ནི་བདག་གིས་གསལ་བར་རབ་ཏུ་རྣམ་པར་ཕྱེ་བ་ཡིས། །འགྲོ་བ་དེས་ནི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་ཞི་བའི་གནས་དེ་ཐོབ་གྱུར་ཅིག །བདག་ཀྱང་བདག་མེད་རྟོགས་པར་གསལ་བར་རབ་ཏུ་གསལ་བར་གྱུར་པ་ཡིས། །སྐྱེ་དང་སྐྱེ་བ་ཐམས་ཅད་ཀུན་ནས་ཟད་པར་མཁྱེན་པར་གྱུར་
པ་དང་། །ཉེས་པའི་རི་བོ་ལས་བྱུང་ཁུར་རྣམས་ཁྱེར་བ་ས་གཞི་ལྟ་བུ་ཡི། །འཇམ་པའི་དབྱངས་ཀྱི་དཔལ་རྣམས་མ་ལུས་པ་ཡིས་ཐོབ་པར་ཤོག །ཤིང་རྟ་ཆེ་རྣམས་སྒྲོ་འདོགས་མེད་མཛད་པ། །བདག་གིས་ཅུང་ཟད་ཅིག་ནི་བྱར་མེད་པས། །དེ་ལྟ་ན་ཡང་བློ་དམན་རྟོགས་པའི་
ཕྱིར། །རྩོད་པའི་རིགས་པའི་རྣམ་འབྱེད་འདི་བྱས་སོ། །རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཤཱནྟ་རཀྵི་ཏས་མཛད་པ་རྫོགས་སོ།། །།དཔལ་ཚངས་པའི་འབྱུང་གནས་བསམ་ཡས་ཀྱི་གཙུག་ལག་ཁང་དུ། །
རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་དང་། འབྲོ་སེང་དཀར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด