དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ
ชื่อสันสกฤต (อักษรทิเบต ตามตัวบท) ཏཏྟྭ་སཾ་གྲ་ཧ་ཀཱ་རི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๑ · หน้า 29b
བྱ་ལ་སོགས་བློ། །དེ་རྣམས་རྗེས་འཇུག་པར་རིགས་ཀྱི། །མེད་པའོ་མེད་པའོ་སྙམ་བློ་འདི། །མཚན་ཉིད་མི་འདྲའི་ཕྱིར་ཡིན་ནོ། །ཡོད་པའི་དབང་གིས་བ་ལང་དང་། །རྟ་ཡི་བློ་བྱར་འདོད་མིན་གྱི། །ཐམས་ཅད་སྤྱི་ནི་ཡིན་བསྒྲུབ་ཕྱིར། །གཅིག་ཉིད་གཞན་དུ་བརྟག་པའོ། །གང་རྣམས་
དམག་སོགས་བློ་རྣམས་ཀྱི། །རྒྱུར་ནི་གྲགས་ལ་སོགས་འདོད་པའི། །རྗེས་མཐུན་པར་འདོད་མིན་ཞེ་ན། །གལ་ཏེ་དེ་ལྟར་ཡིན་ན་ནི། །འདོད་པས་སྦྱར་བའི་བརྡ་དབྱེ་བ། །ཡིད་ལ་བྱེད་པས་རྗེས་འཇུག་པའི། །བློ་དབྱེ་བ་ནི་ཅིས་མི་འདོད། །བྱེ་བྲག་ཤེས་ན་བརྡར་བྱེད་པའི། །འདོད་པ་དེ་
ལས་བྱུང་བ་ཡིན། །དེ་བྱས་པ་ལས་དེ་ཐོས་པའང་། །ཡིད་བྱེད་དེ་ལས་དེ་བློ་འདི། །རྗེས་སུ་འགྲོ་ལྡོག་དག་གིས་ནི། །དེ་ཉིད་ཀྱི་ནི་བློ་འདི་ཡི། །རྒྱུ་ཡི་ངེས་པའི་ངེས་པ་གྲུབ། །གཞན་འདོད་ཐུག་པ་མེད་པར་འགྱུར། །རྗེས་སུ་མཐུན་པ་དང་འདྲ་བར། །འགྱུར་ན་དོན་གཞན་དུ་རྟོག་ན། །
མཚན་ཉིད་མི་འདྲ་ཅན་བློ་རྣམས། །འདི་ཉིད་ལ་བརྟེན་པ་ནི་མཆོག །འདི་ལ་ནུས་པ་ངེས་པར་ནི། །ལྡོག་པ་རྗེས་སུ་འགྲོ་ལྡོག་གི །ནུས་པ་ཤེས་པ་རྣམས་ལ་ནི། །རྟོག་ན་དེ་ཡང་མཆོག་ཡིན་ནོ། །སྤྱི་རྣམས་ལ་ཡང་རྗེས་འགྲོ་བར། །བྱེད་པ་དག་ནི་ཡོད་མིན་ཏེ། །རྟག་རྣམས་རྟག་ཏུ་ཡོད་
བའི་ཕྱིར། །ལྡོག་པ་ཉིད་ནི་མི་སྲིད་དོ། །རྫས་སོགས་མིན་པའི་བློ་རྣམས་ནི། །ཡོན་ཏན་ཉིད་སོགས་རིགས་པ་མིན། །དུ་མ་རྣམས་ནི་འདུ་བ་ཡང་། །གྲངས་ལ་སོགས་པའང་ཡོད་འགྱུར་ཏེ། །དེ་རྣམས་ལ་ཡང་སྤྱི་བཞིན་དུ། །སྤྱི་ཞེས་བྱ་བའི་བློ་རུ་འགྱུར། །བུམ་པ་ཉིད་སོགས་
པའི་སྤྱི་ཡང་། །བུམ་སོགས་ཉིད་ལ་འཇུག་གྱུར་གྱི། །མེད་རྣམས་ལ་འདི་འཇུག་མིན་ཕྱིར། །དེ་རྣམས་བློ་ནི་ཇི་ལྟ་བུར། །རྟེན་གཞན་ལ་བརྟེན་ཕྱིར་གཞན་དུ། །བློ་དང་སྒྲ་དང་རིགས་མིན་ཏེ། །གླང་པོ་སོགས་བཞིན་རྟ་སོགས་ལའོ། །འདིར་ནི་དོན་གཅིག་ལ་བརྟེན་མིན། །དྲོ་དང་གྲང་
དང་ལྕི་བ་ཡང་། །དོན་གཅིག་ལ་བརྟེན་བློར་འགྱུར་གྱི། །འདི་ལ་འདི་ཡང་དོན་མེད་ཉིད། །མེད་པ་གང་དུའང་གནས་པ་མིན། །བྱེ་བྲག་བྱེ་བྲག་ཅན་ཉིད་ཀྱི། །འབྲེལ་པ་འདི་ལ་ཡོད་ཅེ་ན། །འདི་ལ་འབྲེལ་པ་གཞན་ཡོད་པར། །རྟོག་པར་བྱེད་པ་མ་ཡིན་ནམ། །དེ་དག་སྦྱོར་བ་ལ་བརྟེན་ནས། །
เล่ม ๑๙๑ · หน้า 30a
བྱེ་བྲག་བྱེ་བྲག་ཅན་རྟོག་ན། །དེ་མེད་རྒྱུ་མཚན་མེད་པ་ཉིད། །དེ་ནི་གྲུབ་པ་མ་ཡིན་ནོ། །བུམ་པའི་སྔ་ན་མེད་པ་ཞེས། །བྱ་བ་ལ་སོགས་ཚིག་འདི་ཡང་། །རྟོག་པ་ཅན་གྱིས་སྤྲུལ་པ་སྟེ། །བརྟགས་པའི་དཔའ་བོ་ཉིད་སོགས་བཞིན། །བྱེ་བྲག་བྱེ་བྲག་ཅན་ཉིད་འདི། །
གང་ཡིན་དངོས་པོ་ལ་བརྟེན་ཏེ། །འབྲེལ་པ་གཞན་ཞིག་ཡོད་པར་ནི། །དེ་ལ་ངེས་པར་བརྟག་པར་བྱ། །དེ་ལ་མེད་པ་མེད་པ་ཞེས། །འདིར་ནི་ཤེས་པ་ཙམ་བརྗོད་པ། །བྱེ་བྲག་ལ་གནས་སྤྱི་ཡིན་ཏེ། །རང་གི་རྟེན་རྣམས་ལ་གནས་པའོ། །དེ་རྣམས་རྗེས་འཇུག་འདོད་མིན་གྱི། །གལ་ཏེ་
གཞན་ཡོད་འདོད་མིན་ན། །ཚིག་གི་དོན་ལས་ཐ་དད་པས། །མེད་པའི་བློ་ནི་སྐྱེ་བ་ཡིན། །འདོད་པས་སྦྱར་བའི་གཟུགས་སོགས་པའི། །དོན་ལ་རིགས་ནི་ཡོད་མིན་ཏེ། །གསལ་བ་མེད་པ་ཉིད་ཀྱི་ཕྱིར། །དེ་ནི་འཁྲུལ་པ་ཉིད་དུ་བསྟན། །འདས་པ་དང་ནི་མ་བྱུང་བའི། །རྟག་པའི་སྤྱི་ཡི་
ཡུལ་ཅན་གྱིས། །ཤེས་ཡོད་ཅེ་ན་འདི་ནི་བྱིན། །འབའ་ཞིག་མི་འཛིན་མ་ཡིན་ནམ། །འབའ་ཞིག་དམིགས་པ་ཡིན་ན་ནི། །གསལ་བ་རྣམས་ཀྱིར་འདིར་མི་འགྱུར། །སྤྱི་ཡི་གསལ་བྱེད་དེ་མིན་ཏེ། །གངས་ཅན་འབིགས་བྱེད་ཉིད་བཞིན་ནོ། །འདི་ནི་དེ་རྣམས་བསྐྱེད་པ་ལ། །གཞན་
དབང་ཡིན་པས་འབྲེལ་པ་མེད། །རྟག་ཕྱིར་གཅིག་པུ་འཛིན་པའི་ཕྱིར། །ཤེས་པ་གཞན་དབང་ཉིད་ཀྱང་མིན། །རང་རྟེན་དབང་པོར་སྦྱོར་བ་ལས། །སོགས་ལ་ལྟོས་པ་མེད་ཕྱིར་རོ། །ཡོད་པ་རྟག་ཏུ་དམིགས་ཉིད་དམ། །ཡང་ན་ནམ་ཡང་མ་ཡིན་ཏེ། །རང་གི་བདག་ཉིད་ཤེས་བསྐྱེད་པར། །
རུང་བའམ་ཡང་ན་མི་རུང་ཉིད། །གལ་ཏེ་ལན་ཅིག་དེ་ལྟའི་དངོས། །ཡིན་ན་རྟག་ཏུ་དེ་ཉིད་འགྱུར། །དེ་ནི་རུང་བའམ་མི་རུང་བའི། །ངོ་བོར་རང་བཞིན་གྱིས་གང་གནས། །དེ་རྣམས་རྟག་ཕྱིར་གཡོ་མིན་ཏེ། །འཇུག་པར་འགྱུར་བ་གང་ཞིག་ཡིན། །བ་ལང་ཉིད་ནི་བ་ལང་ལས། །དོན་གཞན་
ཐ་དད་བློ་ཡུལ་ཕྱིར། །དེ་ནི་གཟུགས་དང་རེག་སོགས་བཞིན། །བརྗོད་པ་ནག་པའི་རྟ་བཞིན་ནོ། །ཞེས་འདིར་འཁྲུལ་པ་སྨྲ་བ་སྟེ། །འཚེད་པ་པོ་ཉིད་སོགས་དེ་བཞིན། །འདི་ཡི་ཚུལ་གྱིས་གཞན་ལ་ཡང་། །དམན་པའི་གཏན་ཚིགས་སུན་ཀུན་སྟོན། །གཞན་ཡང་སྤྱི་ནི་དུ་མ་ལ། །འཇུག་
เล่ม ๑๙๑ · หน้า 30b
པ་ཉིད་དུ་གང་སྨྲས་པ། །དེ་ལ་འཇུག་པར་འདོད་འདི་ཅི། །གནས་པའམ་འོན་ཏེ་གསལ་བ་ཉིད། །རེ་ཞིག་རང་དངོས་མི་ཉམས་པ། །འདི་གནས་པ་ཡི་དངོས་ཡིན་ན། །རྟེན་ནི་དེ་བྱེད་ནུས་མིན་ན། །གང་གིས་འཇོག་པ་པོ་ཉིད་འགྱུར། །དེ་ནི་བ་དྷི་རང་སོགས་བཞིན། །འགྲོ་བའི་བགེགས་
ཀྱང་ཡོད་མིན་ཏེ། །བྱ་བ་མེད་པ་ཉིད་ཀྱིས་ན། །དེ་ཕྱིར་གཞིར་ནི་བརྟག་པ་མིན། །དེ་ནི་འདུ་བར་གནས་ཤེ་ན། །དེ་ལྟར་རྣམ་པར་དཔྱད་མིན་ཏེ། །དེས་ན་ཐ་དད་མི་གྲུབ་རྣམས། །རྟེན་དང་རྟེན་ཅན་བདག་ཉིད་འདོད། །འབྲས་སོགས་རྣམས་ཀྱི་འགྲོ་བ་ལ། །གེགས་བྱེད་པས་ནི་གཞིར་གྱུར་ན། །
འགྲོ་བ་སྨིན་པའི་སྤྱི་རྣམས་ལ། །རང་གི་ཤེས་པ་སྐྱེད་རུང་ཉིད། །ཡིན་ན་གསལ་བའི་རྒྱུ་ཅི་ཡིན། །གལ་ཏེ་ནུས་མེད་འདི་ནུས་དང་། །ལྡན་པར་གསལ་བྱེད་ཀྱིས་བྱེད་ན། །འབྱུང་བ་མི་བརྟན་འགྱུར་ཉིད་དེ། །མར་མེ་གསལ་བྱ་བུམ་སོགས་བཞིན། །བུམ་སོགས་རིགས་ཀྱི་བྱེ་བྲག་ཀྱང་། །
རང་གནས་རྣམས་ཉིད་ལ་ཡིན་ན། །ཐམས་ཅད་ལ་གནས་རྟེན་དུ་ཡང་། །འགྱུར་ཏེ་དམ་པའི་རིགས་བཞིན་ནོ། །དེ་ལ་ཡུལ་གཞན་ཉིད་དུ་ཡང་། །དངོས་པོ་འབྱུང་བ་དེ་ལ་ནི། །དེ་རྣམས་ཇི་ལྟར་མཐོང་བ་འམ། །གནས་པའི་རྟེན་ཡིན་མི་ཤེས་སོ། །དེ་དང་ལྷན་ཅིག་སྐྱེ་བ་མིན། །དེ་རྣམས་
རྟག་ཕྱིར་དེ་ལ་སྔར། །གནས་མིན་ཁྱབ་པ་མིན་པས་སོ། །གཞན་ནས་འོངས་མིན་བྱས་མེད་ཕྱིར། །རང་གནས་དབང་པོར་སྦྱོར་ལ་སོགས། །དེ་ནི་གཅིག་པ་འཛིན་པ་ན། །ཐམས་ཅད་དུ་ཡང་དམིགས་འགྱུར་ཏེ། །དེ་ཡི་རང་དངོས་མི་འདོར་ཕྱིར། །རྟོགས་ལས་ཐ་དད་མིན་ཞེ་ན། །དེ་
ཡང་འཛིན་པར་བྱེད་འགྱུར་བའམ། །དེ་བཞིན་དེ་ཉིད་མི་འཛིན་པར། །འགྱུར་བའམ་ཐ་དད་ཉིད་དུ་འགྱུར། །ཕ་རོལ་པོས་བཏགས་རིགས་དག་ལ། །ཤིང་སོགས་ཤེས་པ་འདི་མི་འབྱུང་། །རིམ་ཉིད་དང་རྗེས་འཇུག་སོགས་ཕྱིར། །དཔེར་ན་འཚེད་པོ་སོགས་བློ་བཞིན། །རྟག་པ་སྐྱེད་པ་པོ་མིན་པ། །
གནོད་པ་ཅན་དུ་ཤེས་བྱ་ཞིང་། །གོང་དུ་ཕྲད་པ་སུན་དབྱུང་བར། །བརྟན་པའང་གནོད་པ་ཅན་ཡིན་ནོ། །དེ་ལྟར་རིགས་འདི་ཐ་དད་པ། །གཅིག་ཏུ་གསལ་བ་བྱས་པ་ཡིན། །རྒྱལ་དཔོག་སོགས་པས་སྨྲས་པ་ཡང་། །ཡོད་སྨྲ་རྟག་པར་བརྟགས་པར་འགྱུར། །གང་ཡང་བྱེ་བྲག་ཅེས་བྱ་བ། །
เล่ม ๑๙๑ · หน้า 31a
མཐར་དབྱུང་བར་བརྟགས་དེ་དག་ནི། །རྟག་པའི་རྫས་ནི་བསལ་བ་ཡི། །དེ་ཡང་མི་སྲིད་མཚན་ཉིད་ཡིན། །རྡུལ་ཕྲན་མཁའ་དང་ཕྱོགས་སོགས་རྣམས། །གལ་ཏེ་མ་འདྲེས་པར་གནས་ན། །དེ་ཕྱིར་རང་གི་ངོ་བོས་ཏེ། །མཚན་ཉིད་མི་འདྲ་ཉེ་བར་མཚོན། །
གལ་ཏེའང་དེ་རྣམས་བདག་ཉིད་གཞན། །འདྲེས་པར་གྱུར་པ་ཡིན་ན་ཡང་། །གཞན་ཡོད་ན་ཡང་མི་འདྲ་བའི། །མཚན་ཉིད་མ་འཁྲུལ་མཚོན་མིན་ན། །ཇི་ལྟར་བྱེ་བྲག་འདི་རྣམས་ཀྱི། །མཚན་ཉིད་མི་འདྲ་མཚོན་པ་ཡིན། །རང་ཉིད་ཁོ་ན་ཡིན་ཞེ་ན། །རྡུལ་ཕྲན་སོགས་ལ་ཅི་མི་འདོད། །
ཇི་ལྟར་ཁྱི་ཤ་ལ་སོགས་པ། །རང་ཉིད་ཁོ་ནས་མི་གཙང་གནས། །དེ་དང་འབྲེལ་པས་གཞན་རྣམས་ཀྱང་། །དེ་བཞིན་གལ་ཏེ་འདིར་འདོད་ན། །ཇི་ལྟར་མར་མེ་བུམ་སོགས་འདི། །གསལ་བྱེད་ཡིན་བཞིན་འདི་ཡང་ནི། །དེ་གསལ་བྱེད་པའི་བདག་ཉིད་དུ། །ངེས་པར་གནས་བཞིན་
འདི་དེ་བཞིན། །མི་གཙང་དངོས་འདི་ཀུན་རྫོབ་པ། །ཡིན་གྱི་དེ་ཉིད་དོན་མིན་ན། །དེ་ཉིད་ཀྱང་ནི་གཞན་དུའང་སྟེ། །འདི་ནི་ཇི་ལྟར་འགྱུར་བ་ཡིན། །འོན་ཏེ་འགྱུར་བ་ཉིད་ཡིན་ཡང་། །རང་གི་ཤ་སོགས་དབང་གིས་འདི། །རྟག་པ་སྐྱེ་བ་མེད་པའི་ཕྱིར། །མི་གཙང་དངོས་པོ་འཐོབ་པ་
མིན། །སྒྲོན་མ་ལ་སོགས་པ་ཡི་མཐུས། །སྐད་ཅིག་པ་ཡི་དོན་བུམ་པ། །རྒྱན་ལ་སོགས་པའི་ཤེས་པ་རྣམས། །སྐྱེད་བྱེད་དངོས་པོ་ཐོབ་འགྱུར་གྱི། །རྩོད་པའི་གནས་གྱུར་བྱེ་བྲག་གི །སྟོབས་ཀྱིས་མཚན་ཉིད་མི་འདྲའི་བློ། །དེ་རྣམས་དག་ནི་འབྱུང་མིན་ཏེ། །རིམ་གྱིས་འབྱུང་
ཕྱིར་བདེ་སོགས་བཞིན། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་སྤྱི་དང་བྱེ་བྲག་གི་ཚིག་གི་དོན་བརྟག་པ་སྟེ་བཅོ་བརྒྱད་པའོ།། །།སྣལ་མ་འདི་རྣམས་ལ་སྣམ་བུ། །སྨྱིག་ཚལ་འདི་རྣམས་ལ་རེ་ལྡེ། །ཞེས་སོགས་འདི་ཡི་བློ་འབྱུང་བས། །འདུ་བ་རྟོགས་པར་བྱ་བ་ཡིན། །
དེ་མེད་བློ་འདིའི་རྒྱུ་མཚན་དུ། །འགྱུར་བ་ཡང་ནི་ཅི་ཞིག་ཡིན། །རྒྱུ་མཚན་གཞན་ནི་མེད་པ་ན། །བྱེ་བྲག་བློ་ནི་མཐོང་མ་ཡིན། །བྱེ་བྲག་འདི་ཡི་བློ་ལས་ཀྱང་། །སྦྱོར་བ་བཞིན་དུ་ཐ་དད་མིན། །འབྱུང་བ་བཞིན་དུ་ཐམས་ཅད་ལ། །འདི་ནི་གཅིག་པ་ཉིད་ཅེས་བྱ། །རྟག་པ་དེ་ཉིད་
เล่ม ๑๙๑ · หน้า 31b
འབྱུང་བ་བཞིན། །རྒྱུ་མཚན་མི་དམིགས་པ་ཡང་ནི། །འདི་ལ་རྒྱུ་ནི་ཅུང་ཟད་ཀྱང་། །ཚད་མས་ཉེ་བར་དམིགས་པ་མིན། །དེ་ལྟར་དེ་ཡི་ཤེས་པ་ཡང་། །རང་གི་གྲུབ་མཐའི་རྗེས་འབྲངས་ནས། །ཕ་རོལ་པོ་རྣམས་འཇུག་བྱེད་ཀྱི། །འཇིག་རྟེན་པ་ལའང་དེ་མ་མཐོང་། །རྟེན་དང་བརྟེན་པར་
གྱུར་བ་དག །སྣ་ཚོགས་པ་ཉིད་མཚན་ཉིད་འགྱུར། །ཀུཎྜི་སོགས་གནས་དཔལ་འབྲས་བཞིན། །འདི་ལ་འདི་ཞེས་པ་བློ་ཡི། །དེ་བཞིན་གང་གི་དེ་རྣམས་ལ། །འདི་ལ་དེ་ཡི་བློ་འབྱུང་བ། །སྣལ་མ་སྣམ་བུ་སོགས་རྣམས་ལ། །སྣ་ཚོགས་ཉིད་མཚོན་ཡོད་མ་ཡིན། །དངོས་པོ་རྣམས་ལ་
རང་འདོད་ཀྱི། །སྦྱོར་བས་འདི་འོ་ཞེས་རྟོགས་པ། །འདི་ནི་རྒྱུ་ལ་མངོན་སྦྱོར་བ། །ཕ་རོལ་པོ་སྨྲ་དེ་མི་འཐད། །ཤིང་ལས་ཡལ་ག་འགྲོ་མིན་ལ། །བྲག་ཅེས་འཇིག་རྟེན་པ་བློ་འབྱུང་། །མི་འགྲོར་བརྗོད་ལས་ལྷག་ཡན་ལག །བར་མཚམས་མེད་པར་མཐོང་བའི་ཕྱིར། །དེ་དག་ལ་ཡང་འདི་
ཡི་བློ། །འཇིག་རྟེན་དང་འགལ་སྨྲས་པ་ཡིན། །བུམ་པའི་གཟུགས་དང་སྒྲ་ལ་སོགས། །དེ་ཡི་བདག་ཉིད་དུ་ཤེས་བྱ། །གཟུགས་དང་བུམ་སོགས་གནས་སྐབས་ཀུན། །སྒྲ་ཡི་བརྗོད་པ་ཉིད་ཡིན་ཏེ། །དེ་ཡི་བྱེ་བྲག་བརྗོད་པའི་ཕྱིར། །དེ་རྣམས་དེ་བཞིན་འཇུག་པ་ཡིན། །དེ་ལ་བརྟེན་
པའི་བློ་འདི་རྣམས། །དེ་རྣམས་རྣམ་པས་འཇུག་པ་སྟེ། །འདུ་བས་མ་ཡིན་ཐ་དད་པ། །ཀུན་ཀྱང་མཐོང་བ་མིན་ཕྱིར་རོ། །གལ་ཏེ་དངོས་པོ་ཐམས་ཅད་ལ། །དངོས་པོ་གཅིག་གྱུར་ཡོད་གྱུར་ན། །འཇིམ་གོང་སོགས་ལའང་སྣམ་བུ་ལ། །སོགས་པའི་ཤེས་པའང་ཐལ་བར་འགྱུར། །གླང་
པོ་སོགས་ལ་འང་བ་ལང་ཉིད། །ལ་སོགས་ཡོད་པར་ཐལ་འགྱུར་ཏེ། །དེས་ན་བ་ལང་སོགས་གཟུགས་ཉིད། །འདི་འགྱུར་བ་ལང་ཁྲ་བོ་བཞིན། །སྣལ་མ་རྣམས་ལ་སྣམ་བུ་དེས། །ཡོད་པར་འདུ་བ་ལས་ཤེས་ན། །འཇིམ་གོང་རྣམས་ལ་དེ་བཞིན་དུ། །དེ་ཡོད་ཅེས་པར་ཅིས་མི་ཤེས། །
འཇིམ་གོང་ལ་དེ་བརྟེན་པ་མིན། །ཞེ་ན་འདུ་བས་སྣལ་མ་ཡང་། །བརྟེན་པར་འདོད་པ་མ་ཡིན་ནམ། །འཇིམ་གོང་ལ་དེ་ཅི་ཕྱིར་མིན། །འདུ་བས་སྣལ་མ་ལ་སྣམ་བུ། །ཞེས་བྱར་སྒྲུབ་པར་བྱེད་ན་དེ། །འཇིམ་གོང་རྣམས་ལ་བུམ་པ་ཡི། །བློ་དེ་རྒྱུ་མཚན་མེད་པར་འགྱུར། །དེ་ལྟར་
เล่ม ๑๙๑ · หน้า 32a
གླང་པོ་སོགས་གང་ལ། །འདུ་བས་གླང་པོ་ཉིད་སོགས་ཡིན། །དེ་ཉིད་རང་གནས་ལ་རིགས་ཀྱི། །དབྱེ་བས་བ་ལང་ཉིད་སོགས་འགྱུར། །དེ་ནི་གཅིག་ཉིད་དུ་ཡོད་ཀྱི། །རྟེན་དང་བརྟེན་པར་དབྱེ་བ་ཡིས། །རྫས་རྣམས་ལ་ནི་དེ་རིགས་ཉིད། །ལས་རྣམས་ལ་ཡང་
ལས་ཉིད་དེ། །འདུ་ལས་བྱུང་འདི་ལས་ཞེས་པའི། །ཤེས་པ་རྗེས་འགྲོར་བསྟན་པའི་ཕྱིར། །ཐམས་ཅད་ལ་ཡང་འདུ་བ་ཉིད། །གཅིག་པུ་ཁོ་ན་ཡིན་ཞེས་བྱ། །རྫས་ཉིད་ལ་སོགས་རྒྱུ་མཚན་རྣམས། །ཐ་དད་པར་ནི་བསྟན་པའི་ཕྱིར། །རྫས་སོགས་རིགས་ཀྱི་བློ་རྣམས་ཀྱི། །ངེས་པ་ཉིད་དུ་
ངེས་པ་ཡིན། །རྟེན་དང་བརྟེན་པའི་ངེས་པ་ཡིས། །དཔེར་ན་སྣོད་དང་ཞོ་དག་ཀྱང་། །འབྲེལ་པ་གཅིག་ཏུའང་སྣང་བ་ཡིན། །དེ་བཞིན་འདི་ལའང་ངེས་པར་འདོད། །འདུ་བ་གཅིག་པུ་ཡིན་ན་ཡང་། །གསལ་བྱ་གསལ་བྱེད་ནུས་པ་ཡང་། །དབྱེ་བས་རྫས་སོགས་རིགས་རྣམས་ལ། །དེ་ནི་འགལ་
བ་མིན་ཞེ་ན། །གཅིག་ཉིད་རྟེན་དང་བརྟེན་པར་ནི། །ངེས་པར་བསྒྲུབ་དཀའ་མ་ཡིན་ནམ། །འདུ་བ་ལས་ནི་རྫས་ཉིད་དུ། །རྫས་རྣམས་ཁོ་ན་འདོད་པ་ཡི། །འདུ་བ་དེ་ནི་ཡོན་ཏན་ལ། །སོགས་ལའང་ཡོད་པར་ཇི་ལྟར་འགྱུར། །ཡོན་ཏན་རྫས་སོགས་དེ་དག་གི། །འབྲེལ་པ་འདི་ནི་གཅིག་ཉིད་དམ། །
གཞན་དུ་འདི་ནི་ཡོན་ཏན་དང་། །རིགས་སོགས་ཐ་དད་ཉིད་དུ་འགྱུར། །གསལ་བ་སོ་སོའི་སྦྱོར་དབྱེ་བས། །སྦྱོར་བ་ཇི་བཞིན་ཐ་དད་འགྱུར། །རྫས་ཉིད་ལ་སོགས་རྒྱུ་རྣམས་དང་། །ཐ་དད་པར་ནི་མི་རིགས་ཏེ། །རྒྱུ་མཚན་ཡོད་ན་བློ་ཡིན་ལ། །དེ་ཕྱིར་དེ་ཡི་ངེས་པའང་མིན། །དེར་བརྟེན་པ་ཉིད་སོགས་
པ་ཉིད། །འདུ་བ་ལས་ཡིན་དེ་ཉིད་ལ། །ངེས་པ་ཅན་དུ་རིགས་མ་ཡིན། །གསལ་བྱ་གསལ་བྱེད་ནུས་པ་ཡི། །དབྱེ་བའི་འདུ་བ་ལས་ཡིན་པའང་། །གཞན་མིན་པ་དེ་རྟག་པ་རྣམས། །སྐྱེད་པར་བྱེད་པ་རིགས་པ་མིན། །མར་མེ་ལ་སོགས་ཡོད་པ་ལས། །སྐྱེས་པའི་བུམ་སོགས་འདི་རྣམས་ཀྱིས། །
ཤེས་པ་ཇི་ལྟར་སྐྱེད་རུང་བ། །དེ་བཞིན་རིགས་ལ་སོགས་པ་མིན། །ཀུཎྜི་དང་ཞོ་ཕྲད་པ་ཡི། །གཅིག་ཏུ་གོང་དུ་བསལ་བ་ཡིན། །དེ་ཡི་ཕྱིར་ཡང་ངེས་པ་འདི། །མི་རིགས་ཤིན་ཏུ་ཐལ་འགྱུར་ཕྱིར། །འདི་ནི་རྟག་པ་ཉིད་ཡིན་ན། །བུམ་སོགས་ཀུན་ཀྱང་རྟག་འགྱུར་ཏེ། །འདུ་བའི་དབང་གིས་
เล่ม ๑๙๑ · หน้า 32b
དེ་རྣམས་ཀྱི། །རང་རྟེན་ལ་རྟག་གནས་ཕྱིར་རོ། །རང་གི་རྩོམ་བྱེད་བྱེ་བའམ། །ཡང་ན་དེ་ཞིག་པ་ལས་སམ། །ཕྲད་པ་སོགས་ལས་བྱ་བ་ཡང་། །དེ་རྣམས་ཞིག་པ་ཡིན་ཞེ་ན། །དེ་ལྟ་མིན་ཏེ་དེ་རྣམས་ཀྱང་། །རང་རྟེན་ལ་རྟག་འདུར་འདོད་བའམ། །དེ་རྣམས་རྣམ་པར་འཇིག་འགྱུར་ན། །
འདི་ལ་ངེས་པར་འཇིག་པར་འགྱུར། །འབྲེལ་པ་ཅན་ནི་འཇུག་མིན་ན། །འབྲེལ་པ་ཡོད་པར་བསྒྲུབ་པར་འདོགས། །ཕྲད་པ་མེད་ནའང་སྦྱོར་བ་ནི། །རྣམ་པར་གནས་པ་མ་ཡིན་ཏེ། །དཔེར་ན་སྦྱོར་བ་ཡོད་གྱུར་ན། །ཕྲད་པ་རྣམ་པར་གནས་པ་བཞིན། །དེ་བཞིན་འདུ་བ་ཡོད་པ་ན། །འདུ་
བ་ཅན་རྣམས་གནས་པ་ཡིན། །འབྲེལ་པ་ཅན་གཅིག་ཞིག་ན་ཡང་། །འབྲེལ་པ་ཅན་གཞན་ཡོད་པ་ལས། །འདུ་བ་རྣམ་པར་གནས་ཡིན་གྱི། །སྦྱོར་མིན་ཐ་དད་ཕྱིར་ཞེ་ན། །གལ་ཏེ་དེ་ལྟར་བུམ་པ་སོགས། །འདུ་བ་ཅན་རྣམས་ཞིག་ན་ཡང་། །དེ་རྣམས་གནས་པའི་བདག་ཉིད་གང་། །
དེ་ནི་རྟོག་པ་དེ་དང་ནི། །དེ་ཕྱིར་འབྲེལ་པ་ཅན་གཞན་ལ། །བརྟེན་པས་རྣམ་པར་གནས་པ་འམ། །འོན་ཏེ་ཕྲད་པའམ་བྱེ་བ་ནི། །འདུ་བ་བཞིན་དུ་གཞན་ཉིད་ཡིན། །དེ་ལ་བརྟེན་པའི་མཚན་ཉིད་ཀྱི། །འདུ་བ་ཀུན་དུ་གནས་ཡིན་ན། །སྔ་མ་བཞིན་དུ་བུམ་པ་སོགས། །དེ་རྣམས་
གནས་པ་ཉིད་ཐོབ་འགྱུར། །དེ་རྣམས་དེ་ལྟར་གནས་པ་མིན། །དེ་རྣམས་བརྟེན་པའི་བདག་ཉིད་ཀྱི། །འདུ་བ་ཇི་ལྟར་གནས་པར་འགྱུར། །མིང་ཙམ་ཡིན་ནའང་དེ་བཞིན་ནོ། །དེ་ཕྱིར་སྣང་ལ་ཡོད་ན་འང་། །དེ་རྣམས་གྱེན་ལ་གནས་མིན་ཏེ། །ཕྱིས་བཞིན་འདི་ནི་དེ་རྣམས་ལ། །དེ་བཞིན་
དངོས་སུ་གནས་མ་ཡིན། །འོན་ཏེ་གཞན་ཉིད་ཕྲད་པའམ། །བྱེ་བ་དུ་མ་བཞིན་ཡིན་ན། །འབྲེལ་པ་ཅན་གཞན་ཡོད་པ་ལ། །འདུ་བ་རྣམ་པར་གནས་འགྱུར་ན། །དེ་ལྟར་ཕྲད་པ་ལ་སོགས་བཞིན། །འདི་ནི་མི་འགྱུར་མ་ཡིན་ནམ། །དེ་ལ་སོགས་པ་འདི་ཡོད་པ། །དུ་མའང་འབྲེལ་པ་མེད་པ་
ཡིན། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་འདུ་བའི་ཚིག་གི་དོན་བརྟག་པ་སྟེ་བཅུ་དགུ་པའོ།། །།གལ་ཏེ་དམ་པའི་དོན་དུ་ན། །བྱེ་བྲག་ཅུང་ཟད་ཡོད་མིན་ན། །དབྱིབས་བཅས་དཀར་གཡོ་ཡོད་བདག་ཉིད། །བ་ལང་འདི་ལ་སོགས་བློས་སྒྲ། །འདི་དག་རྒྱུ་མེད་འདོད་
เล่ม ๑๙๑ · หน้า 33a
མིན་ན། །འདི་དག་ཡོད་པའི་ཡུལ་གང་ཡིན། །ཀུན་ལ་བྱེ་བྲག་མེད་པར་ནི། །དེ་དག་འཇུག་མི་སྲིད་ཕྱིར་རོ། །སྨྲས་པ་བློ་སྒྲ་འདི་དག་ལ། །ཡུལ་ནི་གང་ཡང་ཡོད་མིན་ཏེ། །ནང་ཙམ་ལ་ནི་ངེས་གནས་པའི། །ས་བོན་འདི་རྣམས་རྒྱུ་མཚན་ཡིན། །སྒྲ་
རྣམས་གང་དང་གང་དག་གིས། །ཡུལ་དུ་གང་དང་གང་བརྗོད་པ། །དེ་དེ་ཀུན་དུ་སྦྱོར་བ་ནི། །དངོས་སུ་མེད་དེ་ཆོས་ཉིད་ཡིན། །གང་ཕྱིར་རང་གི་མཚན་ཉིད་དང་། །རིགས་དང་དེ་འབྲེལ་རིགས་ལྡན་དང་། །བློ་ཡི་རྣམ་པའི་སྒྲ་དོན་དུ། །དེ་ཁོ་ན་ཉིད་དུ་མི་འཐད། །དེ་ལ་རེ་ཞིག་སྒྲ་རྣམས་ཀྱི། །
རང་གི་མཚན་ཉིད་རྗོད་བྱེད་མིན། །བརྡ་དང་ཐ་སྙད་ཐོབ་པ་ཡི། །དུས་སུ་ཁྱབ་དང་བྲལ་ཕྱིར་རོ། །ཡུལ་དུས་བྱ་བ་ནུས་པ་དང་། །སྣང་བ་ལ་སོགས་དབྱེ་བ་ལས། །གཅིག་ལ་གཅིག་དངོས་དེ་རྣམས་ཀྱི། །གསལ་བའི་བདག་ཉིད་རྗེས་འཇུག་མིན། །དེ་ཕྱིར་བརྡ་ལ་མཐོང་བའི་དོན། །ཐ་སྙད་ལ་
ནི་མཐོང་བ་ཡིན། །བརྡ་ཡི་དུས་སུ་མ་བཟུང་བ། །རྟོགས་པ་མ་ཡིན་སྒྲ་གཞན་བཞིན། །གངས་ཅན་ལ་སོགས་གང་ཡིན་པ། །ཡུལ་དུས་ཚོགས་ཀྱིས་མི་དབྱེ་བར། །འདོད་པ་རྡུལ་ཕྲན་དབྱེ་བ་ཡིས། །སྐད་ཅིག་པ་ཉིད་དུ་བསྒྲུབས་ཟིན། །རང་གི་མཚན་ཉིད་འདི་དག་ཀུན། །བརྡར་བྱ་བར་
ནི་ནུས་མིན་ཏེ། །སྐྱེ་མེད་དངོས་སུ་བརྡར་བྱ་བ། །མི་རིགས་རྟ་ཡི་རྭ་བཞིན་ནོ། །སྐྱེས་པའི་དུས་སུ་བཟུང་བ་ཡང་། །གང་ཚེ་ཚིག་དེ་རྗེས་དྲན་ནས། །བྱ་བྱེད་དེ་ལ་བརྡ་མེད་དེ། །འདས་ནས་ཡུན་རིང་ལོན་ཕྱིར་རོ། །གང་ཡང་སྐྱེས་པའི་སྐད་ཅིག་དེའི། །སྟོབས་ཀྱིས་ཡིན་ན་ཕྱི་མའི་ཚེ། །
དེ་ལ་བརྡ་འཇུག་ཡོད་མ་ཡིན། །འདྲ་བ་ཉིད་ཀྱང་བརྟགས་པ་ཡིན། །དྲོ་བ་ལ་སོགས་པར་སྣང་བློ། །དེ་ལ་དབང་པོའི་ཤེས་པ་ནི། །རྣམ་པར་གསལ་བར་རིག་པ་བཞིན། །དྲོ་བ་སོགས་ལས་བྱུང་རྣམས་ཀྱི། །དོན་གང་ཡིན་པ་དེས་བསྐྱེད་བློའི། །དོན་དེ་སྣང་བ་མིན་པའི་ཕྱིར། །སྒྲ་དེའི་
ཡུལ་དུ་མི་རིགས་ཏེ། །གཟུགས་ཀྱི་སྒྲ་ཡི་རོ་བཞིན་ནོ། །རྣམ་པ་དེ་དག་ཉིད་ཀྱིས་ནི། །གསལ་བ་དང་ནི་རྣམ་པ་དག །གང་གིས་རང་གི་མཚན་ཉིད་དུ། །ཕ་རོལ་པོས་བཏགས་དག་ཀྱང་གསལ། །རྫས་ལ་སོགས་དང་ཕྲད་པ་དག །དགག་པ་གོང་དུ་བསྟན་པའི་ཕྱིར། །དེ་དག་སྒྲ་ཡི་
เล่ม ๑๙๑ · หน้า 33b
དོན་ཉིད་དུ། །དེ་ཉིད་དོན་དུ་གནས་མི་རིགས། །རིགས་དང་དེ་བཞིན་འབྲེལ་པ་དག །གོང་དུ་རྒྱས་པར་བཀག་པའི་ཕྱིར། །དེ་འོག་སྒྲ་དོན་རྣམ་གསུམ་པོ། །གཞན་ཡང་བརྟག་པར་བྱ་བ་མིན། །དེ་ལ་གསལ་བ་རྣམ་པ་དང་། །རིགས་ཀྱི་སྒྲ་དོན་གང་སྨྲས་པ། །གང་དེ་ཀུན་ཀྱང་དངོས་
མེད་པར། །མཚུངས་ཕྱིར་དེ་རྣམས་ཡོད་མ་ཡིན། །བློ་རུ་གནས་པའི་བློའི་རྣམ་པ། །དོན་དང་བློ་གཞན་ལ་འཇུག་མིན། །མངོན་འདོད་དོན་ཡང་བྱེད་མིན་ཏེ། །དེ་ཉིད་དོན་དུ་བརྗོད་བྱ་མིན། །གཞན་དག་སྒྲ་ཡི་དོན་གཞན་དུ། །དོན་ཡོད་ཅན་སོགས་པར་སྨྲ་བ། །དེ་རྣམས་ཀྱང་ནི་
གསལ་བ་ཉིད། །ཡིན་ཡང་དེ་ལྟའང་བརྗོད་བྱ་སྟེ། །སྒྲ་རྣམས་གཞན་བཅད་དོན་ཡོད་ཅན། །ཞེས་བྱར་བརྗོད་བྱའི་མཚན་ཉིད་དོ། །བ་ལང་སོགས་ལའང་སྔར་མ་མཐོང་། །ལྷ་དང་མཐོ་རིས་ལ་མཚུངས་ཟེར། །སྡུད་དང་རྣམ་གྲངས་པ་མེད་པའི། །བསྡུས་པའང་བརྗོད་པར་བྱ་བ་
འམ། །ཡོད་པ་མིན་པ་དང་འདྲ་བའང་། །སྒྲ་ཡི་དོན་དུ་འགའ་འདོད་པའམ། །ཡོད་མིན་བྱེ་བྲག་ཡོད་གང་དག །སྒྲ་ཡི་རྒྱུ་མཚན་ཡིན་པའམ། །བརྗོད་པ་ཉིད་ལས་འོངས་པའི་སྒྲ། །བརྗོད་བྱ་ཉིད་ནི་ཐོབ་པ་ནི། །དེ་འདིའི་ཞེས་བྱར་མངོན་འབྲེལ་ཕྱིར། །གང་ཚེ་སྒྲ་ལ་དོན་
གྱིས་ནི། །གཅིག་གི་ངོ་བོར་བྱས་གྱུར་ཏེ། །མངོན་པར་བརྗོད་པ་སྒྲ་རུ་འདོད། །གང་ཡང་རུང་དོན་བློ་ཡི་ཡུལ། །ཕྱི་ཡི་དངོས་པོའི་རྒྱུ་མཚན་གྱིས། །ཕྱི་ཡི་དངོས་པོ་ཞེས་འཛིན་ཏེ། །སྒྲ་ཡི་དོན་དུ་ཁ་ཅིག་འདོད། །དཔེར་ན་བྱིས་པ་རྣམས་དང་ནི། །དུད་འགྲོ་རྣམས་ཀྱང་གོམས་
པ་ལས། །སོ་སོར་སྣང་བ་རྒྱུ་ཡིན་ཏེ། །དེ་ལ་དོན་ཡོད་ཅེས་བརྗོད་འདི། །རང་གི་མཚན་ཉིད་འདོད་དམ་ཅི། །འོན་ཏེ་རིགས་དང་འབྲེལ་དང་ལྡན། །བློ་ཉིད་ཀྱི་ནི་གཟུགས་བརྙན་ན། །དོན་གཅིག་ལ་ཡང་སྔར་བསྟན་པའི། །སྐྱོན་དེ་རྣམས་དང་ལྡན་པ་ཡི། །རྟོགས་པར་བྱ་བའི་དབྱེ་བ་
ཡིས། །ཐ་སྙད་དུ་ནི་རྣམ་རྟོག་བྱེད། །བ་ལང་ཉིད་སྒྲའི་དབྱེ་བས་དོན། །ཡོད་ཙམ་རྟོགས་དེ་ཡིན་ཞེ་ན། །རྭ་དང་དབྱིབས་དང་སྔོ་ལ་སོགས། །བྱེ་བྲག་མི་རྟོགས་དེ་འདོད་ན། །དེ་དང་ལྡན་འདོད་བྱེ་བྲག་རྣམས། །བརྗོད་པར་གྱུར་པ་ཡིན་ན་ནི། །དེར་འབྱུང་སྐྱོན་དག་ཡོད་མིན་ནམ། །ཡོད་
เล่ม ๑๙๑ · หน้า 34a
དོན་ཅན་གཞན་མཐོང་མིན་ནོ། །བསྡུས་པར་བརྗོད་པ་ཡིན་ན་ཡང་། །དཀའ་ཐུབ་བྱ་བ་རིགས་སོགས་རྣམས། །མ་ལུས་མངོན་པར་བརྗོད་པའི་ཕྱིར། །རིགས་ཀྱི་དབྱེ་བར་གསལ་བརྗོད་ཡིན། །ངེས་པར་མ་བཟུང་གཟུགས་རྣམས་ཀྱི། །རྫས་སོགས་རྣམས་
སུ་གང་འདོད་དང་། །གང་ཞིག་འབྲེལ་པ་ཡོད་པ་ཡི། །སྤྱི་དང་སླར་ཡང་གསལ་བ་ཡིན། །བྱེ་བྲག་རིགས་སོགས་ངོ་བོ་ཡི། །སྒྲ་ཡི་དོན་ནི་མི་འཐད་ཕྱིར། །དོན་དང་གཅིག་པར་བྱ་བ་ཡི། །ངོ་བོའི་སྒྲ་འདི་མི་རིགས་ཏེ། །བློ་གནས་བརྗོད་པ་འདི་ཉིད་ནི། །ཕྱི་རོལ་དག་ལས་ཐ་དད་
ཕྱིར། །དེ་ཕྱིར་བློ་ལ་ཕྱོགས་གཞན་ལས། །འདི་ལ་བྱེ་བྲག་ཅི་ཞིག་ཡོད། །བློ་ཡི་རྣམ་པའི་སྒྲ་དོན་ཡང་། །གོང་དུ་གསལ་བ་ཉིད་ཀྱིས་ན། །ཤེས་ལ་ཐ་དད་མིན་པ་ཡི། །ཁྱབ་བྱེད་ཉིད་ནི་མེད་པས་སོ། །སོ་སོར་སྣང་བའི་སྒྲ་དོན་ཡང་། །གལ་ཏེ་ཕྱི་དོན་ཡུལ་ཡིན་ན། །གང་ཕྱིར་
གཅིག་བདག་མིན་ཕྱི་ཡི། །ཇི་ལྟར་སྣ་ཚོགས་སོ་སོར་སྣང་། །འོན་ཏེ་བག་ཆགས་ཙམ་དངོས་ཕྱིར། །དེ་ནི་ཡུལ་མེད་ཡིན་ན་ཡང་། །ཕྱི་དོན་རྣམས་ལ་ཤེས་པ་ཡང་། །ཇི་ལྟར་འཇུག་པར་འགྱུར་བ་ཡིན། །གལ་ཏེ་ཕྱི་དོན་དུ་ངེས་པས། །རང་དངོས་ལ་དེ་རྣམས་སུ་འདོད། །དེ་
ལྟར་འཁྲུལ་པས་འཇུག་པའི་ཕྱིར། །སྒྲ་དོན་དེ་ཁོ་ན་ཉིད་མིན། །ཐམས་ཅད་ཉིད་ལ་ཐལ་འགྱུར་ཕྱིར། །ས་བོན་མེད་པའང་མི་རིགས་སོ། །འདི་རྣམས་ཕན་ཚུན་ཐ་དད་པ། །ས་བོན་ཞེ་ན་ཕྱོགས་བདག་ཉིད། །གལ་ཏེའང་འདི་རྣམས་ཐམས་ཅད་ཉིད། །སྐད་ཅིག་པ་ན་རྗེས་འགྲོ་མེད། །གཞན་
ན་ཤེས་པ་རིམ་གྱིས་མིན། །འདི་ཉིད་ཀྱིས་ནི་བརྗོད་འདོད་པའང་། །སྒྲ་ལས་རྟོགས་པ་བསལ་བ་སྟེ། །འདི་ལྟར་སྒྲ་མེད་མེད་འདི་ལ། །གང་ཞིག་བརྗོད་འདི་གང་ཞིག་ཐོབ། །ཕྱི་ཡི་དོན་ལ་སྒྲ་འཇུག་པ། །ཇི་ལྟར་སྒྲ་མིན་པས་བརྗོད་འགྱུར། །མིང་སོགས་དེ་རྣམས་ཀྱིས་བརྗོད་ཡིན། །
བརྗོད་འདོད་རྗེས་དཔོག་རྣམ་པ་དང་། །འདྲེས་པ་ཕྱི་ཡི་དངོས་པོར་ནི། །ཞེན་པས་འདི་ལ་འཇུག་ཅེ་ན། །དེ་ཉིད་ཁོ་བོ་འདོད་པའང་ཡིན། །གཞན་སེལ་བ་ནི་བྱེད་པའི་སྒྲ། །ཁྱེད་ཀྱི་ཕྱོགས་བརྗོད་མ་ཡིན་ནམ། །དགག་པ་ཙམ་ཡིན་སྣང་འདི་ལ། །གོ་བར་བྱེད་པ་མ་ཡིན་གྱི། །འོན་
เล่ม ๑๙๑ · หน้า 34b
ཀྱང་བ་ལང་བ་མེན་པ། །གླང་པོ་ཤིང་སོགས་སྒྲུབ་པ་ཡང་། །ཡང་དག་ངོ་བོར་ངེས་པ་ཡིས། །སྒྲ་ཅན་བློ་ནི་འཇུག་པ་ཡིན། །གལ་ཏེ་བ་ལང་ཞེས་བྱའི་སྒྲ། །གཞན་གསལ་དོན་ནི་བྱེད་པ་སྟེ། །བ་ལང་གསལ་བའི་སྒྲ་ཕྱི་མ། །སྐྱེད་བྱེད་སྒྲ་ནི་བཙལ་དགོས་སོ། །ཤེས་པ་སྒྲ་
འབྲས་མ་ཡིན་ནམ། །གཅིག་ལ་འབྲས་བུ་གཉིས་ཉིད་དེ། །དགག་དང་སྒྲུབ་པའི་ཤེས་པ་དག །ཇི་ལྟར་གཅིག་གི་འབྲས་བུ་ཡིན། །བ་ལང་སྒྲ་ནི་ཐོས་པ་ན། །སྔོན་དུ་བ་ལང་མིན་ཞེས་འགྱུར། །གང་གིས་བ་ལང་མིན་དགག་ཕྱིར། །བ་ལང་ཞེས་བྱའི་སྒྲ་ལ་འཇུག །བ་ལང་མིན་
ལས་ལྡོག་པའི་སྤྱི། །གང་ཕྱིར་བརྗོད་བྱར་ཡོངས་བརྟགས་པས། །དེ་ཡིས་བ་ལང་ཉིད་དངོས་ཉིད། །གཞན་སེལ་སྒྲ་ཡིས་གསལ་བར་བསྟན། །གང་གིས་མེད་པ་ཐམས་ཅད་ནི། །གཞན་པའི་དངོས་པོ་བདག་ཉིད་གནས། །དེ་ལས་རྟ་སོགས་ལས་ལྡོག་པའི། །བདག་ཉིད་
མེད་པ་གང་ཡིན་པ། །རེ་ཞིག་ཐུན་མོང་མིན་བྱེ་བྲག །རྟོག་མིན་ཡིན་ཕྱིར་མི་འདོད་ན། །ཁྲ་བོ་སོགས་ལའང་སྤྱི་མིན་པར། །ཐལ་བར་འགྱུར་ཕྱིར་དེ་བཞིན་ནོ། །དེ་ཕྱིར་དངོས་ཀུན་གང་ཡིན་པ། །སོ་སོར་ཡོངས་སུ་རྫོགས་པ་ནི། །བ་ལང་བློ་དེའི་རྒྱུར་འགྱུར་ཏེ། །བ་ལང་ཉིད་
ལས་གཞན་ཡོད་མིན། །དགག་པ་ཙམ་གྱི་ངོ་བོ་ཡང་། །སྒྲ་ཡི་དོན་དུ་རྟོག་བྱེད་ན། །སྟོང་ཉིད་གཞན་གྱི་རྣམ་པ་ཅན། །མེད་པའི་སྒྲ་ཡི་བརྗོད་བྱར་འགྱུར། །དེ་ལའང་རྟ་སོགས་བློ་རྣམས་ཀྱི། །བདག་ཉིད་ཆ་ཤས་འཛིན་པར་འགྱུར། །དེར་ནི་གཞན་སེལ་བརྗོད་བྱ་ཉིད། །བརྫུན་པ་
ཉིད་དུ་ཁས་ལེན་པའོ། ངོ་བོ་སྤྱི་རུ་འགྱུར་ཡིན་ན། །སྒྲ་དོན་དག་ལ་མི་ལྟོས་པར། །སེལ་བར་བརྟག་པ་བརྫུན་པ་མིན། །བློ་དེའང་དངོས་པོའི་ངོ་བོ་སྟེ། །སྒྲའི་དོན་རྣམས་ལ་སྐྱེ་བས་ན། །བརྗོད་བྱ་དངོས་པོ་ཉིད་དུ་བརྟག །བློ་ནི་སེལ་བ་མིན་པ་ཅན། །ཡོད་པ་མིན་པ་ཕྱི་དོན་ལ། །
སོ་སོར་སྣང་བའི་ཚིག་དོན་བཞིན། །དེ་བཞིན་ཚིག་དོན་ཡང་འགྱུར་ན། །ཅི་ཕྱིར་སེལ་བར་རྟོག་པར་བྱེད། །བློ་གཞན་པ་ལ་རྣམ་གཅོད་པས། །བློར་རྟོགས་པ་ནི་མ་ཡིན་ཏེ། །རང་གི་ངོ་བོར་གྲུབ་ཙམ་ལས། །གཞན་པའི་ཆ་ནི་འཛིན་དེ་མིན། །གལ་ཏེ་གཞན་སེལ་བརྗོད་བྱ་ན། །
เล่ม ๑๙๑ · หน้า 35a
ཐ་དད་སྤྱི་ཡི་ཚིག་རྣམས་ཀྱང་། །ཐམས་ཅད་རྣམ་གྲངས་པ་རུ་གྱུར། །འདྲེས་དང་གཅིག་ཉིད་སྣ་ཚོགས་ཉིད། །རྣམ་རྟོག་དང་བྲལ་བདག་ཉིད་ཅན། །དངོས་པོ་མིན་ཕྱིར་སེལ་རྣམས་ཀྱི། །དབྱེ་བ་ཡོད་ན་མིན་པ་ཉིད། །གལ་ཏེ་དབྱེ་བ་མེད་པའི་ཕྱིར། །
ཐུན་མོང་མིན་དངོས་ཆ་ཤས་བཞིན། །དངོས་མིན་སྣ་ཚོགས་མིན་ཉིད་ཕྱིར། །རྣམ་གྲངས་པ་ལས་ཐར་པ་ཡིན། །གསལ་བར་བྱ་བའི་བྱེ་བྲག་གིས། །གལ་ཏེ་ཐ་དད་པར་འདོད་ན། །འདི་ནི་རང་ལས་བྱེ་བྲག་མིན། །གཞན་ལས་ཀྱང་ནི་བརྟགས་པ་ཡིན། །འདྲེས་ཅན་རྟེན་ཐ་དད་
པ་ཡི། །ངོ་བོས་ཕྱི་རོལ་གནས་པ་ཡི། །གསལ་བྱ་གང་ཡིན་དེ་འབྱེད་པ། །དེ་ནི་ཆེར་ཡང་རྟོག་པ་ཡིན། །དེ་བཞིན་རྟེན་ནི་ཐ་དད་པས། །འདི་ཡང་ཐ་དད་རིགས་མ་ཡིན། །འབྲེལ་པ་ཅན་ནི་ཐ་དད་པས། །དངོས་པོ་ཐ་དད་འདོད་མ་ཡིན། །འོན་ཀྱང་དངོས་དང་མ་འདྲེས་པ། །གང་
ཡིན་གཞན་ལས་ལྡོག་པ་མིན། །བྱེ་བྲག་ཆ་ནི་མ་ཐོབ་པར། །ཅི་ཡི་ཕྱིར་ན་ངེས་པ་མིན། །འདྲ་བ་ཉིད་དུ་མ་གྲུབ་པ། །སེལ་བའི་ལུས་ཀྱི་བདག་ཉིད་དུ། །ཤེས་པར་ལུས་ཀྱང་ནུས་མིན་ཏེ། །བ་ལང་སོགས་སུ་དབྱེར་མེད་ཕྱིར། །རྟ་སོགས་གསལ་བྱ་མེད་པར་ཡང་། །ཆོས་གཅིག་རྗེས་
འཇུག་དང་བྲལ་བ། །ངེས་པར་བྱ་བར་མི་ནུས་པ། །དེས་ན་སེལ་བ་མི་གྲུབ་པོ། །རྗེས་སུ་འཇུག་པ་དང་བྲལ་ན། །སྒྲ་དང་རྟགས་དག་འཇུག་མ་ཡིན། །དེ་དག་མེད་ན་སེལ་བའང་མིན། །ཐུན་མོང་མིན་པའང་རྗེས་འཇུག་མིན། །སེལ་བ་ཡང་ནི་མ་གྲུབ་ན། །ལྷན་ཅིག་སྤྱོད་པ་གང་ན་
གསུངས། །དེ་ལ་མ་མཐོང་བ་དེ་དག །ཚད་མ་ཉིད་དུ་འགྱུར་མ་ཡིན། །མ་མཐོང་བ་ཙམ་གྱིས་དེ་དག །རྟོགས་པར་བྱེད་པར་འགྱུར་བ་མིན། །ཐམས་ཅད་ཉིད་ལ་མ་མཐོང་ཕྱིར། །རྟོགས་བྱར་བྱེ་བྲག་འགྱུར་མ་ཡིན། །འོན་ཏེ་འདྲ་བ་ཉིད་མེད་ཀྱང་། །སེལ་བར་རྟོག་པ་ཡིན་ན་ནི། །འདི་ནི་
བ་ལང་རྟ་དག་ལ། །སེལ་བར་ཅི་ཕྱིར་རྟོག་མི་བྱེད། །ཁྲ་བོ་ལས་ནི་གཞན་ཉིད་དུ། །སེར་སྐྱ་དང་ནི་རྟ་དག་མཚུངས། །སྤྱི་ནི་གཞན་མིན་འདོད་ཅེ་ན། །བ་མིན་གང་ལ་སེལ་བ་འཇུག །བ་མིན་སེལ་བའང་དབང་པོ་ཡིས། །དང་པོར་ངེས་པ་མ་ཡིན་ན། །གཞན་ལ་སྒྲ་ནི་འཇུག་
เล่ม ๑๙๑ · หน้า 35b
མིན་ན། །ཅི་ཞིག་མཐོང་ནས་དེ་སྦྱོར་བྱེད། །སྔར་བསྟན་པ་ཡི་རྣམ་པ་ཡིས། །འདི་ལ་རྗེས་དཔག་ཀྱང་ཡོད་མིན། །འདི་དང་དེ་ནི་འབྲེལ་པ་དག །ཉམས་མྱོང་བར་ཡང་རིགས་པ་དག །བ་ལང་མིན་སྒྲ་བརྗོད་བྱ་བ། །ཉིད་དུ་ཇི་ལྟར་གོ་བར་བྱ། །གང་ལ་བ་ལང་སྒྲས་འབྲེལ་བ། །ཉམས་
མྱོང་ཚེ་ན་མཐོང་བ་མིན། །བ་ལང་རིལ་པོ་གཅིག་ཉིད་ལས། །གང་གཞན་ཡིན་པ་དེ་ཐམས་ཅད། །དེ་བཞིན་གསལ་བ་ཞེས་བྱར་བརྗོད། །སྤྱི་ཡི་བརྗོད་བྱར་མི་འགྱུར་རོ། །གྲུབ་ཀྱང་གསལ་བྱ་བླང་མིན་པ། །བ་ལང་དགག་བདག་ཉིད་ཀྱང་དེ། །དགག་པའི་ཚིག་གིས་གང་འགེགས་
པའི། །བ་ལང་དེ་ཉིད་འདིར་སྨྲ་དགོས། །བ་ལང་མིན་ལས་ལོག་བདག་དེ། །ཞེ་ན་གཅིག་ལ་གཅིག་བརྟེན་འགྱུར། །བ་ལང་གྲུབ་པས་སེལ་འདོད་ཡིན། །ཞེ་ན་སེལ་བར་རྟོག་པ་བརྫུན། །བ་ལང་མ་གྲུབ་བ་ལང་མིན། །དེ་མེད་བ་ལང་ག་ལ་ཡོད། །རྟེན་དང་བརྟེན་པར་གནས་ལ་
སོགས། །འབྲེལ་པའང་མེད་པ་དག་ལ་མིན། །ཐུན་མོང་མིན་པ་དངོས་པོ་ནི། །སེལ་བ་ཡིས་ནི་གོ་བྱ་མིན། །དངོས་པོ་དང་ནི་དངོས་མེད་ལ། །འབྲེལ་པ་ཇི་ལྟར་བརྟག་བྱ་ཡིན། །རང་གི་ངོ་བོ་མེད་ཙམ་གྱིས། །ཅུང་ཟད་བྱེ་བྲག་བྱེད་འགྱུར་མིན། །རང་བློ་གང་གིས་བྱེ་བྲག་ཏུ། །གསལ་
བར་བྱ་སྟེ་བྱེ་བྲག་སྟེ། །རྟ་སོགས་སྒྲ་རྣམས་ལས་བྱུང་བའི། །སེལ་བ་རྟོག་བྱེད་མ་ཡིན་ནོ། །འདིར་ནི་བྱེ་བྲག་ཏུ་བྱའི་བློ། །བྱེ་བྲག་མ་གཏོགས་ལ་མི་འདོད། །གཞན་གྱི་དངོས་ལས་གཞན་འདྲ་བ། །བྱེད་མིན་ཤེས་པའི་བྱེ་བྲག་གི །གཞན་འདྲ་བ་ཡི་ཤེས་པ་དེ། །ཇི་ལྟར་བྱེ་བྲག་ཏུ་
བརྗོད་པ། །འོན་ཏེ་བྱེ་བྲག་ཏུ་བྱ་བའང་། །གཞན་ལ་བྱེ་བྲག་ཏུ་རྟོག་ན། །དེ་ལྟ་ཡིན་ན་གང་ཅུང་ཟད། །ཐམས་ཅད་བྱེ་བྲག་ཏུ་ཐལ་འགྱུར། །མེད་པ་གོ་བྱའི་ངོ་བོ་ཡིས། །དངོས་སུ་བྱེ་བྲག་བྱ་བ་མེད། །དེ་ཕྱིར་སེལ་བས་བྱེ་བྲག་ཏུ། །བྱས་དངོས་ཁྱེད་ལ་བརྗོད་བྱ་མིན། །གལ་ཏེ་སེལ་བ་མ་
གཏོགས་པར། །སྒྲ་དང་རྟགས་དག་འཇུག་རིགས་ན། །དེ་བཞིན་ཤེས་པ་པོའི་བློ་ཡང་། །དངོས་པོ་ལ་ནི་དམིགས་པར་འགྱུར། །ཐུན་མོང་མ་ཡིན་དངོས་པོ་ལ། །བློ་ནི་རྣམ་གནས་མ་ཡིན་ཏེ། །རྣམ་རྟོག་མེད་པ་ཉིད་ཀྱི་ཕྱིར། །དེ་ནི་གོ་བྱར་རིགས་མ་ཡིན། །སྒྲ་ཡི་གོ་བྱའང་བྱེ་བྲག་ཏུ། །
เล่ม ๑๙๑ · หน้า 36a
བྱ་བ་ཡིན་ཞེས་བསྒྲུབ་པར་དཀའ། །དེས་ནི་སྒྲ་དང་བློ་དག་ནི། །ཡུལ་ནི་སྤྱི་ཡིན་པར་འདོད་བྱ། །གང་ཚེ་བསལ་བ་རྣམས་སྒྲ་ཡིས། །བརྗོད་བྱ་མིན་ཕྱིར་བསལ་བྱ་མིན། །དེ་ཚེ་སྤྱི་ནི་གསལ་བྱ་དེ། །དེ་ན་དངོས་ཉིད་སེལ་བ་ཡང་། །མེད་པ་རྣམས་ནི་བསལ་
བྱ་མིན། །མེད་པ་དོར་ལས་མེད་ཡིན་ན། །སེལ་བ་གཞན་ལས་སེལ་བ་ནི། །བསལ་ཕྱིར་སྤྱི་ནི་དངོས་པོ་ཡིན། །གལ་ཏེ་མེད་པ་གང་ཡིན་པ། །མེད་པ་དེ་དང་མི་འདྲ་ན། །དངོས་པོ་ཉིད་འགྱུར་མིན་ཞེ་ན། །བ་ལང་བ་ལང་མིན་ཐལ་འགྱུར། །གལ་ཏེ་འང་སྒྲ་གཞན་རྣམས་ལ་
ཡང་། །དངོས་སུ་གསལ་བྱ་ཉིད་འགྱུར་ན། །ཡོད་སྒྲ་མེད་པར་བརྗོད་པ་ལས། །ཐ་དད་བསལ་བྱར་འདོད་པ་མིན། །དེ་ལ་མེད་པ་དངོས་ཉིད་དུ། །འགྱུར་ཕྱིར་ངལ་བ་ཆེན་པོར་འགྱུར། །དེ་མ་གྲུབ་ན་ཡོད་མི་འགྲུབ། །གྲུབ་ནའང་རབ་ཏུ་འགྲུབ་པར་འགྱུར། བག་ཆགས་དབྱེ་བས་ཕྱེ་བ་ཡིས། །
ཡོད་པའི་དངོས་དང་སེལ་རྣམས་སུ། །རྟོག་པའི་རིགས་པ་མ་ཡིན་ཏེ། །དངོས་མེད་ཉིད་ལ་བག་ཆགས་མེད། །ཁྱེད་ཀྱི་སྒྲ་ཡི་དབྱེ་བ་ཡང་། །དེ་ཡི་རྒྱུ་མཚན་མ་མཐོང་སྟེ། །ཐུན་མོང་མིན་སྒྲ་རྗོད་བྱེད་ཉིད། །མ་ཡིན་སྔར་མ་མཐོང་ཕྱིར་རོ། །དེ་ལ་སྒྲ་གཞན་སེལ་བ་ལ། །སྤྱིར་ནི་ཀུན་དུ་
རྟོག་བྱེད་ན། །དེ་བཞིན་དངོས་མེད་ངོ་བོའི་ཕྱིར། །སྒྲ་ཡི་དབྱེ་བ་བརྟག་པ་མིན། །ཚིག་རྣམས་ཇི་ལྟ་དེ་བཞིན་དུ། །བརྗོད་བྱ་རྗོད་བྱེད་དག་ཀྱང་ངོ་། །གསལ་བྱའི་དབྱེ་བ་ཐ་དད་པ། །ཡོད་པར་སྟོན་པ་འང་མ་ཡིན་ཞིང་། །སེལ་བ་གོ་བྱ་གོ་བྱེད་དུ། །ཁྱེད་ཀྱི་ཕྱོགས་ལ་མི་འགྱུར་ཏེ། །དངོས་
པོ་མིན་ཕྱིར་ནམ་མཁའ་ཡི། །མེ་ཏོག་རི་བོང་རྭ་བཞིན་ནོ། །གལ་ཏེ་ཆར་དང་སྤྲིན་མེད་པར། །མཐོང་བས་མ་ངེས་པར་སྨྲ་ན། །ཁོ་བོའི་ཕྱོགས་ལ་དངོས་ཡོད་ཉིད། །ཁྱེད་ཕྱོགས་གལ་ཏེའང་ག་ལ་ཡོད། །འགའ་ཞིག་སྒྲ་ཡི་དོན་སྒྲུབ་པའི། །ངོ་བོར་ཁས་ལེན་མི་བྱེད་པ། །དེ་ལ་ལྡོག་
པའང་གྲུབ་མིན་ཏེ། །དེ་ནི་དེ་སྔོན་འགྲོ་ཕྱིར་རོ། །གལ་ཏེ་ཡང་ནི་སེལ་བ་ཙམ། །བརྗོད་བྱ་ཉིད་དུ་ཁས་ལེན་ནི། །སྨྲ་བ་རྣམས་ལ་ཨུཏྤལ་སྔོ། །སོགས་སྒྲས་སོགས་པའི་དོན་དུ་འགྱུར། །བྱེ་བྲག་བྱེད་དང་བྱེ་བྲག་དག །གཞི་མཐུན་པ་དག་མི་འགྲུབ་སྟེ། །སྔོན་པོ་ཉིད་མིན་ཞིག་
เล่ม ๑๙๑ · หน้า 36b
པ་ན། །ཨུཏྤལ་མིན་པ་ཞིག་པ་མིན། །ཅིག་ཤོས་ཀྱང་མིན་དེ་ཡི་ཕྱིར། །བརྗོད་བྱ་ལ་ནི་ལྟོས་མིན་པའི། །སྒྲ་དག་བྱེ་བྲག་བྱ་བ་དང་། །བྱེ་བྲག་བྱེད་པར་འགྱུར་བའང་མིན། །སེལ་བ་དག་ནི་གཞི་མཐུན་ལས། །མ་ཡིན་ཐ་དད་ཡིན་ཕྱིར་རོ། །དོན་དེ་ལས་འདོད་མིན་ཞེ་ན། །བརྟེན་པ་དེ་
དག་ཇི་ལྟ་བུར། །ཐུན་མོང་མིན་པའི་དངོས་པོ་ནི། །གོ་བྱ་མིན་གཞན་ཁྱེད་ལ་མེད། །གོ་བྱ་མིན་པའི་དོན་གཅིག་ཉིད། །གང་དུ་སྒྲ་དག་སྦྱོར་བར་བྱེད། །འོན་ཏེའང་གཞན་སེལ་ལྡན་དངོས་པོ། །བརྗོད་བྱ་ཡིན་པར་སྨྲ་བ་ན། །དེ་ལའང་གཞན་དབང་ཡིན་པའི་ཕྱིར། །སྒྲ་ཡིས་ཁྱབ་པ་
རྙེད་པར་དཀའ། །རྟགས་དང་གྲངས་སོགས་འབྲེལ་པ་ནི། །སེལ་བ་ལ་ནི་ཡོད་མ་ཡིན། །གསལ་བའང་བརྡར་བྱ་མ་ཡིན་ཕྱིར། །དེའི་སྒོ་ནས་ཀྱང་དེ་ཡོད་མིན། །ཨཀྵ་ཏ་ཡང་གཞན་ལས་ནི། །ལོག་པར་ཀུན་ཏུ་ཤེས་པ་མེད། །མ་ཡིན་པར་ནི་དགག་བྱ་བའི། །ངོ་བོ་དེ་ལ་ཡོད་མ་ཡིན། །
མིན་པ་མིན་ཞེས་སྨྲ་བ་ཡང་། །དགག་པ་ཡང་ནི་འགེགས་པ་སྟེ། །འཚོད་བྱེད་ཅེས་པ་མི་དགག་པའང་། །རང་དངོས་ཉིད་ཀྱིས་གནས་པ་ཡིན། །བསྒྲུབ་བྱ་ཉིད་དུ་ཤེས་པ་དང་། །དེ་བཞིན་བྱུང་གྱུར་སོགས་མཐོང་བའང་། །སེལ་བ་གྲུབ་འདིར་ཡིན་པའི་ཕྱིར། །རྒྱུ་མཚན་མེད་པར་
ཐལ་བར་འགྱུར། །སྒྲུབ་པ་ལ་སོགས་དོན་སོགས་ཀྱང་། །གཞན་སེལ་བ་ལ་མཐོང་མིན་པ། །དགག་པ་ལ་ཡང་དགག་ཡོད་ན། །སེལ་བ་ཅི་འདྲར་འགྱུར་བ་ཡིན། །དང་ལ་སོགས་པའང་དགག་པ་དང་། །སྦྱོར་བ་མེད་ཕྱིར་སེལ་བ་ཡིན། །ངག་དོན་ལས་གཞན་སེལ་བ་ཡང་། །སྨྲ་བར་
ནུས་པ་མ་ཡིན་ནོ། །གཞན་སེལ་མིན་པ་སྒྲ་ལ་སོགས། །བརྗོད་བྱར་མཐོང་བ་མ་ཡིན་ནོ། །གཞལ་བྱ་ཤེས་བྱ་སོགས་ལས་ནི། །བསལ་བྱ་ཉིད་ནི་གང་ལ་ཡིན། །བསལ་བར་བྱ་འདི་བརྟག་འདི་ཡང་། །དངོས་པོ་ཉིད་བརྟག་ཡིན་ན་བཟང་། །ཤེས་པའི་རྣམ་པ་བཀག་པས་ཀྱང་། །
ནང་གི་དོན་ནི་བརྗོད་བྱ་མིན། །སེལ་བའང་མིན་ཕྱིར་དེ་རྣམས་ལ། །སེལ་བ་ཡང་མི་གྲུབ་པ་མིན། །དེ་ལྟར་སྒྲ་རྣམས་ལ་སོགས་ནི། །བསལ་བྱ་ལ་ནི་མཐོང་མིན་ནོ། །ཐམས་ཅད་སྒྲ་ནི་དོན་གང་གིས། །རྣམ་པར་གཅད་བྱར་རྟོག་པར་བྱེད། །ཐམས་ཅད་མིན་པར་ཅུང་ཟད་ཀྱང་། །
เล่ม ๑๙๑ · หน้า 37a
མེད་པས་གང་ཞིག་བསལ་བྱར་འགྱུར། །གཅིག་སོགས་ཐམས་ཅད་མིན་ཞེ་ན། །རང་དོན་སེལ་བར་ཐལ་བར་འགྱུར། །ཆ་ཤས་རྣམས་ནི་བཀག་ཕྱིར་ཡང་། །ལོགས་སུ་ཆ་ཤས་ཅན་མིན་འདོད། །དེ་བཞིན་བསྡུས་པའི་སྒྲ་དེ་རྣམས། །བསྡུས་པ་ཅན་ནི་རྣམ་
བསལ་བས། །གཞན་རྣམས་ཀུན་ཀྱང་མི་འདོད་པས། །དོན་མེད་པ་ཅན་ཐོབ་པར་འགྱུར། །གཉིས་སོགས་སྒྲ་འདིར་འདོད་ན་ཡང་། །ཡང་དག་བསྡུས་པའི་སྤྱོད་ཡུལ་ཅན། །གཅིག་ལ་སོགས་པ་བཀག་པ་ན། །དེ་ལྟའི་རྣམ་པ་དེར་མི་འགྱུར། །བ་ལང་མིན་མིན་སེལ་བ་གང་། །
བ་ལང་སྒྲ་ཡི་དོན་དུ་བརྗོད། །དེ་ཅི་ཡོད་པའམ་ཡང་ན་མེད། །ཡོད་ནའང་བའམ་བ་ཡིན་མིན། །བ་ལང་ཞེ་ན་མིང་རྩོད་མིན། །དོན་དུ་བསྒྲུབ་པའི་མཚན་ཉིད་ཡིན། །གོ་བྱའི་བརྗོད་བྱའི་ཨ་གོ་ཉིད། །ཡིན་ན་སྒྲའི་དོན་ཤིན་ཏུ་མཚན། །མེད་ལ་འདི་ཡང་མི་རིགས་ཏེ། །དོན་
ལ་སྦྱོར་བ་སོགས་མེད་ཕྱིར། །བ་ལང་སྒྲ་ལས་སུ་ཞིག་ཀྱང་། །མེད་པར་གོ་བ་མ་ཡིན་ནོ། །བ་ལང་སྒྲ་དོན་བ་མིན་པ། །མིན་ན་ཅི་ཕྱིར་སེལ་བར་འདོད། །གང་གིས་བ་ལང་བ་མིན་པ། །བཞེད་ཅིང་གང་གིས་གསལ་བྱར་བྱེད། །བ་ལང་སྒྲ་ནི་བ་མིན་པའི། །གང་འདིའི་སེལ་དོན་དུ་སྨྲ་
ན། །དེ་ཅི་བ་ལང་ལས་གཞན་པའམ། །གཞན་པ་མིན་པར་ཁས་ལེན་བྱེད། །ཐ་དད་ནའང་འདིར་རྟེན་པར་ནི། །འགྱུར་བའམ་ཡང་ན་མི་རྟེན་འགྱུར། །རྟེན་པ་ཡིན་ན་ཡོན་ཏན་ཉིད། །ཐོབ་ཀྱི་རྫས་ཀྱི་ཚིག་ཡིན་ནོ། །དེ་ཕྱིར་བ་ལང་ཞེས་བྱའི་སྒྲས། །ཡོན་ཏན་ཙམ་ཞིག་རྗོད་བྱེད་
པས། །བ་ལང་འགྲོ་དང་འདུག་ཅེས་པའི། །གཞི་མཐུན་པ་ཉིད་དུ་མི་འགྱུར། །གང་གིས་བ་མིན་དགག་འདི་ལ། །བ་ལང་ཞེས་བྱའི་སྒྲ་རྗོད་བྱེད། །འོན་ཏེ་འདི་ནི་ཐ་དད་པར། །མིན་ལས་གཞན་སེལ་བར་ཁྱེད་འདོད། །དེ་ཕྱིར་འདིས་ནི་བ་ལང་ཉིད། །ཐོབ་ཕྱིར་ལྷག་པ་ཅི་ཞིག་སྨྲས། །
དངོས་པོ་རེ་རེའི་སེལ་བ་འདི། །གཅིག་པའམ་ཡང་ན་དུ་མར་འགྱུར། །གཅིག་པ་བ་ལང་མང་ཡོད་ན། །འདི་ནི་བ་ལང་ཉིད་དུ་འགྱུར། །དུ་མ་ཉིད་ནའང་གོང་བུ་བཞིན། །མཐའ་ཡས་པར་ནི་ཐལ་བར་འགྱུར། །དེས་ན་བྱེ་བྲག་བཞིན་དུ་འདི། །བརྗོད་བྱ་ཉིད་དུ་རིགས་པ་མིན། །གཞན་སེལ་
เล่ม ๑๙๑ · หน้า 37b
བའམ་བརྗོད་བྱའམ་ཅི། །བརྗོད་བྱ་མིན་པར་འདོད་པ་ཡིན། །བརྗོད་བྱའང་བསྒྲུབ་པའི་ངོ་བོས་སམ། །ཡང་ན་གཞན་ནི་འགེགས་པ་ཡིན། །སྒྲུབ་པའི་བདག་ཉིད་བརྗོད་བྱ་ན། །གཅིག་ཏུ་ལྟ་བ་བཏང་བ་ཡིན། །ཐམས་ཅད་དུ་ཡང་གཞན་སེལ་འདི། །སྒྲ་ཡི་དོན་ཅེས་སྨྲ་བ་ན། །གཞན་
སེལ་མིན་པ་འཇིག་པ་ཡིས། །གལ་ཏེ་གཞན་སེལ་བརྗོད་བྱ་ན། །དེ་ལ་དེ་བཞིན་དུ་འདོད་པས། །ཐུག་པ་མེད་པར་ཁྱེད་ལ་འགྱུར། །འོན་ཏེ་གཞན་སེལ་བ་འདི་ཉིད། །བརྗོད་བྱ་མིན་པར་ཁྱེད་འདོད་ན། །དེས་ན་ཁྱེད་ཀྱི་གཞན་སེལ་བྱེད། །སྒྲ་ཡི་ཚིག་ལ་གནོད་བྱེད་ཡིན། །གཞན་ཡང་གཅིག་
ཉིད་རྟག་པ་ཉིད། །སོ་སོ་ལ་ནི་འདུ་བ་ཉིད། །དངོས་མེད་པར་བརྗོད་སེལ་རྣམས་ལ། །སྨྲ་བ་སྣལ་མེད་སྣམ་བུ་བཞིན། །དེ་ཕྱིར་སྒྲ་གང་ཁོ་ན་ལ། །དགག་སྦྱོར་དེ་ལ་གཞན་ལས་ནི། །ལྡོག་པའི་ཆ་ནི་འབའ་ཞིག་འགྱུར། །རང་ཉིད་གཞན་དུ་གོ་བྱེད་ཡིན། །གཞན་སེལ་ཡོངས་སུ་མ་ཤེས་ཕྱིར། །
དེ་དག་དེ་ལྟའི་ལྟ་ངན་འཆང་། །ངན་པའི་བདག་ཉིད་རང་ཉིད་འཇོམས། །གཞན་རྣམས་ཀྱང་ནི་འཇིགས་པར་བྱེད། །འདི་ལྟར་སེལ་བ་རྣམ་གཉིས་ཏེ། །མ་ཡིན་དགག་དང་མེད་པའོ། །མ་ཡིན་དགག་པའང་རྣམ་གཉིས་ཏེ། །བློ་དང་དོན་གྱི་དབྱེ་བས་སོ། །གཅིག་ཏུ་སྲེ་བར་བྱེད་པ་ཡིན། །
གཏན་ཚིགས་སྔར་སྨྲས་གང་ཡིན་རྣམས། །འཇིགས་མེད་ལ་སོགས་དོན་མཚུངས་པ། །རང་བཞིན་གྱིས་གཞན་ལས་ཐ་དད། །དེར་རྟེན་ཤེས་པའི་སྣང་བ་གང་། །དོན་གྱི་གཟུགས་བརྙན་རྟོག་པ་ཅན། །དོན་གྱི་བདག་ཉིད་མིན་པ་ལ། །དོན་ཞེས་བྱ་བར་ངེས་པ་ཡིན། །སྣང་བ་གཞན་
ལས་ཐ་དད་ཕྱིར། །གཞན་ལས་ལོག་པའི་དངོས་པོ་ནི། །ཐོབ་པའི་རྒྱུ་ལས་མ་འདྲེས་པ། །དངོས་པོའི་སྒོ་ནས་འོངས་པ་སྟེ། །རིགས་མི་མཐུན་པ་ལས་ལྡོག་པ། །དེ་འབྲས་གང་ཡིན་རང་མཚན་ཉིད། །དེ་ལ་དེ་ཡི་བདག་ཉིད་དུ། །ངེས་ཕྱིར་འདི་ནི་འཁྲུལ་པ་ཡིན། །དེ་ལ་འདི་ནི་གཞན་སེལ་
ཞེས། །མིང་དུ་བསྟན་པ་རྒྱུར་བཅས་པའོ། །གཞན་དང་མ་འདྲེས་པར་ཡོད་པས། །རང་གི་མཚན་ཉིད་ཀྱང་དེའི་རྒྱུ། །བ་ལང་འདི་ལ་བ་མིན་མེད། །མེད་པར་དགག་པ་ཉིད་ཡིན་ཞེས། །གཞན་སེལ་བ་འདི་རབ་གསལ་བ། །ཁོ་ནར་ཤེས་པར་བྱ་བ་ཡིན། །དེ་ལ་འདི་ནི་དང་པོ་ཡིན། །སེལ་
เล่ม ๑๙๑ · หน้า 38a
བར་སྒྲ་ལས་རྟོགས་པ་སྟེ། །སྒྲ་ལས་ཡང་དག་བྱུང་བའི་བློ། །ཕྱི་ཡི་དོན་དུ་ཞེན་པའོ། །དེ་ཡི་ངོ་བོ་གཟུགས་བརྙན་གྱི། །སྒོ་ནི་སྒྲ་ལས་སྐྱེས་པ་སྟེ། །བརྗོད་བྱ་རྗོད་བྱེད་དངོས་འདི་ནི། །རྒྱུ་འབྲས་བདག་ཉིད་ཅན་གྲུབ་པའོ། །དངོས་ཀྱི་རྣམ་པ་གཅིག་ཉིད་ལ། །དེ་ལྟར་རབ་ཏུ་
བསྒྲུབས་པ་ཡི། །ཤུགས་ཀྱིས་མེད་པར་དགག་པ་ཡང་། །རབ་ཏུ་རྟོགས་པར་འགྱུར་བ་ཡིན། །དེ་ཡི་བདག་ཉིད་གཞན་བདག་ཉིད། །མིན་ཞིང་འབྲེལ་ཡོད་དངོས་རྣམས་ནི། །ལྡོག་པའི་དངོས་པོ་རྟོགས་པ་ཡང་། །དོན་གྱིས་གོ་འགྱུར་དེ་ཡི་ཕྱིར། །དེ་ཉིད་ཀྱིས་ན་སྒྲ་འདི་ཡང་། །རང་གི་དོན་དུ་
བརྟགས་པ་ཡིན། །སྒྲ་འདི་རྣམས་ཀྱིས་དངོས་སུ་མིན། །སེལ་བ་རྣམ་པ་གཉིས་བརྟན་ན། །དོན་གཞན་རྣམ་པར་གཅོད་པར་ནི། །བྱེད་པ་སྒྲར་ནི་བརྗོད་པ་ཡིན། །རང་དོན་མངོན་པར་རྗོད་བྱེད་པ། །ཞེས་བྱ་དེ་ནི་འགལ་བ་ཡིན། །ཕྱི་ཡི་དོན་དུ་ཞེན་པ་ཡིས། །འཇུག་པ་གང་ལས་རྣམ་རྟོག་གི །
གཟུགས་བརྙན་འདི་ནི་སྐྱེད་བྱེད་པ། །དེ་ཡིས་བརྗོད་ཅེས་བསྟན་པ་ཡིན། །རང་གི་མཚན་ཉིད་ཀྱི་བདག་ཉིད། །དབྱེར་མེད་པ་ལ་འདི་རེག་མིན། །དེ་ཙམ་ཆ་ལ་སོགས་པ་ལས། །གཞན་ནི་བརྗོད་པར་བྱ་བ་མིན། །གཟུགས་བརྙན་དེ་ནི་རྟོགས་པ་ཡི། །ཤུགས་ཀྱིས་གཞན་དང་མ་འདྲེས་པ། །
འདི་ནི་རྟོགས་འགྱུར་གང་གི་ཕྱིར། །འདི་གཞན་བདག་ནི་མིན་ཕྱིར་རོ། །ཉིན་མོའི་བཟའ་བའི་ཚིག་སོགས་བཞིན། །འདི་ཡི་འབྲས་བུའང་གཉིས་ཡིན་ཏེ། །དངོས་སུ་བ་དང་ཤུགས་ཀྱིས་ཏེ། །གང་ཕྱིར་རྗེས་འགྲོ་ལྡོག་པར་ལྡན། །དེ་ཕྱིར་སྒྲ་ནི་དངོས་པོ་རྣམས། །རང་དོན་རྗོད་པར་བྱེད་པ་
དང་། །གཞན་ལས་ཀྱང་ནི་ལྡོག་པ་ཡང་། །གཉིས་ཀ་གཙོ་བོར་བྱེད་མ་ཡིན། །སོ་སོར་སྣང་བའང་དེ་འདྲ་བ། །སྤྱི་དེ་བ་ལང་ཉིད་དུ་འདོད། །བ་ལང་ཁྲ་བོ་སོགས་ཀུན་ལ། །མཚུངས་པ་ཉིད་དུ་ངེས་ཕྱིར་རོ། །དངོས་པོའི་སྙམ་པའི་ཞེན་པ་ལས། །དེ་ལ་དངོས་པོ་ཞེས་ཀྱང་བརྗོད། །ཤེས་པ་
དེ་ནི་གློ་བུར་དུ། །རང་ས་བོན་ལས་འཁྲུལ་པ་སྐྱེ། །དེ་ཡི་རྣམ་པ་དེ་ཉིད་ཀྱི། །སྒྲ་ཡི་དོན་ཁས་ལེན་པར་བརྗོད། །སྤྱི་ཡི་དངོས་པོ་ངོ་བོར་ཡང་། །དེ་ལྟར་འཁྲུལ་པས་ངེས་པ་ཡིན། །སྤྱི་ཡི་དངོས་པོ་དངོས་ཉིད་དུ། །དམ་པའི་དོན་དུ་རིགས་མ་ཡིན། །བློ་ལས་ཐ་དད་མིན་ངོ་བོ། །ཇི་ལྟར་དོན་
เล่ม ๑๙๑ · หน้า 38b
གཞན་ལས་འོངས་ཡིན། །གལ་ཏེའང་ཐ་དད་མིན་པ་འདི། །བློ་ཡི་རྣམ་པའི་ངོ་བོ་ཡིན། །དེ་ལྟར་ཕྱི་ཡི་དངོས་ཉིད་དུ། །འཁྲུལ་པས་དེ་ནི་ངེས་བ་ཡིན། །དེ་ནི་དོན་མིན་མི་ལྟོས་ཉིད། །དེ་ནི་བརྒྱུད་པས་འོངས་པ་ཡིན། །དེས་ན་བདག་ཉིད་དངོས་པོ་ཉིད། །ཡོད་ཉིད་མིན་པར་བསྟན་
པ་ཡིན། །གཟུགས་བརྙན་བདག་ཉིད་ཅན་སེལ་བ། །ཚིག་ལས་ཀྱང་ནི་སྐྱེས་པ་སྟེ། །སོ་སོར་སྣང་བརྗོད་གློ་བུར་བཞིན། །ཁོ་བོ་ཅག་ལ་ཚིག་དོན་འདི། །རང་གི་ངོ་བོར་གྲུབ་ཙམ་ལས། །གཞན་གྱི་ཆ་ནི་དེ་འཛིན་ཡིན། །བློ་གཞན་རྣམ་པར་གཅོད་བྱེད་པ། །དེས་ན་བློ་ནི་ཤེས་བྱས་ཏེ། །ཇི་
ལྟར་ཡོད་པ་མིན་པ་ཉིད། །དམ་པའི་དོན་དུ་ཐ་དད་མིན། །ཐ་དད་མིན་པའང་དེ་བཞིན་ཞེས། །གང་གིས་རྣམ་གྲངས་ཉིད་དུ་འགྱུར། །ཐ་དད་མིན་པའང་གཅིག་དངོས་ཉིད། །དངོས་མེད་ལ་དེ་ག་ལ་ཡོད། །དོན་གཅིག་ཉིད་དུ་རྗོད་བྱེད་པས། །རྣམ་གྲངས་པ་ནི་ཐོབ་པར་འགྱུར། །མེད་
པའི་ངོ་བོའང་གཅིག་ཉིད་དུ། །རྟོག་པས་སྤྲུལ་བ་ཇི་བཞིན་དུ། །ཐ་དད་པའང་དེ་བཞིན་ནོ། །དེ་ལས་རྣམ་གྲངས་ག་ལ་ཡིན། །རྗོད་བྱེད་ལ་ནི་དངོས་སུ་བའི། །རྣམ་གྲངས་གཉིས་མིན་པའང་མེད། །བརྗོད་བྱའང་དེ་རྣམས་ལ་མེད་པར། །རྣམ་པ་དུ་མར་བསྟན་པ་ཡིན། །འོན་ཀྱང་དུ་མའང་
བྱ་བ་གཅིག །གལ་ཏེ་བྱེད་པར་མཐོང་བ་ན། །དེ་ལ་ཆོས་གཅིག་ཏུ་སྒྲོ་བཏགས། །སྣ་གཅིག་ཀྱང་ནི་འཇུག་པ་ཡིན། །དཔེར་ན་མིག་སོགས་འགའ་ཞིག་ཏུ། །གཟུགས་ཀྱི་རྣམ་ཤེས་གཅིག་འབྲས་བྱེད། །གཅིག་པའི་དངོས་ཉིད་མེད་ན་ཡང་། །འགའ་དག་ཚ་སོགས་སྒྲ་གཅིག་བྱེད། །
བུམ་སོགས་ཆུ་སོགས་འཛིན་ལ་སོགས། །བྱ་བ་གང་ཡིན་བྱེད་པ་ན། །ཡུལ་དེའི་ཤེས་པ་གང་ཡིན་པ། །གལ་ཏེའང་ཐ་དད་པ་དེ་གཉིས། །གཅིག་ཏུ་སྲེ་བར་བྱེད་པ་ཡི། །ཆུ་ཉིད་ཡིན་ཕྱིར་གཅིག་ཅེས་བརྗོད། །ཤེས་པ་བཞིན་དུའང་དེ་ཡི་རྒྱུ། །ཡིན་ཕྱིར་དོན་ལ་དབྱེ་བ་མེད། །དེ་ལ་སྤྱི་
ཡི་ཚིག་གིས་ནི། །བུམ་པ་ལ་སོགས་བརྗོད་པའི་སྒྲ། །རིགས་མི་འདྲ་བ་རྣམས་གཅོད་པ། །གཟུགས་བརྙན་གཅིག་གི་རྒྱུ་རྣམས་སོ། །དེ་བཞིན་གཅིག་ཉིད་དོན་དུ་མའི། །བྱེད་ཕྱིར་དུ་མ་ཞེས་བརྗོད་དེ། །དེ་འབྲས་མིན་པ་ལས་ལྡོག་པས། །མང་པོ་ཉིད་དུ་ཡོངས་བརྟག་པའོ། །དཔེར་ན་ཐོགས་
เล่ม ๑๙๑ · หน้า 39a
པ་དང་བཅས་གཟུགས། །བསྟན་དུ་ཡོད་པ་ཡིན་ན་ཡང་། །དཔེར་ན་སྒྲ་ནི་བརྩལ་མ་ཐག །འབྱུང་བའི་ཤེས་དང་མཉན་བྱ་ཡིན། །དེ་རྒྱུ་མིན་པའི་དབྱེ་བ་ཡིས། །ཁ་ཅིག་ལ་སྒྲ་འཇུག་པ་ཡིན། །དཔེར་ན་བརྩལ་ལས་འབྱུང་སྒྲ་དང་། །དཔེར་ན་སྦྲང་མའི་སྦྲང་རྩི་ཡང་། །
དེ་འབྲས་རྒྱུ་དང་བྲལ་བ་ལས། །ཁ་ཅིག་ལ་འདིར་སྒྲ་ཞེས་བརྗོད། །མཉན་བྱ་མིན་དཔེར་གཟུགས་བཞིན་དང་། །མ་བརྩལ་བར་འབྱུང་གློག་བཞིན་ནོ། །དེ་ལྟ་བུ་སོགས་དབྱེ་བ་ཡིས། །ཐ་དད་དོན་གྱི་རྒྱུ་མཚན་ནི། །ལྡོག་པ་རྣམས་ལས་བརྟག་བྱ་སྟེ། །དེ་བཞིན་དེ་ལ་བརྟེན་པའི་སྒྲ། །དེ་
བཞིན་བརྡ་ཉིད་དེ་ཡི་ཕྱིར། །མ་འདྲེས་དོན་དུ་བརྗོད་བྱ་ཡིན། །སྒྲ་རྣམས་ཐ་དད་པར་འཇུག་ལ། །ང་ལ་རྣམ་གྲངས་འགྱུར་མ་ཡིན། །མང་དང་ཉུང་བའི་ཡུལ་རྣམས་ཀྱི། །བརྡ་དེ་ཡི་ནི་རྗེས་འབྲངས་ནས། །སྤྱི་དང་བྱེ་བྲག་གིས་བརྗོད་བྱ། །དེ་རྣམས་ལ་ཡང་འགལ་བ་མེད། །དོན་དེ་རྣམས་ཀྱི་ལྡོག་
པ་རྣམས། །རྣམ་རྟོག་བཟོ་ཡིས་སྤྲུལ་པ་སྟེ། །རྟེན་དང་བསལ་བྱའི་དབྱེ་བ་ཡིས། །ཕྱེ་བ་དོན་དམ་པར་ཡོད་མིན། །ཕྱི་ཡི་དངོས་ཉིད་དེ་རྣམས་ནི། །བརྟགས་པ་ཡིན་གྱི་དངོས་སུ་མིན། །དབྱེ་དང་དབྱེ་མིན་དངོས་པོ་ལ། །དེ་ཁོ་ན་ཉིད་ཀྱིས་གནས་མིན། །རང་ས་བོན་གྱི་དུ་མ་ལས། །བྲལ་བའི་
དངོས་པོའི་བརྡ་རྣམས་ཀྱིས། །ནུས་པའི་རྣམ་རྟོག་གིས་དབྱེ་བ། །དེ་ཡི་ངོ་བོར་ངེས་པ་ཡིན། །རང་གི་མཚན་ཉིད་བདག་ཉིད་དོན། །གཅིག་གི་བདག་ཉིད་དུ་མིན་ཞིང་། །དུམ་བུར་བྱེད་པའང་མ་ཡིན་གྱི། །འདི་ནི་རྣམ་རྟོག་འཁྲུལ་པའོ། །ཆོས་གཅིག་རྗེས་འགྲོ་མེད་པར་ཡང་། །བསལ་བྱ་
དང་ནི་སེལ་བའི་ཡུལ། །མཚན་ཉིད་མི་འདྲར་རྟོགས་མིན་པ། །དབྱེ་བ་མེད་པར་བསྲེ་བས་སོ། །གཅིག་ཏུ་བསྲེ་བ་ཤེས་པ་ནི། །རང་བཞིན་གྱིས་ཀྱང་ཐ་དད་པའང་། །ཁ་ཅིག་ལ་ནི་སྦྱོར་བ་ཡིན། །གཞན་པ་མིན་ཞེས་བསྒྲུབས་པ་ཡིན། །དེ་མིན་ངོ་བོ་ལས་བཟློག་པའི། །དངོས་
པོ་ཙམ་གྱི་རང་མཚན་ཉིད། །གང་ཡིན་དེས་ནི་བྱས་པ་ཡི། །རྗེས་སུ་འགྲོ་བ་འགལ་བ་མེད། །གང་ན་འདུ་བ་མིན་པ་ལས། །ལྡོག་པའི་རང་གི་མཚན་ཉིད་ཡོད། །དེ་ན་མེ་མེད་ལས་ལྡོག་པ། །རང་གི་མཚན་ཉིད་ཡོད་པའོ། །དཔེར་ན་ཚང་བང་བཞིན་འདི་ལ། །དུ་བ་མིན་ལས་ལོག་ཡོད་
เล่ม ๑๙๑ · หน้า 39b
པ། །དེ་ཕྱིར་མེ་མིན་ལས་ལྡོག་པ། །འདི་ནི་ཡོད་པར་རང་མཚན་ཉིད། །མི་ཡི་རྭ་སོགས་མེད་པ་ལས། །ལྡོག་པ་གང་ཡིན་རང་མཚན་ཉིད། །དེ་ཀུན་བསྟན་པ་ལས་ཀྱང་ལྡོག །བློ་དང་མར་མེ་ལྟ་བུའོ། །དེ་བཞིན་སྒྲ་སོགས་རང་མཚན་ཉིད། །མེད་པའི་ངོ་བོ་འདི་ཡང་མིན། །དེ་ལྟར་
དབྱེ་བས་མ་བསྟན་པ། །དེ་ལྟར་རྗེས་འགྲོར་འགྱུར་གཉིས་ཡིན། །དབྱེ་བ་བརྗོད་འདོད་མིན་པ་ཡང་། །དེ་ཉིད་ཅེས་ནི་ཡོངས་སུ་བསྒྲགས། །སྤྱི་ཡི་མཚན་ཉིད་ཉིད་ཀྱི་ནི། །གཞན་མིན་མིན་འདོད་ཕྱིར་ཡང་ངོ་། །ཁྲ་མོའི་བུ་ལས་ཐ་དད་པར། །སེར་སྐྱའི་བུ་དང་རྟར་མཚུངས་ན། །མྱུར་
འགྲོ་ཡོངས་སུ་དོར་ནས་ནི། །བ་ལང་ཉིད་ལ་ཅི་ཕྱིར་འཇུག །དེ་གསལ་བྱེད་པར་ནུས་བདག་ཉིད། །གལ་ཏེ་དེ་ཉིད་ཡིན་འདོད་ན། །བསེ་བར་མཚུངས་པ་ཡིན་ན་ཡང་། །ནུས་པ་དེ་ནི་རྟ་ཡི་མིན། །དེ་ལྟ་བུ་ཡི་བསྲེས་པ་ཡང་། །དངོས་པོ་གང་ལ་ཡོད་གྱུར་པ། །དེ་ལ་བ་ལང་རིགས་
མེད་ཀྱང་། །བ་ལང་མིན་པ་སེལ་བ་འཇུག །བ་ལང་མིན་ལས་ལྡོག་དངོས་གང་། །དེ་ནི་དབང་པོས་ངེས་པར་བྱེད། །གཟུགས་བརྙན་དུ་ནི་ངེས་པ་སྟེ། །རང་རིག་པས་ནི་རྟོགས་པའང་ཡིན། །འདི་མཐོང་བས་ནི་འཇིག་རྟེན་པ། །དེ་ལ་སྒྲ་ནི་སྦྱོར་བར་བྱེད། །འབྲེལ་པ་ཉམས་སུ་མྱོང་བར་
ལའང་། །དེས་ན་འདི་གསལ་བྱེད་པར་རིགས། །དེ་ལྟ་བུ་ཡི་བསྲེ་བ་ཡང་། །དངོས་པོ་གང་ལ་མེད་གྱུར་པས། །བ་ལང་མན་སྒྲ་བརྗོད་བྱ་ཉིད། །དེ་ནི་གསལ་བར་རྟོགས་བྱེད་ཡིན། །སོ་སོའི་བསྲེ་བ་ཤེས་པ་ཡི། །བ་ལང་བ་ལང་མིན་པའང་འགྲུབ། །གཅིག་པུར་གྲུབ་པའི་སྒྲ་ཉིད་ནི། །
ཇི་ལྟར་འདོད་བཞིན་དེ་སྦྱོར་བྱེད། །དངོས་པོའི་དབྱེ་བ་རིག་པ་ནི། །གཞན་འཛིན་པ་ལ་ལྟོས་མིན་པར། །དེ་ཕྱིར་གཅིག་ལ་གཅིག་བསྟན་པའི། །སྐྱོན་ནི་འདི་ལ་གནས་མེད་དོ། །ཕྱི་ཡི་དེ་ཉིད་མ་ཤེས་པའང་། །རང་བཞིན་ཉིད་ལ་རྨོངས་ཕྱིར་འདི། །རང་རྣམ་པ་ལ་ཕྱིའི་ངོ་བོར། །སྒྲ་དང་བློ་ནི་
ངེས་པར་བྱེད། །སྒྲས་ནི་དེ་ཙམ་དུ་བྱེད་ཀྱི། །དོན་ལ་སྒྲ་ནི་རེག་པའང་མིན། །བྱེ་བྲག་ཅན་གྱི་དོན་ནི་འགའ། །སེལ་བས་བརྗོད་པར་བྱ་བ་མིན། །དོན་གཞན་ལས་ནི་ལྡོག་པ་ལ། །བྱེ་བྲག་ཅན་ནི་ཡིན་ཞེས་ཀྱང་། །མཚན་ཉིད་མཛད་པས་གང་གསུངས་པ། །དེ་ལ་བརྗོད་འདོད་དོན་འདི་ཡིན། །
เล่ม ๑๙๑ · หน้า 40a
གཞན་ལ་གཞན་པའི་དངོས་གང་ཡིན། །རྒྱུ་ཡིས་སམ་ནི་བྱེད་པ་ཡིས། །བྱེ་བྲག་ཅན་དེ་ཐ་དད་པས། །རིགས་དང་མ་འདྲེས་པར་འདྲེས་པར། །ཤིང་སོགས་སྒྲ་དེས་བརྗོད་པ་ཡིས། །ཤེས་པ་དེ་ནི་སྐྱེས་པ་ལས། །རིགས་ལ་སོགས་པ་དེ་འགོག་བྱེད། །གང་ཞིག་བློ་
ལ་རྣམ་གནས་པ། །དེ་རྣམས་འདིར་བརྗོད་སྐྱེད་བྱེད་ཕྱིར། །ལྡོག་པ་ཡི་ནི་བྱེ་བྲག་ཅན། །དེ་རྣམས་འདས་མ་ཐག་བསྟན་པའོ། །དོན་གཞན་ལས་ནི་ལྡོག་པ་ཡིས། །དངོས་པོ་དེ་ཡི་ཆ་འགའ་ནི། །རྟོག་པ་ཡིན་ཞེས་གང་གསུངས་པ། །དེ་ནི་གཟུགས་བརྙན་ཉིད་
ཡིན་ཏེ། །དོན་གཞན་ལས་ནི་ལྡོག་པ་ཡི། །དངོས་པོ་མཐོང་བ་ལ་བརྟེན་ནས། །འོངས་པ་དེ་ལ་སྒྲོ་བཏགས་ནས། །དེ་ཡི་ཆ་ཞེས་བསྟན་པ་ཡིན། །རྒྱུ་ཡི་དོན་དང་བྱེད་པའི་དོན། །དེས་ན་སྔར་བཞིན་བདག་ཉིད་ཀྱང་། །གལ་ཏེ་དངོས་རིགས་མི་འདྲ་ལས། །ལྡོག་དང་དེ་དང་དེ་བཞིན་དུ། །བ་ལང་མིན་
ལས་ལྡོག་གཞན་ཉིད། །དེ་ཡང་བདག་ཉིད་ལ་ཡོད་དེའོ། །ལྡོག་པར་བརྗོད་པའང་མེད་པ་ཉིད། །འབའ་ཞིག་ལས་ནི་ལྡོག་མིན་ཏེ། །དེ་ནི་བྱེ་བྲག་དངོས་ལས་ཀྱང་། །ཡིན་ཕྱིར་དངོས་པོའི་བློ་མི་ཉམས། །དབྱེ་བར་བྱེ་བྲག་བྱེད་འདི་ཡང་། །རྣམ་པར་རྟོག་པས་སྤྲུལ་པ་སྟེ། །དེ་ཕྱིར་ཆོས་འདི་ཉེར་
འཛིན་པས། །བྱེ་བྲག་ལྡན་ཞིང་གཞག་པ་ཡིན། །དེས་ན་དེ་ནི་དབྱིག་སོགས་བཞིན། །བྱེ་བྲག་བྱེད་པར་སྐྱེ་བ་སྟེ། །སོ་སོར་སྣང་བའི་སྒྲ་ཡི་དོན། །དེ་ཉིད་སེམས་པ་པོས་བསྟན་ནོ། །མཐོང་དང་རྣམ་རྟོག་དབྱེ་མི་ཤེས། །འཇིག་རྟེན་ཕྱིའོ་སྙམ་དུ་སེམས། །དེ་ཕྱིར་འདི་ནི་ཞེན་པ་ལས། གསལ་
བ་རྣམས་ནི་བརྗོད་བྱར་བྱེད། །དེ་ཉིད་དོན་དུ་སྒྲ་རྣམས་ཀྱི། །བརྗོད་བྱ་མིན་པར་བསྒྲུབས་ཟིན་ཏོ། །འདིས་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར། །གསལ་བ་རྣམས་ཀྱང་བསལ་བྱ་ཉིད། །སྤྱི་ནི་སེལ་བ་མ་ཡིན་ཏེ། །སེལ་བ་ཉིད་ཀྱང་དངོས་པོ་མིན། །མེད་ལ་མེད་ཉིད་བསལ་ཀྱང་ཞེས། །དེ་ལྟར་བྱེད་མིན་འདི་
དངོས་ཕྱིར། །དངོས་ནི་དེ་བདག་མིན་པའི་ཕྱིར། །དེ་ནི་བསལ་བྱ་ཉིད་འདོད་གང་། །གང་ཞིག་དེ་ཡི་བདག་ཉིད་མིན། །དེ་ནི་དེ་ཡི་བསལ་བྱར་བརྗོད། །ཡོད་པ་མེད་པའི་དངོས་ཡིན་པས། །དེ་ཡི་སེལ་དངོས་ཡོད་མ་ཡིན། །རང་བཞིན་དབང་ཕྱུག་སོགས་རྣམས་ཀྱི། །དངོས་རྣམས་བསྐྱེད་བྱ་མིན་སྨྲ་བ། །
เล่ม ๑๙๑ · หน้า 40b
རང་བཞིན་དབང་ཕྱུག་སོགས་བསྐྱེད་བྱར། །དངོས་པོ་གྲུབ་པ་མ་ཡིན་ནོ། །དེ་ཕྱིར་མེད་པའང་དངོས་པོ་ཉིད། །མིན་ཕྱིར་ངལ་བ་ག་ལ་ཡིན། །དེ་གྲུབ་ན་ཡང་ཡོད་པ་ཡོད། །དེས་ཀྱང་མེད་པ་གྲུབ་པ་ཡིན། །བ་ལང་མིན་ལས་ལྡོག་པ་ཡི། །བ་ལང་མཚན་ཉིད་མི་འདྲར་འདོད། །དེ་ཕྱིར་དངོས་ཉིད་བ་ལང་
འདི། །ང་ལ་བ་མིན་ཐལ་འགྱུར་མིན། །དངོས་མེད་ཡུལ་ལའང་སེམས་ཙམ་གྱིས། །སྤྲུལ་པའི་རྣམ་རྟོག་སྣ་ཚོགས་པའི། །དབྱེ་བས་སྦྱར་བ་རྣམས་ལ་བཞིན། །བག་ཆགས་ཡོད་པ་ཉིད་ཡིན་ནོ། །དེས་ནའང་བག་ཆགས་དབྱེ་བ་ཡིས། །ཕྱེ་བའམ་ཡོད་པའི་དངོས་ཉིད་དུའང་། །རྟོག་པར་བྱེད་ཅིང་སེལ་
བ་རྣམས། །རྟོགས་པས་སྦྱར་བ་རྣམས་བཞིན་ནོ། །དོན་གཞན་སེལ་བའི་བརྗོད་བྱ་འདི། །ཇི་འདྲ་བ་ནི་བསྟན་ཟིན་ཅིང་། །སྒྲ་གཞན་གྱི་ནི་སེལ་བ་ཡང་། །དེ་འདྲ་ཉིད་དུ་རྟོག་བྱ་མིན། །དངོས་པོ་ཉིད་དུ་ངེས་པའི་ཕྱིར། །སེལ་བ་དག་ནི་དངོས་ཉིད་མིན། །ཀུན་རྫོབ་ལམ་དུ་རབ་འགྲུབ་ཕྱིར། །དེ་ཉིད་
དོན་དུ་འདོད་བསྒྲུབ་ཡིན། །དམ་པའི་དོན་དུ་བརྗོད་བྱ་དང་། །རྗོད་བྱེད་ཅུང་ཟད་ཀྱང་ཡོད་མིན། །སྐད་ཅིག་གིས་འཇིག་དངོས་རྣམས་ལ། །ཁྱབ་པར་བྱེད་པ་སྦྱོར་བ་མིན། །དེ་ལ་གོ་བྱ་གོ་བྱེད་ཉིད། །དེ་ཉིད་དོན་ལ་བརྟེན་ནས་ནི། །སེལ་བ་དག་གི་དངོས་ཉིད་མིན། །ཀུན་རྫོབ་པ་ནི་འགེགས་ཤེ་ན། །
དེ་ལྟ་ན་ཡང་འཁྲུལ་པ་ཉིད། །བཟློག་པར་དཀའ་བ་ཐལ་བར་འགྱུར། །རྟོགས་པས་སྦྱར་བའི་དོན་དང་ནི། །དེ་རྗོད་བྱེད་པའི་སྒྲ་དག་ཀྱང་། །དེ་རྣམས་ལ་སྤྱི་བརྗོད་བྱ་དང་། །དེ་ཡི་རྗོད་བྱེད་ཡོད་མ་ཡིན། །སྒྲ་ཡི་རང་གི་མཚན་ཉིད་ནི། །སྐད་ཅིག་གིས་འཇིག་རྗོད་བྱེད་མིན། །དེ་ཕྱིར་དེ་གཉིས་གཟུགས་
བརྙན་རྫོགས། །ཀུན་རྫོབ་པར་ནི་འདོད་པར་བྱ། །གསལ་བར་དགའ་བ་གནས་པ་ཡིན། །བསྒྲུབ་པའི་ངོ་བོ་སྒྲ་ཡི་དོན། །གང་གིས་ཁས་ལེན་པར་མི་བྱེད། །གང་ཚེ་སྒྲ་ལས་ཤེས་པ་ནི། །སྐྱེས་པའི་དོན་དུ་ཞེན་པ་སྟེ། །སྒྲ་རྣམས་རང་བརྗོད་བྱེད་པ་ཡི། །ཤུགས་ཀྱིས་གཞན་ལས་ལྡོག་པ་
ཡིན། །དེ་སྔོན་འགྲོ་བ་ཅན་གྱི་ནི། །ལྡོག་པ་འདི་ཡང་རིགས་པ་ཡིན། །སྒྲུབ་པ་ཡོད་མིན་གང་གསུངས་པ། །སྤྱི་ལ་སོགས་པ་མེད་ཕྱིར་ཏེ། །སྒྲ་རྣམས་དང་ནི་རྣམ་རྟོག་རྣམས། །དངོས་སུ་ཡུལ་མེད་ཉིད་ཕྱིར་རོ། །ཨུཏྤལ་སྔོན་པོ་སོགས་སྒྲ་ལས། །གཅིག་ཉིད་ཀུན་དུ་སྣང་བ་སྟེ། །
เล่ม ๑๙๑ · หน้า 41a
སྔོ་མིན་ཨུཏྤལ་མིན་སོགས་ལས། །ལྡོག་པ་ཡི་ནི་གཟུགས་བརྙན་ནོ། །གཞན་སེལ་བ་དང་ལྡན་དངོས་པོ། །བརྗོད་བྱར་ཁོ་བོ་ཅག་འདོད་དེ། །གཞན་ལས་ལྡོག་པའི་དངོས་པོ་ལས། །གཞན་པའི་ལྡོག་པའི་ང་ལ་མེད། །དེ་ཕྱིར་རིགས་ལ་སོགས་བཞིན་པའི། །
གཞན་དབང་སྐྱོན་དང་འབྲེལ་པ་མེད། །བློ་གྲོས་བཟང་པོས་གསུངས་པ་ནི། །སྒྲ་དོན་ལོག་པ་མིན་པས་ནི། །བྱེ་བྲག་བྱེད་དང་བྱེ་བྲག་ཏུ། །བྱ་བ་བཞིན་མཐུན་པ་ཉིད་དེ། །དེ་ཕྱིར་སེལ་བ་སྒྲ་ཡི་དོན། །རྣམ་པར་གནས་པ་འགལ་བ་མེད། །སྔོན་པོའི་སྒྲ་སོགས་འབའ་ཞིག་ཀྱང་། །གཟུགས་
བརྙན་བྱེ་བྲག་ཅན་ཡིན་ཏེ། །ཁུ་བྱུག་ཨུཏྤལ་བུང་བ་སོགས། །ཡིད་གཉིས་བཅས་བཞིན་འཇུག་པ་སྟེ། །པི་ཀ་སྟང་ཟིལ་སོགས་སེལ་བས། །བྱེ་བྲག་ཅན་གྱི་ཡུལ་ལ་ཡང་། །དེ་ནི་ཨུཏྤ་ལ་ཡི་སྒྲས། །རྣམ་པར་གཞག་པར་ངེས་པ་དང་། །གནས་གཞི་མཐུན་པ་ལ་སོགས་པ། །དེ་
ལྟར་འདིར་ནི་བསྒྲུབས་པས་ན། །རྣམ་གཞག་དེ་ཀུན་ཕ་རོལ་པོའི། །ཕྱོགས་ལ་བསྒྲུབ་པར་དཀའ་བ་ཡིན། །འདི་ལྟར་སྒྲ་གཅིག་གིས་རང་གིས། །མཚན་ཉིད་ཐམས་ཅད་དུ་བསྟན་ལ། །དེ་སྐད་བསྟན་པ་དེ་ལ་ཡང་། །ཅི་ཕྱིར་བྱེ་བྲག་གཞན་བློ་མེད། །གང་གི་དོན་དུ་ཕྱི་མའི་སྒྲ། །སྦྱོར་བྱེད་དངོས་
པོ་དེ་ལ་ནི། །ཐམས་ཅད་དུ་བརྗོད་མིན་ཞེ་ན། །དེ་ནི་དུ་མར་ཐལ་བར་འགྱུར། །སྔོན་པོའི་རིགས་སམ་ཡོན་ཏན་ནམ། །སྔོན་པོའི་སྒྲ་ཡིས་རྟོགས་ཤེ་ན། །གཞན་ལ་ཨུཏྤ་ལ་ཡི་རིགས། །ཨུཏྤལ་སྒྲ་ཡིས་ངེས་པ་ཡིན། །དེ་ལྟར་དེ་དག་དབྱེ་བ་ཡིས། །བ་ཀུལ་ཨུཏྤལ་སྒྲ་བཞིན་དུ། །གཞི་མཐུན་
པ་ལ་སོགས་པ་རྣམས། །ཤིན་ཏུ་འཐད་པ་མ་ཡིན་ནོ། །ཡོན་ཏན་དེ་རིགས་དང་འབྲེལ་པའི། །རྫས་ནི་སྔོན་པོའི་སྒྲ་རྟོགས་པ། །ཡིན་ནོ་ཞེ་ན་དེ་ལྟ་ན། །ཨུཏྤ་ལའི་སྒྲ་དོན་མེད་འགྱུར། །དེ་དག་གང་ཁོ་ན་དང་འབྲེལ། །དེ་ཉིད་ཨུཏྤལ་རིགས་ལྡན་ན། །སྔོན་པོའི་སྒྲ་ཉིད་ཀྱིས་དེ་བསྟན། །ཨུཏྤ་
ལའི་སྒྲ་དོན་མེད་འགྱུར། །ཡོན་ཏན་དེའི་རིགས་འབྲེལ་ལས་གཞན། །ཨུཏྤལ་རིགས་ལྡན་ཡིན་ཞེ་ན། །ཨུཏྤ་ལ་དང་སྔོན་པོའི་སྒྲ། །གནས་གཞི་ཐ་དད་པར་འགྱུར་རོ། །འོན་ཏེ་ཨུཏྤ་ལ་ཉིད་དང་། །འབྲེལ་པའི་ངོ་བོ་ཉིད་དང་ནི། །ཡོན་ཏན་དེའི་རིགས་དང་འབྲེལ་རྫས། །སྔོན་པོའི་སྒྲ་ཡིས་མི་
เล่ม ๑๙๑ · หน้า 41b
སྟོན་ནའོ། །ཨུཏྤལ་དང་འབྲེལ་ངོ་བོ་ཉིད། །དེ་བདག་མིན་པར་འགྱུར་ན་ཡང་། །གང་ཞིག་ཨུཏྤལ་ཉིད་འབྲེལ་བ། །དེ་གཉིས་དང་འབྲེལ་ཁོ་ན་སྟེ། །སྔོན་པོའི་སྒྲ་ཡིས་དེ་བརྗོད་པའི། །སྒྲ་ཡི་ཤེས་པའི་ཡུལ་དུ་ནི། །བདག་ཉིད་ཀུན་དེ་ཆ་ཤས་མིན། །ཨུཏྤལ་སྒྲ་དེ་དོན་མེད་ཡིན། །
ཆ་ཤས་ལས་ནི་གྲོལ་བ་ལ། །ཟད་དང་ཆ་ཤས་རྣམ་རྟོག་མེད། །ངག་དོན་ཡོངས་སུ་མ་ཤེས་ཕྱིར། །འདིར་ནི་འདི་དག་བརྗོད་འདོད་ཡིན། །དང་པོའི་སྒྲ་ཉིད་ཁོ་ན་ཡིས། །དེ་ནི་ཐམས་ཅད་དུ་གསལ་བྱས། །བདག་ཉིད་ཅི་ཡང་མ་དོར་བར། །ཇི་འདྲ་དེ་འདྲར་དེ་བསྟན་ཏེ། །རྣམ་གྲངས་དེ་དག་
ཉིད་ཀྱིས་ནི། །དེ་ལ་སྒྲ་གཞན་དག་གིས་ཡང་། །བརྗོད་པ་འབྲས་བུ་ཡོད་མིན་ལ། །བརྗོད་ན་འབྲས་བུ་ཉིད་དུ་ངེས། །ཁོ་བོ་ཅག་ནི་སྒྲ་རྣམས་ཀྱིས། །ཕྱིའི་དོན་རྟོགས་བྱར་མི་འདོད་དེ། །སྒྲ་དང་རྣམ་ཤེས་དག་གི་ཡང་། །ཡུལ་ནི་ཕྱི་ཡི་དོན་མིན་ནོ། །གང་ཕྱིར་དེ་དག་ཐམས་ཅད་ཀྱི། །བདག་
ཉིད་ཡུལ་བྱེད་ལས་གཞན་པའི། །སྒྲ་དང་ཤེས་པ་གཞན་དེར་ནི། །རྣམ་གྲངས་པ་ཉིད་ཐོབ་པར་འགྱུར། །སྒྲ་ལས་རྣམ་རྟོག་གཟུགས་བརྙན་ཉིད། །རིམ་གྱིས་སྐྱེད་པར་བྱེད་པ་ཡིན། །གཅིག་ཉིད་དེ་ལྟར་སྣང་བ་ལ། །ཕྱི་ཡི་ཉིད་དུའང་འཁྲུལ་ཕྱིར་རོ། །གཟུགས་བརྙན་ལ་ནི་བརྟེན་ནས་སུ། །གཞི་
མཐུན་པ་ཉིད་སོགས་ཡིན་གྱི། །དམ་པའི་དོན་དུ་སྒྲ་འདི་ནི། །ཡུལ་དང་བྲལ་བར་འདོད་པ་ཡིན། །རྟགས་དང་གྲངས་སོགས་སྦྱོར་བ་འདི། །གསལ་བ་རྣམས་ལའང་ཡོད་མ་ཡིན། །འདོད་པས་སྦྱར་བའི་བརྡ་དག་གིས། །སྤྲུལ་པ་ཡིན་གྱི་དངོས་ལ་མིན། །མོ་དང་ཕོ་དང་མ་ནིང་གི །རྟགས་གསུམ་
དངོས་པོ་ལ་ཡོད་མིན། །དེ་ལ་སེམས་དེ་ཐམས་ཅད་ཀྱི། །སྣ་ཚོགས་པར་སྣང་ཉིད་དུ་འགྱུར། །བརྗོད་འདོད་རྗེས་འཇུག་ཉིད་དེ་རྣམས། །དེ་ཡི་དབང་གིས་གཅིག་དངོས་ནི། །གཅིག་དངོས་ཉིད་དུའང་དངོས་སུ་མིན། །གལ་ཏེ་གནས་པ་དང་སྐྱེ་དང་། །འཇིག་ལ་བརྟེན་ནས་རྟགས་རྣམས་ནི། །
གནས་པ་ཡིན་ན་རྟགས་གསུམ་ཉིད། །དབྱེར་མེད་པར་ནི་ཐལ་འགྱུར་ཞིང་། །ཡོད་པ་མིན་ལའང་མེད་པ་དང་། །རང་བཞིན་མེད་དང་གསོབ་ཉིད་ཅེས། །གང་སྨྲ་དེ་ལ་གནས་པ་སོགས། །འབྲེལ་པར་ཅི་ཕྱིར་རྟོག་པར་བྱེད། །དངོས་འདི་རྣམས་ཀྱི་སྐྱེ་བ་ནི། །རབ་ཏུ་འབྱུང་ཡིན་འཇིག་པ་ནི། །
เล่ม ๑๙๑ · หน้า 42a
ཉམས་པ་ཉིད་དེ་གནས་པ་ནི། །རང་དངོས་གྲུབ་པར་བརྗོད་བྱ་སྟེ། །དེ་ལ་སྐྱེ་བ་འཇིག་མིན་པ། །དེ་ལ་ཅི་ཡི་བྱེད་པར་བརྗོད། །གནས་ལ་འདྲེས་པ་ཡོད་མིན་ན། །དེ་ལ་སྐྱེ་བར་ཇི་ལྟར་བརྗོད། །འཇིགས་ལ་གཉིས་ཡོད་བརྗོད་མིན་ན། །འཇིགས་པའི་དངོས་དང་ཉམས་
པ་དང་། །ཞིག་པའི་ངོ་བོ་ཞེས་བྱ་བ། །དེ་ལ་ཇི་ལྟར་སྟོན་པར་བྱེད། །གནས་དང་གནས་ལ་རང་བཞིན་དུའང་། །རྒྱུ་གང་གིས་ན་སྨྲ་བར་བྱེད། །འོན་ཏེ་འདི་རྣམས་དབྱེར་མེད་དངོས། །ཁོ་ན་ཡིན་ན་རྟགས་གཅིག་འགྱུར། །གལ་ཏེ་དེ་རྣམས་བ་ལང་ཉིད། །སོགས་བཞིན་མ་གཏོགས་སོགས་
འདོད་ན། །སྤྱི་བསལ་བས་ནི་དེ་འདྲ་བ། །དེ་རྣམས་བསལ་བ་ཁོ་ན་ཡིན། །རིགས་དང་ཡོད་དང་ཕྱི་ཞེས་པའང་། །དེ་རྣམས་ལ་དེ་ཅི་ཕྱིར་སྦྱོར། །སྤྱི་རྣམས་ལ་ཡང་གཞན་པ་ཡི། །སྤྱི་ནི་རིགས་པ་མ་ཡིན་ནོ། །མེད་དང་རང་བཞིན་མེད་པ་དང་། །གསོབ་ཅེས་བྱ་སོགས་ཇི་ལྟར་ཡིན། །
དེས་ན་དེ་རྣམས་རྟགས་གནས་པའི། །གནས་པའི་བརྡར་ནི་བྱས་པ་ཡིན། །གྲངས་ལ་སོགས་པའི་བརྡ་ཅན་ཉིད། །བརྗོད་པར་འདོད་པ་བརྟགས་པ་ཡིན། །ཐ་དད་ཐ་དད་མིན་དབེན་ཡང་། །བཙུན་མོའི་རྣམས་དང་ནགས་ཚོགས་བཞིན། །བསལ་བ་དག་ནི་རིགས་དག་ལ། །བཙུན་མོ་ལ་
སོགས་སྦྱོར་ཞེ་ན། །གསལ་བའི་ཆ་ཤས་རྣམས་ལ་ཡང་། །གྲངས་བླངས་ནས་ནི་འཇུག་པ་ཡིན། །གསལ་བ་མང་པོའི་གྲངས་ཉིད་ཀྱིས། །བྱེ་བྲག་བྱས་ལ་ནགས་སྒྲས་བརྗོད། །ཡང་ན་རིགས་ལ་གསལ་བ་ནི། །མང་པོ་ཡོད་ལ་བརྟེན་ནས་སོ། །རྣམ་པ་དེས་ནི་ཐམས་ཅད་ཀྱི། །གཅིག་
གི་ཚིག་ཉམས་འགྱུར་མིན་ནམ། །གཞན་ལ་བརྗོད་འདོད་མིན་ཞེ་ན། །འདི་ལ་དེ་ཉིད་རྒྱུ་མཚན་ཡིན། །རིགས་ལའང་གྲགས་ཡོད་མ་ཡིན་ལ། །ཡོད་ནའང་ཇི་ལྟར་བྱེ་བྲག་ལས། །གལ་ཏེ་འབྲེལ་པ་དང་འབྲེལ་པའམ། །ཡང་ན་དངོས་སུ་འབྲེལ་པ་ཞེས། །གལ་ཏེ་དེ་ལྟར་སྨྲ་བ་ན། །རྩ་ཐུང་
གཅིག་ཀྱང་ནགས་འགྱུར་ཏེ། །མང་པོ་ལ་ནི་སྨྲས་པ་ཡིས། །འབྲེལ་པ་འདི་ལའང་ཡོད་ཕྱིར་རོ། །གསལ་བ་དུ་མ་ལ་བརྟེན་གང་། །དེ་ཉིད་གཅིག་ལའང་གནས་པ་ཡིན། །དེ་ཡི་རྒྱུ་མཚན་མཚུངས་པའི་ཕྱིར། །དེ་ལའང་ནགས་ཀྱི་བློ་འབྱུང་འགྱུར། །གང་གི་ཕྱིར་ན་དེ་ལྟ་བུའི། །རྗེས་སུ་འགྲོ་
เล่ม ๑๙๑ · หน้า 42b
དང་ལྡོག་པ་དག །བརྗོད་འདོད་དེ་ལས་འདི་ངེས་ཀྱི། །དོན་ལས་མིན་ཏེ་དེ་འཁྲུལ་ཕྱིར། །ལས་དང་དུས་སོགས་དང་འབྲེལ་པའམ། །གོང་དུ་གསལ་བ་ཁོ་ན་སྟེ། །དེ་ཕྱིར་དེ་ནི་བརྡ་ཅན་ཡིན། །གསལ་བ་འབྱུང་བ་མ་ཡིན་ནོ། །གསལ་བའི་ངོ་བོར་ཞེན་པ་ཡིས། །གལ་ཏེ་སེལ་བར་སྨྲ་
བྱེད་ན། །དེ་ཕྱིར་རྟགས་སོགས་དང་འབྲེལ་པའི། །གསལ་བའི་སྒོ་ནས་འདི་ཡོད་དེ། །མངོན་འདོད་པ་ལ་བློ་འཇུག་ཕྱིར། །སྒྲ་སྦྱོར་བར་ནི་བྱེད་པ་ཡིན། །དེ་ཡི་ཤུགས་ཀྱིས་མངོན་འདོད་པ། །མིན་ལས་ལྡོག་ཉིད་གྲུབ་པ་ཡིན། །ཐམས་ཅད་ཉིད་ཀྱང་འདོད་མིན་ཏེ། །སྒྲ་ཡི་དོན་ནི་ངེས་མེད་
འགྱུར། །དེ་ཕྱིར་འཚེད་པ་སོགས་སྒྲ་རྣམས། །མཆོག་ཏུ་གསལ་བར་ལྡོག་པ་ཡིན། །འདི་ལྟར་འཚེད་སོགས་བརྗོད་པ་རྣམས། །བྱེད་པ་མེད་པར་འདུག་པ་མིན། །ཟ་བའམ་གསལ་བར་བྱེད་ཅེས་པའམ། །གཞན་ལས་ལྡོག་པ་གོ་བ་སྟེ། །མ་ཡིན་པར་དགག་བདག་ཉིད་ཀྱི། །གསལ་
བྱར་གང་དང་གང་འདོད་དེས། །འཚེད་བྱེད་ཅེས་པ་མི་དགག་པའང་། །རང་དངོས་ཉིད་ཀྱིས་གནས་པ་ཡིན། །དེ་ལྟ་བུ་ཡི་ངག་དེ་དག །ཕན་ཚུན་གནོད་པ་བྱེད་པ་ཡིན། །འདི་ནི་གཞན་གྱི་དངོས་དགག་པས། །རང་གི་ངོ་བོས་གནས་པ་ཡིན། །དེ་ལས་གཞན་དུ་ངེས་བཟུང་བ། །སྨྲས་ལ་དོན་
ནི་མེད་པར་འགྱུར། །ནམ་མཁའི་ཨུཏྤལ་སོགས་རྣམས་ཀྱི། །གྲུབ་པ་གང་ནའང་ཡོད་མིན་ན། །དངོས་མེད་པར་བརྗོད་སེལ་བ་ཉིད། །གྲུབ་པ་ཉིད་ནི་ཇི་ལྟ་བུ། །དངོས་བཅས་འདི་ཉིད་དངོས་པོ་ཞེས། །ངེས་པར་སྣང་བ་ཡིན་ཞེ་ན། །དེ་ལས་ཅིར་འགྱུར་དངོས་པོ་དང་། །འདི་ནི་ཆོས་
མཚུངས་པར་རྟོགས་འགྱུར། །དེ་ཕྱིར་བསྒྲུབ་པ་ཉིད་ཤེས་དང་། །དེ་བཞིན་བྱུང་གྱུར་སོགས་ངོ་བོ། །དངོས་པོ་རྣམས་སུ་ཆོས་མཚུངས་ཕྱིར། །དེ་ནི་རྒྱུ་མཚན་དུ་ཐལ་འགྱུར། །སྒྲུབ་པ་ལ་སོགས་དོན་སོགས་ཀྱང་། །ཡོད་མིན་མིན་སོགས་དགག་བྱེད་པའོ། །སྒྲ་ཡི་ཤུགས་ཀྱིས་
མངོན་འདོད་པའི། །མིན་པ་གང་དེ་ཉིད་མིན་ནམ། །དགག་པ་ལ་ཡང་དགག་ལྡན་པའི། །སེལ་བ་དེ་འདྲ་འགྱུར་བ་ཡིན། །ཅི་འདྲ་ཡང་དག་རྟོགས་པ་ལ། །དགག་པ་བཞི་པ་ཡོད་པ་ཡིན། །དོན་གང་ཡིན་པ་འབའ་ཞིག་ལ། །དགག་པ་ཉིད་སྦྱོར་སྒྲུབ་པ་ཡིན། །དགག་པ་གསུམ་པས་
เล่ม ๑๙๑ · หน้า 43a
དེ་དང་ནི། །བྲལ་བ་སྟོན་པར་བྱེད་པ་ཡིན། །དེ་ཡང་དགག་ཕྱིར་ཕྱི་མ་ནི། །ཕྱི་མས་གང་ཡིན་སྦྱར་བྱ་སྟེ། །དེ་ལ་བརྗོད་འདོད་པ་དེས་ནི། །རྟོགས་བྱེད་གཞན་ནི་སེལ་བ་ཡིན། །འདི་ནི་མི་འཚེད་མི་སྨྲ་ན། །འཚེད་བྱེད་ཉིད་དུ་གོ་བར་བྱེད། །གསུམ་པས་བྱེད་པ་མེད་
སོགས་པར། །སྦྱོར་བ་གོ་བར་བྱེད་པ་ཡིན། །བཞི་པས་དེ་ནི་དབེན་པ་ཡི། །འཚེད་བྱེད་དེ་ནི་ངེས་བྱེད་དེ། །དེས་ན་འདིར་ནི་སྒྲུབ་པ་ཡི། །ཚིག་གིས་སེལ་བར་མཚུངས་པ་ཡིན། །བསྡུ་བ་ལ་སོགས་དོན་གང་ཡིན། །འགའ་ལ་དྲོ་སོགས་སྒྲར་འདོད་ན། །དེ་ལས་གཞན་པའི་རྣམ་
གྲངས་པ། །དེ་ཡིས་སེལ་བར་འགྱུར་བ་ཡིན། །གཞན་སེལ་བ་ཡི་ངག་དོན་ཡང་། །རྟོགས་བླ་ཉིད་དེ་འདི་ལྟར་འདི། །དངོས་པོ་ཉིད་དང་ལྷན་ཅིག་པའི། །ངག་དོན་འགའ་ཞིག་བརྗོད་བྱ་སྟེ། །དེ་རྣམས་རང་རིགས་མི་འདྲ་གང་། །དེ་རྣམས་བསལ་བྱར་ཤིན་ཏུ་གསལ། །དེ་རྣམས་ཉིད་
ཀྱི་ངག་དོན་ཡང་། །དེ་རྣམས་ལ་གཞན་ལ་འདི་མེད། །ནག་པ་བ་ལང་ཁྱེར་ཤོག་སོགས། །ངག་གི་དོན་ནི་རྟོགས་པ་ཡིས། །བྱེད་པ་པོ་གཞན་ལ་སོགས་རྣམས། །དོན་གྱིས་སེལ་བར་གོ་བར་བྱེད། །གཞན་སེལ་མིན་པའི་སྒྲ་སོགས་ཀྱིས། །སྒྲུབ་པ་ངེས་པ་མ་ཡིན་ཏེ། །ཕ་རོལ་
མངོན་འདོད་རིགས་ལ་སོགས། །གོང་དུ་གསལ་བ་ཡིན་ཕྱིར་རོ། །འོན་ཀྱང་སྒྲ་ནི་གང་ཞིག་ལས། །སྒྲུབ་པའི་རྣམ་རྟོག་ངེས་སྐྱེས་ལ། །ཕྱིས་ནི་སེལ་བའི་སྒྲ་དོན་གྱི། །དགག་པའི་བློ་ནི་སྐྱེ་བར་འགྱུར། །དེ་འདྲ་དེ་ནི་དངོས་པོ་དང་། །འབྲེལ་པ་འཇིག་པ་མི་སླུ་སྟེ། །སྒྲ་དང་ཤེས་པ་ཐམས་
ཅད་ནི། །ཡང་དག་དོན་ལ་ངེས་པ་མིན། །གཞལ་བྱ་ཤེས་པའི་སྒྲ་ལ་སོགས། །གསལ་བྱ་ཅི་ཕྱིར་མེད་པ་ཡིན། །འདི་འབའ་ཞིག་གི་སྐབས་མིན་པར། །རྟོགས་དང་ལྡན་རྣམས་སྦྱོར་བྱེད་མིན། །འོན་ཏེ་མ་ངེས་ཕྱིན་ཅི་ལོག །ཡོད་པ་སྲིད་པ་འགའ་ཞིག་ལ། །ཁ་ཅིག་ལ་ནི་དེ་བཟློག་
ཅིང་། །ཐེ་ཚོམ་ཕྱིན་ཅི་ལོག་མེད་པའི། །ཤེས་པ་བསྐྱེད་པར་བྱ་བའི་ཕྱིར། །བློ་གྲོས་ལྡན་རྣམས་དེ་སྦྱོར་བྱེད། །དེ་ཉིད་ཀྱིས་ན་དེ་རྣམས་ཀྱིས། །སྦྱར་བས་འབྲས་བཅས་ཉམས་མྱོང་བྱེད། །དེ་ལ་བེམས་པོའི་བློ་ཅན་རྣམས། །གང་ཡིན་ཡིད་གཉིས་གནས་སུ་འདོད། །དེས་ན་དེ་ཉིད་དོར་
เล่ม ๑๙๑ · หน้า 43b
བྱ་སྟེ། །གཞན་དུ་སྨྲས་པ་དོན་མེད་ཡིན། །འདི་ལ་ཡིད་གཉིས་ཅུང་ཟད་ཀྱང་། །མེད་ན་ཅི་ཕྱིར་འདྲི་བར་བྱེད། །དེ་མིན་འདུ་བྱེད་སྒྲར་བརྗོད་ཉིད། །ཐ་མལ་གནས་བློས་ཇི་ལྟར་འགྱུར། །གཟུགས་དང་མིག་ལ་སོགས་པ་ཡི། །ཤེས་པའི་ཤེས་བྱར་གང་བསྟན་པ། །དེས་ནི་ཁ་ཅིག་གིས་
སྒྲོ་བཏགས། །གང་ཡིན་དེ་ནི་དགག་པ་ཡིན། །སྔོ་སོགས་གཟུགས་རྣམས་མིག་འདི་ལ། །བརྟེན་པ་ཁོ་ནར་རིག་མིན་གྱི། །འོན་ཀྱང་རྣ་བ་ལ་བརྟེན་པ། །རྟག་པ་གཅིག་བུའི་སེམས་ཀྱང་ངོ་། །ཆོས་རྣམས་སྐད་ཅིག་སོགས་ངོ་བོར། །ཤེས་བྱའམ་ཅི་ཞེས་རྣམ་འཕྲུལ་དང་། །ཆོས་དེ་
ཐམས་ཅད་མཁྱེན་པ་ཡི། །ཤེས་པའི་ཤེས་པ་མིན་ནམ་ཅི། །མེད་པ་ཤེས་པ་སྐྱེད་བྱེད་མིན། །མེད་པའང་ཤེས་བྱ་ཡིན་ནམ་ཅི། །དེ་ལ་སོགས་པ་འཁྲུལ་པར་འགྱུར། །ཤེས་བྱ་དེ་ཡི་ཚིག་བརྗོད་བྱ། །དེ་ལ་དེ་འདྲའི་ཤེས་བྱ་ཉིད། །སྐད་ཅིག་ལ་སོགས་སྒྲུབ་ཕྱིར་ཡོད། །འདི་ཡིས་
ཤེས་བྱའི་དངོས་པོ་ཡང་། །ཡང་དག་རིག་པར་འཇོག་ཕྱིར་རོ། །དེ་ལྟའི་ངག་གཞན་རྣམས་ཉིད་ལ། །གཞལ་བྱ་ཤེས་བྱའི་ཚིག་སོགས་ཀྱིས། །རྟོགས་པ་ཡི་ནི་རྒྱུ་མཚན་ཉིད། །དུས་གཞན་དུ་ཡང་མཐོང་བ་ཡིན། །འབའ་ཞིག་དག་གི་དམིགས་པ་ལ། །རྟོག་པའི་ངོ་བོ་གང་སྐྱེས་པ། །
དེ་ནི་ངག་གི་རྗེས་འཇུག་པས། །བྱེ་བྲག་དོན་ལ་འཁྲུལ་པ་ཡིན། །བུམ་སོགས་ལ་ཡང་སྒྲ་རྣམས་ལས། །དེ་ལྟའི་རྣམ་པ་དེ་ཡོད་ན། །དེ་ཕྱིར་བུམ་སོགས་སྒྲ་རྣམས་དང་། །ཤེས་བྱའི་སྒྲ་སོགས་མཚུངས་པར་འགྱུར། །གསལ་བར་བྱ་བར་བརྟག་འདི་ཡང་། །དངོས་པོ་ཉིད་རྟོག་
ཅེས་སྨྲས་པ། །ངེས་པ་ཡི་ནི་གཞན་འདོར་ཕྱིར། །དེ་ཉིད་ཉམས་པར་འགྱུར་བ་ཡིན། །བརྗོད་འདོད་གང་ཡིན་དེ་ཉིད་ལ། །དངོས་པོ་ཉིད་དུ་རྟོགས་འདོད་ན། །དེ་ཕྱིར་བརྗོད་འདོད་མི་འདོར་འགྱུར། །ཀུན་ནི་བརྗོད་འདོད་མ་ཡིན་ནོ། །རང་ཉིད་རིག་ཕྱིར་ཤེས་པ་ཡིན། །རྣམ་པར་དགག་པར་ནུས་
མ་ཡིན། །དམིགས་པ་མེད་ཀྱང་སྒྲོ་འདོགས་པའི། །རྣམ་པ་དུ་མར་རིག་པ་ཡིན། །ཤེས་པའི་བདག་ཉིད་རྟོག་འགའ་ཡང་། །སོ་སོའི་ཡུལ་ལ་ངེས་པ་ཡི། །རང་བཞིན་གང་ཡིན་དེ་ཉིད་ཀྱང་། །ཁྱེད་ཀྱིས་ངེས་པར་ཁས་བླངས་དགོས། །ཁོ་བོ་ཅག་སྨྲའི་རྣམ་པ་དང་། །གཟུགས་བརྙན་དང་
เล่ม ๑๙๑ · หน้า 44a
དེའི་སྣང་བ་དང་། །གསལ་དང་སོ་སོར་སྣང་བ་ཡང་། །རྣམ་པའི་མིང་གི་བྱེ་བྲག་ཡིན། །ངེས་གཟུང་ལ་སོགས་སྒྲ་རྣམས་ལ། །ངེས་མིན་ལ་སོགས་བསལ་བྱ་བ། །རྣམ་པ་གཞན་གྱི་མཚན་ཉིད་ནི། །ཤིན་ཏུ་གསལ་བར་ཡོད་པ་ཡི། །ཐམས་ཅད་ཀྱི་ནི་སྒྲ་ལ་ཡང་། །
ཐ་སྙད་བཟུང་བ་ཡོད་པ་སྟེ། །དོན་དེ་བསལ་བ་འདི་ལ་ནི། །གཞན་སེལ་བ་བརྗོད་འདོད་པ་ཡིན། །ཐམས་ཅད་ཆོས་རྣམས་བདག་མེད་དང་། །ཐམས་ཅད་མིན་རྣམས་འགྲོ་བ་དག །མ་ལུས་པར་གོ་བྱེད་དེ་ལ། །ཆ་ཤས་ཅུང་ཟད་བསལ་བྱ་ཡིན། །ཕྱི་ཡི་བུམ་སོགས་ལས་འབའ་ཞིག །ཁོ་ན་
བདག་མེད་འདོད་པ་དང་། །ཁ་ཅིག་འགྲོ་བ་ཉིད་དུ་ནི། །འཁྲུལ་པས་དེ་ནི་བཟློག་པའི་ཕྱིར། །ཆ་ཤས་ཐམས་ཅད་འགག་པ་ནི། །དེར་ནི་བརྗོད་འདོད་ཉིད་མིན་ཏེ། །དེ་ཕྱིར་རང་དོན་སེལ་བར་ནི། །ཐལ་བར་མི་ཤེས་པས་སྨྲས་ཡིན། །སེལ་བ་དངོས་སུ་ཡོད་མེད་མིན། །རྟེན་པ་མ་ཡིན་མི་རྟེན་
མིན། །གཅིག་མིན་དུ་མ་མ་ཡིན་ཏེ། །དེ་ལ་ཇི་ལྟར་ངེས་པ་བཞིན། །དེ་ཁོ་ན་ཉིད་དུ་མི་འདོད། །མེད་པ་དེ་མེད་པ་ཡང་མིན། །དངོས་པོ་ཉིད་དུ་ཞེན་ཕྱིར་རོ། །ཐ་དད་ཐ་དད་མིན་སོགས་ཀུན། །དངོས་པོ་ལ་ཡོད་ལ་བརྟེན་པ། །སྒྲ་དོན་དངོས་པོ་མེད་པ་སྟེ། །དེ་ཕྱིར་དེ་དག་གཞི་མེད་ཡིན། །སྒྲ་
ནི་དངོས་སུ་དོན་གཞན་ལས། །ལྡོག་པར་བྱེད་པ་མ་ཡིན་ཏེ། །རང་དོན་རྗོད་པར་བྱེད་པ་ཡི། །ཤུགས་ཀྱིས་དེ་ཉིད་གོ་བ་ཡིན། །དེ་བདག་མ་ཡིན་གཞན་བདག་མིན། །ཞེས་ནི་རྒྱས་པར་བསྟན་པ་ཡིན། །གཞན་པོའི་ཕྱོགས་ཀྱིས་མ་ཤེས་པ། །དེ་ཕྱིར་དེ་ལྟར་སྨྲ་བ་ཡིན། །གང་གིས་བ་ལང་མ་
ཡིན་པར། །ཞེན་ཅིང་གང་གིས་བསལ་བྱར་བྱེད། །དེ་ལྟར་སྒྲ་ཡིས་གཙོ་བོར་ནི། །དེ་ནི་བསལ་བྱ་མ་ཡིན་ཏེ། །ཇི་ལྟ་བུ་ཡི་སྒྲ་ཡི་ནི། །བརྗོད་བྱ་ཉིད་ཡིན་འདྲི་བར་བྱེད། །སེལ་བ་དེ་ཡིས་ཡིན་ནམ་ཅི། །འོན་ཏེ་བུམ་པ་སོགས་ཀྱི་ཡིན། །སྒྲ་དོན་སེལ་བ་ཡིན་ནམ་ཅི། །སྒྲུབ་པ་ཡིན་
ཞེས་ངེས་རྟོག་ལ། །སེལ་བ་ཡིན་ཞེས་བརྗོད་པ་ཡིན། །གང་ཡིན་དེ་ཉིད་རྟོགས་པར་བྱེད། །སྒྲ་དོན་གཟུགས་བརྙན་ཡིན་པར་ནི། །དངོས་སུ་བྱེད་པའི་བློ་ཡིན་ལ། །རིགས་སོགས་སྒྲུབ་པ་ཉམས་པར་ནི། །ཤུགས་ཀྱིས་ཁོང་དུ་ཆུད་པ་ཡིན། །བུམ་པ་ཤིང་སོགས་སྒྲ་རྣམས་ཀྱང་། །
เล่ม ๑๙๑ · หน้า 44b
བརྗོད་པ་ཡིས་ནི་གཟུགས་བརྙན་ཉིད། །བསྐྱེད་པའི་ཕྱིར་ན་དངོས་སུ་སྟེ། །ཤུགས་ཀྱིས་གཞན་ནི་འདོར་བ་ཡིན། །དེ་ཕྱིར་བསྒྲུབ་པ་ལས་འབྱུང་སྐྱོན། །མཐའ་མེད་ཐལ་འགྱུར་འདི་ལ་མིན། །བརྗོད་བྱ་མིན་ཕྱོགས་ཁོ་བོ་ཅག །ཁས་མི་ལེན་ཕྱིར་སྐྱོན་འདི་མེད། །གཅིག་ཉིད་རྟགས་
ཉིད་སོགས་རྟག་པ། །ཡིན་གྱི་དེ་ཁོ་ན་ཉིད་མིན། །འདི་ལ་བཞད་གད་བྱེད་པ་ནི། །མཁས་པ་ཆེན་པོར་མཚོན་བྱེད་ཡིན། །ངེས་པར་བཟུང་བའི་ཤུགས་ཀྱིས་ནི། །གཞན་སེལ་བར་ཡང་གོ་བ་ཡིན། །གཞན་དུ་རང་བདག་ཉིད་རྟོགས་པར། །གང་ལ་ངེས་བཟུང་དོན་མེད་ཡིན། །དེ་
ལྟར་གང་ཡང་ཕྱི་མའི་ཡང་། །གཞན་ལས་ལྡོག་པ་ཡོད་མིན་ཏེ། །དེས་ན་མོ་གཤམ་བུ་སོགས་གང་། །གང་ལ་སེལ་བ་རྗོད་པར་བྱེད། །མེད་པ་རྣམས་ནི་དངོས་མེད་ཕྱིར། །སྒྲ་རྣམས་རིགས་སོགས་རྗོད་བྱེད་པར། །དོགས་པར་མི་བྱེད་དེ་རྣམས་ནི། །ཆ་མེད་མཚོན་བྱེད་གྲུབ་ཕྱིར་རོ། །
དོན་གྱིས་སྟོང་སོགས་རྟོག་པ་ལས། །སད་པའི་བག་ཆགས་ཙམ་གྱིས་སྤྲུལ། །གཟུགས་བརྙན་གང་ཚེ་སྣང་བ་ནི། །སྒྲ་དེ་རྣམས་ཀྱིས་སྟོན་པ་ཡིན། །སྒྲ་དེ་རྣམས་ནི་དེ་ཙམ་དུ། །དངོས་སུ་གསལ་བྱེད་གང་ཐེ་ཚོམ། །བརྡ་ལ་ལྟོས་པ་དང་བཅས་ཕྱིར། །བརྟགས་པའི་དོན་རྗོད་བྱེད་བཞིན་
ནོ། །སྒྲ་དེ་རྣམས་ནི་ཕ་རོལ་པོས། །ཁས་བླངས་བྱེ་བྲག་སོགས་བསྒྲུབས་པར། །སྟོན་པར་བྱེད་པ་མ་ཡིན་ཏེ། །དེ་ཕྱིར་དེ་བཞིན་ཞེས་རྟོག་མིན། །བྱེ་བྲག་ལ་སོགས་འདི་ལ་བརྡ། །མེད་དང་འབྲས་མེད་ཉིད་དུའང་སྔར། །སྒྲུབ་པའི་ཕྱིར་ན་གཏན་ཚིགས་ཏེ། །ལྡོག་ལ་ཐེ་ཚོམ་ཟ་བ་མིན། །
འོན་ཏེ་སེལ་བའི་ཕྱོགས་ལ་ཡང་། །བརྡ་ནི་ཇི་ལྟར་ཡོད་མ་ཡིན། །དེ་ཡི་འབྲས་བཅས་ཇི་ལྟ་བུར། །སྨྲ་བ་པོ་དང་ཉན་པ་པོ། །གཉིས་ལ་ཕན་ཚུན་ཤེས་པ་དེ། །རིགས་པས་གྲུབ་པ་མ་ཡིན་ཞིང་། །བརྡ་ཡི་དུས་སུ་གང་མཐོང་དེས། །ཐ་སྙད་དུས་སུ་མཐོང་ཕྱིར་རོ། །རང་རང་གི་ནི་སྣང་
བ་ནི། །རིག་པ་ལ་ཡང་འཇུག་པ་སྟེ། །གང་ཕྱིར་འདི་ནི་ཕྱི་དོན་དུ། །ཞེན་པ་གཉིས་ཀའང་མཚུངས་པ་ཡིན། །དཔེར་ན་རབ་རིབ་ཀྱིས་ཉམས་པའི། །མིག་ཅན་ཟླ་བ་གཉིས་ཞེས་སྨྲ། །རང་དང་མཚུངས་པའང་དེ་བཞིན་དུ། །སྒྲ་ཀུན་ལས་བྱུང་ཐ་སྙད་འདོད། །འདི་ལ་དེ་ཡི་ཁྱབ་
เล่ม ๑๙๑ · หน้า 45a
བྱེད་དུ། །འདོད་པ་ཞེན་པ་པ་ཡིན་ཏེ། །རྒྱུ་ཡིས་སྤྲུལ་པ་ཤེས་པ་ནི། །དེ་རྣམས་འཁྲུལ་པའི་སྣང་བ་ཡིན། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་སྒྲའི་དོན་བརྟག་པ་སྟེ་ཉི་ཤུ་པའོ།། །།མངོན་སུམ་དང་ནི་རྗེས་དཔག་ལ། །བྱེ་བྲག་ཅན་དུ་སྒྲུབ་
པའི་ཕྱིར། །ཕ་རོལ་པོས་སྨྲས་དེ་མི་འགྲུབ། །དེ་ནི་མཚན་ཉིད་འདི་དག་ལྡན། །མངོན་སུམ་རྟོག་པ་དང་བྲལ་ཞིང་། །མ་འཁྲུལ་པའོ་རྟོག་པ་ནི། །བརྗོད་པ་དང་ལྡན་ཤེས་པ་སྟེ། །ཐ་སྙད་རྒྱུ་སོགས་བདག་ཉིད་ནི། །མ་ཡིན་སྒྲ་དོན་འདྲེར་རུང་བ། །ཤིང་ཞེས་བྱ་སོགས་ཚུལ་གྱིས་
ནི། །གང་ཞིག་སྒྲ་དང་མ་འདྲེས་ཀྱང་། །དེ་ནི་བརྗོད་པ་ཉིད་དུ་འགྱུར། །འདས་དུས་སྲིད་པར་མིང་དོན་ལ། །གོམས་པའི་བག་ཆགས་རྗེས་འཇུག་ཕྱིར། །སྐྱེས་མ་ཐག་པ་གང་འབྲེལ་པས། །འདི་ལྟར་བྱ་ཞེས་སྒྲིན་པོར་འགྱུར། །སེམས་ཀྱིས་དཔྱོད་སོགས་དུས་སུ་ཡང་། །དེ་ནི་རྣམ་
པར་གསལ་བར་རྟོགས། །སྒྲ་ཡིས་རྗེས་རྟོགས་དེ་ཉིད་ལ། །བསྙོན་པར་ནུས་པ་མ་ཡིན་ནོ། །དེ་ཡང་ངེས་པ་མེད་པ་ཡི། །དེས་ཀྱང་མངོན་པར་ཞེན་པ་ལས། །འཁྲུལ་པའི་སྒྲ་དང་དོན་དུ་གནས། །དེ་དང་འདྲ་ཡང་མི་སྲིད་དོ། །རིགས་ལ་སོགས་དང་འབྱོར་འོས་ལ། །རྟོག་པ་ཡང་ན་
གཞན་གྱིས་ཤེས། །རིགས་ལ་སོགས་པ་དེ་གསལ་ཕྱིར། །མི་སྣང་བས་ནི་མི་འཐད་དོ། །རིགས་ལ་སོགས་རྣམས་མི་སྣང་བས། །དེ་དང་འབྲེལ་པ་མི་སྣང་ཕྱིར། །ཆུ་དང་འོ་མ་སོགས་འདྲ་ན། །དོན་ལ་སྦྱོར་བ་ཇི་ལྟར་འགྲུབ། །བླང་དང་དོར་བའི་ཡུལ་དག་ནི། །བསྟན་པའི་ཕྱིར་ན་གཉིས་
གསུངས་ཏེ། །བདག་དང་གཞན་ལ་འདི་འགྲུབ་པའི། །རྟོག་པ་རྣམ་གཉིས་གསུངས་པ་ཡིན། །མིང་ལ་སོགས་དང་སྦྱོར་བྱེད་འདིའི། །རང་གི་རྒྱུ་མཚན་དེ་མ་ཐག །གང་གིས་འཕགས་པར་གནས་གྱུར་པ། །དེས་ན་གནས་སྐབས་མིན་བརྗོད་མིན། །མིང་དང་རིགས་སོགས་རྣམས་ཀྱི་འམ། །
ཡང་ན་འདི་ལ་དེ་སྦྱོར་བས། །བརྗོད་པ་དང་ལྡན་ཤེས་པ་དེ། །རྟོག་པར་བརྗོད་ཅེས་གསུངས་པ་ཡིན། །ཡང་ན་བརྗོད་པ་འབའ་ཞིག་ཉིད། །བསྟན་པས་རང་གི་འདོད་པ་གྲུབ། །ཐམས་ཅད་དུ་ཡང་མིང་དང་དོན། །སྦྱོར་བས་སྦྱོར་བ་ཞེས་གསུངས་སོ། །དེས་ནི་བྱེད་པའི་བྱེད་ཚིག་ཉིད། །
เล่ม ๑๙๑ · หน้า 45b
འབྲས་བུ་དང་བཅས་ཤེས་པར་བྱ། །མིང་དང་རིགས་ལ་སོགས་རྣམས་ཀྱི། །དེ་ཡི་ཤེས་བྱའི་དོན་དུ་གནས། །འདོད་རྒྱལ་སྒྲ་ཡི་བརྗོད་བྱ་བའི། །འདི་ཡི་མ་ཁྱབ་པར་ཤེས་བྱ། །སོ་སོའི་སྒྲར་ནི་རབ་ཏུ་འགྲུབ། །འོ་ན་བརྗོད་བྱ་གཞན་གསལ་ཕྱིར། །རིགས་སྒྲ་འབའ་ཞིག་ཡིན་པ་འམ། །
བརྗོད་འདོད་གཞན་དབང་གྱུར་པའི་ཕྱིར། །འདོད་རྒྱལ་སྒྲ་ཉིད་མ་ཡིན་ནམ། །འཇིག་རྟེན་རྗེས་འབྲང་འདི་ཡོད་པར། །རིགས་པ་མཁྱེན་པས་གསུངས་པ་ཡིན། །འདི་ཉིད་ཙམ་གྱི་སྒྲ་ཡིས་ནི། །འདིར་ནི་ཐ་སྙད་ལམ་དུ་ཞུགས། །རིགས་སོགས་དེ་ཡང་འཇིག་རྟེན་བཞིན། །འདིར་ནི་ཐ་
སྙད་ཡོད་མ་ཡིན། །དེ་དག་འདི་ལས་རྟོགས་བྱའི་ཕྱིར། །གཞན་དུ་འདི་སྐད་གསུངས་པ་ཡིན། །གང་ཞིག་རྟོགས་པ་ལ་བརྟེན་ནས། །གང་དག་རིགས་སོགས་སྦྱོར་བས་ཀྱང་། །དེས་ཀྱང་བརྗོད་པ་དང་ལྡན་པའི། །རྟོག་པ་ངེས་པར་ཁས་བླངས་འགྱུར། །གཞན་དུ་དངོས་པོ་གཉིས་
དག་གི །སྦྱོར་བ་ཡོད་པར་མི་འགྱུར་ཏེ། །རང་དབང་དུ་ནི་ཡོངས་གཅོད་པས། །རྟོག་པ་ཉིད་དུ་བརྟགས་པ་མིན། །དེ་ལྟར་ན་ཡང་སྣ་ཚོགས་པ། །འདི་ཀུན་ཐ་སྙད་མེད་པར་འགྱུར། །རིགས་སོགས་ཚུལ་ལ་བརྟེན་ནས་ནི། །འདི་ནི་ཐ་སྙད་ཉིད་དུ་འདོད། །རིགས་ལ་སོགས་དང་སྦྱོར་
བའི་སྒྲ། །སྦྱོར་བ་ལ་ནི་མ་འཁྲུལ་པའོ། །དེ་སྐད་བསྟན་པའི་ཚིག་དེ་རྣམས། །འབྲས་བུ་དང་བཅས་ཚིག་ཏུ་འགྱུར། །དེ་ཕྱིར་རྒོལ་བ་པ་རྣམས་ཀྱིས། །གྲུབ་མཐའ་ཡང་དག་གནས་ཀུན་གྱིས། །རྩོད་པ་མེད་པར་རྟོགས་འདིའོ། །ཁོ་བོས་དཔྱད་དེ་བསྒྲུབས་པ་ཡིན། །མིང་དང་རིགས་
སོགས་བརྗོད་པ་ཡིས། །ཀུན་དུ་བརྟགས་པ་དེ་དག་ཀུན། །དེ་ནི་དེ་བཞིན་བདག་གཞན་གྱིས། །འདི་ནི་འདི་ལྟར་ཁས་བླངས་པའོ། །དེ་རྣམས་དང་ནི་བདག་ཉིད་ཀྱི། །ཁྱད་པར་འདི་ཉིད་ཀྱི་ཙམ་ཞེས། །དེས་གསུངས་གཞན་དུ་འདི་ལ་སོགས། །ཚིག་ནི་དེ་བརྗོད་གསུངས་པ་ཡིན། །
དེ་བཞིན་རིགས་པའི་སྒོ་ཡི་གཞུང་། །ལམ་འདི་ཉིད་ཀྱིས་བཤད་བྱ་སྟེ། །ཤེས་པ་ཞེས་བྱར་འབྲེལ་པའི་ཕྱིར། །དེར་ནི་རྟོགས་པ་ཞེས་ཀྱང་གསུངས། །ཡང་ན་གཞན་སེལ་བྱས་པའི་སྒྲ། །ལྡོག་པས་ཐ་དད་བྱས་པ་ཡིན། །འདིར་ནི་རིགས་ལ་སོགས་པ་རྣམས། །རྣམ་པར་བཅད་
เล่ม ๑๙๑ · หน้า 46a
པ་འདི་མཛད་དོ། །དེ་ལྟའི་ཤེས་པའི་ངོ་བོ་ཉིད། །འདི་ལ་གང་ཚེ་རྟོགས་པར་འདོད། །དེ་ཡི་བདག་ཉིད་དགག་པ་ཡི། །མངོན་སུམ་ཉིད་དུ་ཉེ་བར་བརྗོད། །དེ་ཚེ་ཤིང་ལ་སོགས་པའི་སྒྲས། །བརྗོད་བྱ་ཤིང་སོགས་སྒྲ་དེ་ཡིས། །རྟོག་པ་དང་བྲལ་ལ་གནོད་མིན། །
གཞན་དུ་གཟུགས་སྒྲ་ལ་སོགས་པ། །རྟོག་པ་དང་བཅས་ཉིད་དུ་འགྱུར། །གལ་ཏེ་མངོན་སུམ་ཞེས་བྱའི་སྒྲ། །མངོན་སུམ་རྟོག་པ་དང་བྲལ་བར། །ཤིན་ཏུ་གསལ་བར་ཤེས་བྱ་སྟེ། །སེམས་ནི་གཞན་དུ་ཀུན་ཞེན་ཀྱང་། །དབང་རྟེན་སྔོན་པོར་རྟོགས་ཕྱིར་རོ། །རྣམ་པར་རྟོག་པ་འདི་ཉིད་
ནི། །དོན་དེ་རྟོགས་པར་བྱེད་པ་ཡིན། །འདས་པ་ལ་སོགས་མིང་བཏང་ནས། །དེ་ཡི་མིང་གིས་སྦྱོར་བྱེད་འཐོབ། །དེ་ཚེ་མིང་དང་དོན་འདྲེས་པས། །རྣམ་རྟོག་ལ་ཡོད་གཞན་དུ་མིན། །སྣང་བ་སོ་སོར་མ་དམིགས་པས། །ཅིག་ཅར་གཉིས་སྣང་བར་མི་འདོད། །རྟོག་བཅས་ཡིད་ཀྱི་རྣམ་ཤེས་
དང་། །ལྷན་ཅིག་འབྱུང་བར་ཤེས་བྱས་ཏེ། །དེ་ཕྱིར་དབང་པོའི་ཤེས་པ་འདི། །རྟོག་པ་མེད་པར་གསལ་བ་ཡིན། །རྣམ་རྟོག་རིམ་གྱིས་སྐྱེ་བ་ཉིད། །ཡིན་ཡང་མགལ་མེའི་འཁོར་ལོ་བཞིན། །མྱུར་བར་འཇུག་ལ་ཅིག་ཅར་བར། །མངོན་པར་སེམས་པ་ཡིན་ཞེ་ན། །མ་ཡིན་དེ་ཚེ་
མངོན་གྱུར་པའི། །དངོས་པོ་མིན་དང་རྗེས་འབྲེལ་པར། །ལྡན་པའི་རྣམ་རྟོག་སྣང་བ་ཞེས། །འདི་ནི་ཅུང་ཟད་བསྟན་པ་མེད། །འཁྲུལ་པའི་མངོན་པའི་ང་རྒྱལ་དེའང་། །དོན་གྱི་ཤེས་པ་དེ་ཉིད་དང་། །རྒྱུན་མི་འཆད་པར་ལྷན་ཅིག་པ། །དེ་ཡི་ཕྱིར་ན་གསལ་བ་ཡིན། །གར་མཁན་ལ་ལྟའི་
གནས་སྐབས་སོགས། །མ་ལུས་པར་ནི་ཅིག་ཅར་མཐོང་། །མང་པོ་རྣམས་ཀྱིས་བར་བཅད་ཀྱང་། །མྱུར་དུ་འཇུག་པས་དེ་འཁྲུལ་པའི། །ལྕུག་མའི་སྒྲ་ལ་སོགས་རྣམས་ཀྱིས། །བློ་ནི་ཤིན་ཏུ་མྱུར་འབྱུང་བའི། །འདི་ལའང་ཅིག་ཅར་འབྱུང་བ་ཡི། །ང་རྒྱལ་ཅི་ཕྱིར་འབྱུང་མི་འགྱུར། །
ཡིད་ཀྱི་རྟོག་པ་འབའ་ཞིག་ལའང་། །རིམ་དུ་ངེས་པར་བས་བྱེད་མིན། །བློ་རྣམས་ཀུན་ཀྱང་མྱུར་འབྱུང་ཞིང་། །རིམ་དུ་གནས་པ་མིན་པར་མཚུངས། །དེ་ཕྱིར་ཡུལ་རྣམས་ཐམས་ཅད་ལ། །རིམ་གྱིས་འཛིན་པར་མི་འགྱུར་གྱི། །སྒྲ་ལ་སོགས་པའི་བློ་བཞིན་དུ། །ཅིག་ཅར་འཛིན་པར་
เล่ม ๑๙๑ · หน้า 46b
སྣང་བར་འགྱུར། །མགལ་མེ་ལ་ཡང་འཁྲུལ་པ་ཡིས། །ཅིག་ཅར་འཁོར་ལོར་སྣང་བར་འབྱུང་། །གསལ་བར་སོ་སོར་སྣང་བའི་ཕྱིར། །མཐོང་བས་མཚམས་སྦྱོར་མ་ཡིན་ནོ། །འདི་ལྟར་མཚམས་རྣམས་སྦྱོར་བ་ནི། །དྲན་པར་བྱེད་པས་སྦྱོར་ཡིན་གྱི། །མཐོང་བས་མིན་ཏེ་འདས་པ་
ཡི། །ཡུལ་དང་འཛིན་པ་མིན་ཕྱིར་རོ། །འདི་ཡི་ཡུལ་དུ་གང་གྱུར་པ། །དེ་ནི་ཞིག་པར་གསལ་མ་ཡིན། །དེ་ཕྱིར་འཁོར་ལོར་སྣང་བ་འདི། །གསལ་བ་མིན་པར་འགྱུར་བའི་ཕྱིར། །གཞན་ཡང་དངོས་པོ་གང་ཞིག་གིས། །གང་གི་ངོ་བོར་གཞག་པའི་རྒྱུ། །མེད་ཕྱིར་དེ་ནི་དེ་ཉིད་དུ། །
བློ་ལྡན་རྣམས་ཀྱིས་གཞག་མི་བྱ། །དུང་དཀར་པོ་ལ་བ་ལང་གི། །རང་བཞིན་ལྐོག་ཤལ་མེད་སོགས་བཞིན། །བྱེ་བྲག་ཅན་དང་བྱེ་བྲག་གི །དོན་མཛད་པ་ཡང་མེད་པ་ཡིན། །འདི་ལ་རྟོག་པ་དང་བཅས་པའི། །དངོས་པོར་གཞག་པའི་རྒྱུ་མཚན་མེད། །བ་ཁྲ་བོ་སོགས་མི་མཐུན་ཕྱོགས། །
གཞན་དུ་ཧ་ཅང་ཐལ་ཆོས་འགྱུར། །རིགས་ལ་སོགས་པ་བཀག་པ་ཡིས། །གཏན་ཚིགས་མ་གྲུབ་པ་ཉིད་ཡིན། །དབྱེ་བས་ཡོངས་སུ་མ་བཅད་ཕྱིར། །དེ་བཞིན་བྱེ་བྲག་རྣམས་ཀྱང་མེད། །སྒྲ་ཡི་རང་གི་མཚན་ཉིད་གང་། །མིང་དང་རྗོད་བྱེད་མིན་པ་ཉིད། །བརྗོད་བྱ་རང་གི་མཚན་ཉིད་དང་། །
རྗོད་བྱེད་ཉིད་ཀྱང་སུན་བཏོན་ཏེ། །དེ་ཕྱིར་བརྗོད་བྱ་རྗོད་བྱེད་དུ། །འདོད་པ་དེ་ནི་སྒྲོ་བཏགས་ཡིན། །སྒྲོ་བཏགས་དང་བྲལ་དོན་ཉིད་དུ། །མངོན་སུམ་ཉིད་ནི་ཤེས་པར་བྱ། །རང་གི་མཚན་ཉིད་ཡོད་གྱུར་ལ། །མོད་ལ་དེ་ནི་མེད་གྱུར་ན། །དེ་ཡང་ལྡོག་པར་འགྱུར་བ་ནི། །དངོས་པོ་བར་བཅད་
སོགས་ཕྱིར་རོ། །སྔོན་པོ་ལ་སོགས་བདག་ཉིད་ལ། །བརྡ་སྦྱོར་མི་ནུས་གཞན་རྟེན་མིན། །དེས་ན་དེ་དག་རང་རིག་ནི། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། །དེ་ནི་གཟུང་བྱའི་བྱེ་བྲག་ལས། །མིང་སོགས་སྦྱོར་བ་མ་ཡིན་ཡང་། །འོན་ཀྱང་གཏན་ཚིགས་མ་གྲུབ་པ། །གང་གིས་རྗེས་སུ་
འཇུག་པ་མིན། །གལ་ཏེ་དོན་གཞན་རྣམ་བཅད་པའི། །ཚུལ་གྱིས་འཛིན་པ་མ་ཡིན་ན། །དོན་ཙམ་འཛིན་པར་འགྱུར་བ་འམ། །འཛིན་པར་མི་འགྱུར་བུམ་པ་བཞིན། །གལ་ཏེ་བུམ་གཞན་རྣམ་བཅད་པའི། །ཚུལ་གྱིས་འཛིན་པ་མ་ཡིན་ན། །བུམ་པ་ཙམ་ཞིག་འཛིན་འགྱུར་རམ། །འཛིན་
เล่ม ๑๙๑ · หน้า 47a
པར་མི་འགྱུར་བུམ་ཉིད་བཞིན། །གཟུང་བྱ་གཞན་ནི་རྣམ་བཅད་པའི། །ཚུལ་གྱིས་འཛིན་པ་ཡིན་སྙམ་ན། །ཤིང་ངོ་ཞེས་བྱ་སོགས་བློ་བཞིན། །རྟོག་དང་བཅས་པའི་རྣམ་ཤེས་འགྱུར། །སྤྱི་དང་འབྲེལ་པ་མ་ཡིན་ན། །བྱེ་བྲག་གང་ན་ཡང་ཡོད་མིན་ཏེ། །འཛིན་
ཚེ་དེ་ལ་མ་རེག་པས། །དངོས་པོ་མེད་ཕྱིར་གཟུང་བྱ་མིན། །དེ་ཕྱིར་ནམ་མཁའི་མེ་ཏོག་བཞིན། །དངོས་མེད་འདི་ནའང་གཟུང་བ་མིན། །བྱེ་བྲག་དག་དང་མ་འབྲེལ་པའི། །བྱེ་བྲག་ཅན་ནི་མི་སྲིད་པས། །བྱེ་བྲག་ཅན་གྱི་ཡུལ་གྱི་བློ། །རྟོགས་པ་མིན་ཞེས་གྱ་ཚོམ་སྨྲ། །མཐུན་དངོས་མི་
མཐུན་དངོས་དག་ལས། །ལྡོག་པའི་དོན་ནི་འཛིན་པར་འདོད། །བྱེ་བྲག་ཅན་གྱི་ཡུལ་གྱི་བློ། །བྱེ་བྲག་དག་དང་འབྲེལ་མིན་ན། །ཐ་དད་དེ་ཡང་བྱེ་བྲག་ཅན། །ཞེས་བརྗོད་བྱེ་བྲག་འབྲེལ་པས་མིན། །ཐ་དད་ཅེས་བྱའང་དེ་སྒྲ་དང་། །འབྲེལ་པ་མེད་པར་ཤེས་བྱ་སྟེ། །རང་བཞིན་ལས་གཞན་
དངོས་དག་ནི། །མ་ལུས་པ་ལས་ལྡོག་པ་ཅན། །བཟུང་བར་གྱུར་པ་དེ་ཉིད་ལ། །དེ་ལྟའི་རྣམ་རྟོག་སྐྱེ་བར་འགྱུར། །བྱེ་བྲག་ཏུ་ནི་མ་བཟུང་ལ། །སྤྱི་ཞེས་ཕ་རོལ་པོ་འདོད་པ། །རྟོག་པ་དང་བཅས་ཤེས་པ་ལ། །འཛིན་ན་དེར་ཡང་དེ་དང་མཚུངས། །བྱེ་བྲག་དག་ལས་བྱེ་བྲག་ཅན། །
དེ་ལ་སྤྱི་རུ་ཤེས་བྱ་ན། །དེ་ནི་འཛིན་པ་ཡིན་པའི་ཕྱིར། །རྟོག་དང་བཅས་པའི་རྣམ་ཤེས་འགྱུར། །བྱེ་བྲག་མེད་པ་འཛིན་སྙམ་ན། །ལྡོག་པ་ལས་ནི་སྤྱི་ཞེས་བརྗོད། །དེས་ནི་སྤྱི་ནི་བྱེ་བྲག་ལས། །བྱེ་བྲག་ཅན་ཉིད་དུ་མི་འཐད། །མཐུན་དང་མི་མཐུན་ངོ་བོ་ཡིས། །འདི་དག་ཤེས་བྱ་ཡིན་
འདོད་ལ། །སྤྱི་དང་བྱེ་བྲག་ཏུ་གནས་པར། །བདག་ཉིད་ཀྱིས་ནི་རབ་ཏུ་བརྟགས། །གལ་ཏེ་མཐུན་དང་མི་མཐུན་པའི། །དངོས་ནི་ཐ་དད་པར་འདོད་ན། །བྱེ་བྲག་དག་ལས་བྱེ་བྲག་ཅན། །ཉིད་ནི་སྤྱི་དང་འདྲ་བར་འགྱུར། །འོན་ཏེ་འདི་ནི་མི་འབྱེད་ན། །འདི་ལྟར་མ་འདྲེས་པར་གནས་ན། །
ཕན་ཚུན་སྤངས་ཏེ་གནས་པ་ཡིས། །འགྲོ་བ་གཞན་ནི་ཡོད་མ་ཡིན། །བྱེ་བྲག་བདག་ཉིད་ལས་ལྡོག་པར། །དབྱེ་བས་མཚན་ཉིད་གཞན་ཡོད་མིན། །དེ་ཡི་ངོ་བོ་མ་བཟུང་ན། །དེ་ལ་འཛིན་པར་ཇི་ལྟར་བརྗོད། །དེ་ཡི་དངོས་ལ་རེག་ནའང་འདི། །ཐ་དད་གཞན་ལས་ལྡོག་པ་ཡི། །འཛིན་
เล่ม ๑๙๑ · หน้า 47b
པ་ཞེས་བྱའི་རྣམ་ཤེས་འདི། །འདི་ལ་རྟོགས་དང་བཅས་པར་འགྱུར། །སྤྱི་ནི་དངོས་པོ་མེད་པས་ན། །གང་གིས་བྱེ་བྲག་ཅན་རྟོགས་འགྱུར། །དེ་ཕྱིར་ཁྱོད་ལ་དེ་ཡང་ནི། །རྟོགས་བཅས་ཤེས་པའི་གཟུང་བྱར་འགྱུར། །མིང་གིས་བྱེ་བྲག་ཅན་ཡིན་ན། །དེ་ཅི་དེ་ཡི་བདག་ཉིད་དམ། །
གལ་ཏེ་མིན་ནའང་བྱེ་བྲག་ཅན། །དེ་ཕྱིར་འདི་ལ་ཅིས་མི་འདོད། །དེ་ཡི་བདག་ཉིད་མིན་པ་འདི། །དངོས་པོའི་བྱེ་བྲག་ཅན་ཡང་ཡིན། །དངོས་མེད་སྤྱི་དེ་ཁྱོད་ལ་ནི། །ཇི་ལྟར་བྱེ་བྲག་ཅན་ཉིད་མིན། །དེ་ཕྱིར་རང་གི་མཚན་ཉིད་ལ། །ཤེས་པ་ཅུང་ཟད་སྐྱེ་བར་འགྱུར། །ལྡོག་པའི་དངོས་པོའི་
ཡུལ་ཅན་ནི། །དེ་ཀུན་རྟག་མེད་ཡིན་པར་འགྱུར། །དམིགས་པ་ཙམ་གྱིས་ཤེས་པ་ནི། །རྟོག་པ་མེད་པ་ཡོད་པ་ཡིན། །བྱིས་པ་ལྐུགས་སོགས་མཚུངས་ཤེས་པ། །བྱེ་བྲག་མ་ཡིན་སྤྱི་ཡང་མིན། །དག་པའི་དངོས་ལ་དམིགས་དུས་སུ། །སྐྱེ་བར་ཉམས་སུ་མྱོང་བར་འགྱུར། །
དེ་དག་གི་ནི་གཞིར་གྱུར་པའི། །གསལ་བ་ཉིད་ནི་རྟོག་པར་འགྱུར། །དེ་ལས་གཞན་དུའང་རིགས་ལ་སོགས། །དངོས་པོའི་ཆོས་ནི་ཇི་ལྟ་བར། །ངེས་པར་བྱེད་པའི་བློ་གང་ཡིན། །དེ་ཡང་མངོན་སུམ་ཉིད་དུ་འདོད། །ཡང་དང་ཡང་དུ་རྣམ་རྟོག་པའང་། །ཇི་སྲིད་འཛིན་པར་གྱུར་པ་
རྣམས། །དེ་དང་འབྲེལ་པའི་རྗེས་འབྲངས་ནས། །ཐམས་ཅད་མངོན་སུམ་ཉིད་དུ་འདོད། །སྣང་བ་ལས་ནི་ཁྱིམ་ཕུགས་སུ། །ཞུགས་པའི་མོད་ལ་དོན་མཐོང་མིན། །བྱས་ཀྱང་དབང་པོས་མི་རྟོགས་སམ། །ཇི་ལྟར་སྣང་བའི་མོད་ཉིད་ལ། །དང་པོར་རང་གི་ངོ་བོར་ཤེས། །ཕྱི་ནས་
རིགས་ལ་སོགས་ཆོས་ཀྱིས། །དེ་ལ་ངེས་པར་རྟོགས་པར་བྱེད། །གལ་ཏེ་དམིགས་ནས་མིག་བཙུམས་ཏེ། །འགའ་ཞིག་རྣམ་པར་རྟོག་འབྱུང་བ། །འབྲེལ་པའི་རྗེས་འབྲངས་དེ་མིན་པས། །དེ་ནི་མངོན་སུམ་ཉིད་དུ་འདོད། །ཟེར་བ་མི་རིགས་གལ་ཏེ་ཡང་། །ཤེས་པ་རང་གི་མཚན་
ཉིད་ལ། །ཞུགས་པ་རིགས་སོགས་པར་འཛིན་ཀྱང་། །བརྗོད་པ་དེ་ནི་ཞུགས་པ་ལ། །དེ་ལྟའང་རང་གི་མཚན་ཉིད་འདི། །བརྗོད་བྱ་མིན་པར་གོང་དུ་བསྒྲུབས། །དེ་ལ་དམིགས་པའི་ཤེས་པ་ཡང་། །རྟོག་པ་མེད་པ་ཉིད་དུ་ངེས། །རིགས་ཙམ་འཛིན་པར་འགྱུར་ན་ཡང་། །བྱེ་བྲག་
เล่ม ๑๙๑ · หน้า 48a
གཅིག་ཏུ་ཐ་དད་པ། །ཉིད་དུ་ཕ་རོལ་པོ་དེ་ཡང་། །འདོད་པ་ཡིན་པར་ཇི་སྐད་སྨྲས། །གང་ཚེ་བྱེ་བྲག་ཅན་དག་ལས། །བྱེ་བྲག་གཅིག་ཏུ་ཐ་དད་པ། །རང་དང་རྗེས་མཐུན་རང་བཞིན་བློ། །བྱེ་བྲག་ཅན་ལས་ཇི་ལྟར་སྐྱེ། །རང་དང་སྤྱི་ཡི་བདག་ཉིད་ཅན། །ཤེས་པ་
གཅིག་གིས་རིགས་མི་འཐད། །རྟོགས་བཅས་གཞན་དུ་གྱུར་ནས་ནི། །སྔ་མ་རིགས་ནི་གཞན་དུ་འགྱུར། །གལ་ཏེ་རིགས་སོགས་རྟོགས་པ་ཅན། །གཅིག་ཏུ་ཐ་དད་མ་ཡིན་ན། །བཅད་པའི་དོན་ལ་འཛིན་པའི་ཕྱིར། །ཕྱི་མ་དྲན་པའི་བློ་དང་མཚུངས། །སྤྱི་ཡི་དངོས་པོ་དུ་མ་ཡིས། །
མི་གསལ་བ་ནི་རྟོགས་ཤེ་ན། །དེ་དང་མཚུངས་མིན་ངེས་པ་ལ། །ཕྱི་མ་ཕྱི་མ་ངེས་པ་ཡིན། །སྒྲོ་འདོགས་རྣམ་པར་གཅོད་པ་ཡི། །ཇི་ལྟར་ཡུལ་ལ་རྗེས་དཔག་ལ། །དེ་བཞིན་ངེས་པ་པ་ཡིས་ཀྱང་། །ཡུལ་ལ་སྒྲོ་འདོགས་རྣམས་གཅོད་ཡིན། །སྒྲོ་འདོགས་རྣམ་པར་བཅད་པ་ཡི། །
ཡུལ་ཅན་ཉིད་ཀྱིས་ཚད་མ་ཡིན། །རྗེས་སུ་དཔག་པ་ཚད་མ་ཡིན། །ཡིད་ལ་དྲན་པ་མངོན་སུམ་གྱི། །རྗེས་སོགས་སྒྲོ་འདོགས་སེལ་བས་ཡིན། །རྟགས་ལས་བྱུང་བའི་ཤེས་པ་ནི། །ཚད་མར་འདོད་དེ་ཁྱེད་ལ་མེད། །དེ་ཉིད་དང་ནི་གཞན་བདག་ཉིད། །རིགས་ལ་སོགས་པ་ཡོད་མིན་
ན། །རྟོག་པ་དང་བཅས་ཤེས་པ་གང་། །མངོན་སུམ་ཉིད་དུ་འགྱུར་བ་མིན། །རྗེས་འགྲོ་མེད་པའི་ཐ་དད་ལས། །ཐ་དད་པར་ནི་སྣང་བ་མིན། །དེ་ཉིད་དང་ནི་གཞན་པ་དག །ཕན་ཚུན་སྤངས་ཏེ་གནས་པ་ཡང་། །རྟོག་པ་མེད་པའི་ཤེས་པ་ཡང་། །རྟོགས་བཅས་ཤེས་པའི་ནུས་པར་
ལྡན། །ཐ་སྙད་མ་ལུས་ཡན་ལག་ནི། །དེ་ཡི་སྒོ་ནས་འབྱུང་བ་ཡིན། །རྟོག་མེད་རྟོག་བཅས་སྐྱེད་ནུས་མིན། །ཡུལ་ཐ་དད་ཕྱིར་རྟོག་མེད་ཕྱིར། །གཟུགས་སོགས་རྣམ་པར་ཤེས་པ་བཞིན། །མིག་སོགས་རྣམ་ཤེས་བཞིན་ཞེ་ན། །དེ་དག་དང་ཡང་རྟོག་བཅས་དག །འདིར་ནི་
ལྷན་ཅིག་འགལ་བ་མིན། །དོན་དེ་ཉིད་ལ་ངེས་འབྱེད་ཕྱིར། །ཡུལ་ནི་ཐ་དད་པ་ཡང་མིན། །དངོས་སུ་ན་ནི་དམིགས་མེད་ལ། །རྟོག་པ་ཡང་དག་འཇུག་པ་ཡིན། །དེ་ལ་ཡུལ་ཉིད་ཡོད་མིན་ན། །གང་གིས་ཐ་དད་ཡོད་པ་ཡིན། །གཟུགས་སྒྲ་ལ་སོགས་བློ་རྣམས་ཀྱི། །རྒྱུ་ནི་
เล่ม ๑๙๑ · หน้า 48b
གཞན་དང་གཞན་ཡོད་པས། །དེ་ཕྱིར་གོང་དུ་སྨྲས་པའི་དཔེ། །བསྒྲུབ་བྱས་སྟོང་པས་འདི་མི་འགྲུབ། །མེ་དང་དུ་བ་སོགས་བློ་རྣམས། །འབྲས་བུ་རྒྱུ་ཡི་ངོ་བོ་ཡིས། །འཁྲུལ་པ་ཁོ་ན་ཡིན་པས་ཡང་། །འདི་ལ་གསལ་བར་མཚོན་པར་བྱ། །མ་འཁྲུལ་པ་ཞེས་སྨོས་པས་ནི། །
སྐྲ་ཤད་འཛིངས་སོགས་ཤེས་པ་རྣམས། །འཁྲུལ་ཕྱིར་ཚད་མར་མི་འདོད་དེ། །དེ་རྣམས་བསལ་ཕྱིར་འདི་བྱས་སོ། །ཁ་ཅིག་ཡིད་ཀྱི་འདོད་པ་ཡང་། །དེ་མིན་དབང་པོ་ཡོད་ན་ནི། །ཡོད་ལ་དབང་པོ་མེད་མིན་ཡང་། །ཉམས་པར་གྱུར་པ་འགྱུར་བ་ཡིས། །བསྒྱུར་བ་ཡང་ནི་
དམིགས་པ་ཡིན། །སྦྲུལ་ལ་སོགས་པ་འཁྲུལ་པ་བཞིན། །ཡིད་ཀྱི་འཁྲུལ་པ་ལྡོག་འགྱུར་ཞིང་། །གསལ་བར་མི་སྣང་པར་ཡང་འགྱུར། །དེ་ཡོད་པ་ལས་ཡོད་པ་ནི། །དངོས་སུ་མ་གྲུབ་འཁྲུལ་པ་ཡིན། །དྲན་པའི་བློ་ནི་རྗེས་འཇུག་པས། །ཡིད་ནི་བརྒྱུད་པ་མ་ཡིན་ཏེ། །དེ་
ཡི་འགྱུར་བས་བསྒྱུར་བ་ཉིད། །འདི་ལའང་བརྒྱུད་པས་སྐྱེ་བར་ནི། །མདའ་ཡི་ཤུགས་སོགས་ལས་དག་ལ། །འཇིག་རྟེན་ན་ཡང་གསལ་བར་སྣང་། །ཡིད་ཀྱིས་འཁྲུལ་པ་ཐམས་ཅད་ནི། །རྣམ་པར་དཔྱད་པས་ལྡོག་འགྱུར་ན། །དངོས་པོ་སྤྱི་ཡི་བློ་རྣམས་ཀྱི། །འདི་ལ་འཁྲུལ་པ་
ཉིད་ཡིན་ནོ། །དངོས་པོའི་རང་གི་མཚན་ཉིད་ལ། །ངོ་བོ་ཉིད་ཀྱིས་དེ་འཇུག་མིན། །དེ་བཞིན་དེ་ཡི་ལྡོག་པ་ཡང་། །ཟླ་བ་གཉིས་ལ་སོགས་དང་མཚུངས། །ཡོད་པ་ལྡོག་པ་མ་ཡིན་ཏེ། །སྤྱི་ཡི་བློ་དང་མཚུངས་ཤེ་ན། །དབང་ཕྱུག་ལ་སོགས་འཁྲུལ་པ་རྣམས། །དེ་ཡི་གཞུང་ལ་ཞེན་
རྣམས་ཀྱིས། །རིགས་པ་བྱེ་བ་སྙེད་ཐོས་ཀྱང་། །ཡོད་འདོད་མི་ལྡོག་སླར་ལ་ཡང་། །དེ་དག་རིགས་པ་མ་ཡིན་ཞེས། །སྐྱེ་བ་དེ་དག་རང་ཉིད་སྨྲ། །དེ་ཡོད་པ་ལས་ཡོད་པ་ཉིད། །དངོས་སུ་མ་གྲུབ་ཅེས་པ་དེ། །མི་འགྲུབ་མ་འཁྲུལ་རྣམས་བློ་ལ། །བརྒྱུད་པ་གྲུབ་པ་མ་ཡིན་ཏེ། །དེ་ནི་ཤིན་ཏུ་མེད་
ཅེས་བྱ། །སེམས་ནི་གཞན་དུ་ཞེན་གྱུར་ཀྱང་། །ཟླ་བ་གཉིས་སོགས་སྣང་བ་ཡིན། །རྒྱུན་མི་འཆད་པ་མེད་པའི་ཕྱིར། །བརྒྱུད་པ་ལས་སྐྱེ་མ་ཡིན་ནོ། །དངོས་པོ་མ་གྲུབ་བློ་རྣམས་ནི། །སོ་སོར་སྡུད་པ་ཡོད་པའི་ཕྱིར། །ལྡོག་པར་གྱུར་པ་ཡོད་པ་ཉིད། །རང་འདོད་དབང་ཕྱུག་གཞུང་
เล่ม ๑๙๑ · หน้า 49a
ཡང་ལྡོག །དུང་ལ་སེར་སོགས་བློ་རྣམས་ཀྱང་། །དོན་བྱེད་སོགས་ལ་མི་སླུ་བས། །གཞན་དག་ཚད་མ་ཡིན་པར་འདོད། །དེ་ཡང་དོན་བྱེད་ནུས་མིན་ཏེ། །གཞན་དུ་ཧ་ཅང་ཐལ་འགྱུར་ཕྱིར། །སྐྲ་ཤད་འཛིངས་སོགས་པར་མི་མཐོང་། །སླུ་བའི་ཤེས་པའང་མཐོང་བར་
འགྱུར། །དེ་ཕྱིར་དེ་ཡང་ཚད་མ་ཉིད། །ཡིན་པར་བཟློག་པར་དཀའ་བར་འགྱུར། །ཁ་དོག་ལས་ནི་ཐ་དད་པའི། །དབྱིབས་ནི་འཐད་པ་མ་ཡིན་ནོ། །ཁ་དོག་དུ་ནི་སྣང་བ་ཅན། །མི་སླུ་བར་ནི་མཐོང་བ་ཡིན། །རྣམ་པ་ལ་ནི་མ་ལྟོས་པར། །གལ་ཏེ་ཚད་མར་རྟོག་བྱེད་ན། །དོན་བྱེད་པ་ལ་
མི་སླུ་བས། །དེ་ཡི་ངོ་བོ་དོན་ལ་ངེས། །དེ་སྐད་ཅེས་སོགས་སྨྲ་བ་ཀུན། །ཇི་ལྟར་འགལ་བར་འགྱུར་མ་ཡིན། །བག་ཆགས་སྨིན་པའི་རྒྱུས་བསླང་བ། །དེ་ཕྱིར་མི་སླུ་མ་ཡིན་ནོ། །ཡིད་དང་དབང་པོའི་ཤེས་པ་ནི། །རྟོག་པ་མེད་པར་སྒྲུབ་པ་ལ། །བདེ་སོགས་རིགས་པ་གང་ཡིན་པ། །རྟོག་
པ་མེད་པར་སྒྲུབ་བྱེད་ཡིན། །གཞན་རིག་བྱེད་པའང་མ་ཡིན་པ། །རང་རིག་ཇི་ལྟར་ཡིན་པར་དཔྱོད། །དོན་གཅིག་ལ་རྟེན་རྣམ་ཤེས་ནི། །དེ་དག་རིག་པར་འགྱུར་ཞེ་ན། །སྤྱི་ཡི་དངོས་པོ་ལ་དམིགས་པ། །རྒྱུན་མི་འཆད་པར་འཇུག་པ་ན། །དེ་ཚེ་རྒྱུན་མི་འཆད་པར་ཡང་། །བདེ་སོགས་
ཅི་ཕྱིར་རིག་པ་ཡིན། །གལ་ཏེ་ཡིད་ཀྱིས་དེ་རིག་པ། །ཉིད་དུ་འདོད་ནའང་དེ་མིན་ཏེ། །རིམ་གྱིས་སྐྱེ་བར་བྱེད་སྨྲ་བས། །དུས་དེར་དེ་ནི་ཡོད་མ་ཡིན། །ཅིག་ཅར་སྐྱེ་བར་མི་འདོད་ཀྱི། །གནས་པ་དེ་ལྟ་མིན་ཞེ་ན། །སྐད་ཅིག་གིས་འཇིག་པར་བསྒྲུབས་པས། །དེ་ལ་གནས་པ་ཞེས་བྱ་མེད། །
མྱུར་བར་འཇུག་པ་ཅིག་ཅར་བར། །འཁྲུལ་པ་ཞེ་ན་དེ་ལའང་བསལ། །དྲན་པའི་ཤེས་པའི་སྤྱོད་ཡུལ་ནི། །གསལ་བར་སྣང་བར་མི་འགྱུར་རོ། །བདེ་དང་བདེ་མིན་སོགས་ངོ་བོ། །དེ་ལའང་གལ་ཏེ་འཁྲུལ་པར་ནི། །རྟོག་ན་བདེ་སོགས་དེ་ཙམ་དུ། །ཡོད་པའི་མཚན་ཉིད་ཅན་དུ་འགྱུར། །
གང་ཚེ་རྣལ་འབྱོར་པས་གཞན་གྱི། །བདེ་ལ་སོགས་པ་རིག་པ་ན། །དེས་ཀྱང་དེ་བཞིན་མངོན་སུམ་དུ། །ཉམས་སུ་མྱོང་བར་མཚུངས་པར་འགྱུར། །རང་ཉིད་ཀྱིས་ཀྱང་སྡུག་བསྔལ་ལའང་། །ཡོད་ཉིད་ཉམས་མྱོང་ཁྱེད་མི་འདོད། །འོན་ཀྱང་གཞན་གྱི་རྒྱུད་དེ་ཡི། །ཡུལ་ལ་ཤེས་པ་
เล่ม ๑๙๑ · หน้า 49b
དེ་ཡང་ཡོད། །གཞན་གྱིས་སྡུག་བསྔལ་རྗེས་དཔོག་པའང་། །དེ་ནི་མཚུངས་ཏེ་འོན་ཀྱང་དེ། །གཞན་གྱི་སྡུག་བསྔལ་སོགས་ཡུལ་ཞེས། །སྨྲ་བ་སྤྱོད་ཡུལ་མ་ཡིན་ནོ། །བདེ་དང་སྡུག་བསྔལ་ལ་སོགས་པ། །བདེ་བ་ཉིད་ཅེས་གོ་འགྱུར་གྱི། །ཤེས་པ་ཉིད་ཅེས་གོ་མི་འགྱུར། །
དེ་ནི་ཤས་མིན་བུམ་སོགས་བཞིན། །གལ་ཏེ་འདི་བརྡ་གཞན་ཡིན་ན། །ཤེས་པ་ཞེས་བྱའི་བློ་དེ་ཡང་། །སེམས་ལ་ཡོད་ཕྱིར་དེ་ཡི་མིན། །ཁྱེད་ལ་དེ་ཡང་ཤེས་མི་འགྱུར། །གསལ་བར་སྣང་བ་དངོས་ཡིན་ཕྱིར། །དེ་ནི་དེ་ལྟར་འགྱུར་བ་མིན། །བདེ་དང་སྡུག་བསྔལ་བར་མཚུངས་པར། །
འདི་དག་ཐམས་ཅད་ཅིས་མ་གྱུར། །ཡང་དག་དོན་བསྒོམ་ལས་བྱུང་བ། །རྟོག་དང་འཁྲུལ་པ་རྣམ་སྤངས་པ། །བཤད་པ་རྣལ་འབྱོར་པས་ཤེས་པ། །དྲི་མེད་བསྒྲུབ་པར་ནུས་པ་ཡི། །ཡུལ་རྟོགས་པའམ་རང་རིག་པ། །འདི་ནི་ཚད་མའི་འབྲས་བུར་འདོད། །ཚད་མ་ཉིད་ནི་འདྲ་བའམ། །རེག་
ཏུ་རུང་བ་ཉིད་ཀྱང་ངོ་། །སེང་ལྡེང་བཅད་པར་གྱུར་པ་ཡིས། །པ་ལ་ཤ་ནི་མི་འཆད་ལྟར། །འཇིག་རྟེན་ན་ཡང་སྟ་རེ་དང་། །གཅད་བྱ་གཅིག་འདོད་མིན་ཞེ་ན། །དེ་མིན་རྣམ་བཞག་ལ་བརྟེན་ནས། །བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་གནས། །རྣམ་པ་མེད་པའི་ཤེས་པ་ལ། །རྣམ་གཞག་དེ་ནི་མི་
རིགས་སོ། །དེ་ཕྱིར་ཐ་དད་པར་རྟོག་ན། །གཞུ་ལ་སོགས་བཞིན་ཡོད་པ་ཡིན། །བསྐྱེད་བྱ་སྐྱེད་བྱེད་ཉིད་ཀྱི་ནི། །རྣམ་པར་གཞག་པ་འདི་མི་འདོད། །ཤིང་སོགས་སྟ་གྲིས་བཅད་པ་ན། །ཕྱེ་བའི་མཚམས་སུ་ཞུགས་པ་ལ། །ཆད་པ་ཞེས་ནི་བརྗོད་པ་ཡིན། །དེས་ན་དེ་ཉིད་གཅིག་
ཉིད་ལྡོག །རྣམ་པར་བཞག་པར་གྱུར་པ་ཉིད། །བསྐྱོད་བྱ་སྐྱེ་བྱེད་ཉིད་དུ་ནི། །གཞན་དུ་ཡང་ནི་རྣམ་བརྟགས་ཀྱང་། །རྣམ་བཞག་དེ་ནི་འགལ་བ་མིན། །བྱེད་པ་ཞུགས་པའི་དེ་མ་ཐག །ཆད་པ་འབྲས་བུ་ཉིད་མིན་པར། །ཤེས་པ་ཚད་མ་མ་ཡིན་ཏེ། །འབྲས་བུ་གཞན་དུ་འདོད་པ་
ཡིན། །རང་རིག་འབྲས་བུ་ཉིད་ཅེ་ན། །དེ་ནི་བཀག་ཕྱིར་མི་རིགས་ཏེ། །ཡུལ་གྱི་རྣམ་པ་ཚད་མ་ནི། །དོན་ནི་ཐ་དད་འགྱུར་ཞེ་ན། །ཐམས་ཅད་མ་རིག་པར་འགྱུར་བས། །དགག་པར་ནུས་པ་མ་ཡིན་ནོ། །ཐ་དད་དོན་ཡང་འདིར་ཡོད་མིན། །རང་རིག་པ་ཡང་དོན་རིག་འདོད། །
เล่ม ๑๙๑ · หน้า 50a
རང་ལས་ཐ་དད་བྱ་བ་བྱེད། །བྱེད་པ་ཡིན་ཕྱིར་ཚད་མ་སྟེ། །སྟེའུ་ལ་སོགས་བཞིན་ཞེ་ན། །འབྲས་བུ་མེད་པའང་འབྲས་གཞན་ཕྱིར། །སྨྲས་པའི་རིགས་པས་སྟེའུ་སོགས་ལ། །འབྲས་བུ་གཞན་ཡང་ཡོད་མ་ཡིན། །བྱེད་པ་པོ་ཉིད་ཁོ་བོ་ལ། །མ་གྲུབ་བརྟགས་
པས་སྐྱེད་བྱེད་ཡིན། །འཇོག་པ་པོ་ཉིད་བརྟགས་པ་ཡིན། །འགལ་བ་ཅི་ཡང་ཡོད་མིན་པས། །དེས་ན་གཏན་ཚིགས་མ་ངེས་པའོ། །འགལ་བར་བསྟན་པ་མ་ཡིན་ཕྱིར། །རྣམ་པ་གཟུང་བ་དང་མཐུན་མིན། །དེ་ཕྱིར་རིགས་གཞན་ཉིད་ཡིན་པས། །གཟུགས་དང་རོ་སོགས་བཞིན་
ཤེས་པ། །དེ་ཉིད་རིགས་པ་མིན་ཞེ་ན། །གཟུང་བར་འཛིན་པ་རྣམས་སྤངས་ཤིང་། །འདི་ཡང་གཞན་པར་རྣམས་བསལ་བར། །ཐམས་ཅད་རིགས་པའི་རྗེས་འབྲངས་ནས། །ཁོ་བོ་ཅག་ཀྱང་སྨྲ་བ་ཡིན། །བདག་ཉིད་ཐམས་ཅད་ཀྱི་འདྲ་ན། །ཤེས་པ་ཤེས་མེད་ཉིད་དུ་འགྱུར། །ཆ་
འགས་འདྲ་བ་ཡིན་ན་ནི། །ཀུན་ཀྱང་ཐམས་ཅད་རིག་བྱེད་འགྱུར། །འོན་ཀྱང་ཕྱི་ཡི་དོན་ཡོད་པར། །སྨྲ་ལ་འདྲ་བ་ཡོད་པར་ནི། །ངེས་པ་ཁོ་ནར་ཁས་ལེན་པར། །བྱ་ཕྱིར་དེ་ནི་བསྟན་པ་ཡིན། །ཤེས་པ་རྣམས་བཅས་ཕྱོགས་ལ་ཡང་། །སེམས་ནི་གཟུང་བ་ལས་གཞན་ཡང་། །དེ་
ཡི་གཟུགས་བརྙན་ངོ་བོ་ཡིས། །ཕལ་པ་ཡང་ནི་རིག་ཏུ་རུང་། །དེ་ཡང་རྣམ་པ་ཡོད་མིན་པས། །ཕྱི་རོལ་རིག་པའི་སྣོད་མ་ཡིན། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་མངོན་སུམ་གྱི་མཚན་ཉིད་བརྟག་པ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།རང་དང་གཞན་དོན་དབྱེ་བ་
ཡིས། །རྗེས་དཔག་རྣམ་པ་གཉིས་སུ་འདོད། །རང་དོན་ཚུལ་གསུམ་པའི་རྟགས་ལས། །དཔག་བྱའི་དོན་ནི་ཤེས་པ་ཡིས། །ཚུལ་གསུམ་པ་ཡི་རྟགས་བརྗོད་པ། །གཞན་གྱི་དོན་དུའང་བསྟན་པ་ཡིན། །ཚུལ་རེའམ་གཉིས་གཉིས་དོན་ལྡན་པ། །དེ་ཕྱིར་རྟགས་ལྟར་སྣང་
བར་འདོད། །གཞན་དུ་མི་འཐད་པ་ཉིད་ནི། །གཏན་ཚིགས་གཤའ་མར་མ་མཐོང་མིན། །ཡན་ལག་གསུམ་ཡང་ཡོད་མིན་པ། །དེ་ཕྱིར་མཚན་ཉིད་གསུམ་དམན་པའི། །གཞན་དུ་མི་འཐད་པ་ཉིད་ནི། །གང་འདི་གཏན་ཚིགས་ཡིན་པར་འདོད། །འདི་ནི་མཚན་ཉིད་གཅིག་པའི་དོན། །མཚན་
เล่ม ๑๙๑ · หน้า 50b
ཉིད་བཞི་པའང་མ་ཡིན་ནོ། །དཔེར་ན་བུ་གསུམ་ཡོད་པ་ལའང་། །དེ་ཡི་བུ་གཅིག་གཅེས་པའི་ཕྱིར། །བུ་གཅིག་པ་ཞེས་འཇིག་རྟེན་སྨྲ། །དེ་བཞིན་འདིར་ཡང་བལྟ་བར་བྱ། །མེད་ན་མི་འབྱུང་འབྲེལ་བའི་ཕྱིར། །ནམ་ཡང་ཚུལ་གསུམ་ལ་ཡོད་མིན། །གཞན་དུ་མི་སྲིད་པ་ཡི་ཆར། །གཅིག་
ནི་གཏན་ཚིགས་ལ་ཡོད་དམིགས། །གཞན་དུ་མི་འཐད་པ་ཉིད་ནི། །གང་ཡིན་དེ་ཉིད་གཏན་ཚིགས་ཏེ། །དཔེ་གཉིས་ཡོད་དམ་མེད་ཀྱང་རུང་། །དེ་ཡི་རྒྱུ་ཉིད་མ་ཡིན་ནོ། །གང་ན་གཞན་དུ་མི་འཐད་ཡོད། །དེར་ནི་གསུམ་གྱིས་ཅི་ཞིག་བྱ། །སྔོ་བསངས་ཡིན་ཏེ་ཕ་དེའི་བུ། །ཡིན་ཕྱིར་
ཅིག་ཤོས་སྣང་བ་བཞིན། །འདིར་ནི་ཚུལ་གསུམ་པ་ཡིན་ཡང་། །ངེས་པའི་ཕྱིར་ནི་འཇུག་པ་མིན། །དེ་ཡི་དཔེ་གཉིས་མ་གཏོགས་པ། །མཚན་ཉིད་གཅིག་གི་གཏན་ཚིགས་སོ། །དངོས་པོའམ་དངོས་མེད་ཡོད་བདག་ཉིད། །ཇི་ལྟར་ཡང་ནི་དམིགས་ཕྱིར་རོ། །ཟླ་བ་ཉིད་ཅེས་བརྗོད་
པའི་ཕྱིར། །རི་བོང་གིས་མཚན་ཟླ་མིན་མིན། །འདི་ནི་མཚན་ཉིད་གཉིས་པའོ། །གཏན་ཚིགས་གཞན་ཡང་བརྗོད་བྱ་སྟེ། །མཆུ་སྦྲང་བབས་པའི་རེག་པ་ལས། །བྱུང་བ་དམིགས་པར་འགྱུར་བ་ནི། །མཆུ་སྦྲང་བཅས་པས་ཚོར་བ་འདི། །བྱས་པ་ཡིན་ཞེས་ངེས་པར་ཤེས། །གཟུགས་འཛིན་པ་ཡི་བྱ་བ་ལ། །
མིག་ནི་ནུས་དང་ཤིན་ཏུ་ལྡན། །དེ་ལ་བྱ་བ་བྱེད་ཕྱིར་དང་། །དེ་ནི་མཐོང་བའི་ཕྱིར་ཡང་ངོ་། །གཞན་ཡང་བདག་དང་བུམ་པ་སོགས། །ཇི་ལྟར་ཡང་ནི་མེད་བདག་ཉིད། །ཇི་ལྟར་ཡང་ནི་མ་དམིགས་ཕྱིར། །བོང་བུ་དང་འབྲེལ་རྭ་བཞིན་ནོ། །རི་བོང་རྭ་ལ་སོགས་པ་ཡང་། །ཇི་ལྟར་ཡང་ནི་ཡོད་བདག་ཉིད། །ཇི་ལྟར་ཡང་ནི་
དམིགས་ཕྱིར་ཏེ། །དཔེར་ན་བདག་དང་བུ་སོགས་བཞིན། །ཁྱེད་ཀྱི་ཕ་ཡང་ཁྱིམ་འདི་ན། །ཡོད་དོ་ཞེས་ནི་ཤེས་བྱ་སྟེ། །ཁྱེད་ཀྱི་ཕ་ཡི་སྐད་ཉིད་ནི། །ཁྱིམ་འདི་ན་ནི་གྲག་ཕྱིར་རོ། །སྒྲ་དང་མར་མེ་སོགས་དངོས་ལ། །གཞན་དུ་མི་འཐད་པ་ཉིད་དོ། །ཕྱོགས་ཀྱི་ཆོས་དངོས་མེད་ན་ཡང་། །རྟོགས་
པར་བྱེད་པ་ཉིད་དུའང་མཐོང་། །དེས་ན་མཚན་ཉིད་གཅིག་པ་ཡི། །གཏན་ཚིགས་རྟོགས་བྱེད་གཙོ་བོ་ཡིན། །དོན་མེད་ཕྱོགས་ཆོས་སོགས་གཞན་གྱི། །བརྟག་པས་ཁྱེད་ལ་ཅི་ཞིག་བྱ། །མཚན་ཉིད་འདི་ལྡན་གཏན་ཚིགས་དེ། །དེ་ཅི་སྤྱི་ཡིས་རྟོགས་བྱ་འམ། །ཤེས་པར་འདོད་
เล่ม ๑๙๑ · หน้า 51a
པའི་བྱེ་བྲག་གི །ཆོས་གཞན་ཡིན་ནམ་འོན་ཏེ་དཔེ། །དེར་ནི་སྤྱི་ཡིས་རྟོགས་ཤེ་ན། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ། །གཏན་ཚིགས་ཡོད་པར་བསྟན་པ་ན། །བརྗོད་འདོད་འགྲུབ་པ་མིན་པ་སྟེ། །དཔེར་ན་མིག་གིས་གཟུང་བྱ་ནི། །མི་རྟག་པ་ལ་འཁྲུལ་པ་ཉིད། །
སྤྱི་ཡིས་གོ་བར་བྱེད་དེ་ཡང་། །སྒྲ་ཡང་དེ་ནི་སྒྲུབ་བྱེད་མིན། །དེ་ལ་ཆོས་ཅན་ཡོད་གྱུར་པར། །ཤེས་བྱ་ཞེ་ན་དེ་ལྟ་ན། །ཚུལ་གསུམ་པོ་ནི་ཁྱེད་ཅག་གི །གཞུང་ལུགས་ལ་ཡང་འབྱུང་བར་འགྱུར། །གཞན་དུ་མི་འཐད་པ་ཉིད་ནི། །ལོག་དང་རྗེས་འགྲོ་དག་ཏུ་རྟོགས། །དེ་ནི་ཆོས་ཅན་
ལ་ཡོད་ཕྱིར། །ཕྱོགས་ཀྱི་ཆོས་ལ་བརྟེན་པ་ཡི། །གཟུང་བྱའི་ཆོས་ལ་དེ་ཡི་ཆོས། །ཁྱབ་པའི་གཏན་ཚིགས་འདི་ལྟར་ནའོ། །འདི་འདྲའི་མདོར་བསྡུས་མཚན་ཉིད་ནི། །སློབ་དཔོན་གྱིས་ཀྱང་རྒྱས་པར་བསྟན། །འོན་ཏེ་གཏན་ཚིགས་མཚན་ཉིད་འདི། །ཆོས་ཅན་ཉིད་ལ་ཤེས་བྱ་ན། །
གང་གིས་ཚད་མར་དེ་གྲུབ་ཀྱང་། །དེ་ལས་བསྒྲུབ་བྱའང་ངེས་པར་གྲུབ། །བསྒྲུབ་བྱ་རྟོགས་པར་མ་གྱུར་ན། །གཏན་ཚིགས་ལ་ཡང་ངེས་པ་མེད། །གཞན་ལས་བསྒྲུབ་བྱ་གྲུབ་ན་ནི། །དེས་ན་གཏན་ཚིགས་ལས་ངེས་པས། །ཕན་ཚུན་རྟེན་པའི་སྐྱོན་ཡང་སྟེ། །གཉིས་ལས་ཅིག་ཤོས་
མ་གྲུབ་པས། །གཞན་པའང་ངེས་པ་མ་ཡིན་ནོ། །དཔེ་ཡི་ཡིན་ན་དེ་གྲུབ་ཀྱང་། །བསྒྲུབ་བྱའི་ཆོས་ཅན་བློར་མི་འགྱུར། །དེ་ཡིས་ཐམས་ཅད་བསྡུས་པ་ལ། །ཁྱབ་པར་ངེས་པ་མ་ཡིན་ནོ། །གང་ཡང་ཇི་ལྟར་ཡང་དམིགས་ཕྱིར། །ཞེས་བྱའི་གཏན་ཚིགས་འདིར་སྨྲས་པ། །ཕྱི་ལ་ཡུལ་
ཉིད་མེད་པ་སྟེ། །ཐེ་ཚོམ་ཅན་ཕྱིར་འབྲས་བུ་མེད། །དངོས་པོའི་དེ་ཡི་བདག་ཉིད་ཉིད། །ཐམས་ཅད་ལ་ནི་རྣམ་ངེས་ཉིད། །ཇི་ལྟར་ཡང་ནི་བསྒྲུབ་བྱར་དེ། །གང་གིས་འདི་སྐད་རྗོད་པར་བྱེད། །འགྱུར་བའི་བདག་ཉིད་སོགས་དབྱེ་བས། །དངོས་ཀུན་གཅིག་པར་སྨྲ་བ་ཡང་། །ཅི་ནས་ཀྱང་
ནི་ཡོད་པ་ཡི། །བདག་ཉིད་ཉིད་དུ་སྟོན་པར་བྱེད། །གང་ཞིག་དངོས་པོར་གནས་པ་ཀུན། །རང་བཞིན་མེད་ཉིད་ལ་བརྟེན་པ། །དེ་ཡང་དེ་ཁོ་ན་ཉིད་དུ། །ཞེས་སོགས་བྱེ་བྲག་ལ་བརྟན་པའོ། །གཞན་དུ་ཡང་ནི་ཇི་ལྟར་ཡང་། །དམིགས་པ་ཉིད་ནི་མི་འགྲུབ་བོ། །ཐ་སྙད་ཉིད་དུ་བསྒྲུབ་བྱ་ལ། །
เล่ม ๑๙๑ · หน้า 51b
དཔེ་ནི་གྲུབ་པར་གྱུར་པ་མིན། །ཟླ་བ་ཉིད་ཅེས་བརྗོད་པ་ན། །མཐུན་པའི་ཕྱོགས་ལའང་རྗེས་འཇུག་སྟེ། །ལ་ལར་མི་འམ་གཞན་ཡང་སྟེ། །ག་པུར་དངུལ་སྐྱ་སོགས་པ་ལའོ། །ཟླ་བ་ཉིད་སྒྲུབ་གཏན་ཚིགས་ལ། །ཐུན་མོང་མིན་པ་ཉིད་གསུངས་པ། །གྲགས་པ་ལས་ནི་ཐ་དད་པ། །དངོས་
པོའི་ངོ་བོ་ལ་བརྟེན་པའོ། །མཆུ་སྦྲང་བཅས་པས་བྱས་པ་ཉིད། །ཁྱད་པར་མཐོང་བ་མ་ཡིན་ཏེ། །མཆུ་སྦྲང་བཅས་པའི་རེག་པ་ལས། །བྱུང་བ་དམིགས་པར་གྱུར་པ་ཡང་། །དེ་ཡི་བཅས་པ་ཞེས་བྱ་བ། །གཏན་ཚིགས་ཁྱད་པར་ངེས་པ་དགོས། །གཞན་དུ་འཁྲུལ་པ་ཉིད་ཡིན་པ། །བཟློག་
པར་དཀའ་བར་ཐལ་བར་འགྱུར། །འབྲས་བུ་ཉིད་ཀྱི་ཐ་སྙད་ནི། །བརྗོད་པ་ཡིན་པས་བསྒྲུབ་བྱ་ན། །གལ་ཏེ་གོང་དུ་གྲུབ་པའི་དཔེས། །བསྒྲུབ་པ་ཡིན་ན་ཚུལ་གསུམ་འགྱུར། །ཆོས་ཅན་མིག་གི་ངོ་བོ་ལ། །ཡོད་པ་རེ་ཞིག་དེས་མིག་ཉིད། །མ་གྲུབ་སོགས་པར་ཐལ་འགྱུར་བས། །
དེ་ནི་བསྒྲུབ་པར་མི་རིགས་སོ། །འོན་ཀྱང་གཟུགས་ནི་ཡོད་གྱུར་ཀྱང་། །མིག་གི་རྣམ་ཤེས་མི་འབྱུང་བ། །དེ་ཉིད་ཙམ་གྱིས་ནམ་དུ་ཡང་། །དེ་རྣམས་རྟོགས་བྱེད་མ་ཡིན་གྱི། །རང་གི་རྒྱུ་ཡིས་ངེས་པ་ལས། །སྐྱེ་བ་མྱུ་གུ་སོགས་པའང་ཡོད། །དེ་ནི་དཔེ་ཡང་དེ་བཞིན་དུ། །མཚན་ཉིད་གསུམ་
པར་ཤིན་ཏུ་གསལ། །བུམ་པ་ལ་སོགས་ཇི་ལྟར་ཡང་། །མེད་པའི་བདག་ཉིད་དུ་བསྒྲུབ་པ། །རང་བཞིན་གཏན་ཚིགས་འབྲས་མེད་པའམ། །ཤིན་ཏུ་མ་གྲུབ་པར་ཡང་མཐོང་། །འདི་ལའང་ཆོས་མི་མཐུན་པའི་དཔེ། །གསལ་བར་ཡོད་པ་མིན་ན་ནི། །དེ་རྣམས་ཉིད་ཀྱི་ངོ་བོ་ནི། །མི་
མཐུན་ཕྱོགས་ཉིད་དུ་འགྱུར་རོ། །མེ་བདག་ཉིད་ལ་ཇི་ལྟར་ཡང་། །མེད་པའི་བདག་ཉིད་དུ་བསྒྲུབ་པའང་། །འདོད་པ་གྲུབ་པའམ་མ་གྲུབ་པའི། །དེ་བཞིན་མི་མཐུན་ཕྱོགས་སུའང་འགྱུར། །ཕ་ཡི་སྐད་ཐོས་གང་ཡིན་པའང་། །ཁྱིམ་ན་ཕ་ཡོད་པར་གྲུབ་ལ། །ཕ་དང་འབྲེལ་པ་ཉིད་ཡིན་ན། །གཏན་
ཚིགས་མཚན་ཉིད་གསུམ་པར་གསལ། །ལ་ལར་ཕ་དང་འབྲེལ་པའི་སྐད། །སྔར་ནི་ཉེ་བར་དམིགས་པ་ནི། །སྔན་ཆད་ཉམས་སུ་མ་མྱོང་ན། །གཏན་ཚིགས་མ་གྲུབ་པར་བཟློག་དཀའ། །གང་དུ་སྔན་ཆད་དམིགས་པའམ། །གང་དུ་དེ་ན་དམིགས་པ་ལ། །རྗེས་སུ་འགྲོ་དང་ལྡོག་
เล่ม ๑๙๑ · หน้า 52a
པ་དག །དེར་ནི་རྣམས་པ་གསལ་བར་མཐོང་། །ཤེས་པའི་བྱེད་པའི་སྒྲ་ཡི་དོན། །ཇི་ལྟར་ཡང་ནི་ཕྱི་རོལ་མིན། །གཞན་ཡོད་མ་ཡིན་དངོས་མིན་ཕྱིར། །བརྗོད་པར་འདོད་པ་འདི་ཉིད་ནི། །གོ་བྱེད་ཡིན་པར་དེ་བསྒྲུབ་ན། །མཚན་ཉིད་གསུམ་པར་ཤིན་ཏུ་གསལ། །
བརྗོད་འདོད་མངོན་དུ་མ་གྱུར་པ། །ཡིན་ན་སྒྲ་ནི་སྦྱོར་མི་བྱེད། །མར་མེ་ཉིད་ནི་སྔོ་སོགས་ལ། །རྟགས་ཉིད་ལས་ནི་ཤེས་བྱེད་མིན། །ཤེས་པ་སྐྱེད་པར་རུང་བ་ནི། །བྱུང་བ་ཡིན་ཕྱིར་དེ་སྐད་བརྗོད། །ཤེས་བྱེད་རྟགས་ཀྱི་དངོས་ཡིན་ན། །ཕྱོགས་ཀྱི་ཆོས་ལ་སོགས་པ་སོམས། །གཞན་དུ་མི་
སོགས་དེ་ལྟ་བུར། །ཅི་ཡི་ཕྱིར་ན་རྩོད་མི་བྱེད། །གཞན་དུ་མི་འཐད་པ་ཉིད་དུ། །མིག་གིས་བཟུང་བ་ཅིས་མི་བསྒྲུབ། །ཕྱོགས་ཀྱི་ཆོས་དང་བྲལ་བས་ན། །དེ་ཕྱིར་མཚན་ཉིད་གཅིག་པ་དམན། །ཚུལ་གཅིག་པ་གང་སྨྲས་པ་ནི། །ཚུལ་གཉིས་པ་ཉིད་མཚོན་པར་བྱེད། །ཚུལ་གཉིས་པ་
རྣམས་སྨྲས་པ་ཡིས། །ཕྱོགས་ཀྱི་ཆོས་ལས་ཚུལ་གསུམ་པའོ། །གཞན་དུ་མི་འཐད་པ་ཉིད་ཀྱིས། །འཕངས་ཕྱིར་ཞེ་ན་དེ་མིན་ཏེ། །གཞན་དུའང་སྒྲ་ལ་སོགས་པ་ལ། །མིག་གིས་གཟུང་བྱ་འདི་ཉིད་འདོད། །དེའི་བུ་ཡིན་ཕྱིར་སོགས་གཏན་ཚིགས། །མི་མཐུན་ཕྱོགས་དང་འགལ་མིན་
ཕྱིར། །ལྡོག་པ་ཐེ་ཚོམ་ཟ་བ་དེས། །ཚུལ་གསུམ་པོ་ནི་ཡོད་མ་ཡིན། །དེ་ནི་བུ་ཡི་བུ་ཡིན་ཡང་། །ལས་དང་ཁ་ཟས་སོགས་རྣམས་ཀྱི། །རྒྱུ་ཡི་དབྱེ་བས་ཐམས་ཅད་དུའང་། །དངོས་པོ་གཞན་དུ་འགྱུར་བ་ཡིན། །འདི་ནི་འབྲས་བུའམ་རང་བཞིན་ནམ། །སྣང་བ་མི་དམིགས་ཉིད་ཀྱང་
མིན། །དེ་ལས་ཐ་དད་པ་མིན་ན། །འཁྲུལ་པ་མེད་པ་ཉིད་དུ་འགྱུར། །གལ་ཏེ་མ་འཁྲུལ་པ་ཉིད་ནི། །གཞན་པ་རྣམས་ལའང་མཐོང་བ་སྟེ། །དཔེར་ན་ཀུ་མུ་ད་ལ་སོགས། །ཁ་བྱེ་རྒྱ་མཚོ་འཕེལ་བ་ལ། །ཟླ་བ་འཆར་བ་རྟགས་ཡིན་ཞིང་། །གདུང་བྱེད་ཡོད་པར་མཐོང་བ་ལས། །ཆ་གཞན་དག་
ན་གྲིབ་མ་ནི། །ཡོད་པར་རབ་ཏུ་ཤེས་པ་ཡིན། །མུན་པར་མགལ་དུམ་ཚིག་མཐོང་བས། །རིང་ནས་དུ་བ་དཔོགས་པར་བྱེད། །སྨིན་དྲུག་ཤར་བ་ལས་ཀྱང་ནི། །སྣར་མ་ཉེ་བ་ཡིན་པར་རྟོག །འདི་ལ་གཏན་ཚིགས་ཆོས་དེ་ནི། །དེ་ལྟ་བུར་ནི་རྟོགས་པ་ཡིན། །གང་ལས་བྱུང་བ་དེ་རྣམས་དང་། །
เล่ม ๑๙๑ · หน้า 52b
དུས་གཅིག་པ་གཞན་དེ་ཀུན་རྟོགས། །དེ་ལྟ་བུ་ཡི་དབྱེ་བ་འདི། །འབྲས་བུ་ལས་ནི་རྒྱུ་གྲུབ་པའོ། །འབྲེལ་པ་ཉིད་ནི་མི་འཐད་ན། །ཐམས་ཅད་ཀུན་ཀྱང་རྟོགས་བྱེད་འགྱུར། །སྨིན་དྲུག་འཆར་བའི་རྒྱུར་གྱུར་པ། །རླུང་གི་ཁྱད་པར་གང་ཡིན་པའི། །ཚོགས་པ་ཡིན་པ་དེ་དག་ནི། །སྣར་
མ་ཉེ་བའི་རྒྱུ་ཡིན་ནོ། །རྒྱུ་ཡི་ཆོས་ནི་ཤེས་པ་ལས། །དེ་ཕྱིར་དེ་ནི་ཤེས་པར་འདོད། །རང་དབང་དུ་ནི་དེ་ཤེས་པ། །འདི་གཞན་སུ་ཡང་ཡོད་མ་ཡིན། །གཟུགས་བརྙན་དུ་བརྗོད་རྟགས་ལས་ནི། །རྗེས་སུ་དཔག་པ་འཇུག་པ་ཡིན། །གང་ཞིག་ལུས་ཀྱི་ཡུལ་ལྡན་མིན། །གཞན་
ལས་འབྲས་བུའི་རྟགས་སྐྱེ་མིན། །དངོས་མེད་གཟུགས་བརྙན་དང་ལྷན་ཅིག །གཉིས་ནི་གཅིག་ན་ཡོད་མིན་ན། །དམ་པའི་དོན་དུ་དེ་ཉིད་ནི། །ཇི་ལྟར་དེ་འབྲེལ་ལྡན་ཞེ་ན། །གཞན་དུ་ལུས་དང་གཟུགས་བརྙན་དག །དངོས་པོར་ཡོད་པ་མ་ཡིན་ནོ། །དེར་སྣང་བ་ཡི་རྣམ་ཤེས་ནི། །
གང་གིས་དངོས་པོ་མེད་པར་འགྱུར། །དེ་ཉིད་འདིར་ནི་རྟགས་ཉིད་དེ། །དེ་ཉིད་འབྲས་བུ་ཡིན་པར་འདོད། །དེ་ལྟའི་བདག་པོའི་རྐྱེན་ལུས་གང་། །དམིགས་པ་མེད་ལ་འཇུག་པ་ཡིན། །གཞན་དོན་ལ་ནི་དམ་བཅས་སོགས། །ཚོགས་གཞན་དག་ཀྱང་བརྗོད་པ་ནི། །སྒྲུབ་པའི་ཡན་
ལག་གྱུར་མིན་ཕྱིར། །དམ་བཅས་པ་ནི་མཁོ་བ་མིན། །འབྲེལ་པ་མེད་པའི་ཕྱིར་དངོས་སུ། །དོན་དང་ལྡན་པར་རྟོགས་བྱེད་མིན། །མཚོན་པར་བྱེད་ནུས་མ་ཡིན་ཕྱིར། །བརྒྱུད་པས་ཀྱང་ནི་རིགས་མ་ཡིན། །བསྒྲུབ་བྱ་སྒྲུབ་བྱེད་ཆོས་དག་གི །ཡུལ་ལ་གཙོ་བོ་མ་ཡིན་ཕྱིར། །དེ་
ནི་དཔེ་ཡི་ཚིག་བཞིན་དུ། །གལ་ཏེ་སྒྲུབ་བྱེད་ཡན་ལག་ཏུ། །འདོད་ན་ཁས་ལེན་སོགས་ཚིག་གིས། །གཞན་དུ་འཁྲུལ་པ་མ་ཡིན་ནོ། །ཡུལ་ནི་ཉེ་བར་སྟོན་བྱེད་ན། །འདིར་ཡང་འདི་ནི་འབྲས་བུ་མེད། །ཕྱོགས་ལ་སྦྱོར་མེད་ཇི་ལྟར་ན། །མཐུན་པའི་ཕྱོགས་སུ་གཞག་ཅེ་ན། །
ཚུལ་གསུམ་པོ་ནི་མེད་ན་ཡང་། །ཕྱོགས་འདྲེན་པ་ཡི་རྒྱུ་མཚན་ཡིན། །ཕྱོགས་ལ་སོགས་པ་བརྟགས་པ་སྟེ། །ཕྱོགས་བརྗོད་པ་ནི་ཡོད་མ་ཡིན། །བསྟན་བཅོས་ཀྱི་ནི་རབ་དབྱེ་བས། །དེ་ལྟར་ཐ་སྙད་འདོགས་པ་ཡིན། །ཡང་ན་དེ་ཡང་གནས་སྐབས་ཀྱི། །དོན་ལ་བརྟེན་ནས་འགལ་
เล่ม ๑๙๑ · หน้า 53a
བ་མེད། །གཞན་ཡང་སྒྲུབ་པར་བྱེད་པ་ན། །ཚིག་གི་ཆ་ཡིས་སྨྲ་མི་བྱ། །ཤེས་པར་འདོད་པའི་བྱེ་བྲག་ལ། །བརྟེན་ནས་ཕྱོགས་ཀྱི་ཆོས་ཉིད་དེ། །དེ་ནི་མཐུན་ཕྱོགས་དང་འདྲ་ཕྱིར། །མི་མཐུན་ཕྱོགས་ལའང་དེ་མེད་པས། །དམ་བཅས་བརྗོད་པ་མ་ཡིན་ཞིང་། །
རྒྱུ་ནི་བརྗོད་པ་མ་ཡིན་པས། །ཉེ་བར་སྦྱར་བར་བརྗོད་པར་བྱ། །ཡོད་པར་གྲུབ་པ་མ་ཡིན་ཏེ། །སྔོན་དུ་དངོས་པོ་ཙམ་བརྗོད་ཅིང་། །ཕྱི་ནས་ཁྱབ་པ་བསྟན་པར་བྱ། །རྗོད་འདོད་དོན་ནི་གྲུབ་པས་ན། །འདྲ་བ་ལ་ནི་འབྲས་བུ་མེད། །ཚུལ་གསུམ་པ་ཡི་རྟགས་བསྟན་པའི། །ཤུགས་ཉིད་
ཀྱིས་ནི་གྲུབ་པས་ན། །ཕྱིན་ཅི་ལོག་ནི་དགོས་མེད་པས། །མཇུག་སྡུད་བཞི་དོན་མེད་པའོ། །འབྲེལ་མེད་ཉིད་ཀྱི་ཚིག་གིས་ནི། །དོན་གཅིག་པར་ནི་རྟོག་བྱེད་པར། །འབྲེལ་པ་དེ་གྲུབ་བྱ་བའི་ཕྱིར། །མཇུག་སྡུད་ལོགས་སུ་བརྗོད་བྱ་མིན། །རྗེས་སུ་དཔག་པ་རྣམ་གཉིས་པ། །ཁ་ཅིག་
གཞན་དུ་སྨྲ་བར་བྱེད། །ཁྱད་པར་དུ་ནི་མཐོང་བ་དང་། །སྤྱིར་མཐོང་བ་ཡི་དབྱེ་བས་སོ། །འབྲེལ་པ་མངོན་སུམ་མཐོང་བ་ནི། །གང་དག་ཡིན་ཉིད་ཁྱད་པར་ཏེ། །བ་ལང་ལྕི་བས་དེ་ཡི་ཕྱོགས། །ཁྱད་པར་ལ་སོགས་བློར་བྱས་པའོ། །ཕྱོགས་དེ་ན་ཡོད་དེ་ཉིད་ནི། །སྔོན་ནས་དུས་
གཞན་ཚེ་ན་ཡང་། །དེ་སྔོན་ཡང་དང་ཡང་ཤེས་པས། །མེ་གང་ཡིན་པ་དེར་ཤེས་འགྱུར། །ཡོད་ལ་ཐེ་ཚོམ་ཟ་བ་ལ། །ཡོད་པར་རྟོགས་ཕྱིར་ཚད་མ་སྟེ། །དེ་ཡང་ཁྱད་པར་མཐོང་བ་ཞེས། །རི་བོ་འབིགས་བྱེད་ལ་གནས་སྨྲ། །མེ་དང་དུ་བ་གཞན་ཉིད་དེ། །སྤྱི་ཉིད་ཀྱི་ནི་གློ་བུར་འདོད། །
སྤྱིར་མཐོང་བ་ལ་གཅིག་ཏུ་ནི། །འདིའོ་ཞེས་སོགས་སྨྲ་བ་ནི། །དེ་འདིར་སྐད་ཅིག་གིས་འཇིག་པས། །ཁྱབ་པ་ཉིད་དུ་བསྟན་པའི་ཕྱིར། །དེ་ཉིད་ཀྱིས་ན་སྔར་བསྟན་ཉིད། །རྗེས་སུ་དཔག་པར་འགྱུར་མ་ཡིན། །གལ་ཏེ་རྒྱུན་ལ་གཅིག་ཉིད་དུ། །བཏགས་པར་འདོད་པ་ཡིན་ཞེ་ན། །
དེ་ནི་གང་ནའང་ཡོད་མིན་ཏེ། །དངོས་པོ་ཉིད་ཀྱི་དངོས་མིན་ཕྱིར། །ཡུལ་མེད་ཚད་མ་མ་ཡིན་པར། །ཁྱེད་ཅག་རྗེས་སུ་སེམས་པ་ཡིན། །རྣམ་པར་བརྟགས་པའི་དོན་ཉིད་འདི། །ཡུལ་མེད་པར་ནི་གསལ་བར་འགྱུར། །གསལ་བའི་ངོ་བོ་ཞིག་ན་ཡང་། །དེ་དག་རིགས་ཉིད་དུ་གནས་
เล่ม ๑๙๑ · หน้า 53b
ན། །གལ་ཏེ་སྐད་ཅིག་གིས་འཇིག་པ། །མིན་ན་དེ་ཡང་རྟག་ཉིད་འབྱུང་། །འབྲེལ་པ་མངོན་སུམ་མཐོང་བར་འགྱུར། །གང་ཡིན་པ་ཉིད་ཁྱད་པར་ཞེས། །ངེས་པ་འདི་ཡང་ཁྱེད་ཅག་ནི། །རྒྱུ་གང་གིས་ནི་སྨྲ་བར་བྱེད། །ལན་ཅིག་རྗེས་དཔག་གིས་མཐོང་བ། །དེ་ཉིད་ལ་ནི་རྗེས་
དཔོག་པ། །གང་ཕྱིར་སྔ་མ་ཤེས་ལས་ཁྱོད། །མེད་པས་ཚད་མར་མི་འདོད་དོ། །རྟོགས་པའི་དོན་ལ་རྟོགས་བྱེད་ཕྱིར། །གལ་ཏེ་འདི་ནི་དྲན་པ་བཞིན། །ཚད་མ་ཡིན་ན་སྔ་མས་ཀྱང་། །དེ་དང་མཚུངས་པར་ཅིས་མ་མཐོང་། །བར་དུ་ཐེ་ཚོམ་སྐྱེས་པས་ནི། །བཟློག་ཕྱིར་དེ་ནི་ལྷག་
བ་ཡིན། །ཞེ་ན་དེ་དག་འདིར་ཡང་ནི། །ཅི་ཞིག་གིས་ནི་མཚུངས་མ་ཡིན། །དེ་ཕྱིར་ཅི་འདི་ཡོད་དམ་མེད། །ཅེས་བྱས་ཐེ་ཚོམ་བཟློག་བྱས་པས། །ཐེ་ཚོམ་མེད་པ་ཉིད་ནི་ཞེས། །སྤྱི་ནི་དེ་ལྟར་མཐོང་བ་ཡིན། །ཁ་ཅིག་རྗེས་སུ་དཔག་པ་ནི། །ཚད་མ་མ་ཡིན་ཞེས་བྱ་བ། །བརྗོད་འདོད་
ཚིག་གིས་རིག་བྱེད་པར། །འདོད་པའི་ལོག་པར་ལྟ་བའོ། །རང་དོན་རྗེས་དཔག་མི་རིགས་ཏེ། །ཚུལ་གསུམ་པའི་རྟགས་སྔོན་འགྲོའི་ཕྱིར། །འདོད་པ་ལ་གནོད་སྐྱེད་བྱེད་པ། །ལོག་པའི་ཤེས་པ་བཞིན་སྨྲ་གྲག །རྗེས་སུ་དཔག་པའང་དངོས་པོར་མེད། །རྗེས་སུ་དཔོག་པའི་
རྒྱུ་ཡང་མེད། །ཚུལ་གཉིས་པ་ཡི་རྟགས་བཞིན་དུ། །ཚུལ་གསུམ་མེད་པས་རྗེས་དཔག་མེད། །རྗེས་སུ་དཔག་པ་དང་འགལ་བའི། །འགལ་བ་རྣམས་ནི་བསྒྲུབ་པ་ན། །འོན་ཀྱང་འགལ་བ་མི་འཁྲུལ་བས། །ཐམས་ཅད་ལ་ནི་འབྱུང་བ་ཡིན། །ཡུལ་དང་དུས་དང་གནས་སྐབས་
ཀྱི། །དབྱེ་བས་ནུས་པ་ཐ་དད་པའི། །དངོས་པོ་རྣམས་ཀྱི་རྗེས་དཔག་གིས། །འགྲུབ་པ་ཤིན་ཏུ་རྙེད་པར་དཀའ། །དངོས་པོ་རྣམས་ནི་དེ་དང་ནི། །དོན་བྱེད་པར་ནི་ནུས་པ་ལ། །ཁྱད་པར་ཅན་གྱི་རྗེས་འབྲེལ་པས། །དེ་ཡི་ནུས་པའི་བར་དུ་གཅོད། །རྗེས་དཔག་ལ་ནི་མཁས་རྣམས་
ཀྱིས། །འབད་པས་རྗེས་དང་གདོན་ལ་ཡང་། །ཤིན་ཏུ་འབད་པ་གཞན་དག་གིས། །གཞན་དུ་ཡང་ནི་སྒྲུབ་པར་བྱེད། །གཞན་དོན་རྗེས་དཔག་སྨྲ་བ་པོ། །ལ་ལྟོས་པས་ནི་ཚད་མ་མིན། །རྗེས་སུ་བརྗོད་ཕྱིར་དེས་ན་འདི། །རང་ཉིད་ཀྱིས་དོན་རྟོགས་མ་ཡིན། །ཐོས་པ་པོ་ལ་ལྟོས་
เล่ม ๑๙๑ · หน้า 54a
པའི་ཕྱིར། །དེ་ན་རང་དོན་ཉིད་དུ་འཐད། །ཐོས་དང་མཐོང་འདི་རིགས་པ་ལ། །གང་གཙོ་འདི་ཡི་ཁྱད་པར་ཅི། །གཞན་དོན་རྗེས་སུ་དཔག་པ་ཉིད། །ཚིག་དེ་ཐོས་པ་མ་ལྟོས་མིན། །ཉན་པའི་རྒྱུད་ཀྱི་རྣམ་ཤེས་ཀྱི། །རྒྱུ་ཉིད་ཡིན་ཕྱིར་ཤེས་བྱེད་ཕྱིར། །དབང་པོ་ཇི་ལྟ་
བ་བཞིན་ནོ། །དངོས་སུ་དཔག་བྱ་གསལ་བྱེད་མིན། །དེ་ཕྱིར་འདི་མེད་མི་འབྱུང་བའོ། །འབྲེལ་པ་ཅན་གྱི་ཤེས་པ་བཞིན། །འོན་ཏེ་གཞན་དོན་ཉིད་གཞན་ལས། །ལོག་པ་ལ་བརྟེན་ཕྱིར་ཞེ་ན། །རང་དོན་ལ་ཡང་དེ་ཡོད་ཕྱིར། །གཞན་གྱི་དོན་དུ་ཐལ་བར་འགྱུར། །ཚུལ་གསུམ་པར་
བརྟགས་སྔོན་འགྲོ་ཉིད། །ངེས་པར་མི་སླུའི་མཚན་ཉིད་ཅན། །མཚན་ཉིད་དེ་ལྡན་ཚད་མ་ཉིད། །དེ་ཕྱིར་དེ་ནི་ཅི་ཕྱིར་བདག །ཕྱོགས་སྔ་མ་ལ་ལྟོས་ནས་ནི། །འདོད་པ་ལ་གནོད་སྐྱེད་བྱེད་པ། །ལོག་པའི་ཤེས་པ་དང་མཚུངས་པའི། །ཤེས་པར་སྨྲས་ཀྱང་དངོས་པོ་མིན། །མི་སླུ་བར་ནི་
ངེས་པ་ཡི། །དངོས་པོ་ལ་ཡོད་ཤེས་པ་དེ། །སྨྲ་བ་པོ་འདོད་གཞན་མིན་པ། །དེ་ཕྱིར་དེ་ཉིད་ཚད་མར་འདོད། །དེ་ཕྱིར་གཏན་ཚིགས་འགལ་བ་ཉིད། །དཔེ་ལའང་བསྒྲུབ་བྱ་ཉིད་མེད་པའི། །རྣམ་པ་དེ་དག་ཉིད་ཀྱིས་ནི། །གཏན་ཚིགས་གཉིས་པ་མ་གྲུབ་པའོ། །གང་དེ་དེ་ཡི་བདག་ཉིད་དང་། །དེ་
ལས་བྱུང་བའི་འབྲེལ་པར་ངེས། །དེ་བཞིན་སྒྲུབ་བ་སྒྲུབ་བྱེད་པ། །ཡིན་པར་རིགས་པ་གསུངས་པ་བསྟན། །འདི་ལྟར་སྒྲུབ་པའི་རྗེས་དཔག་ལ། །འགལ་བ་ལ་སོགས་ཡོད་མ་ཡིན། །རང་བཞིན་གཏན་ཚིགས་དག་མེད་པར། །དེ་ནི་གང་ནའང་སྲིད་མ་ཡིན། །ཕན་ཚུན་འགལ་བའི་ཆོས་
དག་ཀྱང་། །དངོས་པོ་གཅིག་པ་མི་རིགས་ཏེ། །དེ་ནི་འགལ་བ་མི་འཁྲུལ་པ། །ཅན་དུ་གྱུར་པ་མ་ཡིན་ནོ། །མཚན་ཉིད་ལ་ནི་གོམས་རྣམས་ཀྱི། །རྟགས་ནི་ཡང་དག་རྣམས་ངེས་པའི། །རྗེས་སུ་དཔག་པ་ལ་འཇུག་གི། །གཞན་ནི་རྗེས་དཔག་ཡིན་པར་བརྗོད། །ཡུལ་དང་དུས་དང་གནས་
སྐབས་ཀྱིས། །དབྱེ་བ་པ་ཐ་དད་པ་ལ། །དངོས་པོ་རྣམས་ནི་རྗེས་དཔག་གིས། །དེ་སྒྲུབ་ཤིན་ཏུ་རྙེད་དཀའ་མིན། །རྗེས་དཔག་ལ་ནི་མཁས་རྣམས་ཀྱིས། །འབད་པས་རྗེས་སུ་དཔག་དོན་ལ། །ཤིན་ཏུ་འབད་པ་གཞན་གྱིས་ཀྱང་། །གཞན་དུ་བསྒྲུབ་པར་ནུས་མ་ཡིན། །རང་བཞིན་
เล่ม ๑๙๑ · หน้า 54b
དག་ནི་འབྲས་བུ་དག །རང་བཞིན་དང་ནི་རྒྱུ་མིན་ལས། །རང་བཞིན་དང་ནི་འབྲས་ཡོད་མིན། །ཐ་དད་པ་དང་རྒྱུ་མིན་འགྱུར། །དེ་དག་མེད་པའི་རྗེས་དཔག་མེད། །ཚུལ་གསུམ་པ་ཡི་རྟགས་ཀྱི་ཚིག །ནུས་པའི་མཚོན་བྱེད་ཉིད་ཡིན་པས། །གཞན་དོན་རྗེས་དཔག་གང་ཡིན་ཉིད། །
ཉན་པ་ལ་ལྟོས་ནས་དེ་གསུངས། །རྗེས་དཔག་ཉིད་ལ་བརྟེན་ནས་ནི། །བརྡར་བཏགས་ཅན་ཉིད་པལ་པའོ། །ནུས་པ་མཚོན་བྱེད་ཉིད་ཡིན་པ། །དེས་ན་ཧ་ཅང་ཐལ་འགྱུར་མིན། །རྗེས་དཔག་ཚད་མ་མ་ཡིན་ཞེས། །ཁྱེད་ཀྱིས་སྨྲས་པ་འབྲས་མེད་དེ། །ཚིག་གང་གིས་ཀྱང་བརྗོད་འདོད་
པ། །སྟོན་པར་ནུས་པ་མ་ཡིན་ནོ། །འཇིག་རྟེན་པ་ཡི་རྟགས་འདོད་ཀྱི། །གཞན་ནི་བརྟག་ནུས་མིན་ཞེ་ན། །འཇིག་རྟེན་འབྲས་སྩོགས་གཏན་ཚིགས་ལ། །སྩོགས་པས་རྟོགས་པ་མ་ཡིན་པ། །གཞན་གྱིས་དེ་ཉིད་བསྟན་པར་ནི། །རིགས་པ་གསུང་པས་ཀྱང་སྤྱོད་མིན། །འཇིག་རྟེན་པ་
དེ་ཁས་བླངས་པ། །ཁྱེད་ལ་འདོར་བར་འགྱུར་རམ་ཅི། །ཚད་མ་མིན་པ་དེ་ཡིན་ནོ། །གཞན་གྱིས་ཅི་ཞིག་རྟོགས་པར་བྱེད། །ཚད་མ་མིན་ལའང་འདིར་བྱས་པ། །ཅི་འདྲ་བ་ལས་ཡིད་ཆེས་འགྱུར། །རྗེས་དཔག་ཚད་མ་མ་ཡིན་ཏེ། །སྨྲ་བ་པོ་ཡི་ཚིག་ཉིད་ནི། །སྟོན་བྱེད་བདག་ཉིད་མ་ཡིན་
པ། །དེས་ནི་དེ་བཞིན་འགྱུར་ཞེ་ན། །མི་ཤེས་དོན་སྟོན་མ་ཡིན་ཕྱིར། །དེ་ནི་ཚད་མ་མི་འདོད་པ། །དེ་མིན་ནུས་པ་མཚོན་བྱེད་པས། །ཁྱེད་ཀྱི་དང་ནི་མཚུངས་མ་ཡིན། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་རྗེས་སུ་དཔག་པ་བརྟག་པ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།
སྒྲ་ལས་བྱུང་དང་ཉེར་འཇལ་སོགས། །ཚད་མ་གཞན་ཡོད་མ་ཡིན་ནམ། །ཚད་མ་གཉིས་པོ་ཁོ་ན་ཡི། །མཚན་ཉིད་ཅི་ཕྱིར་སྟོན་པར་བྱེད། །སྨྲས་པ་གཉིས་པོ་ལས་གཞན་པའི། །ཚད་མ་འཐད་པ་མ་ཡིན་ཏེ། །ཚད་མའི་མཚན་ཉིད་མི་ལྡན་པའམ། །ལྡན་ནའང་འདི་ཡི་ཁོང་གཏོགས་
ཕྱིར། །གཞན་ནི་སྒྲ་ལས་བྱུང་བ་ཡི། །ཤེས་པས་དོན་རྟོགས་སྒྲ་ལས་བྱུང་། །དེ་ཡང་བྱེད་པས་མ་བྱས་པའམ། །ཡང་ན་ཡིད་ཆེས་ཚིག་ཡིན་ཟེར། །འདི་ནི་ལྐོག་ཏུ་གྱུར་པ་ཡི། །ཡུལ་ཅན་ཡིན་ཕྱིར་མངོན་སུམ་མིན། །རྗེས་དཔག་ཏུ་ཡང་མི་འཐད་དེ། །དེ་ཡི་མཚན་ཉིད་བྲལ་ཕྱིར་
เล่ม ๑๙๑ · หน้า 55a
རོ། །ཆོས་ཀྱི་བྱེ་བྲག་ལྡན་ཆོས་ཅན། །དེ་ནི་རྟགས་ཅན་དུ་རབ་ངེས། །ཇི་སྲིད་དེ་ཡུལ་མ་གྱུར་པ། །དེ་སྲིད་རྗེས་སུ་དཔག་པ་མིན། །འདི་ལ་ཆོས་ཅན་དུ་རྟོག་གང་། །དེ་ཉིད་དཔག་བྱ་ཡིན་ན་ནི། །དེ་ཉིད་ངེས་པར་མ་གྱུར་པས། །དེ་ཡི་ཆོས་ནི་ངེས་མི་འགྱུར། །
གལ་ཏེ་སྔ་རོལ་ཕྱོགས་ཆོས་ཉིད། །དེས་ན་དེ་ཡི་འོག་རོལ་ཏུ། །ཕྱོགས་ཆོས་སོགས་ཀྱི་ཤེས་བྱ་གང་། །གང་གིས་རྗེས་དཔག་ཉིད་དུ་འགྱུར། །གཞལ་བྱའི་དོན་ལ་ངེས་རྟོགས་པའོ། །རྗེས་སུ་འགྲོ་བ་སྒྲ་ལ་མེད། །ཡོད་པ་ཡིས་ནི་ཐམས་ཅད་ཀྱི། །རྗེས་སུ་འཇུག་པ་རྟོགས་པར་བྱ། །
གང་ན་དུ་བ་ཡོད་དེ་ན། །མེ་མེད་རྗེས་འགྲོ་མེད་པར་གསལ། །དེ་བཞིན་གང་ན་སྒྲ་ཡོད་པ། །དེ་ན་ཡོད་པར་ངེས་མིན་ཏེ། །དེ་ལྟར་ས་ཕྱོགས་དེ་ན་མེད། །དེ་ཡི་དུས་ནའང་མེད་ཤེས་བྱ། །རྟག་ཅིང་ཁྱབ་ཕྱིར་ཡོད་ཅེ་ན། །སྒྲ་རྣམས་ཐམས་ཅད་དེར་མཚུངས་པ། །དེས་ན་ཀུན་དུ་མཐོང་བའི་
ཕྱིར། །ལྡོག་པའང་གྲུབ་པར་མི་འགྱུར་ཏེ། །སྒྲ་རྣམས་ཀུན་གྱི་མ་ལུས་པའི། །དོན་རྣམས་བརྟགས་པར་ཐལ་བར་འགྱུར། །དེ་ཕྱིར་སྒྲ་ལས་བྱུང་བ་ལ། །དེ་འདྲའི་ཡུལ་ནི་མེད་པའི་ཕྱིར། །ཚུལ་གསུམ་པོ་ཉིད་དང་བྲལ་བས། །རྗེས་དཔག་མ་ཡིན་མངོན་སུམ་བཞིན། །མེ་ལ་སྦྱིན་སྲེག་
སྩོགས་ཚིག་གིས། །མི་གཡོའི་ཤེས་པ་སྐྱེ་བ་ལས། །དེ་ནི་ཚད་མ་ཉིད་ཡིན་པའང་། །འདི་ནི་བཟློག་པར་ནུས་པ་མིན། །དེ་ལ་བྱེད་པོས་མ་བྱས་པའོ། །ཚིག་དང་དོན་དག་ཀྱང་མེད་པ། །དེ་ཕྱིར་མི་སྲིད་པར་བསྟན་པ། །སྒྲ་ལས་བྱུང་བའི་མཚན་ཉིད་གཅིག །ནུས་དང་ནུས་མིན་ངོ་བོ་ཡིས། །
ཐམས་ཅད་དུ་ཡང་རྗེས་འཇུག་ཕྱིར། །རྟག་ཏུ་རྣམ་ཤེས་དེ་འབྱུང་བའམ། །ནམ་ཡང་འབྱུང་བར་མི་འགྱུར་རོ། །ཇི་ལྟར་བརྫུན་པ་ཉིད་ཀྱི་རྒྱུ། །ཞེ་སྡང་གཏི་མུག་སོགས་ཉེས་པ། །དེ་བཞིན་བདེན་པ་ཉིད་ཀྱི་རྒྱུ། །ཤེས་རབ་སྙིང་རྗེ་སོགས་ཤེས་བྱ། །དེ་ཡི་རྟེན་ཉིད་མེད་པ་ལ། །དེ་དག་ཀྱང་
ནི་སྲིད་པ་མིན། །དེ་ཕྱིར་དོན་མེད་ཉིད་འགྱུར་བའམ། །སྒྲ་ནི་སྐྱེས་བུ་རྟེན་འཐོབ་པ། །དོན་རྟོགས་ཤེའམ་མིན་ན་སྟེ། །འདི་ནི་བསྟན་པའི་ལས་ཡིན་ནོ། །དངོས་སུ་དོན་མཐོང་བར་འདོད་པ། །སྐྱེས་བུའི་རང་འདོད་ཀྱིས་ཡིན་གྱི། །ཡང་དག་དོན་གསལ་ནུས་པ་ནི། །རང་བཞིན་ཉིད་ཀྱིས་ཡོད་ཅེ་
เล่ม ๑๙๑ · หน้า 55b
ན། །རང་བཞིན་ཐ་དད་པ་དེ་ཅན། །བརྡར་ཤེས་པ་ཉིད་མ་ཡིན་ཡང་། །དེ་ལས་དོན་རྟོགས་འགྱུར་བ་ཡིན། །རང་བཞིན་གྱིས་གསལ་མར་མེ་ནི། །བརྡ་ལ་ལྟོས་པ་མ་ཡིན་ནོ། །བརྡ་ཉིད་གཞན་དུ་འགྱུར་བ་ན། །དོན་ཀྱང་གཞན་འགྱུར་སྒྲ་ལས་མིན། །བརྡ་ཡོད་གྱུར་ཀྱང་སྒྲོན་མས་ནི། །
དྲི་རོ་ལ་སོགས་གསལ་བྱེད་མིན། །རྣམ་པར་རིག་པར་བྱ་བ་ནི། །དེ་ཡི་ནུས་པས་ནུས་མིན་པ། །དེ་ལས་མི་གཡོ་གང་མ་འགྱུར། །དེ་ཡང་བརྡ་ཅན་ལ་རིགས་ཏེ། །སྐྱེས་བུའི་ཚིག་དང་དབྱེར་མེད་དོ། །རིགས་པ་ཤེས་པས་དེ་དག་གི། །དབྱེ་བ་གང་ཡང་རྟོགས་མི་འགྱུར། །རིག་བྱེད་འདོན་
པ་རིགས་པའོ། །ལམ་ལས་མི་གཡོ་འདི་མི་རྟོགས། །ཡིད་ཆེས་པ་ཉིད་མི་འདོད་པས། །སྒྲ་ལས་བྱུང་བ་གཉིས་པ་ཡང་། །མི་བཟོད་འདོད་ན་དེ་ཉིད་དོ། །ཞེས་བྱའི་རྣམ་པར་ངེས་པ་མེད། །གང་གི་ཚིག་ལས་མི་སླུ་བར། །ལན་གྲངས་དུ་མར་མཐོང་བ་ཡི། །ཡིད་ཆེས་གྱུར་པ་དེ་ཡི་
ཚིག །ལྐོག་རྟོགས་ཕྱིར་ནི་གཟུང་ཞེ་ན། །སྔ་རོལ་དག་ཏུ་མི་སླུ་བའང་། །དུས་ཉིད་ཚེ་ན་ཡིད་ཆེས་མིན། །དུས་གཅིག་ཉིད་ནི་མི་སླུ་སྟེ། །ཐམས་ཅད་དུ་ནི་ངེས་པ་མིན། །ཚིག་དང་ཕྱི་མའི་དངོས་དག་ལས། །འབྲེལ་པ་ཡང་ནི་ཅི་ཡོད་ན། །གང་གིས་དེ་རྟོགས་གྱུར་པ་ལས། །འདི་ནི་
ཚད་མ་ཉིད་དུ་འགྱུར། །དབང་པོ་ཐ་དད་སོགས་འཛིན་པས། །འཁྲུལ་ཕྱིར་བདག་ཉིད་གཅིག་མིན་ཞིང་། །དེ་ལས་འབྱུང་མིན་མ་འཁྲུལ་བ། །གཞན་ནི་ཡོད་པ་མ་ཡིན་ནོ། །མ་ལུས་པ་ཡི་ཚིག་དག་ལས། །རྗེས་སུ་བསམ་པ་རྗེས་དཔག་སྟེ། །མངོན་སུམ་མི་དམིགས་པ་དག་ལས། །
དེའི་རྒྱུ་དེ་ཡང་ངེས་པ་ཡིན། །འཁྲུལ་པའམ་བསམ་པ་གཞན་པ་ལ། །ཚིག་གཞན་པར་ནི་མཐོང་བ་སྟེ། །དེ་ཕྱིར་བསམ་པ་ཇི་ལྟ་བར། །དེ་ནི་འཇུག་པ་མ་ཡིན་ནོ། །འཁྲུལ་དང་མ་འཁྲུལ་སྦྱོར་བ་རྣམས། །མཚན་ཉིད་ཁྱད་པར་ཅན་དུ་གསལ། །མཁས་དང་སྐབས་ལ་སོགས་པ་ཡི། །
དེས་བྱས་ཚིག་གིས་ནུས་པའོ། །མཚན་ཉིད་ཁྱད་པར་ཅན་གྱུར་པའི། །རྒྱུ་ལས་དེ་ཡི་བྱེ་བྲག་སྟེ། །གང་ཞིག་ཤེས་པ་མ་ཡིན་པའི། །ངེས་པ་འདི་ཡིན་རྟགས་ཀྱི་མིན། །ཡོད་གཉིས་ལྡན་པའི་དུ་བའི་དངོས། །དུས་གཅིག་ཚེ་ན་གཞན་གྱུར་པས། །ངེས་པའི་དུས་སུའང་དུ་བ་ནི། །
เล่ม ๑๙๑ · หน้า 56a
མེ་ཡི་རྟགས་སུ་མི་འགྱུར་རོ། །བསམ་པ་དེ་རྣམས་གཅིག་པུ་ནི། །རྗེས་དཔོག་ཡིན་པར་འགལ་བ་མེད། །ངེས་པར་ཡོད་པ་ཉིད་ཀྱི་ཕྱིར། །སྲོག་ཆགས་བཅས་སོགས་བསྒྲུབ་པ་ཡི། །བསམ་བ་རྟོགས་པར་བྱ་བ་ལ། །ཚུལ་གསུམ་པོ་ཉིད་རྣམས་གསལ་
ཉིད། །མེ་ནི་ཆོས་ཅན་བསྒྲུབ་བྱ་ནི། །འབྲས་བུ་ཚིག་གང་ལས་རྟོགས་ཏེ། །མེ་འདི་ཤིང་གི་བསམ་པ་དང་། །ལྡན་པ་ཡིན་པར་ཤེས་བྱས་ཏེ། །ཤིང་གི་སྒྲ་ལས་རབ་སྦྱོར་ཕྱིར། །དཔེར་ན་སྔོན་དུས་བདག་བཞིན་ནོ། །དེ་ཕྱིར་ཕྱི་ལས་ཕ་རོལ་པོ། །ཚུལ་གསུམ་སོགས་གསལ་སྒྲ་
རྣམས་ལ། །དེ་ལ་ཁོ་བོ་འང་ཚད་མ་ཉིད། །ཡིན་པ་ཉིད་དུའང་འདོད་མ་ཡིན། །གང་དུ་དེ་རྣམས་མངོན་འདོད་དེ། །ཚུལ་གསུམ་པ་ཉིད་ཡིན་པར་གསལ། །གང་ཕྱིར་བསམ་པ་བསྒྲུབ་པ་ལས། །མཚན་ཉིད་ཁྱད་པར་ཅན་དུ་བསྟན། །དེ་ལྟ་ཡིན་ན་སྒྲ་ཉིད་ནི། །ཚུལ་གསུམ་པོ་ཉིད་
དང་ལྡན་པས། །དེ་འདྲའི་ཡུལ་ན་ཡོད་པའི་ཕྱིར། །དུ་བ་སོགས་བཞིན་རྗེས་དཔག་ཡིན། །སྒྲ་ལས་བྱུང་བ་རྣམ་པར་དཔྱད་པའོ།། །།གང་གིས་བ་མེན་ཅི་འདྲ་ཞེས། །གྲོང་པ་དག་གིས་དྲིས་པ་ན། །བ་ལང་ཅི་འདྲ་དེ་འདྲ་ཞེས། །འབྲོག་པས་སྨྲས་པ་ལྟ་བུའོ། །ཉེ་བར་འཇལ་བར་གྲགས་
ལྡན་པ། །དེ་ལ་སླར་ཡང་རི་ཁྲོད་པས། །བྱས་པའི་ལུང་ལས་དེ་ཉིད་ཀྱིས། །ནང་དུ་འདུས་པར་གཞན་སྨྲས་པ། །བ་ལང་མཐོང་ནས་འབྲོག་གནས་པའི། །བ་མེན་གང་ཚེ་མཐོང་བ་ན། །མགྲིན་པ་ཟླུམ་པའི་རྣམ་པ་ལ། །ཡན་ལག་ཕལ་ཆེར་འདྲ་བར་སྣང་། །དེ་ཚེ་བ་མིན་དུ་ཤེས་
པ། །གཟུགས་ཙམ་ཁོང་དུ་ཆུད་པ་ནི། །མངོན་སུམ་ཉིད་ཡིན་གང་ཡང་གཞན། །བྱེ་བྲག་གིས་ནི་རྟོགས་བྱ་སྟེ། །བ་ལང་དང་འདྲའི་གཟུགས་ཅན་འདི། །དེ་ཕྱིར་འདི་འདྲ་འདི་ཕྱུགས་ཞེས། །དབང་པོའི་བྱེད་པ་ཡོད་པ་ལས། །སྐྱེས་ཕྱིར་མངོན་སུམ་ཉིད་དུ་འདོད། །དེར་ནི་གལ་ཏེ་བ་ལང་
ཉིད། །དྲན་པའི་ཤེས་པ་སྐྱེས་པ་དེ། །བ་མེན་ཉེ་བ་ན་གནས་ཕྱིར། །དབང་པོའི་ཡུལ་དུ་འགྱུར་བ་ཡིན། །སྤྱི་བཞིན་དུ་ནི་འདྲ་བ་ཉིད། །རེ་རེ་ལ་ཡང་ཚང་བ་ཡིན། །མ་མཐོང་ན་ཡང་འདྲ་བ་ཡིན། །དེ་ཕྱིར་དེ་ནི་དམིགས་པ་སྟེ། །འདྲ་བར་འང་དངོས་པོ་ཡིན་པ་ལ། །གནོད་པར་ནུས་
เล่ม ๑๙๑ · หน้า 56b
པ་མ་ཡིན་ནོ། །དེ་ནི་རིགས་པ་གཞན་ན་ཡང་། །ཡན་ལག་མང་པོས་འདྲ་བས་འབྲེལ། །གནས་སྐབས་དེ་ཉིད་ཚེ་ན་ཡང་། །དེས་ན་དེ་ཡི་ཕྱུགས་ཉིད་དུ། །མཚུངས་པའི་རྣམ་ཤེས་གང་སྐྱེས་པ། །དེ་ཡི་དཔེ་ནི་བ་ལང་གཟུགས། །དེ་ཕྱིར་བྱེ་བྲག་ཅན་ཉིད་དུ། །འདྲ་བས་གང་ཞིག་
དྲན་པ་དེ། །འདྲ་བ་ཉིད་ལ་དེ་བརྟེན་ནས། །ཉེ་བར་འཇལ་བས་གཞལ་བྱར་འགྱུར། །མངོན་སུམ་གྱིས་ནི་རྟོགས་པ་དང་། །འདྲ་བའི་བ་ལང་དྲན་པ་ན། །ཉེ་བར་འཇལ་བའི་ཚད་མ་ལས། །ཁྱད་པར་ཅན་གཞན་གྲུབ་པ་སྟེ། །ཇི་ལྟར་ས་ཕྱོགས་མངོན་སུམ་གྱུར། །མེ་ཉིད་ཀྱང་ནི་དྲན་
བཞིན་པའི། །ཁྱད་པར་ཅན་གྱི་ཡུལ་ཉིད་ཀྱིས། །རྗེས་དཔག་ཚད་མ་མ་ཡིན་མིན། །རྣམ་ཤེས་དེ་ནི་མངོན་སུམ་ཉིད། །ཡིན་པར་རིགས་པ་མ་ཡིན་ཏེ། །དོན་དང་དབང་པོར་མངོན་འབྲེལ་པའི། །བྱ་བ་དེ་ཚེ་མེད་ཕྱིར་རོ། །ཚུལ་གསུམ་པོ་ཉིད་མི་འཐད་པས། །རྗེས་དཔག་ཉིད་ནི་དེ་
ལ་མེད། །འདིར་ནི་ཕྱོགས་ཆོས་ལ་སོགས་པ། །མེད་པར་ཇི་ལྟར་བརྟག་པར་བྱ། །གཞལ་བྱ་ཡི་ནི་འདྲ་བ་ཉིད། །ཆོས་ཀྱི་སྔ་རོལ་གཟུང་བ་མིན། །བ་མེན་གཟུང་བར་གྱུར་པ་ནི། །བ་ལང་རྗེས་དཔོག་མ་ཡིན་ཏེ། །དམ་བཅའི་དོན་དང་ཡུལ་གཅིག་ཕྱིར། །བ་ལང་ལ་ཡོད་རྟགས་ཉིད་
མིན། །འབྲེལ་པ་མེད་ཕྱིར་བ་མེན་ཡང་། །བ་ལང་ལ་རྟགས་རིགས་པ་མིན། །ཤེས་པ་དེ་ནི་མ་རྟོགས་པའི། །དོན་གསལ་བྱེད་ཕྱིར་ཚད་མ་སྟེ། །བ་མེན་མཐོང་བའི་སྔ་རོལ་ཏུ། །དེ་འདྲ་མ་བཟུང་ཕྱིར་ནའོ། །གཞལ་བྱ་དངོས་པོ་མེད་པས་ན། །འདི་ནི་ཚད་མར་མངོན་འདོད་མིན། །ཡན་
ལག་མང་པོ་ཐུན་མོང་བས། །འབྲེལ་པའི་འདྲ་བ་ཡོད་ཅེ་ན། །སྤྱི་རྣམས་བསལ་བས་དེ་དག་ལ། །མང་དང་དེ་འབྲེལ་ག་ལ་ཡོད། །དེ་ཉིད་སྒྲུབ་པར་བྱེད་པ་ཡི། །ཚད་མ་ཡང་ནི་ཡོད་པ་སྟེ། །སྤྱི་ཡང་དངོས་པོ་ཉིད་ཡིན་ཞིང་། །མངོན་སུམ་གྱིས་ནི་གཟུང་བྱ་ཡང་། །དངོས་མེད་ལས་གཞན་
གཞལ་བྱ་ཡི། །ཐུན་མོང་མིན་པའི་དངོས་པོ་བཞིན། །དངོས་པོ་མེད་པའི་ཕྱོགས་བཞག་ནས། །སྤྱི་ཡི་དོན་ནི་རབ་བརྗོད་པ། །གྲུབ་མིན་དང་པོའི་བསྒྲུབ་བྱ་ཡང་། །དམ་བཅའི་དོན་དུ་ཡུལ་གཅིག་ཉིད། །དེར་ནི་འདི་ལྟར་རིག་འགྱུར་ཏེ། །བ་ལང་གཟུགས་ཀྱི་ཡན་ལག་དང་། །བ་མིན་
เล่ม ๑๙๑ · หน้า 57a
ཡན་ལག་ཁ་ཅིག་ནི། །མཚུངས་པའི་རྒྱུ་ལས་ཤེས་པ་ཡིན། །དེར་ནི་བ་མེན་མཐོང་བ་ན། །སྔན་ཆད་ལན་ཅིག་མིན་པར་ཡང་། །བ་ལང་གཟུགས་ཀྱི་ཡན་ལག་དག །མཐོང་ཕྱིར་འདི་ཡི་དྲན་པ་བྱུང་། །དེ་ཉིད་ཕྱིར་རྟ་ལ་སོགས་པ། །དེ་དག་འདྲ་ལ་བ་མེན་ནི། །
མཐོང་བའི་ཚེ་ན་བ་ལང་བློ། །ཅི་ཕྱིར་མི་འཇུག་ཁྱད་པར་ཅི། །གཞན་དུ་སྔར་ཤེས་དོན་གསལ་ཕྱིར། །འདི་ནི་ཚད་མ་མ་ཡིན་མིན། །ཚད་མ་གཞན་ནི་མེད་པ་ན། །གང་ལས་དེ་ལྟར་འགྱུར་བ་ཡིན། །འདྲ་བའི་དངོས་དེའང་བ་ལང་གི །སྤྱི་བཞིན་ཡོད་པ་ཡིན་ན་ནི། །ཡོངས་སུ་འབྲེལ་བར་མ་
མཐོང་ཡང་། །མདུན་ན་འདུག་པ་མཐོང་བ་ཉིད། །དེ་ལྟའང་དྲན་པའི་ངོ་བོ་ཉིད། །ཇི་ལྟར་གསལ་བར་བྱ་བ་མིན། །བ་ལང་ངོ་བོར་འདྲ་བ་དེ། །ཡོད་པ་ཙམ་དུ་ཤེས་པ་ནི། །བ་མེན་དང་ཡང་འདྲའོ་ཞེས། །དེ་ལྟར་རྣམ་པར་ངེས་པ་མིན། །ཉེ་བར་འཇལ་བའང་དེ་ལྟ་བུར། །ངེས་པར་དྲན་ལ་
མཚན་ཉིད་གཞན། །གལ་ཏེ་མིང་ནི་འདི་ཉིད་ཀྱིས། །དེ་ཡི་སྔོན་དུ་བཟུང་བ་མིན། །གང་འདིའི་བདག་ཉིད་སྔོན་བརྗོད་པ། །རང་གི་ངོ་བོ་བཟུང་བ་ཡང་། །དངོས་པོ་ཡི་མིང་དངོས་མིན་ཏེ། །གང་ཕྱིར་དེ་མིན་འཛིན་པ་ན། །རང་གི་དེ་ཉིད་ཡོངས་ཤེས་ཀྱང་། །ཡོངས་སུ་ཤེས་པ་ཉིད་མི་འགྱུར། །དེ་ཙམ་གྱི་ནི་ཆ་ཡིས་
ནི། །ཚད་མ་ཉིད་དུ་རྣམ་འཇོག་ལ། །ཚད་མ་རྣམས་ནི་འདི་ཙམ་ཞིག །བྱ་མིན་གཞན་ལས་ཐལ་འགྱུར་ཕྱིར། །ཤིང་གི་ཕྲེང་སོགས་མཐོང་བ་ན། །རྩ་འཐུང་གཅིག་ཉིད་མཐོང་ལ་མིན། །གཉིས་པའི་ཡལ་ག་ཅན་ཤེས་པས། །དང་པོའི་ཡལ་ག་ཅན་ངེས་པ། །ཚད་མ་གཞན་དུ་འགྱུར་བ་ཡིན། །འདྲ་བ་
ལྟོས་ལ་མི་སོགས་ཕྱིར། །ཉེ་བར་འཇལ་བ་རྣམས་ལ་ཡང་། །གཟུང་བར་འཛིན་པ་ཉིད་དུ་མཚུངས། །བ་མེན་ཉེ་བར་དམིགས་པ་ན། །རྟ་ལ་སོགས་པ་དེ་དང་ནི། །མི་འདྲའི་ཤེས་པ་འབྱུང་འགྱུར་གང་། །དེ་ནི་གཞན་པའི་ཚད་མ་ནི། །དངོས་པོ་ལ་ཡང་དམིགས་པའི་ཕྱིར། །དངོས་པོ་མེད་
པའི་ཁོང་གཏོགས་མིན། །ཕན་ཚུན་མེད་པ་ཉིད་དུ་ནི། །འདྲ་བ་ཉིད་ཀྱི་བློ་ལའང་མཚུངས། །འདྲ་བ་ཉིད་ཀྱིས་དབེན་པར་ནི། །ཇི་ལྟར་དེ་ལ་ཤེས་པ་བཞིན། །ཡན་ལག་ཐམས་ཅད་མཚུངས་པ་དང་། །བྲལ་བ་ཡིན་པར་ཤེས་པར་བྱ། །ཡན་ལག་དུ་མ་ཐུན་མོང་བས། །འབྲེལ་པར་རང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด