དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) ཏཏྭ་སཾ་གྲ་ཧ་པཉྫི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๑ · หน้า 133b
༄༅༅། །རྒྱ་གར་སྐད་དུ། ཏཏྭ་སཾ་གྲ་ཧ་པཉྫི་ཀ །བོད་སྐད་དུ། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཤེས་བྱའི་རྒྱ་མཚོ་བསྲུབས་པའི་སྟོབས་ཀྱིས་གཞན་དོན་དམྱལ་བ་ལ་སོགས་ཀྱི། །
སྡུག་བསྔལ་ཞི་བྱེད་དེ་ཉིད་རྟོགས་པའི་བདུད་རྩི་ཐུགས་རྗེས་འགྲོ་བ་ཚིམ་མཛད་པ། །དེ་ཉིད་རིག་མཆོག་འགྲོ་བ་རྣམས་ཀྱི་སྟོན་པ་དེ་ལ་གུས་པས་ཕྱག་འཚལ་ནས། །དེ་ཉིད་བསྡུས་པ་འདི་ཡི་དཀའ་འགྲེལ་ཆེས་རབ་གསལ་བ་རབ་ཏུ་བརྩམ་པར་བྱ། །བདག་འདྲའི་བློ་གྲོས་བླུན་པོ་རྣམས་ཀྱིས་
སྔོན་མེད་དངོས་པོ་ནམ་ཡང་བརྗོད་མི་ནུས། །མཁས་པས་ཉིན་རེ་ལམ་འདི་མང་དུ་མ་དཔྱད་པ་ཡང་འགའ་ཙམ་གང་ན་ཡོད། །འོན་ཀྱང་བསོད་ནམས་འཕེལ་བར་འདོད་པས་རང་དོན་མཆོག་གི་བདག་གི་བློ་གྲོས་འདི། །དགེ་བ་འཕེལ་བའི་འབྲས་བུ་ཅན་གྱི་དེ་ཉིད་གོམས་པས་འདི་བྱེད་
པ་ལ་བརྩོན། །བསྟན་བཅོས་འདི་ལ་ནི་རྟོགས་པ་དང་ལྡན་པ་རྣམས་དང་པོར་བརྗོད་པར་བྱ་བ་དང་། དགོས་པ་ངེས་པར་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པ་དང་། ཆེན་པོ་དག་ལ་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུ་ཡིན་ནོ་ཞེས་ངེས་པར་བྱས་ནས་བཅོམ་ལྡན་འདས་ལ་དང་བ་བསྐྱེད་པའི་
དོན་དང་། ཉན་པ་པོ་བསྟན་བཅོས་འདི་ལ་གུས་པས་འཇུག་པར་བྱ་བའི་ཕྱིར་རང་གི་སྟོན་པ་ལ་མཆོད་པའི་ཆོ་ག་སྔོན་དུ་འགྲོ་བས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དེ་ཉིད་བསྡུ་བར་བྱ་ཞེས་བྱ་བ་འདིའི་བར་དག་གིས་བསྟན་བཅོས་འདིའི་བརྗོད་
པར་བྱ་བ་དང་དགོས་པ་བསྟན་ཏོ། །འདི་ལྟར་གལ་ཏེ་འདིའི་བརྗོད་པར་བྱ་བ་མ་བསྟན་ན་དེའི་ཚེ་སྨྱོན་པ་ལ་སོགས་པའི་ཚིག་དང་འདྲ་བར་དོན་མེད་པ་ཉིད་སྲིད་པས་རྟོགས་པ་དང་ལྡན་པ། ཉན་པ་ལ་ཡང་འཇུག་པར་མི་འགྱུར་བའི་ཕྱིར་འདིའི་བརྗོད་པར་བྱ་བ་གདོན་མི་ཟ་བར་བསྟན་པར་བྱ་བ་ཡིན་ནོ། །དེ་
བཞིན་དུ་བརྗོད་པར་བྱ་བ་ཡོད་ན་ཡང་མངོན་པར་འདོད་པའི་དགོས་པ་དང་བྲལ་བའི་བསྟན་བཅོས་ནི་བྱ་རོག་གི་སོ་བརྟག་པ་ལ་སོགས་པ་བཞིན་དུ་རྟོག་པ་དང་ལྡན་བ་ཉན་པ་ལ་ཡང་གུས་པར་མི་བྱེད་པའི་ཕྱིར། དེ་ལྟ་བས་ན་དང་པོར་དེ་ལ་འཇུག་པའི་དོན་དུ་དགོས་པ་བརྗོད་པར་བྱའོ། །འཇུག་པའི་ཡན་
เล่ม ๑๙๑ · หน้า 134a
ལག་ལ་གཙོ་བོ་ཉིད་དགོས་པ་ཡིན་ཏེ། དེ་དོན་དུ་གཉེར་བས་ཉན་པ་པོའི་སྐྱེ་བོ་བསྟན་བཅོས་ལ་འཇུག་པའི་ཕྱིར་རོ། །དེ་ཡང་བརྗོད་བྱས་སྟོང་པའི་བསྟན་བཅོས་ཀྱིས་བསྒྲུབས་པར་མི་ནུས་པའི་ཕྱིར། བསྟན་བཅོས་ཀྱི་དགོས་པའི་ཐབས་བསྟན་པའི་དོན་དུ་བརྗོད་པར་བྱ་བ་
སྨྲས་སོ། །དགོས་པ་དེ་ཡང་རྗེས་སུ་མཐུན་པའི་ཐབས་ཅན་དུ་བསྟན་པར་བྱ་བའི་ཕྱིར་དེ་བསྒྲུབ་པ་ཉམས་སུ་ལེན་པར་མི་ནུས་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དགོས་པ་ཡོད་ན་ཡང་འཇོག་པོའི་གཙུག་གི་རིམས་ནད་སེལ་བའི་རིན་པོ་ཆེ། རྒྱན་གྱི་མན་ངག་གི་བསྟན་བཅོས་བཞིན་དུ་དེ་བསྒྲུབ་
པར་མི་ནུས་པར་རིག་ནས་རྟོག་པ་དང་ལྡན་པ་འཇུག་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་དག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན། །ཞེས་བཤད་དོ། །དེ་ལྟ་བས་ན་བསྟན་
བཅོས་ལ་འཇུག་པར་བྱ་བའི་ཕྱིར་བརྗོད་པར་བྱ་བ་ལ་སོགས་པ་བསྟན་ཏོ། །འོན་ཏེ་རྟོག་པ་དང་ལྡན་པ་རྣམས་ཀྱི་འཇུག་པ་ནི་ངེས་པ་ཉིད་ལས་ཡིན་ཞིང་། ངེས་པ་ཡང་ཚད་མ་ཉིད་ལས་ཡིན་ལ། འདིར་དགོས་པའི་ཚིག་འདི་ནི་བརྗོད་པར་བྱ་བ་ལ་སོགས་པ་ཕྱི་རོལ་གྱི་དོན་ལ་ཚད་མ་མ་ཡིན་ཏེ།
དེ་དང་དེ་ལ་འབྲེལ་པ་མེད་པའི་ཕྱིར་ཏེ། འདི་ལྟར་རེ་ཞིག་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ནི་མེད་དེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་ཡང་མེད་དེ། ཚིག་ནི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བ་ཉིད་ཡིན་པའི་ཕྱིར་རོ། །ཚིག་འབྲེལ་པ་མེད་པའི་
ཕྱིར་ཤེས་པར་འདོད་པའི་དོན་ལ་ཤེས་པ་སྐྱེད་བཞིན་པ་ན་ཚད་མར་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཚིག་ནི་བརྗོད་པར་འདོད་པ་ལ་ཚད་མ་ཉིད་ཡིན་མོད་ཀྱི། འོན་ཀྱང་དེ་རྟོག་པ་དང་ལྡན་པ་འཇུག་པའི་ཡན་ལག་ནི་མ་ཡིན་ཏེ། འདི་ལྟར་ཇི་ལྟར་བརྗོད་པར་འདོད་པ་
གང་དག་ཡིན་པ་དེ་དག་དེ་ཁོ་ན་བཞིན་དུ་སྒྲུབ་པའི་དུས་སུ་བྱེད་པ་ནི་མ་ཡིན་ཏེ། དམ་བཅས་ན་ཡང་སླུ་བའི་བསམ་པས་རྣམ་པ་གཞན་དུ་བསྟན་བཅོས་བྱེད་པ་སྲིད་པའི་ཕྱིར་རོ། །གཞན་ཡང་བསྟན་བཅོས་ཀྱི་དགོས་པ་ཚད་མ་གཞན་གྱིས་རྟོགས་པ་གང་ཡིན་པ་དེ་ལ་དགོས་པའི་ངག་ཉེ་བར་བཀོད་པ་དོན་
เล่ม ๑๙๑ · หน้า 134b
མེད་པ་ཉིད་ཡིན་ཏེ། དེ་ནི་ཚད་མ་གཞན་ཁོ་ན་ལས་འཇུག་པའི་ཕྱིར་རོ། །གང་ཡང་བསྟན་བཅོས་ཀྱི་དགོས་པ་ཚད་མ་གཞན་གྱིས་གནོད་པ་དེ་ལ་ཡང་དོན་མེད་པ་གསལ་རབ་པ་ཉིད་དེ། དེ་ནི་ཚད་མ་གཞན་གྱིས་གནོད་པ་ཉིད་ཀྱི་ཕྱིར་འཇུག་པ་མི་སྲིད་པའི་ཕྱིར་རོ། །འདི་གཉི་ག་ཡང་ཁས་བླངས་
ནས་བརྗོད་ཀྱི། གང་གིས་འདི་དག་ཡོད་པའམ་མེད་པར་རྟོགས་པར་འགྱུར་བ་ཚུ་རོལ་མཐོང་བ་རྣམས་ཀྱིས་འཇུག་པ་ལས་སྔར་དགོས་པ་ལ་སོགས་པའི་སྒྲུབ་པར་བྱེད་པའམ། གནོད་པར་བྱེད་པའི་ཚད་མ་ནི་ཅུང་ཟད་ཀྱང་མེད་དེ། དེ་ནི་འཇུག་པ་ལས་རྟོགས་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་བསྟན་
བཅོས་ཀྱི་དགོས་པ་ལ་སོགས་པ་མ་རྟོགས་པ་གང་ཡིན་པ་དེ་ལ་ངག་འདི་བརྩམ་པར་བྱ་བ་ཡིན་ན། རྟོག་པ་དང་ལྡན་པ་དེ་ཡང་ངག་འདི་ལས་ཐེ་ཚོམ་ཉིད་སྐྱེའི། ངེས་པ་ནི་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །ཐེ་ཚོམ་དེ་ཡང་ངག་ཉེ་བར་བཀོད་པ་ལས་སྔར་ཡང་ཡོད་པའི་ཕྱིར་རོ། །དགོས་
པ་ལ་སོགས་པའི་ངག་ཉེ་བར་བཀོད་པ་དོན་མེད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་བས་ན་འདི་ལ་བརྗོད་པར་བྱ་སྟེ། རེ་ཞིག་རྟོགས་པ་དང་ལྡན་པ་རྣམས་ཀྱི་འཇུག་པ་ནི་ངེས་པ་ཉིད་ལས་ཡིན་ཞིང་ཞེས་སྨྲས་པ་གང་ཡིན་པ་དེ་ནི་མི་བདེན་ཏེ། ཞིང་པ་ལ་སོགས་པ་བཞིན་དུ་ཐེ་ཚོམ་ལས་ཀྱང་འཇུག་པ་མཐོང་བའི་
ཕྱིར་རོ། །འདི་སྙམ་དུ་ཞིང་པ་ལ་སོགས་པའི་འབྱུང་བར་འགྱུར་བ་འབྲས་བུ་ལ་ཐེ་ཚོམ་ཟ་བ་ཡིན་མོད་ཀྱི། འོན་ཀྱང་དེ་དག་ལ་འདིའི་འབྲས་བུ་བསྒྲུབ་པའི་ངེས་པ་ཡོད་པ་ཉིད་ཡིན་ནོ། །དེས་ན་དེ་དག་ངེས་པ་སྔོན་དུ་འགྲོ་བས་འཇུག་གོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་ཉིད་མ་ཡིན་ཏེ། འདིར་
གང་ཞིག་གང་གི་དོན་དུ་འཇུག་པ་དེ་ནི་དེ་ལ་ཐེ་ཚོམ་ཟ་ན་ཡང་འཇུག་པར་འགྱུར་རོ་ཞེས་བྱ་བ་དེ་ཙམ་ཞིག་སྐབས་སུ་བབ་པ་ཡིན་ནོ། །གང་གིས་སྒྲུབ་པར་བྱེད་པའི་ཡུལ་ལ་ངེས་པ་སྲིད་པའི་ཕྱིར་ངེས་པ་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པར་བརྗོད་པ་ཞིང་པ་ལ་སོགས་སྒྲུབ་པར་བྱེད་པའི་དོན་དུ་དེ་དག་ལ་འཇུག་པ་ཡང་
མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲས་བུའི་དོན་དུ་དེ་དག་དེ་ལ་འཇུག་ལ། འབྲས་བུ་དེ་ལ་གེགས་བྱེད་པ་ལ་སོགས་པ་སྲིད་པའི་ཕྱིར་ངེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་དེ་དག་ཐེ་ཚོམ་སྔོན་དུ་འགྲོ་བ་ཉིད་ཀྱིས་འཇུག་པ་ཡིན་ནོ། །ཡང་དང་པོའི་འཇུག་པ་ནི་སྒྲུབ་པར་བྱེད་པ་ངེས་པའི་དོན་དུ་འཇུག་པ་གང་
เล่ม ๑๙๑ · หน้า 135a
ཡིན་པ་དེ་ལ་ཡང་སྒྲུབ་པར་བྱེད་པ་ངེས་པ་མེད་དེ། དེའི་དོན་ཉིད་ཀྱི་ཕྱིར་དེ་ལ་འཇུག་པའི་ཕྱིར་རོ། །གཞན་ཡང་དེ་དག་གི་སྒྲུབ་པར་བྱེད་པ་ངེས་པ་ཡང་འབྱུང་བར་འགྱུར་བའི་འབྲས་བུ་ལ་ལྟོས་ནས་འདི་འབྲས་བུ་མ་འོངས་པའི་རྣམ་པ་དེ་ལྟ་བུ་གདོན་མི་ཟ་བར་སྒྲུབ་པར་འགྱུར་བ་ཡིན་ནོ་ཞེས་
དེ་ལྟ་བུའི་ངོ་བོ་ཡིན་པའམ། ཡང་ན་གེགས་བྱེད་པ་དང་ལྷན་ཅིག་བྱེད་པ་མ་ཚང་བ་མེད་པ་ཡིན་ན་གདོན་མི་ཟ་བར་འདི་མངོན་པར་འདོད་པའི་འབྲས་བུ་བསྒྲུབ་པར་ནུས་པ་དེ་ལྟ་བུའི་ངོ་བོ་ཡིན་གྲང་། དེ་ལ་རེ་ཞིག་དང་པོ་ནི་རིགས་པའི་ངོ་བོ་མ་ཡིན་ཏེ། ལྷན་ཅིག་བྱེད་པ་མཚང་བ་དང་གེགས་བྱེད་པ་ཉེ་བ་སྲིད་པའི་
ཕྱིར་འགའ་ཞིག་དམིགས་ཀྱང་སཱ་ལུ་ལ་སོགས་པ་རྣམ་པ་དེ་ལྟ་བུའི་འབྲས་བུ་མ་འོངས་པ་ལ་སྒྲུབ་པ་མི་བྱེད་པར་མཐོང་བས། ཐམས་ཅད་དུ་དོགས་པ་མི་ལྡོག་པའི་ཕྱིར་ཏེ། ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་
སྲིད་ཕྱིར་རོ། །ཞེས་གང་བཤད་པ་ཡིན་ནོ། །ཅི་སྟེ་གཉིས་པའོ་ཞེ་ན། དེའི་ཚེ་འདི་ནི་ཆེས་རིགས་པ་མ་ཡིན་ཏེ། ཚད་མ་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པ་ཐམས་ཅད་ནི་དེ་ལྟ་བུའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས། འདིའི་རུང་བ་ཉིད་ནི་གེགས་བྱེད་པ་མེད་ནའོ་ཞེས་དེ་ལྟར་
རུང་བ་ཉིད་རྗེས་སུ་དཔག་པ་ལ་ཁྱད་པར་སྨྲ་བ་ཡིན་ནོ། །འོན་ཀྱང་འབྲས་བུ་ཡང་ཚུལ་འདིས་ངེས་པའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་ནི་ངེས་པ་མ་ཡིན་ནོ། །དེ་ལྟ་བུའི་འཇུག་པ་ལ་དོན་དམ་པའི་འབྲས་བུ་ངེས་པ་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པ་འགྲུབ་པ་ཡང་མ་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་གེགས་
བྱེད་པ་ལ་སོགས་པ་མེད་པ་ཉིད་ངེས་པར་མི་ནུས་པའི་ཕྱིར་རོ། །འདི་སྙམ་དུ་དོན་དམ་པར་གེགས་བྱེད་པ་མེད་པར་ངེས་པར་མི་ནུས་མོད་ཀྱི། འོན་ཀྱང་གལ་ཏེ་གེགས་བྱེད་པ་མེད་པ་ཡིན་ན། དེའི་ཚེ་ངེས་པ་ཁོ་ནར་འདི་ལས་འབྲས་བུ་ཐོབ་པར་ངེས་པ་ཡིན་ནོ་ཞེས་བྱ་བ་རྣམ་པ་དེ་ལྟ་བུ་ངེས་པ་ཚད་མ་སྔོན་དུ་འགྲོ་
བ་ཅན་གྱི་འཇུག་པ་ལ་ཡོད་པ་ཉིད་ཡིན་གྱི། ཚད་མ་མ་ཡིན་པ་སྔོན་དུ་འགྲོ་བ་ཅན་ལ་ནི་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཚད་མ་དང་ཚད་མ་མ་ཡིན་པ་སྔོན་དུ་འགྲོ་བ་ཅན་དག་གི་འཇུག་པ་ལ་ཁྱད་པར་མེད་པར་འགྱུར་རོ། །རྣམ་པ་དེ་ལྟ་བུའི་ངེས་པ་དེ་ཡང་ཚིག་ལས་ཕྱི་རོལ་གྱི་དོན་ལ་འབྱུང་བར་མི་འགྱུར་བ་ཁོ་ན་སྟེ།
เล่ม ๑๙๑ · หน้า 135b
དེ་དང་དེ་ལ་འབྲེལ་པ་མེད་པས་ཚད་མ་མ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་ན། འདི་ནི་བདེན་ཏེ། འོན་ཀྱང་གལ་ཏེ་ཚིག་ལས་རྟོགས་པ་དང་ལྡན་པ་འགའ་ཞིག་འཇུག་པ་མེད་པ་དེ་གྲུབ་པ་ཡིན་ན་དེའི་ཚེ་དེ་ཐམས་ཅད་འགྱུར་བ་ཡིན་ནོ། །ཇི་ཙམ་དུ་མངོན་སུམ་དུ་མ་གྱུར་པའི་འབྲས་བུ་ལ་འགའ་ཞིག་གི་འཇུག་པ་དང་
ལྡོག་པའི་ཕན་ཡོན་ཆེན་པོ་དང་ངན་སོང་དག་ཐོས་པའི་ཕྱིར་ལུང་གི་ཚད་མ་ལ་མ་བརྟེན་པར་གནས་པར་མི་ནུས་པ་འགའ་ཞིག་དག་ཚིག་གི་འཇུག་པ་མཐོང་ངོ་། །དེ་ཙམ་གྱིས་ནི་དེ་དག་རྟོགས་པ་དང་ལྡན་པ་ལས་ཉམས་པ་ཡང་མ་ཡིན་ཏེ། ཐབས་ཁྱད་པར་ཅན་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །གང་གི་ཕྱིར་
ལུང་ལས་མ་རྟོགས་པའི་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ལ་འཇུག་པའི་ཐབས་གཞན་ཡོད་པ་མ་ཡིན་ཏེ། ལུང་ལས་གདོན་མི་ཟ་བར་འཇུག་པར་བྱ་བ་ཡིན་པའི་ཕྱིར་རོ། །འགལ་བའི་ལུང་ཡོངས་སུ་འཛིན་པར་བྱེད་པ་ན་རྟོག་པ་དང་མི་ལྡན་པར་འགྱུར་གྱི། གནོད་པ་མེད་པའི་ལུང་ལ་བརྟེན་ནས་
འཇུག་པ་ནི་ཇི་ལྟར་རྟོག་པ་དང་མི་ལྡན་པར་འགྱུར་ཏེ། དེ་ཉིད་ཡང་དག་པའི་ཐབས་ཡིན་པའི་ཕྱིར་རོ། །ལུང་ཁྱད་པར་དུ་འཕགས་པའི་སྐྱེས་བུས་བྱས་པ་ཉིད་ཀྱིས་དོན་ཇི་ལྟ་བ་བཞིན་ངེས་པར་བཟུང་ནས་དེ་ལ་ངེས་པ་ཉིད་ཀྱིས་འཇུག་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། ཁྱད་པར་དུ་འཕགས་
པའི་སྐྱེས་བུ་ཉིད་ཚུ་རོལ་མཐོང་བ་རྣམས་ཀྱིས་ངེས་པར་མི་ནུས་པའི་ཕྱིར་རོ། །རྟོག་པ་དང་ལྡན་པ་ཡིན་ན་ཡང་ལུང་ལས་མི་འཇུག་པ་ཡང་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་གནོད་པ་མེད་པའི་དགོས་པ་ལ་སོགས་པའི་ཚིག་ཐོས་པ་ལས་བསྟན་བཅོས་ལ་འཇུག་པ་རྣམས་ནི་རྟོག་པ་དང་མི་ལྡན་
པར་མི་འགྱུར་ཏེ། ཐབས་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །འདི་ལ་འཇུག་པའི་ཐབས་གཞན་ཡོད་པ་མ་ཡིན་ཏེ། འཇུག་པ་ལས་སྔར་བསྟན་བཅོས་ཀྱི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །ཚིག་ནི་བརྗོད་པར་འདོད་པ་ལ་ཚད་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་ཡང་
སྙིང་པོ་མེད་དེ། གང་གི་ཕྱིར་ཇི་ལྟར་བརྗོད་པར་འདོད་པའི་དོན་ལ་བསྟན་བཅོས་ཀྱིས་མཐར་ཕྱིན་པར་དམིགས་སོ། །དེ་བཞིན་དུ་འདི་ལ་ཡང་རེས་འགའ་ཇི་ལྟ་བ་བཞིན་དུ་དམ་བཅས་པའི་དོན་མཐར་ཕྱིན་པར་འགྱུར་བ་ཡིན་ནོ་སྙམ་དུ་རིག་ནས་རྟོག་པ་དང་ལྡན་པ་འཇུག་པ་གང་གིས་བཟློག་མེད་པར་དོགས་པས་
เล่ม ๑๙๑ · หน้า 136a
བཟློག་པར་རིགས་པ་ཡང་མ་ཡིན་ཏེ། དོན་ལ་ཐེ་ཚོམ་ཟ་བ་ལས་ཀྱང་འཇུག་པའི་ཕྱིར་རོ། །གཞན་དུ་ན་ཚད་མ་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པ་ལ་ཡང་འབྲས་བུ་མེད་པར་དོགས་པ་སྲིད་པའི་ཕྱིར་སུ་ཡང་འཇུག་པར་མི་འགྱུར་རོ། །གནོད་པ་ཐོབ་པའི་དོགས་པས་ཀྱང་མི་
འཇུག་པ་མ་ཡིན་ཏེ། བསྟན་བཅོས་ལས་མི་འདོད་པའི་འབྲས་བུ་ཐོབ་པ་མི་སྲིད་པའི་ཕྱིར་རོ། །མངོན་པར་འདོད་པའི་འབྲས་བུ་མི་འཐོབ་པའི་སྲིད་པའི་མཚན་ཉིད་ཀྱི་གནོད་པ་ཐོབ་པར་དོགས་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེ་ནི་འཇུག་པ་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གང་
ཡང་བསྟན་བཅོས་ཀྱི་དགོས་པ་ལ་སོགས་པ་མ་གཏོགས་པ་གང་ཡིན་པ་དེ་ལ་ངག་འདི་བརྩམ་པར་བྱ་བ་ཡིན་ནོ་ཞེས་གང་སྨྲས་པ་ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲའོ། །འོན་ཀྱང་སྐྱེས་བུ་དེའི་ཐེ་ཚོམ་ནི་དགོས་པའི་ངག་ཉེ་བར་བཀོད་པ་ལས་གང་ཡང་ཡོད་མོད་ཀྱི། དེ་ནི་ཅི་འདི་དགོས་པ་དང་བཅས་པ་ཡིན་ནམ།
འོན་ཏེ་མ་ཡིན་ཞེས་དེ་ནི་དགོས་པའི་སྤྱི་ལ་ཡིན་ནོ། །དགོས་པ་ཙམ་ལ་ཐེ་ཚོམ་ཟ་བ་ལས་འཇུག་པར་རིགས་པ་ཡང་མ་ཡིན་ཏེ། ཐམས་ཅད་ལ་འཇུག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། དགོས་པ་ཙམ་ཡང་དོན་དུ་གཉེར་བར་བྱས་པ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་སོ་སོར་ངེས་པའི་སྒྲུབ་པའི་
ཐབས་ཉེ་བར་ལེན་པའི་རྒྱུ་དགོས་པའི་ཁྱད་པར་གྱི་ཡུལ་ཅན་གྱི་ཐེ་ཚོམ་ལས་འཇུག་པ་མཐོང་སྟེ། སྒྲུབ་པ་དོན་དུ་གཉེར་བ་རྣམས་འགའ་ཞིག་ཁོ་ན་ལ་འཇུག་པ་ནི་དགོས་པའི་ཁྱད་པར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །གང་གིས་བསྟན་བཅོས་གཞན་ཡོངས་སུ་སྤངས་ནས་སོ་སོར་ངེས་པའི་བསྟན་བཅོས་
ཡོངས་སུ་འཛིན་པར་བྱེད་པ་དགོས་པའི་ཚིག་ལས་སྔར་དགོས་པའི་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་སྐྱེད་པའི་རྒྱུ་འགའ་ཞིག་ཡོད་པ་ཡང་མ་ཡིན་ནོ། །འོན་ཏེ་དགོས་པའི་ཁྱད་པར་དོན་དུ་གཉེར་བ་ཉིད་ཀྱི་སྐྱེས་བུ་དགོས་པའི་ཁྱད་པར་ལ་ཐེ་ཚོམ་སྐྱེ་བའི་རྒྱུ་སྔར་ཡོད་པ་ཉིད་མ་ཡིན་ནམ། འདི་ལྟར་དགོས་པའི་ཁྱད་
པར་དོན་དུ་གཉེར་བའི་ཡིད་དང་ལྡན་པ་ཆེས་དང་པོར་ཅི་འདི་ཁོ་བོ་ཅག་གིས་མངོན་པར་འདོད་པའི་དགོས་པས་དགོས་པ་དང་བཅས་པ་ཡིན་ནམ། ཅི་སྟེ་གཞན་གྱིས་དགོས་པ་དང་བཅས་སམ། འོན་ཏེ་དགོས་པ་མེད་པ་ཡིན་ཞེས་དེ་ལྟ་བུར་འགྱུར་བ་ཉིད་ཡིན་ཏེ། དེའི་སྒྲུབ་པར་བྱེད་པ་དང་གནོད་པར་
เล่ม ๑๙๑ · หน้า 136b
བྱེད་པའི་ཚད་མ་མེད་ན་དེ་རིགས་པས་ཐོབ་པ་ཉིད་ཡིན་པའི་ཕྱིར་དང་། དགོས་པའི་ཁྱད་པར་སྟོན་པར་བྱེད་པའི་བསྟན་བཅོས་གཞན་དམིགས་པའི་ཕྱིར་རོ། །དེས་ན་དགོས་པའི་ཁྱད་པར་གྱིས་ཡུལ་ལ་ཐེ་ཚོམ་སྔར་ཡང་ཡོད་པ་ཉིད་ཡིན་པའི་ཕྱིར་དགོས་པའི་ཚིག་ཉེ་བར་བཀོད་པ་དོན་མེད་པ་ཡིན་ནོ་ཞེ་ན། དེ་
ནི་ཡོད་པ་མ་ཡིན་ཏེ། དགོས་པའི་ཁྱད་པར་དོན་དུ་གཉེར་བ་ཡང་ཐེ་ཚོམ་གྱི་ཁྱད་པར་གྱི་རྒྱུར་འགྱུར་བ་ཡིན་མོད་ཀྱི། འོན་ཀྱང་དེ་ཐམས་ཅད་ལ་མངོན་སུམ་དུ་གྱུར་པ་ནི་མ་ཡིན་ཏེ། སྐྱེས་བུའི་དོན་ལ་མི་མཁས་པ་རྨོངས་པའི་བློ་ཅན་ཁ་ཅིག་ལ་མངོན་དུ་མི་འགྱུར་བའི་ཕྱིར་ཏེ། འདི་ལྟར་ཐར་པ་ནི་སྐྱེས་བུའི་དོན་
མཆོག་ཉིད་དུ་གྲུབ་མོད་ཀྱི། ཅི་སྟེ་ཡང་། གང་དག་མི་མཁས་པ་ཁ་ཅིག་སྐྱེས་བུའི་དོན་གྱི་མཆོག་དེ་ལ་སྐྱེས་བུའི་དོན་ཉིད་དུ་མི་ཤེས་པ་ཡོད་དེ། དེ་ལ་སྔར་དང་པོ་ཉིད་དུ་དོན་དུ་གཉེར་བར་མི་འགྱུར་རོ། །དགོས་པའི་ཁྱད་པར་འདོད་པ་མངོན་དུ་མ་གྱུར་པ་རྣམས་ནི་དགོས་པའི་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་
སྐྱེ་བའི་རྒྱུར་རིགས་པ་ཡང་མ་ཡིན་ཏེ། འབྲས་བུ་རྣམས་ནི་རྒྱུ་ཡོད་པ་ལ་རག་ལས་པའི་ཕྱིར་རོ། །འགའ་ཞིག་གི་མངོན་སུམ་དུ་འགྱུར་བ་ཡིན་མོད་ཀྱི། འོན་ཀྱང་སྒྲུབ་པར་བྱེད་པ་གཞན་སྤངས་ནས་སོ་སོར་ངེས་པའི་སྒྲུབ་པ་ཉེ་བར་ལེན་པའི་རྒྱུ་ཐེ་ཚོམ་གྱི་ཁྱད་པར་གྱི་རྒྱུར་མི་འགྱུར་རོ། །ཐམས་ཅད་
སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པའི་ཚད་མ་མེད་པས་དེའི་རྒྱུ་ཉིད་དུ་རིགས་པས་ཐོབ་པའི་ཕྱིར་རོ། །དེ་ཙམ་གྱིས་འཇུག་པར་རིགས་པ་ཡང་མ་ཡིན་ཏེ། ཐམས་ཅད་ལ་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འགའ་ཞིག་གིས་ཀྱང་ཐམས་ཅད་དུ་འཇུག་པར་མི་ནུས་པ་དེའི་ཕྱིར་འབྲས་བུའི་ཁྱད་པར་
དོན་དུ་གཉེར་བ་རྣམས་ཀྱིས་ཀྱང་སོ་སོར་ངེས་པའི་སྒྲུབ་པར་བྱེད་པ་ཡོངས་སུ་འཛིན་པའི་རྒྱུ་མཚན་མེད་པས་ཡལ་བར་འདོར་བར་བྱའོ། །དེའི་ཕྱིར་སོ་སོར་ངེས་པའི་སྒྲུབ་པ་ཡོངས་སུ་འཛིན་པའི་རྒྱུད་དགོས་པའི་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་བསྐྱེད་པའི་ཕྱིར་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ལ་ལུང་བྱེད་པ་
བཞིན་དུ་འབྲས་བུའི་ཁྱད་པར་དོན་དུ་གཉེར་བ་རྣམས་སོ་སོར་ངེས་པའི་སྒྲུབ་པ་གཟུང་བའི་ཕྱིར་དགོས་པའི་ངག་བརྗོད་པར་བྱ་བ་ཉིད་ཡིན་ཏེ། འདི་ལྟར་དེས་ནི་བསྟན་བཅོས་འདིའི་དོན་གྱི་ཁྱད་པར་བསྟན་གྱི་གཞན་གྱི་ནི་མ་ཡིན་ནོ། །དེས་ན་འདིས་སོ་སོར་ངེས་པའི་སྒྲུབ་པའི་བསྒྲུབ་བྱ་འབྲས་བུའི་ཁྱད་པར་གྱི་ཡུལ་
เล่ม ๑๙๑ · หน้า 137a
ཅན་གྱི་ཐེ་ཚོམ་སྐྱེད་པར་བྱེད་དོ། །ཉན་པ་པོ་དེ་ཡང་རེས་འགའ་བདག་གི་དོན་གྱི་ཁྱད་པར་འདི་སྒྲུབ་པར་འགྱུར་རོ་ཞེས་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ལུང་གིས་བསྐྱེད་པ་བཞིན་དུ་དགོས་པའི་ཁྱད་པར་གྱི་ཡུལ་ཅན་དགོས་པའི་ཚིག་གིས་བསྐྱེད་པའི་ཐེ་ཚོམ་ལས་འཇུག་པ་ཡང་
ཡིན་པའི་ཕྱིར་དེས་ན་དགོས་པའི་ངག་ཉེ་བར་བཀོད་པ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་ལ་ལུང་བྱེད་པ་ཡང་དོན་མེད་པར་འགྱུར་ཏེ། འབྲས་བུའི་ཁྱད་པར་དོན་དུ་གཉེར་བ་རྣམས་ནི་སྒྲུབ་པར་བྱེད་པ་དང་གནོད་པར་
བྱེད་པའི་ཚད་མ་མེད་པར་སྦྱིན་པ་ལ་སོགས་པ་ལ་དང་པོར་ཡང་ཐེ་ཚོམ་དེ་ཡོད་པའི་ཕྱིར་རོ། །འོན་ཀྱང་ཐེ་ཚོམ་ནི་མཐོ་རིས་ལ་སོགས་པའི་འབྲས་བུ་ལ་མི་མཁས་པ་རྣམས་ལ་མི་སྐྱེ་བ་ཉིད་དེ། དེའི་རྒྱུར་འགྱུར་བའི་འབྲས་བུའི་ཁྱད་པར་དོན་དུ་གཉེར་བ་མངོན་དུ་མ་གྱུར་པའི་ཕྱིར་རོ། །གང་དག་ལ་སྐྱེ་བ་དེ་དག་
ལ་ཡང་རྡོ་ལ་སོགས་པ་ཟ་བ་ཐམས་ཅད་དུ་ཡང་འཇུག་པ་རྒྱུ་ཉིད་དུ་ཐམས་ཅད་དུ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ཡོངས་སུ་སྤངས་ནས་སྦྱིན་པ་ལ་སོགས་པ་སོ་སོར་ངེས་པར་ཡོངས་སུ་འཛིན་པའི་རྒྱུར་མི་འགྱུར་རོ་སྙམ་ནས་དེའི་དོན་དུ་ལུང་བྱེད་པ་པོ་རྣམས་ཀྱིས་བྱེད་པ་དེ་བཞིན་དུ་བསྟན་བཅོས་
བྱེད་པ་རྣམས་ཀྱིས་དགོས་པའི་ངག་ཀྱང་བཀོད་པའི་ཕྱིར་གླན་ཀ་འདི་མེད་དོ། །གང་གིས་དེ་དམིགས་པའི་སྟོབས་ཀྱིས་མངོན་པར་འདོད་པའི་དགོས་པའི་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་དུ་གྱུར་པ་ཤེས་པར་འདོད་པའི་དགོས་པའི་ཁྱད་པར་སྟོན་པར་བྱེད་པའི་བསྟན་བཅོས་གཞན་དམིགས་པ་ཡང་མ་ཡིན་ནོ། །
མངོན་པར་འདོད་པའི་དགོས་པའི་ཁྱད་པར་སྒྲུབ་པའི་བསྟན་བཅོས་གཞན་སྲིད་པ་ཡིན་ན་རྟོག་པ་དང་ལྡན་པ་འགའ་ཞིག་བསྟན་བཅོས་གཞན་རྩོམ་པ་ནི་མ་ཡིན་ཏེ། རྟོག་པ་དང་ལྡན་པ་ཉིད་ཉམས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་བསྟན་བཅོས་གཞན་དམིགས་ན་ཡང་བརྗོད་པར་འདོད་པའི་དགོས་པའི་
ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུར་མི་འགྱུར་རོ། །དེ་ལྟ་བས་ན་ཉན་པ་པོའི་སྐྱེ་བོ་འཇུག་པར་བྱ་བའི་དོན་དུ་དགོས་པ་ལ་སོགས་པའི་ངག་ཉེ་བར་བཀོད་དོ་ཞེས་བྱ་བར་གནས་སོ། །གང་ཡང་ཉན་པ་པོའི་སྐྱེ་བོ་འཇུག་པའི་དོན་དུ་དགོས་པ་ལ་སོགས་པ་བརྗོད་པ་ནི་མ་ཡིན་ཏེ། དེ་ལས་ཐེ་ཚོམ་སྐྱེ་བའི་ཕྱིར་ལ།
เล่ม ๑๙๑ · หน้า 137b
རྟོག་པ་དང་ལྡན་པ་ཐེ་ཚོམ་གྱིས་འཇུག་པ་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་གང་དགོས་པ་དང་བྲལ་བའམ། དོན་མེད་པ་དེ་ནི་བརྩམ་པར་བྱ་བ་མ་ཡིན་ཏེ། དཔེར་ན་བྱ་རོག་གི་སོ་བརྟག་པ་དང་སྨྱོན་པ་ལ་སོགས་པའི་ཚིག་བཞིན་ནོ། །བསྟན་བཅོས་འདི་ཡང་དགོས་པ་དང་བྲལ་བ་ཡིན་ནོ། །དེས་ན་
མཉན་པའམ་བྱ་བ་བརྩམ་པར་མི་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཁྱབ་པར་བྱེད་པ་མི་དམིགས་པས་རྩོད་པར་བྱེད་པ་གང་ཡིན་པ་དེའི་གཏན་ཚིགས་མ་གྲུབ་པར་བསྟན་པར་བྱ་བའི་དོན་དུ་དང་པོར་དགོས་པ་ལ་སོགས་པའི་ངག་ཉེ་བར་བཀོད་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་པ་ལྟ་བུར་མངོན་ཏེ་ཐེ་
ཚོམ་གྱིས་ཀྱང་འཇུག་པ་ཉིད་བསྒྲུབས་ཟིན་པའི་ཕྱིར་དང་། མ་གྲུབ་པར་བསྟན་པ་དོན་མེད་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་པོ་དེ་ཚིག་འདི་ལས་འཇུག་པར་འགྱུར་བ་དེ་ལྟ་ན་དེ་དོན་དང་ལྡན་པར་འགྱུར་རོ། །གང་གིས་འདི་འཇུག་པར་འགྱུར་བའི་ཇི་ཙམ་དུ་ངག་འདིས་མ་གྲུབ་པ་བརྗོད་དུ་ཟིན་ཀྱང་རྟོག་པ་དང་ལྡན་
པ་ཚིག་འདི་ལས་ཇི་སྐད་དུ་བཤད་པའི་ཁྱད་པར་བྱེད་པ་ཡོད་པ་ཉིད་ལ་ངེས་པ་སྐྱེ་བ་མ་ཡིན་ཏེ། སྔ་མ་བཞིན་དུ་ཚིག་ཚད་མ་མ་ཡིན་པའི་ཕྱིར་དང་། ཁྱེད་ཀྱི་ལུགས་ཀྱིས་ཐེ་ཚོམ་གྱིས་ཀྱང་རྟོག་པ་སྔོན་དུ་གཏོང་བ་འཇུག་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་མ་གྲུབ་པར་བསྟན་པ་འབྲས་བུ་མེད་པ་ཉིད་ཡིན་
ནོ། །རྟོག་པ་དང་ལྡན་པ་འགའ་ཞིག་བསྟན་བཅོས་ཀྱི་ལུང་མི་ཤེས་པ་གློ་བུར་དུ་ཁྱབ་པར་བྱེད་པ་མེད་པར་ངེས་ཏེ། གོང་གི་རིགས་པ་འདིས་ཕྱིར་རྒོལ་བ་གཞན་པ་ཡང་མ་ཡིན་ནོ། །གང་གིས་དེ་དག་འཇུག་པའི་དོན་དུ་མ་གྲུབ་པ་བརྗོད་པར་བྱ་བར་འགྱུར་བ་དེ་ལ་ཕྱིར་རྒོལ་བ་འགོད་པའི་ཕྱིར་རང་ཉིད་ཀྱིས་བསྟན་
བཅོས་ཀྱི་དགོས་པ་ཤེས་པ་ཡང་བསྟན་བཅོས་བྱེད་པར་རྩོམ་པའམ། ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་རྒྱུ་མཚན་མེད་པའི་ཕྱིར་རྒོལ་ལན་གདབ་རིན་མི་ཆོག་གི་ངག་ལས་ལྡོག་པ་ཡང་མ་ཡིན་ནོ། །ཅི་སྟེ་ཡང་རྟོག་པ་སྔོན་དུ་མི་གཏོང་བ་གང་ཡིན་པ་དེ་གློ་བུར་དུ་རྒྱུ་མཚན་དང་བཅས་པར་ཡང་ཇི་སྐད་དུ་
བཤད་པའི་ཁྱད་པར་བྱེད་པ་མེད་པ་ལེན་ཅིང་གཞན་དག་ཀྱང་ལེན་དུ་འཇུག་སྟེ། དེའི་ཕྱིར་དེ་ལ་མ་གྲུབ་པར་བསྟན་པར་བྱའོ་སྙམ་ན་དེ་ཡང་མི་རིགས་ཏེ། གལ་ཏེ་དེ་ངག་དེ་དག་བསྟན་བཅོས་ལ་འཇུག་པའི་ཡན་ལག་མ་ཡིན་པ་དེའི་ཚེ་དེ་ལ་མ་གྲུབ་པར་བསྟན་པ་དགོས་པ་མེད་པ་ཉིད་དེ། དེ་ལྟ་མ་ཡིན་ཏེ་ཧ་ཅང་
เล่ม ๑๙๑ · หน้า 138a
ཐལ་བར་འགྱུར་རོ། །འདི་ལྟར་ཁ་ཅིག་འབྲེལ་པ་མེད་པ་ཆེས་མང་དུ་སྨྲ་བ་ཡང་ཡོད་དེ། དེ་དག་ལ་ཡང་མི་རིགས་པ་བརྗོད་པ་ཉིད་བསྟན་པར་བྱ་བའི་ཕྱིར་བསྟན་བཅོས་ལ་འཇུག་པའི་ཉེ་བར་མི་མཁོ་བ་ཆེས་མང་པོ་དག་ཀྱང་བརྗོད་པར་བྱ་དགོས་པར་འགྱུར་རོ། །དེ་ལྟ་བས་
ན་གདོན་མི་ཟ་བར་བསྟན་བཅོས་བརྩམ་པ་ལ་གཏན་ཚིགས་མ་གྲུབ་པར་བསྟན་པ་འདི་ནི་འབྲས་བུ་མེད་པ་དང་། ཧ་ཅང་ཐལ་བར་འགྱུར་དུ་འོངས་པས་དེ་ལྟར་ན་འབྲས་བུ་ནི་ཉན་པའི་སྐྱེ་བོ་འཇུག་པ་ཉིད་ཡིན་པར་བརྗོད་པར་བྱའོ། །དེ་ལྟ་བས་ན་གང་ཡང་ཁྱབ་པར་བྱེད་པ་མི་དམིགས་པས་མི་རྩོད་པ་
དང་། དགོས་པ་མ་ཐོབ་པར་མི་འཇུག་པ་དེ་ལ་ཅིའི་ཕྱིར་དོན་དང་བཅས་པར་མི་འགྱུར་ཏེ། ཇི་སྐད་དུ་སྔར་བསྟན་པ་བཞིན་ནོ། །དེ་ལྟ་བས་ན་ཉན་པ་པོའི་སྐྱེ་བོ་འཇུག་པའི་དོན་དུ་བརྗོད་པར་བྱ་བ་ལ་སོགས་པ་བསྟན་ཏོ་ཞེས་བྱ་བར་གནས་སོ། །རང་གི་དོན་དུ་ཡང་མ་ཡིན་ཏེ། དེ་ལས་རང་ཉིད་མི་
འཇུག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྨྱོན་པའི་སྨྲེ་སྔགས་ལ་སོགས་པ་བཞིན་དུ་འབྲེལ་པ་མེད་པ་ཁོ་ནར་འགྱུར་རོ། །གང་ཡང་སློབ་དཔོན་གྱིས་རིགས་པའི་ཐིགས་པ་རང་ཉིད་ཀྱང་དེ་ལྟར་རྟོགས་པར་འགྱུར་ཞེས་བསམས་ནས། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་སྦྱོར་བ་འདི་ཡིན་ནོ་ཞེས་བཤད་པ་
དེ་ཡང་ཕྱི་རོལ་གྱི་སྦྱོར་བའི་དབང་དུ་བྱས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ནང་དུ་བརྗོད་པའི་བདག་ཉིད་ཁོ་ན་ཡིན་ཏེ། རང་གི་དོན་གྱི་རྗེས་སུ་དཔག་པ་ནི་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཞེས་བྱ་བ་ལ་སོགས་པ་བཤད་པ་དེ་ཡང་གཞན་དག་ཕྲག་
དོག་ལ་སོགས་པའི་དྲི་མས་ཉམས་པའི་ཡིད་ཅན་སྣོད་དུ་བྱ་བའི་ཕྱིར་བཤད་པ་ཡིན་ཏེ། སྤྲོས་པས་ཆོག་གོ། །སྟོན་པ་ལ་མཆོད་པར་བྱེད་པ་ནི་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུ་བཅོམ་ལྡན་འདས་ལ་དང་བ་བསྐྱེད་པའི་དོན་དུ་སྟེ། འདི་ལྟར་ཡོན་ཏན་བརྗོད་པའི་སྒོ་ནས་མཆོད་པ་བྱས་པ་འདིས་བཅོམ་ལྡན་འདས་ཀྱི་ཆེ་
བའི་བདག་ཉིད་ཁྱད་པར་དུ་འཕགས་པ་དང་ལྡན་པ་སྟོན་པར་བྱེད་དོ། །དེ་ཐོས་ནས་ཀྱང་རེ་ཞིག་དད་པའི་རྗེས་སུ་འབྲང་བ་རྣམས་ནི་ཐེ་ཚོམ་མེད་པར་མྱུར་དུ་བཅོམ་ལྡན་འདས་ལ་དང་བ་སྐྱེའོ། །གང་ཡང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ཀྱང་དེ་ལྟ་བུ་ལ་གནོད་པ་མ་མཐོང་སྟེ། ཤེས་རབ་ལ་སོགས་པའི་ཡོན་ཏན་གོམས་པས་
เล่ม ๑๙๑ · หน้า 138b
ཁྱད་པར་དུ་འཕགས་པར་འགྱུར་བ་དང་། འཆད་པར་འགྱུར་བའི་དབང་པོ་ལས་འདས་པའི་དོན་དུ་སྒྲུབ་པར་བྱེད་པའི་ཚད་མས་རྣམ་པ་དེ་ལྟ་བུའི་མཁས་པར་འགྲོ་བ་ནི་སྲིད་པར་ངེས་སོ་སྙམ་དུ་ངེས་པར་བཟུང་ནས་བཅོམ་ལྡན་འདས་ལ་དང་བ་སྐྱེད་པར་བྱེད་པ་ཉིད་ཡིན་ནོ། །དེ་ལ་དང་བས་ཀྱང་དེའི་
ཡོན་ཏན་མངོན་པར་འདོད་པ་རྣམས་དེའི་གསུང་རབ་དང་། དེ་ལ་བརྟེན་པའི་བསྟན་བཅོས་ལ་སོགས་པ་ལ་བརྟག་པ་སྔོན་དུ་འགྲོ་བས་འཛིན་པ་ལ་སོགས་པའི་དོན་དུ་གུས་པར་བྱེད་དོ། །དེ་ལས་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་སྐྱེ་བའི་རིམ་གྱིས་ལེགས་པའི་མཆོག་ཐོབ་པའི་
བར་དུ་འགྱུར་བའི་ཕྱིར་ཆེན་པོ་དག་ལ་དང་བ་ནི་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་བྱེད་པ་ཕལ་ཆེར་སྟོན་པ་པོ་རབ་ཏུ་གྲགས་པ་ལ་བརྟེན་ནས། བསྟན་བཅོས་བྱེད་པ་ལ་བསྟན་བཅོས་ཀྱི་དང་པོར་རེ་ཞིག་རང་གི་སྟོན་པ་ལ་མཆོད་པ་བྱེད་པ་ཡིན་ཏེ། དེ་ནི་དེ་ལ་
འཇུག་པའི་ཡན་ལག་གི་ཆ་ཙམ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་བྱེད་པར་འདོད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དེ་ལ་ཕྱག་འཚལ་བ་རྩོམ་མོ་ཞེས་བཤད་དོ། །དེ་ལྟ་ན་སྟོན་པ་ལ་མཆོད་པར་བྱེད་པ་ནི་དོན་མེད་པ་མ་ཡིན་ནོ། །དེ་ལ་ཕྱག་འཚལ་ནས་
ཤེས་བྱ་བའི་བར་གྱིས་ནི་སྟོན་པ་ལ་མཆོད་པར་བརྗོད་པ་བསྟན་ཏོ། །དེ་ཁོ་ན་ཉིད་བསྡུ་བ་བྱ། །ཞེས་པ་འདིས་ནི་བརྗོད་པར་བྱ་བ་དང་། དགོས་པ་གཉིས་བསྟན་ཏེ། འདི་ལྟར་བསྟན་བཅོས་འདིའི་བརྗོད་པར་བྱ་བ་ནི་རང་བཞིན་ལ་སོགས་པའི་བྱེད་པ་དང་བྲལ་བའི་དེ་ཁོ་ན་ཉིད་ལ་སོགས་པའི་རྟེན་
ཅིང་འབྲེལ་པར་འབྱུང་བའི་ཁྱད་པར་གྱི་མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པའི་བྱེད་པ་དང་བྲལ་བ་ཉིད་ཡིན་ནོ། །དེ་དག་ཀྱང་དེ་ཁོ་ན་ཉིད་ཀྱི་སྒྲས་ཤུགས་ཀྱིས་བསྟན་པ་ཁོ་ན་སྟེ། གཞན་དག་ནི་དེ་ཁོ་ན་ཉིད་ཀྱི་དོན་ཉིད་དུ་མི་འཐད་པའི་ཕྱིར་རོ། །འོན་ཏེ་ངག་ཉིད་བརྗོད་པར་བྱ་བ་དང་ལྡན་པ་ཡིན་གྱི་གཞན་ནི་
མ་ཡིན་ནོ་ཞེས་རིགས་པ་མ་ཡིན་ནམ། བསྟན་བཅོས་མཐའ་དག་ནི་ངག་མ་ཡིན་གྱི། འོན་ཀྱང་ངག་གི་ཚོགས་ཡིན་ནོ། །དེས་ན་འདི་ལ་བརྗོད་པར་བྱ་བ་ག་ལ་སྲིད་ཅེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ངག་ཚོགས་པའི་བདག་ཉིད་བསྟན་བཅོས་ཡིན་མོད་ཀྱི། འོན་ཀྱང་ངག་དེ་ནི་ཕན་ཚུན་ལྟོས་ནས་
เล่ม ๑๙๑ · หน้า 139a
འབྲེལ་པར་གནས་ཏེ། དེ་ལྟ་མ་ཡིན་ན་སྨྱོན་པ་ལ་སོགས་པའི་ཚིག་གི་ཚོགས་བཞིན་དུ་དོན་འབྲེལ་པ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ཕན་ཚུན་འབྲེལ་པ་ཅན་སྒྲ་དུ་མ་ཚོགས་པའི་བདག་ཉིད་ཡིན་པའི་ཕྱིར་དེ་ལས་གཞན་པའི་ངག་བཞིན་དུ་བསྟན་བཅོས་ནི་ངག་ཉིད་ཡིན་ནོ། །ཚིག་
ཁོ་ནས་ངག་རྩོམ་པ་ཡང་མ་ཡིན་གྱི། འོན་ཀྱང་ངག་གིས་ཀྱང་རྩོམ་པ་ཡིན་པ་དེ་བས་ན་བསྟན་བཅོས་ནི་ངག་ཆེན་པོ་ཡིན་པའི་ཕྱིར་བརྗོད་པར་བྱ་བ་དང་ལྡན་པ་ཡིན་པའི་ཕྱིར་ཀླན་ཀ་མེད་དོ། །དགོས་པ་ནི་བསྡུས་པའི་ཚིག་གིས་བསྟན་ཏེ། འདི་ལྟར་བསྟན་བཅོས་ལ་འཇུག་པར་འདོད་པ་རྣམས་ཀྱི་དགོས་
པ་ཉེ་བར་བསྟན་པ་ན་དེ་ལྟར་གཏོགས་པ་ཉིད་བསྟན་པར་བྱའི། གཞན་དུ་གཏོགས་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྨྲ་བ་པོ་འབྲེལ་པ་མེད་པ་བརྗོད་པ་ཉིད་དུ་འགྱུར་རོ། །སྨྲ་བ་པོ་བསྟན་བཅོས་ལ་སོགས་པའི་དགོས་པ་བརྗོད་པ་ཡང་བསྟན་བཅོས་ལ་གཞན་དག་གཞུག་པར་འདོད་པས་
ཡིན་གྱི་ཞེས་པས་ནི་མ་ཡིན་ནོ། །ཇི་ལྟར་ན་གཞན་དག་དགོས་པ་བསྟན་པས་བསྟན་བཅོས་ལ་འཇུག་པར་འགྱུར་བ། གལ་ཏེ་དེར་གཏོགས་པ་ཉིད་ཀྱི་དགོས་པ་བརྗོད་པ་ཡིན་གྱི་གཞན་དུ་གཏོགས་པས་ནི་མ་ཡིན་ནོ། །གང་གི་ཕྱིར་གཞན་གྱི་དགོས་པ་བརྗོད་པས་རྟོག་པ་དང་ལྡན་པ་གཞན་ལ་འཇུག་
པ་ནི་མ་ཡིན་ནོ། །ཁྱད་པར་ཅན་གྱི་དོན་སྟོན་པར་ནུས་པའི་ཚིག་ནི་བསྟན་བཅོས་སུ་བརྗོད་ཀྱི། བརྗོད་པར་བྱ་བ་ཙམ་ཡང་སྟོན་པ་ལྷུར་ལེན་པ་ནི་མ་ཡིན་ལ། སྒྲ་ཙམ་དོན་སྟོན་པའི་ནུས་པས་སྟོན་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་བརྗོད་པར་བྱ་བ་ལ་སོགས་པར་གཏོགས་པའི་དགོས་པ་ནི་བསྟན་པར་བྱ་བ་མ་
ཡིན་ནོ། །གང་ཡང་སློབ་དཔོན་གྱིས་ཡང་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་ཞེས་གང་བསྟན་པ་དེ་ནི་དགོས་པ་བསྟན་པ་ཡིན་གྱི་བརྗོད་པར་བྱ་བའི་དགོས་པ་ནི་མ་ཡིན་ཏེ། ཡང་དག་པའི་ཤེས་པ་རྟོགས་པ་ཉིད་ཡང་དག་པའི་ཤེས་པའི་སྒྲར་བརྗོད་
པར་འདོད་པའི་ཕྱིར་ཏེ། ཡང་དག་པའི་ཤེས་པ་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་དེ་བསྟན་ཏོ། །ཞེས་བྱ་བ་འདི་ནི་དགོས་པ་བརྗོད་པའི་དོན་དུ་འབྲེལ་པ་ཡིན་གྱི། དེ་ལྟ་མ་ཡིན་ན་འབྲེལ་པ་མེད་པ་ཉིད་དུ་འགྱུར་རོ། །བསྟན་བཅོས་ཀྱི་དགོས་པ་དེ་ཡང་རྣམ་པ་གསུམ་
เล่ม ๑๙๑ · หน้า 139b
ཏེ། བྱ་བའི་ངོ་བོ་དང་། བྱ་བའི་འབྲས་བུ་དང་། བྱ་བའི་འབྲས་བུའི་འབྲས་བུའོ། །འདི་ལྟར་ཕ་རོལ་རྟོགས་པར་བྱ་བའི་དོན་དུ་བརྩམས་པའི་བསྟན་བཅོས་ནི་བྱེད་པ་ཉིད་དམ་བྱེད་པ་པོ་ཉིད་དུ་འགྱུར་ཏེ། བྱེད་པ་པོ་དང་བྱེད་པ་དག་ཀྱང་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་ཇི་སྐད་དུ་བཤད་པའི་དགོས་པ་
ལས་མ་གཏོགས་པའི་དགོས་པ་ནི་ཡོད་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པ་ནི་བྱ་བ་ལ་ལྟོས་པའི་ཕྱིར་དང་། བྱ་བ་ལ་སོགས་པ་རྣམ་པ་གསུམ་པོ་དེ་མེད་ན་མི་འབྱུང་བའི་ཕྱིར་དེ་དགོས་པ་ཉིད་དུ་རིགས་ལ། དངོས་དང་བརྒྱུད་པས་བྱས་པའི་ཁྱད་པར་ནི་ཡོད་དོ། །བྱ་བ་རྩོམ་པ་ནི་དེའི་དོན་དུ་ཡིན་
པའི་ཕྱིར་དགོས་པ་ནི་འབྲས་བུ་དེའི་གཙོ་བོ་ཡིན་ནོ། །དེ་ལ་ངག་ཐམས་ཅད་རང་གི་བརྗོད་པར་བྱ་བ་སྟོན་པར་བྱེད་པའི་མཚན་ཉིད་ཀྱི་བྱ་བ་ནི་ཐུན་མོང་བ་ཡིན་ནོ། །དེ་ཡང་ཤིན་ཏུ་གྲགས་པའི་ཕྱིར་དགོས་པ་ཉིད་དུ་བསྟན་པར་བྱ་བ་མ་ཡིན་ཏེ། དེ་ནི་བསྟན་བཅོས་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །
གལ་ཏེ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་དོན་དུ་བསྟན་པར་བྱ་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བརྗོད་པར་བྱ་བའི་ཁྱད་པར་བསྟན་པ་ཉིད་ཀྱིས་དོགས་པ་བསལ་ཟིན་པའི་ཕྱིར་རོ། །བརྗོད་པར་བྱ་བའི་ཁྱད་པར་བསྟན་པར་འདོད་པའི་དོན་དུ་དེ་བསྟན་པ་ཡང་མ་ཡིན་ཏེ། བརྗོད་པར་བྱ་བའི་ཁྱད་པར་བསྟན་
པ་ཉིད་ཀྱིས་དེ་བསྟན་ཟིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཐུན་མོང་མ་ཡིན་པའི་བྱ་བ་དེ་བསྟན་པར་བྱའོ། །དེ་ཁོ་ན་ཉིད་བསྡུ་བའི་མཚན་ཉིད་དེ་ཡང་བསྟན་བཅོས་འདི་ལ་ཡོད་པ་ཉིད་ཡིན་ནོ། །གང་གི་ཕྱིར་བསྟན་བཅོས་འདིས་དེ་ཁོ་ན་ཉིད་དེ་དག་དེ་དང་དེར་འཐོར་བ་རྣམས་ཉན་པ་པོའི་བློ་གཅིག་ལ་འགོད་
པའི་མཚན་ཉིད་ཀྱི་བསྡུ་བ་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་ཉིད་བསྡུ་བའི་སྒྲས་བསྟན་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་བྱ་བ་འདིའི་འབྲས་བུ་ནི་བསྟན་པར་བྱ་བའི་རྒྱུད་དུ་གཏོགས་པའི་དེ་ཁོ་ན་ཉིད་བདེ་བླག་ཏུ་རྟོགས་པ་ཡིན་ཏེ། དེ་ཡང་བསྡུས་པའི་སྒྲས་བསལ་བར་བྱས་པ་ཉིད་ཡིན་ནོ། །དེ་ཁོ་ན་ཉིད་
གཅིག་ཏུ་བསྡུས་པ་ནི་རྟོགས་པ་པོས་བདེ་བླག་ཏུ་རྟོགས་པར་འགྱུར་གྱི། རྣམ་པར་འཐོར་བ་ནི་དཀའ་བས་འཛིན་པའི་ཕྱིར་བདེ་བླག་ཏུ་འཛིན་པའི་རྒྱུར་བསྡུས་པའི་སྒྲས་བསྡུས་པ་སྟོན་པ་ན་དེ་ཁོ་ན་ཉིད་བདེ་བླག་ཏུ་རྟོགས་པར་བྱ་བའི་དོན་དུ་འདི་བརྩམས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ཁོ་ན་ཉིད་རྟོགས་པ་
เล่ม ๑๙๑ · หน้า 140a
ཙམ་ནི་འདིའི་འབྲས་བུ་མ་ཡིན་ཏེ། དེ་ལྟ་ན་ནི་སྔོན་གྱི་སློབ་དཔོན་དག་གིས་དེ་ཁོ་ན་ཉིད་བསྟན་ཟིན་པའི་ཕྱིར་བསྟན་བཅོས་བྱེད་པ་དོན་མེད་པར་འགྱུར་རོ། །དེའི་ཕྱིར་ཕ་རོལ་རྗེས་སུ་འཛིན་པ་ཁྱད་པར་ཅན་མེད་པའི་ཕྱིར་དང་། བསྟན་བཅོས་ཀྱང་གཞན་གྱི་དོན་དུ་ཡིན་པའི་ཕྱིར་རོ། །
དེའི་ཕྱིར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་དེ་ཁོ་ན་ཉིད་བསྟན་ཟིན་ན་ཡང་བློ་དམན་པས་ཤིན་ཏུ་འཐོར་བ་ཉིད་ཀྱིས་བདེ་བླག་ཏུ་གཟུང་བར་མི་ནུས་པ་གང་ཡིན་པ་དེ་ལ་བདེ་བླག་ཏུ་གཟུང་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་བསྡུས་པ་བརྩམ་པ་ནི་འབྲས་བུ་མེད་པ་མ་ཡིན་པར་འདོད་དོ་སྙམ་དུ་བསམས་ནས་བསྟན་བཅོས་འདི་བརྩམས་
སོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་བསྡུས་པ་ཞེས་བཤད་ཀྱི། གཞན་དུ་ན། དེ་ཉིད་གཏན་ལ་དབབ་པ་བྱ། །ཞེས་དེ་སྐད་དུ་བསྟན་པར་བྱ་བར་འགྱུར་རོ། །དེ་ལྟར་ན་བརྗོད་པར་འདོད་པའི་དོན་ཇི་ལྟ་བ་བཞིན་གསལ་པོར་བསྟན་པར་བྱས་པར་འགྱུར་རོ། །དེ་ལྟ་བས་ན་བསྡུ་བ་བྱེད་པའི་འབྲས་བུ་ནི་དེ་ཁོ་ན་ཉིད་བདེ་བླག་ཏུ་
རྟོགས་པ་ཁོ་ན་ཡིན་ནོ། །བདེ་བླག་ཏུ་རྟོགས་པ་དེའི་ཡང་དགོས་པ་ནི་ཡུན་མི་རིང་བས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པ་ཡིན་ནོ། །དེ་ཡང་རབ་ཏུ་གྲགས་པའི་ཕྱིར་མ་བརྗོད་དེ། དེ་ཁོ་ན་ཉིད་ཤེས་པ་ལས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་ཡོད་པར་སྨྲ་བ་
རྣམས་ལ་གྲགས་པའི་ཕྱིར་རོ། །ཡང་ན། འགྲོ་ལ་ཕན་པ་མཛད་བཞེད་པས། །ཞེས་བྱ་བའི་འོག་ཏུ་དེ་ཡང་བསྟན་པ་ཡིན་ནོ། །འདི་ལྟ་སྟེ་དེ་གང་གི་དོན་དུ་ཞེ་ན། འགྲོ་ལ་ཕན་པ་མཛད་བཞེད་པས། །དེ་ཁོ་ན་ཉིད་བསྡུ་བ་བྱ། །ཞེས་བྱ་བ་འབྱུང་ངོ་། །ཇི་ལྟར་དེ་ཁོ་ན་ཉིད་བསྡུ་བའི་བྱ་བ་འགྲོ་ལ་ཕན་པའི་རྒྱུར་
འགྱུར་ཞེ་ན། གལ་ཏེ་འགྲོ་བ་ལ་ཕན་པ་སྒྲུབ་པ་ནི་དེ་ཁོ་ན་ཉིད་བསྡུ་བའི་འབྲས་བུ་ཡིན་ན་འགྱུར་ཏེ། དཔེར་ན་སྐོམ་པས་ཆུ་འོན་ཅིག་ཅེས་བྱ་བ་འདི་ལ་ཆུ་འཐུང་བ་དེ་ནི་ལེན་པའི་བྱ་བའི་འབྲས་བུ་ཡིན་པར་རྟོགས་པ་དེ་བཞིན་དུ་འདི་ལ་ཡང་ངོ་། །དེའི་ཕྱིར་འགྲོ་བ་ལ་ཕན་པ་བསྒྲུབ་པའི་དོན་དུ་དེ་ཁོ་ན་ཉིད་བསྡུས་
པ་བྱའོ་ཞེས་བྱ་བའི་དོན་དུ་གནས་སོ། །དགོས་པ་འདི་ལ་རྗེས་སུ་མཐུན་པའི་ཐབས་ཅན་དུ་བསྟན་པ་ཡིན་ཏེ། འདི་ལྟར་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་ཐོབ་པ་ནི་འགྲོ་བ་ལ་ཕན་པར་བརྗོད་ལ། དེའི་རྒྱུ་ནི་ཕྱིན་ཅི་མ་ལོག་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ནི་ཕྱིན་ཅི་ལོག་
เล่ม ๑๙๑ · หน้า 140b
ཡིན་པའི་ཕྱིར་དང་། འགྲོ་བ་ལ་ཕན་པ་ཡང་ཀུན་ནས་ཉོན་མོངས་པ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེའི་རྒྱུ་ལས་བཟློག་པ་འདིའི་རྒྱུ་ཡིན་པར་གནས་སོ། །ཕྱིན་ཅི་མ་ལོག་པར་ཡང་ལས་དང་འབྲས་བུའི་འབྲེལ་པ་ཇི་ལྟ་བ་བཞིན་དུ་ཡིད་ཆེས་པ་དང་། གང་ཟག་དང་ཆོས་ལ་བདག་
མེད་པར་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡིན་ཏེ། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་བསྟན་བཅོས་འདི་ལས་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་འབྱུང་བའི་ཕྱིར། དེས་ན་དེ་ཁོ་ན་ཉིད་བསྡུ་བའི་བྱ་བས་འགྲོ་བ་ལ་ཕན་པ་ཡང་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་
ཡང་ཁོང་དུ་ཆུད་དོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པ་ཡིན་ན་མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པས་སྐྱེས་བུའི་འདོད་པ་ཙམ་ཆད་པའི་ཕྱིར་དེ་ལས་གོང་དུ་དགོས་པ་གཞན་བཙལ་བར་བྱ་བ་མ་ཡིན་པའི་ཕྱིར་དགོས་པ་ཡོངས་སུ་མ་རྫོགས་པ་མ་ཡིན་ནོ། །འབྲེལ་པ་ཡང་
འབྲས་བུ་མེད་པའི་ཕྱིར་བརྗོད་པར་བྱ་བ་དང་། དགོས་པ་དག་ལས་ལོགས་ཤིག་ཏུ་བསྟན་པར་བྱ་བ་མ་ཡིན་ཏེ། འདི་ལྟར་དེ་སྟོན་པ་ན་བསྟན་བཅོས་དང་དགོས་པ་གཉིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ངོ་བོའི་མཚན་ཉིད་བསྟན་པར་བྱ་བ་ཡིན་གྱི། གཞན་བླ་མ་བརྒྱུད་པའི་རིམ་པ་ལ་སོགས་
པའི་མཚན་ཉིད་ནི་མ་ཡིན་ཏེ། དེ་ནི་དོན་ལ་འཇུག་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ངོ་བོ་དེ་ཡང་དགོས་པ་བརྗོད་པ་ཉིད་ཀྱིས་བསྟན་ཏེ། འདི་ལྟར་འདི་ནི་འདིའི་དགོས་པ་ཡིན་ནོ་ཞེས་བསྟན་པ་ན་འདི་ནི་འདིའི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་
འགྱུར་རོ། །གང་ཞིག་གང་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ནི་དེའི་དགོས་པ་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལྟ་བས་ན་ཤུགས་ཀྱིས་ཐོབ་པའི་ཕྱིར་འདིའི་བརྗོད་པར་བྱ་བ་དང་། དགོས་པ་དག་ལས་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །གང་ཞིག་གང་བརྗོད་ན་ཡང་མི་རྟོགས་
པ་ནི་དཔེར་ན་བརྗོད་པར་བྱ་བ་དང་། དགོས་པ་གཉིས་གང་ཡང་རུང་བ་བརྗོད་ཀྱང་ཅིག་ཤོས་མི་རྟོགས་པ་ཡིན་པ་ལྟར་དེ་དེ་ལས་ལོགས་ཤིག་ཏུ་བསྟན་པར་འོས་སོ། །གང་གི་ཕྱིར་དགོས་པ་བརྗོད་ཀྱང་ཇི་སྐད་དུ་བསྟན་པའི་འབྲེལ་པ་མི་རྟོགས་པ་ནི་མི་སྲིད་པའི་ཕྱིར། བརྗོད་པར་བྱ་བ་དང་དགོས་པ་
เล่ม ๑๙๑ · หน้า 141a
གཉིས་ཁོ་ན་བརྗོད་པར་བྱའོ། །བརྗོད་པར་བྱ་བ་ལ་སོགས་པ་འདི་དག་ཀྱང་ཁོ་བོ་ཅག་གིས་ངག་གི་དོན་ཉིད་དུ་རྣམ་པར་མ་ཕྱེའི། འོན་ཀྱང་ངག་ལས་དེའི་དོན་དུ་ཆ་ཤས་བསྡུས་ནས་ཕྱེ་བ་ཡིན་ནོ། །ངག་གི་དོན་ནི་ཇི་སྐད་དུ་བཤད་པའི་བསྡུ་བ་བྱེད་པ་ཉིད་ཡིན་ནོ། །
ཡང་ན་བརྗོད་པར་བྱ་བ་ལ་སོགས་པ་ཕལ་པར་གྱུར་པ་ཡང་ངག་འདི་ལས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ངག་གི་དོན་ཉིད་དུ་ཡང་འགལ་བ་མེད་པ་ཉིད་དོ། །ངག་གཙོ་བོས་དོན་དུ་མ་རྗོད་པར་བྱེད་པ་ནི་འགལ་གྱི། གཙོ་བོ་དང་ཕལ་པའི་ངོ་བོས་ནི་མ་ཡིན་ནོ། །ཅི་སྟེ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་
པའི་རྟེན་བཅོམ་ལྡན་འདས་ལ་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་ཁོ་ནས་བསྟོད་པ་བརྗོད་ཅེ་ན། ཀླན་ཀ་འདི་ནི་མེད་དེ། ཐམས་ཅད་དུ་བརྟག་པ་མཚུངས་པའི་ཕྱིར་དང་། ཡོན་ཏན་དཔག་ཏུ་མེད་པ་བརྗོད་པ་ཉིད་ཀྱིས་མཆོད་པར་བརྗོད་པར་བྱ་བར་ཡང་མི་ནུས་པའི་ཕྱིར། ཡོན་ཏན་གྱི་
ཕྱོགས་གཅིག་བརྗོད་པ་ཉིད་ཀྱིས་དེ་བརྗོད་དོ། །དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་བརྗོད་པ་ཉིད་ཀྱིས་དེ་བརྗོད་པའམ། ཡང་ན་རྣམ་པ་གཞན་དུ་ཡིན་པའི་ཕྱིར་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་ན་ཡང་ཁྱད་པར་བརྗོད་པ། འདི་ལྟར་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་དག་པའི་ལྟ་བ་དང་ལྡན་
པའི་ཕྱིར་འགྲོ་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐོབ་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་སྟོན་པ་ཡིན་ནོ། །དེ་ཉིད་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་དོན་དུ་གཉེར་བ་རྣམས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་རྒྱུར་བརྗོད་པར་བྱའོ། །རྟེན་ཅིང་འབྲེལ་པར་
འབྱུང་བ་སྟོན་པ་ཉིད་ཀྱིས་ཀྱང་བཅོམ་ལྡན་འདས་མངོན་པར་མཐོ་བ་ལ་སོགས་པ་ཐོབ་པར་མཛད་པ་ཡིན་ཏེ། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར། དེའི་དོན་ངེས་པར་བཟུང་བ་ལས་བདེ་འགྲོའི་རྒྱུ་ལས་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་ལ་ཡིད་ཆེས་པ་སྐྱེ་ཞིང་། ངེས་
པར་ལེགས་པའི་རྒྱུ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་ཡང་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱིས་སྐྱེའོ། །དེ་སྐྱེས་ན་ཡང་འཁོར་བའི་རྒྱུ་མ་རིག་པ་ལྡོག་གོ། །དེ་ལོག་ན་ཡང་དེའི་ཚེ་རྩ་བ་ཅན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་ལྡོག་པའི་ཕྱིར་སྒྲིབ་པ་ཐམས་ཅད་དང་བྲལ་
เล่ม ๑๙๑ · หน้า 141b
བས་བྱང་གྲོལ་ཐོབ་པར་འགྱུར་རོ། །དེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པའི་བཅོམ་ལྡན་འདས་ཀྱི་གསུང་མངོན་པར་མཐོ་བ་ལ་སོགས་པ་འཐོབ་པར་མཛད་པའི་རིན་པོ་ཆེ་འདི་ནི་གཙོ་བོ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པ་བརྗོད་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་དོ། །
རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་གཞན་དག་གིས་མི་མཐུན་པའི་རྒྱུ་དང་ཚད་མ་དང་འགལ་བའི་དངོས་པོ་ལ་བརྟེན་པར་འདོད་དེ། དེ་ལྟ་བས་ན་དེ་བསལ་བའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་བཞིན་དུ་གསུངས་པ་ཡིན་ནོ་ཞེས་བསྟན་པའི་དོན་དང་། འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་
གི་བརྗོད་པར་བྱ་བའི་དོན་དེ་ཁོ་ན་ཉིད་བསྡུ་བའི་ཕྱིར་ཇི་སྐད་དུ་བཤད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁྱད་པར་མང་པོ་རྣམས་བཟུང་བ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དེ་ལ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །ཞེས་བྱ་བ་ནི། རང་བཞིན་དབང་དང་གཉི་ག་དང་། །བདག་
སོགས་བྱ་བ་དང་བྲལ་བ། །ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དུ་སྦྱར་བར་བྱའོ། །དེ་ལ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞེས་བྱ་བ་སྤྱིར་བརྗོད་དུ་ཟིན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་འཇུག་སྟེ། གཞན་ལ་ཇི་སྐད་དུ་བཤད་པའི་ཡོན་ཏན་མི་སྲིད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་
འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་དེ་ཡང་དག་པར་བརྟེན་ནས་ཕུང་པོ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཇི་སྐད་དུ་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་བསྐྱེད་པའི་ཕུང་པོ་ལ་སོགས་པ་གང་གིས་གསུངས་པ་ཞེས་བསྟན་པ་ཡིན་ནོ། །འབྱུང་བ་ཞེས་བྱ་བ་
ཐ་དད་པ་ལྟ་བུར་བསྟན་པ་ཡིན་མོད་ཀྱི། འོན་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཉིད་ཁྱད་པར་གཞན་སྤང་བ་ཙམ་ཤེས་པར་འདོད་པ་ལ་དེ་སྐད་དུ་བསྟན་ཏོ། །ཡང་ན་འབྱུང་བར་བྱེད་པས་འབྱུང་བ་སྟེ། ཀྲྀ་ཏྱ་ལྱ་ཊཽ་བར་བ་ཧུ་ལཾ་ཞེས་བྱ་བར་བ་ཧུ་ལ་ཞེས་འབྱུང་བར་བྱེད་པ་པོའི་རྐྱེན་གྷ་ཡིན་ནོ། །དེ་ནས་
པྲ་ཏི་ཏྱའི་སྒྲ་དང་བསྡུ་བ་བྱ་སྟེ། སུ་བ་སུ་པེ་ཏི་མ་ཡུ་རཱ་བྷྱཱཾ་ས་ཀ་ལ་སོགས་པ་ཉིད་བྱུང་བའི་ཕྱིར་རོ། །ཡང་ན་བསྡུ་བ་མེད་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་སྔར་ནི་མེད་པ་ཁོ་ན་ཡིན་པས་མ་བྱས་ལ། ཕྱིས་ནི་དགོས་སམ་སེམས་ནས་བཅུག་གོ། །རང་བཞིན་ནི་གྲངས་ཅན་གྱིས་ཀུན་ཏུ་བརྟགས་པའི་རྡུལ་དང་མུན་པ་དང་
เล่ม ๑๙๑ · หน้า 142a
སྙིང་སྟོབས་ཀྱི་རང་བཞིན་ཏེ་གཙོ་བོའོ། །དབང་ནི་དབང་ཕྱུག་གོ། །གཉིག་ནི་དེ་དག་ཁོ་ན་གཉིས་སོ། །བདག་ནི་འབྱིན་པ་དང་སྡུད་པར་བྱེད་པའི་སྐྱེས་བུ་སྟེ་དེ་ལས་གཞན་ཡང་འཁོར་བ་ཡིན་ནོ། །སོགས་པ་སྨོས་པས་དུས་ལ་སོགས་པ་གཟུང་སྟེ། དེ་དག་གི་བྱ་བ་ནི་རྒྱུའི་ངོ་བོའོ། །དེ་
དང་བྲལ་བ་ནི་དེའི་བྱ་བས་སྟོང་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱིས་མྱུ་གུ་དེ་ཡང་རང་ཉིད་ཀྱིས་བྱས་པ་མ་ཡིན། གཞན་གྱིས་བྱས་པ་མ་ཡིན། གཉི་གས་བྱས་པ་མ་ཡིན། དབང་ཕྱུག་གིས་སྤྲུལ་པ་མ་ཡིན། དུས་ཡོངས་སུ་གྱུར་པ་མ་ཡིན། རང་བཞིན་ལས་བྱུང་བ་མ་ཡིན། རྒྱུ་གཅིག་ལ་
རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་སྐྱེ་བ་ཡང་མ་ཡིན་ནོ་ཞེས་གསུངས་སོ། །འདིས་ནི་གཙོ་བོ་དང་། དབང་ཕྱུག་དང་། གཉི་གའི་རྒྱུ་ཅན་དང་། སྒྲའི་ཚངས་པ་དང་། བདག་བརྟག་པ་རྣམས་བསྟན་ཏོ། །ཅི་སྟེ་དེ་ལྟ་བུར་གྱུར་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཅི་སྐད་ཅིག་མ་མ་ཡིན་པར་གསུངས་སམ་ཞེ་ན་མ་ཡིན་ནོ་ཞེས་
སྨྲས་པ། གཡོ་བ་སྟེ་གཡོ་བ་ཞེས་བྱ་བ་ནི་མི་བརྟན་པ་སྐད་ཅིག་མ་ཞེས་བྱ་བའི་ཐ་ཚིག་སྟེ། གཞན་ལ་ནི་གཡོ་བ་ཉིད་མི་རུང་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱིས། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །འདི་དག་འབྱུང་བ་དེ་ཉིད་ནི། །བྱ་བ་
དེ་ཉིད་བྱེད་པར་བརྗོད། །ཅེས་གསུངས་སོ། །འདིས་ནི་བརྟན་པའི་དངོས་པོ་བརྟག་པ་བསྟན་ཏོ། །གལ་ཏེ་དེ་ལྟ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བརྟེན་ནས་ལས་དང་འབྲས་བུའི་འབྲེལ་པ་ལ་སོགས་པའི་རྣམ་པར་གཞག་པ་ཐོབ་པར་མི་འགྱུར་ཏེ། གཡོ་བའི་ཕྱིར་རོ་ཞེ་ན། དེའི་ཕྱིར་ལས་དང་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། འདི་ཡང་ཕྱིས་སྟོན་པར་འགྱུར་རོ་སྙམ་དུ་བསམས་པའོ། །དེ་ལ་ལས་ནི་དགེ་བ་དང་མི་དགེ་བའོ། །དེའི་འབྲས་བུ་ནི་འདོད་པ་དང་མི་འདོད་པའོ། །དེ་དག་གི་འབྲེལ་པ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོའི་མཚན་ཉིད་དོ། །དེའི་རྣམ་པར་གཞག་པ་ནི་ཡང་དག་པར་གནས་པ་དང་ཐ་སྙད་ཅེས་བྱ་བའི་
ཐ་ཚིག་གོ། །སོགས་པའི་སྒྲས་ནི་དྲན་པ་དང་། ངོ་ཤེས་པ་དང་། ཐེ་ཚོམ་དང་། ངེས་པ་དང་། རང་གིས་གཏམས་པ་ལེན་པ་དང་། དོན་མཐོང་བ་ལ་ངོ་མཚར་དང་བྲལ་བ་དང་། རྒྱུ་དང་འབྲས་བུའི་དངོས་པོ་དང་། དེ་རྟོགས་པར་བྱེད་པའི་ཚད་མ་དང་། བཅིངས་པ་དང་། ཐར་པ་ལ་སོགས་པའི་རྣམ་པར་གཞག་པ་
เล่ม ๑๙๑ · หน้า 142b
གཟུང་ངོ་། །དེ་དག་གི་རྟེན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཀྱེ་དགེ་སློང་དག་འདི་ལ་ལས་ཡོད་དོ། །འབྲས་བུ་ཡོད་དོ། །གང་ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་ཕུང་པོ་འདི་འདོར་ཞིང་ཕུང་པོ་གཞན་ཉེ་བར་ལེན་པའི་བྱེད་པ་པོ་ནི་མི་དམིགས་སོ། །དེ་ལ་ཆོས་སུ་བརྡར་བཏགས་
པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་ལས་དང་འབྲས་བུའི་འབྲེལ་པ་བརྟག་པ་བསྟན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སུ་ཡང་བལྟ་བར་བྱ་སྟེ། དེ་དག་ཉིད་རྟེན་ནས་བྱུང་བ་ཡིན་པའི་ཕྱིར་རོ། །
འོན་ཏེ་རྫས་དང་། ཡོན་ཏན་དང་། ལས་ལ་སོགས་པ་ཡང་དག་པའི་དངོས་པོ་ཡང་ཡོད་པ་མ་ཡིན་ནམ། དེ་དག་ཅིའི་ཕྱིར་མ་ཡིན་ཞེ་ན། ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་དང་། རྫས་དང་། བྱ་བ་དང་། རིགས་དང་། འདུ་བ་དང་ཞེས་ཟླས་དབྱེའོ། །རིགས་ཀྱི་སྒྲས་ཁྱབ་པ་དང་། ཉི་ཚེ་བའི་
སྤྱི་རྣམ་པ་གཉིས་གཟུང་ངོ་། །སོགས་ཀྱི་སྒྲས་བརྟག་པའི་རང་བཞིན་གྱི་ཁྱད་པར་རྣམས་ཏེ། གང་དག་གིས་ཆོས་ཅན་ལས་ཐ་དད་པའི་ཆོས་འགའ་ཞིག་བརྗོད་པ་དཔེར་ན་ཚིག་གི་དོན་དྲུག་པོའི་ཡོད་པ་ཉིད་དམིགས་པ་དང་བཅས་པའི་ཚད་མའི་ཡུལ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་དག་
གཟུང་ངོ་། །ཡོན་ཏན་ལ་སོགས་པ་ཡང་དེ་ཡིན་ལ་ཁྱད་པར་ཏེ་བྱེ་བྲག་ཀྱང་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་དག་གིས་སྟོང་པ་ནི་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་། སྐྱེ་
མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་ཀྱི་བར་དག་གོ་ཅེས་བྱ་བ་ཡིན་ནོ། །འདིས་ནི་ཚིག་གི་དོན་དྲུག་བརྟག་པ་བསྟན་ཏོ། །འོན་ཏེ་ཁྱད་པར་མེད་ན་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྲ་དང་རྣམ་པར་རྟོག་པ་དག་གིས་ཡུལ་དུ་བྱེད་དེ། དེ་དག་གི་ཡུལ་དུ་མ་བྱས་ན་བརྗོད་པར་མི་ནུས་
ཤིང་། ཁྱད་པར་མེད་ན་སྒྲ་དང་རྣམ་པར་རྟོག་པ་དག་འཇུག་པ་ཡང་མེད་ན་དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བསྟན་ཅེ་ན། སྒྲོ་བཏགས་པས་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲོ་བཏགས་པ་ནི་ཕྱི་རོལ་ཉིད་དུ་སྒྲོ་བཏགས་པའི་རྣམ་པའི་རང་བཞིན་སྒྲ་དང་ཤེས་པའི་སྤྱོད་ཡུལ་གང་ལ་ཡོད་
เล่ม ๑๙๑ · หน้า 143a
པ་དེ་ལ་དེ་སྐད་ཅེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གང་ལ་སྒྲོ་བཏགས་པའི་རྣམ་པ་སྒྲ་དང་ཤེས་པའི་སྤྱོད་ཡུལ་གྱི་ཡུལ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤེས་པ་ཞེས་བྱ་བ་ནི་སྒྲ་དང་ཉེ་བའི་ཕྱིར་ནང་གི་བརྗོད་པའི་བདག་ཉིད་ཀྱི་ཤེས་པའི་ཁྱད་པར་རྣམ་
པར་རྟོག་པ་ཡིན་པར་བལྟ་བར་བྱའོ། །དེ་དག་ནི་ཡུལ་གཅིག་ལ་འཁྲུལ་པ་མེད་པ་ཉིད་ཀྱིས་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །དེས་ན་འདི་སྐད་དུ་བསྟན་པ་ཡིན་ཏེ། ཁྱད་པར་མེད་པ་ཡིན་མོད་ཀྱི། འོན་ཀྱང་ཕན་ཚུན་ལྡོག་པའི་དངོས་པོ་མཐོང་བའི་སྒོ་ནས་འོངས་པའི་ཕྱི་རོལ་གྱི་ངོ་བོ་ཉིད་དུ་ཞེན་པ་
རྣམ་པར་རྟོག་པའི་གཟུགས་བརྙན་གྱི་བདག་ཉིད་སྒྲའི་དོན་དེ་ལ་ཡོད་པ་ཡིན་ནོ། །འདིར་སྒྲ་རྣམས་ཀྱི་སྤྱོད་ཡུལ་ནི་དོན་དམ་པར་མ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །འོན་ཀྱང་འཇིག་རྟེན་ན་མ་བརྟགས་ན་ཉམས་དགའ་བར་སྒྲའི་དོན་གྲུབ་པ་ཇི་ལྟ་བ་དེ་ཁོ་ན་
ལྟར་དེ་ཁོ་ན་ཉིད་ཀྱི་དོན་བཏང་སྙོམས་སུ་མཛད་པའི་བཅོམ་ལྡན་འདས་ཀྱིས་ཀྱང་གླང་པོ་ཆེའི་ལྟ་སྟངས་ཀྱིས་དོན་དམ་པ་ལ་འཇུག་པའི་དོན་དུ་བརྗོད་པའི་ཀུན་རྫོབ་ཏུ་བསྟན་ཏེ། ཐབས་གཞན་མེད་པའི་ཕྱིར་རོ། །སྒྲོ་བཏགས་པའི་རྣམ་པ་ཅན་ཡིན་ན་ཡང་སྒྲའི་དོན་བརྒྱུད་པས་དངོས་པོ་དང་
འབྲེལ་པའི་ཕྱིར། དེ་རྟོགས་པའི་རྒྱུ་ཉིད་ཡོད་པས་རྣམ་པ་དེ་ལྟ་བུའི་དངོས་པོ་དེ་དག་ཤུགས་ཀྱིས་རྟོགས་པར་འགྱུར་བའི་ཕྱིར་སླུ་བ་མི་སྲིད་དོ། །དེ་ལ་འདི་ནི་སྐྱོབ་པས། མིང་ནི་གང་དང་གང་དག་གིས། །ཆོས་ནི་གང་དང་གང་བརྗོད་པ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །དེ་ནི་དེ་ལ་ཡོད་མ་
ཡིན། །ཞེས་གསུངས་པ་ཡིན་ནོ། །འདིས་ནི་སྒྲའི་དོན་བརྟག་པ་བསྟན་ཏོ། །ཡང་ཅི་འདི་མུ་སྟེགས་བྱེད་ཀྱིས་ཀུན་ཏུ་བརྟགས་པའི་དངོས་པོ་བཞིན་དུ་རྟོགས་པར་བྱེད་པའི་ཚད་མའི་ནོར་གྱིས་དབུལ་བ་ཉིད་ཀྱིས་ཚིག་བཀོད་པའི་རྩོམ་པ་ཙམ་སྙིང་པོར་གྱུར་པ་ཡིན་ནམ། འོན་ཏེ་འདིའི་རྟོགས་པར་
བྱེད་པའི་ཚད་མ་ཅུང་ཟད་ཅིག་ཡོད་ཅེ་ན། སྨྲས་པ། ཡོད་དོ། །གསལ་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ། དེ་ནི་མཚན་ཉིད་ཀྱང་ཡིན་ལ་གསལ་བ་ཡང་ཡིན་པས་ཞེས་ཁྱད་པར་གྱི་བསྡུ་བའོ། །གསལ་བའི་མཚན་ཉིད་ནི་མི་སྲིད་པ་དང་། མ་ཁྱབ་པ་དང་། ཧ་ཅང་ཁྱབ་པའི་སྐྱོན་དང་
เล่ม ๑๙๑ · หน้า 143b
བྲལ་བའི་ཕྱིར་རོ། །མུ་སྟེགས་བྱེད་ཀྱི་ཚད་མའི་མཚན་ཉིད་ནི་མི་གསལ་བ་ཡིན་ནོ་ཞེས་བསྟན་པའི་དོན་དུ་གསལ་བའི་མཚན་ཉིད་ཅེས་བསྟན་ཏོ། །དེ་དང་ལྡན་པ་ནི་དེ་དང་ཡང་དག་པར་ལྡན་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་ཞེས་བྱ་བའི་ཚད་མ་གཉིས་པོ་གང་ཡིན་པ་དེས་གཏན་ལ་ཕབ་
པའོ། །འདི་ཡང་བརྟག་པ་ཐམས་ཅད་དུ་སྟོན་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཀྱང་བཞེད་པ་ཡིན་ཏེ། ཇི་སྐད་དུ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བས་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་
མིན། །ཞེས་གསུངས་པ་བཞིན་ནོ། །དེ་ལ་མངོན་སུམ་གྱི་མཚན་ཉིད་ནི་མ་འཁྲུལ་པ་དང་རྟོག་པ་དང་བྲལ་པ་ཉིད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའི་སྙམ་དུ་ནི་མ་ཡིན་ནོ་ཞེས་གསུངས་ཏེ། འདི་ལྟར་སྔོན་པོ་ཞེས་བྱ་
བ་འདིས་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་དུ་བསྟན་པའི་ཕྱིར་མ་འཁྲུལ་བ་བརྗོད་ལ། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་མིང་དང་འབྲེལ་པའི་དོན་འཛིན་པ་སྤངས་པའི་ཕྱིར་རྟོག་པ་དང་བྲལ་པ་ཉིད་བརྗོད་དོ། །རྗེས་སུ་དཔག་པའི་མཚན་ཉིད་ཀྱང་རྗེས་སུ་དཔག་པའི་རྟེན་རྟགས་སྟོན་པ་ན་
གསུངས་ཏེ། འདི་ལྟར་བསྒྲུབ་པར་བྱ་བའི་དོན་མེད་ན་མི་འབྱུང་བའི་རྟགས་ངེས་པ་ནི་རྗེས་སུ་དཔག་པའི་ཤེས་པའི་རྒྱུ་ཡིན་ནོ། །དེ་ཡང་དགེ་སློང་དག་གང་ཅུང་ཟད་ཀུན་འབྱུང་བའི་ཆོས་ཡིན་པ་དེ་ཐམས་ཅད་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་བསྒྲུབ་བྱས་གཏན་ཚིགས་ལ་ཁྱབ་བ་བསྟན་པས་ན་གསལ་
བ་རབ་ཏུ་བསྟན་པ་ཉིད་ཡིན་ནོ། །ཇི་སྐད་དུ། མེད་ན་མི་འགྱུར་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །བསྒྲུབ་བྱས་གཏན་ཚིགས་ཁྱབ་པ་ནི། །བསྟན་པ་དེ་ཡང་གསལ་བར་བཤད། །ཅེས་གསུངས་པ་བཞིན་ཡིན་ནོ། །རྟགས་དེ་ཡང་རང་བཞིན་དང་འབྲས་བུ་དང་། མི་དམིགས་
པའི་ཁྱད་པར་གྱི་བྱེ་བྲག་གིས་རྣམ་པ་གསུམ་དུ་དབྱེ་སྟེ། དེ་ལ་དགེ་སློང་གང་དག་ཅུང་ཟད་སྐྱེ་བའི་ཆོས་ཅན་ཞེས་བྱ་བ་འདིས་རང་བཞིན་གྱིས་རྟགས་བསྟན་ཏོ། །འབྲས་བུ་ཡང་། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་
เล่ม ๑๙๑ · หน้า 144a
རྣམས་ལས་ཤེས། །ཞེས་གསུངས་པས་བསྟན་པ་ཡིན་ནོ། །མི་དམིགས་པའི་ཁྱད་པར་ཡང་མི་དམིགས་པ་ཙམ་ཚད་མ་ཡིན་པ་སྤོང་བ་ན་བསྟན་པ་ཉིད་དེ། ཇི་སྐད་དུ། དགེ་སློང་དག་གང་ཟག་གིས་གང་ཟག་གི་ཚོད་མ་འཛིན་ཅིག །དགེ་སློང་དག་གང་ཟག་གིས་གང་ཟག་གི་ཚོད་
འཛིན་པ་ནི་ཉམས་པར་འགྱུར་ཏེ། ངའམ་ང་དང་འདྲ་བས་གང་ཟག་གི་ཚོད་གཟུང་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་རང་བཞིན་གྱིས་བསྐལ་པ་ལ་སོགས་པ་ལ་དམིགས་པ་ཙམ་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །ངའམ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ནི་མི་དམིགས་
པའི་ཁྱད་པར་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་གསལ་བར་རབ་ཏུ་བསྟན་པ་ཡིན་ནོ། །འདིས་ཀྱང་མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པ་བརྟག་པ་བསྟན་ཏོ། །ཡང་ཅི་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་འགྱུར་བ་སྨྲ་བས་ཇི་སྐད་དུ་བརྗོད་པ་བཞིན་དུ་དངོས་པོ་ལ་སོགས་པའི་ངོ་བོ་འགའ་
ཞིག་གིས་རྗེས་སུ་འགྲོ་བ་དང་བཅས་པ་ཡིན་ནམ། འོ་ན་ཏེ་མ་འདྲེས་པའི་ངོ་བོ་ཡིན། དེ་ལས་ཅིར་འགྱུར། རྗེས་སུ་འགྲོ་བ་དང་བཅས་པ་ཉིད་ཡིན་ན་མངོན་སུམ་ལ་སོགས་པའི་མཚན་ཉིད་འཆོལ་བ་ཡིན་པ་དང་། རྒྱུ་དང་འབྲས་བུ་དག་ཀྱང་རང་བཞིན་ཐ་མི་དད་པའི་ཕྱིར་བསྐྱེད་པར་བྱ་བ་དང་
སྐྱེད་པར་བྱེད་པ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་གསལ་བའི་མཚན་ཉིད་དང་ལྡན་པའི་ཚད་མ་གཉིས་ཀྱིས་ངེས་པ་མ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡང་རིགས་པ་མ་ཡིན་ཏེ། རང་གི་ངོ་བོ་མ་འདྲེས་པ་ཉིད་ཡིན་ན་ཡང་ལྷན་ཅིག་བྱེད་པ་རྣམས་ཀྱི་བྱེ་བྲག་ཁྱད་པར་མེད་པའི་ཕྱིར་སྐྱེད་པར་བྱེད་པ་
མ་ཡིན་པར་མངོན་པར་འདོད་པའི་དངོས་པོ་བཞིན་དུ་དོན་གྱི་བྱ་བ་གཅིག་བྱེད་པ་ཉིད་དུ་མི་འགྱུར་རོ། །འདིར་སྨྲས་པ། གཞན་གྱི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ། འདིར་འདི་སྙམ་དུ་ཕྱོགས་ཕྱི་མ་ཉིད་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལ་ཇི་སྐད་དུ་བཤད་པའི་སྐྱོན་གྱི་གོ་སྐབས་མེད་
དོ་ཞེས་ཕྱི་ནས་བསྟན་པར་བྱའོ། །འབྲས་བུ་ལ་གཞན་གྱི་བདག་ཉིད་དང་འདྲེས་པ་སྟེ། འཆོལ་བ་ཞེས་ཚིག་རྣམ་པར་སྦྱར་རོ། །རྒྱུ་ལ་སོགས་པའི་རང་གི་ངོ་བོ་གཞན་འབྲས་བུ་ལ་སོགས་པ་གང་ལ་ཆ་ཙམ་ཡང་རྗེས་སུ་འགྲོ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཕྲ་རབ་ཀྱིས་ཀྱང་ཞེས་བྱ་བ་ལ་ཀྱང་གི་
เล่ม ๑๙๑ · หน้า 144b
སྒྲས་ནི་ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་མང་པོ་འབའ་ཞིག་ཏུ་མ་ཟད་ཤིན་ཏུ་ཕྲ་བས་ཀྱང་ཞེས་བསྟན་ཏོ། །ངོ་བོ་གཅིག་རྗེས་སུ་འགྲོ་བ་ཡིན་ན་ཡང་བདག་ཉིད་ཐམས་ཅད་རྗེས་སུ་འགྲོ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ཡང་ཕྱིས་སྟོན་པར་འགྱུར་རོ། །དེ་ཡང་བཅོམ་ལྡན་འདས་
ཀྱིས་ཇི་ལྟར་མྱུ་གུ་རྟག་པ་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུ་ཡང་གཞན་ས་བོན་ཡང་གཞན་ཡིན་ལ། མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ཏེ། དེ་ལྟ་བས་ན་ས་བོན་འདྲ་བ་ལས་མྱུ་གུ་འབྱུང་ངོ་ཞེས་གསུངས་སོ། །དེ་ལྟ་བས་ན་མི་འཕོ་ཞེས་བྱ་བའོ། །འདིས་ཀྱང་མ་ངེས་པ་སྨྲས་པ་བརྟགས་པ་
བསྟན་ཏོ། །འོན་ཏེ་ཅི་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་མ་འདྲེས་པ་རྣམས་ཀྱང་ཐམས་ཅད་ཡོད་པར་སྨྲ་བར་འཕོ་བར་སྨྲ་བ་ཁ་ཅིག་གིས་ཇི་སྐད་དུ་སྨྲས་པ་བཞིན་དུ་དུས་རྣམས་སུ་རང་གི་ངོ་བོ་མ་དོར་བར་འཇུག་པ་ཡིན་ནམ་ཞེ་ན། དེ་ལྟ་མ་ཡིན་ནོ་ཞེས་སྨྲས་པ། མི་འཕོ་ཞེས་བྱ་བ་ལ། གལ་ཏེ་འཕོ་བ་ཡིན་ན་དེའི་ཚེ་
བདག་ཉིད་ཐམས་ཅད་ཀྱིས་ཡོད་པའི་ཕྱིར་ཅུང་ཟད་ཀྱང་བསྐྱེད་པར་བྱ་བར་མི་འགྱུར་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་མི་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །གང་ལ་ཕུང་པོ་ལ་སོགས་པ་རྣམས་དུས་རྣམས་སུ་རྒྱུ་བའི་འཕོ་བ་ཡོད་པ་མ་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལས་བཅོམ་
ལྡན་འདས་ཀྱིས་གསུངས་ཏེ། ཇི་སྐད་དུ། མིག་ནི་སྐྱེ་བ་ན་ཡང་གང་ནས་ཀྱང་མ་འོངས། འགག་པ་ན་ཡང་གང་དུ་ཡང་ཐིམ་ནས་མི་འགྲོ་སྟེ། དགེ་སློང་དག་མིག་ནི་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་རོ་ཞེས་གསུངས་སོ། །འདིས་ཀྱང་དུས་གསུམ་བརྟག་པ་བསྟན་ཏོ། །
འོན་ཏེ་ཅི་འདི་ཇི་ལྟར། ཚུ་རོལ་མཛེས་པ་པ་རྣམས་ཀྱིས། །ཤི་ནས་ཐལ་བར་གྱུར་པ་ལ། །སླར་སྐྱེ་བ་ལྟ་ག་ལ་ཡོད། །ཅེས་སྨྲས་པ་ལྟར་མཐོང་བའི་དུས་ཙམ་དུ་འབྱུང་བ་ཡིན་ནམ་ཞེ་ན། མ་ཡིན་ནོ་ཞེས་སྨྲས་པ། ཐོག་མ་ཐ་མེད་པ་ཞེས་བྱ་བ་ལ། འདི་ལ་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་
ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འཁོར་བའི་སྐྱེ་བ་ནི་ཐོག་མ་དང་ཐ་མ་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་ཞེས་བྱ་བ་ནི་དང་པོ་ལ་བརྗོད་ལ། ཐ་མ་ནི་མཐར་བརྗོད་དོ། །དེ་དག་བཀག་པས་ཐོག་མ་ཐ་མེད་པ་ཞེས་བྱའོ། །འདི་
เล่ม ๑๙๑ · หน้า 145a
ཡང་འཕགས་པའི་ལམ་མ་སྐྱེས་པའི་དབང་དུ་མཛད་ནས་གསུངས་ཀྱི། འཕགས་པའི་ལམ་སྐྱེས་པ་རྣམས་ལ་ནི་འཁོར་བ་མཐའ་དང་བཅས་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་རྣམས་ལ་འཁོར་བ་རིང་། །ཞེས་གསུངས་སོ། །
འདིས་ཀྱང་འཇིག་རྟེན་རྒྱང་པན་པ་བརྟག་པ་བསྟན་ཏོ། །འོན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཕྱི་རོལ་གྱི་དོན་གྱི་བདག་ཉིད་དམ། འོན་ཏེ་སེམས་ཙམ་གྱི་རང་བཞིན་ཡིན་ཞེ་ན། གཟུགས་བརྙན་ལ་སོགས་ལྟ་བུ་སྟེ། །ཞེས་བྱ་བ་སྨོས་སོ། །འདིས་ནི་སེམས་ཙམ་གྱི་བདག་ཉིད་ཡིན་ནོ་ཞེས་
བསྟན་པ་ཡིན་ཏེ། འདི་ལྟར་འདི་སྐད་དུ་ཇི་ལྟར་གཟུགས་བརྙན་དང་མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་སེམས་ཙམ་གྱི་རང་བཞིན་ཡིན་པ་དེ་བཞིན་དུ་འདི་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ཡང་བཅོམ་ལྡན་འདས་ཀྱིས། ཇི་ལྟར་བྱིས་པ་རྣམས་བརྟགས་ལྟར། །
ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་གསུངས་སོ། །འདིས་ཀྱང་ཕྱི་རོལ་གྱི་དོན་བརྟག་པ་བསྟན་ཏོ། །དེའི་ཕྱིར་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་སྐད་དུ་བཤད་པའི་དོན་མེད་པའི་རྟོག་པའི་དྲ་བ་དང་བྲལ་བ་ཉིད་བསྟན་
ནས། མཇུག་བསྡུ་བའི་ཕྱིར་སྤྲོས་པའི་ཚོགས་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་རང་བཞིན་གྱི་རྒྱུ་ཅན་ཡིན་པ་ཉིད་ལ་སོགས་པ་སྤྲོས་པ་ཐམས་ཅད་ཀྱི་ཚོགས་ནི་འདུས་པ་སྟེ་དེ་ལས་གྲོལ་བའོ། །འོན་ཏེ་ཅི་འདི་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་དབྱིག་གི་སྙིང་པོ་ལ་
སོགས་པ་གཞན་དག་གིས་ཀྱང་དེ་བཞིན་དུ་རྟོགས་སམ་ཞེ་ན། མ་ཡིན་ནོ་ཞེས་སྨྲས་པ། གཞན་གྱིས་རྟོགས་པ་མ་ཡིན་ཞེས་བྱ་བ་ལ། མུ་སྟེགས་བྱེད་ཐམས་ཅད་ནི་ཇི་ལྟ་བ་བཞིན་ཉིད་མ་ཡིན་པའི་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིན་ཅི་ལོག་འདི་ནི་བཅོམ་ལྡན་འདས་ཉིད་ཀྱི་མ་འདྲེས་པའི་
མཁྱེན་པ་ཡིན་ནོ་ཞེས་བ་སྟན་ཏོ། །འདི་ཡང་བརྟག་པ་ཐམས་ཅད་དུ་སྟོན་པར་འགྱུར་རོ། །ཅི་སྟེ་དེ་ལྟ་བུར་གྱུར་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་བཅོམ་ལྡན་འདས་རང་ཉིད་ཀྱིས་མཁྱེན་ནས་གསུངས་སམ། འོན་ཏེ་རྒྱལ་དཔོག་པ་རྣམས་ཇི་སྐད་དུ། །དེ་ཕྱིར་དབང་པོ་ལས་འདས་དོན། །དངོས་
เล่ม ๑๙๑ · หน้า 145b
སུ་མཐོང་བ་ཡོད་མ་ཡིན། །ཚིག་ནི་རྟག་པ་གང་ཞིག་གིས། །མཐོང་བ་དེ་ནི་མཐོང་མ་ཡིན། །ཞེས་སྨྲས་པ་ལྟར་གཞན་གྱིས་མངོན་པར་འདོད་པའི་སྐྱེས་བུས་མ་བྱས་པའི་རིག་བྱེད་ཀྱི་ཚིག་ལ་བརྟེན་ནས་མཁྱེན་ཏེ་གསུངས་ཤེ་ན། དེ་ལྟར་མ་ཡིན་ནོ་ཞེས་སྨྲས་པ། རང་དབང་ཐོས་དང་
འབྲེལ་མེད་ཅིང་། །ཞེས་སྨོས་ཏེ། རང་དབང་ཐོས་པ་ནི་རང་ལས་ཚད་མར་གྱུར་པ་སྟེ་ཚིག་རྟག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་འབྲེལ་པ་མེད་པ་ནི་མི་གནས་པ་དེ་ལ་ལྟོས་པ་མེད་པ་ཉིད་ཁོ་ན་སྟེ། དངོས་སུ་གཟིགས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ་ཞེས་བྱ་བའི་དོན་ཏོ། །སྐྱེས་
བུས་མ་བྱས་པའི་ངག་ཀྱང་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་དེ་ལྟར་ན་སྔོན་གྱི་དྲང་སྲོང་ཆེན་པོ་དེ་དག་རིག་བྱེད་དག་གི་བྱེད་པ་པོ་དང་། སྔགས་རྣམས་ཀྱི་འཇུག་པར་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །འདི་ཡང་ཕྱིས་བསྟན་བར་བྱའོ་སྙམ་དུ་བསམས་
པ་ཡིན་ནོ། །འདིས་ཀྱང་ཐོས་པ་བརྟག་པ་དང་། རང་ལས་ཚད་མ་བརྟག་པ་བསྟན་ཏོ། །ཅི་སྟེ་བཅོམ་ལྡན་འདས་རང་གི་དོན་ཕུན་སུམ་ཚོགས་པ་མ་ལུས་པ་ཐུགས་སུ་ཆུད་ན་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་སྟོན་པར་མཛད་ཅེ་ན། འགྲོ་ཕན་མཛད་པར་བཞེད་པ་ཡིས། ཞེས་བྱ་བ་སྨོས་
ཏེ། །འགྲོ་ཕན་ནི་འགྲོ་བ་ལ་ཕན་པའོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ཅན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་ཡིན་ནོ། །དེ་མཛད་པར་བཞེད་པ་ནི་འགྲོ་ལ་ཕན་པར་མཛད་པ་བཞེད་པའོ། །དེ་ནི་དེ་སྟོན་པའི་རྒྱུ་ཡིན་ནོ། །
འདིའི་འགྲོ་བ་ལ་ཕན་པར་མཛད་པར་བཞེད་པ་དེ་ཡང་ག་ལས་བྱུང་ཞེ་ན། བསྐལ་པ་གྲངས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་བསྐལ་པ་གྲངས་མེད་པ་མི་ཉུང་བར་ཐུགས་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བཅོམ་ལྡན་འདས་རང་གི་དོན་ཕུན་སུམ་ཚོགས་པ་མ་
ལུས་པ་བརྙེས་ན་ཡང་གཞན་གྱི་དོན་མཛད་པའི་བྱ་བ་ཡོངས་སུ་མི་འདོར་བའི་ཕྱིར་ཐུགས་རྗེ་ཆེན་པོ་དེ་ཡང་མངའ་བ་ཡིན་ནོ། །ཅི་སྟེ་ཐུགས་རྗེ་ཆེན་པོའི་བདག་ཉིད་དུ་འགྱུར་བ་འདིས་ཅི་ཞིག་མཛད་ཅེ་ན། གོམས་མཛད་པ་གང་གིས་ཞེས་བྱ་བ་སྨོས་ཏེ། གང་གིས་ཞེས་བྱ་བ་སྤྱིའི་ཚིག་ཡིན་ཡང་
เล่ม ๑๙๑ · หน้า 146a
སངས་རྒྱས་བཅོམ་ལྡན་འདས་ལ་འཇུག་སྟེ། གཞན་ལ་ཇི་སྐད་དུ་བཤད་པའི་ཡོན་ཏན་མེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་བརྟེན་པ་སྟེ། ཡང་དག་པར་ཀུན་ནས་བརྟེན་པས་ཡང་དག་པར་ཀུན་ནས་བརྟེན་ནས་ཕུང་པོ་
ལ་སོགས་པ་འབྱུང་བ་དག་གོ། །དེ་སྐད་དུ་རྒྱུ་དང་རྟེན་གྱི་སྟོབས་ལས་འབྱུང་བའི་ཕུང་པོ་ལ་སོགས་པ་གང་གིས་གསུངས་པ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་ཡང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཐ་དད་པ་ཉིད་དུ་བསྟན་པ་དེ་ལྟ་ན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོ་ན་དངོས་པོ་ཡིན་ཏེ།
ཐ་དད་པ་གཞན་དོར་བ་ཙམ་ཤེས་པར་འདོད་པས་དེ་ལྟར་བཤད་པའོ། །ཡང་ན་འབྲེལ་པར་འབྱུང་བས་ན་འབྲེལ་པར་འབྱུང་བ་སྟེ། མང་པོའི་ཚིག་གི་བྱེད་པའི་རྐྱེན་སྦྱར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པས་ན་ཞེས་བྱ་བའམ། བསྡུ་བ་མེད་པ་ཉིད་ཡིན་ཏེ། འདི་ཐམས་ཅད་
ཀྱིས་བཅོམ་ལྡན་འདས་གཞན་ལ་ཕན་པ་བསྒྲུབ་པ་ཕུན་སུམ་ཚོགས་པ་ཡང་དག་པའི་ཐབས་ཅན་ཡིན་པར་གསལ་བར་བྱས་པ་ཡིན་ཏེ། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ལྟ་བུར་གྱུར་པ་གང་གིས་གསུངས་པ་ཞེས་བྱ་བ་འདིས་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་གཞན་ལ་ཕན་
པར་སྒྲུབ་པ་ཡིན་པར་བསྟན་ཏོ། །བཅོམ་ལྡན་འདས་གཞན་དག་ལ་མཐོ་རིས་དང་བྱང་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པ་གང་ཡིན་པ་འདི་ཉིད་ཕན་པ་སྒྲུབ་པ་ཡིན་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་སྟོན་པ་པོ། །ཁྱེད་ཅག་ཉིད་ཀྱིས་བྱ་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །
གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་ཕྱིན་ཅི་མ་ལོག་པ་འདིའི་ཐབས་ནི། ཆོས་རྣམས་དངོས་སུ་གཟིགས་པ་དང་། ཐུགས་རྗེ་ཆེན་པོ་ཡིན་ནོ། །གང་གི་ཕྱིར་སྙིང་རྗེ་ཅན་ཡིན་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ན་གཞན་ལ་ཕན་པ་ཡང་དག་པ་སྟོན་པར་མི་ནུས་སོ། །
ཡོངས་སུ་ཤེས་པ་དང་ལྡན་པ་ཡིན་ན་ཡང་བརྩེ་བ་ལས་ཉམས་པས་ནི་མི་སྟོན་པ་ཡིན་ལ། སྟོན་ན་ཡང་མི་ཕན་པ་སྟོན་པར་འགྱུར་རོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱི་སྙིང་རྗེ་དང་ཤེས་རབ་གཉི་ག་ཡང་གཞན་ལ་ཕན་པ་ཡང་དག་པར་སྒྲུབ་པའི་ཐབས་ཡིན་ནོ། །དངོས་སུ་གཟིགས་
เล่ม ๑๙๑ · หน้า 146b
པ་དེ་ཡང་རང་དབང་ཅན་གྱི་ཐོས་པ་དང་མ་འབྲེལ་པ་ཉིད་ཀྱིས་བསྟན་ཏོ། །ཐུགས་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པ་ཉིད་ཀྱིས་ཀྱང་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ། །འོན་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པ་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པས་ཀྱང་སྟོན་པ་
མ་ཡིན་ནམ། དེས་ན་བཅོམ་ལྡན་འདས་འདི་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་ཅེ་ན། སྨྲ་རྣམས་ཀྱི་དམ་པ་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་ལ་སོགས་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་ཡིན་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཉིད་དེ་དག་གི་སྨྲ་རྣམས་ཀྱི་དམ་པ་སྟེ་གཙོ་བོ་
ཡིན་ནོ། །ཆོས་ཀྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་པ་ཉིད་ཀྱིས་སྟོན་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་དེ་དག་ནི་རང་ཉིད་ཀྱིས་ཇི་སྐད་དུ་བཤད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པར་ནུས་པ་མ་ཡིན་ཏེ། ཡོན་ཏན་དང་སྐྱོན་ཐམས་ཅད་འཕེལ་བ་དང་འགྲིབ་པ་མཐར་ཕྱིན་པ་ལ་བརྟེན་
པའི་ཕྱིར། བཅོམ་ལྡན་འདས་ཁོ་ན་མཆོག་ཡིན་གྱི། གཞན་དག་ནི་མ་ཡིན་ཏེ། དེ་དག་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །འདིས་ནི་བཅོམ་ལྡན་འདས་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་ཅན་དུ་བསྟན་པས་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་
སྤངས་པའི་མཚན་ཉིད་ཅན་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟ་མ་ཡིན་ན་བཅོམ་ལྡན་འདས་ཇི་སྐད་དུ་བཤད་པའི་ཡོན་ཏན་དང་ལྡན་པ་མ་ཡིན་ན་ཇི་ལྟར་དེ་དག་ལས་ཁྱད་པར་ཅན་དུ་འགྱུར། དེ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ་བ་སྨོས་ཏེ། འདིས་ནི་ཐམས་
ཅད་མཁྱེན་པ་སྒྲུབ་པ་བསྟན་ཏོ། །ཅི་སྟེ་དེ་ལ་ཕྱག་འཚལ་ནས་ཅི་ཞིག་བྱེད་ཅེ་ན། དེ་ཁོ་ན་ཉིད་བསྡུ་བ་བྱ། །ཞེས་བྱ་བ་སྨོས་ཏེ། ཇི་སྐད་དུ་བཤད་པའི་ཁྱད་པར་དུ་བྱས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོ་ན་དེ་ཁོ་ན་ཉིད་དེ། ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །དེ་དག་དེ་དང་དེར་རྣམ་པར་འཐོར་བ་
རྣམས་གཅིག་ཏུ་སྡུད་པ་ནི་དོན་བསྡུས་པ་སྟེ། དོན་དེ་སྟན་པར་བྱེད་པའི་ཕྱིར་གཞུང་ལ་ཡང་དེ་སྐད་དུ་བསྟན་ཏེ། སཱི་ཏ་ཕྲོགས་པའི་སྙན་དངགས་བཞིན་ནོ། །ཡང་ན་ཡང་དག་པར་རམ་ཀུན་ནས་དེ་ཁོ་ན་ཉིད་རྣམས་འདིས་སྡུད་པར་བྱེད་པས་གཞུང་ཉིད་ལ་བསྡུས་པ་ཞེས་བྱ་བའོ། །བྱ་ཞེས་བྱ་བ་ནི་
เล่ม ๑๙๑ · หน้า 147a
རྩོམ་པ་ན་ཡོངས་སུ་མ་རྫོགས་པའི་དུས་ལ་ལྟོས་ནས་ད་ལྟར་གྱི་དུས་ཉིད་བསྟན་ཏོ། །དེ་ལ་རང་བཞིན་གྱི་བྱ་བ་དང་བྲལ་བའི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་གྲངས་ཅན་གྱི་ལུགས་བསྟན་པའི་དོན་དུ། ནུས་པ་མ་ལུས་དང་ལྡན་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེར་སྐྱ་
པ་རྣམས་ན་རི་ཆེན་པོ་ལ་སོགས་པ་འབྲས་བུའི་ཚོགས་སྐྱེད་པར་བྱེད་པའི་བདག་ཉིད་དུ་གྱུར་པའི་ནུས་པ་མ་ལུས་པ་དང་རབ་ཏུ་ལྡན་ཞིང་ཡང་དག་པར་ལྡན་པ་རྡུལ་དང་མུན་པ་དང་སྙིང་སྟོབས་དག་ཆ་མཉམ་པའི་གནས་སྐབས་ཀྱི་མཚན་ཉིད་ཅན་ནི་གཙོ་བོའོ། །དེ་དག་ཉིད་ལས་ཆེན་པོ་ལ་སོགས་པ་འབྲས་བུའི་བྱེ་བྲག་
དེ་དག་འབྱུང་ངོ་ཞེས་ཟེར་ཏེ། གཙོ་བོ་ཁོ་ན་ཞེས་ངེས་པར་བཟུང་བ་ནི་སྐྱེས་བུ་ལ་སོགས་པ་རྣམ་པར་བཅད་པའི་དོན་དུའོ། །འབའ་ཞིག་ལས་ཞེས་བྱ་བའི་ཚིག་ནི་དབང་ཕྱུག་དང་བཅས་པའི་གྲངས་ཅན་གྱིས་བརྟགས་པའི་དབང་ཕྱུག་ལ་སོགས་པ་བསལ་བའི་དོན་དུའོ། །རབ་ཏུ་འབྱུང་ཞེས་བྱ་བ་ནི་དངོས་སམ་བརྒྱུད་པས་
སྐྱེད་ཅེས་བྱ་བའི་དོན་ཏེ། འདི་ལྟར་དེ་དག་གི་ཐ་སྙད་ནི་དང་པོར་གཙོ་བོ་ལས་བློ་སྐྱེའོ། །བློ་ལས་ཀྱང་ང་རྒྱལ་ལོ། །ང་རྒྱལ་ལས་སྒྲ་དང་། རེག་བྱ་དང་། རོ་དང་། གཟུགས་དང་། དྲིའི་བདག་ཉིད་དེ་ཙམ་ལྔ་དང་། དབང་པོ་བཅུ་གཅིག་སྐྱེ་བར་འགྱུར་ཏེ། བློའི་དབང་པོ་ལྔ་ནི། རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་དང་། སྣའི་
མཚན་ཉིད་ཅན་ནོ། །ལས་ཀྱི་དབང་པོ་ལྔ་ནི། ངག་དང་། ལག་པ་དང་། རྐང་པ་དང་། རྐུབ་དང་། མདོམས་སོ། །བཅུ་གཅིག་པ་ནི་ཡིད་དོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔ་སྐྱེ་སྟེ། སྒྲ་ལས་ནམ་མཁའོ། །རེག་ལས་རླུང་ངོ་། །གཟུགས་ལས་མེའོ། །རོ་ལས་ཆུ་འོ། །དྲི་ལས་ནི་སའོ་ཞེས་བྱའོ། །ཇི་སྐད་
དུ་དབང་ཕྱུག་ནག་པོས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་གོ། །བཅུ་དྲུག་པོ་ནི་དེ་དག་རྣམས་ལས་ཀྱང་། །ལྔ་པོ་རྣམས་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་བཤད་དོ། །དེ་ལ་ཆེན་པོ་ཞེས་བྱ་བ་ནི་བློ་ལ་བརྗོད་དོ། །བློ་ཡང་འདི་བུམ་པའོ། །སྣམ་བུའི་ཞེས་ཡུལ་
ངེས་པའི་མཚན་ཉིད་ཅན་ནོ། །ང་རྒྱལ་ནི་བདག་ནི་སྐལ་བ་དང་ལྡན་པའོ། །བདག་ནི་ལྟ་ན་སྡུག་པའོ་ཞེས་བྱ་བ་ལ་སོགས་པའི་མངོན་པའི་ང་རྒྱལ་གྱི་མཚན་ཉིད་ཅན་ནོ། །ཡིད་ནི་ཀུན་དུ་རྟོག་པའི་མཚན་ཉིད་ཅན་ཏེ། འདི་ལྟ་སྟེ། དཔེར་ན་བྱིས་པ་འགའ་ཞིག་གིས་གྲོང་གཞན་ན་སྟོན་མོ་ཡོད་
เล่ม ๑๙๑ · หน้า 147b
དོ་ཞེས་ཐོས་ཏེ། དེར་བདག་འགྲོ་བར་བྱ་ན་ཅི་དེ་ན་བུ་རམ་དང་ཞོ་ཡོད་དམ། འོན་ཏེ་ཞོ་གཅིག་པུ་ཡོད་ཅེས་དེའི་ཀུན་ཏུ་རྟོག་པར་འགྱུར་བ་དེ་ལྟ་བུའི་རྟོག་པ་འཇུག་པ་ནི་ཡིད་ཅེས་བྱའོ། །དེ་ལྟ་བས་ན་བློ་དང་། ང་རྒྱལ་དང་། ཡིད་རྣམས་ཀྱི་ཕན་ཚུན་གྱི་ཁྱད་པར་ནི་དེ་ལྟ་བུ་ཡིན་པར་ཤེས་པར་
བྱའོ། །ལྷག་མ་ནི་གོ་བར་བླའོ། །ཆེན་པོ་ལ་སོགས་པ་འདི་དག་དང་། གཙོ་བོ་དང་། སྐྱེས་བུ་ཞེས་བྱ་བ་འདི་དག་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་མགོ་ཟླུམ་ཅོད་པན་ཅན། །གནས་ནི་གང་དང་གར་གནས་ཀྱང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་
མེད། །ཅེས་བཤད་དོ། །ཇི་སྐད་དུ་བཤད་པའི་འབྲས་བུའི་ཁྱད་པར་གཙོ་བོ་ལས་བྱུང་བ་འདིས་ནི་སངས་རྒྱས་པ་ལ་སོགས་པས་འདོད་པ་བཞིན་དུ་འབྲས་བུའི་ཁྱད་པར་རྣམས་ནི་རྒྱུ་ལས་ཤིན་ཏུ་ཐ་དད་པ་མ་ཡིན་ཏེ། འོན་ཀྱང་དེ་ནི་ངོ་བོ་ཉིད་ཡིན་ནོ། །གང་དག་ལ་དེའི་སྟེ་གཙོ་བོའི་ངོ་བོ་སྟེ་བདག་
ཉིད་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡོན་ཏན་གསུམ་ལ་སོགས་པའི་ངོ་བོས་རང་བཞིན་གྱི་བདག་ཉིད་དུ་གྱུར་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་འཇིག་རྟེན་ན་རྒྱུའི་བདག་ཉིད་དུ་གྱུར་པ་གང་ཡིན་པ་དེའི་བདག་ཉིད་དུ་གྱུར་པའི་འབྲས་བུ་དམིགས་ཏེ་དཔེར་ན། སྣལ་མ་ནག་པོ་དག་ལས་བྱས་
པའི་སྣམ་བུ་ནི་ནག་པོ་དང་། དཀར་པོ་ལས་བྱས་པ་ནི་དཀར་པོ་ཡིན་ནོ། །དེ་བཞིན་དུ་གཙོ་བོ་དང་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་པ་དེ་ལྟར་བློ་དང་། ང་རྒྱལ་དང་། དེ་ཙམ་དང་། དབང་པོ་དང་། འབྱུང་བའི་བདག་ཉིད་ཀྱི་གསལ་བ་ཡང་ཡོན་ཏན་གསུམ་ཡིན་པར་དམིགས་སོ། །དེའི་ཕྱིར་དེའི་ངོ་བོ་
ཡིན་ནོ། །གཞན་ཡང་དབྱེ་བ་མེད་པ་ནི་འདི་ལྟར་འདི་དག་ནི་སྙིང་སྟོབས་ལ་སོགས་པ་ཡིན་ལ། འདི་དག་ནི་ཆེན་པོ་ལ་སོགས་པ་གསལ་བ་ཡིན་ནོ་ཞེས་ལོགས་ཤིག་ཏུ་བྱ་བར་མི་ནུས་ཀྱི། འོན་ཀྱང་ཡོན་ཏན་གང་དག་ཡིན་པ་དེ་ནི་གསལ་བ་ཡིན་ལ། གསལ་བ་གང་ཡིན་པ་དེ་དག་ནི་ཡོན་ཏན་རྣམས་
ཡིན་ནོ་ཞེས་བྱའོ། །གཞན་ཡང་གསལ་བ་དང་མི་གསལ་བ་གཉི་ག་ཡང་ཡུལ་ཡིན་ཏེ། ལོངས་སྤྱོད་པར་བྱ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱི་ཡང་ཡིན་ཏེ། སྐྱེས་བུ་ཐམས་ཅད་ཀྱི་ཡོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་གྱད་དང་འབངས་མོ་བཞིན་ནོ། །སེམས་མེད་པའི་བདག་ཉིད་ཀྱང་ཡིན་
เล่ม ๑๙๑ · หน้า 148a
ཏེ། བདེ་བ་དང་། སྡུག་བསྔལ་བ་དང་། རྨོངས་པ་ལམ་དུ་བྱ་བ་རིག་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྐྱེ་བའི་ཆོས་ཅན་ཡང་ཡིན་ཏེ། འདི་ལྟར་གཙོ་བོས་ནི་བློ་སྐྱེད་པར་བྱེད་དོ། །བློས་ཀྱང་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་དེ་ཙམ་ལྔ་དང་། དབང་པོ་བཅུ་གཅིག་གོ། །དེ་ཙམ་
གྱིས་འབྱུང་བ་ཆེན་པོ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ཡོན་ཏན་གསུམ་ལ་སོགས་པའི་ངོ་བོས་འབྲས་བུའི་ཁྱད་པར་འདི་དག་དེའི་ངོ་བོ་ཉིད་དུ་འཇུག་གོ། །ཇི་སྐད་དུ། ཡོན་ཏན་གསུམ་དང་དབྱེ་བ་མེད་ཡུལ་དང་། །སྤྱི་དང་སེམས་མེད་སྐྱེ་བའི་ཆོས་ཅན་ནི། །གསལ་བ་དང་ནི་དེ་བཞིན་གཙོ་བོ་སྟེ། །དེ་
བཞིན་དེ་ལས་བཟློག་པའི་སྐྱེས་བུའོ། །ཞེས་བཤད་དོ། །གལ་ཏེ་འབྲས་བུའི་ཁྱད་པར་དེའི་ངོ་བོ་མ་ཡིན་ནམ། དེའི་ཕྱིར་ཅི་ལྟར་བསྟན་བཅོས་སུ་གསལ་བ་དང་མི་གསལ་བ་མཚན་ཉིད་ཐ་དད་པར་བརྗོད། འདི་ལྟར་དབང་ཕྱུག་ནག་པོས། རྒྱུ་ལྡན་མི་རྟག་མ་ཁྱབ་པ། །བྱེད་བཅས་དུ་མ་རྟེན་པ་བ་རྟགས། །
ཆ་ཤས་དང་བཅས་གཞན་དབང་གསལ། །བཟློག་པ་དག་ནི་མི་གསལ་བའོ། །ཞེས་བསྟན་ཏེ། དེ་ལ་དོན་ནི་འདི་ཡིན་ཏེ། གསལ་བ་ཉིད་ནི་རྒྱུ་དང་ལྡན་པ་ཡིན་ཏེ། འདི་ལྟར་གཙོ་བོས་རྒྱུ་དང་ལྡན་པ་ནི་བློའོ། །བློས་རྒྱུ་དང་ལྡན་པ་ནི་ང་རྒྱལ་ལོ། །ང་རྒྱལ་གྱིས་རྒྱུ་དང་ལྡན་པ་ནི་དེ་ཙམ་ལྔ་དང་དབང་པོ་
བཅུ་གཅིག་གོ། །དེ་ཙམ་གྱིས་ནི་འབྱུང་བ་རྣམས་སོ། །མི་གསལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་ནི་གང་ལས་ཀྱང་མ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་གསལ་བ་ན་མི་རྟག་པ་ཡིན་ཏེ། སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་མི་གསལ་བ་ནི་མ་ཡིན་ཏེ། དེ་ནི་སྐྱེ་བ་དང་མི་ལྡན་པའི་ཕྱིར་རོ། །
ཇི་ལྟར་གཙོ་བོ་དང་སྐྱེས་བུ་དེ་དག་ནི་ལྷ་ཡུལ་དང་ས་སྟེངས་དང་། བར་སྣང་ཐམས་ཅད་དུ་ཁྱབ་པ་ཉིད་ཀྱིས་འཇུག་པ་དེ་བཞིན་དུ་གསལ་བ་ནི་འཇུག་སྟེ། འོན་ཀྱང་དེ་ནི་མ་ཁྱབ་པ་ཡིན་ནོ། །ཇི་ལྟར་འཁོར་བའི་ཚེ་བློ་དང་། ང་རྒྱལ་དང་། དབང་པོའི་མཚན་ཉིད་ཅན་བྱེད་པ་རྣམ་པ་བཅུ་གསུམ་དང་ལྡན་པ་
ཕྲ་བའི་ལུས་ལ་བརྟེན་པའི་གསལ་བ་འཁོར་བ་དེ་བཞིན་དུ་མི་གསལ་བ་ནི་མ་ཡིན་ཏེ། དེ་ནི་ཁྱབ་པ་ཉིད་ཀྱིས་བྱ་བ་དང་བཅས་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །བློ་དང་ང་རྒྱལ་ལ་སོགས་པའི་བྱེ་བྲག་གིས་གསལ་བ་རྣམ་པ་དུ་མ་དམིགས་ལ། མི་གསལ་བ་ནི་མ་ཡིན་ཏེ། དེ་ནི་གཅིག་ཉིད་དུ་ཡོད་པ་ན་འཇིག་རྟེན་
เล่ม ๑๙๑ · หน้า 148b
གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །གསལ་བ་ནི་རྟེན་པ་ཡང་ཡིན་ཏེ། གང་ཞིག་གང་ལས་སྐྱེ་བ་དེ་ནི་དེ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །མི་གསལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །གསལ་བ་ནི་འགྲོ་བ་ཡིན་ཏེ་ཐིམ་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་འཇིག་པའི་དུས་ན་འབྱུང་བ་རྣམས་ནི་དེ་
ཙམ་ལ་ཐིམ་མོ། །དེ་ཙམ་ནི་དབང་པོ་ལྔའོ། །དབང་པོ་ནི་ང་རྒྱལ་ལའོ། །ང་རྒྱལ་ནི་བློ་ལའོ། །བློ་ནི་གཙོ་བོ་ལ་ཐིམ་སྟེ། མི་གསལ་བ་ནི་དེ་ལྟར་གང་ལ་ཡང་ཐིམ་པ་མ་ཡིན་ཏེ། དེ་ལ་རྒྱུ་མེད་པའི་ཕྱིར་རོ། །གསལ་བ་ནི་ཆ་ཤས་དང་བཅས་པ་ཡང་ཡིན་ཏེ། སྒྲ་དང་། རེག་དང་། རོ་དང་། གཟུགས་དང་དྲིའི་
བདག་ཉིད་ཀྱི་ཆ་ཤས་རྣམས་དང་ལྡན་པའི་ཕྱིར་རོ། །མི་གསལ་བ་ནི་དེ་ལྟ་མ་ཡིན་ཏེ། གཙོ་བོའི་བདག་ཉིད་ལ་སྒྲ་ལ་སོགས་པ་རྣམས་མི་དམིགས་པའི་ཕྱིར་རོ། །གཞན་ཡང་དཔེར་ན་ཕ་གསོན་པ་ན་བུ་ལ་རང་དབང་ཡོད་པ་མ་ཡིན་པ་དེ་བཞིན་དུ་གསལ་བ་ནི་རྒྱུའི་རྣམ་པ་ཐམས་ཅད་ལ་རག་ལས་པའི་ཕྱིར་
གཞན་དབང་ཡིན་ནོ། །མི་གསལ་བ་དེ་ལྟ་མ་ཡིན་ཏེ། དེ་ནི་རྟག་ཏུ་རྒྱུ་ལ་རག་མ་ལས་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ཐམས་ཅད་དོགས་པར་བྱས་ནས་ཡང་དག་ཏུ་ཞེས་བྱ་བ་སྨོས་སོ། །ཡང་དག་ཏུ་སྟེ། དོན་དམ་པར་དེའི་ངོ་བོ་ཉིད་ཡིན་གྱི། རང་བཞིན་དང་འགྱུར་བའི་བྱེ་བྲག་གིས་ནི་ཡོངས་སུ་གྱུར་པའི་ཁྱད་པར་
ལས་ཐ་དད་པ་ཇི་སྐད་དུ་བཤད་པ་ལ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡང་དག་ཏུ་ཞེས་བྱ་བ་ནི་རང་བཞིན་གྱིས་ཡོན་ཏན་གསུམ་གྱི་ངོ་བོས་དེའི་ངོ་བོ་ཉིད་དུ་འཇུག་སྟེ། སྙིང་སྟོབས་དང་། རྡུལ་དང་། མུན་པ་ཕྲ་བ་དང་རགས་པའི་ཁྱད་པར་ལས་ཆེན་པོ་ལ་སོགས་པའི་དབྱེ་བ་འཁོར་བ་སྣ་ཚོགས་
པ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འདིས་ནི་འབྲས་བུ་རྒྱུའི་བདག་ཉིད་དུ་ཡོད་དོ་ཞེས་དམ་བཅས་པ་ཡིན་ནོ། །དེ་ལ་ཇི་ལྟར་སྐྱེས་པ་ལས་སྔར་འབྲས་བུ་ཡོད་དོ་ཞེས་རྟོགས་པར་བྱ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་གིས་འབྲས་བུ་ཡོད་པ་ཉིད་བསྒྲུབ་པར་བྱ་
བའི་ཕྱིར་གཏན་ཚིགས་ལྔ་སྨྲས་ཏེ། མེད་པ་མི་བྱེད་པའི་ཕྱིར་དང་། རྒྱུ་ལེན་པའི་ཕྱིར་དང་། ཐམས་ཅད་མི་སྐྱེ་བའི་ཕྱིར་དང་། ནུས་པ་ནི་ནུས་པ་བྱེད་པའི་ཕྱིར་དང་། རྒྱུ་ཡོད་པའི་ཕྱིར་འབྲས་བུ་ཡོད་པ་ཡིན་ནོ། །དེ་ལ་གཏན་ཚིགས་དང་པོ་བསྒྲུབ་པའི་ཕྱིར་འདི་བརྗོད་དེ། གལ་ཏེ་རྒྱུ་ཡི་བདག་ཉིད་ལ། །
เล่ม ๑๙๑ · หน้า 149a
འབྲས་བུ་ནུས་པ་ཡོད་མིན་ན། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་རྒྱུའི་བདག་ཉིད་ལ་སྐྱེས་པ་ལས་སྔར་འབྲས་བུ་ཡོད་པ་མ་ཡིན་པ་དེའི་ཚེ་ནམ་མཁའི་པད་མ་བཞིན་དུ་དེ་སུས་ཀྱང་བྱེད་པར་མི་འགྱུར་རོ། །སྦྱོར་བ་ནི་གང་མེད་པ་དེ་ནི་གང་གིས་ཀྱང་བྱ་བ་མ་ཡིན་ཏེ།
ནམ་མཁའི་པད་མ་བཞིན་ནོ། །གཞན་གྱི་ལུགས་ཀྱིས་ཀྱང་འབྲས་བུ་ནི་སྐྱེས་པ་ལས་སྔར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་ཐལ་བར་འགྱུར་བའོ། །དེ་ལྟ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཏིལ་ལ་སོགས་པས་ཏིལ་མར་ལ་སོགས་པའི་འབྲས་བུ་གང་ཞིག་
བྱེད་དེ། དེའི་ཕྱིར་སྔར་ཡང་ཡོད་དོ་ཞེས་བྱ་བར་གྲུབ་བོ། །ནུས་པས་ཞེས་བྱ་བ་ནི་ནུས་པའི་ངོ་བོས་ཡིན་གྱི། སེར་སྐྱ་པ་ཡང་དག་གསལ་བའི་ངོ་བོས་ནི་སྔར་ཡོད་པར་མི་འདོད་པའི་ཕྱིར་རོ། །ངོ་བོ་མེད་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་མེད་པའི་ཕྱིར་རོ། །གཏན་ཚིགས་གཉིས་པ་བསྒྲུབ་པ་དོན་དུ་མེད་པར་
མཚུངས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྲས་བུ་མེད་པ་ཡིན་པ་དེའི་ཚེ་སྐྱེས་བུ་རྣམས་སོ་སོར་ངེས་པའི་རྒྱུ་ངས་ལེན་པར་མི་འགྱུར་ཏེ། འདི་ལྟར་སཱ་ལུའི་འབྲས་བུ་དོན་དུ་གཉེར་བ་རྣམས་སཱ་ལུའི་ས་བོན་ཁོ་ན་ལེན་པར་བྱེད་ཀྱི། ཀོ་ཏྲ་པའི་ས་བོན་ནི་མ་ཡིན་ནོ། །དེ་བཞིན་དུ་བདག་སང་བྲམ་ཟེ་ལ་
སྟོན་མོ་བྱའོ་སྙམ་ནས་ཞོ་དོན་དུ་གཉེར་བ་འོ་མ་ཉིད་ལན་གྱི་ཆུ་ནི་མ་ཡིན་ནོ། །དེ་ལ་ཇི་ལྟར་སཱ་ལུའི་ས་བོན་ལ་སོགས་པ་དག་ལ་སཱ་ལུ་ལ་སོགས་པ་མེད་པ་དེ་བཞིན་དུ་ཀོ་ཏྲ་པའི་ས་བོན་ལ་སོགས་པ་ལ་ཡང་མེད་པ་ཡིན་པས། དེས་ན་ཅིའི་ཕྱིར་ཐམས་ཅད་དུ་སཱ་ལུའི་འབྲས་བུ་ལ་སོགས་པ་མེད་པར་མཚུངས་ན་
ཡང་སོ་སོར་ངེས་པ་ཉིད་ཀྱི་སཱ་ལུའི་ས་བོན་ལ་སོགས་པ་ལེན་གྱི། ཀོ་ཏྲ་པའི་ས་བོན་ལ་སོགས་པ་ནི་མ་ཡིན། སཱ་ལུའི་འབྲས་བུ་དོན་དུ་གཉེར་བ་རྣམས་ཀྱིས་ཀོ་ཏྲ་པ་ལ་སོགས་པ་ཡང་ཅི་སྟེ་ལེན་པར་མི་བྱེད་དེ། ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་དེའི་འབྲས་བུས་སྟོང་པ་ཉིད་ཀྱིས་དེ་དག་དེས་ལེན་
པར་མི་བྱེད་པ་གལ་ཏེ་དེ་ལྟ་ཡིན་ན། སཱ་ལུའི་ས་བོན་ཡང་སཱ་ལུའི་འབྲས་བུ་དོན་དུ་གཉེར་བས་ལེན་པར་མི་འགྱུར་ཏེ། ཀོ་ཏྲ་པའི་ས་བོན་བཞིན་དུ་དེའི་འབྲས་བུས་སྟོང་པའི་ཕྱིར་རོ། །དེ་ལྟ་ན་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དེ་ལ་དེའི་འབྲས་བུ་ཡོད་དོ་ཞེས་རྟོགས་སོ། །གཏན་ཚིགས་གསུམ་པ་བསྒྲུབ་
เล่ม ๑๙๑ · หน้า 149b
པའི་ཕྱིར། འདི་ན་ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་ཁྱོད་ཀྱི་ལུགས་ཀྱིས་འབྲས་བུ་མེད་པ་སྐྱེའི་ཞེས་བྱ་བ་ཡིན་ན་དེའི་ཚེ། རྩྭ་དང་། རྡུལ་དང་། བོང་བ་ལ་སོགས་པའི་དངོས་པོ་ཀུན་རྩྭ་ལས་གསེར་དངུལ་ལ་སོགས་པའི་འབྲས་བུ་ཐམས་ཅད་སྐྱེ་བར་འགྱུར་རོ། །ཅིའི་
ཕྱིར་ཞེ་ན། དེའི་བདག་ཉིད་དང་བྲལ་བར་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཁྱོད་ཀྱི་ལུགས་ཀྱིས་བརྗོད་པར་འདོད་པའི་རྩྭ་ལ་སོགས་པའི་དངོས་པོའི་བདག་ཉིད་བྲལ་བར་སྐྱེ་བ་དང་ལྡན་པའི་དངོས་པོ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྔར་ནི་རྒྱུའི་སྒོ་ནས་ཐལ་བར་
འགྱུར་བ་བརྗོད་ལ། ད་ལྟ་ནི་འབྲས་བུའི་སྒོ་ནས་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་གོ། །ཐམས་ཅད་ལས་ཐམས་ཅད་འབྱུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ལ་དེ་ཡོད་པ་ཡིན་ནོ་ཞེས་བྱ་བར་འདི་ནི་ངེས་པ་ཡིན་པར་རྟོགས་སོ། །འདི་སྙམ་དུ་སོ་སོར་ངེས་པའི་འབྲས་བུ་དག་ལ་རྒྱུ་རྣམས་ཀྱི་ནུས་པ་ངེས་པ་
ཡིན་ཏེ། དེས་ན་འབྲས་བུ་མེད་ན་ཡང་འབྲས་བུ་ཅུང་ཟད་ཅིག་བྱེད་ཀྱི། ནམ་མཁའི་པད་མ་ལ་སོགས་པ་ནི་མ་ཡིན་ནོ། །ནུས་པ་གང་ཡིན་པའི་རྒྱུ་ཅུང་ཟད་ལེན་པར་བྱེད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །འགའ་ཞིག་ཉིད་འགའ་ཞིག་ལས་སྐྱེའི་ཐམས་ཅད་ཐམས་ཅད་ལས་ནི་མ་ཡིན་ནོ་སྙམ་དུ་སེམས་
པའི་རྩོད་པ་འདི་བསླང་ནས་ལན་གདབ་པའི་ཟོལ་གྱིས། གཏན་ཚིགས་བཞི་པ་བསྒྲུབ་པའི་ཕྱིར། །འདི་ཡི་ནུས་པ་ངེས་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་ཞེས་བྱ་བ་ནི་རྒྱུར་མངོན་པར་འདོད་པའི་དངོས་པོ་རྣམས་ཀྱིའོ། །དེ་མིན་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སྐྱོན་དུ་མི་འགྱུར་རོ་
ཞེས་བྱ་བའི་དོན་ཏོ། །སངས་རྒྱས་པ་ལ་སོགས་པའི་ལམ་དེ་འདི་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་ནུས་པ་རྣམས་ཀྱང་འབྲས་བུ་བྱེད་པ་ན་བྱ་བར་ནུས་པ་ཉིད་བྱེད་ཀྱི་མི་ནུས་པ་ནི་མ་ཡིན་ནོ། །འོན་ཏེ་གང་གིས་དེ་ཁྱེད་ཅག་འགེགས་པར་བྱེད་པ་མི་ནུས་པ་ཁོ་ན་བྱེད་དོ་ཞེས་བྱ་བ་འདི་སུ་ཞིག་གིས་སྨྲས། འོན་
ཏེ་འབྲས་བུ་མེད་ཀྱང་བྱེད་དོ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་དེ། དེ་ཡང་དེ་དག་གིས་བྱ་བར་མི་ནུས་པ་ཡིན་ནོ་ཞེ་ན། དེའི་ཕྱིར། ཁྱད་པར་བྱར་མེད་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་སེམས་ཏེ། ཁྱེད་ཀྱིས་འབྲས་བུ་མེད་པ་བྱེད་པ་ཉིད་དུ་ཁས་བླངས་པ་ཉིད་ཀྱིས་
เล่ม ๑๙๑ · หน้า 150a
བྱ་བར་མི་ནུས་པ་བྱེད་དོ་ཞེས་བསྟན་ཏོ། །འདི་ལྟར་གང་མེད་པ་དེ་ནི་ངོ་བོ་མེད་པ་རང་བཞིན་མེད་པ་ཡིན་ལ། གང་ངོ་བོ་མེད་པ་དེ་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་ཁྱད་པར་བྱར་མེད་ཅིང་ཁྱད་པར་བསྒྲུབ་ཏུ་མེད་པ་ཡིན་ནོ། །གང་ཡང་ཁྱད་པར་བསྒྲུབ་ཏུ་མེད་པ་དེ་ནི་ནམ་མཁའ་
བཞིན་དུ་མི་འགྱུར་བ་ཡིན་ནོ། །ཁྱད་པར་གྱི་རང་བཞིན་བསྒྲུབ་ཏུ་མེད་པ་ལྟ་བུ་དེ་ཇི་ལྟར་འགའ་ཞིག་གིས་བྱ་བར་ནུས། ཅི་སྟེ་ཡང་དེ་ནི་ཡོད་པའི་གནས་སྐབས་ཐོབ་པའི་ཕྱིར་འགྱུར་བ་ཉིད་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། འགྱུར་བ་བདག་ཉིད་ཉམས་འགྱུར་ཕྱིར། །ཞེས་བྱ་བ་སྨོས་ཏེ། གང་
གི་ཕྱིར་རྣམ་པར་འགྱུར་བར་འདོད་པ་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་རང་བཞིན་གྱིས་ངོ་བོ་མེད་པ་ཞེས་བྱ་བར་བརྗོད་པ་ཡིན་ཏེ། དེ་ཉམས་པར་འགྱུར་རོ། །མེད་པའི་རང་བཞིན་ཡོངས་སུ་མ་སྤངས་པ་ཡིན་ན་ཡོད་པའི་ངོ་བོ་ཐོབ་པར་རིགས་པ་མ་ཡིན་ལ། ཡོངས་སུ་བཏང་ན་ཡང་འོ་ན་ནི་མེད་པ་ཉིད་མ་
ཡིན་པ་ཡོད་པའི་ངོ་བོ་ཐོབ་པོ་ཞེས་བྱ་བ་འགྲུབ་པར་མི་འགྱུར་རོ། །ཡོད་པའི་ངོ་བོ་ནི་གཞན་ཡིན་ལ། མེད་པའི་ངོ་བོ་ཡང་གཞན་ཡིན་ཏེ། དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་གང་མེད་པ་དེ་བྱ་བར་ནུས་པ་མ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་དངོས་པོ་བྱེད་པ་ཉིད་ཁས་བླངས་
པ་ཡིན་ན་ནི་རྒྱུ་རྣམས་མི་ནུས་པ་བྱེད་པ་ཉིད་ཁོ་ནར་ཁས་བླངས་པར་འགྱུར་རོ། །ནམ་མཁའི་པད་མ་བཞིན་དུ་གང་གིས་ཀྱང་མི་ནུས་པ་བྱ་བ་ཡང་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་ནུས་པ་སོ་སོར་ངེས་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ལན་མ་ཡིན་ནོ། །གཏན་ཚིགས་ལྔ་པ་བསྒྲུབ་པའི་ཕྱིར། དེ་ལྟར་
འབྲས་བུ་མི་རུང་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བཤད་མ་ཐག་པའི་རིགས་པས་སམ། ཇི་སྐད་དུ་བཤད་པའི་གཏན་ཚིགས་བཞི་ཀས་འབྲས་བུ་མེད་པར་སྨྲ་བ་ལ་རྣམ་པ་ཐམས་ཅད་དུ་འབྲས་བུ་མི་རུང་བའི་ཕྱིར་ཅི་ཞིག་བྱེད་པ་ན་ས་བོན་ལ་སོགས་པ་རྒྱུར་འགྱུར། དེའི་
ཕྱིར་ས་བོན་ལ་སོགས་པ་ནི་རྒྱུ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་ནམ་མཁའི་པད་མ་བཞིན་ནོ་ཞེས་དེ་སྐད་དུ་བརྗོད་པར་ནུས་ན་དེ་ལྟ་ཡང་མ་ཡིན་ཏེ། དེའི་ཕྱིར་སྐྱེས་པ་ལས་སྔར་འབྲས་བུ་ཡོད་དོ་ཞེས་བཟློག་པས་གྲུབ་པ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་འབྲས་བུ་ཡོད་པ་ཞེས་བྱ་
เล่ม ๑๙๑ · หน้า 150b
བར་གྲུབ་ན་ཡང་འབྲས་བུའི་ཁྱད་པར་འདི་དག་གཙོ་བོ་ཉིད་ལས་རབ་ཏུ་འབྱུང་ངོ་ཞེས་བྱ་བ་འདི་ཇི་ལྟར་འགྲུབ་ཅེ་ན། གསལ་བ་འདི་ནི་བདེ་སོགས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གཙོ་བོ་ཡོད་པ་ཉིད་དུ་སྒྲུབ་པ་ལ་ལྡན་པའི་སྦྱོར་བ་ལྔ་སྨྲས་ཏེ། ཇི་སྐད་དུ། ཁྱད་པར་ཚད་ཕྱིར་རྗེས་འགྲོའི་ཕྱིར། །ནུས་པའི་སྒོ་
ནས་འཇུག་པའི་ཕྱིར། །རྒྱུ་དང་འབྲས་བུ་དབྱེར་ཡོད་ཕྱིར། །རང་བཞིན་སྣ་ཚོགས་དབྱེར་མེད་ཕྱིར། །མི་གསལ་བ་ཡི་རྒྱུ་ཡོད་དོ། །ཞེས་བཤད་པ་ལྟ་བུའོ། །དོན་འདི་ཡིན་ཏེ། གཙོ་བོ་ཡོད་པ་ཡིན་ཏེ། ཁྱད་པར་རྣམས་ལ་ཚད་ཡོད་པའི་ཕྱིར་རོ། །འཇིག་རྟེན་འདི་ན་གང་ལ་བྱེད་པ་པོ་ཡོད་པ་དེ་ལ་ཚད་ཡོད་པར་མཐོང་སྟེ།
དཔེར་ན་རྫ་མཁན་དང་ལྡན་པས་འཇིམ་གོང་ལས་བྲེ་ལྔ་ཤོང་བ་དང་། བྲེ་དོ་ཤོང་བ་དང་། བྲེ་བཅུ་ཤོང་བའི་ཚད་དང་ལྡན་པའི་བུམ་པ་བྱེད་པ་བཞིན་ནོ། །ཆེན་པོ་ལ་སོགས་པའི་གསལ་བ་འདི་ཡང་བློ་གཅིག་དང་། ང་རྒྱལ་གཅིག་དང་། དེ་ཙམ་ལྔ་དང་། དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔ་ཞེས་བྱ་བའི་ཚད་དང་ལྡན་པར་
མཐོང་ངོ་། །དེའི་ཕྱིར་གང་ལས་ཚད་དང་ལྡན་པའི་གསལ་བ་སྐྱེ་བར་བྱེད་པའི་གཙོ་བོ་ཡོད་པར་རྗེས་སུ་དཔག་པས་བསྒྲུབ་པར་བྱའོ། །གལ་ཏེ་ཡང་གཙོ་བོ་མེད་ན་གསལ་བ་འདི་ཚད་དང་མི་ལྡན་པར་འགྱུར་རོ། །འདི་ལས་ཀྱང་གཙོ་བོ་ཡོད་དེ། ཁྱད་པར་རྣམས་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་རོ། །གང་རིགས་
དང་ལྡན་པར་དམིགས་པ་གང་ཡིན་པ་དེ་ནི་དེའི་བདག་ཉིད་ཀྱི་རྒྱུ་ལས་བྱུང་བ་ཡིན་ཏེ། དཔེར་ན་བུམ་པ་དང་ཁམ་ཕོར་ལ་སོགས་པའི་ཁྱད་པར་འཇིམ་པའི་རིགས་དང་ལྡན་པ་དེ་དག་ནི་འཇི་བའི་བདག་ཉིད་ཀྱི་རྒྱུ་ལས་བྱུང་བ་བཞིན་ནོ། །གསལ་བའི་ཁྱད་པར་འདི་ཡང་བདེ་བ་དང་། སྡུག་བསྔལ་དང་། རྨོངས་པ་
ལ་སོགས་པའི་རིགས་དང་ལྡན་པར་དམིགས་སོ། །ག་ལས་ཤེ་ན། རབ་ཏུ་དང་བ་དང་། གདུང་བ་དང་། ཞུམ་པ་ལ་སོགས་པའི་འབྲས་བུ་དམིགས་པའི་ཕྱིར་རོ། །འདི་ལྟར་སྙིང་སྟོབས་ཀྱི་འབྲས་བུ་ནི་རབ་ཏུ་དང་བ་དང་། ཡང་བ་དང་། ཞེན་པ་དང་། འཕེལ་བ་དང་། དགའ་བ་རྣམས་ཡིན་ནོ། །བདེ་བ་ཞེས་བྱ་བས་ཀྱང་སྙིང་སྟོབས་
ཉིད་བརྗོད་དོ། །རྡུལ་གྱི་འབྲས་བུ་ནི་གདུང་བ་དང་། སྐེམ་པ་དང་། ཐ་དད་པ་དང་། རེངས་པ་དང་། སྐྱོ་བ་རྣམས་ཡིན་ནོ། །རྡུལ་ཡང་སྡུག་བསྔལ་གྱི་སྒྲས་བརྗོད་དོ། །མུན་པའི་འབྲས་བུ་ནི་ཞུམ་པ་དང་། སྒྲིབ་པ་དང་། སྡོམ་པ་དང་། རྣམ་པར་འཚེ་བ་དང་། ལྕི་བ་རྣམས་ཡིན་ནོ། །མུན་པ་ཡང་རྨོངས་པའི་སྒྲས་བརྗོད་དོ། །ཆེན་པོ་
เล่ม ๑๙๑ · หน้า 151a
ལ་སོགས་པ་དེ་དག་ཐམས་ཅད་ཀྱི་འབྲས་བུ་རབ་ཏུ་དང་བ་དང་། གདུང་བ་དང་ཡང་བ་ལ་སོགས་པ་དམིགས་སོ། །དེ་ལྟ་བས་ན་འདི་ནི་བདེ་བ་དང་། སྡུག་བསྔལ་བ་དང་། རྨོངས་པ་རྣམ་པ་གསུམ་པོ་རྣམས་ཀྱི་གནས་ལུགས་ཀྱི་ཁྱད་པར་ཡིན་ནོ་ཞེས་ངེས་པར་བྱའོ། །དེས་ན་འདི་དག་ནི་རབ་ཏུ་དང་
བ་ལ་སོགས་པའི་འབྲས་བུ་ལས་བདེ་བ་ལ་སོགས་པ་དང་ལྡན་པ་ཉིད་དུ་གྲུབ་ཅིང་དེའི་རྗེས་སུ་འགྲོ་བ་ལས་ཀྱང་དེའི་བདག་ཉིད་ཀྱི་རང་བཞིན་ལས་བྱུང་བ་ཉིད་གྲུབ་པོ། །དེ་གྲུབ་པ་ན་ཡང་ཤུགས་ཀྱིས་རང་བཞིན་གང་ཡིན་པ་དེ་ནི་གཙོ་བོ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གཙོ་བོ་ཡོད་ན་ཐ་དད་པ་དག་རྗེས་སུ་
འགྲོ་བར་མཐོང་བའི་ཕྱིར་རོ། །འདི་ལས་ཀྱང་གཙོ་བོ་ཡོད་པ་ཡིན་ཏེ། ནུས་པའི་སྒོ་ནས་འཇུག་པའི་ཕྱིར་རོ་ཞེས་བྱ་བ་འདི་ལས་ཀྱང་གཙོ་བོ་ཡོད་པ་ཡིན་ནོ། །འཇིག་རྟེན་འདི་ན་གང་ཞིག་དོན་གང་ལ་འཇུག་པ་དེ་ནི་དེ་ལ་ནུས་པ་ཡིན་ཏེ། དཔེར་ན་ཐག་པ་སྣམ་བུ་བྱེད་པ་ལ་འཇུག་པ་བཞིན་
ནོ། །དེའི་ཕྱིར་གང་གིས་གསལ་བ་སྐྱེད་པར་བྱེད་པའི་གཙོ་བོའི་ནུས་པ་ཡོད་དོ་ཞེས་བསྒྲུབ་པར་བྱའོ། །ནུས་པ་དེ་ཡང་རྟེན་མེད་པ་ཅན་མ་ཡིན་ཏེ། དེའི་ཕྱིར་གང་ལ་ནུས་པ་འཇུག་པར་བྱེད་པའི་གཙོ་བོ་ཡོད་དོ། །འདི་ལས་ཀྱང་གཙོ་བོ་ཡོད་པ་ཡིན་ཏེ། རྒྱུ་དང་འབྲས་བུ་རྣམ་པར་དབྱེར་ཡོད་པའི་ཕྱིར་འཇིག་རྟེན་འདི་ནི་རྒྱུ་དང་
འབྲས་བུ་དག་གི་རྣམ་པར་དབྱེ་བ་མཐོང་སྟེ། འདི་ལྟ་སྟེ་དཔེར་ན་འཇི་བའི་གོང་བུ་ནི་རྒྱུ་ཡིན་ལ་བུམ་པ་ནི་འབྲས་བུ་ཡིན་པའི་རང་བཞིན་ནོ། །དེ་ཡང་འཇི་བའི་གོང་བུ་ལས་ཐ་དད་པའི་ངོ་བོ་ཡིན་ཏེ། འདི་ལྟར་བུམ་པ་ནི་སྦྲང་རྩི་དང་ཆུ་དང་འོ་མ་འཛིན་པར་ནུས་ཀྱི། འཇིམ་པའི་གོང་བུ་ནི་མ་ཡིན་ནོ། །དེ་ལྟར་ན་ཆེན་པོ་ལ་སོགས་
པའི་འབྲས་བུ་འདི་མཐོང་ནས་གང་ལས་ཆེན་པོ་ལ་སོགས་པའི་འབྲས་བུ་འདི་སྐྱེད་པར་བྱེད་པའི་རྒྱུ་གཙོ་བོ་ཡོད་དོ་ཞེས་བསྒྲུབ་བོ། །འདི་ལས་ཀྱང་གཙོ་བོ་ཡོད་དེ། རང་བཞིན་སྣ་ཚོགས་དབྱེར་མེད་པའི་ཕྱིར་རོ། །རང་བཞིན་སྣ་ཚོགས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལ་བརྗོད་དོ། །འདི་དག་ནི་འཇིག་པའི་དུས་ན་འགའ་
ཞིག་ཏུ་དབྱེར་མེད་པར་འགྱུར་ཏེ། འདི་ལྟར་འབྱུང་བ་ལྔ་ནི་དེ་ཙམ་ལྔ་ལ་དབྱེར་མེད་པར་འགྱུར་རོ། །དེ་ཙམ་དང་། དབང་པོ་དག་ནི་ང་རྒྱལ་ལ། ང་རྒྱལ་ནི་བློ་ལ། བློ་ནི་གཙོ་བོ་ལ་དབྱེར་མེད་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་འཇིག་པའི་དུས་སུ་འཇིག་རྟེན་གསུམ་དབྱེར་མེད་པར་འགྱུར་རོ། །དབྱེར་མེད་པར་ཞེས་བྱ་བ་ནི་
เล่ม ๑๙๑ · หน้า 151b
རྣམ་པར་དབྱེ་བར་མི་ནུས་པའོ། །དེ་ལྟ་བས་ན་གང་དུ་ཆེན་པོ་ལ་སོགས་པ་ཞུམ་པར་དབྱེར་མེད་པར་འགྲོ་བའི་གཙོ་བོ་ཡོད་པ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལྟ་བས་ན་འདིར་སློབ་དཔོན་གྱིས་རྗེས་སུ་འགྲོ་བའི་ཕྱིར་ཞེས་ལྷག་མ་རྣམས་ཉེ་བར་མཚོན་པའི་དོན་དུ་གཏན་ཚིགས་ཁོ་ན་བསྟན་ཏོ། །དེ་ལ་བདེ་སོགས་ཞེས་
བྱ་བ་ལ་སོགས་པའི་སྒྲས་སྡུག་བསྔལ་དང་རྨོངས་པ་གཉིས་གཟུང་ངོ་། །གསལ་བ་ཞེས་བྱ་བ་ནི་ཆེན་པོ་ལ་སོགས་པ་འབྱུང་བའི་མཐར་ཐུག་པའོ། །གསལ་བར་སྣང་ཞེས་བྱ་བ་ནི་གསལ་བར་དམིགས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། རབ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲ་རེ་རེ་དང་སྦྱར་བར་
བྱའོ། །འདི་ནི་ཁོ་བོ་ཅག་གིས་དང་པོ་ཉིད་དུ་བཤད་ཟིན་ཏོ། །དེ་ལྟར་རྗེས་སུ་འགྲོ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་གྲུབ་པར་བསྟན་ནས། ཚད་མ་དགོད་པའི་ཕྱིར། དེ་བས་དེ་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་རིགས་རྗེས་འགྲོ་མཐོང་བའི་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་ཏེ། ཡོན་
ཏན་གསུམ་གྱི་མཚན་ཉིད་དེ་ཉིད་ཀྱི་རིགས་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་དངོས་ལས་བྱུང་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་དངོས་པོའི་རྒྱུ་གང་ཡིན་པ་དེ་ལས་བྱུང་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་བསྒྲུབ་བྱ་བསྟན་ཏོ། །བུམ་སོགས་བྱེ་བྲག་བཞིན་ཞེས་བྱ་བ་ནི་བུམ་པ་ལ་
སོགས་པའི་ཁྱད་པར་བཞིན་ནོ། །དེའི་རང་བཞིན་གྱི་རྒྱུ་གང་ཡིན་པ་དེ་ནི་གཙོ་བོ་ཡིན་ནོ་ཞེས་སེར་སྐྱ་པ་སྟེ་གྲངས་ཅན་རྣམས་སྨྲ་བར་བྱེད་དོ། །དེ་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ནོ། །དེ་ལ་རེ་ཞིག་གཙོ་བོ་ཁོ་ན་ལས་འབྲས་བུའི་ཁྱད་པར་འདི་དག་དེའི་ངོ་བོར་རབ་ཏུ་འབྱུང་ངོ་ཞེས་གང་
སྨྲས་པ་དེ་ལ་འདི་དཔྱད་པར་བྱ་སྟེ། གལ་ཏེ་འབྲས་བུའི་ཁྱད་པར་འདི་དག་གཙོ་བོའི་རང་བཞིན་ཁོ་ན་ཡིན་ན་དེའི་ཕྱིར་ཇི་ལྟར་འདི་དག་ལས་འབྲས་བུ་ཉིད་དུ་འཇུག་པར་འགྱུར། གང་ཞིག་གང་ལས་ཐ་མི་དད་པ་དེ་ནི་དེའི་འབྲས་བུའམ། རྒྱུ་ཉིད་དུ་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ནི་མཚན་ཉིད་ཐ་དད་པའི་ཕྱིར་རོ། །དེ་ལྟ་མ་
ཡིན་ན་འདི་ནི་འབྲས་བུའོ། །འདི་ནི་རྒྱུའོ་ཞེས་བྱ་བའི་མ་འདྲེས་པའི་རྣམ་པར་གཞག་པ་བྱས་པ་གང་ཡིན་པར་ཇི་ལྟར་འགྱུར། དེའི་ཕྱིར་ཁྱེད་ཅག་གིས་རྩ་བའི་རང་བཞིན་ནི་རྒྱུ་ཁོ་ན་ཡིན་ལ། འབྱུང་བ་དང་དབང་པོའི་མཚན་ཉིད་ཀྱི་ཚོགས་བཅུ་དྲུག་ནི་འབྲས་བུ་ཁོ་ན་ཡིན་ཞིང་། བློ་དང་། ང་རྒྱལ་དང་།
เล่ม ๑๙๑ · หน้า 152a
དེ་ཙམ་རྣམས་ནི་སྔ་མ་དང་ཕྱི་མ་ལ་ལྟོས་ན་རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་ཡིན་ནོ་ཞེས་རྣམ་པར་གཞག་པ་བྱས་པ་གང་ཡིན་པ་དེར་མི་འགྱུར་རོ། །ཇི་སྐད་དུ། རྩ་བའི་རང་བཞིན་འགྱུར་བ་མིན། །ཆེན་པོ་སོགས་བདུན་རང་བཞིན་འགྱུར། །བཅུ་དྲུག་པོ་རྣམས་འགྱུར་བ་སྟེ། །
སྐྱེས་བུ་རང་བཞིན་འགྱུར་བ་མིན། །ཞེས་བཤད་པ་ལྟ་བུའོ། །ཕན་ཚུན་ཐ་དད་པ་མ་ཡིན་པའི་ཕྱིར་ཐམས་ཅད་རྒྱུ་འམ་འབྲས་བུ་ཉིད་དུ་ཐལ་བར་འགྱུར་བའམ། ཡང་ན་རྒྱུ་དང་འབྲས་བུའི་དངོས་པོ་ནི་ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་དང་། ལྟོས་པར་བྱ་བ་ངོ་བོ་གཞན་ཡང་མི་སྲིད་པའི་ཕྱིར། སྐྱེས་
བུ་བཞིན་དུ་ཐམས་ཅད་རང་བཞིན་ཡང་མ་ཡིན་ལ་འགྱུར་བ་ཡང་མ་ཡིན་པར་འགྱུར་རོ། །གཞན་དུ་ན་སྐྱེས་བུ་ཡང་རང་བཞིན་དང་འགྱུར་བའི་ཐ་སྙད་དུ་བྱ་བར་འགྱུར་རོ། །ཞོ་གང་ཡིན་པ་དེ་འོ་མ། །འོ་མ་གང་ཡིན་དེ་ཞོ་ཞེས། །དྲག་པོ་ལེན་གྱིས་བསྟན་པ་སྟེ། །དེ་བཞིན་འབིགས་བྱེད་གནས་
པའང་འཆད། །ཅེས་བཤད་དོ། །ཡང་རྒྱུ་དང་ལྡན་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་ནི་གསལ་བ་ཡིན་ལ། །བཟློག་པ་ནི་མི་གསལ་བ་ཡིན་ནོ་ཞེས་གང་ཡིན་བརྗོད་པ་དེ་ཡང་བྱིས་པའི་ཚིག་ཉིད་ཡིན་ཏེ། གང་ཞིག་གང་ལས་རང་བཞིན་ཐ་མི་དད་པ་དེ་ནི་དེ་ལས་བཟློག་པར་མི་
རིགས་ཏེ། བཟློག་པའི་མཚན་ཉིད་ནི་ངོ་བོ་གཞན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐ་དད་པའི་ཐ་སྙད་ཆད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་རྡུལ་དང་། མུན་པ་དང་། སྙིང་སྟོབས་རྣམས་དང་། སེམས་ཅན་རྣམས་ཕན་ཚུན་ཐ་དད་པར་ཁས་བླངས་པ་རྒྱུ་མཚན་མེད་པ་ཁོ་ནར་འགྱུར་པ་
དང་། སྣ་ཚོགས་པ་ཐམས་ཅད་ངོ་བོ་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་ལྷན་ཅིག་སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་རོ། །ཐ་མི་དད་པར་རྣམ་པར་གཞག་པའི་མཚན་ཉིད་ནི་གྲུབ་པ་དང་བདེ་བ་གཅིག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གསལ་བའི་ངོ་བོ་དང་ཐ་མི་དད་པའི་ཕྱིར་མི་གསལ་བ་ཡང་
གསལ་བའི་ངོ་བོ་བཞིན་དུ་རྒྱུ་དང་ལྡན་པ་ལ་སོགས་པའི་ཆོས་དང་ལྡན་པར་འགྱུར་བ་དང་། གསལ་བ་ཡང་མི་གསལ་བའི་ངོ་བོ་དང་ཐ་མི་དད་པའི་ཕྱིར་རྒྱུ་དང་མི་ལྡན་པ་ལ་སོགས་པའི་ཆོས་དང་ལྡན་པར་འགྱུར་རོ། །དེ་ནི་རང་གི་ངོ་བོ་བཞིན་དུ་ངེས་པ་ཉིད་ཡིན་ཏེ། གཞན་དུ་ན་ཧ་ཅང་ཐལ་བར་
เล่ม ๑๙๑ · หน้า 152b
འགྱུར་རོ། །གཞན་ཡང་འཇིག་རྟེན་ན་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་རྟོགས་ན་རྒྱུ་དང་འབྲས་བུའི་དངོས་པོར་འགྲུབ་ཀྱི། གང་གིས་གཙོ་བོ་ལས་ཆེན་པོ་དང་། ཆེན་པོ་ལས་ང་རྒྱལ་ཞེས་བྱ་བ་ལ་སོགས་པ་འགྲུབ་པར་འགྱུར་བ་གཙོ་བོ་ལ་སོགས་པ་ལས་ཆེན་པོ་ལ་སོགས་པ་སྐྱེ་བར་ངེས་
པ་ལ་རྗེས་སུ་འགྲོ་བ་དང་། ལྡོག་པ་རྟོགས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཙོ་བོ་ལ་སོགས་པ་ལས་ཆེན་པོ་ལ་སོགས་པ་སྐྱེ་བའི་ཐ་སྙད་འདི་ནི་རྒྱུ་མཚན་མེད་པ་ཁོ་ནའོ། །གང་གིས་གཙོ་བོ་ལས་འབྲས་བུའི་ཁྱད་པར་སྐྱེད་པ་ཉིད་དུ་འགྲུབ་པར་འགྱུར་བ་རྟག་པ་ལ་ནི་རྒྱུའི་
དངོས་པོ་ཡོད་པ་ཡང་མ་ཡིན་ཏེ། རྟག་པ་ནི་རིམ་དང་རིམ་མ་ཡིན་པ་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །འདི་སྙམ་དུ་གང་གིས་ངོ་བོ་ཐ་དད་མེད་པ་ན་དེ་འགལ་བར་འགྱུར་བ་ཁོ་བོ་ཅག་ནི་སྔ་ན་མེད་པའི་རང་བཞིན་སྐྱེ་བས་རྒྱུ་དང་འབྲས་བུའི་དངོས་པོ་མི་འདོད་དེ། གང་གི་ཕྱིར་གཙོ་བོ་སྦྲུལ་
འཁྱིལ་པ་ལ་སོགས་པ་བཞིན་དུ་ཆེན་པོ་ལ་སོགས་པའི་ངོ་བོར་ཡོངས་སུ་འགྱུར་བར་འགྲོ་བས་ཆེན་པོ་ལ་སོགས་པ་དེ་དག་གི་རྒྱུ་ཡིན་ནོ་ཞེས་བསྟན་ལ། ཆེན་པོ་ལ་སོགས་པ་དེ་དག་ཀྱང་གཙོ་བོ་དེ་ཡོངས་སུ་གྱུར་པའི་ངོ་བོ་ཡིན་པའི་ཕྱིར་དེའི་འབྲས་བུ་ཉིད་དུ་བསྟན་ཏོ། །ཡོངས་སུ་འགྱུར་
བ་ཡང་དངོས་པོ་གཅིག་ལ་གནས་པའི་ཕྱིར་ཐ་མི་དད་ཀྱང་འགལ་བ་མེད་དོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ་ཡོངས་སུ་འགྱུར་བ་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་ཡོངས་སུ་འགྱུར་བ་ན་སྔ་མའི་ངོ་བོ་ཡོངས་སུ་དོར་ནས་སམ། ཡོངས་སུ་མ་དོར་བར་ཡིན་གྲང་། གལ་
ཏེ་མ་དོར་བར་ཡིན་ན་དེའི་ཚེ་གནས་སྐབས་འཆོལ་བར་འགྱུར་ཏེ། རྒན་པོ་ཉིད་ལ་སོགས་པའི་གནས་སྐབས་ན་ཡང་ལོང་ཚོ་ཉིད་ལ་སོགས་པའི་གནས་སྐབས་རྣམས་དམིགས་པར་ཐལ་བའི་ཕྱིར་རོ། །འོན་ཏེ་ཡོངས་སུ་དོར་ནས་ཡིན་ན་དེའི་ཚེ་རང་གི་ངོ་བོ་ལས་ཉམས་པར་ཐལ་བར་འགྱུར་རོ། །
དེའི་ཕྱིར་རང་བཞིན་གཞན་སྔ་མ་འགག་ཅིང་། སྔ་ན་མེད་པའི་རང་བཞིན་གཞན་སྐྱེ་བ་ཡིན་པའི་ཕྱིར། ཡོངས་སུ་གྱུར་པ་འགའ་ཡང་མི་འགྲུབ་བོ། །གཞན་ཡང་ཡོངས་སུ་འགྱུར་བའི་མཚན་ཉིད་ནི་དེ་ཉིད་གཞན་དུ་འགྱུར་བར་བརྗོད་ལ། གཞན་དུ་འགྱུར་བ་དེ་ཡང་ཕྱོགས་གཅིག་གིས་སམ། བདག་
เล่ม ๑๙๑ · หน้า 153a
ཉིད་ཐམས་ཅད་ཀྱིས་འགྱུར་བ་ཡིན་གྲང་། རེ་ཞིག་ཕྱོགས་གཅིག་གིས་ནི་མ་ཡིན་ཏེ། གཅིག་ལ་ཕྱོགས་གཅིག་མི་སྲིད་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱིས་ཀྱང་མ་ཡིན་ཏེ། དོན་གཞན་སྐྱེ་བ་ན་སྔ་མ་འཇིག་པར་ཐལ་བའི་ཕྱིར་རོ། །དེ་ལྟ་བས་ན་དེ་ཉིད་གཞན་
དུ་འགྱུར་བར་རིགས་པ་མ་ཡིན་ཏེ། དེའི་རྒྱུ་མཚན་ནི་རང་བཞིན་གཞན་སྐྱེ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་ཆོས་ཅན་རྣམ་པར་གནས་པ་ལ་ཆོས་གཞན་ལོག་པས་ཆོས་གཞན་སྐྱེ་བ་ནི་ཡོངས་སུ་འགྱུར་བར་བརྗོད་ཀྱི། རང་བཞིན་གཞན་དུ་འགྱུར་བ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་ན། འདི་
ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་འཇུག་པ་དང་ལྡོག་པའི་ཆོས་དེ་ཆོས་ཅན་ལས་དོན་གཞན་དུ་གྱུར་པ་ཞིག་གམ། དོན་གཞན་དུ་མ་གྱུར་པ་ཞིག་ཡིན་གལ་ཏེ་དོན་གཞན་དུ་གྱུར་པ་ཡིན་ན་དེའི་ཚེ། ཆོས་ཅན་གྱི་གནས་སྐབས་དེ་ཉིད་ཡིན་པའི་ཕྱིར་ཇི་ལྟར་འདི་ཡོངས་སུ་འགྱུར་བ་ཞེས་བྱ།
དོན་གཞན་དུ་གྱུར་པའི་སྣམ་བུ་དང་རྟ་དག་སྐྱེ་བ་དང་འཇིག་པ་ན་གཡོ་བ་མེད་པའི་བདག་ཉིད་ཀྱི་རང་གི་ངོ་བོའི་བུམ་པ་ལ་སོགས་པ་ཡོངས་སུ་འགྱུར་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་སྐྱེས་བུ་ཡང་ཡོངས་སུ་འགྱུར་བར་འགྱུར་རོ། །གལ་ཏེ་དེ་དང་འབྲེལ་པའི་ཆོས་
གཉིས་སྐྱེ་བ་དང་འཇིག་པས་དེ་ཡོངས་སུ་འགྱུར་བར་གཞག་གི་གཞན་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཡོད་པ་དང་མེད་པ་དག་ལ་འབྲེལ་པ་མེད་ན་དེ་དང་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་འབྲེལ་པར་འགྱུར་ན་ཡོད་པ་ལ་འམ། མེད་པ་ལ་ཡིན་གྲང་། རེ་ཞིག་ཡོད་པ་ལ་ནི་མ་
ཡིན་ཏེ། དེ་ནི་རང་བཞིན་ཕུན་སུམ་ཚོགས་པ་མ་ལུས་པ་ཐོབ་པས་ལྟོས་པ་མེད་པ་ཉིད་ཀྱིས་འགའ་ལ་ཡང་རག་ལས་པར་མི་འཐད་པའི་ཕྱིར་རོ། །མེད་པ་ལ་ཡང་མ་ཡིན་ཏེ། དེ་ནི་ཉེ་བར་བརྗོད་པའི་མཚན་ཉིད་ཐམས་ཅད་དང་བྲལ་བ་ཡིན་པ་ཉིད་ཀྱིས་འགའ་ལ་ཡང་བརྟེན་པ་ཉིད་དུ་མི་འཐད་
པའི་ཕྱིར་རོ། །གང་གི་ཕྱིར་རི་བོང་གི་རྭ་ལ་སོགས་པ་རྣམས་ནི་འགའ་ལ་ཡང་བརྟེན་པར་མི་རིགས་སོ། །ཆོས་གཞན་ཐ་དད་པ་སྐྱེ་བ་དང་འཇིག་པ་ན་ཁྱེད་ཅག་གིས་ཡོངས་སུ་འགྱུར་བར་རྣམ་པར་འཇོག་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ལ་གནས་སྐབས་ཐ་དད་ཀྱང་བདག་
เล่ม ๑๙๑ · หน้า 153b
ཉིད་དུ་གྱུར་པའི་རང་བཞིན་གཅིག་རྗེས་སུ་འཇུག་པ་ན་དེ་ལ་ཁྱེད་ཅག་གིས་ཡོངས་སུ་འགྱུར་བར་རྣམ་པར་གཞག་ལ། ཆོས་ཅན་ལས་ཆོས་དག་ཐ་དད་པ་ན་རང་བཞིན་གཅིག་རྗེས་སུ་འཇུག་པ་ཡོད་པ་ཡང་མ་ཡིན་ནོ། །དེ་དག་གི་གཅིག་གི་བདག་ཉིད་ནི་ཆོས་ཅན་ཉིད་ཡིན་ལ། ཆོས་ལས་དེ་ཡང་
ཐ་དད་པའི་ཕྱིར། རང་བཞིན་གཅིག་གི་བདག་ཉིད་དུ་གྱུར་པ་རྗེས་སུ་འཇུག་པ་མ་ཡིན་ནོ། །འཇུག་པ་དང་། ལྡོག་པའི་ཆོས་གཉིས་ལས་ཐ་དད་པའི་ཆོས་ཅན་དམིགས་པའི་མཚན་ཉིད་དུ་གྱུར་པ་མཐོང་བའི་ལམ་དུ་འཇུག་པ་ནི་འགའ་ཡང་མེད་པའི་ཕྱིར་དེ་འདྲ་བ་ནི་མཁས་པ་རྣམས་ཀྱི་མེད་པའི་ཐ་
སྙད་ཀྱི་ཡུལ་ཉིད་ཡིན་ནོ། །ཅི་སྟེ་དོན་གཞན་དུ་མ་གྱུར་པའི་ཕྱོགས་ཡིན་པ་དེ་ལྟ་ན་ཡང་ཆོས་ཅན་གྱི་རང་གི་ངོ་བོ་གཅིག་ལས་ཐ་མི་དད་པའི་ཕྱིར་སྐྱེ་བ་དང་འཇིག་པ་དང་ལྡན་པའི་ཆོས་གཉིས་ཀྱང་ཆོས་ཅན་གྱི་རང་གི་ངོ་བོ་བཞིན་དུ་གཅིག་ཉིད་ཡིན་པའི་ཕྱིར་གང་ཞིག་ལ་བརྟེན་ནས་ཆོས་ཅན་ནམ་ཆོས་སུ་འགྱུར་བ་
ཡིན། ཆོས་གཉིས་ཆོས་ཅན་གྱི་གནས་སྐབས་ཅན་ལས་ཐ་མི་དད་པའི་ཕྱིར་གནས་སྐབས་ཅན་གྱི་རང་གི་ངོ་བོ་བཞིན་དུ་ལྡོག་པ་ཡང་མེད། སྐྱེ་བ་ཡང་མེད་དོ། །ཆོས་གཉིས་ལས་ཆོས་ཅན་གཞན་མ་ཡིན་པའི་ཕྱིར་ཆོས་ཀྱི་རང་གི་ངོ་བོ་བཞིན་དུ་སྔ་ན་མེད་པ་སྐྱེ་ཞིང་སྔ་མ་འཇིག་པ་ཡིན་པའི་ཕྱིར་
གཅིག་འགའ་ཡང་ཡོངས་སུ་འགྱུར་བར་མི་འགྲུབ་པོ། །དེའི་ཕྱིར་ཡོངས་སུ་འགྱུར་བའི་དབང་གིས་ཀྱང་ཁྱེད་ཅག་གི་རྒྱུ་དང་འབྲས་བུའི་ཐ་སྙད་རིགས་པ་མ་ཡིན་ནོ། །སྐྱོན་འདི་ནི་གསལ་བ་ཉིད་ཡིན་པའི་ཕྱིར་དེ་ཡལ་བར་དོར་ནས་འབྲས་བུ་མེད་པར་སྨྲ་བའི་སྐྱོན་གཞན་གྱིས་སྨྲས་པ་གང་ཡིན་པ་འདི་
དེ་ལ་ཡང་ཕྱིས་འཆད་པར་འགྱུར་རོ་སྙམ་དུ་བསམས་ནས། སྐྱོན་མཚུངས་པར་བསྟན་པའི་ཟོལ་གྱིས། རེ་ཞིག་འབྲས་བུ་ཡོད་པར་སྨྲ་བ་ཉིད་སུན་འབྱིན་པར་བྱེད་པ་ནི། དེའི་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པའོ། །བློ་བཟངས་རྣམས་ཞེས་བྱ་བ་ནི་བདེ་བར་གཤེགས་པ་པའོ། །དེ་དག་
གིས་སྨྲས་པའི་མེད་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རྩོད་པ་ལྔ་བྱས་པ་གང་ཡིན་པ་དེ་ནི་ཡོད་པ་ལ་ཡང་སྟེ། འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ལ་ཡང་མཚུངས་པ་ཡིན་ཏེ། འདི་ལྟར་འདི་ལ་འདི་སྐད་དུ་བརྗོད་པར་ནུས་ཏེ། ཡོད་པ་མི་བྱེད་པའི་ཕྱིར་དང་། རྒྱུ་ལེན་པའི་ཕྱིར་དང་། ཐམས་
เล่ม ๑๙๑ · หน้า 154a
ཅད་སྐྱེ་བ་མེད་པའི་ཕྱིར་དང་། ནུས་པས་ནི་ནུས་པ་བྱེད་པའི་ཕྱིར་དང་། རྒྱུ་ཡོད་པའི་ཕྱིར་འབྲས་བུ་ཡོད་པ་ཞེས་བྱ་བ་ལ། གང་ན་ཡོད་པའི་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས་བར་དུ་ཆོད་པ་དང་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། ཡོད་པ་མི་བྱེད་པའི་ཕྱིར་དང་། རྒྱུ་ལེན་པའི་ཕྱིར་
ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་གཉི་གའི་སྐྱོན་གང་ཡིན་པ་དེ་གཅིག་ལ་ཀླན་ཀར་རིགས་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འོན་ཏེ་འདིར་མེད་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུའི་རྩོད་པ་ཡིན་ལ། གཞན་དུ་ཡོད་པ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུའི་རྩོད་པ་འདི་མ་ཡིན་ནམ།
ཇི་ལྟར་འདི་མཚུངས་པར་འགྱུར་ཞེ་ན། མ་ཡིན་ཏེ། བསམ་པ་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །མི་བྱེད་པ་དང་། ངེས་པའི་རྒྱུ་ལེན་པ་ལ་སོགས་པ་ཙམ་བརྗོད་པར་འདོད་ནས་འདི་བརྗོད་ལ། འབྲས་བུ་ཡོད་པར་སྨྲ་བ་ལ་ཡང་མི་བྱེད་པ་ལ་སོགས་པ་མཚུངས་པའི་ཕྱིར་རོ། །འབྲས་བུ་ཡོད་པར་
སྨྲ་བ་ཁྱེད་ཅག་གི་རྩོད་པའི་ལེན་གང་ཡིན་པ་དེ་ནི་འབྲས་བུ་མེད་པར་སྨྲ་བ་བློ་བཟངས་ཏེ། སངས་རྒྱས་པ་རྣམས་ཀྱི་ཡང་ཡིན་པར་འགྱུར་རོ། །འདི་ཇི་ལྟར་མཚུངས་ཤེ་ན། གལ་ཏེ་ཞོ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡོད་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་འདི་བསྒྲུབ་པའི་དོན་དུའོ། །
གལ་ཏེ་འོ་མ་ལ་སོགས་པའི་བདག་ཉིད་ལ་སྟེ། འོ་མ་ལ་སོགས་པ་རྣམས་ཀྱི་རང་བཞིན་ལ། ཞོ་ལ་སོགས་པའི་མཚན་ཉིད་ཀྱི་འབྲས་བུ་རྣམས་རྣམ་ཀུན་ཏེ། རོ་དང་། ནུས་པ་དང་། རྣམ་པར་སྨིན་པ་ལ་སོགས་པ་བདག་ཉིད་ཐམས་ཅད་ཀྱི་ཁྱད་པར་གྱི་དབྱེ་བའི་ངོ་བོས་ཞོ་ལ་སོགས་པའི་གནས་
སྐབས་བཞིན་དུ་ཡོད་པ་དེའི་ཚེ་དེ་དག་ཡོད་ན་གང་གིས་དེ་དག་འོ་མ་ལ་སོགས་པའི་རྒྱུས་བསྐྱེད་པར་བྱ་བར་འགྱུར་བ་བསྐྱེད་པར་བྱ་བའི་ངོ་བོ་ཅི་ཞིག་ཡོད། རྒྱུ་ལ་སོགས་དང་འདྲ་བདག་ཉིད། །ཅེས་བྱ་བ་ལ། རྒྱུ་ལ་སོགས་པ་དང་འདྲ་བའི་བདག་ཉིད་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྒྱུ་ནི་རང་བཞིན་
ནོ། །སོགས་པའི་སྒྲས་ནི་སེམས་པ་ཅན་དང་། དེ་དག་གི་སྒྲ་ནི་ཞོ་ལ་སོགས་པའི་གནས་སྐབས་ཡང་བསྐྱེད་པར་བྱ་བ་མ་ཡིན་པར་གྲུབ་པའི་ངོ་བོ་བཟུང་ངོ་། །འདིས་ནི་རྒྱུ་དང་འབྲས་བུ་མེད་པར་ཐལ་བ་སྒྲུབ་པའི་ཚད་མ་གཉིས་བསྟན་ཏོ། །ད་ནི་ཚད་མ་གསལ་བར་བསྟན་པའི་ཕྱིར། འབྲས་དེ་ཡོད་
เล่ม ๑๙๑ · หน้า 154b
ཕྱིར་རྒྱུ་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་དེ་ཞེས་བྱ་བ་ནི་ཆེན་པོ་ལ་སོགས་པ་དང་། འཇིག་རྟེན་ན་གྲགས་པ་ཞོ་ལ་སོགས་པའོ། །ཡོད་ཕྱིར་ཞེས་བྱ་བ་ནི་ཡོད་པའི་ཕྱིར་རོ། །རྒྱུ་རིག་བཞིན་ཞེས་བྱ་བ་ལ། རྒྱུ་ནི་གཙོ་བོ་དང་། འཇིག་རྟེན་ན་གྲགས་པ་ནི་འོ་མ་ལ་སོགས་པའོ། །
རིག་པ་ནི་སེམས་པ་ཅན་ནོ། །དེ་དག་དང་མཚུངས་པར་འཇུག་པའི་ཕྱིར་རྒྱུ་རིག་བཞིན་ནོ། །སྦྱོར་བ་ནི་གང་ཞིག་རྣམ་པ་ཐམས་ཅད་ཀྱིས་ཡོད་པ་དེ་ནི་སུ་ཞིག་གིས་ཀྱང་བསྐྱེད་པར་བྱ་བ་མ་ཡིན་ཏེ། དཔེར་ན་རང་བཞིན་ནམ་སེམས་པ་ཅན་བཞིན་ནོ། །གཞན་གྱི་འདོད་པས་འོ་མ་ལ་སོགས་པའི་
གནས་སྐབས་སུ་ཡང་ཞོ་ལ་སོགས་པའི་འབྲས་བུ་བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་ཐལ་བར་འགྱུར་བའོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། ཁྱད་པར་བསྐྱེད་པར་བྱ་བ་མ་ཡིན་པ་ཡང་བསྐྱེད་པར་བྱ་བ་ཉིད་ཡིན་ན་ཐམས་
ཅད་བསྐྱེད་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་བ་དང་། ཐུག་པ་མེད་པར་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མ་སྟེ། བསྐྱེད་ཟིན་པ་ཡང་བསྐྱེད་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་འབྲས་བུ་ཉིད་དུ་མངོན་པར་འདོད་པ་རྣམས་འབྲས་བུ་མ་ཡིན་པར་ཐལ་བར་འགྱུར་བ་
བསྒྲུབས་ནས། ད་ནི་རྒྱུར་མངོན་པར་འདོད་པ་རྣམས་རྒྱུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བར་བསྒྲུབ་པར་བྱ་བའི་དོན་དུ། དེ་ཕྱིར་མངོན་འདོད་རྒྱུ་མིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མངོན་པར་འདོད་པའི་དངོས་པོ་ཞེས་བྱ་བ་ནི་ལྷག་མའོ། །དེས་ན་དོན་ནི་འདི་ཡིན་ཏེ། རྩ་བའི་རང་བཞིན་
ལ་སོགས་པ་དང་། ས་བོན་དང་འོ་མ་ལ་སོགས་པ་མངོན་པར་འདོད་པའི་དངོས་པོ་རྣམས་ནི་བརྗོད་པར་འདོད་པའི་ཆེན་པོ་ལ་སོགས་པ་དང་ཞོ་ལ་སོགས་པའི་རྒྱུ་མ་ཡིན་ཏེ། སྐྱེད་པར་བྱེད་པའི་རྒྱུའི་ཐ་སྙད་དུ་རུང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་མེད་པའི་ཕྱིར་རོ། །འདི་
ལ་བསྒྲུབ་བྱ་ཡོད་པ་མ་ཡིན་པའི་ཕྱིར་བསྒྲུབ་བྱ་མེད་པའོ། །དེའི་ངོ་བོ་ནི་བསྒྲུབ་བྱ་མེད་པ་ཉིད་དོ། །འདི་ཡང་དེ་མ་ཐག་ཏུ་བརྗོད་པའི་འབྲས་བུ་ཉིད་བཀག་པ་ལས་གྲུབ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ཕྱིར་ཞེས་སྨོས་སོ། །གཞན་བདག་བཞིན་ཞེས་བྱ་བ་ནི་གཞན་གྱི་རང་བཞིན་བཞིན་ཏེ། རྒྱུ་མ་ཡིན་པར་མངོན་པར་འདོད་
เล่ม ๑๙๑ · หน้า 155a
པའི་དངོས་པོའི་རང་བཞིན་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མ་ཡིན་པར་འདོད་པའི་དངོས་པོ་ཡང་སེམས་པ་ཅན་ཏེ། སྐྱེས་བུ་འགྱུར་མིན་རང་བཞིན་མིན། །ཞེས་སྨྲས་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་བསྒྲུབ་བྱ་མེད་པ་དེ་ནི་རྒྱུ་མ་ཡིན་ཏེ། དཔེར་ན་སེམས་པ་ཅན་ལྟ་བུའོ། །མངོན་
པར་འདོད་པའི་དངོས་པོ་ཡང་བསྒྲུབ་བྱ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདི་གཉི་ག་ཡང་ཐལ་བ་སྒྲུབ་པ་ཡིན་ཏེ་དེས་ན་གཉི་ག་ལ་གྲུབ་པའི་དཔེས་ཅི་ཞིག་བྱ། གང་ཡང་གྲངས་ཅན་རྣམས་སྐྱེས་བུ་ལ་ཡང་གཟུགས་བརྙན་འཆར་བའི་ཚུལ་གྱིས་ལོངས་སྤྱོད་ལ་བྱེད་
པ་པོ་ཡིན་ནོ་སྙམ་དུ་སེམས་པ་དེ་ལ་དེ་སྐད་དུ་བཤད་དེ། འདི་ནི་གཞན་ཡང་ཡིན་ལ་བདག་ཀྱང་ཡིན་ཏེ། གྲོལ་བ་ཞེས་བྱ་བའི་དོན་ཏོ། །དེ་ནི་གྲོལ་བ་ཡིན་པའི་ཕྱིར་ལོངས་སྤྱོད་པར་བྱེད་པ་པོ་གཉིས་མ་ཡིན་པའི་ཕྱིར་དཔེ་མ་གྲུབ་པ་མ་ཡིན་ནོ། །འོན་ཏེ་གསལ་སོགས་ཞེས་བྱ་བ་ལ་སོགས་
པས། གཞན་གྱི་ལུགས་ཀྱིས་གཏན་ཚིགས་མ་གྲུབ་པ་དོགས་པར་བྱེད་དེ། དེ་ལ་གལ་ཏེ་གཏན་ཚིགས་དང་པོ་མངོན་པར་གསལ་བ་ལ་སོགས་པའི་བདག་ཉིད་ཐམས་ཅད་ཀྱི་ངོ་བོ་ཡོད་པའི་ཕྱིར་ཞེས་ཁྱད་པར་དང་བཅས་པ་བྱེད་པ་དེའི་ཚེ་ནི་མ་གྲུབ་སྟེ། ཁོ་བོ་ཅག་གིས་མངོན་པར་གསལ་བ་ལ་
སོགས་པའི་ངོ་བོས་ཀྱང་འབྲས་བུ་ཡོད་པར་ནི་མི་འདོད་དོ། །འོ་ན་ཅི་ཞེ་ན། ནུས་པའི་ངོ་བོས་སོ། །ཅི་སྟེ་སྤྱིར་ཁྱད་པར་མེད་པ་ཡིན་པ་དེའི་ཚེ་མ་ངེས་པ་ཡིན་ཏེ། འདི་ལྟར་མངོན་པར་གསལ་བ་ལ་སོགས་པའི་མཚན་ཉིད་ཀྱི་ཁྱད་པར་ནི་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར། དེས་ཐམས་ཅད་འབྲས་
བུ་མ་ཡིན་པར་ཐལ་བར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གཏན་ཚིགས་གཉིས་པ་ཡང་མ་གྲུབ་པ་ཡིན་ཏེ། བསྒྲུབ་བྱ་ཡོད་པའི་ཕྱིར་རོ། །གསལ་སོགས་མཚན་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲས་ཤས་ཆེ་བ་དང་ཤས་ཆུང་བ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་བཟུང་ངོ་། །དེ་ཞེས་བྱ་བ་ནི་
ཁྱད་པར་རོ། །ཐ་སྙད་ཅེས་བྱ་བ་ནི་གླན་ཀའོ། །དེ་ཕྱིར་མངོན་འདོད་རྒྱུ་མིན་ཏེ། །བསྒྲུབ་བྱ་མེད་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལྟར་སྔར་དེ་ཡོད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལ་རྣམ་པ་གཉིས་སུ་བརྟག་སྟེ། ཁྱད་
เล่ม ๑๙๑ · หน้า 155b
པར་འདི་མངོན་པར་གསལ་བའི་གནས་སྐབས་ལས་སྔར་རང་བཞིན་གྱི་གནས་སྐབས་འགའ་ཞིག་གི་ཚེ་ཡང་ཡོད་དམ། འོན་ཏེ་མེད། གལ་ཏེ་ཡོད་པ་ཡིན་ན་དེའི་ཚེ་ཁྱེད་ཅག་གིས་གཏན་ཚིགས་གཉི་ག་ཡང་མ་གྲུབ་པ་ལ་སོགས་པ་ལ་ལན་བཏབ་པ་འགའ་ཡང་མེད་དོ། །འོན་ཏེ་སྔར་ཡོད་པ་མེད་པ་དེ་ལྟ་
ན་ཡང་ཁྱད་པར་དེ་ལྟར་རྒྱུ་དེ་དག་ལས་འབྱུང་བར་འགྱུར། ཁྱེད་ཀྱི་མེད་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་རིགས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་ལྟར་རེ་ཞིག་མེད་པ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་བསྒྲུབས་ནས། ད་ནི་རྒྱུ་ལེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་
བཞི་པོ་བསྒྲུབ་པའི་ཕྱིར། དེ་ཕྱིར་བསྒྲུབ་བྱ་མེད་པས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་སྐད་དུ་བཤད་པའི་རིགས་པས་བསྒྲུབ་པར་བྱ་བ་མེད་པའི་ཕྱིར་རྒྱུ་ལེན་པར་མི་འགྱུར་ཏེ། བསྒྲུབ་པར་བྱ་བའི་འབྲས་བུ་དེ་འདོད་པ་ཉིད་ཀྱིས་དེ་དག་རྟོག་པ་དང་ལྡན་པ་རྣམས་ཀྱིས་ལེན་པའི་ཕྱིར་རོ། །འོ་མ་
ལ་སོགས་པའི་ངེས་པ་ལས་ཞོ་ལ་སོགས་པ་སྐྱེའི་ཞེས་བྱ་བ་འདི་ཡང་མི་འགྱུར་ཏེ། བསྒྲུབ་པར་བྱ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འདིས་ཀྱང་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བ་འདི་བསྒྲུབས་པ་ཡིན་ཏེ། འདི་ལྟར་ཐམས་ཅད་ལས་སྐྱེ་བ་མེད་པ་ཉིད་ངེས་པ་ལས་སྐྱེ་བ་ཞེས་བྱའོ། །དེ་ཡང་འབྲས་
བུ་ཡོད་པར་སྨྲ་བའི་ཕྱོགས་ལ་མི་རུང་སྟེ། བསྒྲུབ་བྱ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ནུས་པ་ནི་ནུས་པ་བྱེད་པའི་ཕྱིར་ཞེས་བྱ་བ་འདི་གཉིས་ཀྱང་རིགས་པ་མ་ཡིན་ཏེ། བསྒྲུབ་བྱ་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་འགའ་ཞིག་གིས་འགའ་ཞིག་མངོན་པར་སྒྲུབ་པར་བྱེད་པ་དེའི་ཚེ་སྒྲུབ་པར་བྱེད་པ་ནི་ནུས་པར་
གཞག་ལ། བསྒྲུབ་པར་བྱ་བ་ཡང་བྱེད་པར་གྲུབ་ཀྱི། གཞན་དུ་ནི་མ་ཡིན་ནོ། །དེ་སྟོན་པར་བྱེད་པ་ནི། །ནུས་པ་མེད་ཅིང་བྱ་བའང་མེད། །ཅེས་བྱ་བའོ། །དངོས་པོ་རྣམས་ཀྱི་རྒྱུ་ཡོད་པ་ཡང་རིགས་པ་མ་ཡིན་ཏེ། བསྒྲུབ་བྱ་མེད་པའི་ཕྱིར་རོ། །དེ་སྟོན་པ་ནི། བདག་ཉིད་ཐམས་ཅད་རྫོགས་པའི་ཕྱིར། །ཞེས་
བྱ་བ་ལ་སོགས་པའོ། །འདི་ཡང་རྒྱུ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་བསྒྲུབས་པ་ཡིན་ནོ། །དེ་ལྟ་ཡང་མ་ཡིན་ཏེ། དེའི་ཕྱིར་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས་གཏན་ཚིགས་ཐམས་ཅད་ཐལ་བ་ལས་བཟློག་པར་སྦྱར་བར་བྱའོ། །ཡང་སྐབས་གཞན་གྱིས་འབྲས་བུ་ཡོད་པར་སྨྲ་
เล่ม ๑๙๑ · หน้า 156a
བ་སུན་དབྱུང་བའི་ཕྱིར། །སྒྲུབ་པ་ཞུགས་པ་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞུགས་པ་ཞེས་བྱ་བ་ནི་འཇུག་པའོ། །ཕྱིན་ཅི་ལོག་སྨོས་པས་ཐེ་ཚོམ་ཡང་བཟུང་སྟེ། འདི་ནི་གཉི་གའི་ཆ་ལ་དམིགས་པ་ཉིད་ཀྱིས་སྒྲོ་འདོགས་པ་ཉིད་ཡིན་པའི་ཕྱིར་རོ། །གང་
གི་ཕྱིར་སྒྲུབ་པར་བྱེད་པ་ཐམས་ཅད་རང་གི་ཡུལ་ལ་འཇུག་པ་ན། གཉིས་བྱེད་དེ། གཞལ་བར་བྱ་བའི་དོན་གྱི་ཡུལ་ལ་འཇུག་པ་ན། ཕྱིན་ཅི་ལོག་དང་ཐེ་ཚོམ་ཟློག་པར་བྱེད་པ་དང་། ཡུལ་དེ་ལ་ངེས་པ་སྐྱེད་པར་བྱེད་པའོ། །འདི་ནི་འབྲས་བུ་ཡོད་པར་སྨྲ་བ་ལ་རིགས་པས་མི་འཐད་དོ། །ཇི་
ལྟར་ཞེ་ན། ཐེ་ཚོམ་དང་ནི་ཕྱིན་ཅི་ལོག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཁྱེད་ཅག་གི་ལུགས་ཀྱིས་ཐེ་ཚོམ་དང་ཕྱིན་ཅི་ལོག་དག་སེམས་པ་ཅན་གྱི་བདག་ཉིད་ཡིན་ནམ། བློ་དང་ཡིད་ཀྱི་རང་བཞིན་ཡིན། ཕྱོགས་གཉི་ག་ལ་ཡང་དེ་དག་བཟློག་ཏུ་མེད་པ་ཡིན་ཏེ། སེམས་པ་
ཅན་བློ་དང་ཡིད་རྣམས་རྟག་པ་ཉིད་ཀྱིས་དེ་དག་ཀྱང་རྟག་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ལས་ངེས་པ་བསྐྱེད་པ་ཡང་མ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་གནས་པའི་རྒྱུ་འདི་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འདི་ལ་ཁྱེད་ཅག་གིས་སྒྲུབ་པར་བྱེད་པ་གང་ཡིན་པ་འདི་སྨྲས་པ་དེ་ཀུན་ཏེ་ཐམས་
ཅད་དོན་མེད་པ་ཡིན་ནོ། །འདི་ནི་རང་གི་ཚིག་དང་འགལ་བ་བསྟན་པ་ཡིན་ཏེ། འདི་ལྟར་ངེས་པ་བསྐྱེད་པའི་དོན་དུ་སྒྲུབ་བྱེད་སྨྲ་བ་ན་ངེས་པ་ཡང་མེད་པ་སྐྱེ་བ་ཁས་བླངས་པ་ཡིན་ལ། འབྲས་བུ་ཡོད་པ་ཡིན་ནོ་ཞེས་ཀྱང་དམ་བཅས་ནས། དེ་བཀག་པའི་ཕྱིར་རང་གི་ཚིག་དང་འགལ་ལོ། །ཅི་སྟེ་
སྒྲུབ་པར་བྱེད་པའི་སྦྱོར་བ་དོན་མེད་པར་འགྱུར་དུ་འོང་བས་ངེས་པ་ཡང་དག་པ་མ་ཡིན་པ་དེ་མེད་པ་ཉིད་སྒྲུབ་པར་བྱེད་པ་ལས་སྐྱེའོ་ཞེས་ཁས་བླངས་པ་ཡིན་ནོ། །དེ་ལྟ་ན་འོ་ན་མེད་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱི་ཚོགས་མཐའ་དག་མ་ངེས་པ་ཉིད་དུ་འགྱུར་ཏེ། ངེས་པ་བཞིན་དུ་མེད་
པ་ཡང་སྐྱེ་བ་འགལ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ངེས་པ་མེད་ཀྱང་བྱེད་པ་དང་། ཇི་ལྟར་དེ་བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པའི་ཁྱད་པར་ལེན་པ་དང་། ཇི་ལྟར་དེ་སྒྲུབ་པར་བྱེད་པ་ལྟར་སྣང་བ་ལ་སོགས་པ་ཐམས་ཅད་ལས་འབྱུང་བ་མ་ཡིན་པ་དང་། ཇི་ལྟར་འདི་མེད་ན་ཡང་ནུས་པའི་རྒྱུ་དག་
เล่ม ๑๙๑ · หน้า 156b
གིས་བྱེད་པ་དང་། ཇི་ལྟར་དེ་ལ་རྒྱུ་རྣམས་ཀྱི་བྱེད་པ་ཡོད་པ་དེ་བཞིན་དུ་གཞན་ལ་ཡང་འགྱུར་རོ། །ཅི་སྟེ་སྒྲུབ་པར་བྱེད་པའི་སྦྱོར་བ་ལས་སྔར་ངེས་པ་ཡོད་པ་ཡིན་མོད་ཀྱི། འོན་ཀྱང་སྒྲུབ་པར་བྱེད་པ་དོན་མེད་པ་ནི་མ་ཡིན་ཏེ། འདི་ལྟར་དེ་འདི་སྔར་མངོན་པར་མི་གསལ་བ་ལས་ཕྱིས་སྒྲུབ་པར་བྱེད་
པ་དེ་དག་ལས་མངོན་པར་གསལ་བར་སྒྲུབ་པར་བྱེད་དོ། །དེའི་ཕྱིར་མངོན་པར་གསལ་བར་བྱ་བའི་དོན་དུ་སྒྲུབ་པར་བྱེད་པའི་བྱ་བ་ཡོད་པས་འདི་དག་དོན་མེད་པ་མ་ཡིན་ནོ་སྙམ་དུ་བསམས་ན། དེ་ནི་རིགས་པ་མ་ཡིན་ཏེ། གསལ་བ་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་གསལ་བ་རང་བཞིན་གྱི་
ཁྱད་པར་སྐྱེད་པའམ། ཡང་ན་དེའི་ཡུལ་ཅན་གྱི་ཤེས་པའམ། དེ་ལ་དམིགས་པའི་སྒྲིབ་པ་བསལ་བ་ཡིན་གྲང་། དེ་ལ་རེ་ཞིག་རང་བཞིན་གྱི་ཁྱད་པར་བསྐྱེད་པ་ནི་མ་ཡིན་ཏེ་འདི་ལྟར་རང་བཞིན་གྱི་ཁྱད་པར་འདི་ངེས་པའི་རང་གི་ངོ་བོ་ལས་ཐ་མི་དད་པ་འམ། ཐ་དད་པར་གྱུར་པ་ཞིག་ཡིན་གྲང་།
གལ་ཏེ་ཐ་མི་དད་པ་ཡིན་ན་དེའི་ཚེ། དེ་ནི་ངེས་པ་ལས་དབྱེར་མེད་པས་ཐ་མི་དད་པའི་ཕྱིར། ངེས་པའི་རང་གི་ངོ་བོ་བཞིན་དུ་ཐམས་ཅད་དུ་གནས་པས་སྐྱེ་བར་མི་རིགས་སོ། །ཅི་སྟེ་ཐ་དད་པ་ཡིན་ན། དེ་ལྟ་ན་ཡང་དེའི་འདི་ཞེས་བྱ་བའི་འབྲེལ་པ་མི་འཐད་དོ། །འདི་ལྟར་རྟེན་དང་བརྟེན་པའི་མཚན་
ཉིད་ཀྱི་འབྲེལ་པ་ཡིན་ནམ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་མཚན་ཉིད་ཀྱི་འབྲེལ་པ་ཡིན། རེ་ཞིག་དང་པོ་ནི་མ་ཡིན་ཏེ། ཕན་ཚུན་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་མ་ཡིན་པ་ལ་དེ་མེད་པའི་ཕྱིར་རོ། །ཕན་པ་ཡིན་ན་ཡང་ཕན་འདོགས་པར་བྱེད་པ་དེ་ཐ་དད་པ་
ཉིད་ཡིན་ན་འབྲེལ་པ་མ་གྲུབ་ཅིང་ཐུག་པ་མེད་པ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐ་མི་དད་ན་ཡང་སྒྲུབ་པར་བྱེད་པའི་སྦྱོར་བ་དོན་མེད་དེ། ངེས་པ་ཉིད་ལས་ཕན་གདགས་པར་བྱ་བ་ཐ་མི་དད་པའི་ཁྱད་པར་སྐྱེད་པའི་ཕྱིར་རོ། །ལུས་ཅན་མ་ཡིན་པའི་ཕྱིར་ཁྱད་པར་ཐུར་དུ་ལྟུང་བ་མེད་པའི་ཕྱིར་དེ་ལ་རྟེན་
འགའ་ཞིག་རིགས་པ་ཡང་མ་ཡིན་ཏེ། འོག་ཏུ་ལྟུང་བའི་གེགས་བྱེད་པ་ཉིད་ཀྱིས་རྟེན་དུ་རྣམ་པར་གཞག་པའི་ཕྱིར་རོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡང་མེད་དེ། ཐམས་ཅད་དུ་ངེས་པ་ཞེས་བྱ་བའི་རྒྱུ་ཉེ་བའི་ཕྱིར། ཁྱད་པར་རྟག་ཏུ་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲུབ་པར་
เล่ม ๑๙๑ · หน้า 157a
བྱེད་པའི་སྦྱོར་བ་ལ་ལྟོས་ནས་ངེས་པ་ཁྱད་པར་སྐྱེད་པར་བྱེད་པ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། ཕན་འདོགས་པར་བྱེད་པ་མ་ཡིན་པ་ལ་ལྟོས་པ་མི་རུང་བའི་ཕྱིར་རོ། །ཕན་འདོགས་ན་ཡང་གོང་དུ་སྐྱོན་སྔ་མ་བཞིན་དང་། ཐུག་པ་མེད་དོ། །གཞན་ཡང་ཁྱད་པར་གང་ཡིན་པ་
འདི་ཐ་དད་པར་གྱུར་པ་ཡིན་ན། དེ་ཅི་མེད་པ་ཞིག་གམ། འོན་ཏེ་ཡོད་པ་ཞིག་ཅེས་བྱ་བའི་རྣམ་པར་རྟོག་པ་གཉིས་པོ་འདི་ཡང་འཇུག་པ་ཉིད་དོ། །དེ་ལ་མེད་པ་ཡིན་ན་སྔ་མ་བཞིན་དུ་སྒྲུབ་པར་བྱེད་པ་རྣམས་མ་ངེས་པ་ཉིད་དུ་འགྱུར་ལ། ཡོད་ན་ཡང་སྒྲུབ་པར་བྱེད་པ་དོན་མེད་པར་འགྱུར་རོ། །དེ་ལ་ཡང་མངོན་
པར་གསལ་བར་འདོད་པ་ན་མངོན་པར་གསལ་བ་འདི་ཡང་ཅི་ཞིག་ཅེས་ཐུག་པ་མེད་པར་ཐལ་བ་བཟློག་པར་དཀའོ། །དེ་ལྟ་བས་ན་ཐ་དད་པའི་ཕྱོགས་ལ་ཡང་མ་འབྲེལ་བའི་ཕྱིར་ཏེ། འབྲེལ་པ་མེད་པའི་ཕྱིར་ངོ་བོའི་ཁྱད་པར་སྐྱེད་པར་མི་རིགས་སོ། །དེའི་ཡུལ་ལ་ཤེས་པ་སྐྱེད་པའི་མཚན་ཉིད་ཀྱང་
གསལ་བར་རིགས་པ་མ་ཡིན་ཏེ་དེའི་ཡུལ་རིག་པ་ནི་རྟག་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་དེའི་ཡུལ་ཡང་དག་པར་རིག་པ་གང་ཡིན་པ་དེ་འབྲས་བུ་ཡོད་པར་སྨྲ་བ་ཁྱེད་ཅག་གི་ལུགས་ཀྱིས་རྟག་པ་ཉིད་ཡིན་པའི་ཕྱིར་དེ་ཅི་ཞིག་བསྐྱེད་པར་བྱ་བར་འགྱུར། དམིགས་པ་གཉིས་པ་མི་སྲིད་པའི་ཕྱིར་ཡང་། དེའི་ཡུལ་
ཅན་གྱི་ཤེས་པ་སྐྱེད་པ་ཡང་མངོན་པར་གསལ་བའི་མཚན་ཉིད་དུ་མི་རིགས་སོ། །ཡང་གི་སྒྲ་ནི་སྡུད་པ་དང་། རིམ་པ་གཞན་དུ་སྦྱར་བ་སྟེ། མི་སྲིད་པའི་ཕྱིར་ཞེས་བྱ་བའི་འོག་ཏུ་བལྟ་བར་བྱའོ། །དེས་ན་འདི་སྐད་དུ་བསྟན་པ་ཡིན་ཏེ། སྤྲོ་བ་ནས་སྡུད་པའི་བར་དུ་བློ་ནི་གཅིག་ཡིན་ནོ་ཞེས་བྱ་བ་ནི་
གྲུབ་པའི་མཐའ་ཡིན་པའི་ཕྱིར་ཁྱེད་ཅག་གི་ལུགས་ཀྱིས་རིག་པ་ནི་གཅིག་ཉིད་ཡིན་པ་ལ་དེ་ཉིད་ངེས་པ་ཡིན་ཏེ། གང་ཞིག་སྒྲུབ་པར་བྱེད་པ་རྣམས་ཀྱིས་བྱེད་པར་འགྱུར་བ་དེ་ལ་དམིགས་པའི་གསལ་བ་ཞེས་བྱ་བ་གཞན་ཅི་ཞིག་ཡོད། འདི་སྙམ་དུ་དེའི་ཡུལ་ཅན་གྱི་རིག་པ་བློའི་རང་བཞིན་ནི་
མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡིད་ཀྱི་རང་བཞིན་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། བློ་དང་དམིགས་པ་དང་། ངེས་པ་དང་། ཡིད་དང་། ཡང་དག་པར་རིག་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་དོན་གཞན་མ་ཡིན་པའི་ཕྱིར་རོ། །འདི་ཡང་ཕྱིས་སྟོན་པར་འགྱུར་རོ། །དེའི་ཡུལ་ལ་
เล่ม ๑๙๑ · หน้า 157b
དམིགས་པའི་སྒྲིབ་པ་ཟད་པའི་མཚན་ཉིད་ཀྱང་གསལ་བ་མ་ཡིན་ཏེ། རྒྱུ་རྣམ་པ་གཉིས་པོ་དེ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་དེ་ལ་དམིགས་པའི་སྒྲིབ་པ་གང་ཡིན་པ་དེ་ནི་རྟག་པའི་ཕྱིར་ཟད་པར་འགྱུར་བ་མ་ཡིན་ནོ། །མི་མངོན་པའི་མཚན་ཉིད་ཀྱི་ཟད་པ་ཡང་རིགས་པ་མ་ཡིན་ཏེ། སྔར་གྱི་ངོ་བོ་མ་བཏང་བར་
མི་མངོན་པ་སྲིད་པའི་ཕྱིར་རོ། །དམིགས་པ་གཉིས་པ་ཡང་མེད་པའི་ཕྱིར་དམིགས་པའི་སྒྲིབ་པ་ནི་ཡོད་པ་མ་ཡིན་ནོ། །མེད་པ་ལ་ནི་སྒྲིབ་པ་མི་རིགས་ཏེ། དེ་ནི་དངོས་པོ་ཡོད་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ཟད་པ་ནི་རིགས་པ་མ་ཡིན་ནོ། །ཡང་ན་རྟག་པའི་ཕྱིར་ཞེས་བྱ་བ་ནི་དེའི་
ཡུལ་ཅན་གྱི་རིགས་པ་ནི་རྟག་པའི་ཕྱིར་སྒྲིབ་པ་མེད་ལ། དེ་མེད་པའི་ཕྱིར་ཟད་པར་མི་རིགས་སོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །སྒྲིབ་པ་ཟད་པ་ཡང་སུས་ཀྱང་བྱ་བ་མ་ཡིན་ཏེ། དེ་ནི་རང་བཞིན་མེད་པའི་ཕྱིར་རོ། །འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ལ་སྒྲུབ་པར་བྱེད་པའི་སྦྱོར་བ་དོན་མེད་པར་འགྱུར་
བ་འབའ་ཞིག་ཏུ་མ་ཟད་ཀྱི། བཅིངས་པ་དང་ཐར་པ་མེད་པར་ཐལ་བ་དང་། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཆད་པར་ཐལ་བ་ཡང་མི་ཟློགས་ཏེ། འདི་ལྟར་ཁྱེད་ཅག་གི་གཙོ་བོ་དང་སྐྱེས་བུ་དག་སོ་སོར་དམིགས་པའི་མཚན་ཉིད་དེ་ཁོ་ན་ཉིད་ཤེས་པ་སྐྱེ་བ་ན་ཐར་པ་ནི་འདོད་ལ། དེ་ཁོ་ན་ཉིད་ཤེས་པ་དེ་
ཡང་ཐམས་ཅད་དུ་གནས་པ་ཉིད་ཀྱི་ཕྱིར། །ལུས་ཅན་ཐམས་ཅད་ཐར་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་བཅིངས་པ་མེད་དོ། །ལོག་པའི་ཤེས་པའི་དབང་གིས་ཀྱང་བཅིངས་པར་འདོད་ལ། དེ་ནི་ཐམས་ཅད་དུ་གནས་པ་ཉིད་ཀྱིས་ཐམས་ཅད་དུ་ཐམས་ཅད་བཅིངས་པའི་ཕྱིར། གང་ལས་ཐར་པ་ཡིན།
འཇིག་རྟེན་ཡང་ཕན་པ་དང་མི་ཕན་པ་ཐོབ་པ་དང་། སྤོང་བའི་དོན་དུ་འཇུག་ལ་འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ལ་ཡང་ཅུང་ཟད་ཐོབ་པར་བྱ་བ་འམ་སྤང་བར་བྱ་བ་མེད་པའི་ཕྱིར། འགྲོ་བ་བྱེད་པ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ཐ་སྙད་ཐམས་ཅད་ཆད་པར་ཐལ་བར་འགྱུར་རོ། །དེ་ལྟར་རེ་ཞིག་འབྲས་
བུ་ཡོད་པར་སྨྲ་བ་བསལ་ནས། འབྲས་བུ་མེད་པར་སྨྲ་བའི་ཕྱོགས་ལ་ཡོད་པའི་སྐྱོན་སྤང་བའི་ཕྱིར། ཡོན་ཏན་གསུམ་ལྡན་དབྱེར་མེད་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཡོད་པ་བཀག་པ་ཉིད་ཀྱི་ཤུགས་ཀྱིས་འབྲས་བུ་མེད་པ་ཡིན་པར་གྲུབ་པ་ཉིད་དེ། ཡོད་པ་དང་མེད་པ་དག་ནི། ཕན་
เล่ม ๑๙๑ · หน้า 158a
ཚུན་སྤོངས་ཏེ་གནས་པའི་མཚན་ཉིད་ཀྱིས་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ཡང་བཤད་པ་དོན་མེད་དོ་ཞེ་ན། དེ་ལྟ་ན་ཡང་དག་གཞན་གྱིས་བཀོད་པའི་སྐྱོན་ལྟར་སྣང་བར་བསྟན་པའི་ཕྱིར་བརྗོད་པར་བྱའོ། །དེ་ལ་རེ་ཞིག་དེ་ནི་བྱ་བར་མི་ནུས་ཏེ། །ངོ་བོ་མེད་ཕྱིར་ཞེས་གང་
སྨྲས་པ་དེ་ནི་མ་གྲུབ་སྟེ། དངོས་པོའི་རང་བཞིན་ཉིད་བྱ་བར་ཁས་བླངས་པའི་ཕྱིར་ལ་དངོས་པོའི་ངོ་བོ་དེ་ཡང་ངོ་བོ་མེད་པར་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་སྐྱེས་པ་ལས་སྔར་རང་བཞིན་མེད་པ་ཉིད་ཡིན་ནོ་ཞེ་ན་མ་ཡིན་ནོ། །དེ་ཉིད་རང་བཞིན་མེད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །རང་བཞིན་ཉིད་རང་བཞིན་མེད་
པར་རིགས་པ་ནི་མ་ཡིན་ཏེ། རང་བཞིན་མེད་པ་ཉིད་གྱི་མཚན་ཉིད་ནི་དངོས་པོའི་རང་བཞིན་བཀག་པ་ཡིན་པའི་ཕྱིར་རོ། །གང་གིས་དེ་ཉིད་རང་བཞིན་མེད་པར་འགྲུབ་པར་འགྱུར་བ་སྐྱེ་བ་ལས་སྔར་བྱ་བའི་དངོས་པོ་དེ་ཡོད་པ་ཡང་མ་ཡིན་ནོ། །ཅི་སྟེ་དངོས་པོ་དང་བྲལ་བའི་མཚན་ཉིད་ཀྱི་ངོ་བོ་མེད་པའི་ཆོས་
ཅན་ཕྱོགས་སུ་བྱས་ནས་ངོ་བོ་མེད་ཕྱིར་ཞེས་བྱ་བའི་གཏན་ཚིགས་སུ་བྱེད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་སྟེ། དངོས་པོ་དང་བྲལ་བ་ནི་སུས་ཀྱང་བྱེད་པར་ཁས་མ་བླངས་སོ། །གཞན་ཡང་གཏན་ཚིགས་མ་ངེས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་གནོད་པར་བྱེད་པའི་མཚན་མ་མ་བསྟན་པའི་ཕྱིར་རོ། །འདི་
ལྟར་རྒྱུའི་ནུས་པ་སོ་སོར་ངེས་པའི་ཕྱིར་གང་ལ་སྐྱེད་པར་བྱེད་པའི་རྒྱུ་ཡོད་པའི་མེད་པ་འགའ་ཞིག་ནི་བྱེད་ལ། ནམ་མཁའི་པད་མ་ལ་སོགས་པ་གང་ལ་རྒྱུ་མེད་པ་དེ་ནི་མི་བྱེད་པའི་ཕྱིར་མ་ངེས་པ་ཡིན་ནོ། །ཐམས་ཅད་ཐམས་ཅད་ཀྱི་རྒྱུར་མི་འདོད་ཅིང་གང་དང་གང་མེད་པ་དེ་དང་དེ་བྱེད་པ་ཉིད་དོ་ཞེས་བྱ་བའི་
ཁྱབ་པ་ཡང་མི་འདོད་དོ། །འོ་ན་ཅི་ཞེ་ན། གང་བྱེད་པ་དེ་ནི་སྐྱེ་བ་ལས་སྔར་མེད་པ་ཉིད་དོ་ཞེས་འདོད་དོ། །འདི་སྙམ་དུ་རྒྱུ་རྣམས་མེད་པ་བྱེད་པར་མཚུངས་པ་ལ། ཅིའི་ཕྱིར་རྒྱུ་ཐམས་ཅད་མེད་པ་ཐམས་ཅད་ཀྱི་རྒྱུར་མི་འགྱུར་སྙམ་དུ་སེམས་ན། རྩོད་པ་འདི་ནི་ཁྱེད་ཅག་ལ་ཡང་ཡོད་པར་མཚུངས་
པ་ལ་ཅིའི་ཕྱིར་རྒྱུ་ཐམས་ཅད་ཡོད་པར་ཐམས་ཅད་ཀྱི་རྒྱུར་མི་འགྱུར་ཞེས་མཚུངས་སོ། །གང་གིས་དེ་མི་བྱེད་པ་ཁྱེད་ཅག་གི་ལུགས་ཀྱིས་མེད་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །རྒྱུའི་ནུས་པ་ངེས་པའི་ཕྱིར་ཡོད་པ་ཡིན་ན་ཡང་རི་བོང་གི་རྭ་ལ་སོགས་པ་མི་བྱེད་དོ་ཞེ་ན། དེ་ནི་ཅིག་ཤོས་ལ་ཡང་
เล่ม ๑๙๑ · หน้า 158b
མཚུངས་སོ། །གང་གི་ཡང་དཔེར་ན་ཁྱེད་ཅག་གི་ཡོན་ཏན་གསུམ་དང་ལྡན་པ་ཐམས་ཅད་དུ་ཁྱད་པར་མེད་ན་ཡང་ནུས་པ་ངེས་པའི་ཕྱིར། ཐམས་ཅད་ཐམས་ཅད་བྱེད་པ་མ་ཡིན་ནོ། །ཐམས་ཅད་ཀྱི་འམ་འདི་ལ་འབྲས་བུ་ཐམས་ཅད་ཀྱི་བྱེད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་བཞིན་འབྲས་བུ་
མེད་པ་འམ་ངོ་བོ་འགའ་ཞིག་རྗེས་སུ་འགྲོ་བ་མེད་པ་ཡིན་ཡང་ཐམས་ཅད་ཐམས་ཅད་བྱེད་པར་ནི་མི་འགྱུར་རོ། །གང་ཡིན་དེ་འདྲ་མེད་ན་ཡང་། །ཞེས་བྱ་བ་འདི་ཡང་ཁས་བླངས་ནས་བརྗོད་པ་ཡིན་གྱི་མཚུངས་པ་ཡང་མ་ཡིན་ཏེ། འདི་ལྟར་བྱེ་བྲག་ཡོད་ན་ཡང་འགའ་ཞིག་འགའ་ཞིག་ཉིད་ཀྱི་རྒྱུར་འགྱུར་ཏེ། དེ་
ལྟ་བུར་གྱུར་པའི་རང་བཞིན་གྱི་ཁྱད་པར་ངེས་པ་ནི་རང་གི་རྒྱུ་བརྒྱུད་པ་ལས་ཡང་དག་པར་འོངས་པའི་ཕྱིར་འགལ་བ་མེད་དོ། །ཐ་མི་དད་པ་ནི་གཅིག་ལ་དུས་གཅིག་ཏུ་རྒྱུ་དང་རྒྱུ་མ་ཡིན་པ་ཕན་ཚུན་འགལ་བ་ཇི་ལྟར་སྲིད་པ་ཡིན་ཏེ། དངོས་པོ་ཐ་དད་པའི་རྒྱུ་མཚན་ནི། འགལ་བའི་ཆོས་དང་ལྡན་པ་
ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཐ་དད་ན་ཡང་འགའ་ཞིག་ནི། །དངོས་ཆོས་ཉིད་ཀྱི་བྱེད་པོར་འགྱུར། །ཐ་དད་མེད་ན་གཅིག་དེ་ཡིས། །བྱ་བ་བྱེད་པ་འགལ་བར་འགྱུར། །ཞེས་བཤད་དོ། །ངེས་པ་གྲུབ་པ་མ་རྫོགས་ཕྱིར། །ཞེས་བྱ་བ་ལ་སོགས་པས་གཞན་དག་ནུས་པ་ངེས་པ་མེད་པ་
བསྟན་པའི་དོན་དུ་རྩོད་པར་བྱེད་དོ། །ཁྱོད་ཀྱི་ཞེས་བྱ་བ་ནི་འབྲས་བུ་མེད་པར་སྨྲ་བ་སངས་རྒྱས་པ་ཁྱོད་ཀྱི་རྒྱུ་དག་ནི་ནུས་པ་ངེས་པ་མི་འཐད་པའོ། །ཅིའི་ཕྱིར་ཞེ་ན། ངེས་པ་རྣམས་ཏེ་འབྲས་བུར་གྱུར་པ་རྣམས་མ་གྲུབ་པའི་ཕྱིར་རོ། །འབྲས་བུ་མེད་པར་འབྲས་བུ་རྒྱུ་དང་ལྡན་པ་ཡོད་པ་ནི་མ་ཡིན་ནོ། །སྦྱོར་
བ་ནི་གང་དག་ཡོད་པར་གྱུར་པའི་འབྲས་བུའི་ངེས་པས་སྟོང་པ་དེ་དག་ནི་ནུས་པ་ངེས་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །སཱ་ལུའི་ས་བོན་ལ་སོགས་པའི་དངོས་པོ་ཡང་ཡོད་པར་གྱུར་པའི་འབྲས་བུ་ངེས་པས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །
རང་གི་ཕྱོགས་ལེགས་པར་གནས་པར་བསྟན་པའི་ཕྱིར། །ཡོད་ན་དེ་ཡི་ངེས་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་ན་སྟེ། འབྲས་བུ་རྣམས་ཡོད་པ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་ནུས་པའིའོ། །དེ་ལྟ་མིན་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་ངེས་པ་ཉིད་དུ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด